Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
   
   
བཞི་པ་འཁོར་བའི་སྡུག་བསྔལ་ལ་བསམས་ནས་སྲིད་པའི་ཕུན་ཚོགས་ལས་བློ་ལྡོག་སྟེ་གཏན་གྱི་ཐར་པ་དོན་དུ་གཉེར་བར་བྱེད་པའི་ཁྲིད།
   
   
   
   
   


 
previousབཞི་པ་འཁོར་བའི་སྡུག་བསྔལ་ལ་བསམས་ནས་སྲིད་པའི་ཕུན་ཚོགས་ལས་བློ་ལྡོག་སྟེ་གཏན་གྱི་ཐར་པ་དོན་དུ་གཉེར་བར་བྱེད་པའི་ཁྲིད།next

བཞི་པ་འཁོར་བའི་སྡུག་བསྔལ་ལ་བསམས་ནས་སྲིད་པའི་ཕུན་ཚོགས་ལས་བློ་ལྡོག་སྟེ་གཏན་གྱི་ཐར་པ་དོན་དུ་གཉེར་བར་བྱེད་པའི་ཁྲིད།

༈ བཞི་པ་འཁོར་བའི་སྡུག་བསྔལ་ལ་བསམས་ནས་སྲིད་པའི་ཕུན་ཚོགས་ལས་བློ་ལྡོག་སྟེ་གཏན་གྱི་ཐར་པ་དོན་དུ་གཉེར་བར་བྱེད་པའི་ཁྲིད་ལ་བཞི་སྟེ། འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ། བྱེ་བྲག་ཏུ་རིགས་དྲུག་སོ་སོའི་སྡུག་བསྔལ་བསམ་པ། དེ་ལས་ཐར་པའི་ཐབས་སྒྲུབ་དགོས་པར་གདམས་པ། དེ་ལྟར་གོམས་པའི་ཕན་ཡོན་དང་འབྱོངས་ཚད་བསྟན་པའོ། །དང་པོ་ནི། པདྨའི་ལམ་རིམ་ལས། འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ། དེ་དག་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལང་ཡིན་ཏེ། རྩ་བའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་ག ཤམ་ལ་གཅིག་འབྲེལ། ཡན་ལག་གི་སྡུག་བསྔལ་དྲུག་ནི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུད་པ་དང་སངས་པ་མེད། ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང་། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས་སོ། །གང་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མར་འདུག་པས། ལོ་ཀའི་ཕུན་སུམ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ། སྡུག་བསྔལ་ལུ་གུ་རྒྱུད་དང་འདྲ་བས་གཅིག་གཤམ་ནས་གཅིག་འབྲེལ། ཆུ་ཡི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད། གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད་དོ། །མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་མེད་པ་གཅིག་ཀྱང་མེད་དོ། །དེ་ལྟར་བསམ་ཙ་ན་འཁོར་བ་འདི་ལ་བློ་ལྡོག་པ་ཡིན་ནོ། །ཞེས་གསུངས་ཤིང་། ཀུན་མཁྱེན་བླ་མས། དེ་ལྟར་མི་རྟག་ཁམས་གསུམ་འཁོར་བའི་ཆོས། །རྣམ་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་འདུ་བྱེད་ཉིད་གསུམ་གྱི། །གྲོང་ཁྱེར་དྲུག་གི་འགྲོ་ཀུན་ཉམ་རེ་ཐག །ཇི་ལྟར་མེ་ནང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་པོའི་བཙོན་རར་ཆུད་པའི་འགྲོ་བ་ལྟར། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་མནར་བཞིན་དུ། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། །ཞེས་གསུངས་ཏེ། འདི་ལྟར་ཐོག་མ་མེད་པའི་དུས་ནས་ཁམས་གསུམ་གྱི་འཁོར་བ་ན་བརྒྱུད་མར་འཁོར་དུས་སེམས་ཅན་ཐམས་ཅད་གཅིག་གིས་གཅིག་གི་ཕ་མ་གཉེན་འདུན་མཛའ་བཤེས་དང་། བར་མ་དང་། དགྲ་སྡང་བ་མ་བྱས་པ་མེད་ལ། རང་ཉིད་གྲོག་སྦུར་གཅིག་པུར་སྐྱེས་པའི་མགོ་དང་རྐང་ལག་བསྡམས་ཏེ་གཅིག་ཏུ་ཕུང་པོར་བྱར་ཡོད་ན་རི་རབ་ལས་ཆེས་མཐོ་ཞིང་། ངུས་པའི་མཆི་མ་རྒྱ་མཚོ་ལས་ལྷག་ལ། འདོད་པའི་ཕྱིར་མགོ་དང་ཡན་ལག་བཅད་པའང་གྲངས་མེད་ཅིང་། ཚེ་འདིར་ཕྱུག་ཅིང་འབྱོར་པ་འཁོར་དང་དབང་ཕྱུག་ཕུན་སུམ་ཚོགས་པ་རྣམས་ཀྱང་། ཤི་ནས་དབུལ་ཞིང་ཕོངས་པའི་གནས་སུ་སྐྱེ་བ་ནི་རྨི་ལམ་གྱི་བདེ་སྐྱིད་གཉིད་སད་ནས་མེད་པ་ལྟ་བུ་སྟེ། ཚེ་འདིའི་སྣང་བ་ལ་རང་གཞན་ཆགས་ཤིང་སྐྱིད་པར་སྣང་ཡང་ངང་ཚུལ་དེ་ལས་མ་འདས་པའི་ཕྱིར་གང་གིས་ཀྱང་ཅི་བྱ། འདི་ལས་ཕྱི་མ་རྒྱུན་རིང་བས་ཐར་པའི་ཆོས་ལ་གནས་པར་བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱི་ཉམས་སུ་བླང་བར་བྱ་སྟེ། མདོ་དྲན་པ་ཉེར་བཞག་ལས། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་ན་འཁོར་བ་གང་གི་ཚེ། གྲོག་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་ཆེས་མཐོ་ཞིང་། ངུས་པའི་མཆི་མའང་རྒྱ་མཚོ་བཞིའི་ཆུ་བས་ལྷག་གོ །དམྱལ་བ་དང་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་དཔག་ཏུ་མེད་པ་ཞིག་འཐུང་བའི་ཟངས་ཞུན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་སྣབས་ཀྱང་འདི་ལྟར་གླིང་བཞི་པའི་ནང་ནས་མཐའི་རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོ་བཞི་བས་མང་ཞིང་། འདོད་པའི་ཕྱིར་མགོ་དང་མིག་དང་ཡན་ལག་དང་ཉིང་ལག་བཅད་པའང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་གྱུར་ཏོ། །ཞེས་གསུངས་སོ། །གཞན་ཡང་དགྲ་གཉེན་གནས་ལུས་སོགས་ངེས་མེད་དུ་འགྱུར་བའི་སྡུག་བསྔལ་ཡང་། བཤེས་སྤྲིང་ལས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་དང་། མྱ་ངན་བསལ་བ་ལས། ཁྱོད་ཀྱིས་ཇི་སྙེད་གཉེན་བཤེས་རྣམས། །འཁོར་བའི་ནང་དུ་བླང་བོར་བ། །གངྒཱའི་བྱེ་མ་རྣམས་ལ་ཡང་། །དེ་སྙེད་ཙམ་དུ་ཡོད་མ་ཡིན། །གང་ཉིད་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །བརྩེ་བས་བུ་ཡི་འདུ་ཤེས་པ། །དེ་ནི་ཚེ་རབས་གཞན་དུ་ན། །རྡེག་པར་བྱེད་ཅིང་དགྲར་འདུ་ཤེས། །རང་གི་བཞོས་པའི་ནུ་མ་ཡང་། །ཁྱོད་ཀྱིས་འཐུང་བ་སྲིད་གཞན་ན། །དེ་ཡི་ཁྲག་ཉིད་འཐུང་བ་དང་། །རྒྱབ་ནས་ཤ་ཡང་ཟོས་པ་ཡིན། །ཞེས་གསུངས། དེར་མ་ཟད་ཚེ་འདི་ཉིད་ལའང་དགྲ་གཉེན་བར་མའི་འགྱུར་ལྡོག་མ་ངེས་ཏེ། དཔུང་བཟང་ལས། རེ་ཞིག་གཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་ཡང་ནི་དགྲར་ཡང་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་མཛའ་བཤེས་འགྱུར་བར་རིགས་ནས་ནི། །བློ་གྲོས་ལྡན་པ་ནམ་ཡང་ཆགས་མི་བྱ། །ཞེས་གསུངས། སྔོན་ཆད་མཐོ་རིས་དང་ངན་སོང་གི་བདེ་སྡུག་ཇི་ཙམ་མྱོང་ཡང་ངོམས་པ་དང་སྐྱོ་སུན་མེད་པའི་ཉེས་པའང་། སློབ་སྤྲིང་ལས། སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བར་གང་གིས་ཚིམས་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ན་ཆགས་བྲལ་མེད། །ཅེས་གསུངས། དེ་བཞིན་དུ་ཚེ་འདིར་ཡང་འདོད་པས་ཆོག་མི་ཤེས་པའི་ཉེས་པ་མང་སྟེ། རྒྱ་ཆེ་རོལ་པ་ལས། འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང་། །དེས་ཀྱང་ཆོག་པ་མེད་ཅིང་ད་དུང་ཚོལ། །འདོད་པའི་ཡོན་ཏན་ཆོག་པ་ཅི་ཡང་མེད། །ཇི་ལྟར་མི་དག་ལན་ཚྭའི་ཆུ་འཐུང་བཞིན། །ཞེས་དང་། བྱེ་བྲག་གཟུགས་སོགས་འདོད་ཡོན་ལ་ཆགས་པའི་ཉེས་དམིགས། འཕགས་པ་དབྱིག་གཉེན་གྱིས། རི་དྭགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པོ་རླག་པར་བྱེད། །གཟུགས་ཉིད་ཀྱིས་ནི་ཕྱེ་ལེབ་{བྱེ་སླེབ}སྟེ། །རོ་ཡིས་ཉ་ནི་རྣམ་པར་བརླག །བུང་བ་དྲི་ལ་ཆགས་པ་སྟེ། །འདི་དག་རྒྱུ་ནི་རེ་རེས་སོ། །སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་གནས་ཐོབ་པ་ཇི་ལྟར་འགྱུར། །ཞེས་གསུངས། ལུས་ཡང་ཡང་འདོར་ཞིང་ཉིང་མཚམས་སྦྱོར་བའི་ཉེས་པའང་། བཤེས་སྤྲིང་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བསྒྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས། ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པའང་། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་། མྱ་ངན་བསལ་བ་ལས། གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ། །མགོ་ལ་ལན་གྲངས་བརྒྱར་བརྗོད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྡོག་པས་ལན་གྲངས་བརྒྱར་ཡང་བཏགས། །འགྲོ་བ་རྒྱུ་ཡི་དངོས་པོ་ཡིས། །སྔོན་ཆད་གཞན་དུ་སྣང་གྱུར་ལ། །སྨེ་བདུན་དྲང་སྲོང་བདུན་ཚོགས་བཞིན། །ཞེས་དང་། སྤྱོད་འཇུག་ལས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྷུང་། །ཞེས་གསུངས། ཚེ་འདི་ཉིད་ལའང་འབྱོར་རྒུད་འདུ་འབྲལ་སྣ་ཚོགས་འབྱུང་བ་མངོན་སུམ་གྱིས་མཐོང་ཞིང་ཐོས་པས་ཀྱང་ཤེས་ལ། མཐར་གཅིག་པུར་གྲོགས་མེད་པར་འགྲོ་བས་སྡུག་བསྔལ་བའི་ཉེས་པའང་། དེ་ཉིད་ལས། གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམས་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། །ཞེས་དང་། ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །སྐྱེ་བ་གཅིག་པུ་སྐྱེ་འགྱུར་ཞིང་། །འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །སྡུག་བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། །ཞེས་གསུངས། མདོར་ན་མ་དག་གཞན་དབང་སྣོད་བཅུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྡུག་བསྔལ་བདེན་པའི་མཚན་གཞི་ཡིན་པས། སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་སྲིད་པ་ནི་འགྱུར་བ། སྲིད་པ་འདི་ནི་མི་རྟག་པ། སྲིད་པ་འདི་ནི་སྡུག་བསྔལ་བའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས། ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་བའི་རྒྱུ་ལགས་སོ། །ཞེས་གསུངས་པ་ལྟར། འཁོར་བའི་བདེ་བ་ལྟར་སྣང་བ་འདི་ཐམས་ཅད་ལ་རྟག་ཐུབ་པ་གཅིག་ཀྱང་མེད་པས་མཐར་འགྱུར་ཞིང་འགག་པའི་ཚེ་སྡུག་བསྔལ་གྱི་རྒྱུ་བྱེད་པའི་ཕྱིར་འགྱུར་བའི་སྡུག་བསྔལ་ཡིན་ཏེ། དཔེ་འབྲས་ཆན་དུག་དང་འདྲེས་པ་ཟ་བ་དང་འདྲའོ། །སྐྱེ་རྒ་ན་འཆི་ཚ་གྲང་བཀྲེས་སྐོམ་མི་སྡུག་པ་དང་འཕྲད་པ་སོགས་ཡིད་དུ་མི་འོང་བའི་དངོས་པོ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། སྐྱེས་ཙམ་ནས་སྡུག་བསྔལ་གྱི་ངོ་བོར་སྣང་བའི་ཕྱིར། དཔེ་རིམས་ནད་དྲག་པོས་གཟིར་བ་དང་འདྲ་སྟེ། ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པས་མེ་ཡི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བས་གཅན་གཟན་ཁྲོ་བོ་དང་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་གོ་སྐབས་དཀའ་བ་རྒྱལ་པོའི་བརྩོན་ར་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བ་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པ་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་གསུངས། ཟག་བཅས་ཀྱི་ཕུང་པོ་མཐའ་དག་སྲིད་པ་ཉེ་བར་ལེན་པའི་རྒྱུ་ཡིན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ངོ་བོ་དངོས་ཡིན་ཏེ། དཔེ་འབྲས་ཀྱི་ནང་{ནད}མ་སྨིན་པ་དང་འདྲའོ། །དེ་ཡང་སོ་སོ་སྐྱེ་བོ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་མི་ཚོར་ཏེ། དཔེར་ན་རིམས་ནད་དྲག་པོས་ཟིན་ཙ་ན་ལུས་ཀྱི་ན་ཚ་ཁལ་ཁོལ་གཞན་ཡོད་ཀྱང་མི་ཚོར་བ་དང་འདྲ་ལ། འཕགས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་གཟིགས་ཏེ། རིམས་ནད་ཆེར་སོས་ཙ་ན་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་ཚོར་བ་བཞིན་ནོ། །དཔེ་གཞན་ཡང་མཛོད་འགྲེལ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས། དེས་ན་ཚོར་བ་བདེ་བ་ཐམས་ཅད་འགྱུར་བ་དང་། སྡུག་བསྔལ་བ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་དང་། བཏང་སྙོམས་པ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་ཚོར་བ་ཐམས་ཅད་སྡུག་བསྔལ་བདེན་པའི་རང་བཞིན་དུ་གསུངས་པ་ཡིན་ལ། དེར་མ་ཟད་ལེགས་པར་བརྟགས་ན། ད་ལྟ་ཟས་གོས་སོགས་ཀྱི་ཆེད་དུ། སེམས་ཅན་གྱི་སྲོག་བཅད་པ་དང་གཞན་ནོར་འཕྲོག་པ་སོགས་ཀྱིས་ཕྱི་མ་དམྱལ་བ་དང་ཡི་དྭགས་སོགས་ཀྱི་སྡུག་བསྔལ་མངོན་པར་འདུ་བྱེད་པས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་སོ། །དེ་ཡང་གཙོ་བོར་ངན་སོང་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང་། མི་དང་འདོད་ལྷར་འགྱུར་བའི་སྡུག་བསྔལ་དང་། ཁམས་གོང་མ་གཉིས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པར་གསུངས་ཏེ། མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་རིགས་དྲུག་སོ་སོའི་སྡུག་བསྔལ་ལ་བསམ་པ་ལ་དྲུག་ལས། དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལའང་ཚ་བའི་སྡུག་བསྔལ་དང་། གྲང་བའི་སྡུག་བསྔལ་གཉིས་ལས། དང་པོ་ཚ་བའི་དམྱལ་བ་བརྒྱད་ནི། ཨོ་རྒྱན་སངས་རྒྱས་གཉིས་པས། དང་པོ་དམྱལ་བའི་འཇིག་རྟེན་ན། །ཚ་གྲང་སྡུག་བསྔལ་བསམ་མི་ཁྱབ། །ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཏུ་ཚ་བ་དང་། །མནར་མེད་པ་སྟེ་ཚ་དམྱལ་བརྒྱད། །ཅེས་གསུངས་པས། དང་པོ་ཡང་སོས་ནི། ལྕགས་བསྲེགས་ཀྱི་ས་གཞིར་མདག་མེ་རབ་ཏུ་འབར་བའི་ཡུལ་ཁམས་སུ་སེམས་ཅན་དམྱལ་བ་པ་ཀུན་འདུས་ཏེ། དགྲ་བོ་མི་ཤ་བོ་གཅིག་གིས་གཅིག་མཐོང་བ་ལྟར་ཕན་ཚུན་ལས་ཀྱི་དབང་གིས་རང་བཞིན་དུ་གྲུབ་པའི་མཚོན་ཆས་གསོད་རེས་བྱས་ཏེ་ཤི་མ་ཐག་ཡང་སོས་པར་གྱུར་ཅིག་གི་སྒྲ་ནམ་མཁའ་ལ་གྲགས་པས་སོས་ཏེ། ཡང་འཆི་ཡང་སོས་པ་ལས་མ་ཟད་བར་དུ་མྱོང་དགོས་ཏེ། སེམས་ཉིད་ངལ་གསོ་ལས། ཡང་སོས་ལྕགས་ཀྱི་མདག་མེ་འབར་བའི་སྟེང་། །ཕན་ཚུན་འདུས་ནས་མཚོན་གྱིས་སྲོག་དང་ཕྲལ། །ཡང་སོས་སྒྲ་ཡིས་སྔར་བཞིན་སྡུག་བསྔལ་བ། །ལས་ཟད་བར་དུ་དེ་ལྟར་མྱོང་འཚལ་ལོ། །ཞེས་དང་། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་ཕྲལ་བར་མི་འགྱུར་རོ། །ཞེས་གསུངས། ཚེ་ཚད་སྤྱིར་དམྱལ་བ་རྣམས་གཉེན་པོ་དྲག་པོ་སྐྱེས་པ་སོགས་གློ་བུར་དུ་འཕོ་བ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་པ་སོགས་བསྐལ་ཆེན་དུ་མར་གནས་དགོས་པར་གསུངས་པས་མཐའ་གཅིག་ཏུ་ངོས་བཟུང་དཀའ་ཡང་ཐེག་པ་ཐུན་མོང་བའི་ལུགས། མངོན་པར་མཛོད་དང་། དྲན་པ་ཉེར་བཞག་སོགས་ལས་གསུངས་པ་གོ་བསྟུན་ཏེ་གོ་བདེ་བར། ཀུན་མཁྱེན་བླ་མས། ཚེ་ཚད་མི་ཡི་ལོ་གྲངས་ལྔ་བཅུ་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་ཡི་ཉིན་ཞག་གཅིག །དེ་ཉིད་སུམ་ཅུ་ཟླ་བ་བཅུ་གཉིས་ལོ། །ལྔ་བརྒྱས་ཡང་སོས་ཞག་གཅིག་གོང་འཕེལ་བས། །རང་ལོ་ལྔ་བརྒྱར་སྡུག་བསྔལ་བརྣག་དགོས་སོ། །དེ་ཉིད་རབ་ཏུ་དབྱེ་བའི་གྲངས་བཤད་པ། །མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་དང་། །སྟོང་ཕྲག་གཉིས་སུ་ངེས་པར་མདོ་ལས་གསུངས། །ཞེས་སོ། །གཉིས་པ་ཐིག་ནག་ནི། དམྱལ་སྲུང་གཤེད་མ་རྣམས་ཀྱིས་ལུས་སྤྱི་གཙུག་ནས་རྐང་སེན་གྱི་བར་ཐིག་ནག་པོ་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་སྟེ་རལ་གྲི་དང་སོག་ལེ་དང་སྟ་རེ་མེ་འབར་བས་གཤོག་པ་དང་ཡང་འབྱར་ཡང་གཅོད་པས་སྡུག་བསྔལ་ཏེ། བཤེས་སྤྲིང་ལས། ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤགས། །ཞེས་སོ། །ཚེ་ཚད་ཀྱང་། ངལ་གསོ་ལས། མི་ཡི་ལོ་བརྒྱ་རྩ་གསུམ་ཞག་གཅིག་སྟེ། །དེ་ཡི་ལོ་སྟོང་ཐིག་ནག་ཞག་གཅིག་ལ། །རང་ལོ་སྟོང་ཐུབ་མི་ལོ་བྱེ་བ་ཕྲག །ས་ཡ་གཉིས་འབུམ་དགུ་ཁྲི་དྲུག་སྟོང་རྩ། །བཅུ་གཉིས་བར་དུ་ཐུབ་པར་སྟོན་པས་གསུངས། །ཞེས་སོ། །གསུམ་པ་བསྡུས་འཇོམས་ནི། རི་ར་ལུག་དང་གླང་པོ་ཆེའི་གདོང་འདྲ་བའི་བར་དུ་ཚོགས་པ་བཙིར་ཏེ་ཏིལ་གཏུན་དུ་ཏིལ་བརྡུང་བ་བཞིན་ལུས་དམར་འདག་འདག་སོང་བ་ན་ཡང་སྔར་བཞིན་འཚོ་བས་སྡུག་སྔར་ལས་མ་ཟད་ཀྱི་བར་དུ་མྱོང་དགོས་ཏེ། སློབ་སྤྲིང་ལས། རི་དང་མཉམ་ལུག་རུ་རིང་འཇིགས་སུ་རུང་བ་གཉིས་། །འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་རློག་ཅིང་འཇོམས། །ཅུང་ཟད་བསིལ་བའི་རླུང་ཞིག་ལངས་པས་རྟས་ནས་ནི། །དེ་བཞིན་ཕྱིར་ཡང་ལན་བརྒྱར་ཀུན་ནས་ཕྱེ་མར་རློག །ཅེས་དང་། བཤེས་སྤྲིང་ལས། ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་འཐག་པར་བགྱིད། །ཅེས་གསུངས། ཚེ་ཚད། ངལ་གསོ་ལས། མི་ལོ་ཉིས་བརྒྱ་འཐབ་བྲལ་ཞག་གཅིག་སྟེ། །མཚེ་མའི་ཉིས་སྟོང་བསྡུས་འཇོམས་ཉིན་ཞག་གཅིག །རང་ལོ་སྟོང་ཕྲག་གཉིས་སུ་སྡུག་བསྔལ་ལོ། །དེ་ཡང་མི་ལོ་བྱེ་བ་ཕྲག་སུམ་འབུམ། །དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཐུབ་པར་གསུངས། །ཞེས་སོ། །བཞི་པ་ངུ་འབོད་ནི། དེ་དག་མཐོང་བས་འཇིགས་ཏེ་ཡིབ་པའི་སྣང་བ་སྐྱེས་པ་ན་ལྕགས་ཁང་མེ་འབར་བར་ཆུད་དེ་ཡུན་རིང་མི་ཐར་བ་དང་ཟངས་ཞུན་བསྐོལ་བར་འཚོད་ཅིང་ལུས་ལ་མེ་འབར་བས་ངུ་ཞིང་འོ་དོད་འབོད་པས་སྡུག་བསྔལ་ཏེ། ངལ་གསོ་ལས། ངུ་འབོད་འབར་བའི་མེས་འཚིག་འོ་དོད་འབོད། །ལྕགས་ཞུན་བསྐོལ་བར་འཚོད་པས་སྡུག་བསྔལ་བ། །ཞེས་དང་། ཚེ་ཚད། མི་ལོ་བཞི་བརྒྱ་དགའ་ལྡན་ཉིན་ཞག་གཅིག །དེ་ཡི་བཞི་སྟོང་ངུ་འབོད་ཞག་གཅིག་སྟེ། །རང་ལོ་བཞི་སྟོང་བར་དུ་སྡུག་བསྔལ་བ། །མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། །བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་སྟོང་དང་། །བྱེ་བ་བདུན་ཕྲག་བར་དུ་ཐུབ་པའོ། །ཞེས་སོ། །ལྔ་པ་ངུ་འབོད་ཆེན་པོ་ནི། ལྕགས་ཀྱི་ཁང་སྒྲོམ་གཉིས་རིམ་ཚ་རླབས་ཀྱང་སྔ་མ་ལས་ཉིས་འགྱུར་གྱི་ཆེ་བའི་ནང་དུ་ཚུད་ནས། སྒོ་སྔ་མ་ལས་ཐར་ཡང་ཕྱི་མ་ལས་ཡུན་རིང་བར་དུ་མི་ཐར་ཞིང་། མེ་རབ་ཏུ་འབར་བས་བསྲེགས་ཤིང་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་འཚོད་པར་བྱེད་པས་སྡུག་བསྔལ་ཏེ། སྔ་མ་ལས། འབོད་སྒྲོགས་ཆེན་པོ་ལྕགས་ཁྱིམ་འབར་བ་རུ། །འབར་བའི་མེས་བསྲེག་གཤིན་རྗེས་འཚོད་པར་བྱེད། །ཅེས་དང་། ཚེ་ཚད་ཀྱང་། མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག་སྟེེ། །དེ་ལོ་བརྒྱད་སྟོང་ངུ་འབོད་ཆེའི་ཞག་གཅིག །རང་ལོ་བརྒྱད་སྟོང་ཉིད་དུ་སྡུག་བསྔལ་བ། །མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། །བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་། །དྲུག་ཅུ་རྩ་དྲུག་བར་དུ་ཐུབ་པ་ཡིན། །ཞེས་སོ། །དྲུག་པ་ཚ་བའི་དམྱལ་བ་ནི། ལྕགས་ཁང་མེ་འབར་བའི་ནང་དུ་བཅུག་ནས། མདུང་གིས་འབིགས་པ་དང་། ཁྲོ་ཆུ་ཁོལ་མ་ཁར་བླུགས་པས་ཁོང་པ་ཚིག་པ་དང་། ལྕགས་སྲེག་གི་ས་གཞིར་གན་རྐྱལ་དུ་བསྒྱེལ་ནས་ཐོ་བ་མེ་འབར་བས་རྡུང་བར་བྱེད་དེ། ངལ་གསོ་ལས། ཚ་བ་ལྕགས་ཁང་ནང་གཞུག་མདུང་ཐུང་གིས། །གླད་པ་འགེམ་ཞིང་ཐོ་བས་རབ་ཏུ་བརྡུང་། །འབར་བའི་མེ་ལྕེས་ཕྱི་ནང་ཀུན་ཏུ་བསྲེག །ཅེས་དང་། ཚེ་ཚད། མི་ལོ་སྟོང་དང་དྲུག་བརྒྱ་གཞན་འཕྲུལ་ཞག །དེ་ཡི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག །རང་ལོ་ཁྲི་དང་དྲུག་སྟོང་བར་ཐུབ་པ། །མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། །བཞི་འབུམ་དང་ནི་བྱེ་བ་ཁྲག་ཁྲིག་ཕྲག །དྲུག་སྟོང་ལྔ་བརྒྱ་སུམ་ཅུ་སྙེད་མཆིས་སོ། །ཞེས་སོ། །བདུན་པ་རབ་ཏུ་ཚ་བ་ནི། ལྕགས་ཁང་ཉིས་རིམ་ཕྱི་ནང་དུ་མེ་རབ་ཏུ་འབར་བས་བསྲེག་པ་དང་། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་མེ་འབར་བ་རྐང་མཐིལ་གཉིས་འཕོངས་དང་གསུམ་ལ་བཙུགས་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕྱུང་ཞིང་ལྕགས་ལེབ་མེ་འབར་བས་ལུས་ཀུན་ཁྱབ་པར་དཀྲི་བ་དང་། ལྕགས་ཟངས་ཆེན་མོར་ཁྲོ་ཆུ་ཁོལ་མར་འཚོད་པས་སྡུག་བསྔལ་ཏེ། དེ་ཉིད་ལས། རབ་ཏུ་ཚ་བ་ལྕགས་ཁྱིམ་གཉིས་རིམ་ནང་། །འབར་བའི་མེ་དང་མདུང་རྩེ་གསུམ་པས་བསྣུན། །སྤྱི་བོ་ཕྲག་པ་གཉིས་ཕྱུང་ལེབ་མས་དཀྲིས། །ཟངས་ཆེན་ཁོལ་མར་འཚོད་པས་སྡུག་བསྔལ་བ། །ཞེས་དང་། ཚེ་ཚད་ཀྱང་། ཚེ་ཚད་བར་གྱི་བསྐལ་པ་ཕྱེད་ཐུབ་སྟེ། །མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས། །འཇིག་རྟེན་ཆགས་གནས་འཇིག་སྟོང་བསྐལ་ཆུང་བཞི། །བར་བསྐལ་གཅིག་སྟེ་བརྒྱད་ཅུ་བསྐལ་ཆེན་ནོ། །ཞེས་སོ། །བརྒྱད་པ་མནར་མེད་ནི། ལྕགས་ཁང་མེ་འབར་བ་འཁོར་ལྷགས་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་སྔར་གྱི་སྡུག་བསྔལ་ཐམས་ཅད་མྱོང་ཞིང་། སྨྲེ་སྔགས་ཀྱི་སྒྲ་འདོན་པ་ཙམ་ལས་མེ་དང་སེམས་ཅན་སོ་སོར་མཐོང་བ་མེད་དེ། སྔ་མ་ལས། མནར་མེད་ལྕགས་ཁང་མེ་ལྕེ་འབར་བའི་ནང་། །སེམས་དམྱལ་ཀུ་ཅོ་སྨྲེ་སྔགས་འདོན་པ་ལས། །མེ་དང་སེམས་ཅན་སོ་སོ་མཐོང་བ་མེད། །མར་མེ་འབར་བ་སྙིང་པོ་ལ་ཞེན་བཞིན། །སྲོག་གི་ཟུངས་ཙམ་མེ་ནང་དབུས་གནས་པ། །ཞེས་དང་། ཚེ་ཚད་ཀྱང་། བར་བསྐལ་གནས་པའི་ཡུན་ཙམ་བརྣག་དགོས་ཏེ། །དེ་ལས་ཆེ་བའིི་སྡུག་བསྔལ་གཞན་མེད་པས། །མནར་མེད་བསྟིར་མེད་ཅེས་སུ་བཤད་པ་ཡིན། །ཞེས་དང་། ཨོ་རྒྱན་ཆེན་པོས། མནར་མེད་པའི་སྡུག་བསྔལ་དེ་བས་ཆེར་མི་བཏུབ་པས་མནར་མེད་པའོ། །དམྱལ་བ་དེ་རྣམས་ཤི་ན་དགའ་ཡང་འཆིར་མི་བཏུབ། སྡུག་བསྔལ་མྱོང་ཞིང་སོས་ནས་འོང་བ་ཡིན། མནར་མེད་དུ་སྐྱེ་བའི་རྒྱུ་ནི་མཚམས་མེད་པ་ལྔ་དང་བཀའ་ལ་ཉོ་ཚོང་བྱས་པས་སྐྱེ་བ་ཡིན། གཞན་སྲོག་གཅོད་པའི་ལས་གཙོ་བོར་བྱས་པས་གཞན་རྣམས་སུ་སྐྱེ་བ་ཡིན་གསུངས། དེ་ལྟར་སྨོས་པའི་དམྱལ་བ་དེ་དག་ཀྱང་། གོང་མ་གོང་མ་ལས་འོག་མ་འོག་མ་རྣམས་མེ་སོགས་བདུན་འགྱུར་གྱིས་ཚ་ཞིང་ཚོར་བའང་བདུན་འགྱུར་གྱིས་རགས་པས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་སྟེ། སྔ་མ་ལས། གོང་དུ་སྨོས་པའི་དམྱལ་བ་དེ་དག་ཀྱང་། །རིམ་གྱིས་མེ་ལྕེ་བདུན་འགྱུར་གྱིས་ཚ་ཞིང་། །འོག་མར་སྔ་མའི་སྡུག་བསྔལ་ལྷག་དང་བཅས། །ཅི་སྲིད་ལས་མ་ཟད་པར་སྡུག་བསྔལ་མྱོང་། །ཞེས་དང་། རྣམ་འབྱེད་ལས། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་གསུངས། དེ་དག་གི་ཁོངས་སུ་གཏོགས་པའི་ཉི་ཚེ་བ་ནི། རི་དང་། བྲག་དང་། ཆུ་དང་། མེ་དང་། ནམ་མཁའ་ལ་སོགས་པ་ངེས་པ་མེད་པའི་གནས་སུ་ཉི་ཚེ་བའི་སེམས་ཅན་གཏུན་ལྟ་བུ་དང་། ཐག་པ་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། མགལ་དུམ་ལྟ་བུ་དང་། སྡོང་དུམ་ལྟ་བུ་དང་། སེམས་ཅན་ཐ་དད་པའི་གཟུགས་ལྟ་བུ་དུ་མ་འདུས་སམ་གཅིག་པུར་གནས་ཀྱང་རུང་སྟེ། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། གཤགས་པ་དང་། གཏུབ་པ་དང་། འཚེད་པ་ལ་སོགས་པའི་སྡུག་བསྔལ་གང་རུང་རེ་རེ་ནི་བཟོད་གླགས་མེད་པས་ཉིན་མཚན་ཕྱེད་པའམ། ཡུད་ཙམ་མམ། རྟག་པར་ལས་ཀྱི་ལེན་སོ་ཐ་དད་པའི་དབང་གིས་གདུང་བས་ཉི་ཚེ་བ་ཞེས་བྱ་སྟེ། འདུལ་བ་ལུང་ལས། མོའུ་འགལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་ལས། ཉི་ཚེ་བའི་སེམས་ཅན་དམྱལ་བ་གཏུན་ལྟ་བུ་དང་ཕྱགས་མ་ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱི་གདུང་བར་གཟིགས་པར་གསུངས་པ་ལྟ་བུ་སྟེ། ངལ་གསོ་ལས། ཉི་ཚེ་རི་དང་ལྗོན་ཤིང་ནམ་མཁའ་དང་། །བྲག་བར་མེ་ཆུ་ངེས་མེད་གནས་རྣམས་སུ། །ཉུང་ངུར་གནས་དང་འདུས་དང་གཅིག་པུར་གནས། །དེར་ནི་སྡུག་བསྔལ་གང་རུང་རེ་རེས་གདུང་། །དེ་ཕྱིར་ཉི་ཚེ་བ་ཞེས་བཤད་པ་ཡིན། །ཞེས་སོ། །ཉེ་འཁོར་བ་ནི། མནར་མེད་ཀྱི་འཁོར་ལྷག་པ་བཅུ་དྲུག་ཡིན་ཏེ། དེའི་ཕྱོགས་བཞི་རེ་རེ་ན་མེ་མར་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། ཐལ་ཚན་གྱི་ཆུ་བོ་རབ་མེད་དེ་བཞི་རེ་གནས་པས་བཞི་བཞི་བཅུ་དྲུག་དང་། མཚམས་སུ་ལྕགས་ཀྱི་ཤལ་མ་ལིའི་རི་བོ་བཅས་ཡོད་པའོ། །དེ་ཡང་སྔར་མནར་མེད་ཀྱི་ལྕགས་ཁང་དུ་སྡུག་བསྔལ་ཆེ་དྲགས་པ་དེ་མྱོང་བའི་ལས་བསྲབས་པ་དང་ཕྱོགས་བཞིའི་སྒོ་བྱེ་སྙམ་པ་ལས་དམྱལ་བ་པ་དག་སོ་སོ་ནས་ཕྱིར་འཐོན་མ་ཐག འོབས་བཟང་པོ་གྲིབ་མ་ཅན་ལྟ་བུ་མཐོང་ནས་དེར་ཞུགས་པས། མདག་མེ་འབར་བའི་ནང་དུ་ཤ་རུས་ཀུན་འཚིགས་པས་སྡུག་བསྔལ་ཏེ། མདག་མེ་འབར་བར་པུས་མོ་ནུབ་བརྒལ་བས། །ཤ་ཀུན་ཚིག་ནས་རུས་པ་ཀུན་དའི་མདོག །ཡང་སོས་སྔར་བཞིན་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་སོ། །དེ་ནས་ཐར་པ་སྙམ་བྱེད་པ་ན་བསིལ་བའི་ཆུ་ཀླུང་འབབ་པར་མཐོང་ནས་དེའི་ནང་དུ་ཞུགས་པས་རོ་མྱགས་ཕྱི་སའི་འདམ་རྫབ་དྲི་ང་བར་སྲིན་བུ་ལྕགས་ཀྱི་མཆུ་ཅན་ལ་སོགས་པས་འབིགས་ཤིང་སྡུག་བསྔལ་ཏེ། ཡང་ནི་བསིལ་བའི་འདམ་མཐོང་ཞུགས་མ་ཐག །རོ་མྱགས་རུལ་དྲི་ང་བའི་འདམ་བྱིང་ནས། །ལྕགས་ཟངས་གསེར་གྱི་མཆུ་ཅན་སྲིན་བུས་འབིགས། །ཞེས་སོ། །དེ་ལས་ཐོན་ནས་ཐང་ཉམས་དགའ་བ་མཐོང་ནས་དེར་ཕྱིན་པ་ལས་ཐང་ཐམས་ཅད་སྤུ་གྲིར་སོང་སྟེ་རྐང་པ་བཞག་ན་དུམ་བུར་གཤོག་བཏེགས་ན་སོས་པས་སྡུག་བསྔལ་ཞིང་། ནགས་ཚལ་བཟང་པོ་མཐོང་ནས་དེར་ཕྱིན་པ་ན་ལོ་མ་རྣམས་རལ་གྲིར་སོང་ནས་རླུང་གིས་བསྐྱོད་པས་ལུས་དུམ་བུར་གཅོད་ཅིང་སོས་པས་སྡུག་བསྔལ་ཏེ། སླར་ཡང་ཐང་ཉམས་དགའ་མཐོང་ཕྱིན་མ་ཐག སྤུ་གྲི་འབར་བས་དུམ་བུར་གཏུབས་ཤིང་འཚེ། །ནགས་ཚལ་ཡིད་འོང་ནང་དུ་ཕྱིན་པ་ལས། །རལ་གྲིའི་ནགས་ཚལ་ལས་རླུང་འཁྲུག་པས་བཅོམ། །ཞེས་སོ། །ཡང་ལྕགས་ཀྱི་ཤལ་མ་ལིའི་རི་མཐོང་སྟེ་རིའི་རྩེ་ནས་སྔོན་སྐྱེས་པ་དང་བུད་མེད་རང་རང་གི་འཁྲིག་པའི་ཆོས་བསྟེན་པའི་ཡུལ་དེ་དང་ཉེ་དུ་དང་འབྲེལ་བ་དག་གིས་རང་ལ་འབོད་པར་མཐོང་ནས་འཛེགས་པ་ན། ལྕགས་ཀྱི་ཐུར་མས་ཐུར་དུ་རང་གི་ལུས་འབིགས་ཤིང་སྟེང་དུ་སླེབ་དུས་ཁྭ་དང་བྱ་རྒོད་ཀྱིས་ཀླད་པ་འབྲུ་ལ། རིའི་འདབས་ནས་ཡང་འབོད་པར་མཐོང་སྟེ་འཐུར་དུ་འབབ་པ་ན་ལྕགས་ཀྱི་ཐུར་མས་གྱེན་ལ་འབིགས་ཤིང་། སྔར་གྱི་ཡུལ་དེ་ལ་འཁྱུད་པས་ལྕགས་ཀྱི་སྐྱེས་པའམ་བུད་མེད་མེ་འབར་བར་སོང་སྟེ་རབ་ཏུ་འཁྱུད་ཅིང་བསྲེགས་ལ་ཟ་བར་བྱེད་པས་སྡུག་བསྔལ་ཏེ། དེ་འདས་རི་བོ་རབ་ཏུ་ཉམས་དགའི་རྩེར། །སྔོན་གྱི་ཡུལ་འབོད་མཐོང་སྟེ་ཕྱིན་པ་ལས། །ལྕགས་ཀྱི་ཐུར་མ་རྣོན་པོས་ཤ་ཁྲག་གཟགས། །སྟེང་དུ་སོན་ཚེ་བྱ་རྒོད་ཀླད་པ་འགེམས། །སླར་ཡང་རི་ཡི་དྲུང་ནས་འབོད་པ་སྙམ། །འཐུར་དུ་བབས་པས་ཐུར་མར་གྱེན་དུ་གཟགས། །ཐང་མཚམས་སྐྱེས་པ་བུད་མེད་མཆེ་རྣོན་ཅན། །འབར་བས་འཁྱུད་དེ་ཤིན་ཏུ་སྡུག་བསྔལ་ཞིང་། །ཁྱི་དང་ལྕེ་སྤྱང་མང་པོས་ཟ་བར་བགྱིད། །ཅེས་གསུངས། དེ་ལྟ་སྤུ་གྲིའི་ཐང་རལ་གྲིའི་ནགས་ཚལ། ལྕགས་ཀྱི་ཤལ་མ་ལི་སྟེ་ནང་སེས་གསུམ་ཡོད་ཀྱང་དེ་ཐམས་ཅད་མཚོན་ཆའི་ཐང་ཞེས་གཅིག་ཏུ་བཤད་པ་ཡིན་ནོ། །དེ་ནས་སོང་བ་ན་ཆུ་ཀླུང་བཟང་པོ་རྒྱང་མ་ནས་འབབ་པར་མཐོང་སྟེ། འབོག་མ་ཐག་ཐལ་ཚན་སྐེད་ནུབ་ཙམ་དུ་ཚུད་དེ་ཤ་རུས་ཚིག་ནས་ཕྱིར་བྲོས་པ་ལས། འགྲམ་གཉིས་ན་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་བས་སྡུག་བསྔལ་ཏེ། ཡང་ནི་བསིལ་བའི་ཆུ་ཀླུང་འབབ་མཐོང་ནས། །དགའ་བས་སོང་སྟེ་རབ་ཏུ་འབོག་མ་ཐག །ཐལ་ཚན་སྐེད་ནུབ་ཤ་རུས་ཚིག་གྱུར་ཅིང་། །འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་མཐོང་། །དེར་ནི་ལོ་སྟོང་མང་པོར་སྡུག་བསྔལ་ལོ། །ཞེས་གསུངས། ཉེ་འཁོར་བའི་གནས་འདི་རྣམས་སུ་དང་པོ་མནར་མེད་དུ་སྐྱེས་ན་དེ་ནས་ལས་རིམ་གྱིས་བསྲབས་པས་གནས་རིས་དེ་དག་ཏུ་སྐྱེ་བ་དང་། ལས་ཁ་ཅིག་གིས་ཐོག་མ་ནས་དེ་དང་དེར་སྐྱེས་ནས་ཐར་པ་གཉིས་ཀ་ཡོད་པར་གསུངས་སོ། །དེ་ལྟ་བུའི་དམྱལ་སྲུང་གཤེད་མ་དང་སྲོག་ཆགས་གདུག་པ་ཅན་གྱི་ཚོགས་དེ་དག་ཉན་ཐོས་བྱེ་སྨྲ་བ་སོགས་ཁ་ཅིག་གིས་རང་རྒྱུད་པར་འདོད་མོད་དོན་ལ་ནི་རང་སེམས་སྡིག་པ་ཅན་གྱི་དབང་གིས་སྣང་བ་ལས་གཞན་ལོགས་ན་མེད་དེ། སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་ཕྱིར་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་དང་། མདོ་ལས། ཁམས་གསུམ་པོ་ནི་སེམས་ཙམ་མོ་ཞེས་གསུངས་པས་ཐེག་ཆེན་དབུ་སེམས་དགོངས་པ་མཐུན་ནོ། །དེས་ན་དེ་ལྟ་བུའི་སྡུག་བསྔལ་སྔར་ཡང་ལན་གྲངས་དཔག་ཏུ་མེད་པ་མྱོང་ཞིང་། ད་ཡང་མྱོང་ངེས་པས་འདི་ལས་ངེས་པར་དབྱུང་བར་བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་ལའང་སྙིང་རྗེ་དྲག་ཏུ་བསྒོམ་མོ། །གཉིས་པ་གྲང་བའི་དམྱལ་བ་བརྒྱད་ནི། ངལ་གསོ་ལས། གྲང་བས་ཉམ་ཐག་པ་ཡང་རྣམ་པ་བརྒྱད། །གངས་སོགས་ཤིན་ཏུ་གྲང་བའི་གནས་དག་ཏུ། །མུན་ནག་བུ་ཡུག་འཚུབ་པས་སྦྲེབས་པའི་ལུས། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །གྲང་བས་སོ་འཐམ་སྨྲེ་སྔགས་ཨ་ཆུ་ཟེར། །ཀྱི་ཧུད་ཨུཏྤལ་ལྟར་གས་པདྨ་དང་། །པདྨ་ཆེ་ལྟར་གས་པའི་རྨ་ནང་དུ། །སྲོག་ཆགས་མཆུ་རྣོན་འབར་བས་ཟ་བ་ནི། །ཅི་སྲིད་ལས་མཐའ་གཏུག་ཚེ་གཡོ་བར་འགྱུར། །ཞེས་གསུངས་པས། དང་པོ་ཆུ་བུར་ཅན་ནི། གངས་རི་དང་ཁ་བ་དང་ཆབ་རོམ་གྱི་ཁྲོད་བུ་ཡུག་འཚུབས་པའི་གནས་སུ་ལོ་གསར་སྒང་གི་ལྷགས་པ་བས་ཉི་ཤུ་འགྱུར་གྱི་གྲང་བས་ཉེན་པས། ལུས་ལ་ཆུ་བུར་བརྒྱ་ཕྲག་སོགས་བྱུང་བས་སྡུག་བསྔལ་བའོ། །གཉིས་པ་ཆུ་བུར་རྡོལ་བ་ནི། སྔ་མ་བས་ཉི་ཤུ་འགྱུར་གྱི་གྲང་ཆེས་པས་ཆུ་བུར་རྣམས་རྡོལ་ནས་རྨར་གྱུར་པ་ལས་ཁྲག་དང་ཆུ་སེར་འཛག་པ་ལ་སྲིན་བུ་ལྕགས་ཀྱི་མཆུ་ཅན་གྱིས་ཟ་ཞིང་འབིགས་ནས་སྡུག་བསྔལ་ལོ། །གསུམ་པ་ཨ་ཆུ་ཟེར་བ་ནི། སྔ་མ་བས་ཉི་ཤུ་འགྱུར་གྱི་གྲང་བས་མ་བཟོད་ནས་སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པའོ། །བཞི་པ་ཀྱི་ཧུད་ཟེར་བ་ནི། དེ་ལས་ཀྱང་ཆེས་གྲང་བས་ཨ་ཆུ་མ་ཐོན་པར་ཀྱི་ཧུད་ཅེས་ངུ་སྐད་ཤིབ་ཤིབ་འབྱིན་པའོ། །ལྔ་པ་སོ་འཐམ་པ་ནི། དེ་ལས་ཀྱང་ཆེས་གྲང་བས་སྐད་མི་ཐོན་པས་རེངས་ཤིང་སོ་འཐམས་པའོ། །དྲུག་པ་ཨུཏྤལ་ལྟར་གས་པ་ནི། སྔ་མ་ལས་ཀྱང་ཆེས་གྲང་བས་ལུས་བཞི་ཚལ་དུ་གས་པའོ། །བདུན་པ་པདྨ་ལྟར་གས་པ་ནི། དེ་ལས་ཀྱང་གྲང་བས་ལུས་བརྒྱད་ཚལ་དུ་གས་པའོ། །བརྒྱད་པ་པདྨ་ཆེན་པོ་ལྟར་གས་པ་ནི། ཆེས་གྲང་བས་ཉེན་ནས་ལུས་ཚལ་པ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སོགས་སུ་གས་པའོ། །དེ་ལྟར་གས་པའི་རྨ་ནང་དུ་སྲོག་ཆགས་ཕྲ་མོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མི་བཟོད་པ་མྱོང་དགོས་ཏེ། དེ་དག་གི་ཚེ་ཡི་ཚད་ཀྱང་། དྲན་པ་ཉེར་བཞག་ལས། འདི་ལྟ་སྟེ། གྲོང་ཁྱེར་ཀོ་ས་ལའི་བྲེས་གྲངས་སུ་བཅལ་བའི་ཏིལ་གྱི་ཚོགས་བཅུ་ཚད་ཉི་ཤུ་ཤོང་བའི་རྫོང་བ་ཞིག་ཏིལ་གྱིས་བར་མཚམས་མེད་པར་ཡོངས་སུ་གང་སྟེ། ཆུ་བུར་ཅན་གྱི་དམྱལ་བ་ལས་ལོ་བརྒྱ་བརྒྱ་ན་ཏིལ་ཉག་མ་རེ་རེ་ཕྱིར་ཕྱུང་བས་ཟད་པར་གྱུར་པ་དེའི་ཚེ། ཆུ་བུར་ཅན་གྱི་སེམས་ཅན་དམྱལ་བ་དེ་དག་ཚེ་འཕོ་བར་རིགས་པར་བྱ་སྟེ། གཞན་དག་ནི་དེ་ལས་ཀྱང་ཆེས་ལྷག་པ་ཉི་ཤུས་བསྒྲེས་པར་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་གསུངས། དེས་ན། བཤེས་སྤྲིང་ལས། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གི། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཚ་གྲང་གི་སྡུག་བསྔལ་ཚད་མེད་པ་ལ་བསམ་སྟེ། ད་རེས་དེ་འདྲ་བའི་གནས་སུ་རང་མ་སྐྱེས་པ་ལ་དགའ་བ་བསྒོམ་ཞིང་། གཞན་སྐྱེས་པ་རྣམས་ལ་སྙིང་རྗེ་ཚད་མེད་པའི་བློས། རང་གཞན་གྱི་དོན་དུ་ཆོས་ལ་འབད་དགོས་སྙམ་དུ་ཉམས་སུ་བླང་བར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ་གཉིས། བྱིངས་{དབྱིངས}ན་གནས་པ་དང་། མཁའ་ལ་རྒྱུ་བའོ། །དང་པོ་ལའང་། སློབ་དཔོན་ཆེན་པོས། དེས་ན་ཡི་དྭགས་འཇིག་རྟེན་ན། །བཀྲེས་སྐོམ་སྡུག་བསྔལ་དཔག་ཏུ་མེད། །བཟའ་བཏུང་མི་མཐོང་མཐོང་སྲིད་ཀྱང་། །རྩོག་མཐོང་ཕྱི་ཡི་སྒྲིབ་པ་ཅན། །ཟས་སྐོམ་མི་ཆུད་ཆུད་སྲིད་ཀྱང་། །ཚ་རྩུབ་ནང་གི་སྒྲིབ་པ་ཅན། །བཟའ་བཏུང་མི་རྙེད་རྙེད་སྲིད་ཀྱང་། །གཞན་བསྲུང་སྒོས་ཁུར་སྒྲིབ་པ་ཅན། །ཟས་སྐོམ་རྣམ་པ་གང་དུ་ཡང་། །མི་རྙེད་སྤྱི་མཐུན་སྒྲིབ་པ་ཅན། །ཞེས་གསུངས་པ་ལྟར་བཞི་ལས། དང་པོ་ཕྱིའི་སྒྲིབ་པ་ཅན་ནི། ལུས་རིད་ཅིང་ཡན་ལག་ཕྲ་བ། བཟའ་བཏུང་གི་སྒྲ་མི་ཐོས་ཤིང་རྟག་ཏུ་བཀྲེས་སྐོམ་གྱིས་གདུང་ལ། གལ་སྲིད་ཟས་སྐོམ་མཐོང་ནའང་ངན་སྐྱུགས་ལ་སོགས་པ་མི་གཙང་རྫབ་ཏུ་མཐོང་ནས་བཟའ་བཏུང་དུ་མི་རུང་བའོ། །གཉིས་པ་ནང་གི་སྒྲིབ་པ་ཅན་ནི། ལུས་ཆེ་ཞིང་ལྟོ་བ་ཡངས་པ། རྐང་ལག་ཕྲ་བ། ཁ་ཁབ་མིག་ཙམ་པས། ཟས་སྐོམ་མི་རྙེད་ཅིང་། གལ་སྲིད་རྙེད་ཀྱང་ཁར་མི་ཚུད། ཚུད་ཀྱང་མགྲིན་པ་རྟ་རྔ་ཙམ་ནས་མི་འགྲོ། སོང་ཡང་ལྟོ་བ་ཡུལ་ལྗོངས་ཙམ་མི་ཁེངས་ཤིང་། ཁེངས་ཀྱང་རྐང་ལག་འཇག་སྐྱ་ཙམ་གྱིས་མི་ཐེག་ལ། གློ་སྙིང་ལས་མེ་འབར་བས་འཚིག་ཅིང་། ཁ་སྣ་ནས་དུད་པ་ཕྱུར་བས་སྡུག་བསྔལ་ལོ། །གསུམ་པ་སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་མི་རྙེད་ལ། རྙེད་ཀྱང་གཞན་གྱིས་བསྲུང་བར་མཐོང་བ་དང་། ཡི་དྭགས་རེ་རེའི་ལུས་ལ་མང་པོ་གནས་བཅས་ཏེ་ཤ་ལ་ཟ་བར་སྣང་བས་སྡུག་བསྔལ་བའོ། །བཞི་པ་སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་གང་ཡང་མེད་ཅིང་དབུལ་ཕོངས་ཀྱིས་འཇིགས་ཤིང་དུས་ཚིགས་ལོག་པས། དབྱར་ནི་ཟླ་བས་ཀྱང་བསྲེགས་ལ། དགུན་ནི་ཉི་མས་ཀྱང་གྲང་རེག་བསྐྱེད་པས་བཟོད་པར་དཀའ་ཞིང་། མི་གཙང་བ་དང་མེ་མདག་སོགས་སྡུག་བསྔལ་བསྐྱེད་པའི་ཁ་ཟས་སྣ་ཚོགས་པ་བསྟེན་དགོས་པ་དང་། ཕན་ཚུན་དགྲར་གྱུར་པས་འཐབ་ཅིང་རྩོད་པ་དང་། གཏད་སོ་མེད་པར་ལས་རླུང་གིས་དེད་པ་སོགས་སྡུག་བསྔལ་མཐའ་ཡས་ཏེ། སེམས་ཉིད་ངལ་གསོ་ལས། ཡི་དྭགས་བྱིངས་མཁར་རྒྱུ་བའི་བྱིངས་གནས་པ། །ལུས་ཆེ་རྐང་ལག་ཕྲ་ཞིང་ལྟོ་བ་ཡངས། །མགྲིན་པ་ཕྲ་ཞིང་ཁབ་ཀྱི་མིག་ཙམ་ཁ། །ཟས་སྐོམ་མི་རྙེད་བཀྲེས་སྐོམ་འབར་བས་གདུངས། །སྨན་ཤིང་མེ་ཏོག་ལ་སོགས་མཐོང་བས་བསྐམས། །ཕྱི་རོལ་ཡིད་དུ་མི་འོང་ངན་སྐྱུགས་ཟ། །ཟས་སྐོམ་མཐོང་ཡང་བསྲུང་བར་སྣང་བ་དང་། །ནང་གི་སྒྲིབ་པས་ལྟོ་བར་མེ་འབར་ཞིང་། །ཁ་ནས་མེ་ལྕེ་དུད་པར་བཅས་པ་འཐུལ། །སྤྱི་མཐུན་སྒྲིབ་པས་དབུལ་ཕོངས་འཇིགས་སྔངས་འཚེ། །ཉམ་ངའི་གནས་སུ་མགོན་མེད་སྡུག་བསྔལ་ཉེན། །ཞེས་གསུངས། གཉིས་པ་མཁའ་ལ་རྒྱུ་བ་ནི། གནོད་སྦྱིན་དང་སྲིན་པོ་དང་བཙན་དང་ཤི་འདྲེ་ལ་སོགས་པ་སྟེ། འདི་དག་ཀྱང་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་དེ། ཡུལ་ཡིད་དུ་མི་འོང་བ་དང་། འཚེ་བ་དང་། ཉམ་ང་བ་དང་། བཀྲེས་སྐོམ་དང་། གང་དུ་སྙིང་ཉེ་སར་ཕྱིན་ཀྱང་དེ་དག་ལ་སྔོན་འཆི་ཀའི་གནད་གཅོད་ཀྱི་ནད་དེས་གནོད་པ་དང་རང་ཡང་ནད་དེས་གཏན་དུ་གདུང་བས་གཞན་ལ་སྤོ་འདོད་པ་དང་། ཚེ་དང་མ དངས་འཕྲོག་པ་སོགས་གཞན་གནོད་འབབ་ཞིག་སྒྲུབ་པས་སླར། དམྱལ་བ་སོགས་སུ་སྐྱེ་བའི་རྒྱུ་སྒྲུབ་པ་དང་། རིགས་སྔགས་མཁན་གྱིས་བཅིངས་པ་སོགས་སྡུག་བསྔལ་མཐའ་ཡས་ཏེ། སྔ་མ་ལས། མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། །གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ལས་ཀྱི་རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་རྒྱུ། །གནོད་པ་སྣ་ཚོགས་མངོན་པར་བསྒྲུབ་པ་སྟེ། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ཅེས་གསུངས། དེ་དག་གི་ཚེ་ཚད་ཀྱང་། མཛོད་དང་བཤེས་སྤྲིང་སོགས་ལས་གསུངས་པའི་དོན་བཞིན། སྔ་མ་ལས། ཚེ་ཚད་མི་ཡི་ཟླ་བ་ཉིན་ཞག་གཅིག །རང་ལོ་ལྔ་བརྒྱ་མི་ལོ་ཁྲི་ལྔ་སྟོང་། །གཤིན་རྗེའི་འཇིག་རྟེན་དག་ཏུ་སྡུག་བསྔལ་ལོ། །ཞེས་སོ། །ཨོ་རྒྱན་ཆེན་པོས། དེར་སྐྱེ་བའི་རྒྱུ་ནི་སེར་སྣ་དང་འཇུར་གེགས་ཡིན། སེར་སྣ་ནི་རང་གིས་གཏོང་མི་ཕོད་པ་ཡིན། འཇུར་གེགས་བྱ་བ་གཞན་གཏོང་བ་ལ་གེགས་བྱེད་པ་ལ་ཟེར་བ་ཡིན་གསུངས། དེས་ན་དེ་ལྟ་བུའི་གནས་སུ་མ་སྐྱེས་པ་ཞིག་བྱ་དགོས་སྙམ་དུ་བསམ་མོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། སློབ་དཔོན་ཆེན་པོས། དེ་ནས་དུད་འགྲོའི་འཇིག་རྟེན་ན། །རང་བཞིན་བླུན་ཞིང་བརྡ་མི་འཕྲོད། །གཏི་མུག་གླེན་ལྐུགས་མུན་པ་འདྲ། །བྱོལ་སོང་གཅིག་ལ་གཅིག་ཟ་བ། །གཤེད་མ་གཞན་གྱིས་གསོད་པ་དང་། །དབང་མེད་བཀོལ་སྤྱོད་སྡུག་བསྔལ་ལོ། །ཞེས་གསུངས་ཏེ། དེ་ལ་གཉིས། བྱིངས་ལ་གནས་པ་ནི། ཕྱིའི་རྒྱ་མཚོ་ཆེན་པོ་དང་། གླིང་བར་ཉི་ཟླ་མེད་པའི་མུན་པའི་གླིང་དུ་ཉ་དང་དུང་དང་ཆུ་སྲིན་ལ་སོགས་པས་གོ་མཚམས་མེད་པར་གང་བ་ཆང་དར་མའི་སྦང་མ་ཙམ་ཞིག་ལྕིག་ལྕིག་ཡོད་དེ། ཆེ་བས་ཆུང་བ་ཟ་བ་དང་། ཆུང་བས་ཆེ་བ་ཟ་བ་དང་། རང་གི་ཤ་རང་གིས་བཅད་དེ་ཟ་བ་སོགས་སྡུག་བསྔལ་དཔག་ཏུ་མེད་དེ། ངལ་གསོ་ལས། དུད་འགྲོ་བྱིངས་གནས་ཆུ་གཏེར་བཞི་ཡི་ཁྱོན། །གཅིག་གིས་གཅིག་ཟ་སྡུག་བསྔལ་དཔག་ཏུ་མེད། །གླིང་བར་མུན་ནག་རྒྱ་མཚོར་གནས་པ་ཡང་། །ཚ་གྲང་བཀྲེས་སྐོམ་གཅིག་ཟའི་འཚེ་བས་འཇིགས། །ཞེས་གསུངས། གཉིས་པ་ཁ་འཐོར་བ་ནི། མིའི་ཡུལ་ན་ཡོད་པའི་བྱ་དང་རི་དྭགས་དང་ཆུ་གནས་ལ་སོགས་པ་བདག་ཏུ་བཟུང་བ་རྣམས་ནི་རྔོན་པ་དང་། ཉ་པ་དང་། བྱ་གཤོར་བ་དག་གིས་འཚེ་བ་དང་། ཤ་དང་པགས་པ་དང་རུས་པ་སོགས་ཕྱིར་གསོད་པ་དང་། གཅིག་གིས་གཅིག་ཟ་བ་སོགས་ཀྱི་སྡུག་བསྔལ་མཐའ་ཡས་ལ། བདག་ཏུ་བཟུང་བའི་དུད་འགྲོ་རྣམས་ནི། ཁལ་བཀལ་བ་དང་། རྨོས་རྨོ་བ་དང་། ཤ་གཅོད་པ་དང་། སྤུ་བཏོགས་པ་སོགས་བཀོལ་ཞིང་སྤྱད་པའི་མཐར་ཡུལ་གཞན་དུ་སྤྱུག་པ་དང་། གསོད་པ་དང་། རྡེག་པ་དང་། ཁྲག་གཟག་པ་དང་། ཁོང་ལག་གཏོང་བ་དང་། པགས་པ་བཤུ་བ་དང་། གཤེད་མ་ལ་གཏད་པ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཅིང་། སྤྱི་མཐུན་དུ་བླུན་ཞིང་གཏི་མུག་པ་དང་། ཀླུ་རྣམས་ཉིན་མཚན་ནམ་སྔ་དྲོ་ཕྱི་དྲོ་གང་རུང་བདེ་ཡང་། གང་རུང་དུ་ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པ་སོ་སོའི་སྡུག་བསྔལ་མང་པོས་རྩེན་པ་དང་། ཁ་ཅིག་གི་ལུས་ལ་བྱེ་ཚན་གྱི་ཆར་བབས་ཏེ་ཤ་རུས་སོ་སོར་བྱེ་བ་དང་། འགའ་ཞིག་ཁྱུར་མི་ཚུད་པར་གྲོགས་མེད་པའི་སྡུག་བསྔལ་དང་། ནམ་མཁའ་ལྡིང་དང་རིགས་སྔགས་ཀྱི་འཇིགས་པ་སོགས་མཐའ་ཡས་ཤིང་། དུད་འགྲོ་དེ་རྣམས་ཀྱི་ཚེ་ཚད་ཀྱང་མ་ངེས་ཏེ། ཁ་ཅིག་ཡུད་ཙམ་དང་། ཉིན་གཅིག་ལ་སོགས་པ་ནས། ཀླུའི་རྒྱལ་པོ་འཇོག་པོ་སོགས་བར་བསྐལ་ཐུབ་པའང་ཡོད་པར་གསུངས་ཏེ། ངལ་གསོ་ལས། ཁ་འཐོར་མི་ཡུལ་བྱ་དང་རི་དྭགས་སོགས། །རྔོན་པས་གཙེ་ཞིང་རང་རང་གནོད་པས་ཉེན། །རྟ་གླང་རྔ་མོ་ར་དང་བོང་བུ་སོགས། །བཀོལ་སྤྱོད་རྡེག་འཚོག་སྡུག་བསྔལ་མཐའ་ཡས་ཤིང་། །ཤ་དང་པགས་པ་རུས་པའི་ཕྱིར་འཆི་བས། །རང་བཞིན་སྡུག་བསྔལ་ཕ་མཐའ་མི་མངོན་ཞིང་། །ཀླུ་རྣམས་ཉིན་མཚན་ཕྱེད་མའི་སྡུག་བསྔལ་དང་། །སྔ་དྲོ་ཕྱི་དྲོ་འགྱུར་བའི་བདེ་སྡུག་དང་། །ཁ་ཅིག་གནས་སུ་བྱེ་ཚན་ཆར་འབབས་ལ། །ལ་ལ་གཅིག་པུར་གྲོགས་བྲལ་ཕོངས་པས་ཉེན། །ཕལ་ཆེར་རྨོངས་དང་མཁའ་ལྡིང་འཇིགས་ལ་སོགས། །སྡུག་བསྔལ་རྣམ་པ་སྣ་ཚོགས་དུ་མ་ལྡན། །ཚེ་ཡང་མ་ངེས་ཁ་ཅིག་ཉིན་རེ་ལ། །འཇོག་པོ་ལ་སོགས་བསྐལ་པར་གནས་པའང་གསུངས། །ཞེས་སོ། །ཨོ་རྒྱན་ཆེན་པོས། དེར་སྐྱེ་བའི་རྒྱུ་ནི་སྡིག་པ་ཕྲ་མོ་ལ་མི་འཛེམ་པ་ཡིན་གསུངས། དེས་ན་དེ་ལྟ་བུར་མ་སྐྱེས་པ་ཞིག་བྱ་སྙམ་དུ་ཡང་ཡང་བསྒོམ་པར་བྱའོ། །བཞི་པ་མི་ཡི་སྡུག་བསྔལ་བསམ་པ་ནི། སྤྱིར་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་བྱུང་བ་ལྟ་བུ། ན་ཚ་ལ་སོགས་མི་འདོད་པའི་རིགས་གཅིག་མ་སངས་པར་གཅིག་བརྩེགས་ནས་བྱུང་བ་དང་། འགྱུར་བའི་སྡུག་བསྔལ་བག་མ་བླངས་ནས་བྲོ་བརྡུངས་པས་ཁང་པ་རྡིབས་ནས་ཉམས་ཉེས་བྱུང་བ་ལྟ་བུ། ད་ལྟ་བདེ་བ་དེ་ཉིད་དེ་མ་ཐག་ཏུ་སྡུག་བསྔལ་དུ་གྱུར་ནས་གདུང་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཟས་དུག་ཅན་ཟོས་པའམ་གཞན་ལ་གནོད་བསྐྱལ་བ་ལྟ་བུ་ཕྱིས་སྡུག་བསྔལ་འདུ་བྱེད་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་བྱེད་པའི་རིགས་ཏེ་སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན་ལ། བྱེ་བྲག་ཏུ་ངལ་གསོ་ལས། སྐྱེ་རྒ་ན་འཆི་མི་སྡུག་ཕྲད་པ་དང་། །སྡུག་བྲལ་འདོད་པས་ཕོངས་དང་ཉེ་བར་ལེན། །རྣམ་པ་བརྒྱད་ཀྱི་སྡུག་བསྔལ་ཚད་མེད་དེ། །ཞེས་རྩ་བའི་སྡུག་བསྔལ་བཞི་དང་། ཡན་ལག་གི་སྡུག་བསྔལ་བཞི་སྟེ། རྣམ་གྲངས་བརྒྱད་དུ་གསུངས་པ་ལས། རྩ་བའི་སྡུག་བསྔལ་བཞི་ཡི་དང་པོ་སྐྱེ་བའི་སྡུག་བསྔལ་ནི། བར་དོའི་སེམས་ཅན་དྲི་ཟ་ཉེ་བར་འཁོར་དང་ཕ་མའི་ཁུ་ཁྲག་འདྲེས་པ་ལ། ཞག་བདུན་ཚན་བདུན་དུ། མེར་མེར་པོ་དང་། ནུར་ནུར་པོ་ལ་སོགས་པས་ལུས་ཆགས་ཤིང་། དེ་ནས་གོང་དུ་འཕེལ་ཏེ། མའི་ལྟོ་བ་ན་གནས་དུས། དྲི་ང་བ་དང་། སྐྱུག་བྲོ་བ་དང་། འཁུམས་པ་དང་། མ་ཡི་ཟས་གོས་སྤྱོད་ལམ་ཉེས་པས་རེས་འགའ་མེ་དོང་དུ་ཚུད་པ་ལྟ་བུ་ཧ་ཅང་ཚ་བ་དང་། རེས་གངས་དང་ཆུའི་ནང་དུ་ཚུད་པ་ལྟར་གྲང་བ། རེས་རིས་ནོན་པ་ལྟར་ལྗི་བ། རེས་གཡང་ལ་བསྐྱུར་བ་ལྟར་ཉམ་ང་བ་དང་། བཙའ་རན་པའི་དུས་སུ་མགོ་འཇུག་ལྡོག་ནས་སྤྲུགས་པ་ལྟར་ཤིན་ཏུ་སྡུག་བསྔལ་བ་དང་། བཙའ་དུས་སུ་བསྡུས་འཇོམས་ཀྱི་དམྱལ་བ་ལྟར་ཉམ་{ཉམས་འདིའི་རིགས་འདི་ལྟར་ཞུས། }ཐག་པས་དལ་ཅིག་རྒྱལ་བ་དང་། ལག་པས་རེག་དུས་ཤ་འུར་སྤུ་གྲིས་རེག་པ་ལྟར་མི་བཟོད་པ་དང་། ཁྲུས་བྱས་པ་ན་པགས་པ་བཤུ་བ་ལྟར་ཚ་བ་སོགས་ཀྱིས་སྡུག་བསྔལ་ཏེ། ཨོ་རྒྱན་ཆེན་པོས། དང་པོ་ཀུན་གཞི་ཕ་མའི་ཁུ་ཁྲག་ཏུ་འཐུམས་པའི་དུས་སུ་མུན་པའི་གླིང་དུ་ཚུད་པ་སྙམ་པའམ། རི་ཆེན་པོའི་འོག་ཏུ་མནན་པ་སྙམ་བྱེད། དེ་ནས་གཟུགས་དོད་འགུལ་འཕྲིག་གི་དུས་སུ་མ་ཟས་ཀྱིས་འགྲངས་པའི་དུས་སུ། བྲག་བར་དུ་བཙིར་བ་སྙམ་བྱེད། མ་ལྟོགས་པའི་དུས་སུ། དཔྱང་ལ་བཏགས་པ་སྙམ་བྱེད། དྲག་ཤུལ་བྱས་པའི་དུས་སུ་བྲག་བར་དུ་བཙིར་བ་སྙམ་བྱེད། དེ་ནས་སྐྱེ་བའི་དུས་སུ་བྲག་བར་དུ་བཙིར་ནས་འདོན་པ་དང་འདྲ། ཐང་ལ་ལྷུང་བ་ན་པགས་པ་བཤུས་ནས་ཚེར་མའི་དོང་ནང་དུ་བསྐྱུར་བའི་སྡུག་བསྔལ་ལམ། རྨིག་པས་བརྫིས་པ་སྙམ་བྱེད། སྡུག་བསྔལ་ཤིན་ཏུ་ཆེའོ། །དེ་ནས་ཀྱང་བཀྲེས་པ་དང་། སྐོམ་པ་དང་། རྐང་ལག་ན་བ་སོགས་ཤིན་ཏུ་སྡུག་བསྔལ་ཡོད་དོ། །ཞེས་གསུངས། གཉིས་པ་རྒ་བའི་སྡུག་བསྔལ་ནི། ལུས་ཀྱི་སྟོབས་ཉམས་པས་ལྡང་འདུག་དང་སྒུལ་བསྐྱོད་དཀའ། དབང་པོའི་མདངས་ཉམས་པས་མིག་འགྲིབ། རྣ་བ་མི་གསོང་། དྲན་པ་མི་གསལ། ཤེས་པའི་རྩལ་ཤོར་བས་བློའི་སྤྲོ་བ་ཞི་ཞིང་སེམས་ཁོང་དུ་ཆུད། རྩ་རླུང་གི་འཕེལ་བྲི་བས་བྱིས་པ་བཞིན་དུ་ཅོལ་ཆུང་ལ་ཚོར་བ་རགས། ནང་གི་ལུས་སེམས་འགྱུར་བས་ནད་དང་འཚེ་བ་མང་ཞིང་ཀུན་གྱི་ཡིད་དུ་མི་འོང་། ངག་ཏུ་འཆི་བ་ལ་སྨོན་ཡང་དོན་ལ་ཤི་ཡིས་དོགས་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། རྒྱ་ཆེ་རོལ་བ་ལས། རྒས་པ་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། རྒས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་བདེ་བ་འཕྲོག་ཅིང་སྡུག་བསྔལ་བསྐྱེད། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག །ཅེས་གསུངས། གསུམ་པ་ན་བའི་སྡུག་བསྔལ་ནི། འབྱུང་བཞིའི་འདུ་བ་འཁྲུགས་པས་ཟུག་གཟེར་གྱི་ཚོར་བ་རགས། ལུས་ཀྱི་རང་བཞིན་འགྱུར་ཞིང་འཚིག་ཅིང་ཡིད་མི་བདེ། དབང་པོའི་སྟོབས་ཉམས་པས་མལ་ནས་ལྡང་འདུག་དཀའ། ཟས་སྐོམ་སོགས་གང་ཡང་ཡིད་དུ་མི་འོང་བས་རྟག་ཏུ་འདུ་ཤེས་འཁྲུགས། གདོན་བགེགས་བར་ཆད་ལངས་པས་གློ་བུར་ཡེ་འདྲོག་ཆེ། ལོངས་སྤྱོད་འཛད་པ་དང་ཤི་ཡིས་དོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། ལས་བརྒྱ་པའི་སྟོད་འགྲེལ་དུ། ན་བས་གདུང་བའི་ལུས་ཅན་ནི། །དམྱལ་བའི་ཚོར་བ་དེ་འདྲ་སྟེ། །དེ་སྙེད་ཕྱིར་ཕྱིར་ལྡང་གྱུར་པ། །སྲེད་ཅན་སྲིད་པའི་ཟུག་རྔུ་འདྲ། །ཞེས་དང་། ཨོ་རྒྱན་ཆེན་པོས། ན་བའི་སྡུག་བསྔལ་སྣ་ཚོགས་མི་བཟོད་པ་ཡོད་དེ། ལུས་ཀྱི་དབང་པོ་གང་ན་ཡང་། མིག་ལྟ་བུ་ཞིག་ན་ན། མིག་མ་ཡིན་པ་གཞན་ཞིག་ན་ན་ཅི་མ་རུང་སྙམ། གང་ཡང་མི་བཟོད་ལུས་ཀྱི་མདངས་ཉམས། དབང་པོ་དང་སྟོབས་ཉམས། ནོར་དང་འབྲུ་དང་། ལོངས་སྤྱོད་ཐམས་ཅད་ཐ་མར་བྱེད་པས་ཤིན་ཏུ་སྡུག་བསྔལ་ལོ་གསུངས། བཞི་པ་འཆི་བའི་སྡུག་བསྔལ་ནི། མལ་གྱི་ཐ་མ་ན་འདུག ཟས་གོས་ཀྱི་ཐ་མ་ལ་སྤྱད། གཏམ་གྱི་ཐ་མ་སྨྲ། འཁོར་འདབས་{འདབ}དང་ཉེ་དུ་འབྲེལ་བ་མང་པོས་བསྐོར་ཀྱང་ཕན་པ་ནི་ཅུང་ཟད་མེད། འཆི་བའི་ཚོར་བས་ནི་གདུངས། འཁྲུལ་སྣང་གི་སུན་མས་སླེབས། བར་དོའི་འཕྲང་ལ་ཞུགས། ལུས་ཀྱི་འབྱུང་བ་སྡུད། ཚེ་འདིའི་སྣང་བ་འདོར། ཕྱི་མའི་ཡུལ་ལ་སྙེགས། ཐམས་ཅད་བོར་ནས་གཅིག་པུར་མར་གྱི་གསེབ་ནས་སྤུ་གཏོན་པ་ལྟར་འགྲོ་བའི་དུས་ན། ཟས་ནོར་ཇི་ཙམ་ཡོད་ཀྱང་ཟན་ཆང་ཅིག་ཁྱེར་བའི་དབང་ཡང་མེད། འཁོར་དང་ཉེ་དུ་ཇི་ཙམ་ཡོད་ཀྱང་མི་གཅིག་དང་ཡང་འགྲོགས་དབང་མེད་པར་གཅིག་པུར་འགྲོ་དགོས་པ་སོགས་ཀྱི་སྡུག་བསྔལ་ཕ་མཐའ་ཡས་ཏེ་སློབ་དཔོན་ཆེན་པོས། དེ་ནས་འཆི་བའི་སྡུག་བསྔལ་ནི། །ཀུན་ལ་ཐོག་བབ་ཐབས་སུ་འབྱུང་། །མལ་གྱི་ཐ་མ་ཤི་ལ་འཇུག །གོས་ཀྱི་ཐ་མ་རོ་གོས་གྱོན། །ཟས་ཀྱི་ཐ་མ་དུར་རྒྱགས་སྙོད། །གཏམ་གྱི་ཐ་མ་ཁ་ཆེམས་བཞག །གཉེན་འདུན་རྣམས་ཀྱི་མཐའ་བསྐོར་ཡང་། །ངོ་མི་ཤེས་ཤིང་བླ་ཅོལ་སྨྲ། །ཟས་སྐོམ་རྣམས་ཀྱི་མཐའ་བསྐོར་ཡང་། །དོང་ཁར་འོང་བ་ཆུ་ལས་མེད། །ཕན་པའི་ཐབས་མེད་ནུས་མཐུར་རྡུགས། །ཐམས་ཅད་ཁོ་ཐག་ཆོད་པའི་ཚེ། །མི་ཚེ་དོན་མེད་ཡེང་ལ་སོང་། །ཆོས་མ་སྤྱད་ཅིང་སྡིག་སྤྱད་པས། །འོ་འགྱོད་བྲང་ལ་སེན་མོས་འབྲད། །འགྱོད་ཀྱང་ཅིས་ཕན་བྱ་བ་ཐལ། །འཁོར་བའི་གཡང་ལ་ཉམ་ང་བས། །འབྲུ་ཚུགས་བལྟ་ཤིང་ཤི་སྦར་འཐམ། །རླུང་སེམས་གནས་སུ་མི་སྡོད་པས། །དབུགས་ནི་ཧ་རིང་ཕྱིར་ལ་འདོན། །རང་ལུས་འབྱུང་བ་སྡུད་པ་ལས། །སྣང་བ་འཇུག་པར་གྱུར་པའི་ཚེ། །འོད་གསལ་ངང་ལ་ཅུང་ཞིག་བརྒྱལ། །དེ་ལས་ལང་སྟེ་བྲེད་སྔངས་ནས། །ཕན་ཚུན་གར་རྒྱུགས་སུ་ཟློག་ཀྱང་། །བརྡ་མི་འཕྲོད་ཅིང་མགོན་སྐྱབས་མེད། །ཤི་བར་ཤེས་ཤིང་ཆོ་ངེ་འདེབས། །འཇིགས་ཤིང་སྐྱི་ཡ་གཤིན་རྗེ་ཡི། །ཕོ་ཉས་རང་དབང་མེད་པར་འཁྲིད། །ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ཡིས། །དགེ་སྡིག་གྲངས་འདེབས་འཐེན་འཐེན་བྱེད། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིས། །སྲིད་པ་ལས་ཀྱི་མེ་ལོང་བསྟན། །ལམ་རྒྱུད་ལྔ་ཡི་བདག་པོ་ཡིས། །གང་ཐོབ་ལམ་ལ་སྦྱོར་བར་བྱེད། །སྔ་མའི་གཟུགས་ཅན་ཡིད་ཀྱི་ལུས། །བར་དོར་སྡུག་བསྔལ་སྣ་ཚོགས་མྱོང་། །ཞེས་དང་། མཚོ་རྒྱལ་ཞུས་ལན་ལས། འཆི་བའི་སྡུག་བསྔལ་འདི་དམྱལ་བའི་སྡུག་བསྔལ་ལས་ཀྱང་འཇིགས་སུ་རུང་གསུངས། དེས་ན་དེ་སྔ་ཕན་ཆད་ཚེ་འདིའི་སྣང་བ་དགྲ་འདུལ་གཉེན་སྐྱོང་། གནས་དང་ཡོ་བྱད་ཀྱི་ཕྱི་ཚིས། བུ་ཚ་འཁོར་འདབས་ཀྱི་ཤ་ཚ་བྱས་པ་ལ་དོན་ཅི་ཡོད་སྙམ་དུ་འཆི་མེད་ཐར་པའི་ལམ་མཆོག་སྒྲུབ་པར་བྱའོ། །ཡན་ལག་གི་སྡུག་བསྔལ་བཞི་ལས། དང་པོ་མི་སྡུག་པ་དང་ཕྲད་པ་ནི། དགྲ་སྡང་བ་དང་འཕྲད་པ་ན་དེས་ལུས་དང་སྲོག་དང་ལོངས་སྤྱོད་མ་རུངས་པར་བྱེད་པ་དང་བྱེད་ཀྱིས་དོགས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བའོ། །གཉིས་པ་སྡུག་པ་དང་བྲལ་བ་ནི། གཉེན་དང་མཛའ་བཤེས་ཤི་བ་དང་། ཡུལ་ཐག་རིང་པོར་སོང་སྟེ་བྲལ་བ་ན། དེའི་ཡོན་ཏན་དང་ལུས་ངག་གི་རྣམ་འགྱུར་དྲན་པའི་མོད་ལ་ཡིད་གདུང་ཞིང་མངོན་པར་མི་དགའ་བའོ། །གསུམ་པ་འདོད་པས་ཕོངས་པ་ནི། ཇི་ལྟར་འདོད་པའི་དངོས་པོ་བཙལ་བས་མ་རྙེད་པ་དང་། སྔར་ཡོད་ཀྱི་དངོས་པོ་བཟང་དགུ་ཉམས་པ་དང་། བསོད་ནམས་མར་འགྲིབ་པ་སོགས་དབུལ་ཕོངས་ཀྱིས་ཉེན་ནས་མྱ་ངན་སྐྱེའོ། །བཞི་པ་ཟག་བཅས་སྡུག་བསྔལ་གྱི་རང་བཞིན་ནི། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། རང་གི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ཡང་སྡུག་བསྔལ་གྱི་གནས་དང་རྟེན་དང་འབྱུང་ཁུངས་སུ་གྱུར་པས་སྡུག་བསྔལ་ཏེ། དེ་ཡང་གཟུགས་ནི་སྡུག་བསྔལ་གྱི་གནོད་པ་མངོན་དུ་སྒྲུབ་པའི་ཕྱིར་གནས་སོ། །ཚོར་བས་ནི་དང་དུ་ལེན་པར་བྱེད་པས་སྣོད་དོ། །འདུ་ཤེས་ནི་རྟོག་པ་གཡོ་བར་བྱེད་པའི་དང་པོའི་སྒོར་གྱུར་པའི་ཕྱིར་རྟེན་ནོ། །འདུ་བྱེད་དང་རྣམ་པར་ཤེས་པས་ནི་བྱེད་པ་པོ་དང་རིག་པར་བྱེད་པས་ན་འབྱུང་ཁུངས་ཡིན་ཏེ། དཔེར་ན་ཚེར་མ་ཞིག་ཟུག་ནའང་གཟུགས་ལ་ན་ཚའི་ཟུག་རྔུ་འབྱུང་། ཚོར་བ་སེམས་ཀྱིས་དེ་ཤེས། ན་ཚ་དེ་ཉིད་སྐད་ཅིག་འབྲེལ་ཆགས་སུ་འདུ་ཤེས་པ་འདུ་ཤེས། ཡང་ན་བར་བྱེད་པ་འདུ་བྱེད། ཚེར་མའི་ཟུག་གི་ཤེས་པ་རྣམ་པར་ཤེས་པ་སྟེ། ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་ཕུང་པོ་ལྔ་པོ་འདིའི་སྟེང་དུ་མ་གཏོགས་པ་གཞན་དུ་མི་འབྱུང་བའི་ཕྱིར། ད་ནི་སྡུག་བསྔལ་བདེན་པའི་ཆ་ཤས་ཉེ་བར་ལེན་པ་ཟག་བཅས་ཀྱི་ཕུང་པོ་རྣམས་དང་མི་ལྡན་པ་འཕགས་པའི་ཡེ་ཤེས་ཤིག་ཅིས་ཀྱང་ཐོབ་པར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་བར་བྱ་སྟེ། ཨོ་རྒྱན་ཆེན་པོས་ཀྱང་། དེ་ནས་ཆེར་སྐྱེས་ནས་ཀྱང་། མེད་པ་ཤ་ཐང་ཆད་པར་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་སྣ་ཚོགས་པ་དང་། ཡོད་པ་རྐུ་འཕྲོག་ལ་སོགས་པ་ཤོར་གྱིས་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང་། དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང་། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཕུང་པོ་འདི་བླང་བ་ཙམ་གྱིས་སྡུག་བསྔལ་བའི་ཁུར་ཆེན་པོ་ཡིན་ཏེ། ཚ་མི་བཟོད། གྲང་མི་བཟོད། བཀྲེས་མི་བཟོད། སྐོམ་མི་བཟོད་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་ཡོད་པ་ཡིན་གསུངས་སོ། །ལྔ་པ་ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ་ནི། འཕེན་བྱེད་ཕྲག་དོག་གིས་འཕང་བའི་རྒྱུ་མཐུན་གྱིས་རང་སྡེ་ཕན་ཚུན་འཐབ་ཅིང་རྩོད་པ་དང་། སུམ་ཅུ་རྩ་གསུམ་པའི་དཔལ་དང་འབྱོར་པ་མཐོང་ནས་ཁོང་ཁྲོ་དང་ཕྲག་དོག་གི་མེས་གདུངས་པ། རེས་འགའ་ལྷ་རྣམས་དང་འཐབ་པའི་གཡུལ་ངོར་མགོ་དང་ཡན་ལག་གཅོད་པ་དང་། རྡོ་རྗེ་དང་། མདའ་དང་། འཁོར་ལོ་ལ་སོགས་པས་སྣད་དེ་ཁ་ཅིག་འཆི་བའམ་འཆི་ལ་ཐུག་པའི་སྔངས་སྐྲག་དང་སྡུག་བསྔལ་ཡོད་ཅིང་། དེ་དག་རྣམ་སྨིན་གྱི་སྒྲིབ་པ་ཡིན་པས་ཐེག་པ་འོག་མའི་ལུགས་ལྟར་ན་ཉན་རང་གི་ལམ་གྱི་བདེན་པ་མཐོང་བའི་རྟེན་དུ་མི་རུང་བ་སོགས་ཉེས་པ་དང་སྐྱོན་ཤིན་ཏུ་མང་སྟེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཞིང་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས། དེས་ན་ཀུན་མཁྱེན་བླ་མས། ལྷ་མིན་རྣམས་ལའང་བདེ་བའི་སྐབས་མེད་དེ། །དོན་མེད་འཐབ་རྩོད་འཁྲུག་ཅིང་ཞེ་སྡང་ལ། །ལྷ་ཡི་དཔལ་ལ་མི་བཟོད་ཕྲག་དོག་ལྡན། །གཡུལ་ངོར་སྡུག་བསྔལ་བརྒྱ་ཕྲག་བརྟེན་འཚལ་ལོ། །དེ་བས་དགེ་ལེགས་ཞི་བའི་འགྲོ་བ་དག །མྱུར་བ་ཉིད་དུ་ཐར་པའི་ཆོས་མཛོད་ཅིག །ཅེས་རྗེས་སུ་འདོམས་པར་མཛད་པ་ཡིན་ནོ། །དྲུག་པ་ལྷ་ཡི་སྡུག་བསྔལ་བསམ་པ་ནི། འདི་ལྟར་རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དེ་འདོད་པའི་ལྷ་རྣམས་ཀྱི་ནང་ན་དར་ཅིག་བདེ་བ་ལྟར་སྣང་ཡང་། འཆི་འཕོ་བའི་ཚེ་སྔོན་གྱི་ལས་དགེ་བ་ཟད། མི་དགེ་བའི་འབྲས་བུས་ངན་འགྲོར་སྐྱེ་བ་མངོན་ཤེས་ཀྱིས་ཤེས་པས། ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་སྡུག་བསྔལ་དྲག་པོ་གོང་སྨོས་ལྟར་ལྷ་རང་རང་གི་ཞག་བདུན་དུ་མྱོང་དགོས་ཏེ། ཨོ་རྒྱན་ཆེན་པོས། ལྷ་ལ་ལྟུང་བའི་སྡུག་བསྔལ། རིམ་ཚ་བས་བཏབ་པའི་སྡུག་བསྔལ་ཡོད། ལྷུང་བའི་སྡུག་བསྔལ་འདི་ནི་ཁྱད་པར་ཆེ་སྟེ། འཆི་ལྟས་རྣམས་ནི་བྱུང་། ལུས་ཀྱི་ཁ་དོག་ནི་འགྱུར། སྟན་ལ་ནི་མི་དགའ། མེ་ཏོག་གི་ཕྲེང་བ་རྙིང་། གོས་ལ་དྲི་མ་ཆགས། སྔོན་ཆད་མེད་པའི་རྔུལ་འབྱུང་། ངན་སོང་གསུམ་སོགས་སུ་སྐྱེ་བར་ནི་མངོན་ཤེས་ཀྱིས་མཐོང་ཙམ་ན། ཉ་སྐམ་ལ་བཏོན་པའམ། ཀླུ་ཕྲུག་ནམ་མཁའ་ལྡིང་གིས་ཁྱེར་བའམ། རྔ་མོ་བུ་སྟོར་བའམ། རྒྱ་མཚོ་ཆེན་པོར་གྲུ་ནུབ་པ་ཙམ་ཡོད། མནར་མེད་པའི་སེམས་ཅན་དམྱལ་བ་ལས་ཡིད་ཀྱི་སྡུག་བསྔལ་བདུན་འགྱུར་རམ་བཅུ་དྲུག་གི་འགྱུར་གྱིས་ཆེ་བ་ཡིན་སྙམ་དུ་བསམ་དགོས། རིམ་ཚ་བས་བཏབ་པའི་སྡུག་བསྔལ་ནི་མནར་མེད་པ་བས་བཅུ་དྲུག་འགྱུར་གྱིས་ཆེ་བ་ཡོད་པ་ཡིན། ལར་མཐོ་རིས་སུ་སྐྱེས་ཀྱང་སྡུག་བསྔལ་དེ་ལ་སོགས་དཔག་ཏུ་མེད་པ་ཡོད་པ་ཡིན་གསུངས། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སུ་སྡུག་བསྔལ་མངོན་གྱུར་པ་མེད་ཅིང་། ཟག་བཅས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་ལ་དར་ཅིག་སྤྱོད་ཀྱང་། མཐར་ལས་བཟང་པོ་ཟད། ངན་པའི་སྟོབས་ཀྱིས་སྲིད་པ་འོག་མ་རྣམས་སུ་ལྷུང་བའི་སྡུག་བསྔལ་འདུ་བྱེད་པས་ཕུང་པོ་ཉིང་མཚམས་སྦྱོར་བར་འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལ་སྤྱོད་པ་ལས་མ་འདས་ཏེ། བཤེས་སྤྲིང་ལས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དོ། །ཞེས་གསུངས། མདོར་ན། ཨོ་རྒྱན་ཆེན་པོས། མཐོ་རིས་སྲིད་པའི་རྩེ་མོ་ནས་དམའ་བ་མནར་མེད་པའི་དམྱལ་བ་ཡན་ཆད་དུ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་སོ། །ཞེས་གསུངས་པས། ད་རེས་ཁམས་གསུམ་རིགས་དྲུག་གི་གནས་འདི་ནས་ཅིས་ཀྱང་ཐར་བ་ཞིག་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་བར་བྱའོ། །གསུམ་པ་ཐར་པ་སྒྲུབ་དགོས་པར་བསྟན་པ་ནི། ཀུན་མཁྱེན་ཆོས་རྗེས། འཁོར་བ་མཐོ་དམན་གྱི་རང་བཞིན་ཟོ་ཆུའི་ཁྱུད་མོ་འདྲ་བ། འཕོ་ཞིང་རྟག་མི་ཐུབ་པ་འདི་མཚང་རེ་ཆེ། འཁོར་བར་མི་འཇུག་པའི་ཐབས་དམ་པ་ཐར་པའི་བྱང་ཆུབ་མ་གཏོགས་པར་ཡིད་བརྟན་མི་རུང་ཞིང་བསླུ་བ་འདི་ཡ་ཆ། ཐར་པའི་ལམ་དུ་ཞུགས་ན་འཕྲལ་གྱི་བདེ་བ་མཐོ་རིས་དང་། ཡོན་ཏན་བཟང་པོ་འཐོབ་སྟེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་བཞིན། ཡུན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་འགྲུབ་སྟེ་སངས་རྒྱས་རྣམས་བཞིན་ནོ། །དེ་བས་ན་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་སྙམ་དུ་བསམ་མོ། །ཞེས་གསུངས་ཤིང་། ཨོ་རྒྱན་ཆེན་པོས་ཀྱང་། ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཡིན་ནོ། །སྐྱིད་སྡུག་གཉིས་ཀྱི་ཤན་འབྱེད་ད་རེས་ཡིན་ནོ། །འཁོར་འདས་གཉིས་ཀྱི་ཤན་འབྱེད་དུས་ད་རེས་ཡིན་ནོ། །དུས་ད་རེས་ཤན་མ་ཕྱེ་ན། ཕྱིས་འཁོར་བ་ནས་ཐོན་པ་ཤིན་ཏུ་དཀའོ། །ད་རེས་ཀྱི་འཁོར་བ་འདི་སྲིད་པ་ལུགས་ནས་བཟློག་ན་གཏན་དུ་ལུས་བླངས་མི་དགོས། ལུས་མ་བླངས་ཙམ་ན་འཁོར་འདས་ཤན་འབྱེད་པ་ཡིན་ནོ། །ཕོ་མདོ་ཆེ་ཆུང་དང་། མོ་སྒྲིན་གླེན་དུས་ད་རེས་ལ་བལྟའོ། །རང་དོན་ཕྱལ་བར་བཏང་ནས་མི་ཚེ་སྟོང་སྐྱལ་མ་བྱེད་ཅིག ནོར་བུ་རིན་པོ་ཆེའི་གླིང་ནས་སྟོང་ལོག་མ་བྱེད་ཅིག གསུངས། དེ་ཡང་ཐར་པ་རང་གིས་མ་བསྒྲུབས་པར་གཞན་གྱིས་གྲོགས་བགྱིར་ཅུང་ཟད་ཀྱང་མེད་དེ། འདུལ་བ་ལུང་ལས། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་གྱིས། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས། དེས་ན་ཀུན་མཁྱེན་བླ་མས། འདི་ལྟར་ཐར་པ་རང་ལ་རག་ལས་ཤིང་། །ཐར་པའི་ཐབས་ནི་ལྷ་མིའི་སྟོན་པས་གསུངས། །གཞན་གྱིས་གློ་བུར་འབྱིན་པའི་སྐབས་མེད་དེ། །གཉིད་མྱོས་རྨི་ལམ་སུས་ཀྱང་དགག་མེད་བཞིན། །གལ་ཏེ་ནུས་ན་བདེ་གཤེགས་སྲས་བཅས་ཀྱི། །ཐུགས་རྗེའི་ཟེར་གྱིས་འཁོར་བ་སྟོངས་ཟིན་ངེས། །དེ་བས་རང་ཉིད་བརྩོན་པའི་གོ་བགོས་ཏེ། །ཐར་ལམ་འཛེག་ལ་བརྩོན་པའི་དུས་ལ་བབ། །ཅེས་གསུངས། དེས་ན་སྔོན་འདས་པའི་སངས་རྒྱས་གྲངས་མེད་པ་བྱོན་ཀྱང་བདག་ཅག་རང་རང་གི་ཉེས་པས་ཐུགས་རྗེས་འཛིན་པའི་ཡུལ་དུ་མ་གྱུར་ཅིང་སྲིད་པའི་གནས་འདིར་ཡང་ནས་ཡང་དུ་འཁོར་བ་ཡིན་ལ། ད་དུང་ཡང་ཉོན་མོངས་པ་དང་བག་མེད་པ་དང་རྣམ་པར་གཡེངས་པའི་གཞན་དབང་དུ་གྱུར་ན་དེ་བཞིན་དུ་འཁོར་བ་མཐའ་མེད་དུ་འཕྱན་པ་ལས། འཕགས་པའི་ཐུགས་རྗེ་འཇུག་པའི་རྒྱུ་མེད་པའི་ཕྱིར་ནམ་ཡང་ཐར་བར་དཀའ་སྟེ། ཀུན་མཁྱེན་བླ་མས། གྲངས་མེད་འདས་པའི་སངས་རྒྱས་དེ་དག་གིས། །གསོ་བའི་སྤྱོད་ཡུལ་མ་གྱུར་བདག་ལྟ་བུ། །སྡིག་པའི་རང་བཞིན་སྲིད་ལམ་དགོན་པར་འཁྱམས། །སྔར་བཞིན་བརྩོན་པ་མེད་ན་ཡང་དང་ཡང་། །འགྲོ་དྲུག་གནས་སུ་སྡུག་བསྔལ་བྱེད་འདི་སོམས། །འཁོར་བའི་སྡུག་བསྔལ་མཁའ་ལྟར་མཐའ་ཡས་ཤིང་། །མེ་ལྟར་མི་བཟད་ཡུལ་ལྟར་སྣ་ཚོགས་ལ། །བཟོད་པའི་སེམས་ཁྱོད་གནས་མིན་སྨད་པའི་གནས། །ངོ་ཚ་མི་ཤེས་ཁྲེལ་བག་བྲལ་བ་ལ། །ཐུགས་རྗེའི་གོ་སྐབས་འཇུག་པར་ག་ལ་འགྱུར། །ཐབས་མཁས་མཛད་པའི་ཕྲིན་ལས་དེ་ཡང་ནི། །གདུལ་བྱའི་ལས་ཅན་དག་ལས་འབྱུང་བར་གསུངས། །དེ་བས་རང་གི་ཉེས་ཀུན་ཤེས་བྱས་ཏེ། །འཁོར་བའི་སྡུག་བསྔལ་སྙིང་ནས་དྲན་བྱས་ནས། །བདག་དང་འགྲོ་ཀུན་སྲིད་ལས་ཐར་བྱའི་ཕྱིར། །ཞི་བའི་ལམ་ལ་ཡང་དག་འཛེག་པར་གྱིས། །ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བ། །བདག་སྙིང་ལྕགས་ཀྱི་གོང་བུ་ཆེན་པོའམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ཞེས་གསུངས། དེས་ན་ད་རེས་རྟེན་དལ་འབྱོར་གྱི་མི་ལུས་ཐོབ་ཅིང་རང་དབང་རང་ལ་ཡོད་དུས་འདིར། ལུས་ལ་མེ་སྟག་ཕོག་པ་ཙམ་མམ། དགོང་གཅིག་གི་ལྟོ་ག ཅོག་པའམ། ངལ་དུབ་ཕྲ་མོ་ཙམ་ཡང་མི་བཟོད་ན། ཤི་ནས་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་དྲག་ལ་རྒྱུན་རིང་བ་བཟོད་པར་ཇི་ལྟར་ནུས་། ད་ལྟ་ཉིན་རེའི་ནད་དང་སྡུག་བསྔལ་ཡང་མི་བཟོད་ན། འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་ཇི་ལྟར་བཟོད། མི་སྐྱེ་བའི་གདེང་ཚད་ཅི་ཡོད། དེར་སྐྱེས་པ་ཐམས་ཅད་ཀྱང་རང་གི་ཚེ་སྔོན་གྱི་ཕ་མ་ཤ་སྟག་ཡིན་པས་ཇི་ལྟར་བཟོད། དེ་བས་ད་རེས་རང་གཞན་འཁོར་བའི་སྡུག་བསྔལ་ཆེན་པོ་དེ་ལས་སྒྲོལ་བའི་ཕྱིར་དུ་དམ་པའི་ཆོས་གཤའ་མ་ཞིག་མི་བྱེད་རེ་ཤི་སྙམ་དུ་ཞེ་དམ་དྲག་པོས། ངག་ཏུ། བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་ཡང་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། །ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །དེ་ལྟར་མ་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཡང་ཡང་བརྗོད་ཅིང་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླང་ངོ་། །བཞི་པ་དེ་ལྟར་གོམས་པའི་ཕན་ཡོན་འབྱོང་ཚད་དང་བཅས་པ་བསྟན་པ་ནི། ཨོ་རྒྱན་ཆེན་པོས་རྒྱལ་པོ་ཁྲི་སྲོང་ལ་གདམས་པ་ལས། འཁོར་བའི་མཚན་ཉིད་ཤེས་ན་འཇིག་རྟེན་ལས་བློ་ལྡོག་པ་ཆོས་ཉིད་ཡིན་གསུངས། དེས་ན་འདི་གལ་ཆེ་སྟེ། འཁོར་བ་ལས་བློ་མ་ལོག་པར་ཆོས་ཉན་ལོ། སྒྲུབ་ལོ་ཇི་ལྟར་བྱས་ཀྱང་བསམ་པ་ཚེ་འདིའི་དབང་དུ་སོང་བས་ཡང་དག་པའི་ཆོས་སུ་མི་འགྲོ་ཞིང་། ཐར་པའི་ལམ་སྣ་ཟིན་པ་ལ་ཅུང་ཟད་ཀྱང་ཕན་པ་མེད་དེ། ཨོ་རྒྱན་ཆེན་པོས། ཆོས་སྒོར་ཞུགས་ཀྱང་ཆོས་སུ་མ་སོང་བ་མང་དུ་ཡོད་པས་དེར་མ་སོང་བར་བྱ་དགོས། དེ་ཡང་རབ་ཏུ་བྱུང་བར་བྱས་ཀྱང་འཚོ་སྐྱོང་དང་ཡོ་བྱད་ཁྱིམ་པ་དང་མཉམ་ན་ཆོས་པ་མིན། མི་ཆོས་ཀྱི་བྱ་བ་བཞག་ཀྱང་ཐ་མལ་གྱི་ལོང་གཏམ་མ་སྤངས་ན་ཆོས་པ་མིན། དགོན་པར་གནས་ཀྱང་བྱ་བ་འཇིག་རྟེན་དང་མཉམ་ན་ཆོས་པ་མིན། རང་ཡུལ་བོར་ཡང་འཇིག་རྟེན་པ་དང་འདྲིས་འབྲེལ་མ་སྤངས་ན་ཆོས་པ་མིན། ཉམས་ལེན་བྱས་ཀྱང་འདོད་པ་ལས་བློ་མ་ལོག་ན་ཆོས་པ་མིན། དཀའ་ཐུབ་སྣ་ཚོགས་བྱེད་ཀྱང་གཞན་གྱི་གནོད་པ་མ་བཟོད་ན་ཆོས་པ་མིན། བསྐྱེད་རྫོགས་སྒོམ་ཡང་དམ་ཚིག་མ་བསྲུངས་{བསྲུང}ན་ཆོས་པ་མིན། གཉིས་མེད་སྒོམ་ཡང་ལྷ་འདྲེ་ལ་ཕན་གནོད་རེ་ན་ཆོས་པ་མིན། ཐེག་ཆེན་ལ་ཞུགས་ཀྱང་སེམས་ཅན་ལ་ཕན་པ་མི་སྒྲུབ་ན་ཆོས་པ་མིན། འགྲོ་དོན་བྱེད་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་ཅིང་ཞེ་འདོད་དང་མ་བྲལ་ན་ཆོས་པ་མིན། ལྟ་བ་རྟོགས་ཀྱང་རྣམ་སྨིན་ལ་མི་འཛེམ་པ་ཆོས་པ་མིན། ཐེག་པ་རིམ་དགུ་ཤེས་ཀྱང་རང་རྒྱུད་ཆོས་དང་མ་འདྲེས་ན་ཆོས་པ་མིན། རྟག་ཏུ་རྩེ་གཅིག་བསྒོམས་ཀྱང་སྣང་བའི་དངོས་འཛིན་མ་ཞིག་ན་ཆོས་པ་མིན། བསླབ་པ་གསུམ་དང་ལྡན་ཡང་རློམ་སེམས་ཀྱི་དམིགས་པ་སྤྱོད་ན་ཆོས་པ་མིན། དགེ་སྦྱོར་ཅི་བྱེད་ཀྱང་སྦྱོར་དངོས་མཇུག་གསུམ་གྱིས་མ་ཟིན་ན་ཆོས་པ་མིན། ལུས་ངག་གི་སྤྱོད་ལམ་བཟང་བ་རང་བཞིན་བྱེད་ཀྱང་སེམས་ལ་ཉོན་མོངས་པ་རང་རྒྱུད་པར་ཤོར་ན་ཆོས་པ་མིན། ད་ལྟ་སྒྲུབ་པར་ནུས་པའི་བྱ་བ་རྣམས་བཞག་ནས་ཕྱིས་སྨོན་ལམ་ལ་རེ་བ་རྣམས་ཆོས་པ་མིན། སེམས་ཉིད་རང་ངོ་མ་ཤེས་པར་འབྲས་བུ་ཕྱི་དུས་ལ་རེ་ན་ཆོས་པ་མིན། ལས་སུ་དགེ་བའི་བྱ་བ་བྱས་ཀྱང་འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་ན་ཆོས་པ་མིན། འཇིག་རྟེན་ཆོས་བརྒྱད་ཀྱང་། བདག་ལ་བསྟོད་ན་དགའ་བ་དང་། སྨད་ན་མི་དགའ་བ་དང་། གྲགས་ན་དགའ་བ་དང་། མ་གྲགས་ན་མི་དགའ་བ་དང་། སྙན་ན་དགའ་བ་དང་། མ་སྙན་ན་མི་དགའ་བ་དང་། རྙེད་ན་དགའ་བ་དང་། མ་རྙེད་ན་མི་དགའ་བ་རྣམས་ལགས་ཏེ། དེ་ཡང་བདག་གི་ལུས་ངག་ཡིད་གསུམ་གྱི་དགེ་བའི་རྩ་བའི་གང་ལའང་སྔར་དེ་རྣམས་ཀྱི་བསམ་པ་དང་བཅས་པས་བྱས་སམ་མ་བྱས། ད་ལྟ་བྱེད་ཅིང་འདུག་གམ་མི་འདུག མ་འོངས་པ་ན་དེ་བརྒྱད་དང་ལྡན་པས་བྱེད་དམ་མི་བྱེད་བརྟགས་ཏེ་དེ་དང་མ་འབྲེལ་བ་གལ་ཆེ། མངའ་བདག་ཆེན་པོ། པདྨ་བདག་གི་རྗེས་སུ་འབྲང་ན། ཆོས་གང་ལ་འཇུག་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱེད་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་སྤྱོད་ཅིག དོན་རྒྱ་ཆེ་ལ་ཟབ་པ་དང་ལྡན་པར་སྤྱོད་ཅིག ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་མཐའ་དག་དང་ལྡན་པར་སྤྱོད་ཅིག ཐེག་པ་རིམ་དགུའི་དོན་གང་ཟག་གཅིག་གི་རྒྱུད་ལ་ཡར་ལྡན་དུ་རྫོགས་པར་སྤྱོད་ཅིག སྤྱད་བྱ་དང་སྤྱོད་བྱེད་གང་ཡང་མ་གྲུབ་པའི་ཚུལ་གྱིས་སྤྱོད་ཅིག འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་སྤྱོད་ཅིག བདག་གི་གདམས་པ་འདི་ཁོ་ན་ལྟར་སྤྱོད་ཅིག བྱང་ཆུབ་ཀྱི་འབྲས་བུ་ལ་ཐེ་ཚོམ་མེད་ཀྱིས་གསུངས། དེས་ན་གོང་གི་སྐྱོན་ཐམས་ཅད་འཁོར་བ་ལས་བློ་མ་ལོག ཚེ་འདི་བློས་མ་ཐོང་བས་ལན་པས། དེའི་གཉེན་པོར་འཁོར་བའི་སྡུག་བསྔལ་བསམ་པ་འདི་ཡིན་པས། འདི་ལས་གདམས་ངག་ཟབ་པ་མེད། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་འཁོར་རིམ་གསུམ་དུ་གསུངས་པའི་ཀུན་གྱི་ཐོག་མར། དགེ་སློང་དག་འདི་ནི་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་ཤེས་པར་བྱ་བ་ནས་མགོ་བརྩམས་ཏེ་གསུངས་པ་ཡིན་ཞིང་། འདི་རྒྱུད་ལ་གོམས་ན། སྐྱོ་ཤས་དང་ངེས་འབྱུང་སྐྱེ། རྒྱགས་པ་དང་བག་མེད་སེལ། ཡང་དག་པའི་བླ་མ་དང་གདམས་ངག་ལ་མོས། ལས་འབྲས་ལ་ཡིད་ཆེས་སྐྱེ་བས་དགེ་སྡིག་གི་འདོར་ལེན་ནུས། གཞན་སེམས་ཅན་ཐམས་ཅད་ལ་བྱམས་པ་སྙིང་རྗེ་སྐྱེ་བ་སོགས་ཐེག་གསུམ་ལམ་གྱི་རྟེན་འབྲེལ་ཐམས་ཅད་འདི་ལས་འབྱུང་བས་ཕན་ཡོན་ཚད་མེད། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་། གཅུང་དགའ་བོ་ལ། དམྱལ་བ་མངོན་སུམ་དུ་སྤྲུལ་ནས་བསྟན་པས། ངེས་འབྱུང་གི་བསམ་པ་ཡང་དག་པ་སྐྱེས་ཏེ། བསླབ་པའི་གནས་ཕྲ་མོ་ཙམ་ཡང་མ་འགལ་བས། དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ཏེ། དབང་པོའི་སྒོ་བསྡོམ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་བཞིན་ནོ། །འབྱོངས་པའི་ཚད་ནི་དགེ་བཤེས་གླང་རི་ཐང་པ་ལྟ་བུ་ཞིག་དགོས་ཏེ། གླང་ཐང་པ་ལ་ཉེ་གནས་ཀྱིས། བླ་མ་གཞན་ཚོས་གླང་རི་ཐང་པ་ངོ་ནག་པ་ཟེར་གྱིན་གདའ་ཞུས་པས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལ་བསམས་ན་ངོ་གདོང་དཀར་པོ་འདུག་གེ་གསུངས། སྐོར་གཅིག་ཁོང་གི་མཎྜལ་གྱི་སྟེང་ན་གཡུ་ཞིག་ཡོད་པ་བྱི་བ་གཅིག་གིས་བཏེག་པས་མ་ཐེག་པ་ལ། ཙིག་ཙིག་ཅེས་བྱི་བ་གཞན་ལ་སྦྲན་ནས་གཅིག་གིས་ཕུལ། གཅིག་གིས་འཐེན་པ་གཟིགས་པས་ཞལ་འཛུམ་པ་ཞིག་བྱུང་བ་མ་གཏོགས་ནམ་ཡང་ཞལ་འཛུམ་པ་ཙམ་ཡང་མ་མཛད་པར་གྲགས་སོ། །དེས་ན་དེ་ལྟ་བུའི་ཚུལ་གྱིས་རྟག་ཏུ་གོམས་པར་བྱའོ། །མེ་འོབས་སྲིན་གླིང་ལྟ་བུའི་འཁོར་བ་འདིར། །སྡུག་བསྔལ་འཇིགས་དང་གནོད་པ་བསམ་མི་ཁྱབ། །འདི་ལ་ཞེན་རྣམས་ཀྱེ་མ་ཕྱུགས་བས་བླུན། །བཅོས་མིན་ངེས་འབྱུང་བསྐྱེད་ཅིག་ཤེས་ལྡན་རྣམས། །འཁོར་བའི་སྡུག་བསྔལ་བསམ་པའི་ཁྲིད་དོ། །། །


previousབཞི་པ་འཁོར་བའི་སྡུག་བསྔལ་ལ་བསམས་ནས་སྲིད་པའི་ཕུན་ཚོགས་ལས་བློ་ལྡོག་སྟེ་གཏན་གྱི་ཐར་པ་དོན་དུ་གཉེར་བར་བྱེད་པའི་ཁྲིད།next