Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
   
   
   
   
   
འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད།
   
   


 
previousའགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད།next

འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད།

༈ གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ལ་གསུམ། སྟོབས་བཞིའི་རང་བཞིན་སྤྱིར་བསྟན་པ། བྱེ་བྲག་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དངོས་བཤད་པ། རྗེས་སྡིག་སྒྲིབ་དག་པའི་རྟགས་ཚད་ཕན་ཡོན་བསྟན་པའོ། །དང་པོ་ནི། རང་ཅག་རྣམས་ཚེ་རབས་ཐོག་མ་མེད་པའི་དུས་ནས་གཏན་དུ་འཁོར་བ་ན་འཁོར་ཞིང་ཐར་པ་བྱང་ཆུབ་ཀྱི་གོ་འཕང་མི་འཐོབ་པར་བྱེད་པ་ནི་སྡིག་པ་དང་སྒྲིབ་པ་ཡིན་པས་དེ་སྦྱོང་དགོས་ལ། ཇི་ལྟར་སྦྱོང་བའི་ཚུལ་ནི། རྒྱལ་སྲས་ཞི་བ་ལྷས། སྦྱང་བྱ་སྡིག་པའི་སྒོ་དྲུག་སྟེ། །སྦྱོང་བྱེད་གཉེན་པོ་སྟོབས་བཞིས་སྦྱངས། །སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་གྱི། །རང་བཞིན་དག་པའང་སྔོན་དུ་འགྲོ། །ཞེས་གསུངས་པས། སྦྱང་བྱ། སྦྱོང་བྱེད། སྦྱོང་ཚུལ་གསུམ་ལས། དང་པོ་སྦྱང་བྱ་ནི། སྡིག་པའི་སྒོ་དྲུག་སྟེ། དེ་ཡང་ཀུན་སློང་གི་སྒོ་ནི་ཉོན་མོངས་པ་དུག་གསུམ་སྟེ། དེས་ཀུན་ནས་བསླང་ས་པའི་ལས་རྣམས་ནི་ངོ་བོ་མི་དགེ་བ་བྱེད་ལས་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་དང་། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་སོ། །འགྲིམ་པའི་སྒོ་ནི་ལུས་ངག་ཡིད་གསུམ་སྟེ། ཡུལ་དཀོན་མཆོག་གསུམ་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་ལ་སོགས་པ་ལ། དུས་ཐོག་མ་མེད་ནས་ད་ལྟའི་བར་དུ། ངོ་བོ་མི་དགེ་བ་བཅུ་ལ་སོགས་པ་རང་བཞིན་གྱི་སྡིག་པ་དང་། རབ་བྱུང་ཡིན་ན་ཕྱི་དྲོའི་ཁ་ཟས་ལ་སོགས་པ་བཅས་པ་དང་འགལ་བ་ཐམས་ཅད་དེ། མདོར་ན། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་དམ་ཚིག་དང་འགལ་བ་ཇི་སྙེད་པ་ཐམས་ཅད་དེ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཞེས་སོ། །སྦྱོར་བ་རང་གིས་བྱས་པའམ། གཞན་ལ་བྱེད་དུ་བཅུག་པའམ། བྱས་པ་ལ་རྗེས་སུ་ཡི་རང་བ་རྣམས་ཏེ། སྤྱོད་འཇུག་ལས། ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་བས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱི་གནོད་བགྱིས་གང་ལགས་དང་། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ལྡན་བདག་གིས་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་སྟེ། །ཐམས་ཅད་འདྲེན་པ་རྣམས་ལ་འཆགས། །ཞེས་པ་ལྟར་རོ། །གཉིས་པ་སྦྱོང་བྱེད་ནི། གཉེན་པོ་སྟོབས་བཞི་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་དང་པོ་ནི་མི་དགེ་བའི་ལས་སྤྱོད་ནའང་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉིས་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །གསུམ་པ་ནི། སྡོམ་པ་ཡང་དག་པར་བླང་ནས་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པ་ཡིན་ནོ། །བཞི་པ་ནི། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་འདིར་འཆད་བདེ་བའི་དབང་དུ་བྱས་ཏེ་ཐོག་མར་རྟེན་གྱི་སྟོབས་ནས་བཟུང་རིམ་གྱིས་བཤད་པ་ལ་བཞི་ལས། དང་པོ་རྟེན་གྱི་སྟོབས་ལ་གཉིས། ཡུལ་གྱི་རྟེན་ནི་སྡིག་པ་བཤགས་པའི་ཡུལ་བླ་མ་དགེ་བའི་གཤེས་གཉེན་ནམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་དངོས་སུ་མཆོད་པའི་དབུས་སུ་སྤྱན་དྲངས་ཤིང་ཡིད་ཀྱི་དམིགས་པས་ཀྱང་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་དཔང་པོའི་ཚུལ་དུ་མངོན་སུམ་གྱིས་བཞུགས་པར་མོས་པ་སྟེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཞེས་དང་། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཞེས་པའི་ཚུལ་གྱིས་སོ། །རང་རྒྱུད་ཀྱི་རྟེན་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཡིན་པས་སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་སྙིང་རྗེས་རྫོགས་བྱང་དོན་གཉེར་གྱི་སེམས་དང་ལྡན་པས། སྐྱབས་འགྲོ་སྤྱི་དང་། ཁྱད་པར་སྤྱོད་འཇུག་ལས་གསུངས་པའི་གཙོ་རྒྱལ་མ་ལྟ་བུས་འཇིགས་པ་ལས་སྐྱབས་པར་གསོལ་བ་འདེབས་པ་སྟེ། དེ་ཡང་སྐྱབས་སུ་འགྲོ་བས་སྡིག་པ་འདག་པ་ནི། མྱ་ངན་འདས་ཆེན་གྱི་མདོ་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བས། །འཇིགས་པ་མེད་པར་ཐོབ་པར་འགྱུར། །ཞེས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་སྡིག་པ་འདག་པ་ནི། སྤྱོད་འཇུག་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །གཉིས་པ་རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་ལྟུང་དྲན་ཞིང་འགྱོད་པ་དྲག་པོས་དེ་དང་དེའི་མིང་དངོས་སུ་བརྗོད་ནས་བཤགས་པ་བྱེད་པ་སྟེ། དེ་ཡང་ཇི་ལྟར་འགྱོད་པར་བྱ་ཞེ་ན། འགྱོད་པ་སྐྱེད་ལུགས་གསུམ་སྟེ། དོན་མེད་པར་བརྟགས་ལ་འགྱོད་པ་སྐྱེད་པ་དང་། འཇིགས་པར་བརྟགས་ལ་འགྱོད་པ་སྐྱེད་པ་དང་། མྱུར་དུ་འབྲལ་དགོས་པར་བརྟགས་ལ་འགྱོད་པ་སྐྱེད་པའོ། །དེ་ལ་དང་པོ་ནི། བདག་གིས་བྱས་པའི་སྡིག་པ་དེ་ཡང་། རེས་འགའ་དགྲ་འདུལ་བའི་ཆེད་དུ་བྱས། རེས་འགའ་ནི་གཉེན་བསྐྱང་བའི་ཆེད་དུ་བྱས། རེས་འགའ་ནི་རྙེད་བཀུར་དང་སྙན་གྲགས་ཀྱི་ཆེད་དུ་བྱས། རེས་འགའ་ལུས་གནས་པའི་ཆེད་དུ་བྱས། རེས་འགའ་ལོངས་སྤྱོད་དང་ནོར་རྫས་གསོག་པའི་ཆེད་དུ་བྱས་ཏེ། བདག་ཤི་ནས་འཇིག་རྟེན་ཕྱི་མར་སྐྱེས་འདེགས་པའི་ཚེ། དགྲ་དང་གཉེན་དང་ཡུལ་དང་ལུས་དང་ནོར་རྫས་སོགས་དེ་རྣམས་ནི་བདག་དང་མི་འགྲོགས་པར། ལས་ངན་གྱི་སྡིག་སྒྲིབ་རྣམས་བདག་དང་འགྲོགས་ནས་གང་དུ་སྐྱེ་བ་དེར་གནོད་བྱེད་ཀྱི་གཤེད་མར་ལྡང་བ་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་ཚོགས་རྣམས་ཀྱང་། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་དང་། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འདོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཞེས་དང་། སྤྱོད་འཇུག་ལས། ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །མི་མཛའ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་སོ། །དེས་ན་སྡིག་པ་ནི་དགྲ་གཉེན་གཉིས་དང་། ལུས་ལོངས་སྤྱོད་སོགས་ཀྱི་ཕྱིར་བྱས་པ་ཡིན་ན། དེ་ཐམས་ཅད་དང་བདག་ཡུན་དུ་འགྲོགས་སུ་མེད་ཅིང་། རང་ངན་སོང་དུ་ལྟུང་སྟེ་ཤིན་ཏུ་ཉམ་ཐག་ཅིང་དགོས་གལ་ཆེ་བའི་སྐབས་སུ་ནི་དེ་དག་རང་གི་ཕྱོགས་ཙམ་དུ་མི་ཉེ་ཞིང་ཕན་མེད། རྣམ་སྨིན་སྡུག་བསྔལ་གྱི་འབྲས་བུ་ནི་རང་འབའ་ཞིག་གི་མྱོང་དགོས་པས། སྡིག་པ་ཉིད་ཚེགས་ཆེ་ལ་དོན་ཆུང་བར་བསམས་ལ་འགྱོད་པ་དྲག་པོ་བསྐྱེད་དོ། །གཉིས་པ་ནི། གལ་ཏེ་དོན་མེད་ཀྱང་དེས་བདག་ལ་གནོད་པར་མི་འགྱུར་སྙམ་ན་མ་ཡིན་ཏེ། སྡིག་པ་བྱས་པའི་འབྲས་བུས། རང་ཉིད་འཆི་ཀ་དང་། ཤི་བའི་ཚེ་དང་། ཤི་བའི་འོག་ཏུ་འཇིགས་པ་མི་བཟད་པ་བསྐྱེད་པར་བྱེད་དེ། དེ་ཡང་མི་སྡིག་པ་ཅན་རྣམས་འཆི་ཀའི་དུས་སུ་གནད་གཅོད་དང་འཁྲུལ་སྣང་སོགས་སྡུག་བསྔལ་མི་བཟད་པ་མྱོང་སྟེ། སྤྱོད་འཇུག་ལས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བ་དང་། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་སོ། །དེ་ནས་ཤི་བའི་ཚེ་ནའང་། གཤིན་རྗེའི་ཕོ་ཉ་སྐྱེས་བུ་མདོག་ནག་ཅིང་མིག་རྩ་དམར་བ་འཇིགས་སུ་རུང་བའི་སྒྲ་དྲག་པོ་སྒྲོག་པའི་གཏུམ་པོ་མ་རུངས་པ་རྣམས་ཀྱིས་ཞགས་པས་མགུལ་ནས་བཅིངས་ཤིང་། དབྱུག་པ་དང་ཤང་ལང་ལ་སོགས་པ་མེ་འབར་བའི་མཚོན་ཆ་ཐོགས་པ་རྣམས་ཀྱིས་རྡེག་ཅིང་ཕྱིན་ནས་དེད་དེ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་དྲག་པོ་དང་བཅས་ཏེ། མཚོན་ཆའི་ཐང་དང་རྡོ་བསྲེགས་ཀྱི་ས་གཞི་སོགས་ཉམས་ང་བའི་དམྱལ་གནས་རྣམས་སུ་འཁྲིད་ཅིང་རང་དབང་མེད་པར་སྡུག་བསྔལ་བའི་གནོད་པ་མི་བཟད་པ་འབྱུང་སྟེ། སློབ་སྤྲིང་ལས། དུས་ཀྱི་ཞགས་པས་སྐེ་ནས་བཏགས་ཏེ་གཤིན་རྗེ་མི། །གཏུམ་པོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་འཁྲིད་པར་འགྱུར། ཞེས་དང་། སྤྱོད་འཇུག་ལས། སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔར་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང་། །འཇིགས་ཆེན་ནད་ཀྱི་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་དང་། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་སོ། །ཤི་བའི་འོག་ཏུ་འཇིགས་པའང་། སྡིག་པའི་འབྲས་བུས་ངན་སོང་དམྱལ་བ་ཆེན་པོར་ལྟུང་ནས། བཙོ་བསྲེགས་གཤོག་འདྲལ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་ཏེ། བཤེས་སྤྲིང་ལས། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གིས། །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པར་སྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་སོ། །དེས་ན་སྡིག་པའི་འབྲས་བུ་དེ་ཤིན་ཏུ་འཇིགས་པས་འགྱོད་པ་ཡང་ཡང་བསྐྱེད་པར་བྱའོ། །གསུམ་པ་ནི། སྡིག་པ་དེ་ཕྱིས་བཤགས་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། སྡིག་པ་མ་བྱང་བའི་སྔོན་དུ་བདག་ཉིད་འཆི་བའི་དོགས་པ་ཡོད་དེ། སྤྱོད་འཇུག་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་འཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་སོ། །སྡིག་པ་མ་བྱང་བར་བདག་མི་འཆིའོ་སྙམ་ན། འཆི་བདག་གི་བདུད་དེས་བདག་གི་སྡིག་པ་བྱང་བ་དང་མ་བྱང་བའི་ཚིས་ལ་མི་ལྟ་བར། གླགས་གང་རྙེད་ཀྱིས་འཕྲལ་དུ་སྲོག་འཕྲོག་པར་བྱེད་པས་ཡིད་བརྟན་མི་རུང་སྟེ། དེ་ལས། ཡིད་བརྟན་མི་རུང་འཆི་བདག་འདིས། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་སོ། །དེས་ན་སྡིག་པ་མ་བྱང་བར་འཆི་དོགས་ཡོད་པས་མྱུར་དུ་བཤགས་པ་ལ་འབད་པར་བྱ་སྟེ། དེ་ཡང་མཐོལ་བཤགས་ཞེས་པ། ཉེས་པ་བྱས་པ་གསང་ཞིང་སྦས་ན་སྡིག་པ་དེ་ཇེ་འཕེལ་དུ་འགྱུར་ལ། མ་གསང་ཞིང་མ་སྦས་པར་སྐྱོན་དུ་ཤེས་ནས་ཚོགས་སུ་བསྒྲགས་ན་སྡིག་པ་དེ་སྟོབས་ཇེ་ཆུང་དུ་འགྱུར་ཞིང་། ནམ་ཡང་འཕེལ་བར་མི་འགྱུར་བས། བདག་གིས་ཉེས་པ་འདི་ལྟ་བུ་བགྱིས་སོ་ཞེས་བཤགས་ཡུལ་གཙོ་བོར་གྱུར་པའི་ཚོགས་སུ་བསྒྲགས་པ་ནི་མཐོལ་བ་ཡིན་ལ། བདག་གིས་འདི་ལྟར་བགྱིས་པ་ནི་ཤིན་ཏུ་ཉེས་ཤིང་བླུན་ནོ་ཞེས་འགྱོད་པ་དྲག་པོས་སེམས་གདུང་བ་དང་བཅས་ཏེ་ལས་དེ་སྐྱོན་དུ་ཁས་ལེན་པ་ནི་བཤགས་པ་སྟེ། རང་ཉིད་ཉེས་པ་དང་བཅས་པས་ཞུམ་ཞིང་དམའ་བའི་གནས་སུ་ཞུགས། གཞན་ཉེས་པ་དེ་དང་མི་ལྡན་པ་རྣམས་ཡོན་ཏན་གྱིས་མངོན་པར་མཐོ་ཞིང་མཆོག་དང་ངོ་མཚར་ཅན་དུ་ཤེས་པས་གུས་པས་གཙུག་ཏུ་ཁུར་བའི་བློས་ཀུན་ནས་བསླང་སྟེ། རང་གིས་ཉེས་སྤྱོད་བགྱིས་པ་ལ་ངོ་ཚ་ཡང་། གསོང་པོར་སྨྲ་བའི་སྒོ་ནས། ཁྱེད་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་དུ་གསོལ། ལས་འདི་དག་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་གྱི་སྙིང་པོའོ། །གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་ལ་སྤྱོད་པ་སྟེ། དེ་ལས་འགྲུབ་སླ་ཞིང་ཕན་ཡོན་ཆེ་བ་འགའ་ཞིག་གཅེས་པར་བཏུས་པ་ལ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྒོ་དྲུག་ཅེས་གྲགས་ཏེ། དེ་ལ་དང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བཟུང་བ་ནི། དཔེར་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་མཚན་ཐོས་ན་བསྐལ་ཆེན་བརྒྱད་ཁྲིའི་སྡིག་པ་བྱང་བར་གསུངས་པ་ལྟ་བུ་མདོ་སྡེ་རྣམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཞིག་གི་མཚན་དང་དེ་བཟུང་བས་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་བའི་ཚུལ་རྒྱ་ཆེར་བཀའ་སྩལ་པ། ཀུན་མཁྱེན་བླ་མ་འཇམ་དཔལ་རྡོ་རྗེས་ཕྱོགས་བསྡུས་སུ་མཛད་པ་མཚན་འབུམ་ནོར་བུའི་ཕྲེང་བ་ལྟ་བུ་སྟེ། དེ་ཉིད་རང་གིས་བརྗོད་པའམ་གཞན་ལ་སྒྲོག་པར་བྱེད་དུ་བཅུག་པའོ། །གཉིས་པ་གཟུགས་སྐུ་དང་མཆོད་རྟེན་བཞེངས་པ་ནི། དེ་གཉིས་ཀྱིས་མཚོན་ནས་སངས་རྒྱས་ཀྱི་གསུང་རབ་དང་བཅས་པ་བཞེངས་པ་སྟེ། དེ་ཡང་སྐུ་རྟེན་གྱི་སྡིག་པ་བྱང་བ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱ། རལ་བ་གསོ་བར་བྱ། གྲུམ་པ་བཅོས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་ན། རིགས་དམའ་བ་ཐམས་ཅད་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བ་ལ་རེག་པ་ལ། རབ་ཏུ་དག་པར་བསྐྲུས་ཏེ་སྤོས་ཀྱིས་བྱུགས་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེ་ཇི་ལྟར་མེ་ཡི་ཕུང་པོས་མར་ཚིག་སྟེ་དུ་བ་ཡང་མི་མངོན་པ་བཞིན། དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་སོ། །མཆོད་རྟེན་གྱིས་སྡིག་པ་བྱང་བ་ནི། གཙུག་ཏོར་དྲི་མེད་ལས། མཆོད་རྟེན་བཞེངས་པའི་ཆོ་གའི་ཚུལ་རྣམས་གསལ་བར་བསྟན་ནས། དེས་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔ་ཡི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་པ་མཉམ་པའི་ཕྱིར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། སྒྲིབ་སེལ་གཟུངས་སོགས་གཞན་ལས་ཀྱང་། མཆོད་རྟེན་མཐོང་བ་དང་། དྲིལ་བུའི་སྒྲ་ཐོས་པ་ཙམ་གྱིས་ཀྱང་མཚམས་མེད་པ་ལྔ་སོགས་བྱང་ཞིང་འཆི་བའི་འོག་ཏུ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བར་གསུངས་པ་སོགས་མང་ངོ་། །སངས་རྒྱས་ཀྱི་གསུང་རབ་འབྲི་འཆང་ཀློག་སོགས་ཀྱི་སྒྲིབ་པ་འཛད་པ་ནི་གཞུང་སོ་སོ་ནས་གསུངས་པ་ལྟར་ཚད་མེད་ལ། འཕགས་པ་བཟང་པོ་སྤྱོད་པ་ལས་ཀྱང་། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཞེས་དང་། གང་གིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་རྟེན་ལ་ཕྱག་མཆོད་སྐོར་བ་བྱེད་པ་ནི། རྟེན་གསུམ་དང་དགེ་འདུན་ལ་ཕྱག་དང་མཆོད་པ་མཎྜལ་འབུལ་བ་སོགས་ཚོགས་གསོག་དང་། སྔགས་ལ་ཞུགས་པ་ཡིན་ན། ཚོགས་ཀྱི་མཆོད་པ་དང་། བཤགས་སྐོང་ཀུན་གྱི་མཆོག་ནི་བླ་མ་མཉེས་པར་བྱ་བ་སྟེ། མེ་ཏོག་བརྩེགས་པའི་གཟུངས་ལས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཀྱིས་བསྙེན་བཀུར་བ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་རྡུལ་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ལམ། ཕུལ་ན་དགའ་བའི་སེམས་ཀྱིས་གོམས་པའི་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་བརྩེ་བ་བསྐལ་པ་བརྒྱའམ། བསྐལ་པ་སྟོང་དུའམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་དང་། རྡོ་རྗེ་ཉི་མ་ལས། འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་ན་རང་གི་སྲོག་གིས་བསྐང་། །ཞེས་དང་། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མར་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གལ་ཏེ་ཙནྡན་ག་བུར་རམ། །དྲི་ཡིས་བླ་མ་མཉེས་བྱས་ན། །བསྐལ་པ་སྟོང་ཕྲག་དུ་མར་ནི། །སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ། །མཆོད་ལས་བསོད་ནམས་ཁྱད་པར་འཕགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྐུ་གཟུགས་སྟོང་ཕྲག་གཞལ་མེད་ལ། །རིན་ཆེན་ལྔ་ཡིས་སྤྲས་པ་བས། །བླ་མའི་སྐྲའམ་བ་སྤུ་ཞིག །རིན་ཆེན་ལྔ་ཡིས་བརྒྱན་པ་ན། །འདི་ནི་བསོད་ནམས་ཕ་མཐའ་ཡས། །ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བཅུག་པ་ཡིས། །སྔ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་དྲངས་བསོད་ནམས་ལ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གསང་སྙིང་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པ་དང་། །ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། །ཞེས་སོ། །བཞི་པ་མདོ་རྒྱུད་ཟབ་མོ་ཀློག་པའམ་ཁ་ཏོན་བྱ་བ་ནི། སྤྱིར་སངས་རྒྱས་ཀྱི་བཀའ་རྣམས་ལ་ཁྱད་མེད་ཀྱང་། གཙོ་བོར་སྡིག་སྒྲིབ་སྦྱང་བ་ལ་ཆེད་དུ་བསྔགས་པ་བྱང་ཆུབ་ལྟུང་བཤགས་དང་ཐར་པ་ཆེན་པོའི་མདོ་སོགས་དང་དྲི་མེད་བཤགས་པའི་རྒྱུད་སོགས་མདོ་རྒྱུད་ཟབ་མོ་རྣམས་ཀློག་པ་དང་། ཁ་ཏོན་བྱེད་པ་སྟེ་ཕན་ཡོན་གྱི་ཁྱད་པར་སོགས་རང་གཞུང་ནས་བསྟན་པ་བཞིན་ནོ། །ལྔ་པ་གཟུངས་སྔགས་བཟླ་བ་ནི། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་དང་མི་འཁྲུགས་པའི་གཟུངས་སོགས་སྡིག་སྦྱངས་ལ་ལྷག་པར་བསྔགས་པ་དང་། གཞན་ཡང་ཀུན་མཁྱེན་འཇམ་དཔལ་རྡོ་རྗེས་བཀའ་བསྡུ་གནང་བའི་གཟུངས་འབུམ་ལྟ་བུ་བཀླག་ཅིང་ཕན་ཡོན་གྱི་ཁྱད་པར་རྣམས་ལ་ཡིད་ཆེས་བསྐྱེད་པར་བྱའོ། །དྲུག་པ་སྟོང་ཉིད་བསྒོམ་པ་ནི། གནས་ལུགས་ངོ་འཕྲོད་ཀྱི་ལྟ་བ་སྐྱོང་རྒྱུ་ཡོད་ན་དེའི་ངང་དང་། དེ་ལྟར་མེད་ན། སྡིག་པའི་ལས་དེ་ཉིད་དང་། བྱེད་པ་པོ་གང་ཟག་དང་། སྡིག་པའི་ས་བོན་འཛིན་པའི་རྣམ་ཤེས་དང་། འབྲས་བུ་སྡུག་བསྔལ་དང་བཅས་པ་ལ་རྒྱུ་གང་ལས་སྐྱེས། ངོ་བོ་ཇི་ལྟ་བུ། གནས་གང་ན་གནས། མཐར་གང་དུ་འགགས་སོགས་སོ་སོར་བརྟགས་ནས་མཐར་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་པ་སྟེ། ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚང་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་དང་། སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་མ་དང་རང་སངས་རྒྱས་བསད་པ་ཡང་། སྟོང་པ་ཉིད་བསྒོམས་པས་རྣམ་པར་གྲོལ་ལོ། །ཞེས་སོ། །མདོར་ན་སྡིག་པའི་ལས་བྱས་པ་གཉེན་པོ་དགེ་བའི་ལས་ཀྱིས་འགོག་པ་སྟེ། འདུལ་བ་ལུང་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་བྱུང་བ་བཞིན། །འཇིག་རྟེན་འདི་དེར་སྣང་བར་འགྱུར། །ཞེས་སོ། །འོ་ན་སྡིག་པའི་གཉེན་པོར་དགེ་བ་བྱེད་པ་དེ་ཡང་སྡིག་པ་བྱས་པ་ཇི་སྙེད་ཀྱི་དགེ་བ་བྱ་དགོས་སམ་ཞེ་ན། དེ་ཙམ་མི་དགོས་ཏེ། མྱ་ངན་འདས་ཆེན་གྱི་མདོ་ལས། དགེ་བ་གཅིག་བྱས་ཀྱང་སྡིག་པ་མང་པོ་འཇོམས་ཏེ། ཞེས་དང་། རྡོ་རྗེ་ཆུང་ངུས་རི་རབ་བམ། མེ་ཆུང་ངུས་རྩྭ་ཤིང་ངམ། དུག་ཆུང་ངུས་སེམས་ཅན་འཇོམས་པ་ལྟར། དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་ནུས་པར་གསུངས་པ་ཡིན་ནོ། །བཞི་པ་སོར་ཆུད་པའི་སྟོབས་ནི། དུག་གི་རྒྱུས་ཤེས་པས་ཕྱིན་ཆད་དུག་མི་འཐུང་བ་བཞིན་དུ། རྣམ་སྨིན་གྱི་འབྲས་བུ་ལ་འཇིགས་ནས། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་འདི་དག་མི་བྱའོ་ཞེས་དམ་བཅས་ནས་ཉེས་སྤྱོད་ཀྱི་ལས་མི་བྱེད་པ་སྟེ། སྤྱོད་འཇུག་ལས། འདྲེན་པ་རྣམས་ཀྱིས་བདག་ནི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་སྦྱོང་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས་སྦྱོར་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསམ་ལ་སྐྱབས་འགྲོ་བྱ། དངོས་གཞི་སྡིག་པ་ཐམས་ཅད་དྲན་ཞིང་འགྱོད་པས་རང་གཞན་གྱི་སྡིག་པ་ཐམས་ཅད་ལྕེ་ཐོག་ཏུ་ནག་ལིང་ངེར་བསམ་པ་བཤགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨིན་མཚམས་སོགས་ནས་འོད་ཟེར་བྱུང་སྟེ་འཕྲལ་དུ་དག་པར་བསམ་རྗེས་འོད་ཟེར་མང་དུ་བྱུང་ནས་སྡིག་པ་ཐམས་ཅད་དག ལུས་ཤེལ་གོང་ལྟར་གྱུར་པར་བསམས་ལ། སྡིག་པ་བཤགས་པའི་ཚིག་བྱང་ཆུབ་ལྟུང་བཤགས་དང་བཟང་སྤྱོད་སྤྱོད་འཇུག་སོགས་ལས་འབྱུང་བའམ། བླ་མ་རྡོར་འཛིན་མ་ལྟ་བུ་བརྗོད་པའི་མཐར། གང་ལ་བཤགས་པའི་རྟེན། གང་བཤགས་པའི་སྡིག་པ། གང་གིས་བཤགས་པའི་བྱེད་པོ་རྣམས་མི་དམིགས་པའི་ངང་ལ་བཞག་པ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །གཉིས་པ་བྱེ་བྲག་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་དམིགས་ཁྲིད་དངོས་བཤད་པ་ནི། དེ་ཡང་རང་ཅག་རྣམས་གཞན་དོན་དུ་རྫོགས་བྱང་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་གེགས་ནི་སྡིག་སྒྲིབ་ཡིན་པས་དེ་སྦྱང་དགོས། དེ་སྦྱོང་བྱེད་ཀྱི་མཆོག་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡིན་པས་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་དུ་བསམ་ནས་ལུས་སེམས་རྣལ་དུ་ཕབ་ལ། རང་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་ཁ་ཡར་བལྟ་བ། རྩ་བ་རང་གི་ཚང་བུག་ཏུ་ཟུག་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རྣམས་གསལ་གདབ། དེ་ལ་གསལ་སྣང་ཐོན་པ་དང་། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམས་ལ་རབ་ཏུ་རྒྱས་པའི་ཞལ་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཡུམ་རྡོ་རྗེ་སྙེམས་མ་དཀར་པོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ང་རྒྱལ་མ་སྤངས་གནས་སུ་དག་པའི་བརྡར་ཕྱག་ཞབས་རྣམས་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ་དག་པའི་བརྡར་ཕྱག་སོར་རྣམས་སྦྲུལ་གྱི་མཇུག་མ་ལྟར་ལྕུག་པ། འདོད་ཆགས་མ་སྤང་གནས་སུ་དག་པའི་བརྡར་ཐབས་ཤེས་ཕན་ཚུན་གཡུ་ལྗང་ལྟར་འཁྲིལ་བ། གཏི་མུག་མ་སྤངས་གནས་སུ་དག་པའི་བརྡར་སྐུ་སྐེད་ཐང་ཤིང་ལྟར་དྲང་ཞིང་ལྡེམ་པ། ཕྲག་དོག་མ་སྤངས་གནས་སུ་དག་པའི་བརྡར་བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཤ་ཆགས་པ། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་བརྡར་དབུས་ཀྱི་རི་བོ་མཆོག་རབ་ལྟར་ལྷུན་སྟུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་བརྡར་སེང་གེ་འབུམ་གཞིབས་པ་ལྟར་གཟི་བྱིན་དང་ལྡན་པ་སྟེ་ཞི་བའི་ཉམས་དགུ་དང་ལྡན་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུ་སྟེ་དར་སྣ་ཚོགས་པའི་སྨད་དཀྲིས། དར་སྣ་ལྔའི་ཅོད་པཎ། དར་མཐིང་ཁྲའི་ཟི་ལྡིར་ཏེ་རྒྱབ་འཕན། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། ཕྱག་གདུབ་ཞབས་གདུབ། སྐ་རགས། དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང་། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འགྲེང་སྟབས་སུ་ལངས་པའི་ལྟེ་བར་ཧཱུྃ་དཀར་པོ། དེ་ལ་ཡིག་བརྒྱའི་སྔགས་ཕྲེང་དཀར་པོས་གཡས་སུ་བསྐོར་བར་དམིགས་ཏེ། དེ་ཉིད་སྐྱབས་གནས་ཀུན་འདུས་སུ་མོས་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་སྤྱི་དང་བྱེ་བྲག་སྡོམ་པ་གསུམ་གྱི་བསྲུང་མཚམས་དང་འགལ་བ་ཁྱད་པར་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་དང་འགལ་བའི་ལས་རང་གིས་བྱས་པ་དང་། གཞན་ལ་བཅོལ་བ་དང་། གཞན་གྱིས་བྱས་པ་ལ་ཡི་རང་བགྱིས་པ་སོགས་དངོས་སུ་གང་དྲན་པ་རྣམས་གཙོ་བོར་ཡིད་ཡུལ་དུ་བྱས་ཏེ་ངོ་ཚ་དང་གནོང་འགྱོད་ཀྱི་བསམ་པ་དྲག་པོས་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་པ་དང་། མ་གུས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་སྔོན་ཆད་སྡིག་པའི་ལས་ཅི་དང་ཅི་བགྱིས་པ་ཐམས་ཅད་མི་འཆབ་བོ། །མི་སྦེད་དོ། །མཐོལ་ལོ་བཤགས་སོ། །སྡིག་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་སྙིང་ཁུང་རུས་པའི་གཏིང་ནས་བསམ་པ་ནི་སུན་འབྱིན་པའི་སྟོབས་སོ། །ད་ཕྱིན་ཆད་ལས་ཅི་ལ་ཐུག་ཀྱང་འཆི་བ་སྲོག་ལ་བབས་ཀྱང་། དེ་ལྟ་བུའི་སྡིག་པའི་ལས་དངོས་སུ་ལྟ་ཅི། ཐ་ན་རྨི་ལམ་དུ་ཡང་མི་བགྱིད་དོ། །དེ་ལྟར་བགྱིད་པར་མ་གྱུར་ཅིག་སྙམ་པ་སྡིག་པ་ལས་སླར་ལྡོག་པའི་སྟོབས་སོ། །སྔར་བྱས་ཀྱི་གཉེན་པོར་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞིའི་དམིགས་གནད་དྲན་བཞིན་པའི་ངང་ནས་ཡི་གེ་བརྒྱ་པ་དག་ཅིང་གསལ་ལ་མི་ཚིག་སོགས་ཀྱི་བར་མ་ཆོད་པར་བརྒྱ་སྟོང་ཁྲི་འབུམ་སོགས་སྡིག་སྒྲིབ་དག་པའི་རྟགས་མཚན་མངོན་དུ་མ་གྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ལྟར་བཟླས་པའི་ཚེ་ཐོག་མར་ཐུགས་ཀའི་ས་བོན་དང་། ཞབས་ཀྱི་མཐེ་བོང་གི་རྩེ་དང་། ཡབ་ཡུམ་མཉམ་སྦྱོར་གྱི་མཁའ་གསང་དང་མཐར་སྐུ་ཡི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་དཀར་ཆིལ་ཆིལ་བབ་པ་པད་སྡོང་ལ་འཁྲིལ་བའི་ཚུལ་དུ་བྱུང་བ་རང་གི་ཚང་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག་དང་ལྗན་ལྗིན། གདོན་ཐམས་ཅད་སྡིག་སྦྲུལ་སོགས་སྲོག་ཆགས་ཕྲ་མོའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་སོལ་ཁུའམ་དུད་ཁུའི་རྣམ་པ་ཅན་ནག་ཉིལ་གྱིས་རང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས། མདོར་ན་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་ཕྱིར་སང་སང་སོང་ནས་རང་ལུས་ཤེལ་གོང་དག་པ་ལྟར་གྱུར་བར་མོས། སླར་ཡང་སྔར་ལྟར་གསོལ་བ་བཏབ་པས་བྱང་སེམས་བདུད་ཅིའི་རྒྱུན་དེས་རང་གི་སྤྱི་གཙུག་ནས་རྐང་སེན་གྱི་བར་དེ་སྲིད་དུ་མེར་ཁྲིག་གེ་ལྟེམ་ཙེར་གྱིས་གང་བས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་དངོས་གྲུབ་ཐོབ། ཁྱད་པར་དངོས་གཞིའི་ལམ་གྱི་ཡོན་ཏན་མཐའ་དག་རྩོལ་མེད་དུ་སྐྱེ་ནུས་པའི་སྣོད་རུང་དུ་བྱིན་གྱིས་བརླབས་པར་མོས། མཐར་ཐུན་འཇོག་པ་ན། མགོན་པོ་བདག་ནི་སོགས་ཀྱིས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དགྱེས་པས་ཞལ་འཛུམ་པ་དང་བཅས་ཏེ། འོ་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་པར་བསམས་ལ། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དབུའི་ནོར་བུ་ནས་མར་འོད་དུ་ཞུ། གདན་པདྨ་ནས་ཡར་འོད་དུ་ཞུ། ཐུགས་འོད་ལྔའི་གོང་བུའི་རང་བཞིན་དུ་གྱུར་པ་དེ་ཉིད་རང་གི་ཚང་བུག་ནས་ཞུགས་སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་བསམས་ལ་སྡིག་སྒྲིབ་སྦྱང་བྱ་སྦྱོང་བྱེད་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཏེ་མཐར་འཁོར་གསུམ་ཡང་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་རྗེས་བསྔོ་བ་བྱའོ། །གསུམ་པ་རྗེས་སྡིག་སྒྲིབ་དགེ་བའི་རྟགས་ཚད་ཕན་ཡོན་བསྟན་པ་ནི། དེ་ལྟར་སྟོབས་བཞིའི་དམིགས་པ་དང་ལྡན་པའི་སྡིག་པ་བཤགས་པས་དག་པའི་རྟགས་རྨི་ལམ་དུ་ཡོང་སྟེ། སྐུལ་བྱེད་ཀྱི་གཟུངས་ལས། རྨི་ལམ་ན་ཟས་ངན་སྐྱུགས་པ་དང་། ཞོ་དང་འོ་མ་སོགས་འཐུང་བ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་མཆོག་དང་རི་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་ལ་སོགས་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། ཞེས་གསུངས་པ་དང་། གཞན་ཡང་ཁྲུས་བྱས་པ་དང་། གོས་དཀར་པོ་གྱོན་པ་དང་། བླ་མ་དང་ཡི་དམ་གྱི་ཞལ་མཐོང་བ་དང་། གསུང་ཐོས་པ་སོགས་དང་། དངོས་སུ་ཡང་ཉམས་དགའ་ཞིང་རིག་པ་དྭངས་པ་དང་། དགེ་སྦྱོར་འཕེལ་བ་དང་། ཤེས་རབ་དང་སྙིང་རྗེ་རྩོལ་མེད་དུ་སྐྱེ་བ་སོགས་ལམ་གྱི་ཡོན་ཏན་ཅི་རིགས་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེ་ལྟར་སྟོབས་བཞི་ལ་བརྟེན་པས་སྡིག་སྒྲིབ་དག་པའི་ཤེས་བྱེད་དམ་ཕན་ཡོན་ཡང་། སྔོན་བྲམ་ཟེའི་ཁྱེའུ་མི་གདུང་བ་སོར་མོའི་ཕྲེང་བ་ཅན་ཞེས་བྱ་བ་མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་པའི་སྡིག་ཅན་ཞིག་ཀྱང་རྣམ་པར་སུན་འབྱིན་པའི་སྟོབས་ལ་བརྟེེན་ནས་བཤགས་པས་སྡིག་པ་བྱང་ནས་ཚེ་དེ་ཉིད་ལ་དགྲ་བཅོམ་པ་ཐོབ་པ་དང་དེ་བཞིན་དུ་ཁྱེའུ་བདེ་བྱེད་ཅེས་བྱ་བ་མ་བསད་པའི་སྡིག་ཅན་ཞིག་ཀྱང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་དག་ནས་ལྷར་སྐྱེས་ཏེ་འཕགས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དང་། གཅུང་དགའ་བོ་ཞེས་བྱ་བ་བུད་མེད་ལ་ཆགས་པའི་སྡིག་ཅན་ཀྱང་སྡོམ་པའི་སྟོབས་ཀྱིས་སྡིག་པ་དག་ནས་དགྲ་བཅོམ་པ་ཐོབ་པ་དང་། རྒྱལ་བུ་མཐོང་ལྡན་ཞེས་པ་ཕ་བསད་པའི་སྡིག་ཅན་ཞིག་ཀྱང་རྟེན་གྱི་སྟོབས་ཀྱིས་སྡིག་པ་དག་ནས་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་ཏེ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པ་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོ། །གཞན་ཡང་གསེར་འོད་དམ་པའི་མདོ་ལས། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་དང་། བྱམས་པ་སེང་གེ་སྒྲ་ཆེན་པོས་ཞུས་པའི་མདོ་ལས། མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་བགྱི། །མཁས་པས་ཉེས་པ་བཤགས་ན་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཞེས་དང་། ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩ་ནས་བཏོན་པ་བཞིན། །ཞེས་གསུངས། ཁྱད་པར་དུ་རྡོར་སེམས་བསྒོམ་བཟླས་བགྱིས་པའི་ཕན་ཡོན་ཀྱང་། གསང་བ་སྤྱི་རྒྱུད་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །རྡོ་རྗེ་སེམས་དཔའ་ལ་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །དེ་ཡིས་ལྟུང་སོགས་བྱིན་བརླབས་ནས། །འཕེལ་བར་ནམ་ཡང་མི་འགྱུར་རོ། །འབུམ་ཕྲག་གཅིག་ནི་བཟླས་པ་ན། །སྒྲུབ་པ་མཆོག་གི་ལེགས་བཤད་པས། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། མེ་ཏོག་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་སེམས་དཔའ་སྒོམ། །རང་བྱུང་ཡི་གེ་བརྒྱ་པའི་མཐུས། །སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར། །ཞེས་དང་། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམ་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཤིན་ཏུ་མི་བཟད་སྒྲིབ་གཉིས་མུན་ཚོགས་ཀྱིས། །ཡོངས་ཁེབས་སྲིད་པའི་ནགས་ན་ཉམས་ཉེས་པ། །སྟོབས་བཞི་ནོར་བུའི་སྒྲོན་མེས་རབ་བསལ་ནས། །རྣམ་གྲོལ་ཐར་གླིང་བགྲོད་ཅིག་ཤེས་ལྡན་རྣམས། །རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ཀྱི་སྐབས་སོ། །། །


previousའགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད།next