Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མང་དུ་ཐོས་ཤིང་དགེ་བློ་ཡོད་པའི་བན་ཆུང་དོན་གཉེར་ཅན་རྣམས་ལ་གདམས་པ།
   
   


 
previousམང་དུ་ཐོས་ཤིང་དགེ་བློ་ཡོད་པའི་བན་ཆུང་དོན་གཉེར་ཅན་རྣམས་ལ་གདམས་པ། next

མང་དུ་ཐོས་ཤིང་དགེ་བློ་ཡོད་པའི་བན་ཆུང་དོན་གཉེར་ཅན་རྣམས་ལ་གདམས་པ།

༄༅། །མང་དུ་ཐོས་ཤིང་དགེ་བློ་ཡོད་པའི་བན་ཆུང་དོན་གཉེར་ཅན་རྣམས་ལ་གདམས་པ། བླ་མ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་ཤིང་དགེ་བློ་ཡོད་པའི་བན་ཆུང་དོན་གཉེར་ཅན་རྣམས་ལ་གདམས་པས། སྤྱིར་རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། དེ་ཐམས་ཅད་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་འདུལ་བའི་ཐབས་འབའ་ཞིག་ཏུ་བསྟན་པ་ཡིན། དེའི་རྩ་བའང་། དྲན་པ་དང་། ཤེས་བཞིན་དང་། བག་ཡོད་པ་གསུམ་དུ་འདུ། འདི་གསུམ་དང་འབྲལ་མེད་དུ་ལྡན་ན་གང་ཟག་དེ་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་ཀྱི་མདུན་ན་གནས་པ་དང་འདྲ་སྟེ། རང་རྒྱུད་ཉེས་ལྟུང་གིས་ནམ་ཡང་གོས་མི་སྲིད། འདི་གསུམ་མེད་ན་སྡེ་སྣོད་གསུམ་བློ་ནས་འཆད་ཤེས་ཀྱང་མི་ཕན། དེ་ལ་དྲན་པ་ནི་འདྲིས་པའི་དོན་མི་བརྗེད་པར་འཛིན་པ་སྟེ། སྔར་དགེ་བའི་བཤེས་གཉེན་གྱི་ཞལ་ལས་ཐོས་པའམ། རང་གིས་ཐེག་པ་ཆེ་ཆུང་གི་མདོ་སྡེ་སོགས་བཀའ་དང་བསྟན་བཅོས་རྣམས་བཀླགས་ནས་མཐོང་བ་སོགས་གང་ལྟར་ཡང་། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། དཀོན་མཆོག་གི་ཡོན་ཏན་ལས་འབྲས་ཀྱི་རྣམ་གཞགཕྱི་ནང་གི་གྲུབ་མཐའི་ཁྱད་པར། ཐེག་པ་ཆེ་ཆུང་གི་སེམས་བསྐྱེད་ཚུལ། སྡོམ་པ་གསུམ་གྱི་གནང་བཀགབསྐྱེད་རྫོགས་ཀྱི་ལམ་ཉམས་སུ་ལེན་ཚུལ། གཞི་ལམ་འབྲས་བུའི་རྣམ་གཞག་སོགས་གང་ཤེས་པའི་དོན་དེ་མི་བརྗེད་པར་ཡང་ནས་ཡང་དུ་རང་གི་བློ་ལ་འདྲིས་པའི་དྲན་པས་གཟུངས་སུ་བཟུང་ནས་ཉིན་མཚན་དུས་དྲུག་སོགས་སུ་བསྔོ་བགྲང་བྱེད་པ་དེ་ཡིན། འདི་མེད་ན་སྔར་ཐོས་སོགས་ཀྱི་ཡོན་ཏན་མང་པོ་ཡོད་ཀྱང་གློ་རྡོལ་གྱི་བུམ་པའི་ནང་གི་ཆུ་བཞིན་ཟགས་ནས་རང་རྒྱུད་ལ་མི་ཆགས། ཤེས་བཞིན་ནི་རང་གི་རྒྱུད་ལ་རྟོག་པའི་བྱ་ར་བ་སྟེ། སྔར་སྤང་བླང་གི་གནས་རྣམས་དྲན་པས་མ་བརྗེད་པར་བཟུང་བའི་དོན་དེ་དང་རང་ཉིད་མ་འགལ་བར་ཚུལ་བཞིན་དུ་གནས་སམ་མི་གནས་བརྟག་པ་དེ་ཡིན། དེ་ཡང་རང་གི་ལུས་ངག་ཡིད་གསུམ་པོ་འདི་དགེ་བ་ལ་འཇུག་གམ། མི་དགེ་བ་ལ་འཇུག་གམ། ལུང་མ་བསྟན་གྱི་ལས་གང་ལ་འཇུག་གིན་འདུགསྡོམ་པ་གསུམ་གྱི་བསླབ་བྱའི་གནས་རྣམས་དང་འགལ་ལམ་མི་འགལ་སོགས་ཐ་ན་རྨི་ལམ་དུ་ཡང་མི་བརྗེད་པར་རང་གི་རྒྱུད་ལ་རྟོག་པ་སྟེ། རང་གཅིག་པུར་འདུག་ཚེ་གཙོ་བོར་སེམས་ལ་བརྟགམང་པོའི་ནང་ན་འདུག་ཚེ་གཙོ་བོར་ལུས་ངག་ལ་བརྟག་དགོས། འདི་མེད་ན་བརྗེད་ངེས་རྐུན་བུ་སོགས་ཀྱི་འཚེ་བས་དགེ་བའི་ནོར་འཕྲོག་ཅིང་མང་ཐོས་བསླབ་ལྡན་ཡིན་ཀྱང་ཉེས་ལྟུང་གིས་མ་རུངས་པར་བྱེད་དོ། །དེ་ལྟར་དྲན་པ་དང་ཤེས་བཞིན་གཉིས་འབྲལ་མེད་དུ་རང་གི་རྒྱུད་ལ་ཡོད་ན། དེའི་དབང་གིས་བག་ཡོད་པ་ཉིད་ཀྱང་ཤུགས་ལ་འབྱུང་སྟེ། བག་ཡོད་པ་ནི་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པའི་མཚན་ཉིད་ཅན་ཡིན། དེ་ཡང་དྲན་པས་བླང་དོར་ཤེས། ཤེས་བཞིན་གྱིས་རང་རྒྱུད་ལ་བརྟགས་པའི་ཚེ། རང་གི་སྒོ་གསུམ་མི་དགེ་བ་སྤྱི་དང་། བྱེ་བྲག་སྡོམ་གསུམ་སོ་སོའི་བཅས་འགལ་གྱི་ཉེས་བྱས་ཕྲ་མོ་ཙམ་ལའང་འཇུག་གིན་འདུག་ན། དེའི་ཉེས་སྐྱོན་དང་། ཕྱི་མར་དེའི་འབྲས་བུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དང་འཇིགས་པ་དྲན་པས་རང་གིས་རང་ལ་རྔན་བགྲང་སྟེ། སྡར་མའི་པང་དུ་སྦྲུལ་ཞུགས་པའམ་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་དེའི་མོད་ལ་གཉེན་པོའི་སྟོབས་བསྐྱེད་དེ་སྤངས། ཕྱིས་རང་བརྒྱུད་ལ་ཉེས་པ་དེ་མི་འབྱུང་བའི་ཐབས་ལ་བརྩོན། རང་རྒྱུད་བསླབ་གསུམ་དང་མ་འགལ་ཞིང་སྒོ་གསུམ་དགེ་བ་ལ་སྤྱོད་ཀྱིན་འདུག་ན་དགའ་བ་བསྒོམ། དགེ་བ་དེ་ཡང་ཆོས་བརྒྱད་སོགས་ཀྱི་བསམ་པས་མ་ཡིན་པར་སྦྱོར་དངོས་རྗེས་གསུམ་རྣམ་པར་དག་པ་དང་དགེ་བ་དེ་གོང་དུ་འཕེལ་བའི་ཐབས་ལ་འབད། ལུང་མ་བསྟན་གྱི་ལས་ལ་འཇུག་གིན་འདུག་ན་དེ་ཉིད་དགེ་བའི་ལས་ལ་བསྒྱུར་ཅི་ནུས་བྱ། མདོར་ན་རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་སྟེ། བདག་ནི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུགཁྱིམ་པའི་རྟགས་སྤངས། རབ་ཏུ་བྱུང་བའི་རྟགས་ཡང་དག་པ་བླང་བར་ཡིན་ན། ངན་སྤྱོད་འདི་ལྟ་བུ་བྱས་ན་ཤིན་ཏུ་ངོ་ཚའོ་སྙམ་དུ་ཉེས་སྤྱོད་ལ་འཛེམ་པ་དང་། གཞན་ངོར་ལྟོས་པའི་ཁྲེལ་ཡོད་པ་སྟེ། ངན་སྤྱོད་འདི་འདྲ་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་མཁན་སློབ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དང་། དཀར་ཕྱོགས་སྐྱོང་བའི་ལྷ་སོགས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ན་ཐུགས་ཁྲེལ་བ་དང་། འཇིག་རྟེན་པའི་སྐྱེ་བོ་རྣམས་ཀྱིས་མཐོང་ཐོས་སུ་གྱུར་ན་འཕྱ་ཞིང་སྨོད་པར་འགྱུར་རོ་སྙམ་དུ་ཉེས་སྤྱོད་ཁ་ན་མ་ཐོ་བའི་རིགས་ལ་འཛེམ་པ་དེ་ཡིན། དགེ་ཆོས་རྣམས་རྣམ་པར་དག་ཅིང་གོང་དུ་འཕེལ་བའི་ཐབས་གང་སྙམ་ན། དགེ་རྩ་དེ་དམ་པ་གསུམ་གྱིས་ཟིན་པར་བྱ་དགོས། དེ་ལ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་ཐམས་ཅད། རང་གི་ཚེ་རབས་སྔ་མའི་ཕ་མ་ཤ་སྟག་ཡིན། ཕ་མ་མ་བྱས་པ་གཅིག་ཀྱང་མེད། དེའི་ཚེ་ད་ལྟའི་ཕ་མ་བཞིན་དུ། ཕན་བཏགས་ནུས་ཚད་ཀྱིས་བཏགས། གནོད་པ་ལས་སྐྱབས་ནུས་ཚད་ཀྱིས་བསྐྱབས་པའི་དྲིན་ཆེན་ཤ་སྟག་ཡིན། སེམས་ཅན་འདི་རྣམས་ད་ལྟ་རང་དང་འདོད་པ་མཚུངས་ཏེ་རང་ཉིད་བདེ་བར་མི་འདོད་པ་ནི་གཅིག་ཀྱང་མེད། སྡུག་བསྔལ་འདོད་མཁན་ནི་གཅིག་ཀྱང་མེད་མོད། ཐབས་ལ་མི་མཁས་པའི་དབང་གིས་བདེ་བའི་རྒྱུ་དགེ་བ་སོགས་ལེགས་སྤྱོད་ནི་དགྲ་བཞིན་དུ་སྤངས། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་སོགས་ཉེས་པར་སྤྱོད་པ་རྣམས་ནི་བུ་གཅེས་བཞིན་དུ་འབྲལ་མེད་དུ་པང་དུ་བླངས་ཏེ། བསམ་ཚད་ཐམས་ཅད་མི་དགེ་བ། བྱས་ཚད་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་བསྒྲུབས་པས། འབྲས་བུ་བདེ་བས་ཕོངས་ཤིང་སྡུག་བསྔལ་བསམ་མི་ཁྱབ་པ་དང་ལྡན་པའི་སེམས་ཅན་འདི་རྣམས། བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ན་ཅི་མ་རུང་། དེ་ལྟ་བུའི་གནས་ལ་བདག་གིས་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས། བདག་གིས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་དུས་མྱུར་བ་ཉིད་དུ་འཐོབ་པར་བྱ། དེ་ཐོབ་ནས་སེམས་ཅན་གཅིག་ཀྱང་མ་ལུས་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། བདག་གཅིག་པུས་སངས་རྒྱས་ཀྱི་ས་ལ་གཞག་པར་བྱ། དེའི་ཆེད་དུ་སྦྱིན་པ་གཏོང་། ཚུལ་ཁྲིམས་བསྲུང་། བསམ་གཏན་བསྒོམ། ཤེས་རབ་བསྐྱེད་དེ། ཐ་ན་སྐྱབས་འགྲོ་ཚིག་གཅིག་བརྗོད་དམ། མ་ཎི་རྡོག་གཅིག་བཏོན་ནམ། ཕྱག་རྡོག་གཅིག་འཚལ་ལམ། མར་མེ་ཀོང་ཆུང་གང་འབུལ་ལམ། ཉམ་ཐག་ལ་ཟན་ཆང་གཅིག་ཙམ་བྱིན་ཡང་དེའི་ཆེད་དུ་ཡིན་སྙམ་དུ་ཀུན་སློང་རྣམ་པར་དག་པས་གཞི་བཟུང་བ་དེ་ཡིན། དངོས་གཞི་དམིགས་མེད་དམ་པ་ཇི་བཞིན་པ་སོ་སྐྱེས་འབྱུང་དཀའ་ཡང་། རྗེས་མཐུན་པ་དོན་དམ་པར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་རང་བཞིན་མཉམ་པ་ཉིད་ཡིན་ཡང་། ཀུན་རྫོབ་སྒྱུ་མ་ཙམ་དུ་ལས་དང་ལས་ཀྱི་འབྲས་བུ་ནི་ནམ་ཡང་བསླུ་བར་མི་སྲིད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་དེ་བཞིན་ནོ་སྙམ་དུ་རྒྱུ་འབྲས་ཡིད་ཆེས་ཀྱིས་དད་པ་བསྐྱེད་དེ། རང་གི་བླང་དོར་ཅི་ནུས་དང་། གཞན་གྱི་དགེ་བ་བྱས་པ་སོགས་ལའང་ཕྲག་དོག་སྤངས་ཏེ་རྗེས་སུ་ཡི་རང་བར་བྱ། དེས་བསོད་ནམས་མཉམ་དུ་ཐོབ་པར་གསུངས། རྗེས་བསྔོ་བ་དམ་པ་ནི། རང་གིས་ཇི་ལྟར་སྒྲུབ་པའི་དགེ་བའི་རྩ་བ་དེས་མཚོན་དེ། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་ཚོགས་ཐམས་ཅད། རྒྱལ་སྲས་ཀུན་ཏུ་བཟང་པོ་དང་། འཕགས་པ་འཇམ་དཔལ་དབྱངས་སོགས། ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་བ་སྲས་དང་བཅས་པ་དེ་རྣམས་ཀྱིས་གཞན་དོན་དུ་དགེ་བའི་རྩ་བ་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །དེ་ལྟར་འགྲུབ་པར་བླ་མ་དཀོན་མཆོག་མཁྱེན་སྙམ་དུ་བསྔོ་བར་བྱའོ། །དེ་ལྟར་དམ་པ་གསུམ་གྱིས་ཟིན་བའི་དགེ་བའི་རྩ་བ་རྣམས་ནི་ནམ་ཡང་ཆུད་མི་འཛའ་ཞིང་རྣམ་མཁྱེན་གྱི་ས་བོན་གྲུང་པོ་འགྱུར་བ་ཡིན། ཚུལ་དེ་ལྟ་བུའི་ཐབས་མཁས་ཀྱིས་ཟིན་པའི་སྐྱབས་འགྲོ་གཅིག་པུས་ཀྱང་རྫོགས་པའི་བྱང་ཆུབ་ཐོབ་ནུས། དད་པས་མ་ཎི་འདྲེན་པ་གཅིག་པུས་ཀྱང་ཆོགཆོས་མང་པོ་མ་ཤེས་ཀྱང་མི་སྟོ། དེ་ལྟ་བུའི་ཐབས་ཤེས་ཀྱིས་མ་ཟིན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་བཏང་ངམ། ལོ་འབུམ་ཕྲག་དུ་མར་ཚངས་པར་སྤྱད་ཅིང་ཏིང་ངེ་འཛིན་བསྒོམས་ཀྱང་ཐེག་པ་ཆེན་པོའི་ལམ་དུ་འགྱུར་དཀའ། དེས་ན་གོང་དུ་སྨོས་པ་ལྟར་གྱི་དྲན་ཤེས་བཞིན་བག་ཡོད་གསུམ་དང་མ་བྲལ་ཞིང་དམ་པ་གསུམ་གྱི་ལག་ལེན་གནད་ཁེལ་ཞིག་མེད་ན་སྡེ་སྣོད་གསུམ་རྒྱུད་སྡེ་དྲུག་ཁ་ནས་བཤད་ཤེས་ཀྱང་མི་ཕན། རྟག་པར་རང་གི་རྒྱུད་ལ་རྟོགས་སྟེ་སྒོ་གསུམ་དགེ་བའི་ལམ་དུ་ཅི་འགྲོ་མཛོད། བསླབ་བྱ་ཐམས་ཅད་ཀྱི་སྙིང་པོ་དེའི་ནང་དུ་འདུ་བས་རང་མགོ་རང་གིས་མ་བསྐོར་བར་རྟག་པར་སེམས་ལ་འཆང་མཛོད། བན་ཆུང་རེ་རེའི་ངོ་སྐལ་དུ་བསླབ་བྱ་ཉབ་ཉོབ་རེ་བྲི་ཡང་མི་ལང་ཞིང་བྲིས་པ་ལ་དགོས་པའང་མེད་པས་ཐམས་ཅད་ཀྱིས་འདི་ལ་གཟིགས་མཛོད། ཅེས་པའང་བན་རྒན་པདྨ་རྣམ་རྒྱལ་གྱིས་ནད་མལ་ནས་བྲིས་པ་དགེ།
༄༅། །ཀྱེ་ལགས་སྲིད་པ་སྲིན་མོའི་གླིང་དང་འདྲ། །མྱ་ངན་འཇིགས་བཅས་སྡུག་བསྔལ་དུ་མའི་སྣོད། །རང་སྡུག་རང་ཉོས་སྔ་མ་དེ་ཙམ་ལགས། །ད་ནི་ཞི་བའི་ནགས་འདབས་སྙོག་རེ་རན། །ཚེ་འདིའི་ཕུན་ཚོགས་བྱིས་པས་འཇའ་སྙེག་འདྲ། །འབྱོར་ན་དྲེགས་ཤིང་རྒུད་ན་མྱ་ངན་རྒྱུ། །རང་གིས་རང་བསླུས་སྔ་མ་དེ་ཙམ་ལགས། །ད་ནི་ཆོས་བརྒྱད་མགོ་སྙོམས་བྱེད་རེ་རན། །མཛའ་བཤེས་གཉེན་གྲོགས་ཚོང་ཁང་མགྲོན་པོ་འདྲ། །ཡུད་ཀྱིས་འབྲལ་ངེས་ཆགས་སྡང་འཁྲུགས་པའི་རྐྱེན། །རང་གིས་རང་བཅིང་སྔ་མ་དེ་ཙམ་ལགས། །ད་ནི་འབྲེལ་འདྲིས་ཐག་པ་གཅོད་རེ་རན། །ནོར་རྫས་ལོངས་སྤྱོད་སྦྲང་བུའི་རྩི་དང་འདྲ། །རང་ལ་མི་ཕན་ཐ་མ་གཞན་གྱིས་སྤྱོད། །རང་ཕུང་གཞན་བརླག་སྔ་མ་དེ་ཙམ་ལགས། །ད་ནི་ཆོག་ཤེས་ནོར་མཆོག་བརྟེན་རེ་རན། །གཡོ་བའི་ཚེ་འདི་རི་གཟར་འབབ་ཆུ་འདྲ། །ཡུད་ཙམ་མི་སྡོད་འཆི་བདག་རྒྱུན་ཕྱོགས་སྙོགས། །རང་མགོ་རང་གཡོགས་སྔ་མ་དེ་ཙམ་ལགས། །ད་ནི་འཆི་ཆོས་སྙིང་ནས་སྒྲུབ་རེ་རན། །བསླབ་ཤེས་ཆོས་ཀུན་ནེ་ཙོའི་ཁ་ཏོན་འདྲ། །རྐྱེན་དང་འཕྲད་ཚེ་རང་མཚང་ལྷུག་པར་སྟོན། །བྱས་ལ་འབྲས་ཉུང་སྔ་མ་དེ་ཙམ་ལགས། །ད་ནི་གང་ཤེས་རྒྱུད་ལ་སྦྱར་རེ་རན། །འདིར་སྣང་བྱ་གཞག་ཆུ་ཡི་གཉེར་མ་འདྲ། །གཅིག་རྟིང་གཅིག་སླེབ་ཤི་ཤིར་ཟིན་དུས་མེད། །བྱས་པ་དོན་མེད་སྔ་མ་དེ་ཙམ་ལགས། །ད་ནི་ཞི་བའི་ཏིང་འཛིན་བསྒོམ་རེ་རན། །རྒྱལ་བས་ལེགས་བསྔགས་ཞི་བའི་ནགས་ཁྲོད་དུ། །རང་དབང་དམ་པའི་ཆོས་ལ་སྤྱོད་པ་ཡི། །དགའ་བ་དེ་མཚུངས་ལྷ་ཡི་མེ་ཏོག་ཆར། །ཆིལ་ཆིལ་འབབ་ལྡན་རྡོ་ལེབ་དག་ནའང་མེད། །གངས་རིའི་ལ་ཐོད་ན་བུན་རྐད་ཆིངས་ཅན། །དགའ་བའི་ནགས་ཚལ་སྤང་ལྗོངས་སྨད་ཤམ་མཛེས། །རང་བྱུང་བྲག་རི་ནོར་བུའི་གཞལ་མེད་ཁང་། །སྲིད་གསུམ་བདག་པོའི་ཟོང་གིས་ཁུག་བྱ་ཅི། །བྱ་དང་རི་དྭགས་མི་སྙན་བརྗོད་མི་བྱེད། །མ་འབད་རྩྭ་སྡུམ་ལུས་འཚོའི་གསོས་སྨན་འབྱོར། །དུས་བཞིའི་རྣམ་འགྱུར་ངེས་འབྱུང་བསྐུལ་བའི་གྲོགས། །སྲས་བཅས་རྒྱལ་བའི་ཐུགས་རྗེས་འཕྲུལ་བ་བཞིན། །རྩོད་དང་ཆགས་སྡང་རྣམ་གཡེང་འདུ་འཛི་སོགས། །དཀར་མིན་ཆོས་ཀུན་མ་བཀྲད་ངང་གིས་སངས། །དད་དང་ངེས་འབྱུང་བྱང་ཆུབ་སེམས་ལ་སོགས། །བྱང་ཕྱོགས་ཆོས་ཀུན་མ་བོས་བཞིན་དུ་འདུ། །དེ་ལྟའི་དབེན་གསུམ་བདུད་རྩིའི་དགའ་སྟོན་མཆོག །བརྟེན་པས་དམ་པ་མང་ཞིག་འཚེང་ཞེས་གྲགས། །ཁྱོད་ཀྱང་དེ་ཡི་རྣམ་ཐར་སྐྱོང་ནུས་ན། །མི་རིང་དོན་གཉིས་འབྱོར་པས་ཕྱུག་པར་ངེས། །མང་དུ་བཤད་ལྟ་ཅི་དགོས་མི་ཡི་མཆོག །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་རྣམས་ཀྱང་། །ཞི་བའི་ནགས་འདབས་བརྟེན་པའི་དགེ་མཚན་གྱིས། །ས་གསུམ་འགྲོ་བའི་སྒྲོན་མེར་གྱུར་པ་ལགས། །འཕགས་བོད་མཁས་དང་གྲུབ་པའི་སྐྱེས་ཆེན་ཚོགས། །རང་དོན་དབེན་པར་སྒྲུབ་པའི་བདུད་རྩིའི་སྒོ། །གཞན་ཕན་མགྲོན་ལ་འགྱེད་པའི་རྣམ་ཐར་ཕུལ། །ལེགས་པར་རྟོག་དང་ཡིད་ཆེས་སྐྱེ་བར་འགྱུར། །དེ་སྐད་རྡོ་རྗེའི་མཆེད་པོ་དགྱེས་བསྐྱེད་སླད། །ཉུང་ངུར་བརྗོད་འདིས་འུ་བུ་དོན་མཐུན་གྲོགས། །སྐྱེ་ཀུན་དབེན་གསུམ་ལྗོན་པའི་བསིལ་གྲིབ་ལ། །སྤྱོད་པའི་སྐལ་བཟང་དུས་ལ་ཡོལ་མེད་སྨོན། །ཞེས་པའང་ཆོས་གྲོགས་དམ་པའི་ཐུགས་བཞེད་བཞིན་སྤྲུལ་མིང་པདྨ་བི་ཛས་བྲིས་པ་དགེའོ། །མདྒལཾ།


previousམང་དུ་ཐོས་ཤིང་དགེ་བློ་ཡོད་པའི་བན་ཆུང་དོན་གཉེར་ཅན་རྣམས་ལ་གདམས་པ། next