Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
   
གསུམ་པ་ལས་རྒྱུ་འབྲས་ལ་བསམས་ནས་མི་དགེ་བ་མཐའ་དག་ལས་བློ་ལྡོག་ནས་དཀར་པོའི་དགེ་ཆོས་ལ་རྩེ་གཅིག་ཏུ་སྦྱོར་བའི་ཁྲིད།
   
   
   
   
   
   


 
previousགསུམ་པ་ལས་རྒྱུ་འབྲས་ལ་བསམས་ནས་མི་དགེ་བ་མཐའ་དག་ལས་བློ་ལྡོག་ནས་དཀར་པོའི་དགེ་ཆོས་ལ་རྩེ་གཅིག་ཏུ་སྦྱོར་བའི་ཁྲིད།next

གསུམ་པ་ལས་རྒྱུ་འབྲས་ལ་བསམས་ནས་མི་དགེ་བ་མཐའ་དག་ལས་བློ་ལྡོག་ནས་དཀར་པོའི་དགེ་ཆོས་ལ་རྩེ་གཅིག་ཏུ་སྦྱོར་བའི་ཁྲིད།

༈ གསུམ་པ་ལས་རྒྱུ་འབྲས་ལ་བསམས་ནས་མི་དགེ་བ་མཐའ་དག་ལས་བློ་ལྡོག་ནས་དཀར་པོའི་དགེ་ཆོས་ལ་རྩེ་གཅིག་ཏུ་སྦྱོར་བའི་ཁྲིད་ལ་བཞི། ལས་ཀྱི་ངོ་བོ་ངོས་བཟུང་བ། ལས་བཅུ་བྱེ་བྲག་ཏུ་བཤད་པ། ས་མཚམས་དང་རྣམ་གྲངས་ཀྱི་དབྱེ་བ་གཞན་བསྟན་པ། ཐམས་ཅད་ལས་ཀྱི་རང་བཞིན་དུ་ཤེས་པར་བྱ་བའོ། །དང་པོ་ནི། པདྨའི་ལམ་རིམ་ལས། གང་ཉེས་པར་སྤྱོད་པ་དངོས་སམ་བརྒྱུད་ནས་སྡུག་བསྔལ་བསྐྱེད་པ་ནི་སྡིག་པ་སྟེ་མི་དགེ་བའི་ལས་སོ། །དེ་ལ་གསུམ་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤྱད་པ་ཉིད་ན་སྡིག་ཏུ་འགྱུར་བ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། མི་དགེ་བཅུའོ། །བཅས་པའི་ཁ་ན་མ་ཐོ་བ། བཅས་པ་ཉིད་ན་ལྟུང་བར་གྱུར་པ། །སྡོམ་པ་གསུམ་གྱི་བཅས་འགལ་གྱི་ཉེས་པའོ། །འཇིག་རྟེན་གྱི་ཁ་ན་མ་ཐོ་བ། གཞན་གྱི་སྡིག་རྐྱེན་བྱེད་པ་སྟེ། མི་ཤེས་པ་དང་། བག་མེད་པ། མ་གུས་པ། ཉོན་མོངས་པ་མང་བའོ། །གང་ལེགས་པར་སྤྱོད་པ་དངོས་སམ་བདེ་བ་སྐྱེད་པ་ནི་དགེ་བའོ། །དེ་ལ་གསུམ། འཁོར་གསུམ་དམིགས་པ་དང་བཅས་ནས་གཏོང་བ་བསོད་ནམས་ཆ་མཐུན་གྱི་དགེ་བ། ངེས་འབྱུང་གི་སེམས་ཀྱིས་ཀུན་ནས་བསླང་སྟེ་གཏོང་བ་ཐར་པ་ཆ་མཐུན་གྱི་དགེ་བ། འཁོར་གསུམ་ཡང་དག་མི་དམིགས་པར་ཤེས་པ་ཐར་པ་བླ་ན་མེད་པའི་དགེ་བའོ། །དགེ་སྡིག་གཉིས་ཀ་མ་ཡིན་པ་ནི་ལུང་མ་བསྟན་གྱི་ལས་སོ། །ཞེས་གསུངས་པས། དབྱེ་ན་གསུམ། སྤང་བྱ་མི་དགེ་བ། བླང་བྱ་དགེ་བ། ལུང་མ་བསྟན་ནོ། །དང་པོ་ལ། ངོ་བོ་ནི། ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཏེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་སོ། །ངེས་ཚིག་ནི། ཉེས་པར་སྤྱོད་པའམ་ཁ་ན་མ་ཐོ་བ་སྟེ། དངོས་སམ་བརྒྱུད་ནས་འབྲས་བུ་སྡུག་བསྔལ་སྐྱེད་པའམ། དངོས་སུ་ལག་ཏུ་ལེན་པ་ལྟ་ཅི་ཁ་ནས་སྨྲ་བ་ཙམ་ཡང་མི་རུང་བས་དེ་སྐད་ཅེས་བྱའོ། །དབྱེ་ན། གང་སྤྱད་པ་ཙམ་གྱིས་ཐར་ལམ་ལ་བར་དུ་གཅོད་ཅིང་སྡིག་ཏུ་འགྱུར་བ། རང་བཞིན་གྱི་ཁ་ན་མ་ཐོ་བ། གང་བཅས་པ་ཉིད་ནས་སྡིག་ཏུ་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ། འཇིག་རྟེན་ན་སྐྱེ་བོས་སྨོད་ཅིང་སྡིག་ཏུ་འགྱུར་བ་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་གསུམ་མོ། །དེ་ལས་དང་པོ་ལ། ཡུལ་ལ་ལྟོས་ནས་སྟོབས་ཆེ་བ། ཚེ་འདི་ཉིད་ཀྱི་ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་བཀྲོངས་པ། དགེ་འདུན་གྱི་འཁོར་ལོའི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། འདི་ལྔ་ལས་གང་རུང་རེ་སྤྱད་ན་སྐྱེ་བ་གཞན་གྱི་བར་མཚམས་མེད་པར་ངན་སོང་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་བས་མཚམས་མེད་པའི་ལས་ཞེས་བྱའོ། །མཆོད་རྟེན་བཤིག་པ། བྱང་སེམས་ངེས་གནས་བཀྲོངས་པ། དགྲ་བཅོམ་མ་ལ་ལོག་པར་གཡེམ་པ། འཕགས་པ་རྒྱུན་ཞུགས་སོགས་སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ། ཉེས་པ་སྔ་མ་དང་ཆ་འདྲ་བས་ཉེ་བའི་མཚམས་མེད་ལྔ་ཞེས་བྱའོ། །རྣམ་པའི་སྒོ་ནས་ལུས་ཀྱིས་སྲོག་གཅོད་པ་སོགས་བཅུ་སྟེ་ཞིབ་པར་འོག་ཏུ་སྟོན་ནོ། །གཞན་ཡང་ཉེས་པ་ཤིན་ཏུ་ལྕི་བ། རང་ལས་ཡོན་ཏན་ཆེ་བའི་མཁས་པའི་གྲལ་གོང་དུ་སྡོད་པ་ཡེ་ཤེས་ལྡན་པའམ་རང་ལས་བསླབ་པ་རྒན་པའི་དགེ་སློང་གི་ཕྱག་ལེན་པ། སྒྲུབ་པ་པོའི་འཚོ་བའི་ཟས་ལ་རང་གར་སྤྱོད་པ། ཚོགས་འཁོར་དང་གཏོར་མའི་ཡོ་བྱད་སོགས་དམ་ཚིག་དང་ལྡན་པའི་སྔགས་པའི་རྫས་ལ་སྤྱོད་པ་སྟེ། མི་འོས་པའི་སྤྱོད་པ་ལོག་པ་ལ་ཞུགས་པས་ལོག་པའི་ལྕི་བ་བཞི་སྟེ། འདི་ལ་རང་གིས་ཆོས་སྟོན་པ་སོགས་ཀྱི་སྐབས་ནི་མ་གཏོགས་སོ། །མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་པ་ཉམས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་སྟེ། འདི་བཞི་གང་ལ་སྤྱོད་པ་དེའི་རང་རང་གི་ངང་ཚུལ་ཉམས་པར་བྱེད་པས་ཉམས་པའི་ལྕི་བ་བཞི་དང་། ཉོན་མོངས་པ་གཏི་མུག་གི་དབང་གིས་རྒྱལ་བའི་བཀའ་ཚད་མ་ལ་སྨད་པ། དེ་བཞིན་དུ། ང་རྒྱལ་གྱི་དབང་གིས་མཁས་པ་གཞན་གྱི་ཡོན་ཏན་ལ་སྨོད་པ། ཕྲག་དོག་གི་དབང་གིས་གཞན་གྱི་བདེན་པའི་ཚིག་ལ་སྨད་པ། ཕྱོགས་ལྷུང་གི་དབང་གིས་གཞན་གྱི་ཆོས་ལ་སྐྱོན་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་ནས། དགག་སྒྲུབ་བགྱིས་པ་སྡེ་ཡུལ་གཉན་པོ་ལ་སྨད་པས་སྨད་པའི་ལྕི་བ་བཞི་དང་། མཚམས་མེད་ལྔ་ཡི་ནང་ནས་ཁྲག་འབྱིན་ལྕི་སྟེ་གཞན་བཞི་པོ་སངས་རྒྱས་ལ་བརྟེན་ནས་བཤགས་སུ་ཡོད་ཀྱང་། དེ་ཉིད་ལ་གནོད་པ་བགྱིས་པས་བཤགས་ཡུལ་ཉིད་སྤང་བའི་ཕྱིར་རོ། །མི་དགེ་བཅུ་ལས་ལོག་ལྟ་ལྕི་སྟེ་རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བ་ཡོད་ན་གཞན་དགུ་པོ་ཕྱིར་འཆོས་པར་རུང་ལ། ལོག་ལྟས་ནི་དགེ་རྩ་ཐམས་ཅད་རྒྱུན་གཅོད་ཅིང་ཕྱིར་འཆོས་པ་མི་སྲིད་པས་སོ། །ངེས་དོན་གྱི་ཆོས་མཉམ་པ་ལ་གཅིག་གི་ཕྱོགས་བཟུང་ནས་གཅིག་ཤོས་ཁྱད་དུ་གསོད་པ་ནི་ཆོས་སྤངས་པའི་སྒྲིབ་པར་འགྱུར་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་གཞན་ལ་ཉེས་པ་བརྗོད་པའི་ས་བོན་ནམ་རང་བཞིན་གཞི་མེད་པ་ལ་གལ་དུ་འཛུགས་ཏེ་ཡོད་པར་སྒྲོ་བཏགས་ནས་སྐུར་པ་འདེབས་པ་སྟེ་ཡུལ་ཁྱད་པར་ཅན་ལ་སྐུར་པ་བཏབ་པས་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་སྐུར་བའི་ལྕི་བ་བཞི་སྟེ་དེ་ལྟར་ལྕི་བ་བཅུ་དྲུག་དང་། གཞན་ཡང་དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བཀའ་དྲིན་ཅན་གྱི་བླ་མ་སྤངས་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྤངས་པ། དམ་ཚིག་གིས་འབྲེལ་བའི་མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉེན་པོའི་མཚམས་འདྲལ་བ་སྟེ་བྱ་བ་ལོག་པ་ལ་ཞུགས་པས་ལོག་པ་བརྒྱད་དེ་དེ་ལ་སོགས་པའོ། །གཉིས་པ་ནི། གང་སྤྱད་པ་ཙམ་གྱིས་ཀུན་ལ་སྡིག་ཏུ་མི་འགྱུར་ཀྱང་། ཁྲིམས་ལྡན་གྱིས་སྤྱད་ན་ཉེས་པར་འགྱུར་བ། རབ་ཏུ་བྱུང་བ་ལ་ཕྱི་དྲོའི་ཁ་ཟས་དང་། ཆོས་གོས་འབྲལ་སྤངས། བྱང་སེམས་ལ་གཞན་གྱི་སྡུག་བསྔལ་སེལ་བར་མི་བྱེད་པ་དང་ནད་གཡོག་མི་བྱེད་པ་སོགས་དང་། གསང་སྔགས་ལ་སྣོད་བཅུད་ཐ་མལ་དུ་འཛིན་པ་ལྟ་བུ་སྟེ། མདོར་ན་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་བཅས་པའི་སྡོམ་པ་གསུམ་གྱི་ཉེས་ལྟུང་གི་རིགས་ཇི་སྙེད་པའོ། །གསུམ་པ་ནི། འཇིག་རྟེན་ན་སྐྱེ་བོ་ཡ་རབས་རྣམས་ཀྱིས་མཐོང་ཞིང་ཐོས་ན་སྨོད་པར་འགྱུར་བའི་གནས། བླང་དོར་གྱི་གནས་མི་ཤེས་པ་དང་། ཤེས་ཀྱང་མ་གུས་པ་དང་། བྱ་བ་ཀུན་ལ་མ་བརྟགས་པར་བག་མེད་པར་འཇུག་པ་དང་། དཀོན་མཆོག་དང་ལས་འབྲས་སོགས་ལ་ཡིད་ཆེས་ཀྱི་དད་པ་མེད་པ་དང་། ཉོན་མོངས་པ་རགས་པས་རྒྱུད་རྩུབ་ཅིང་མ་བསྡམས་པ་སོགས་ཏེ། མདོར་ན་ཀུན་གྱིས་འཕྱ་ཞིང་ཁྲེལ་བར་འགྱུར་བའི་སྡིག་པའི་ལས་རྣམས་སོ། །དེ་ཐམས་ཅད་ཀྱི་ནང་ནས་ཀྱང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་བླ་མ་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་བཅས་པ་ལ་གནོད་པའི་ལས་བགྱིས་པ་དང་དམ་པའི་ཆོས་སྤངས་པ་སོགས་ནི་ཤིན་ཏུ་ལྕི་སྟེ་དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱའི་མདོ་ལས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་དུ་བཅུག་པ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལ་ཁྲོས་ཏེ་རྒྱབ་བསྟན་ན་སྡིག་པ་ཆེའོ། །ཆུ་བོ་གངྒཱའི་ཀླུང་གི་བྱེ་མའི་རྡུལ་གྱི་གྲངས་དང་མཉམ་པའི་མཆོད་རྟེན་བཤིག་པ་བས། བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་། ཁོང་ཁྲོ་བ་དང་། ཚིག་ངན་དང་། སྐུར་བ་བཏབ་པ་རྣམས་སྡིག་པ་ལྕིའོ། །ཞེས་གསུངས་པ་དང་། སྔགས་སུ་བླ་མ་དང་མཆེད་ལྕམ་སོགས་ལ་དམ་ཚིག་ཉམས་པའི་ཉེས་པས་བསྐལ་པ་འཇིག་ཀྱང་ཞིག་པར་མི་འགྱུར་བའི་གནས་རྡོ་རྗེའི་དམྱལ་བ་ཆེན་པོར་སྐྱེ་བར་གསུངས་པ་དང་། མདོ་སྡེ་དུ་མ་ནས་མཚམས་མེད་པ་ལྔ་བསགས་པ་དང་། འཛམ་བུ་གླིང་གི་མཆོད་རྟེན་ཐམས་ཅད་བཤིག་པ་བས་དམ་པའི་ཆོས་སྤོང་བ་ཉེས་པ་ལྕི་བར་གསུངས་པས་མཚོན་མཐའ་ཡས། མདོར་ན། ཆེད་དུ་བརྗོད་པའི་ཚོམ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་སོ། །གཉིས་པ་བླང་བྱ་དགེ་བ་ལ། ངོ་བོ་ནི། དུག་གསུམ་མེད་པའི་ཀུན་ནས་བསླང་བའི་ལས་ཐམས་ཅད་དེ། རིན་ཆེན་ཕྲེང་བ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་ཉིད། །ཅེས་སོ། །ངེས་ཚིག་ནི། དགེ་བའམ་ལེགས་པར་སྤྱད་པ་སྟེ། དངོས་སམ་བརྒྱུད་ནས་བདེ་བའམ་ལེགས་པ་འབའ་ཞིག་སྐྱེད་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དབྱེ་ན་གསུམ། བསོད་ནམས་ཆ་མཐུན། ཐར་པ་ཆ་མཐུན། བླ་ན་མེད་པའི་དགེ་བའོ། །དང་པོ་ནི། གང་ཟག་སོ་སོ་སྐྱེ་བོ་བདག་མེད་པའི་དོན་མ་རྟོགས་ཤིང་འཁོར་བ་མཐའ་དག་ལ་ངེས་འབྱུང་མ་སྐྱེས་པས་ཐབས་ཤེས་རྒྱ་ཆུང་བའི་དབང་གིས་ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་བའི་སྒོ་ནས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་དང་སྙོམས་འཇུག་གི་ཏིང་ངེ་འཛིན་གོམས་པར་བྱེད་པ་ལ་སོགས་པའོ། །གཉིས་པ་ནི། གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཤེས་རབ་དང་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བློས་སྲིད་པའི་ཕུན་ཚོགས་དོན་དུ་གཉེར་བ་མ་ཡིན་ཡང་རང་ཉིད་གཅིག་པུ་ཐར་པའི་རང་ལམ་གྱི་འབྲས་བུ་ཉི་ཚེ་བ་ལ་དམིགས་པའི་ཐབས་ཤེས་ཕྱོགས་གཅིག་གིས་ཟིན་པའི་དགེ་བའི་རྩ་བ་ཇི་སྙེད་པའོ། །གསུམ་པ་ནི། བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་འཁོར་གསུམ་ཡང་དག་མི་དམིགས་པར་ཤེས་པ་དང་། སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཟུང་དུ་ཆུད་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་དགེ་བའི་རྩ་བ་རྣམས་ཏེ། གཞུང་གཞན་ན་ཕྱི་མ་གཉིས་གཅིག་ཏུ་བྱས་པ་ལ་ཐར་ཆ་དང་། སྦྱོར་ལམ་པའི་རྒྱུད་ཀྱི་དགེ་རྩ་རྣམས་ལ་ངེས་འབྱེད་ཆ་མཐུན་ཏེ་གསུམ་དུ་དབྱེ་བའང་ཡོད་དོ། །དེ་ཐམས་ཅད་ཀྱི་ནང་ནས་དམ་པའི་ཆོས་འཛིན་པ་དང་། སེམས་ཅན་གྱི་སྲོག་བསླུ་བ་དང་། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བ་སོགས་ནི་ཆེས་ཁྱད་པར་དུ་འཕགས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་སོ། །མདོར་ན་ཆེད་དུ་བརྗོད་པའི་ཚོམ་ལས། དགེ་བ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་སོ། །གསུམ་པ་ནི། ངོ་བོ་དགེ་མི་དགེ་གང་ཡང་མ་ཡིན་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ། །ངེས་ཚིག་ནི་ལུང་དུ་མ་བསྟན་པ་སྟེ། དགེ་མི་དགེ་གང་དུའང་ཁ་ཚོན་གཅོད་དུ་མེད་པས་སོ། །དབྱེ་ན། འགྲོ་བ་དང་། འདུག་པ་དང་། ཟ་བ་དང་། ཉལ་བ་དང་། གཏམ་སྨྲ་བ་དང་། གཞན་ཡང་བཟོ་ལ་སོགས་པ་སྟེ། འདི་རྣམས་ཀྱིས་འབྲས་བུ་གཞན་མི་འབྱིན་པས་ས་བོན་རུལ་བ་དང་འདྲ་ཡང་། དལ་འབྱོར་ཆུད་གསོན་པ་ལ་ནི་ཆེས་ཐུ་བས་ཐབས་ལ་མཁས་པས་དགེ་བའི་ལམ་དུ་སྒྱུར་བ་གལ་ཆེ་ཞིང་། དེའི་རྩ་བའང་མོས་¡eཔ་ཞུ་མཆན། ¡fལ་རག་ལས་ཏེ། རྒྱལ་སྲས་ཞི་བ་ལྷས། དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམ་ལས་སོ། །ཞེས་དང་། ཡིད་ལ་བསམ་པ་དགེ་བྱས་པས། །གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལས་བཅུའི་རང་བཞིན་བྱེ་བྲག་ཏུ་བསམ་པ་ནི། སེམས་ཉིད་ངལ་གསོ་ལས། འཁོར་བར་འདུ་བྱེད་ལས་དེ་དཀར་ནག་གཉིས། །དགེ་དང་མི་དགེ་བཅུ་བཅུའི་རང་བཞིན་ནོ། །ཞེས་གསུངས་པས། འདི་ལ་གཉིས། སྤང་བྱ་མི་དགེ་བ་བཅུ་དང་། བླང་བྱ་དགེ་བ་བཅུའི་རང་བཞིན་བསྟན་པའོ། །དང་པོ་ལ་གཉིས། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོ་ལས་གསུངས་པ་ལྟར་བསྡུས་ཏེ་བསྟན་པ་དང་། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་དངོས་འགོད་པའོ། །དང་པོ་ནི། རྩ་བར། མི་དགེའི་ལས་བཅུ་ལུས་གསུམ་ངག་གི་བཞི། །ཡིད་གསུམ་རིམ་བཞིན་སོ་སོར་དབྱེ་བ་ནི། །ཞེས་སྡེ་ཚན་གསུམ་དུ་བསྡུས་པ་ལས། དང་པོ་ལུས་ཀྱི་གསུམ་ནི། སྲོག་གཅོད་བསམ་བཞིན་མ་ནོར་གཞན་བསད་ལ། །ཕྱོགས་མཐུན་རྡེག་འཚོག་ལ་སོགས་སྲོག་ལ་འཚེ། །མ་བྱིན་ལེན་པ་གཞན་ནོར་བརྐུ་བ་སྟེ། །ཕྱོགས་མཐུན་གཡོ་སྒྱུས་ཕ་རོལ་ནོར་ལ་ལེན། །འདོད་ལོག་གཞན་གྱིས་བདག་བཟུང་ཉིད་ལ་སྤྱོད། །ཕྱོགས་མཐུན་བསྒྲོད་མིན་རྩོལ་སོགས་འཁྲིག་པའི་ཆོས། །ཞེས་གསུངས་པས། ཐ་ན་འབུ་སྦྲང་དུ་གྱུར་པ་ཡན་ཆད་ལ་དེར་ཤེས་པས་སྲོག་གཅོད་དངོས་དང་། རྡེག་པ་དང་འཚོག་པ་ལ་སོགས་པ་ནི་དེའི་ཕྱོགས་མཐུན་ནོ། །གཞན་གྱི་ནོར་བརྐུ་བ་དངོས་དང་། ཕྱོགས་མཐུན་དལ་བུས་སྟེར་དུ་འཇུག་པ་ལ་སོགས་པའོ། །འདོད་པས་ལོག་པར་གཡེམ་པ་དངོས་ནི། ཁྱིམ་ཐབས་གཞན་གྱིས་བདག་ཏུ་བཟུང་བ། ཉེ་དུ་ཡིན་པ། དབང་པོའི་སྒོ་གཞན་ཡིན་པ། གནས་དང་དུས་སུ་མི་རུང་བར་རྩོལ་བའོ། །ཕྱོགས་མཐུན་ལག་པ་ལ་སོགས་པ་བསྒྲོད་བྱ་མ་ཡིན་པའི་གནས་དེར་ཆགས་པས་སྩོལ་བའོ། །དེ་དག་གི་འབྲས་བུ་སྤྱིར་རྣམ་སྨིན་རྒྱུ་མཐུན། དབང་ངམ་བདག་འབྲས། སྐྱེས་བུ་བྱེད་པ་སྟེ་སོ་སོར་བཞི་རེས་སྟོན་ཀྱང་། འདིར་བསྡུས་ཏེ་དོན་ཁྲིད་དངོས་ལྟར་ན། སྲོག་བཅད་པས་གང་དུ་སྐྱེས་པ་དེར་ཚེ་ཐུང་ཞིང་ནད་མང་ལ། ཡུལ་ཡང་ཉམས་མི་དགའ་བའི་ངོམ་གྲོག་དང་། གཡང་ས་ལ་སོགས་པ་ཚེ་ལ་བར་དུ་གཅོད་པར་གནས་པ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་ལ་སོགས་པའོ། །མ་བྱིན་པར་བླངས་པས་དབུལ་ཞིང་ཕོངས་ལ་སད་སེར་མུ་གེས་ཉེན་པའི་ཡུལ་ངན་པར་གནས་པ་དང་། ངན་སོང་གསུམ་ལས་ཁྱད་པར་ཡི་དྭགས་ཀྱི་ཡུལ་དུ་སྐྱེ་བ་ལ་སོགས་པའོ། །ལོག་པར་གཡེམ་པས་ཁྱིམ་ཐབ་མི་མཛེས་ལ་དགྲ་ཟླ་དང་བཅས་ཤིང་། ཚ་སྒོ་དང་ཡོངས་སུ་དྲི་ང་ལ་བཙོག་པའི་ཡུལ་དུ་གནས་པ་དང་། ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར། བདག་གིས་དེང་ནས་ལུས་ཀྱི་མི་དགེ་བ་གསུམ་པོ་སྤང་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཞེས་གསུངས་ཏེ། འདི་ལས་ངན་སོང་དུ་སྐྱེ་བར་གསུངས་པ་ནི་རྣམ་སྨིན། ཚེ་ཐུང་བ་སོགས་ནི་མྱོང་བ་རྒྱུ་མཐུན། ཡུལ་མི་དགའ་བ་སོགས་དབང་ངམ་བདག་འབྲས། སོགས་སྒྲས། སྐྱེ་བ་ཕྱི་མར་མི་དགེའི་ལས་དེ་ལ་ཡང་ཡང་འཇུག་སྤྲོ་བ་བྱེད་པ་རྒྱུ་མཐུན་དང་། ལས་དེ་གཉེན་པོས་མ་བཅོམ་ན་གོང་དུ་འཕེལ་བ་སྐྱེས་བུ་བྱེད་འབྲས་གཉིས་བསྟན་པ་ཡིན་པས་འོག་མ་ཀུན་ལའང་དེ་བཞིན་སྦྱོར་ཤེས་པར་བྱའོ། །གཉིས་པ་ངག་གི་ལས་བཞི་ནི། བརྫུན་ཚིག་འདུ་ཤེས་གཞན་སྒྱུར་ཚིག་དོན་གོ །ཕྱོགས་མཐུན་དྲང་སོགས་གཞན་སེམས་སླུ་བ་ཉིད། །ཕྲ་མ་ཕ་རོལ་འབྱེད་ཚིག་སྨྲ་བ་སྟེ། །ཕྱོགས་མཐུན་གཞན་ཚིག་གཞན་ཟློས་མི་མཐུན་བྱེད། །ངག་འཁྱལ་བསྟན་བཅོས་ངན་དང་བྲེ་མོའི་གཏམ། །ཕྱོགས་མཐུན་འབྲེལ་མེད་བརྗོད་སོགས་ཆོས་མིན་གཏམ། །ཚིག་རྩུབ་ཕ་རོལ་ཞེར་འདེབས་རྩུབ་མོའི་ཚིག །ཕྱོགས་མཐུན་འཇམ་སོགས་གཞན་ཡིད་མི་བདེའི་གཏམ། །ཞེས་གསུངས་ཏེ། གཞན་གྱི་འདུ་ཤེས་བསྒྱུར་བའི་ཚིག་མི་བདེན་པར་སྨྲ་བ་ནི་བརྫུན་དངོས་དང་། དྲང་པོར་བརྗོད་པས་ཕ་རོལ་བསླུ་བར་མཐོང་ནས་བརྗོད་ན་དེའི་ཕྱོགས་མཐུན་ནོ། །གཞན་གཉིས་འབྱེད་པའི་ཚིག་ཟློས་པ་ནི་ཕྲ་མ་དངོས་དང་། ཇི་སྐད་ཟེར་བ་གཅིག་དྲུང་དུ་གཅིག་གི་ཚིག་བརྗོད་པ་ནི་དེའི་ཕྱོགས་དང་མཐུན་པའོ། །མཆོད་སྦྱིན་དང་སྙན་དངགས་ལ་སོགས་པ་དང་བྲེ་མོའི་གཏམ་སྣ་ཚོགས་ཆོས་དང་འགལ་བ་བརྗོད་པ་ནི་ངག་འཁྱལ་དངོས་དང་། དུས་དང་མ་འབྲེལ་བའི་བརྗོད་པ་འགའ་ཞིག་སྨྲ་བ་ནི་དེའི་ཕྱོགས་དང་མཐུན་ནོ། །གཞན་གྱི་རྣ་བར་མི་སྙན་ཞིང་ཞེར་འདེབས་པའི་ཚིག་སྨྲ་བ་ནི་རྩུབ་མོ་དངོས་དང་། སྙན་པར་སྨྲས་ཀྱང་ཡིད་མི་བདེ་བ་བསྐྱེད་ན་དེ་ཡང་དེའི་ཕྱོགས་མཐུན་པའོ། །འདི་ལས་གོང་དུ་སྙན་དངགས་ཞེས་པ་ཕྱི་རོལ་པའི་རིགས་བྱེད་བཞིིའི་ནང་ཚན་སྙན་ཚིག་གམ་སྙན་དངགས་ཟེར་བ་དེ་ཡིན་གྱི། ད་ལྟ་བོད་ན་ཡོད་པའི་སྙན་དངགས་ཀྱི་གཞུང་ལྟ་བུ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས། སངས་རྒྱས་ཀྱི་བསྟན་པ་གསལ་བའི་ཕྱིར་རྒྱལ་བའི་སྙན་དངགས་བྱའོ་ཞེས་རྗེས་སུ་གནང་བའི་ཕྱིར་དང་། དུས་དང་མ་འབྲེལ་བར་བརྗོད་པའི་ཁོངས་སུ་མ་གུས་པ་དང་སྣོད་མིན་ལ་ཆོས་བཤད་པ་སོགས་བསྡུ་བར་གསུངས་སོ། །གཞན་རྣམས་གོ་སླ། འབྲས་བུ་ནི། བརྫུན་གྱིས་སྐུར་བ་མང་ཞིང་རྟག་ཏུ་བསླུ་བ་དང་། ཕྲ་མས་འཁོར་འདབས་མི་མཛའ་ཞིང་ཕན་བཏགས་པའང་དགྲར་ལྡང་བ་དང་། ཚིག་རྩུབ་མོས་མི་སྙན་པ་འབའ་ཞིག་རྣ་བར་ཐོས་ཤིང་འཐབ་མོའི་ཚིག་ཏུ་འགྱུར་བ་དང་། ངག་འཁྱལ་བས་ཚིག་མི་བཙུན་ཞིང་འཁྱོལ་བ་སྟེ། ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་བརྒྱུད་ཅིང་སྡུག་བསྔལ་མྱོང་བར་ངེས་པས་བདག་གིས་སྤངས་དགོས་སྙམ་དུ་ཉམས་སུ་བླང་བར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། བརྣབ་སེམས་གཞན་འབྱོར་མི་བཟོད་བདག་གིར་བྱེད། །ཕྱོགས་མཐུན་ཐོས་སོགས་ཕ་རོལ་དཔལ་ལ་བརྐམ། །གནོད་སེམས་གཞན་ལ་གནོད་འཚེས་ཞེ་སྡང་ཞིང་། །ཕྱོགས་མཐུན་ཕན་པར་མི་འདོད་ཁྲོ་བའི་སེམས། །ལོག་ལྟ་རྟག་ཆད་རྒྱུ་འབྲས་མེད་པར་བལྟ། །ཕྱོགས་མཐུན་སྒྲོ་སྐུར་འདེབས་སོགས་ཕྱིན་ཅི་ལོག །ཞེས་གསུངས་ཏེ། གཞན་གྱི་ཡོ་བྱད་ལ་སོགས་པ་རང་གི་ཡིན་པར་གྱུར་ན་ཅི་མ་རུང་སྙམ་པ་ནི་བརྣབ་སེམས་དངོས་དང་། ཐོས་པ་ལ་སོགས་པ་ལ་ཕ་རོལ་པོ་ལ་ཁྲོ་བཞིན་དུ་བདག་གིར་གྱུར་ན་སྙམ་པ་ནི་ཕྱོགས་མཐུན་ནོ། །གཞན་ལ་གནོད་པའི་བསམ་པ་ནི་གནོད་སེམས་དངོས་དང་། ཕན་པར་མི་དགའ་ཞིང་ཁོང་ཁྲོ་བ་ནི་ཕྱོགས་མཐུན་ནོ། །ལས་རྒྱུ་འབྲས་ལ་སྐུར་བ་འདེབས་ཤིང་རྟག་ཆད་ཀྱི་མཐར་ལྟུང་བ་ནི་ལོག་ལྟ་དངོས་དང་། ཡང་དག་པའི་ཆོས་དང་དེ་སྟོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་ཆོས་དང་མཐུན་པ་ལ་སྒྲོ་སྐུར་འདེབས་པ་ནི་དེའི་ཕྱོགས་མཐུན་ནོ། །དེ་རྣམས་ཀྱི་འབྲས་བུ་ནི། བརྣབ་སེམས་ཀྱིས་གང་བསམ་པ་མི་འགྲུབ་ཅིང་མ་བསམས་པ་ཐོག་ཏུ་འབབ་པ་དང་། གནོད་སེམས་ཀྱིས་རྟག་ཏུ་འཇིགས་ཤིང་འཚེ་དོགས་མང་ལ་ཉམ་ང་བ་དང་། ལོག་ལྟས་ལྟ་བ་ངན་པ་རྒྱུ་འབྲས་མེད་པ་དང་རྟག་ཆད་ཀྱི་ལུགས་ངན་ལ་གནས་ཏེ། ངན་འགྲོར་འཁོར་བའི་སྡུག་བསྔལ་གྱི་གདུང་བའི་ཕྱིར་བདག་གིས་སྤང་བར་བྱའོ་སྙམ་དུ་བསྒོམ་པར་བྱའོ། །མདོར་ན་འདུལ་བ་ལུང་ལས། མི་དགེ་བ་ནི་དུག་དང་འདྲ་སྟེ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོར་བསྐྱེད་པའི་ཕྱིར་རོ། །མི་རྒོད་དང་འདྲ་སྟེ་དགེ་བའི་ཚོགས་འཛོམས་པའི་ཕྱིར་རོ། །ཞེས་གསུངས་པས། མི་དགེ་བ་ནི་གང་གིས་སྤྱད་པའི་འབྲས་བུ་རྣམ་སྨིན་རྩུབ་མོ་མྱོང་བའི་ཕྱིར་ཁ་ཞེ་ངོ་ལྐོག་མེད་པར་ནམ་དུའང་སྤང་བར་བྱ་དགོས་ཏེ། མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང་། སྐྱེས་རབས་ལས། མ་མཐོང་བར་ནི་སྡིག་པ་བགྱིས་པ་དག །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །གཉིས་པ་ནི། ཉང་གཏེར་བླ་མའི་དམར་ཁྲིད་ལས་གསུངས་པ་ཉིད་ཚིགས་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ། མི་དགེ་བ་བཅུ་ལས། ལུས་ཀྱི་ལས་གསུམ་ནི། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། མི་ཚངས་པར་སྤྱོད་པ་གསུམ་ཡིན། དེ་ཡང་སྲོག་གཅོད་པའི་ངོ་བོ་ནི་འཚོ་བའི་རྒྱུན་གཅོད་པ་ཡིན། དབྱེ་ན་དུག་གསུམ་གྱི་སྒོ་ནས་འབྱེད་དེ། འདོད་ཆགས་ཀྱིས་སྲོག་གཅོད་པ་ནི། ཤ་དང་ལྤགས་པ་ལ་སོགས་པ་འདོད་པའི་ཕྱིར་གསོད་པ། ཞེ་སྡང་གིས་སྲོག་གཅོད་པ་ནི། ཀུན་ནས་མནར་སེམས་པ་དགུ་དང་བཅས་པས་མི་ཤ་ཆགས་པ་སོགས་གསོད་པ། གཏི་མུག་གིས་སྲོག་གཅོད་པ་ནི། དེ་ལྟ་བུའི་བསམ་པ་གང་ཡང་མེད་ཀྱང་བྱིས་པས་བྱེའུ་གསོད་པ་ལྟ་བུའམ། རྡོག་པའི་འོག་ཏུ་གྲོག་སྦུར་ཤི་བ་ལྟ་བུ་ཡིན། དེའི་ཡན་ལག་ནི་བཞི་སྟེ། སྡིག་པ་འདི་ལྟ་བུ་བྱའོ་སྙམ་པའི་བློ་སྔོན་དུ་སོང་བ་དང་གཅིག སྦྱོར་བ་དོན་དུ་གཉེར་བ་སྟེ་དེ་ལ་རྩོལ་བས་འཇུག་པ་དང་གཉིས། དངོས་གཞི་ཉམས་སུ་མྱོང་སྟེ་བསད་པ་དང་གསུམ། མཇུག་འགྱོད་པ་མེད་པར་རྗེས་སུ་ཡི་རང་བ་དང་བཞིས་རྫོགས་པ་ཡིན། དེའི་འབྲས་བུ་ནི་རྣམ་པ་གསུམ་དུ་འབྱུང་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི། འདོད་ཆགས་ཀྱིས་སྲོག་གཅོད་པ་ཕལ་ཆེར་ཡི་དྭགས། ཞེ་སྡང་གིས་སྲོག་བཅད་པས་ནི་དམྱལ་བ། གཏི་མུག་གིས་བྱོལ་སོང་དུ་སྐྱེའོ། །དབང་གི་འབྲས་བུ་ནི་སྔོན་གྱི་ལས་ངན་དེ་དག་གི་དབང་གིས་གལ་ཏེ་མིར་སྐྱེ་བ་ན་ཡང་ཚེ་ཐུང་། རྒྱུ་མཐུན་གྱི་འབྲས་བུ་སྔ་མའི་བག་ཆགས་ཀྱིས་སྲོག་གཅོད་པ་ལ་དགའ་བར་འགྱུར་རོ། །དེས་ན་བདག་ཅག་རྣམས་ཀྱིས་དེ་ལྟ་བུ་སྤྱད་པར་བྱ་བའི་ལས་མ་ཡིན་པས། འབད་པས་སྤངས་ན་རྣམ་སྨིན་དང་། རྒྱུ་མཐུན་དང་། དབང་གི་འབྲས་བུ་སྔར་ལས་ལོག་ནས། ལྷ་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་སྤྱོད་པར་འགྱུར་རོ། །ཞེས་མདོ་ནས་བཤད་གསུངས། ཚིག་ཕྱི་མ་འདི་འོག་མ་རྣམས་ལའང་གསུངས་པས་དེ་ལྟར་ཤེས་པར་བྱ་དགོས་ལ། སྐབས་འདིར་གལ་ཆེ་བའི་འཕྲོས་དོན་ཅུང་ཟད་བཤད་ན། གོང་སྨོས་གཏི་མུག་གིས་{གི}སྲོག་གཅོད་པ་དངོས་ནི་གཞུང་འདིར་མ་གསུངས་ཀྱང་གཞུང་གཞན་ལས་བཤད་པ་ལྟར་མཆོད་སྦྱིན་གྱི་ཕྱིར་སྲོག་གཅོད་པ་ཡིན་ཏེ། དེ་ནི་ཕྱི་རོལ་པ་རྣམས་ཀྱིས་མ་ཧཱ་དེ་བ་དང་དཀའ་བཟློག་མ་སོགས་མཆོད་པའི་ཕྱིར་མ་ཧེ་སོགས་གསོད་པ་དང་། ཀླ་ཀློ་རྣམས་ཀྱི་སྲོག་གཅོད་པ་ལ་དགེ་བར་འཛིན་པ་དེ་ཡིན་ལ། ད་ལྟ་ཆོས་སྟོན་དང་རྟེན་བཞེངས་སོགས་དགེ་བའི་ལས་ཀྱི་ཕྱིར་སེམས་ཅན་གསོད་པར་བྱེད་པ་འདི་ཡང་། དེ་དག་གི་ལྟ་གྲུབ་དང་མི་མཐུན་ཡང་སྤྱོད་པ་ནི་མཉམ་པོར་ཞུགས་པ་ཡིན་པས་ནང་པ་སངས་རྒྱས་པའི་ལུགས་ལས་གཞན་དུ་གྱུར་པར་ཤེས་པར་བྱ་དགོས་ཏེ། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟན་དེའི་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱིས་ཐོས་པའི་ཚིག་ལ་ཡང་། །འདིས་གནོད་བྱས་པའི་ཚུལ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། །ལྷ་རྟེན་དང་ནི་མཆོད་སྦྱིན་ལ། །སེམས་ཅན་གསོད་པར་བྱེད་པ་གང་། །འཇིག་རྟེན་པ་ཡི་ཆོས་སུ་འཚལ། །ཁྱོད་ཀྱི་བསྟན་ལ་དེ་དག་སྨད། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡོད། །ཅེས་དང་། མཆོད་སྦྱིན་ལ་ནི་ཕྱུག་འགུམ་པ། །དྲང་སོང་རྣམས་ནི་སྨྲ་ཞེས་གྲགས། །སྡིག་མེད་ཁྱོད་ཀྱིས་གྲོག་མ་ལའང་། །གནོད་པ་བགྱིད་པར་རྗེས་མ་གནང་། །ཞེས་སོ། །ཚུལ་དེས་རྒྱལ་བ་དགྱེས་པའི་ཐབས་སུ་ནི་མི་འགྱུར་ཏེ། རྒྱལ་སྲས་ཞི་བ་ལྷས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེས་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་སོ། །དེས་རང་གཞན་ལ་ཕན་པ་དང་བདེ་བའི་འབྲས་བུ་ནི་བསྐྱེད་མི་སྲིད་དེ། །སྤྱོད་འཇུག་ལས། སྡིག་པ་སྤྱད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་དང་། སྐྱེས་རབས་ལས། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །ཞེས་དང་། དོན་དམ་བསྙེན་པ་ལས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞུང་ཀུན་རྣམས་ལས་ནི། །སྲོག་གཅོད་ཀྱིས་ནི་གྲོལ་བ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁྱོད་ཀྱིས་བྲམ་ཟེ་དགེ་སྦྱོང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱིད་དེ། །དམྱལ་བའི་སྡུག་བསྔལ་སྐལ་ནོད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །ཞེས་རྒྱལ་པོ་བདེ་སྤྱོད་ལ་གདམས་པར་མཛད་པ་བཞིན་ནོ། །ཁྱད་པར་དུའང་བླ་མ་དང་སེར་མོ་བའི་རིགས་ཡིན་ན་ནི་ལྷག་པར་ཡང་ཉེས་པ་ལྕི་སྟེ། ཐོག་མར་སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་འགྲོའི་བསླབ་བྱ་དང་ཡང་འགལ་ཏེ། མདོ་ལས། དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་གསུངས་པས། འཚོ་བ་དང་ཕྲལ་བ་ལས་ཆེ་བའི་གནོད་འཚེ་ཡོད་མི་སྲིད་པས་སོ། །སོ་ཐར་གྱི་ཁྲིམས་དང་ཡང་འགལ་ཏེ། དེ་ནི་གཞན་གནོད་གཞིར་བཅས་སྤངས་པ་ལུས་ངག་གི་སྤང་བདུན་གཙོ་བོར་གྱུར་པའི་ཕྱིར། སྐྱོན་འདི་ལྟ་བུ་འབྱུང་བར་དགོངས་ནས། དགེ་སློང་རྣམས་ཀྱིས་རྣམ་གསུམ་དག་པ་ལས་ཤ་ཡི་བཟའ་བ་གཞན་སྤོང་དགོས་པ་དང་། སེམས་ཅན་ལ་གནོད་པའི་རྩྭ་ཆུ་ཙམ་ལའང་ལོངས་སྤྱད་པར་རྗེས་སུ་མ་གནང་བས་མཁོ་བའི་ཡོ་བྱད་ཆུ་ཚགས་སོགས་ཀྱང་དགོས་པའི་དོན་དེ་ཡིན། བྱང་སེམས་ལས་གཞན་དོན་དུ་འགྱུར་ན་ལུས་ངག་གི་ལས་བདུན་གནང་བའི་སྐབས་ཡོད་ཀྱང་ཚུལ་འདི་ལྟ་བུ་མ་ཡིན་ཏེ། ཐེག་པ་ཆེ་ཆུང་གི་སྟོན་པའི་རྣམ་ཐར་དང་སྐྱེས་རབས་རྣམས་སུ་འདི་ལྟ་བུ་གཅིག་ཀྱང་མ་བསྟན་པའི་ཕྱིར། དེས་ན་བསླབ་བྱའི་གཙོ་བོ་བདག་བས་གཞན་གཅེས་ཀྱིས་སེམས་ཅན་བློས་མི་སྤོང་བ་ཡིན་པས་དེ་དང་མངོན་སུམ་དུ་འགལ་བའི་ཕྱིར་རོ། །སྔགས་སུ་ཏན་གན་གྱི་སྤྱོད་པ་སོགས་གསུངས་པ་ཡོད་དེ། དེ་ནི་གྲུབ་པའི་སྤྱོད་པ་ནུས་པས་སྒྲོལ་བ་དང་སྙིང་རྗེས་གསོ་བ་གཉིས་ཀ་གྲུབ་པ་སློབ་དཔོན་པདྨ་དང་བི་མ་ལ། འཕགས་ཡུལ་གྱི་གྲུབ་ཆེན་ཤ་བ་རི་དང་། བོད་ཀྱི་གསང་བདག་ཟུར་ཆེ་ཆུང་སོགས་དང་འབྲུག་སྨྱོན་ཀུན་དགའ་ལེགས་པ་ལྟ་བུ་ཡིན་གྱི་ཕལ་གྱིས་སྤྱོད་ཡུལ་མིན་ཏེ། ལས་དང་པོ་པས་རྣལ་འབྱོར་པ་དང་། རྣལ་འབྱོར་པས་གྲུབ་པ་དང་། གྲུབ་པས་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱ་བར་གསུངས་པས་ཤེས་ལ། སྒྱུ་འཕྲུལ་རྒྱས་པ་ལས། མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །ཞེས་གསུངས་ཏེ། ཐར་པ་ནག་པོ་སོགས་ཀྱི་ལོ་རྒྱུས་ཀྱིས་ཀྱང་ཤེས་པར་ནུས་སོ། །དེས་ན་དང་པོ་དབང་གི་སྡོམ་བཟུང་སྐབས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །ཞེས་ཁས་བླངས་དང་འགལ་ཞིང་། དངོས་གཞི་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་འདུ་བའི་ཕྱིར། དེས་ན་རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །ཚུལ་དེ་ལ་དགོངས་ནས་ཚོགས་འཁོར་སོགས་ཀྱི་སྐབས་སུའང་། འཕགས་ཡུལ་དུ་བཟའ་བའི་ཕྱིར་གསད་པར་མི་འགྱུར་བའི་མི་ལ་སོགས་པའི་ཤ་ལྔ་པོ་དམ་ཚིག་གི་རྫས་སུ་གསུངས་པ་ཡིན་ལ། གལ་ཏེ་དེ་ལྟ་བུའི་སྡིག་མེད་མ་རྙེད་ན། གསང་འདུས་ལས། ཤ་ལ་སོགས་པ་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟགས། །ཞེས་དང་། མཉམ་སྦྱོར་ལས། བག་ཟན་ལས་ནི་བྱས་པའི་ཕྱུགས། །ཙན་དན་དམར་པོས་སྒྲུབ་པ་དང་། །བག་ཕྱེ་ཟན་ལས་བྱས་པའི་ཤ །རྒྱལ་པོའི་ཟན་ཞེས་བཤད་པའོ། །ཞེས་ཙན་དན་སོགས་ཀྱིས་ཁ་སྒྱུར་བའི་ཟན་ལ་དེར་མོས་པས་བྱ་བར་གསུངས་པའི་དོན་ཡང་དེ་ཡིན་ནོ། །དངོས་སུ་རང་གི་བསད་པ་དང་། གཞན་ལ་ལྐོག་ཏུ་གསོད་བཅུག་པ་གཉིས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་སྟེ། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་སོ། །དེར་མ་ཟད་དེ་ལརྗེས་སུ་ཡི་རང་བའང་མཉམ་པོར་གསུངས་ཏེ། འཕགས་པ་ཕུང་པོ་གསུམ་པ་ལས། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་ལ་ཞུགས་པ་དང་། འཇུག་ཏུ་སྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། བདག་སེམས་ཅན་དམྱལ་བར་མཆི་བའམ། ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་གཅིག་ཙམ་གསོད་པའི་སྦྱོར་བ་ལ་གཏོགས་ཀྱང་། རྣམ་སྨིན་གྱི་འབྲས་བུ་བར་གྱི་བསྐལ་པ་གཅིག་ལ་སེམས་ཅན་ཉི་ཚེ་བའི་དམྱལ་བར་གནས་དགོས་པར་མདོ་དྲན་པ་ཉེར་བཞག་ལས་གསུངས་ཤིང་། དེར་མ་ཟད་སེམས་ཅན་ལས་ངན་པ་རྣམས་ལོག་པའི་སྨོན་ལམ་ལ་གོམས་པ་ཡིན་པས་སེམས་ཅན་འཆི་ཀ་མའི་སྨོན་ལམ་སྟོབས་བཙན་པས། སྔོན་ཤཱཀྱ་རྣམས་ཉ་པར་གྱུར་པའི་ཚེ་ཉ་ཆེན་པོ་གཉིས་ཀ་བ་ལ་བཏགས་ནས་བསད་པས། དེ་གཉིས་ཀྱིས་ད་ལྟ་ངེད་གཉིས་ཉེས་མེད་དུ་གསོད་པ་འདི་བཞིན་དུ་མ་འོངས་པ་ན་ངེད་གཉིས་ཀྱིས་ཀྱང་ཁྱེད་རྣམས་ཉེས་མེད་དུ་གསོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ཕྱིས་ཉ་ཆེན་གཉིས་པོ་རྒྱལ་པོ་འཕགས་སྐྱེས་པོ་དང་། བློན་པོ་མ་ལ་གནོད་གཉིས་སུ་གྱུར་ནས། ཤཱཀ་རིགས་བརྒྱད་ཁྲི་འཕགས་པའི་ཆོས་ཐོབ་ཟིན་ཀྱང་ཉིན་གཅིག་ལ་ཁ་འདོགས་པར་བྱས་པ་དང་། ཆོམ་རྐུན་པ་སུམ་ཅུ་རྩ་གཉིས་ཀྱིས་བ་ཞིག་བརྐུས་ཏེ་བསད་པས་དེས་ལོག་སྨོན་བཏབ་པའི་དབང་གིས་བ་གླང་དེ་རྒྱལ་པོ་གསལ་རྒྱལ་དུ་གྱུར་ནས་ལྷག་མཚམས་མའི་བུ་ཁྱེའུ་སོ་གཉིས་པོ་ཉིན་གཅིག་ལ་རྐེ་བཅད་པ་དང་། མཁན་སློབ་ཆོས་གསུམ་བྱ་རྫི་མའི་བུ་གསུམ་དུ་འཁྲུངས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་སྐབས་སུ་ས་རྡོ་བསྐྱལ་བའི་གླང་ཞིག་ཡོད་པ་ལ་དགེ་རྩ་བསྔོ་རྒྱུ་ལུས་པས་ཁོ་ཁྲོས་ནས་ལོག་སྨོན་བཏབ་པ་ཕྱིས་རྒྱལ་པོ་གླང་དར་མར་གྱུར་ཏེ། མཁན་སློབ་གསུམ་གྱི་མཛད་པའི་ཕྱག་རྗེས་བསྲུབ་པ་སོགས་མང་བས་དེ་ལྟར་མི་འགྱུར་བའི་ངེས་པ་མེད་པས་ཀྱང་བག་ཡོད་པར་བྱ་དགོས་ཤིང་། འཕགས་པ་ཀཱ་ཏྱ་ན་གྲོང་ཞིང་ན་བསོད་སྙོམས་ལ་བྱོན་པས་དེ་ན་བུད་མེད་གཅིག་གིས་བུ་ཞིག་པང་། ཉ་ཤ་ཞིག་ཟ། དེའི་རུས་པ་ཁྱི་མོ་ཞིག་གིས་ཟ་བ་ལ་རྡོས་རྡེག་པར་གཟིགས་ནས། མངོན་ཤེས་ཀྱིས་བཏགས་པས། ཉ་དེ་བུད་མེད་དེའི་ད་ལྟའི་ཕ་དང་ཁྱི་མོ་དེ་ད་ལྟའི་མ། བུ་དེ་ཚེ་སྔོན་རང་གསོད་པའི་དགྲ་བོ་དེ་ཡིན་པར་གཟིགས་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་དུ་བླང་། །ཆུང་མས་ཁྱོ་ཡི་རུས་པ་མུར། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས། དེས་ན་གསད་བྱའི་སེམས་ཅན་དེ་ད་ལྟ་རང་གི་ཕ་མ་སོགས་སྔར་ཤི་བ་དེ་དག་མིན་པའི་ངེས་པའང་མི་འདུག་ལ། ཚེ་སྔོན་གྱི་ཕ་མ་ནི་ཡིན་ངེས་པས་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡིན་ཀྱང་སྲོག་གཅོད་ཀྱི་ལས་འདི་ལ་ཤིན་ཏུ་གཟབ་དགོས་པར་སྣང་ཡང་། དེང་སང་ནི་ཁྱིམ་པ་ལྟ་ཅི་རབ་ཏུ་བྱུང་བ་རྣམས་ནས་ཀྱང་དགག་བྱ་ཕྲ་མོ་ཙམ་གྱི་ཁོངས་སུའང་རྩིས་གདབ་གནང་མཁན་ཆེར་མི་འདུག་ཀྱང་། དེས་དགེ་སྦྱོང་གི་ཚུལ་ནི་འཇིག་པར་གསུངས་ཏེ། སོ་སོ་ཐར་པའི་མདོ་ལས། རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པ་དགེ་སྦྱོང་གང་ཡིན་ནོ། །ཞེས་སོ། །དེ་དང་འབྲེལ་བར་དགོན་སྡེ་སོགས་ཁ་ཅིག་ཏུ་བསད་ཤའི་རྒྱུགས་འདྲེན་པ་དང་དམར་ཆོག་བཟའ་བའི་སྲོལ་ཡོད་འདུག་པའང་མི་བཟང་སྟེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ། ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གི་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །ཞེས་དང་། ཁེ་ཡི་ཕྱིར་དུ་སེམས་ཅན་གསོད། །ཤ་ཡི་ཆེད་དུ་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་པ་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་བཟའ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླང་། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །མ་རུངས་འོ་དོད་འབོད་སོགས་སུ། །ཤ་ཟ་དེ་དག་གཙོ་བར་འགྱུར་། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོད་མིན་ཕྱིར། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང་། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །གང་ཚེ་རྫས་ཀྱིས་ཤ་ཉོས་པ། །ཁྱིམ་པ་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་ནའང་ཇི་ལྟར་བསོད་ནམས་འགྱུར། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཤ་བཟའ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། ཕྱི་མ་ངུ་འབོད་འགྲོ་བའོ། །ཞེས་རྒྱུ་མཚན་དང་བཅས་དང་པོ་ཡི་དྭགས་ཀྱི་རིགས་ལས་ཀྱི་སྲིན་པོར་སྐྱེས་ཤིང་འཕོས་ནས་ངུ་འབོད་དུ་འགྲོ་བར་གསུངས་པ་དང་། དེ་ལས་ཀྱང་བསྔོས་ཤའི་རིགས་ནི་ཉེས་པ་བརྒྱ་འགྱུར་གྱིས་དེ་ལས་ལྕི་བར་གསུངས་ཏེ། གཞན་གྱིས་བསད་པ་བརྒྱ་ལས་ནི། །རང་གིས་བསད་དམ་གསོད་བཅུག་པའི། །ཤ་ནི་ཉེས་པ་བརྒྱ་འགྱུར་ལྕི། །ཞེས་སོ། །དེ་དང་འབྲེལ་བར་ཡུལ་སྲོལ་ཁ་ཅིག་ན་དགེ་འདུན་པ་ལ་ཆང་འདྲེན་སྲོལ་དང་། བཙུན་གཟུགས་པ་ཁ་ཅིག་གིས་དེ་ལ་འཕྱོར་ཟས་སུ་བྱེད་པའང་སྣང་མོད། དེས་ནི་རང་ཉིད་སྟོན་པའི་རྗེས་འཇུག་མ་ཡིན་པའི་ནང་ཆ་ཟང་མར་ངོམ་པ་སྟེ། འདུལ་བ་ལུང་ལས། ང་ལ་སྟོན་པར་ཁས་འཆེ་བའི་དགེ་བསྙེན་ཡན་ཆོད་ཀྱིས། ཆང་མི་བཙོ། མི་བླུད། མི་བཏུང་། དེ་ལྟར་མི་བྱེད་ན་དེ་ཡང་ངའི་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་དང་། མདོ་གཞན་རྣམས་ལས། ཚེ་འདིར་ཆང་བཏུང་ན་ཟངས་ཁུ་འཐུང་བའི་དམྱལ་བར་སྐྱེ་བ་དང་། གལ་ཏེ་མིར་སྐྱེས་ཀྱང་སྐྱེ་བ་ལྔ་བརྒྱར་སྨྱོན་པར་འགྱུར་བ་དང་། གཞན་ལ་ཆང་བླུད་ན་ཚེ་རབས་ལྔ་བརྒྱར་ལག་རྡུམ་དུ་འགྱུར་བར་གསུངས་པ་སོགས་ཉེས་པ་ཚད་མེད་དེ། སྐྱེས་རབས་ལས། གང་ཞིག་བསྟེན་ན་ངན་པ་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྟུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་འགྱུར་བ། །མཐོང་བར་འདོད་པ་དེ་ནི་སུ་ཞིག་ཡོད། །ཆང་དེ་ཉུང་ངུར་འཐུངས་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གི་ཕྱིས་ཀྱང་མནར་མེད་འབར་བས་བསྲེགས་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་དུ་འབྱུང་། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །ཞེས་སོ། །གཞན་ཡང་ཚོང་སོགས་གཡོ་སྒྱུའི་སྒོ་ནས་ཁེ་སྤོོགས་ཐོན་པ་དང་། དེང་སང་བཙུན་ཆུང་དུ་གྲགས་པ་དང་ལྷ་མཐོང་འདྲེ་མཐོང་བཤད་པ་སོགས་ཕལ་ཆེར་ཀྱང་། ངོ་བོ་མ་བྱིན་ལེན་དང་ལོག་པར་གཡེམ་པ་དང་རྫུན་སོགས་ལས་མི་འདའ་བས་བསླབ་སྡོམ་འཇིག་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས་དེ་ལྟར་ཤེས་པར་བྱས་ནས་དྲན་ཤེས་བག་ཡོད་ཀྱིས་བསྲུང་བ་ནི་ཤིན་ཏུ་གལ་ཆེའོ། །དེ་ལྟར་སྐབས་ཀྱི་འཕྲོས་དོན་ཅུང་ཟད་བཤད་ནས། ད་ནི་རྡོ་རྗེའི་གསུང་གི་གཞུང་དངོས་ལ་འཇུག་པར་བྱ་སྟེ། ལུས་ཀྱི་མི་དགེ་བ་གཉིས་པ་མ་བྱིན་པར་ལེན་པའི་ངོ་བོ་ནི། གཞན་གྱི་རྫས་བདག་གིར་བྱེད་པ་ཞིག་ཡིན་ཏེ། དབྱེ་ན། མཐུས་ལེན་པ་དངོས་སུ་འཕྲོག་པ་ལྟ་བུ། འཇབ་བུས་ལེན་པ་མ་ཚོར་བར་བརྐུ་བ། གཡོ་སྒྱུས་ལེན་པ་བྲེ་སྲང་གི་ཟོལ་ལ་སོགས་པ་བྱེད་པ་ཡིན། དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས། འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ཤས་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་གསུམ་དུ་ལྟུང་། ཁྱད་པར་དུ་ཡི་དྭགས། དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་སྲིད་ན་ཡང་། འབྱོར་པ་ཆུང་ཞིང་རྐུ་འཕྲོག་མང་དུ་འབྱུང་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི་། བག་ཆགས་ངན་པ་ཀུན་གཞི་ལ་སོགས་པས་ཚེ་རབས་ཐམས་ཅད་དུ་ཡང་མ་བྱིན་པར་ལེན་པ་ལ་དགའ་བར་འགྱུར་རོ། །ལུས་ཀྱི་མི་དགེ་བ་གསུམ་པ་འདོད་པས་ལོག་པར་གཡེམ་པའི་ངོ་བོ་ནི། འདོད་པའི་ཡུལ་རང་དབང་དུ་མ་གྱུར་པ་ལ་གཡེམ་པ་ཞིག་ཡིན། དབྱེ་ན། རྒྱལ་པོས་བསྲུང་བ་རྒྱལ་པོའི་བཙུན་མོ་ལ་འབངས་ཀྱིས་སྤྱད་དུ་མི་རུང་བའམ། ཁྲིམས་བཅས་པས་སྤྱད་དུ་མི་རུང་བ་ལྟ་བུའོ། །ཕ་མས་བསྲུང་བ་ནི། རྒྱ་གར་པ་བབ་ཅོལ་དུ་སྤྱད་དུ་མེད་དེ། ཕོ་མོ་ཁྱིམ་དུ་མ་བསྟུན་གྱི་བར་ལ་ཕ་མས་བསྲུང་བ་ལྟ་བུ་ལ་སྤྱད་པའོ། །མི་ཆོས་ཀྱིས་བསྲུང་བ་ཞེས། མ་སྲིང་ལ་སོགས་པ་ངོ་ཚ་བའི་གནས་ལ་སྤྱད་དུ་མི་རུང་བའོ། །ལྷ་ཆོས་ཀྱིས་བསྲུངས་པ་ཞེས། སློབ་དཔོན་གྱི་ཕྱག་རྒྱ་མའམ། འདུལ་ཁྲིམས་ཅན་ལ་སོགས་པ་ཡིན། བདག་གི་དབང་དུ་བྱས་པའི་གྲོགས་ལའང་སྤྱད་དུ་མི་རུང་བའི་སྐབས་ཡོད་དེ། དུས་མི་རུང་བ་ཉ་སྟོང་བརྒྱད་གསུམ་ལ་མི་རུང་། གནས་དཀོན་མཆོག་གི་རྟེན་སོགས་ཀྱི་སྤྱན་སྔར་མི་རུང་། ཡན་ལག་མ་ཡིན་པ་བྱོལ་སོང་གི་སྤྱོད་ཚུལ་སོགས་མི་རུང་ངོ་། །རྫོགས་བྱེད་ཀྱི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས། འབྲས་བུ་ལ་ཡང་གསུམ། རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་སྐྱེས། གལ་ཏེ་མཐོ་རིས་ཐོབ་སྲིད་ན་ཡང་ཁྱོ་ཤུག་འཐབ་འདོད་པ་ལ་སོགས་པར་འགྱུར། དབང་གི་འབྲས་བུ་ནི། ཚེ་རབས་སུ་ཡང་བདག་གི་མཆིས་འབྲང་སྙིང་རིང་ཞིང་ལོག་པ་སྣ་ཚོགས་བྱེད། རྒྱུ་མཐུན་གྱི་འབྲས་བུ་བག་ཆགས་ངན་པས་འདོད་ལོག་ལ་དགའ་བར་འགྱུར་རོ། །གཉིས་པ་ངག་གི་མི་དགེ་བ་བཞི་སྟེ། དང་པོ་རྫུན་དུ་སྨྲ་བའི་ངོ་བོ་ནི། དངོས་པོའི་ཆོས་ལ་མི་གནས་པ་ལ་དེར་ངག་གི་བརྗོད་པ། དབྱེ་ན། ཕན་གནོད་མེད་པའི་རྫུན་རྒན་པོས་རྫུན་བྱེད་པ་ལྟ་བུ། ཕན་གནོད་ཡོད་པའི་རྫུན་ཡུལ་གཅིག་ལ་ཕན་གཅིག་ལ་གནོད་པའི་རྫུན་དང་། མི་ཆོས་བླ་མའི་རྫུན་ཞེས་ཏེ་བདག་གི་རྒྱུད་ལ་མེད་པའི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡོད་པར་སྨྲ་བ་རྣམས་ཡིན། དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས། འབྲས་བུ་ལ་གསུམ་ལས། རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་ལྟུང་། དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་ན་ཡང་ངག་མི་བཙན་པར་འགྱུར། རྒྱུ་མཐུན་གྱི་འབྲས་བུ་ཚེ་རབས་སུ་ཡང་རྫུན་སྨྲ་བ་ལ་དགའ་བར་འགྱུར་རོ། །ངག་གི་མི་དགེ་བ་གཉིས་པ་ཕྲ་མའི་ངོ་བོ་ནི། གཞན་གྱི་མཛའ་བོ་དབྱེ་བ་ཞིག་ཡིན། དབྱེ་ན། བཙན་ཕྲ་ཞེས་བྱ་སྟེ་ངོས་ནས་རྒོལ་བ་དང་། གཞོགས་ཕྲ་སྟེ་ཟུར་ཟློས་བྱེད་པ་དང་། ལྐོག་ཕྲ་སྟེ་ལྐོག་ཏུ་གཞན་ལ་སོ་སོར་སྒྲོག་པ་རྣམས་ཡིན། ཡན་ལག་སྔར་དང་འདྲ། འབྲས་བུ་ལ་གསུམ་ལས། རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་ལྟུང་། དབང་གི་འབྲས་བུ་ནི། མི་ལུས་ཐོབ་སྲིད་ན་ཡང་། མཛའ་བོ་ཉུང་བ་དང་། འཐབ་ཟླ་མང་བ་དང་། རྟག་ཏུ་གྱོད་སྣ་མང་། ཀུན་གྱི་ཡིད་དུ་མི་འོང་། དོན་མེད་པར་འགྱུར། རྒྱུ་མཐུན་ཚེ་རབས་སུ་ཕྲ་མ་ལ་དགའ་བར་འགྱུར་རོ། །ངག་གི་མི་དགེ་བ་གསུམ་པ་ཚིག་འཁྱལ་བའི་ངོ་བོ་ནི། དལ་བ་ཆུད་གསོན་པ་ཞིག་ཡིན། དབྱེ་ན། མི་དཔོན་དང་། སྒྲུང་སྡེའུ་དང་། བྲེ་མོའི་གཏམ་མོ། །ཡན་ལག་སྔར་ལྟར་བཞིས་རྫོགས། འབྲས་བུ་ལ་གསུམ་ལས། རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་སྐྱེ། དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་ཚིག་མི་བཙུན་པ་དང་། སྨོད་ཚིག་ཅན་དང་། འཁྱལ་བར་འགྱུར། རྒྱུ་མཐུན་ཚེ་རབས་སུ་བཀྱལ་བ་སྨྲ་བ་ལ་དགའ་བར་འགྱུར་རོ། །ངག་གི་མི་དགེ་བ་བཞི་པ་ཚིག་རྩུབ་ཀྱི་ངོ་བོ་ནི། གཞན་གྱི་ཞེ་གཅོད་པའི་ངག དབྱེ་ན། ངོར་མཚང་འབྲུ་བ། བརྒྱུད་དེ་ཞེ་གཅོད་པ། ལྐོག་ཏུ་ཞེ་གཅོད་པ་རྣམས་ཡིན། ཡན་ལག་བཞིས་རྫོགས། འབྲས་བུ་ལ་གསུམ་ལས། རྣམ་སྨིན་ངན་སོང་གསུམ་དུ་སྐྱེ། དབང་གི་འབྲས་བུ་མིར་སྐྱེ་ན་ཡང་། ཅི་སྨྲས་གཞན་གྱི་ཞེ་གཅོད་ལ་འཕོག་པ་དང་། རྟག་ཏུ་ཞེ་གཅོད་དུ་འོང་། རྒྱུ་མཐུན་འབྲས་བུ་ཚིག་རྩུབ་ལ་དགའ་བར་འགྱུར་རོ། །གསུམ་པ་ཡིད་ཀྱི་མི་དགེ་བ་ལ་གསུམ་སྟེ། དང་པོ་བརྣབ་སེམས་ཀྱི་ངོ་བོ་ནི། ཕུན་སུམ་ཚོགས་པ་ལ་ཆགས་པ། དབྱེ་ན། བདག་གི་ལ་ཡོད་པ་གཞན་ལ་མི་གཏོང་བ། གཞན་གྱི་དེ་བདག་གི་དབང་དུ་བྱ་བར་འདོད་པ་དེ་གཉིས་ཀ་མ་ཡིན་པའི་བདག་པོ་མེད་པའི་ས་འོག་གི་གཏེར་ལྟ་བུ། ཕུན་སུམ་ཚོགས་པ་ལ་ཆགས་པ་རྣམས་ཡིན། ཡན་ལག་བཞིས་ཡིད་ཀྱི་གསུམ་པོའི་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཕྱི་མ་གསུམ་ངོ་བོ་གཅིག་ཀྱང་ལྡོག་པ་ཙམ་གྱི་སྒོ་ནས་དབྱེའམ་སྙམ་མོ། །མཆན། རྫོགས། རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ། དབང་གི་འབྲས་བུ་མིར་སྐྱེས་ན་ཡང་རྟག་ཏུ་ཡུལ་ངན་པ་བཀྲེས་པ་དང་སྐོམ་པ་དང་བཅས་པར་འགྱུར། རྒྱུ་མཐུན་ཚེ་རབས་སུ་བརྣབ་སེམས་ལ་དགའ་བར་འགྱུར་རོ། །གཉིས་པ་གནོད་སེམས་ཀྱི་ངོ་བོ་ནི། གཞན་ལ་བསམ་ངན་འཆང་བ། དབྱེ་ན་ཞེ་སྡང་གི་ཆ་ལས་བྱུང་བ། འཁོན་དུ་འཛིན་པའི་ཆ་ལས་བྱུང་བ། ཕྲག་དོག་གི་ཆ་ལས་བྱུང་བ་གསུམ་ཡིན། ཡན་ལག་བཞིས་རྫོགས། རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་སྐྱེ། དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་། ཉེས་པ་མེད་པར་གཞན་ཞེ་སྡང་བ་དང་། རྟག་ཏུ་དགྲ་མང་ཁ་མཆུ་མང་བར་འགྱུར། རྒྱུ་མཐུན་འབྲས་བུ་གནོད་སེམས་ཅན་དུ་འགྱུར་རོ། །གསུམ་པ་ལོག་པར་ལྟ་བའི་ངོ་བོ་ནི། བདེན་པའི་དོན་ལས་ཕྱིན་ཅི་ལོག་པ། དབྱེ་ན། སྒྲོ་སྐུར་འདོགས་པ་དང་། མུ་སྟེགས་ལྟར་རྟག་ཆད་དུ་ལྟ་བ་དང་། ཁྱི་དང་བྱ་ཡི་དཀའ་ཐུབ་ལ་སོགས་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འཇིག་ཚོགས་ལ་ལྟ་བ་རྣམས་ཡིན། ཡན་ལག་བཞིས་རྫོགས། རྣམ་སྨིན་འབྲས་བུ་ངན་སོང་གསུམ་དུ་སྐྱེ། དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་། ཡུལ་མཐའ་འཁོབ་ཀླ་ཀློ་ལ་སོགས་པ་དཀོན་མཆོག་གི་སྒྲ་ཙམ་ཡང་མི་ཐོས་སར་སྐྱེ། རྒྱུ་མཐུན་ལོག་པར་ལྟ་བའི་བག་ཆགས་ཀུན་གཞི་ལ་འཐས་ནས་ལོག་པར་ལྟ་བ་ལ་དགའ་བར་འགྱུར་རོ། །དེ་ལྟར་མི་དགེ་བ་བཅུ་པོ་འདི་ནི་འཕགས་པ་རྣམས་ཀྱིས་སྨད་པ། མཁས་པ་རྣམས་ཀྱིས་སྤངས་པ། ལྷ་མི་དལ་འབྱོར་ཁྱད་པར་ཅན་ཐོབ་པ་རྣམས་ཀྱིས་སྤྱད་པར་བྱ་བ་མ་ཡིན་པས་སྤོངས་ཤིག དེ་ལྟ་བུའི་མི་དགེ་བ་བཅུ་པོ་ལ། སྡིག་པ་ཆེ་ཆུང་གི་ཁྱད་པར་ཡོད་དེ། སྤྱིར་ཉོན་མོངས་པའི་སྒོ་ནས་དབྱེ་ན། ཞེ་སྡང་གི་སྒོ་ནས་མི་དགེ་བ་བཅུ་སྤྱད་ན་དམྱལ་བ། འདོད་ཆགས་ཀྱི་སྒོ་ནས་ཡི་དྭགས། གཏི་མུག་གིས་སྤྱད་ན་དུད་འགྲོར་སྐྱེའོ། །ཡུལ་གྱི་སྒོ་ནས་ཆེ་ཆུང་ཡོད་དེ། ཡུལ་ཁྱད་པར་ཅན་ལ་མི་དགེ་བ་བཅུ་སྤྱད་པས་དམྱལ་བ། ཡུལ་ཐ་མལ་པ་ཕལ་ལ་ཡི་དྭགས། ཡུལ་དམན་པས་དུད་འགྲོར་སྐྱེ་བར་འགྱུར་རོ། །གྲངས་ཀྱི་སྒོ་ནས་མང་དུ་སྤྱད་ན་དམྱལ་བ། ལན་འགར་སྤྱད་ན་ཡི་དྭགས། ལན་རེ་ཙམ་གྱིས་དུད་འགྲོར་སྐྱེ་བར་ཡང་གཞུང་གཞན་ནས་གསུངས་སོ། །མཆན། དེ་ཡང་བྱེ་བྲག་ཏུ་སྲོག་གཅོད་པའི་ནང་ནས་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྲོག་དང་ཕྲལ་བའི་སྡིག་པ་རྣམ་སྨིན་ཆེ། མ་བྱིན་པར་ལེན་པའི་ནང་ནས་དཀོན་མཆོག་གི་དཀོར་ལ་རྐུ་བ་སྡིག་ཆེ། འདོད་ལོག་གི་ནང་ནས་དགྲ་བཅོམ་མ་ལ་སྤྱད་ན་སྡིག་ཆེ། རྫུན་གྱི་ནང་ནས་བླ་མ་དང་དགེ་འདུན་མཆོད་པར་འོས་པའི་མགོ་བསྐོར་བ་སྡིག་ཆེ། ཕྲ་མའི་ནང་ནས་དགེ་འདུན་གྱི་དབྱེན་བྱས་པ་སྡིག་ཆེ། ཚིག་རྩུབ་ཀྱི་ནང་ནས་དགེ་འདུན་ལ་མི་སྙན་པར་བརྗོད་པ་སྡིག་ཆེ། ངག་འཁྱལ་གྱི་ནང་ནས་དགེ་སློང་བསམ་གཏན་གཉིས་མེད་ཀྱི་དོན་སྒོམ་པའི་བློ་དཀྲུགས་པ་སྡིག་ཆེ། བརྣབ་སེམས་ཀྱི་ནང་ནས་དཀོན་མཆོག་གི་ནོར་ལ་བརྣབས་པ་སྡིག་ཆེ། གནོད་སེམས་ཀྱི་ནང་ནས་མཚམས་མེད་པ་ལྔ་ཤོམ་པ་སྡིག་ཆེ། ལོག་ལྟའི་ནང་ནས་ཡང་དག་པའི་དོན་ལ་སྐུར་བ་འདེབས་པ་སྡིག་ཆེ། དེ་ལྟ་བུ་ནི་སྲོག་ལ་བབས་ཀྱང་མི་རུང་། སྤྱིར་བསྟན་ན་མི་དགེ་བ་བཅུ་ཉིད་ལ་ཡང་ཁྱད་ཡོད་དེ། སྲོག་གཅོད་པ། ཕྲ་མ། ཚིག་རྩུབ། གནོད་སེམས་བཞིས་དམྱལ་བ། འདོད་ལོག མ་བྱིན་པར་ལེན་པ། བརྣབ་སེམས་གསུམ་གྱིས་ཡི་དྭགས། རྫུན། ངག་འཁྱལ། ལོག་ལྟ་གསུམ་གྱིས་དུད་འགྲོར་སྐྱེའོ། །ཞེས་གསུངས་སོ། །གཉིས་པ་བླང་བྱ་དགེ་བཅུའི་རང་བཞིན་བསྟན་པ་ལའང་གཉིས་ཏེ། སེམས་ཉིད་ངལ་གསོ་ལས་གསུངས་པ་དང་། གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་འགོད་པའོ། །དང་པོ་ནི། རྩ་བ་ལས། མཐོ་རིས་འཕེན་པ་དགེ་བའི་ལས་བཅུ་ཡང་། །མི་དགེ་བཅུ་སྤོང་སེམས་པ་དགེ་བ་སྟེ། སྲོག་མི་གཅོད་དང་མ་བྱིན་ལེན་པ་སྤངས། །ལོག་པར་མི་གཡེམ་རྫུན་དང་ཕྲ་མ་སྤངས་། །ངག་འཁྱལ་ཚིག་རྩུབ་མི་སྨྲ་བརྣབ་སེམས་མེད། །གནོད་སེམས་ལོག་ལྟ་རིང་དུ་སྤངས་པ་སྟེ། །ཞེས་པས། མི་དགེ་བ་བཅུ་ལས་ལོག་ཙམ་གྱིས་དགེ་བ་བཅུར་མི་འགྱུར་ཏེ། རྒྱུད་བསྡམས་པ་མེད་པའི་ཕྱིར་རོ། །དེ་བས་ན་མི་དགེ་བ་བཅུ་སྤོང་བའི་སེམས་ནི་དགེ་བ་བཅུའི་ངོ་བོ་ཡིན་ཏེ། ཡུམ་བར་མ་ལས། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་པ་ཡིན་ཞེས་པ་ལ་སོགས་བཅུ་གསུངས་སོ། །དེས་ན་སྲོག་གཅོད་སོགས་ལས་ལོག་ཙམ་གྱིས་ནི། དེའི་རྣམ་སྨིན་གྱིས་གོས་པར་མི་འགྱུར་ཡང་། རྒྱུད་བསྡམས་པ་མེད་ན་བསོད་ནམས་ཀྱི་འཕེལ་མི་འབྱུང་ཞིང་དགེ་བཅུ་མཚན་ཉིད་པར་མི་འགྱུར་བས། གང་ཟག་གམ་རྟེན་ཁྱད་པར་འཕགས་པ་སོགས་ཀྱི་སྤྱན་སྔར་རང་གི་ཁས་བླངས་སོགས་ཀྱིས་རྒྱུད་བསྡམས་པར་བྱེད་པ་ཉིད་ཤིན་ཏུ་གལ་ཆེ་སྟེ། ཇོ་བོས་མཛད་པའི་ལས་རྣམ་འབྱེད་ལས། མངོན་པར་མཐོ་བ་མཐོ་རིས་ལྷ་དང་མི། །ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན། །ཞེས་གསུངས་པས། མདོར་ན་དགེ་བཅུའི་ངོ་བོ་ནི། གོང་དུ་སྨོས་པའི་མི་དགེ་བ་བཅུ་པོ་དངོས་དང་དེའི་ཕྱོགས་གཏོགས་བཅས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ངོ་བོར་གྱུར་པ་དེ་ཉིད་ཡིན་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་བཤད། །ཅེས་སོ། །དེའི་འབྲས་བུ་ལ་བཞི་ལས། རྣམ་སྨིན་གྱི་འབྲས་བུ་ནི། ངལ་གསོ་ལས་ཆུང་ངུས་མི་དང་འབྲིང་གིས་འདོད་པའི་ལྷ། །ཆེན་པོས་བསམ་གཏན་གཟུགས་མེད་ཏིང་འཛིན་འབྲེལ། །གོང་མའི་ཁམས་གཉིས་བདེ་བ་འཛིན་པར་བྱེད། །འབྲས་བུ་བཞི་སྟེ་སྔར་གྱི་བཟློག་པའི་དཔེས། །དགེ་བཅུའི་འབྲས་བུ་མཐོ་རིས་ཤེས་པར་བྱ། །ཞེས་གསུངས་ཏེ། དེའང་ཆུང་ངུ་དང་འབྲིང་དུ་སྤྱད་པས་འདོད་པའི་མི་དང་ལྷར་སྐྱེ་ལ། ཆེན་པོ་ཏིང་འཛིན་དང་འབྲེལ་བས་ཁམས་གོང་མ་གཉིས་སུ་སྐྱེ་སྟེ། མཐོ་རིས་མངོན་པར་སྒྲུབ་པ་ཉིད་དང་། ངན་སོང་གི་སྒོ་གཅོད་པར་བྱེད་པ་ཉིད་དེ། རིན་ཆེན་ཕྲེང་བ་ལས། ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་སོ། །དེ་ཉིད་ཐབས་ཤེས་ཕྱོགས་གཅིག་པའམ་ཐབས་ཤེས་བླ་ན་མེད་པས་ཟིན་ན་བྱང་ཆུབ་གསུམ་གང་རུང་དེའི་རྒྱུར་འགྱུར་ཞིང་རང་རང་གི་འབྲས་བུ་འབྱིན་པར་བྱེད་དོ། །རྒྱུ་མཐུན་གྱི་འབྲས་བུ་ནི། རྩ་བར། རྒྱུ་མཐུན་བྱེད་པས་ངང་གིས་དགེ་ལ་གཞོལ། །མྱོང་བས་ཚེ་རིང་བ་དང་ལོངས་སྤྱོད་ཆེ། །མཐུན་པའི་ཁྱིམ་ཐབ་དགྲ་ཟླ་མེད་པ་དང་། །སྐུར་བ་མི་འབྱུང་ཕན་ཚུན་མཛའ་བཤེས་བཞིན། །ཚིག་བཟུང་འོས་དང་ཀུན་གྱི་རྣ་བར་སྙན། །ཆོག་ཤེས་བྱམས་ལྡན་ལྟ་བ་བཟང་པོར་འགྱུར། །ཞེས་གསུངས་ཏེ། འདི་ལ་གཉིས། བྱེད་པ་རྒྱུ་མཐུན་ནི་ཚེ་རབས་གར་སྐྱེས་ཀྱང་ངང་གིས་དགེ་བཅུའི་ལས་ལ་སྤྲོ་ཞིང་འཇུག་པར་འགྱུར་རོ། །མྱོང་བ་རྒྱུ་མཐུན་ནི། སྲོག་གཅོད་པ་སྤངས་པས་ཚེ་རིང་ཞིང་ནད་མེད་པ་དང་། མ་བྱིན་པར་ལེན་པ་སྤངས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། འདོད་ལོག་སྤངས་པས་མཐུན་པའི་ཁྱིམ་ཐབ་མཛེས་ཤིང་དགྲ་ཟླ་མེད་པ་དང་། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་དགའ་བར་བྱེད་པ་དང་། ཕྲ་མ་སྤངས་པས་འཁོར་གཡོག་མཐུན་ཅིང་མཆོག་ཏུ་གུས་པ་དང་། ཚིག་རྩུབ་སྤངས་པས་རྣ་བར་སྙན་ཅིང་བསྟོད་པ་དང་། ངག་འཁྱལ་སྤངས་པས་ཚིག་བཟུང་བར་འོས་ཤིང་ཚད་མར་བྱེད་པ་དང་། བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་དང་། གནོད་སེམས་སྤངས་པས་འཚེ་བ་མེད་པ་དང་། ལོག་ལྟ་སྤངས་པས་ལྟ་བ་བཟང་པོར་འགྱུར་བ་ཡིན་ནོ། །དབང་གི་འབྲས་བུ་ནི། དེ་ཉིད་ལས། དབང་གིས་ཡུལ་བཟང་གཟི་བརྗིད་ཕུན་སུམ་ཚོགས། །བཟའ་བཏུང་སྨན་སོགས་འཇུ་སླ་མཐུ་ཆེ་ཞིང་། །ཕྱོགས་གཙང་སྨན་སོགས་དྲི་ཞིམ་ངད་དང་ལྡན། །གཞན་གྱིས་མི་བསླུ་འཇིགས་བྲལ་གནོད་འཚེ་མེད། །སྐྱེ་དགུ་མཐུན་དང་རེག་ན་མཆོག་ཏུ་བདེ། །དུས་ཀྱི་རྗེས་འགྲོ་ལེགས་སྨིན་འབྲས་བུས་ཕྱུག །ས་ཕྱོགས་མཉམ་ལ་མཚོ་བསིལ་རྫིང་བུས་བརྒྱན། །མེ་ཏོག་འབྲས་མང་བཟང་དགུ་འཕེལ་བ་མཐོང་། །ལོ་འབྲས་སྨན་སོགས་རོ་མཆོག་བདའ་བ་དང་། །འབྱུང་ཁུངས་བཟང་ཞིང་དཔུང་གཉེན་ལྡན་པར་སྐྱེ། །ཞེས་གསུངས་ཏེ། དེ་ལ་སྲོག་གཅོད་པ་སྤངས་པས་ནི་ཡུལ་བཟང་ལ་ཉམས་དགའ་བར་སྐྱེའོ། །མ་བྱིན་པར་ལེན་པ་སྤངས་པས་བཟའ་བཏུང་འཇུ་སླ་ཞིང་རོ་བྲོ་བ་དང་སྨན་མཐུ་ཆེའི་ཡུལ་དུ་སྐྱེའོ། །འདོད་པས་ལོག་པར་གཡེམ་པ་སྤངས་པས། ས་ཕྱོགས་གཙང་ལ་སྤོས་ཀྱི་ངད་དང་ལྡན་པའི་སྨན་ཤིང་ཅན་དུ་སྐྱེའོ། །བརྫུན་དུ་སྨྲ་བ་སྤངས་པས་ཡུལ་ཕྱོགས་གང་ན་དགྲ་དང་ཆོམ་རྐུན་ལ་སོགས་པའི་གནོད་འཚེ་མེད་ཅིང་མི་སླུ་བར་སྐྱེའོ། །ཕྲ་མ་སྤངས་པས་གང་ན་སྐྱེ་དགུ་མཐུན་ཅིང་ས་ཕྱོགས་རྡོ་གསེག་དང་ཚེར་མ་ཉུང་སར་སྐྱེའོ། །ཚིག་རྩུབ་མོ་སྤངས་པས་དུས་ཚིགས་མ་ལོག་ཅིང་མེ་ཏོག་དང་འབྲས་བུ་དུས་སུ་སྨིན་པའི་ཡུལ་དུ་སྐྱེའོ། །བཀྱལ་བ་སྤངས་པས་ས་ཕྱོགས་ཐད་ཀ་མཉམ་ལ་མཚོ་དང་རྫིང་བུ་བརྒྱན་སར་སྐྱེའོ། །བརྣབ་སེམས་སྤངས་པས་ས་ཕྱོགས་མེ་ཏོག་དང་། འབྲས་བུ་དང་། ལོ་ཐོག་བཟང་དགུ་འཕེལ་བར་མཐོང་བར་སྐྱེའོ། །གནོད་སེམས་སྤངས་པས་ལོ་མ་དང་འབྲས་བུའི་སྡོང་པོ་མང་ཞིང་རོ་ཞིམ་པར་སྐྱེའོ། །ལོག་པར་ལྟ་བ་སྤངས་པས་འབྲུ་དང་རིན་པོ་ཆེ་ལ་སོགས་པའི་འབྱུང་ཁུངས་བཟང་ཞིང་། མགོན་སྐྱབས་དང་དཔུང་གཉེན་ཕུན་སུམ་ཚོགས་པར་སྐྱེའོ། །ཞེས་དགེ་བ་བཅུ་བསྟན་པའི་མདོ་ལས་བསྟན་ཏོ། །སྐྱེས་བུ་བྱེད་འབྲས་ནི། འཇོམས་བྱེད་ཀྱི་རྐྱེན་དང་མ་འཕྲད་ན་དགེ་བ་དེ་ཉིད་གོང་ནས་གོང་དུ་འཕེལ་ཏེ་དཔག་ཏུ་མེད་པར་འགྱུར་བ་ཡིན་ཏེ། གཞུང་དེ་ཉིད་ལས། སྐྱེས་བུ་བྱེད་པ་དགེ་ལས་དགེ་འཕེལ་བས། །ལེགས་དགུའི་བསམ་པ་ཡིད་བཞིན་འགྲུབ་པ་ཡིན། །ཞེས་སོ། །མདོར་ན་མཛངས་བླུན་ལས། དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་པས་དགེ་བ་ཆུང་ངུ་ནས་ལག་ཏུ་ཅི་ལོན་དུ་བརྩོན་པར་བྱ་དགོས་ཤིང་། དེ་ཡང་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བར་བསྒྱུར་བ་གལ་ཆེ་བས། དེ་ནི་དགེ་བ་གང་བྱེད་ཀྱང་འཁོར་བ་ལས་ཐར་ནས་ཞི་བ་མྱ་ངན་ལས་འདས་པར་ཐོབ་པར་བྱ་སྙམ་པ་སྟེ། དབྱེ་ན། ཉན་ཐོས། རང་སངས་རྒྱས། རྫོགས་པའི་སངས་རྒྱས་ཀྱི་ཐར་པ་གསུམ་ལ་ལྟོས་ནས་གསུམ་དུ་ཡོད་ཀྱང་། ད་རེས་འདིར་ནི་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཞི་ལྷག་གཉིས་དང་། ཚད་མེད་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་ལ་བརྩོན་པར་བྱ་ཞིང་། དེ་ཡང་གཞན་དོན་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་བདེན་ཞེན་གྱི་དམིགས་པ་མེད་པ་རྗེས་བྱང་ཆུབ་ཏུ་བསྔོ་བ་གསུམ་གྱིས་ཟིན་པར་བྱས་ལ་སྐད་ཅིག་ཀྱང་མི་དལ་བར་སྒྲུབ་དགོས་ཏེ། ཚོགས་མ་རྫོགས་ན་སངས་རྒྱས་མི་ཐོབ་པའི་ཕྱིར་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་བར་བྱ་དགོས་ཏེ། སྔ་མ་ལས། གང་ཞིག་བསོད་ནམས་ཡེ་ཤེས་ཚོགས་རབ་འབྲས། །ཐར་པ་དམ་པའི་འཇུག་ངོགས་ཆེན་པོ་སྟེ། །དེ་ལས་གཞན་ཞིག་ནམ་ཡང་ཡོད་མིན་པས། །དགེ་ཆོས་སྤྲིན་གཙང་ཆར་བསིལ་སྣང་བར་མཛོད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། གཙོ་བོར་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་བསྡུས་པ་མཐུན་ཕྱོགས་སྒྲུབ་པའི་སྒོ་ནས་གསུངས་ཏེ། དམར་ཁྲིད་ལས། དགེ་བ་བཅུ་ལ་དོན་བཞི་སྟེ། ངོ་བོ་ནི། མངོན་མཐོ་སྐྱེད་པར་བྱེད་པའི་ལུས་ངག་ཡིད་གསུམ་དག་པ་ཞིག་ཡིན། ངེས་ཚིག་ནི། དལ་འབྱོར་ཐོབ་པའི་གང་ཟག་གིས་ཚུལ་བཞིན་དུ་སྤྱད་ན། ཡིད་ལ་འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ན་དགེ་བ་ཞེས་བྱ། དབྱེ་ན། མི་དགེ་བ་བཅུ་ལས་ལོག་པའི་དགེ་བ་སྟེ། སྲོག་འདོན་བྱ་བ་དང་། སྦྱིན་པ་རྒྱ་ཆེན་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། བདེན་པར་སྨྲ་བ་དང་། འཐབ་པ་རྣམས་སྡུམ་པ་དང་། ཞི་ཞིང་དུལ་བར་སྨྲ་བ་དང་། གསོང་པོར་སྨྲ་བ་དང་། སེམས་ཅན་རྣམས་ལ་བྱམས་པར་བྱ་བ་དང་། ཆགས་པ་མེད་པར་བྱ་བ་དང་། ལས་འབྲས་དང་ཡང་དག་པའི་དོན་ལ་ཐེ་ཚོམ་དང་བྲལ་བར་བྱའོ། །དེ་དག་རྒྱུད་ལ་གནས་པར་བྱེད་པའི་གྲོགས་ལ་བཅུ་སྟེ། ཡང་དག་པའི་ཆོས་ལ་དད་པ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་དང་། རྒྱན་པོ་མི་འགྱེད་ཅིང་རྩོད་པ་མེད་པ་དང་། ཁྲོམ་འདུས་པ་ལ་མི་བལྟ་བ་དང་། རྟག་ཏུ་བག་ཡོད་པར་སྤྱད་པ་དང་། ལེ་ལོ་མེད་པ་དང་། སྡིག་པའི་གྲོགས་དང་མི་འགྲོགས་པ་དང་། ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱངས་པ་དང་། ཁྱད་པར་དུ་འཕགས་པའི་ཡིད་བྱེད་ལ་དམིགས་པའི་སྐྱེ་མཆེད་མུ་བཞི་སྒོམ་པའོ། །འབྲས་བུ་ནི། རྣམ་སྨིན་གྱི་འབྲས་བུ་ལྷ་མིར་སྐྱེ། ཚངས་པ་བཞིན་དུ་དབྱངས་སྙན། བརྒྱ་བྱིན་བཞིན་དུ་གཟུགས་བཟང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དབང་གི་འབྲས་བུ་ཐོས་པ་འཛིན་ཅིང་ཤེས་རབ་དང་ལྡན་པ་དང་། སངས་རྒྱས་ཀྱིས་བསྟན་པའི་ཆོས་རྣམས་དང་འཕྲད་པར་འགྱུར་བ་དང་། མཐར་བྱང་ཆུབ་གསུམ་གྱི་འབྲས་བུ་འཐོབ་པར་འགྱུར་རོ། །རྒྱུ་མཐུན་འབྲས་བུ་ཚེ་རབས་ཐམས་ཅད་དུ་མི་དགེ་བ་བཅུ་སྤང་ཞིང་དགེ་བ་ལ་བརྩོན་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ས་མཚམས་དང་རྣམ་གྲངས་ཀྱི་དབྱེ་བ་གཞན་བསྟན་པ་ནི། སྤྱིར་དམ་པའི་ཆོས་མངོན་པ་སོགས་ལས་མང་དུ་གསུངས་ནའང་། འདིར་པདྨའི་ལམ་རིམ་ཆེན་མོའི་གཞུང་གི་དངོས་བསྟན་ཉིད་བཤད་པ་ལ་གཉིས། ས་མཚམས་དབྱེ་བ་དང་རྣམ་གྲངས་སོ། །དང་པོ་ལ། དབྱེ་བ་བདུན་གསུངས་པ་ལས། དང་པོ་ནི། དོན་གྱི་དགེ་བ་གནས་ལུགས་འདུས་མ་བྱས། དོན་གྱི་མི་དགེ་བ་འདུས་བྱས་འཁོར་བའི་ཆོས་སོ། །ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཟབ་གསལ་གཉིས་མེད་ཆོས་དབྱིངས་འདུས་མ་བྱས་ཆེན་པོ་ནི། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བས་མཆོག་ཏུ་བདེ་བའི་རང་བཞིན་ཡིན་པའི་ཕྱིར་དང་། འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་དང་། དགེ་བའི་རྩ་བ་གཞན་ཐམས་ཅད་འདི་རྟོགས་པའི་ཐབས་སམ་ཉེར་ལེན་དུ་འགྱུར་བའི་ཕྱིར་དོན་དམ་པའི་དགེ་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཞེས་དང་། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་ཀྱང་། དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། །ཞེས་གསུངས་སོ། །འདུས་བྱས་འཁོར་བའི་ཆོས་ཐམས་ཅད་ནི་སྐྱོན་གྱི་རང་བཞིན་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་དང་སྣོད་དང་བསྐྱེད་པའི་རྩ་བར་གྱུར་པའི་ཕྱིར་མི་དགེ་བའོ། །གཉིས་པ་ནི། རང་བཞིན་གྱིས་དགེ་བ་རིག་པའི་ཡེ་ཤེས། རང་བཞིན་གྱིས་མི་དགེ་བ་ཉོན་མོངས་དུག་ལྔའོ། །ཞེས་གསུངས་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ནི་གནས་ལུགས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རིག་ཐོག་ཏུ་མཉམ་པར་བཞག་པའི་ཡུལ་ཅན་གྱི་ཡེ་ཤེས་ཡང་དག་པ་སྟེ་ངོ་བོ་དུག་གསུམ་མེད་པའི་དགེ་བའོ། །ཉོན་མོངས་པ་ནི་ཟག་པ་དང་བཅས་པ་སྟེ་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ལ་རྟེན་ཅིང་མི་དགེ་བའི་ལས་ཐམས་ཅད་བསྐྱེད་པའི་རྩ་བར་གྱུར་པས་མི་དགེ་བའོ། །དེ་ཡང་གོང་མ་གཉིས་ནི་ཡུལ་གྱི་སྒོ་ནས་དང་། ཕྱི་མ་འདི་གཉིས་ནི་ཡུལ་ཅན་གྱི་སྒོ་ནས་དབྱེ་བའོ། །གསུམ་པ་ནི། གཤིས་ཀྱི་དགེ་བ་ཆོས་ཉིད་སྟོང་པ། གཤིས་ཀྱི་མི་དགེ་བ་མ་རིག་པའོ། །ཞེས་གསུངས་པས། སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་གནས་ཚུལ་ཡང་དག་པ་སྟེ། དེ་ཉིད་རྟོགས་ཤིང་གོམས་པར་བྱས་པས་འདུ་བྱེད་འཁོར་བའི་ཆོས་ཀུན་གྱི་གཉེན་པོ་བྱེད་པས་དགེ་བ་དང་། མ་རིག་པ་ནི་སྲིད་པའི་རྩ་བ་ཀུན་འབྱུང་ཐམས་ཅད་ཀྱི་གཞིར་གྱུར་པས་མི་དགེ་བའོ། །འདི་ནི་སྲིད་པའི་དངོས་གཉེན་དང་དངོས་རྒྱུ་བྱེད་པའི་དབང་གིས་དབྱེ་བའོ། །བཞི་པ་ནི། ཡང་དག་པའི་དགེ་བ་བློ་ལས་འདས་པ། ཡང་དག་པའི་མི་དགེ་བ་ཡིད་ཀྱིས་བསླད་པའོ། །ཞེས་གསུངས་ཏེ། དོན་དམ་པ་ནི་སྒྲ་རྟོག་མཚན་མའི་ཞེན་ཡུལ་ལས་འདས་པས་གཟུང་འཛིན་གྱི་བློའི་སྤྱོད་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱིས་མི་དགེ་བའི་ཆོས་ཀྱིས་དབེན་པས་ན་དགེ་བ་དང་། གཟུང་འཛིན་གཉིས་སྣང་གི་སྤྲོས་པ་ཅན་གྱི་ཀུན་རྫོབ་ནི་ཡང་དག་པའི་དོན་ལ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་ཡིན་པའི་ཕྱིར་མི་དགེ་བ་སྟེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །འདི་ནི་གནས་ཚུལ་ལ་སྒྲིབ་མི་སྒྲིབ་དང་གནས་སྣང་མཐུན་མི་མཐུན་གྱི་དབང་གིས་ཕྱེ་བའོ། །ལྔ་པ་ནི། ཡིད་ལ་མི་བྱེད་པ་ནི་མྱང་འདས་ཏེ་དགེ་བ་དང་། ཡིད་ལ་བྱེད་པ་ནི་འཁོར་བ་སྟེ་མི་དགེ་བའོ། །ཞེས་གསུངས་ཏེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་གསུངས་པ་ལྟར་ཁམས་གསུམ་གྱི་སེམས སེམས་བྱུང་གི་རྟོག་པ་མཐའ་དག་ཞི་བའི་ཡིད་ལ་མི་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས། ཅི་ཡང་ཡིད་¡eལ་ཞུ་མཆན། ¡fམི་བྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པའོ། །དགེ་འདུན་རྗེས་སུ་དྲན་པའོ། །ཞེས་གསུངས་པས་དགེ་བ་དང་། སེམས་སེམས་བྱུང་གི་རྣམ་པར་རྟོག་པའི་སྤྲོས་པ་ནི་འདུ་བྱེད་འཁོར་བ་ཉིད་ཡིན་པའི་ཕྱིར་མི་དགེ་བ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གཏོགས་པ། །འཁོར་བ་ཞེས་བྱ་གང་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ནས། །ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཞེས་སོ། །འདི་ནི་འཁོར་བའི་ཀུན་རྟོག་གི་སྤྲོས་པ་ཡོད་མེད་ཀྱིས་དབྱེ་བའོ། །དྲུག་པ་ནི། དུག་གསུམ་ཕྲ་མོས་སྦགས་པའི་དགེ་བས་མཐོ་རིས་གསུམ། དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པས་ངན་སོང་གསུམ་བསྐྱེད་དོ། །ཞེས་གསུངས་པས། བདག་མེད་པའི་དོན་རྟོགས་པ་དང་བྲལ་བའི་བདག་ཏུ་འཛིན་པའི་མ་རིག་པ་དང་མཚུངས་ལྡན་གྱི་ཟག་བཅས་དགེ་བའི་ལས་ཀྱིས་བདེ་འགྲོ་དང་། དུག་གསུམ་མངོན་གྱུར་གྱི་ཀུན་སློང་ངན་པས་བསྐྱེད་པའི་ལས་མི་དགེ་བས་ངན་སོང་དུ་འཕེན་པ་སྟེ། ཞིབ་པར་གོང་དུ་བསྟན་པ་བཞིན་རྣམ་སྨིན་གྱི་འབྲས་བུ་སྐྱེད་ཚུལ་ལ་ལྟོས་ནས་ཟག་བཅས་བསོད་ནམས་ཆ་མཐུན་དང་མི་དགེ་བའི་ལས་དངོས་ཀྱིས་དབྱེ་བའོ། །བདུན་པ་ནི། ཐབས་ཤེས་ཀྱི་དགེ་བས་མི་གནས་པའི་མྱང་འདས། ཐབས་ཤེས་ཅི་རིགས་པའི་དགེ་བས་ཕྱོགས་གཅིག་པའི་མྱང་འདས་སོ། །ཞེས་གསུངས་ཏེ། གོང་དུ་བསྟན་པ་བཞིན་ཐབས་ཤེས་བླ་ན་མེད་པས་ཟིན་པའི་དགེ་བས་རྫོགས་པའི་བྱང་ཆུབ་འགྲུབ་པ་དང་། ཐབས་ཤེས་ཕྱོགས་གཅིག་གིས་ཟིན་པའི་དགེ་བས་ཞི་བ་ཕྱོགས་གཅིག་པ་ཉན་རང་གི་འབྲས་བུ་ཐོབ་པར་བྱེད་པ་སྟེ། འདི་ནི་ཐར་པ་ཆ་མཐུན་གྱི་དགེ་བ་ལ་ཐབས་ཤེས་རྒྱ་ཆེ་ཆུང་གིས་དགེ་བའི་རྩ་བ་གཉིས་སུ་དབྱེ་བ་ཡིན་ནོ། །གཉིས་པ་ལས་ཀྱི་རྣམ་གྲངས་ལའང་ལྔ་ལས། དང་པོ་ལས་ཀྱི་རྣམ་གྲངས་སྤྱིར་བསྟན་པ་ནི། གཅིག་ཏུ་དཀར་བའི་ལས། གཅིག་ཏུ་གནག་པའི་ལས། འདྲེས་མའི་ལས་ཏེ་གསུམ་མོ། །ཞེས་གསུངས་ཏེ། ལས་དང་རྣམ་སྨིན་གཉིས་ཀ་གཅིག་ཏུ་དཀར་བའི་ལས་དགེ་བ་ཁམས་གོང་མའི་བདེ་བ་མྱོང་བྱེད་བསམ་གཏན་གྱི་ས་ལ་བརྟེན་པ། གཅིག་ཏུ་གནག་པ་འདོད་པར་སྡུག་བསྔལ་འབའ་ཞིག་སྐྱེད་བྱེད་མི་དགེ་བ། འདྲེས་མ་འདོད་པའི་རྟེན་ཅན་ལ་བདེ་སྡུག་སྤེལ་མར་མྱོང་བྱེད་ཀྱི་ལས་ཏེ་ལས་རང་གི་ངོ་བོ་དཀར་ནག་འདྲེས་པ་མིན་ཀྱང་ལས་སྣ་ཚོགས་པའི་དབང་གིས་རྣམ་སྨིན་མྱོང་ཚུལ་ལམ་བྱེད་ལས་ཀྱི་སྒོ་ནས་དེ་ལྟར་བཞག་པའོ། །འདིའི་སྟེང་དུ་ཟག་བཅས་ཀྱི་ལས་དཀར་ནག་དེ་ཐམས་ཅད་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་དང་བཞིར་ཆོས་མངོན་པ་ལས་བཤད་དོ། །གཉིས་པ། བསམ་སྦྱོར་གྱི་ཁྱད་པར་ལས། བསམ་པ་དཀར་ལ་སྦྱོར་བ་གནག་པ་དང་། བསམ་པ་ནག་ལ་སྦྱོར་བ་དཀར་བ་དང་། བསམ་སྦྱོར་གཉིས་ཀ་དཀར་བ་དང་། གཉིས་ཀ་ནག་པོའོ། །ཞེས་གསུངས་པས། བསམ་པ་དཀར་ལ་སྦྱོར་བ་གནག་པ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཤིང་ཅན་བསད་པ་ལྟ་བུ། བསམ་པ་ནག་ལ་སྦྱོར་བ་དཀར་བ་གཞན་གསོད་པའི་ཕྱིར་བསྙེན་བཀུར་བྱེད་པ་ལྟ་བུ། གཉིས་ཀ་དཀར་བ་སངས་རྒྱས་ཐོབ་པའི་ཕྱིར་གཞན་སྲོག་སྐྱོབ་{སྐྱོབས་འདིའི་རིགས་འདི་ལྟར་ཞུས། }པ་ལྟ་བུ། གཉིས་ཀ་ནག་པ་སྡང་སེམས་ཀྱིས་མཚོན་བསྣུན་ཏེ་བསད་པ་ལྟ་བུ་སྟེ། འདི་ནི་གཙོ་བོར་བསམ་པ་རྒྱུའི་ཀུན་སློང་ཉིད་གཙོ་ཆེ་བའི་དབང་གིས་དགེ་སྡིག་ཏུ་འགྱུར་ཚུལ་ལོ། །གསུམ་པ་འབྲས་བུ་མྱོང་ཚུལ་ལ་ལྟོས་ནས། མཐོང་ཆོས་འབྲས་བུ་ཅན། སྐྱེས་ནས་མྱོང་གྱུར། ལན་གྲངས་གཞན་ལ་མྱོང་བ་ཞེས་གསུངས་ཏེ། མཐོང་ཆོས་མྱོང་གྱུར་ནི་ཡུལ་དཀོན་མཆོག་དང་ཕ་མ་སོགས་གཉེན་པོ་ལ་ཀུན་སློང་བསམ་པ་དྲག་པོས་ལས་སྟོབས་ཆེན་བྱས་པ་འགའ་ཞིག་གི་འབྲས་བུ་ཚེ་ཕྱི་མ་སོགས་ལ་མི་ལྟོས་པར་ད་ལྟའི་རྟེན་འདི་ཉིད་ལ་སྨིན་པའོ། །སྐྱེས་ནས་མྱོང་གྱུར་ནི་སྐྱེ་བ་འདིའི་འོག་ཏུ་སྐྱེ་བ་གཞན་གྱི་བར་ཆོད་པར་ཕྱི་མའི་རྟེན་དེ་ཁོ་ནར་སྨིན་གྱུར་གྱི་ལས་སོ། །ལན་གྲངས་གཞན་ལ་མྱོང་བ་ནི། སྐྱེ་བ་གསུམ་ཕན་ཆོད་ཀྱི་རྟེན་ལ་སྨིན་ངེས་ཀྱི་ལས་རྣམས་སོ། །འདིའི་སྟེང་དུ་ལས་ཁ་ཅིག་གཉེན་པོ་སྟོབས་ལྡན་གྱིས་ས་བོན་ནུས་མེད་དུ་བཅོམ་པ་མྱོང་བར་མ་ངེས་པའི་ལས་དང་བཞིར་ཡང་གསུངས་ཏེ། འདི་བཞི་ནི་ལས་སྟོབས་ཆེ་ཆུང་གི་སྒོ་ནས་བཞག་པ་ཡིན་ནོ། །བཞི་པ་འབྲས་བུ་སྐྱེད་ཚུལ་ལ་ལྟོས་ནས། ལས་དཀར་རྣམ་སྨིན་དཀར་བ། ལས་ནག་རྣམ་སྨིན་གནག་པ། ལས་དཀར་རྣམ་སྨིན་གནག་པ། ལས་ནག་རྣམ་སྨིན་དཀར་བ། ཞེས་གསུངས་སྟེ། འདི་ལ་གཞུང་མཆན་དུ་དགེ་བ་བྱས་པས་བདེ་འགྲོར་སྐྱེ་བ་ལྟ་བུ་ལས་དཀར་རྣམ་སྨིན་དཀར་བ། མི་དགེ་བ་བྱས་པས་ངན་སོང་དུ་སྐྱེ་བ་ལྟ་བུ་ལས་ནག་རྣམ་སྨིན་ནག་པ། མི་སྡུག་བསྔལ་ཅན་ལྟ་བུ་ལས་དཀར་རྣམ་སྨིན་ནག་པ། ལྷའི་གླང་པོ་ཆེ་རབ་བརྟན་ལྟ་བུ་ལས་ནག་རྣམ་སྨིན་དཀར་བ། ཞེས་བཤད་དེ། འདི་ནི་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་བསྐྱེད་པའི་ལས་ལས་ཕྱེ་བའོ། །ལྔ་པ་འཕེན་རྫོགས་ཀྱི་དབྱེ་བ་ལ་ལྟོས་ནས། འཕེན་བྱེད་དགེ་ལ་རྫོགས་བྱེད་ཀྱང་དགེ་བ། འཕེན་བྱེད་དགེ་བ་ལ་རྫོགས་བྱེད་མི་དགེ་བ། འཕེན་བྱེད་ཀྱང་མི་དགེ་བ་ལ་རྫོགས་བྱེད་ཀྱང་མི་དགེ་བ། འཕེན་བྱེད་མི་དགེ་བ་ལ་རྫོགས་བྱེད་དགེ་བའི་ལས་ཡོད་དོ། །ཞེས་གསུངས། དེ་ཡང་འཕེན་བྱེད་དགེ་བ་ལ་རྫོགས་བྱེད་ཀྱང་དགེ་བ་མིའི་རྟེན་ཅན་ལ་འཁོར་ལོས་སྒྱུར་བ་དང་ལྷའི་རྟེན་ཅན་ལ་དབང་པོ་བརྒྱ་བྱིན་ལྟ་བུ། འཕེན་བྱེད་དགེ་བས་མཐོ་རིས་སུ་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་མི་ནད་བུ་ཅན་དང་ལྷ་དབུལ་པོ་ལྟ་བུ། གཉིས་ཀ་མི་དགེ་བ་ངན་སོང་གི་རྟེན་ཅན་ལ་སྡུག་བསྔལ་དོས་དྲག་པོ་མནར་མེད་དང་ལུས་སྲུལ་པོ་ལྟ་བུ། འཕེན་བྱེད་མི་དགེ་བས་ངན་སོང་དུ་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ཀླུ་ཕྱུག་པོའམ་ཡི་དྭགས་རྫུ་འཕྲུལ་ཅན་ལྟ་བུ་སྟེ། འདི་ལ་འཕེན་རྫོགས་གཉིས་ཀ་བྱེད་པ་དང་གང་རུང་རེ་བྱེད་པའི་ལས་ཡོད་ཅིང་། དེ་ཡང་གཅིག་གིས་དུ་མ་དང་། དུ་མས་དུ་མ་དང་། དུས་མས་གཅིག་དང་། གཅིག་གིས་གཅིག་འཕེན་པའི་ལས་ཏེ་མུ་བཞི་འཕེན་རྫོགས་གཉིས་ཀར་ཡོད་པར་གསུངས་སོ། །གཞན་ཡང་མཛངས་བླུན་དང་། ལས་བརྒྱ་པ་དང་ལས་རྣམ་འབྱེད་སོགས་མདོ་སྣ་ཚོགས་ལས་གསུངས་པའི་ལས་ཀྱི་རྣམ་གྲངས་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་སོགས་ནི་ཁོ་བོས་བསྡུས་པའི་བསྟན་བཅོས་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས་སོགས་ལས་ཤེས་པར་བྱ་ཞིང་རྒྱས་པར་མདོ་སྡེ་རྣམས་ལ་བལྟ་ཞིང་ཉན་པར་བྱ་དགོས་སོ། །མདོར་ན་རྟ་དབྱངས་ཀྱིས། སྡིག་པས་སྡུག་བསྔལ་བསོད་ནམས་ཀྱིས། །བདེའོ་འདྲེས་མས་འདྲེས་མ་སྟེ། །ལས་རྣམས་ཀྱི་ནི་རྣམ་པར་སྨིན། །འདྲ་བ་རྒྱུ་མཚན་ཡིན་པར་བརྟག །ཅེས་དང་། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་སྨིན་པར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་འབྲས་བུ་མངར་བ་དག །མཁས་པའི་མིས་ནི་ཤེས་པར་འགྱུར། །རྟག་ཏུ་ལུས་ངག་ཡིད་ཀྱིས་ནི། །སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དག་དགེ་ལ་སྤྱོད་བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །ཞེས་དང་། ཨོ་རྒྱན་ཆེན་པོས། བདག་གིས་བྱས་པའི་ལས་གཞན་ལ་མི་སྨིན། གཞན་གྱིས་བྱས་པ་བདག་ལ་མི་སྨིན། ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ། དཀར་ནག་གི་ལས་མི་འཆོལ་བར་ཤིན་ཏུ་ཕྲ་བ་ནས་འདོར་ལེན་བྱའོ། །ཞེས་རྗེས་སུ་གདམས་པ་བཞིན་བདག་ལེགས་སུ་འདོད་པ་དག་གིས་འཇུག་ལྡོག་ལག་ལེན་དུ་ཐེབ་པར་བྱ་བ་གལ་ཆེའོ། །བཞི་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསམ་པ་ནི། ཀུན་མཁྱེན་བླ་མའི་དོན་ཁྲིད་ལས། འདི་ལྟར་འཁོར་བའི་བདེ་སྡུག་དང་མཐོ་དམན་ཐམས་ཅད་ཀྱང་རང་གི་ལས་དགེ་སྡིག་གིས་བྱས་པ་ཡིན་ལ། བྱང་ཆུབ་གསུམ་དང་དེའི་བདེ་ལེགས་ཐམས་ཅད་པའང་ཐར་པ་ཆ་མཐུན་གྱི་ལས་ཁྱད་པར་ཅན་སོ་སོས་བྱས་པའི་ཕྱིར། ལས་འདི་ནི་རི་མོ་མཁན་དང་འདྲ་བ་གཅིག་གིས་མང་པོར་བསྒྱུར་བ། རྗེས་སུ་འགྲོ་བས་ལུས་ཀྱི་གྲིབ་མ་དང་འདྲ་བ། རང་གིས་བྱས་པ་གཞན་ལ་མི་འཕོ། གཞན་གྱི་ལས་རང་ལ་མི་འཕོ་བས་ལུས་ཐ་དད་ཀྱི་བདེ་སྡུག་ལྟ་བུ། དགེ་སྡིག་ཤུགས་དྲག་པོས་མཐོ་རིས་དང་ངན་འགྲོར་འཕེན་པ་རྒྱལ་པོ་དབང་པོ་ཆེ་ལྟ་བུ། རྒྱ་ཆེ་བས་ནམ་མཁའི་དབྱིངས་ལྟ་བུ། རྣམ་པ་གྲངས་མང་བས་ཚོང་དུས་ཀྱི་ཟོང་ལྟ་བུ། ཕན་ཚུན་གཅིག་ཏུ་མི་འདྲེ་བས་ཟ་འོག་གི་བེར་ཁྱིམ་ལྟ་བུ། དཀར་ནག་ངོ་བོ་མི་འགྱུར་བས་ཨུཏྤལ་དང་ཀུ་མུཏ་ལྟ་བུ། གང་ཅི་བསགས་པ་དེ་དང་མཐུན་པའི་འབྲས་བུ་རེ་འབྱིན་པར་བྱེད་པའི་ཕྱིར་བདག་གིས་ཐམས་ཅད་ལས་སུ་ཤེས་པར་བྱས་ལ་བླང་དོར་བརྩོན་པར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཞེས་གསུངས་ཏེ། དེ་ཡང་མ་དག་གཞན་དབང་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པ་འདི་ཐམས་ཅད་ཟག་བཅས་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་རྟེན་འབྲེལ་གྱི་སྣང་ཆ་འབའ་ཞིག་ཡིན་ཏེ། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་སོ། །དག་པ་གཞན་དབང་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་ཀྱི་ཚོགས་ཀྱང་ཚོགས་གཉིས་མཐར་ཕྱིན་པའི་རང་གཟུགས་རྟེན་འབྱུང་སྒྱུ་མ་ཙམ་སྟེ། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུས་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡིན། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་སོ། །དེས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་བརྟགས་{བཏག}མི་བཟོད་ཅིང་མ་བརྟགས་ཉམས་དགའ་བ་ཙམ་དུ་གནས་ཏེ། ངལ་གསོ་ལས། ལས་རྣམས་བརྟགས་ན་ངོ་བོ་འགའ་མེད་ཀྱང་། །རྨི་ལམ་བཞིན་དུ་བདེ་སྡུག་སྣ་ཚོགས་བྱེད། །བློས་བཏགས་ལས་རྣམས་དངོས་པོ་མཚན་མ་མེད། །རྒྱུ་འབྲས་མི་བསླུ་རྟེན་འབྲེལ་ཟབ་མོ་ཉིད། །ཡོད་མིན་མེད་མིན་རང་བཞིན་གཉིས་སུ་མེད། །ཇི་ལྟར་སྤྱོད་པ་དེ་ལྟར་རྣམ་པར་སྨིན། །འདི་ནི་ཇི་སྙེད་ཇི་བཞིན་གཟིགས་པའི་ཡུལ། །རྣམ་ཀུན་མཁྱེན་པ་དེ་ཡིས་ལེགས་པར་གསུངས། །ཞེས་དང་། དབུ་མ་རྩ་བ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེས་ན་དོན་དམ་པའི་གཤིས་ལ་ལས་མེད་ཀྱང་། ཀུན་རྫོབ་རྨི་ལམ་དང་འདྲ་བའི་ནང་འདིར་ཇི་སྲིད་གཟུང་འཛིན་གྱི་འཁྲུལ་པ་དབྱིངས་སུ་མ་དག་གི་བར་དུ་ལས་དང་ལས་ཀྱི་འབྲས་བུ་ཆུད་མི་འཛའ་ཞིང་ནམ་ཡང་བསླུ་བ་མི་སྲིད་དེ། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང་། དཀོན་མཆོག་བརྩེགས་པ་ལས། ཅི་འདྲ་བ་ཡི་ལས་བྱས་ན། །རྣམ་པར་སྨིན་པའང་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་སོ། །དེ་ཡང་རྒྱུ་བསགས་དུས་ཆུང་ཡང་དེ་ཉིད་གོང་དུ་འཕེལ་ཏེ་འབྲས་བུ་མྱོང་དུས་བདེ་སྡུག་ཆེར་སྨིན་པར་འགྱུར་བས་ཕྲ་ཞིབ་ནས་འདོར་ལེན་བྱེད་པ་གལ་ཆེ་སྟེ། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་{ཐིག་འདིའི་རིགས་འདི་ལྟར་ཞུས། }པ་བསོག་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་སོ། །ཚུལ་འདི་ལྟ་བུར་སྨྲ་བ་ནི་ཐམས་ཅད་མཁྱེན་པ་ཁོ་ནའི་ཁྱད་ཆོས་ལས། གཞན་ཕྱི་རོལ་པ་སོགས་ཀྱི་ལུགས་ལ་མེད་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཏེ། སློབ་དཔོན་བྷ་བྱས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། རྒྱུ་འབྲས་བསླུ་བ་མེད་པ་ཡི། །ལས་རྣམས་རྨི་ལམ་ལྟ་བུ་ཞེས། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ཀྱང་ངོ་མཚར་ཞིང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོ། །རྟེན་འབྱུང་ཟབ་མོའི་ཚུལ་དེ་ལེགས་པར་རྟོགས་ན་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཐར་པ་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་སོ། མདོར་ན་སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། སྒྱུ་མ་ལྟ་བུར་ཚོགས་བསགས་པས། །སྒྱུ་མ་ལྟ་བུར་སངས་རྒྱས་ཏེ། །སྒྱུ་མ་ལྟ་བུའི་སེམས་ཅན་དོན། །སྒྱུ་མ་ལྟ་བུར་བྱེད་པ་ཡིན། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པའི་ངང་ནས། ཚོགས་གཉིས་སྒྱུ་མ་ལྟ་བུར་བསགས་པས། འབྲས་བུ་སྐུ་གཉིས་སྒྱུ་མ་ལྟ་བུ་མངོན་དུ་མཛད་ནས། སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ནི་དག་པའི་རྒྱུ་འབྲས་རྟེན་འབྲེལ་ཟབ་མོའི་ཆོས་ཉིད་དེ་ཐེག་པ་ཆེན་པོའི་ལམ་སྲོལ་བླ་ན་མེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་རྟེན་འབྲེལ་གྱི་གནད་གསང་ཕྲ་བ་མ་རྟོགས་ཀྱང་། འཇིག་རྟེན་ཕ་རོལ་དང་ལས་རྒྱུ་འབྲས་ཡོད་པར་ཤེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རྣམ་པར་དག་པ་དང་ལྡན་ན་ཡང་ངན་འགྲོའི་སྒོ་འཕར་གཅོད་ཅིང་བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་འགྱུར་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །དེ་ལས་ཟློག་སྟེ་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བའི་དབང་དུ་གྱུར་ཏེ་ལས་འབྲས་ཁྱད་དུ་གསོད་པ་ནི་བདུད་ཀྱིས་བསླུས་པས་རྣམ་སྨིན་ངན་འགྲོ་མུ་མཐའ་མེད་པར་འཁྱམས་ཤིང་ནམ་ཡང་ཐར་པའི་དུས་མི་ཡོང་སྟེ། དཔུང་བཟང་ལས། གང་ལ་ལ་དག་ལས་མེད་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དེ་བྱིས་པ་རྣམས་དྲང་བའི་ཚུལ་ཙམ་དུ་ཟད་དོ་ཞེས་ཟེར་ཞིང་མི་དགེ་བའི་ཚོགས་མང་དུ་བསྟན་པ་དེ་དག་ནི། ཆོས་འདི་པར་ཁས་འཆེ་བ། འཇིག་རྟེན་རྒྱང་འཕེན་པའི་ལུང་ལ་བརྟེན་པ། བདུད་ཀྱི་བསླུས་པ་ཡིན་པར་རིག་པར་བྱའོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །ཅེས་དང་། ཀུན་མཁྱེན་བླ་མས། གང་ཞིག་ལས་འབྲས་ཁྱད་དུ་གསོད་པ་དག །མུ་སྟེགས་ཆད་པར་ལྟ་བའི་སློབ་མ་སྟེ། །སྟོང་པའི་ལྟ་ལ་གདེང་ཙམ་སུས་འཆའ་བ། །ཆད་པའི་མཐར་ལྷུང་འོག་ནས་འོག་ཏུ་འགྲོ། །ལམ་ངན་ཞུགས་པ་དེ་དག་གནས་ངན་ལས། །ནམ་ཡང་མི་ཐར་བདེ་འགྲོ་རིང་དུ་བྱེད། །རྒྱུ་འབྲས་སྙིང་རྗེ་བསོད་ནམས་ཚོགས་འདི་དག །དྲང་དོན་བྱིས་པའི་ཆོས་ཏེ་སངས་མི་རྒྱ། །ངེས་དོན་བྱར་མེད་ནམ་མཁའ་ལྟ་བུའི་དོན། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་སྒོམས་ཤིག་ལོ། །ཆད་པ་ལས་ཀྱང་ཆད་པའི་ལྟ་བ་ཅན། །དམན་པ་ལས་ཀྱང་དམན་པའི་ལམ་ཞུགས་དག །རྒྱུ་ཉིད་བཀག་ནས་འབྲས་བུ་སྒྲུབ་པ་མཚར། །ཞེས་གསུངས། མདོར་ན། ཨོ་རྒྱན་ཆེན་པོས། ཁ་ཅིག་གསང་སྔགས་ཡིན་པར་གསོལ་ནས་སྤྱོད་པ་རྩིང་པོར་སྤྱོད་པ་འདི་གསང་སྔགས་པ་མིན། ཐེག་པ་ཆེན་པོ་བྱ་བ་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ། སྙིང་རྗེ་ཕྱོགས་རིས་མེད་པ་ལ་ཟེར་བ་ཡིན། གསང་སྔགས་པར་ཁས་བླངས་ནས་ལས་མི་དགེ་བ་ལ་མི་འཛེམས་པ་འདིས་ནི་མི་བཏུབ་པ། གསང་སྔགས་པ་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེད་པ་གལ་ཆེ། སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། གསང་སྔགས་པར་ཁས་བླངས་ཀྱང་མུ་སྟེགས་ལོག་པར་འགྲོ། གསང་སྔགས་བྱ་བ་ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོ་བྱ་བ་གཞན་དོན་བྱེད་པ་ཡིན། གཞན་དོན་བྱེད་པ་ལ་འབྲས་བུ་སྐུ་གསུམ་ཐོབ་དགོས། སྐུ་གསུམ་ཐོབ་པ་ལ་ཚོགས་གཉིས་གསོག་དགོས། ཚོགས་གཉིས་གསོག་པ་ལ་བྱང་ཆུབ་ཀྱི་སེམས་དགོས། ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་དགོས། ལར་བྱང་ཆུབ་ཀྱི་སེམས་མེད་པའི་གསང་སྔགས་འདིས་ཅི་ཡང་མི་རུང་། ཐེག་པ་ཆེན་པོར་མི་རུང་། སྔགས་མཚན་ཉིད་གཉིས་ཟེར་ཡང་ཕུག་གཅིག ལྟ་སྤྱོད་གཉིས་མེད་ན་གོལ་བས། ལྟ་བ་ཡས་འབུབས་ལ་སྤྱོད་པ་མས་འཇུག་འདི་ང་ཡི་གདམས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པས། མཉམ་བཞག་ཏུ་ལྟ་བས་ལ་ཟློ་བ་དང་། རྗེས་ཐོབ་ཏུ་སྤྱོད་པས་ཤན་འབྱེད་པ་འདི་སྔ་འགྱུར་པའི་རིང་ལུགས་ཟླ་མེད་པ་ཡིན་པས་ཚུལ་དེ་ལྟར་ངེས་པར་བྱས་ནས། ངག་ཏུ་ཡང་། དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ཡང་ཡང་གདབ་ཅིང་བློ་ལ་འདྲེས་ངེས་སུ་བསྒོམ་པར་བྱའོ། །འབྱོངས་པའི་ཚད་ནི་བྲམ་ཟེ་སྒྲ་མཁན་ལྟ་བུ་སྟེ། ཁོང་གིས་རང་ཉིད་ཀྱི་རྒྱུད་ལ་བརྟག་སྟེ། དགེ་སེམས་སྐྱེས་པ་ན་རྡེའུ་དཀར་པོ་རེ། སྡིག་སེམས་སྐྱེས་པ་ན་ནག་པོ་རེ་བོར་བས། དང་པོ་རྡེལ་ནག་འབའ་ཞིག་བྱུང་། དེ་ནས་གཉེན་པོ་བསྐྱེད་དེ་བསྒོམས་པས། བར་དུ་དཀར་ནག་འདྲེས་མ་དང་། མཐར་རྡེའུ་དཀར་པོ་འབའ་ཞིག་ཏུ་བྱུང་བར་གསུངས། ཚུལ་དེ་ལྟ་བུས་གོམས་པར་བྱ་ཞིང་ལག་ཏུ་ལོན་པར་བྱའོ། །འཁོར་འདས་བདེ་སྡུག་ལས་ཀྱིས་སྤྲུལ་པ་སྟེ། །ལས་འབྲས་མི་བསླུ་ཐུབ་གསུང་གཅེས་པའི་མཛོད། །ཕྱོགས་ཙམ་གོ་ཞིང་རང་དབང་ཡོད་དུས་འདིར། །འཇུག་ལྡོག་ལག་ལེན་མཛོད་ཅིག་ཤེས་ལྡན་རྣམས། །ལས་རྒྱུ་འབྲས་བསམ་པའི་ཁྲིད་ཀྱི་སྐབས་སོ། །


previousགསུམ་པ་ལས་རྒྱུ་འབྲས་ལ་བསམས་ནས་མི་དགེ་བ་མཐའ་དག་ལས་བློ་ལྡོག་ནས་དཀར་པོའི་དགེ་ཆོས་ལ་རྩེ་གཅིག་ཏུ་སྦྱོར་བའི་ཁྲིད།next