Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར།
   
   
   


 
previousདིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར། next

དིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར།

༄༅། །དིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར། ༀ་སྭསྟི། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །སྙིགས་དུས་དགེ་བའི་བཤེས་སུ་མངོན་སྤྲུལ་པ། །དྲན་པས་གདུང་སེལ་འཇམ་མགོན་ཨ་ཛི་ཏ། །འུ་ཅག་བྱང་ཆུབ་བར་དུ་སྐྱབས་སུ་བསྙེན། །ཀྱེ་ལགས་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན། །རྒྱལ་བའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ། །ཀུན་ཀྱང་རྣམ་གྲོལ་ཐེག་པར་གཅིག་ཏུ་མཐུན། །དེ་ཕྱིར་ཀུན་ལ་དག་སྣང་སྦྱང་བ་གནད། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ལུས་གཅིག་པུ། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་པ། །སྔ་འགྱུར་གཞུང་བཟང་པདྨའི་དགའ་ཚལ་ལ། །རང་དབང་སྤྱོད་འདི་སྔོན་གོམས་དགེ་བའི་མཐུ། །དེས་ན་སྔོན་བྱོན་རིག་འཛིན་བརྒྱུད་བཅས་ཀྱི། །གདམས་པའི་ཡང་སྙིང་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །སེམས་ཀློང་མན་ངག་སྙིང་པོའི་ལམ་བཟང་ལ། །གཅིག་ཏུ་བརྩོན་པ་འདུན་མ་ལེགས་པའི་རྩེ། །རྒྱལ་གསུང་འཁོར་ལོ་བར་ཐའི་དགོངས་པའི་བཅུད། །སྦྲང་རྩིའི་རོ་བཞིན་འགལ་མེད་ཟུང་འཇུག་པའི། །སྣང་སྟོང་མཉམ་ཉིད་འོད་གསལ་འདུས་མ་བྱས། །ཡེ་ཤེས་མངོན་བྱེད་སྔ་འགྱུར་བརྒྱུད་པའི་སྲོལ། །བྱམས་འཇམ་བརྒྱུད་པའི་ཆུ་བོ་གཅིག་འདྲེས་པའི། །ཤིང་རྟའི་རིང་ལུགས་མ་རྨས་དག་བྱེད་གཏེར། །ཀུན་མཁྱེན་ཆོས་རྗེའི་དགོངས་ཉམས་ཕུལ་བྱུང་བ། །འདི་འདྲ་རྒྱ་བོད་གཉིས་ན་རྙེད་པར་དཀའ། །དེ་ཡི་དགོངས་པ་མ་ནོར་ཇི་བཞིན་དུ། རྣམ་དག་རིགས་པས་གཏན་ལ་ལེགས་དབབ་པ། །འཇམ་དཔལ་དགྱེས་པའི་ལེགས་བཤད་ནོར་བུའི་གཏེར། །འདི་མཚུངས་དུས་གསུམ་བཙལ་ཀྱང་རྙེད་མི་འགྱུར། །མགོན་པོ་གང་དེའི་གཟུགས་སྐུ་དབྱིངས་བསྡུས་ཀྱང་། །གསུང་གི་རྡོ་རྗེ་སྤྲུལ་པའི་སྐུར་བཞེངས་པ། །ལེགས་བཤད་མཆོག་ཡིན་བཤེས་གཉེན་ཕལ་ལས་ལྷག །དེ་ཕྱིར་དེར་ལྟོས་དེ་འཛིན་དེ་སྤེལ་རིགས། །བསགས་པ་རྒྱ་ཆེན་ཕ་ཡི་ནོར་སྐལ་མཆོག །རྗེས་འཇུག་བུ་ལ་བརྩེ་བས་བྱིན་པ་འདི། །རང་གར་བོར་ན་དེ་ལས་ཁྲེལ་འོས་སུ། །དེ་ཚུལ་ཤེས་པས་རྟག་ཏུ་བརྩོན་པ་གནད། །སྒྲ་ཚད་བཟོ་གསོ་ནང་རིག་ཡན་ལག་བཅས། །ཀུན་མཁྱེན་འདོད་ལ་མི་བསླབ་གང་ཡང་མེད། །དེ་སླད་དམ་པའི་བཤེས་གཉེན་ལེགས་བརྟེན་ནས། །ཐོས་པ་དམ་པས་རང་རྒྱུད་གྲོལ་བར་མཛོད། །བསམ་བྱུང་མེད་པའི་ཐོས་མང་ངལ་བའི་རྒྱུ། །དེ་སླད་ཡང་དག་རྟོན་པ་རྣམ་བཞི་དང་། །མི་འགལ་རྣམ་དག་རིགས་པའི་ལམ་བཟང་ནས། །ངེས་དོན་སྙིང་པོའི་ལམ་མཆོག་འཚོལ་བར་མཛོད། །ཐོས་དོན་རྩེ་གཅིག་ཉམས་སུ་མ་བླངས་ན། །སྲིད་རྩའི་བདག་འཛིན་གང་གིས་གཞོམ་པར་ནུས། །དགོས་པའི་དུས་སུ་བསླུས་པ་ཤིན་ཏུ་མང་། །དེ་ཕྱིར་རྩེ་གཅིག་བསྒོམ་པ་ལྷུར་ལེན་མཛོད། །རིགས་གཟུགས་དཔལ་དང་མང་དུ་ཐོས་ལ་སོགས། །ཡོན་ཏན་དུ་མའི་འབྱོར་པ་ལྡན་གྱུར་ཀྱང་། །ཚུལ་ཁྲིམས་རིན་ཆེན་རྒྱན་མཆོག་འདི་མེད་ན། །ལྷར་བཅས་སྐྱེ་རྒུའི་མདུན་སར་མཛེས་པ་མིན། །གང་ལ་རྣམ་དག་ཚུལ་ཁྲིམས་འདི་ལྡན་ན། །ཐོས་སོགས་ཡོན་ཏན་གཞན་དང་བྲལ་གྱུར་ཀྱང་། །འཇིག་རྟེན་འདི་ན་ཉི་མ་བཞིན་དུ་མཛེས། །དེ་སླད་ཚངས་སྤྱོད་བརྟུལ་ཞུགས་མ་ཉམས་མཛོད། །ཕྱོགས་ཙམ་གོ་ཚེ་གཞན་སྐྱོན་རྟོག་འདོད་དང་། །ཅུང་ཟད་འབྱོར་ཚེ་གཞན་དག་ཁྱད་གསོད་སོགས། །དེང་སོང་སྐྱེ་བོའི་ལད་མོ་མི་མཛད་པར། །རྟག་ཏུ་དུལ་བའི་དཔལ་ལ་གནས་པར་མཛོད། །གཞན་སྐྱོན་མ་རྟོག་རང་གི་རྒྱུད་ལ་རྟོག །རང་གི་སྒོ་གསུམ་ཆོས་དང་ཨེ་མཐུན་གཟིགས། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། རང་སེམས་བསྲུང་བར་ཆོས་ཀུན་སྙིང་པོ་འདུ། །ངེས་འབྱུང་མེད་ན་འཁོར་བ་ལས་མི་འཕགས། །སྙིང་རྗེ་མེད་ན་ཐེག་ཆེན་རྩ་བ་སྟོང་། །དག་སྣང་མེད་ན་ཆོས་སྣང་སྒོ་མོ་འགགས། །དེ་ཕྱིར་འདི་གསུམ་ནམ་ཡང་མེད་ཐབས་མེད། །སྤྲོས་བྲལ་ལྟ་བ་བློས་བྱས་ཤུན་པ་ཕྲོལ། །མཉམ་ཉིད་བསྒོམ་པར་སེམས་འཛིན་ཐག་པ་ཆོད། །རོ་སྙོམ་སྤྱོད་པ་ཚུལ་འཆོས་སྒྲོག་དང་ཕྲོལ། །ཡེ་གྲོལ་འབྲས་བུར་རེ་དོགས་གཉིས་འཛིན་ཤིགས། །བླ་མར་གསོལ་བ་བཏབ་ན་བྱིན་རླབས་འཇུག །ཡི་དམ་བསྙེན་སྒྲུབ་འབད་ན་དངོས་གྲུབ་འབྱུང་། །མཁའ་འགྲོ་ཆོས་སྐྱོང་མཆོད་ན་བར་ཆད་སེལ། །རང་རྒྱུད་ཉོན་མོངས་ཐུལ་ན་ཀུན་ཀྱང་གྲོགས། །སྐབས་སུ་བབས་ན་བསྟན་འགྲོར་གང་ཕན་བྱ། །སྐབས་སུ་མ་བབས་གཅིག་པུར་ཉམས་ལེན་གཅེས། །ཀུན་རྩ་གཞན་ཕན་ལྷག་བསམ་མ་དོར་ན། །ཇི་ལྟར་བྱས་ཀྱང་དོན་དང་ལྡན་པར་མཆི། །དེ་སྐད་འཕྲལ་དུ་གང་དྲན་ཚིག་ཕྲེང་འདི། །མཆོག་སྤྲུལ་དམ་པའི་བཀའ་ནན་མ་ལྡོག་ནས། །སྦ་བསྲི་མེད་པར་དྲང་པོར་ཞུས་པ་ལགས། །ཐུགས་ལ་འཐད་ན་དེ་བཞིན་མཛད་པར་ཞུ། །དགེ་བས་འུ་ཅག་བྱང་ཆུབ་སྙིང་བོའི་བར། །རིགས་བདག་བླ་མ་མཆོག་དང་མི་འབྲལ་ཞིང་། །དེ་ཡི་བཞེད་གཞུང་ཚུལ་བཞིན་འཛིན་པ་ལ། །སྤོབས་པ་འཇམ་པའི་དབྱངས་དང་མཚུངས་གྱུར་ཅིག །ཅེས་པའང་མཆོག་གི་སྤྲུལ་པའི་སྐུ་རབ་གསལ་ཟླ་བའི་གསུང་བསྐུལ་ངོར་རྒན་པོ་བི་ཛས་ཕུལ་བ་དགེ།
༄༅། །ༀ་སྭསྟི། གང་མཚན་ཐོས་དང་དྲན་པས་ཀྱང་། །སྲིད་ཞིའི་འཆིང་བ་གྲོལ་མཛད་པ། །ཡེ་ཤེས་སྐུ་ཅན་བླ་མ་རྗེར། །བཏུད་ནས་ཕན་པའི་གཏམ་འདི་བརྗོད། །སྔོན་བསགས་རྣམ་པར་དཀར་བའི་མཐུས། །ད་རེས་དལ་འབྱོར་རྟེན་རྙེད་ཅིང་། །ཆོས་སྤྱོད་རང་དབང་ཡོད་དུས་འདིར། །གཏན་དུ་ཕན་པའི་ཐབས་ལ་བརྩོན། །ཇི་ལྟར་རླུང་གསེབ་མར་མེ་བཞིན། །སྐྱེས་བུའི་ཚེ་སྲོག་མི་བརྟན་གཡོ། །སང་ཙམ་འཆིའམ་སུས་ཤེས་པས། །ལོང་མེད་བློ་སྣ་བསྟུང་བ་གཅེས། སྲིད་པའི་ཕུན་ཚོགས་གང་ལ་ཡང་། །ཡིད་བརྟན་མི་རུང་བསླུ་བའི་ཆོས། །རྣམ་གསུམ་སྡུག་བསྔལ་རྩ་བ་ཅན། །འདི་ལ་སྐྱོ་བ་བསྐྱེད་པར་འཚལ། །བདེ་སྡུག་ལས་ཀྱིས་སྤྲུལ་པ་སྟེ། །ལས་འབྲས་མི་བསླུ་རྒྱལ་གསུང་མཛོད། །ལས་ལས་མཐུ་ཆེན་གཞན་ཡོད་མིན། །དེ་ཕྱིར་འཇུག་ལྡོག་ལག་ལེན་གཅེས། །ཚེ་འདི་ཇི་ལྟར་བྱས་ཀྱང་འཛད། །ཕྱི་མ་གར་འགྲོ་རང་དབང་ཅི། །གཏན་དུ་མི་བསླུ་དཀོན་མཆོག་གསུམ། །ཡིད་ཆེས་དད་པས་སྐྱབས་སུ་ཟུངས། །འགྲོ་ཀུན་ཕ་མའི་རང་བཞིན་ཏེ། །ད་ལྟ་སྡུག་བསྔལ་སྲིད་མཚོར་བྱིང་། །འདི་ལས་སྒྲོལ་ཕྱིར་རྫོགས་བྱང་མཆོག །དོན་གཉེར་སྨོན་འཇུག་གོ་ཆ་གཅེས། །དཀར་ཆོས་ཡོན་ཏན་ཀུན་གྱི་རྟེན། །དྲི་མེད་ཚུལ་ཁྲིམས་འདི་ཁོ་ན། །དེ་སླད་སྡོམ་གསུམ་ཡར་ལྡན་གྱི། །བསྲུང་མཚམས་མིག་བཞིན་བཙའ་བར་མཛོད། །རྟག་ཏུ་དྲན་ཤེས་བག་ཡོད་པས། །རང་གི་སེམས་ནི་རྟག་སྲུང་ཞིང་། །ཉོན་མོངས་སྤངས་བསྒྱུར་ཁྱེར་གསུམ་སོགས། །རང་གི་བློ་ནུས་དང་བསྟུན་གཅེས། །སྲིད་རྩ་བདག་ཏུ་འཛིན་ལས་བྱུང་། །དེ་ཕྱིར་བདག་མེད་གཏན་དབབ་པའི། །ཤེས་རབ་མེ་བཞིན་སྦར་བྱ་ཞིང་། །དེ་ཡང་དཔྱད་འཇོག་གྲིམ་གློད་སོགས། །བརྒྱུད་ལྡན་དམ་པའི་མན་ངག་དང་། །རང་གི་ཉམས་མྱོང་བསྟུན་མཁས་པས། །བདག་འཛིན་ཉོན་མོངས་གཉེན་པོ་རུ། །ཇི་ལྟར་འགྲོ་བ་དེ་བཞིན་བྱ། །ཁྱད་པར་གསང་སྔགས་ལམ་གྱི་སྲོག །དབང་ཐོབ་དམ་ཚིག་ལ་གནས་ངོས། །བླ་མ་སངས་རྒྱས་དངོས་མཐོང་བའི། །མོས་གུས་ཟབ་མོར་གནད་དུ་དྲིལ། །སྣང་བཅས་བསྐྱེད་པའི་རིམ་པ་དང་། །སྣང་མེད་འོད་གསལ་རྫོགས་པའི་རིམ། །ཟུང་འཇུག་ཐབས་ཤེས་ལམ་གྱི་བཅུད། །འགལ་མེད་ཉམས་སུ་ལེན་པ་གཅེས། །ཇི་ལྟར་འཇའ་སྤྲིན་ཁུག་རླངས་སོགས། །བྱུང་ཡང་ནམ་མཁའི་དབྱིངས་ནས་བྱུང་། །གནས་ཀྱང་ནམ་མཁའི་ངང་དུ་གནས། །ཐིམ་ཀྱང་ནམ་མཁའི་ཀློང་དུ་ཐིམ། །མཁའ་ཉིད་ནམ་ཡང་འཕོ་འགྱུར་བྲལ། །དེ་བཞིན་འཁོར་འདས་ཆོས་རྣམས་ཀུན། །བྱུང་ཡང་གདོད་མའི་དབྱིངས་ལས་བྱུང་། །གནས་ཀྱང་གདོད་མའི་དབྱིངས་ལ་གནས། །ཐིམ་ཀྱང་གདོད་མའི་དབྱིངས་སུ་ཐིམ། །དབྱིངས་ཉིད་འཕོ་འགྱུར་བྲི་གང་བྲལ། །འོད་གསལ་སེམས་ཀྱི་ཆོས་ཉིད་ཁམས། །ངོ་བོ་སྟོང་པས་རྟག་མཐའ་གྲོལ། །རང་བཞིན་གསལ་བས་ཆད་མུ་སངས། །དོན་ལ་གཉིས་མེད་མཉམ་པ་ཉིད། །འཁོར་འདས་ཀུན་གྱི་སྤྱི་གཞིར་གྲུབ། །དེ་ལས་རོལ་པ་འཁོར་འདས་སྤྲིན། །སྣ་ཚོགས་བཀོད་པ་རྒྱ་ཆེན་པོ། །བསམ་མི་ཁྱབ་པར་སྣང་ན་ཡང་། །མཁའ་བཞིན་དྲི་མ་མེད་པར་གནས། །དེས་ན་སྐྱེ་འགག་འཕོ་འགྱུར་སོགས། །འདུ་བྱེད་སེམས་ཀྱི་སྤྲོས་པ་ཀུན། །རང་ལས་བྱུང་ཞིང་རང་ལ་ཐིམ། །སེམས་ཉིད་དུས་གསུམ་འཕོ་འགྱུར་བྲལ། །དེ་ཕྱིར་བསལ་བཞག་སྤང་ལེན་སོགས། །མཚན་མའི་སྤྲོས་པས་བསླད་མིན་པར། །མ་བཅོས་རང་གར་བཞག་ཤེས་ན། །ཡེ་ཤེས་ཆེན་པོ་ཁོང་ནས་འཆར། །འདི་ནི་ངེས་དོན་མདོ་རྒྱུད་ཀྱི། །མན་ངག་སྙིང་པོའི་ཡང་བཅུད་ཡིན། །འདི་དོན་གང་གིས་རིག་པ་དེ། །ངེས་པ་དོན་གྱི་པད་འབྱུང་མཇལ། །འདི་ཡི་རང་རྩལ་སྣང་སྤྱོད་སྐུ། །སྒྲ་གྲགས་གསུང་ལ་དྲན་རྟོགས་ཐུགས། །འོད་གསལ་ཡེ་ཤེས་ཆེན་པོ་སྟེ། །རྡོ་རྗེ་གསུམ་དང་འདུ་འབྲལ་མེད། །དེ་སླད་སྤང་བླང་དགག་སྒྲུབ་སོགས། །མཚན་འཛིན་རྟོག་པས་མ་བསླད་པར། གཉིས་མེད་མཉམ་པའི་དོན་རིག་ན། །ཇི་ལྟར་འདུག་ཀྱང་ཡེ་ཤེས་ཆེ། །དེ་མིན་གྲུབ་མཐའི་ཆོས་སྐད་དང་། །སེམས་འཛིན་ཀོ་{དཀོར}ཙེའི་ཉམས་ཞེན་སོགས། །འདུ་བྱེད་སེམས་ཀྱི་སྤྲོས་པ་སྟེ། །ཡང་དག་དོན་ལ་རེག་པ་མེད། །དེ་ཕྱིར་བློ་བྲལ་འཛིན་མེད་ངང་། །གང་ཤར་རང་གྲོལ་སྦྲུལ་མདུད་བཞིན། །རྗེས་ཐོབ་སྒྱུ་མའི་ལམ་ཁྱེར་གྱིས། །ཚོགས་གཉིས་ཟུང་འབྲེལ་ལམ་ལ་འབད། །མདོར་ན་ངེས་འབྱུང་བྱམས་སྙིང་རྗེ། །དག་སྣང་བསྐྱེད་རྫོགས་རྫོགས་ཆེན་སོགས། །ཡ་བྲལ་མ་སོང་ཉམས་སུ་བླང་། །ཤི་ཡང་འགྱོད་མེད་ཚགས་ཚུད་གཅེས། །དེ་སྐད་དམ་པའི་གསུང་ནན་ངོར། །བྱ་བྲལ་པདྨ་བི་ཛས་བྲིས། །དགེ་བས་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པའི་སྨོན་འདུན་ཞུ། །མངྒལཾ།


previousདིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར། next