Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
   
   
   
   
   
   
ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད།
   


 
previousཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད།next

ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད།

༈ བཞི་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ་གསུམ། གོ་དོན་སྤྱིར་བཤད་པ། འབུལ་ཚུལ་བྱེ་བྲག་ཏུ་བསྟན་པ། ཞར་བྱུང་དཀོན་མཆོག་མཆོད་པའི་ཕན་ཡོན་ཅུང་ཟད་བཤད་པའོ། །དང་པོ་ནི། བདག་ལེགས་སུ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུའང་། རྒྱུ་ཚོགས་གཉིས་ལ་མ་བརྟེན་པར་མངོན་དུ་བྱེད་མི་ནུས་ཤིང་། ཁྱད་པར་དངོས་གཞིའི་ཉམས་ལེན་གྱི་སྙིང་པོ་བདག་མེད་རྟོགས་པའི་ཤེས་རབ་བམ་ཟབ་མོ་སྟོང་པ་ཉིད་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་ཚོགས་གཉིས་ཀྱི་བྱེད་རྐྱེན་ལ་རག་ལས་པ་ཡིན་ཏེ། ཤེར་ཕྱིན་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་དང་། ཞི་བྱེད་ཆུ་ཀླུང་རོལ་པའི་མདོ་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བཙལ་བ་རྨོངས་པར་ཤེས་པར་བྱ། །ཞེས་སོ། །དེ་ལ་ཚོགས་གཉིས་བསག་ཚུལ་གྱི་སྒོ་མང་ཡང་། ཐབས་སླ་ཞིང་ཕན་ཡོན་ཆེ་བ་ནི་མཎྜལ་འབུལ་བ་ཉིད་ཡིན་ཏེ། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་གསུངས། དེ་ལ་ཐོག་མར་གོ་བའི་གནད་ཅུང་ཟད་མ་ཤེས་ན་མི་རུང་བས་དེ་བཤད་པ་ལ་ལྔ། མ་ཕུལ་བའི་སྐྱོན། ཕུལ་བའི་དགོས་ཆེད། ནམ་འབུལ་བའི་དུས། ཇི་ལྟར་འབུལ་བའི་ཚུལ། དེ་ལྟར་ཕུལ་བའི་ཕན་ཡོན་ནོ། །དང་པོ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་ན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པར་མི་འགྱུར་ལ་དེ་མ་རྫོགས་ན་གནས་སྐབས་དང་མཐར་ཐུག་གི་འདོད་པའི་འབྲས་བུ་གང་ཡང་གྲུབ་པར་མི་འགྱུར་ཏེ། ལུང་ལས། སྐྱེས་བུ་གང་དག་བླ་མེད་ཐེག་ཆེན་སྒྲུབ་འདོད་ཀྱང་། །བླ་མ་ལྷ་ལ་གུས་པས་མཎྜལ་མ་ཕུལ་ན། །འདོད་པའི་དོན་ཉིད་ཅིག་ཆར་འགྲུབ་པར་མི་འགྱུར་ཞིང་། །མཐར་ཐུག་རྣམ་དག་ཞིང་ཁམས་བགྲོད་པའི་དུས་འགྱང་ངོ་། །ཞེས་དང་། ཚོགས་གཉིས་ལམ་ལ་མ་བརྟེན་པར། །གང་ཡང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ནི། དེ་ལས་ལྡོག་སྟེ། གནས་སྐབས་སུ་འདོད་པའི་དོན་འགྲུབ་ཅིང་མཐར་ཐུག་བྱང་ཆུབ་ཀྱི་འབྲས་བུ་འབྱིན་པ་ཡིན་ཏེ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་སྙིང་པོ་རྒྱན་ལས། མཎྜལ་མཆོད་རྟེན་བསྐོར་བའི་ལས། །སྤྱིན་སྲེག་དང་ནི་རབ་གནས་དང་། །འབྱུང་པོ་ཆེ་དང་དམན་པ་ཡི། །གཏོར་མའི་ལས་ལ་བརྩོན་བྱས་ན། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །བྱང་ཆུབ་ཀྱི་ནི་རྒྱུ་ཉིད་ཕྱིར། །འབད་དེ་དེ་ཡི་ལས་བྱའོ། །ཞེས་སོ། །གསུམ་པ་ནི། སྤྱིར་དུས་དང་རྣམ་པ་ཐམས་ཅད་དང་། ཁྱད་པར་ལྷ་དང་བླ་མ་ནམ་དྲན་པའི་དུས་སོགས་ཏེ། ཨོ་རྒྱན་ཆེན་པོས། ཐར་པ་དང་ཐམས་ཅད་མཁྱེན་པ་མྱུར་དུ་སྒྲུབ་པར་འདོད་པའི་སྐྱེས་བུ་གང་དང་གང་། དུས་དང་རྣམ་པ་ཐམས་ཅད་དུ་མཎྜལ་དབུལ་བ་ལ་རབ་ཏུ་བརྩོན་པ་ཤིན་ཏུ་གལ་ཆེའོ། །ཞེས་དང་། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ། །ཚོགས་པ་རྒྱ་མཚོའི་དབུས་དང་ཆོས་འཕེལ་ཚེ། །ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་དབུལ། །ཞེས་སོ། །བཞི་པ་ལ་གསུམ་སྟེ། ཕྱི་ལྟར་འབུལ་བ། ནང་ལྟར་འབུལ་བ། གསང་བ་ལྟར་འབུལ་བའོ། །དང་པོ་ལ་གཉིས། སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་ལོ། །དང་པོ་ལ་གསུམ། མཎྜལ་གྱི་རྒྱུ། ཚོམ་བུའི་རྒྱུ། བཤམས་ཤིང་བསྐྱེད་པའོ། །དང་པོ་ནི། མཎྜལ་གྱི་རྒྱུ་རབ་གསེར་དངུལ། འབྲིང་དུང་དང་མཁར་བ་སོགས་ཕལ་བ། ཐ་མ་ས་རྡོ་ཤིང་གསུམ་སྟེ་རང་རང་གི་འབྱོར་པ་དང་བསྟུན་གང་འཛོམས་ལ། ཚད་ཀྱང་གསེར་ཡིན་ན་སོར་བཞི་དང་། དངུལ་སོགས་མཛུབ་གང་། མཁར་བ་སོགས་གཞན་ཕལ་པ་ལ་ཁྲུ་གང་ལས་མི་ཆུང་བར་གསུངས་སོ། །གཉིས་པ་ནི། ཚོམ་བུའི་རྒྱུ་ཡང་རང་རང་གི་འབྱོར་འཁོས་དང་བསྟུན་ཏེ། རབ་རིན་ཆེན། འབྲིང་སྨན་གྱི་རིགས། ཐ་མ་འབྲུ་སྣ་ཚོགས། དེ་ཡང་མ་འཛོམས་ན་རྡེའུ་དང་སྲན་{སྲེག}མ་སོགས་ལས་ཀྱང་རུང་སྟེ། གང་ཡང་ངོམ་ཆོས་དང་སེར་སྣ་དང་སླ་ཆོས་སོགས་ཀྱི་སྐྱོན་གྱིས་མ་སྦགས་པ་གལ་ཆེའོ། །གསུམ་པ་ནི། རང་གི་ལག་གིས་རྡུལ་དང་བྲལ་བར་ལེགས་པར་ཕྱིས་པའི་མཎྜ་ལར་དྲི་དང་བ་བྱུང་གི་ཆུས་བྱུག་སྟེ། ཚོམ་བུ་དཀྱིལ་འཁོར་གྱི་ལྷའི་གཙོ་བོའི་གྲངས་སམ་སྤྱི་ཙམ་དུ་དབུས་དང་ཕྱོགས་བཞི་སྟེ་ལྔ་བཀོད་ལ་མདུན་སྟེགས་མཐོ་བར་བཞུགས་སུ་གསོལ་ལ། འཛོམས་ན་ཅི་འབྱོར་པའི་མཆོད་པས་ཀྱང་མཐའ་བསྐོར་ལ་བཤམས། ཚོམ་བུ་རྣམས་རང་གཞུང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བའམ་སྤྱི་ཙམ་དུ་གོང་གི་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་བཏབ། སྤྲོ་ན་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པའི་ཆོ་ག་མཛད་པའི་ལུགས་ཀྱང་ཡོད་ལ། མི་སྤྲོ་ན་ཁྲིད་གཞུང་ཕལ་ཆེར་དུ་མ་གསུངས་པས་མི་དགོས། གལ་ཏེ་འབྱོར་པ་དམན་པས་མཎྜལ་གཅིག་ལས་མ་འབྱོར་པའམ་འཕྲལ་དུ་འབུལ་དགོས་ཀྱིས་མ་འཛོམས་ཀྱང་། ཚོགས་ཞིང་རྣམ་མདུན་མཁར་བསམ་པས་ཀྱང་དོན་འགྲུབ་སྟེ། གཙོ་བོར་རང་རང་གི་མོས་པའི་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཡུམ་བར་མ་ལས། གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་ཡང་དེའི་མདུན་ན་དེ་བཞིན་གཤེགས་པ་བཞུགས་སོ། །ཞེས་དང་། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང་། གཞན་ཡང་། མོས་པ་གང་གི་སླད་དུ་འབྱོན་པ་ནི། །རྒྱལ་བ་སྲས་དང་བཅས་པའི་ཐ་ཚིག་ཡིན། །ཞེས་སོ། །ཡང་ན་མཎྜལ་གཅིག་པོ་དེར་ཐོག་མར་སྒྲུབ་པའི་མཎྜལ་ལྟར་ཚོམ་བུ་བཀོད་ཅིང་། དེ་ལ་ཚོགས་ཞིང་བསྐྱེད་བསྟིམ་མཆོད་ཅིང་གསོལ་བ་བཏབ་རྗེས་ཚོགས་ཞིང་ནམ་མཁར་བཏེགས་ནས་ཚོམ་བུ་བསྡུས་ཏེ་བྱི་དོར་བྱས་ལ་སླར་མཆོད་པའི་མནྜལ་བྱ་བར་པདྨའི་ལམ་རིམ་ལས་གསུངས་སོ། །གཉིས་པ་མཆོད་པའི་མཎྜལ་ནི། མཎྜལ་དང་ཚོམ་བུའི་རྒྱུ་སོགས་སྔར་བཤད་པ་བཞིན་ལ། སྐབས་འདིར་མཎྜལ་འབུམ་ཕྲག་སོགས་འབུལ་ན། འབྱོར་པ་ཡོད་ན་མཎྜལ་གྱི་ཚོམ་བུ་རྣམས་གསར་དུ་བརྗེ་བ་ལས་རྙིང་པ་སླར་མི་འབུལ་ཞིང་། མཆོད་འབྲུ་རྙིང་པ་རྣམས་རྟེན་གྱི་དྲུང་དུ་སྤུངས་པའམ་ངན་སློང་གཞན་ལ་སྦྱིན་པ་གཏོང་བ་ལས་རང་གི་ལོངས་མི་སྤྱད། འབྱོར་འཁོས་མེད་ན་ཚོམ་བུ་རྙིང་པ་ལ་གསར་པས་ཁ་གསོས་ཏེ་འབུལ་བ་ལ་གྲངས་བཟུང་། གང་ལའང་དངོས་པོ་དག་ཅིང་གཙང་ལ་སེར་སྣ་སོགས་ཀྱིས་མ་སྦགས་པ་གལ་ཆེའོ། །བླུགས་དུས་ཀྱང་མཎྜལ་རང་གིས་ལག་གཡོན་གྱིས་བཏེགས་ལ་གཡས་ཀྱིས་ཚོམ་བུ་འགོད། གྲངས་མང་པ་སོགས་ཀྱིས་ཧ་ཅང་ལག་གིས་འདེགས་མ་ནུས་ན་མདུན་སྟེགས་སུ་བཀོད་ནས་ཚོམ་བུས་ཁ་གསོ་བ་ཕྱག་ལེན་ནོ། །དེ་ལ་ཚོམ་བུའི་གྲངས་གསར་རྙིང་གི་ཁྱད་པར་སྐུ་གསུམ་གྱི་མཎྜལ་སོགས་དབྱེ་བསྡུ་མང་བས་སོ་སོའི་གཞུང་ལྟར་བྱ་ལ། འདིར་ཡོངས་ལ་གྲགས་ཆེ་བའི་ཕྱིར་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པར་གྲགས་པའི་སོ་བདུན་མ་ལྟར་བཤད་ན། ཐོག་མར་ཡིག་བརྒྱ་དང་མཆོད་པའི་སྤྲིན་གཟུངས་འདོན་བཞིན་རང་གི་ལག་གིས་ཕྱི་སྟེ། དེ་ཡང་མ་དག་པ་ཞིག་ཕྱི་རྒྱུ་ཡོད་པ་ཁོ་ནའི་དོན་མིན། རང་རྒྱུད་ཀྱི་དྲི་མ་འདག་པའི་ཆེད་དུ་ཡིན། དེ་ནས་ལག་གཡོན་གྱིས་ནས་ཚོམ་ཞིག་བླངས་ལ་མཎྜལ་བཟུང་། ལག་གཡས་ཀྱིས་རང་རྒྱུད་བྱམས་སྙིང་རྗེའི་ཆུས་ཡོངས་སུ་བརླན་པའི་དོན་དུ་མཎྜལ་གྱི་གཞི་ལ་དྲི་དང་བ་བྱུང་གི་ཆུས་ཁྱབ་པར་བྱུགས་པ་བཞིན། ༀ་བཛྲ་བྷུ་མི་སོགས་བརྗོད་པས་དབང་ཆེན་གསེར་གྱི་ས་གཞི་ཁོད་སྙོམས་པ་ཡངས་ཤིང་རྒྱ་ཆེ་བར་བསམ། དེ་ནས་གཡས་པའི་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་ཞིག་བཟུང་སྟེ། ༀ་བཛྲ་རེ་ཁེ་སོགས་ཀྱི་སྔགས་ཚིག་དང་སྦྲགས། མཎྜལ་གྱི་གཞི་ལ་གཡོན་དུ་བསྐོར་ཞིང་། མཐར་དབུས་སུ་བཞག་པས་དབང་ཆེན་གསེར་གྱི་ས་གཞིའི་མཐའ་བསྐོར་དུ་ལྕགས་ལས་གྲུབ་པའི་རིའི་ར་བས་ཡོངས་སུ་བསྐོར་བར་བསམ་སྟེ། བཟོས་པའི་ལྕགས་རི་འགོད་རྒྱུ་ཡོད་ནའང་སྐབས་འདིར་འགོད། དེ་ནས་རིའི་རྒྱལ་པོ་རི་རབ་ཞེས་བརྗོད་པའི་ཚེ། དེའི་དབུས་སུ་ཚོམ་བུ་ཆེ་བ་གཅིག་དགོད་ལ། དབང་ཆེན་གསེར་གྱི་ས་གཞིའི་དབུས་སུ། རིའི་རྒྱལ་པོ་རི་རབ་གྲུ་བཞི་པ་རྒྱུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། ཤར་ཕྱོགས་ཤེལ། ལྷོ་ཕྱོགས་བཻཌཱུཪྱ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། འོག་ནས་རིམ་པ་བཞིན་གཡུའི་རྡོ་རྗེ་ཅན་དང་། རྣམ་པར་སྤུངས་པ་དང་། ཤེལ་འོད་འབར་བ་དང་། འཁོར་ལོ་རྣམ་པར་བརྩེགས་པ་སྟེེ་བང་རིམ་བཞི་དང་ལྡན་པ། དེའི་ཕྱི་རོལ་ནས་རིམ་པར། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། ལྟ་ན་སྡུག་དང་། རྟ་རྣ་དང་། རྣམ་འདུད་དང་། མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་གྱིས་གྲུ་བཞི་པར་བསྐོར་བ། དེ་དག་གི་བར་མཚམས་སུ། རོལ་པའི་མཚོ་བདུན་དང་། ཕྱི་རོལ་དུ་མཐའི་རྒྱ་མཚོ་དང་བཅས་པ་གསལ་གདབ། དེ་ནས་ཤར་ལུས་འཕགས་པོ་སོགས་གླིང་བཞི་འགོད་པའི་ཚེ། ཤར་རང་ཕྱོགས་སམ་ཡང་ན་འབུལ་ཡུལ་གྱི་ཕྱོགས་གཉིས་གང་བྱས་ཀྱང་འདྲ་ལ། གང་ལྟར་ཡང་ཤར་ནས་རིམ་པས་གཡས་བསྐོར་གྱིས་དགོད་ལ། དེ་ཡང་ཤར་ལུས་འཕགས་པོ་རྒྱུ་ནོར་བུ་ཆུ་ཤེལ་ལས་གྲུབ་པ་ཁ་དོག་དཀར་པོ་དབྱིབས་ཟླ་གམ་གྱི་བཅད་ཁ་ཆེ་བ་རི་རབ་དང་། འབུར་ངོས་ལྕགས་རིའི་ཕྱོགས་སུ་བསྟན་པ། ལྷོ་འཛམ་བུ་གླིང་རྒྱུ་བཻཌཱུཪྱ་ལས་གྲུབ་པ་ཁ་དོག་སྔོན་པོ་དབྱིབས་སོག་ཁ་འཕེལ་ཆེ་བ་རི་རབ་དང་ཆུང་བ་འཁོར་ཡུག་ལ་གཏད་པ། ནུབ་བ་གླང་སྤྱོད་རྒྱུ་པདྨ་རཱ་ག་ལས་གྲུབ་པ་ཁ་དོག་དམར་པོ་དབྱིབས་ཟླུམ་པོ། བྱང་སྒྲ་མི་སྙན་རྒྱུ་རིན་པོ་ཆེ་གསེར་ལས་གྲུབ་པ་ཁ་དོག་སེར་པོ་དབྱིབས་གྲུ་བཞི་པ། དེ་ནས་ལུས་དང་ལུས་འཕགས་སོགས་གླིང་གཡོག་དགོད་པའི་ཚེ། གླིང་རང་རང་གི་གཡས་གཡོན་དུ་གླིང་གཡོག་གཉིས་རེ་རིམ་པ་ལྟར་དགོད་ཅིང་། དེ་ཡང་ཤར་གླིང་གི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས། དེ་བཞིན་དུ་ལྷོ་གླིང་གི་གཡས་གཡོན་དུ་རྔ་ཡབ་དང་རྔ་ཡབ་གཞན་གཉིས། ནུབ་གླིང་གི་གཡས་གཡོན་དུ་གཡོ་ལྡན་དང་། ལམ་མཆོག་འགྲོ་གཉིས། བྱང་གླིང་གི་གཡས་གཡོན་དུ་སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་གཉིས་བཅས་དེ་ཐམས་ཅད་ཀྱི་རྒྱུ་དབྱིབས་བཀོད་པ་རང་རང་གི་གཙོ་བོའི་གླིང་དང་འདྲ་བ་ལ་རྒྱ་ཁྱོན་དེའི་ཕྱེད་ཀྱིས་ཆུང་བའོ། །རི་གླིང་སོགས་ཀྱི་ཆ་ཚད་སྤྱིར་མངོན་པ་མཛོད་དང་དུས་ཀྱི་འཁོར་ལོ་ལས་གསུངས་པ་སོགས་གང་ལྟར་ཡང་མི་འགལ་མོད་རང་ལུགས་གཙོ་བོ་ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་དུ་གསུངས་པ་ཉིད་གཟུང་བར་བྱ་དགོས་ཀྱང་འདིར་ཞིབ་པར་མ་སྨོས་ལ་མཎྜལ་གྱི་སྐབས་འདིར་གོང་དུ་བཤད་པ་ལ་དོན་འདུས་པ་ཡིན་ཞིང་། གལ་ཏེ་ཤེས་པར་འདོད་ན་གཞུང་དེ་ཉིད་དུ་བལྟ་བར་བྱའོ། །དེ་ནས་རིམ་པར་ཚོམ་བུ་དང་སྦྲགས། ཤར་གླིང་གི་ནང་དུ་རིན་པོ་ཆེའི་རི་བོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱ་དཔང་ཚད་གཟུང་དུ་མེད་པ། ལྷོ་གླིང་གི་ནང་དུ་དཔག་བསམ་གྱི་ཤིང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཡལ་འདབ་མེ་ཏོག་འབྲས་བུའི་ཁུར་གྱིས་དུད་ཅིང་འདོད་པ་ཐམས་ཅད་འབྱུང་བའི་ཡོན་ཏན་དང་ལྡན་པ། ནུབ་གླིང་གི་ནང་དུ་འདོད་འཇོའི་བ་དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཅི་འདོད་འཇོ་བའི་ཡོན་ཏན་དང་ལྡན་པ། བྱང་གླིང་གི་ནང་དུ་མ་རྨོས་ཤིང་མ་བཏབ་པར་རང་འཁྲུངས་པའི་ལོ་ཏོག་ཕུན་སུམ་ཚོགས་པའི་རོ་བཅུད་དང་ལྡན་པ། རིན་པོ་ཆེའི་རིའི་མདུན་དུ་འཛམ་བུའི་ཆུ་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཉི་མའི་གཟི་བྱིན་འཕྲོ་བ། དཔག་བསམ་ཤིང་གི་མདུན་དུ་ནོར་བུ་བཻཌཱུཪྱ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་བར་གྱི་འཁོར་ཡུག་ཏུ་མུན་པ་སེལ་ཞིང་། ཚ་བའི་དུས་སུ་བསིལ་བ་དང་། གྲང་བའི་དུས་སུ་དྲོ་བའི་ནུས་པ་དང་ལྡན་ཞིང་འདོད་རྒུའི་ཆར་འབེབས་པ། འདོད་འཇོའི་བའི་མདུན་དུ་བཙུན་མོ་རིན་པོ་ཆེ་བུད་མེད་ཀྱི་ཉེས་པའི་སྐྱོན་རྣམས་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་ཚང་བ་རེག་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ནུས་པ། མ་རྨོས་པའི་ལོ་ཏོག་གི་མདུན་དུ་བློན་པོ་རིན་པོ་ཆེ་གཟུགས་བཟང་ཞིང་སྟོབས་རྩལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་བདོག་དགུའི་འབྱོར་པ་ཟད་མི་ཤེས་ལ་ལོངས་སྤྱོད་པ། ལུས་དང་རྔ་ཡབ་གཞན་གཉིས་ཀྱི་བར་མཚམས་ཀྱི་ཤར་ལྷོར་གླང་པོ་རིན་པོ་ཆེ་ཁ་དོག་ཐལ་སྐྱ་མཆེ་བ་དྲུག་ལྡན། སྤྱི་གཙུག་དམར་ཞིང་དཔངས་མཐོ་བ་ནོར་བུའི་དྲྭ་བས་གཡོགས་པ་གླང་ཆེན་ཕལ་པ་སྟོང་གི་སྟོབས་ཤུགས་ཅན། རྔ་ཡབ་དང་ལམ་མཆོག་འགྲོའི་བར་མཚམས་ཀྱི་ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ་ཁ་དོག་སྔོན་པོའི་སྤུ་རྨ་བྱའི་མགྲིན་པ་ལྟར་སྡུག་ལ། ནད་གཅོང་མེད་ཅིང་ཡིད་དུ་འོང་བ། ཉིན་གཅིག་ལ་འཛམ་གླིང་ལན་གསུམ་དུ་བསྐོར་ནུས་པའི་བང་འགྲོས་ཅན། གཡོ་ལྡན་དང་གླིང་ཆུང་སྒྲ་མི་སྙན་གྱི་ཟླའི་བར་མཚམས་ཀྱི་ནུབ་བྱང་དུ་དམག་དཔོན་རིན་པོ་ཆེ་སྙིང་སྟོབས་དང་ལྡན་ཞིང་སྒྱུ་རྩལ་དང་གཡུལ་གྱི་བྱ་བ་ལ་མཁས་པས་དཔུང་ཚོགས་ཡན་ལག་བཞིའི་འགྲོ་ལྡོག་ལ་གོམས་ཤིང་གཟི་བྱིན་བཟོད་པར་དཀའ་བ་གོ་ཞུབ་ཀྱིས་སྤྲས་པ། སྒྲ་མི་སྙན་དང་ལུས་འཕགས་ཀྱི་བར་མཚམས་ཀྱི་བྱང་ཤར་དུ་གཏེར་ཆེན་པོའི་བུམ་པ་དགོས་འདོད་ཀུན་ཚང་རིན་པོ་ཆེའི་ཕྲས་སྤུད་པ། འཁོར་ལོ་རིན་པོ་ཆེའི་མདུན་ཏེ་ཤར་དུ་སྒེག་མོ་མ་དཀར་མོ་མཛེས་ཤིང་ལྟ་ན་སྡུག་པ། མེ་ལོང་འཛིན་ཅིང་སྒེག་པའི་རྣམ་འགྱུར་བསམ་མི་ཁྱབ་པ་སྟོན་པ། ལྷོར་ནོར་བུ་རིན་པོ་ཆེའི་མདུན་དུ་ཕྲེང་བ་མཐིང་ཀ་རིན་པོ་ཆེའི་ཕྲེང་བ་འཛིན་པ། ནུབ་ཕྱོགས་བཙུན་མོ་རིན་པོ་ཆེའི་མདུན་དུ་གླུ་མ་དམར་མོ་པི་ཝང་འཛིན་ཅིང་འགྱུར་ཁུག་དང་ལྡན་པའི་གླུ་ལེན་པ། བྱང་ཕྱོགས་བློན་པོ་རིན་པོ་ཆེའི་མདུན་དུ་གར་མ་ལྗང་གུ་གར་གྱི་ཕྱག་མཛད་ནས་གར་སྒྱུར་པ། ཤར་ལྷོར་གླང་པོ་རིན་པོ་ཆེའི་མདུན་དུ་མེ་ཏོག་མ་དཀར་མོ་མེ་ཏོག་འཛིན་པ། ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེའི་མདུན་དུ་བདུག་སྤོས་མ་སེར་མོ་སྤོས་ཕོར་འཛིན་པ། ནུབ་བྱང་དམག་དཔོན་རིན་པོ་ཆེའི་མདུན་དུ་སྣང་གསལ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་གཏེར་ཆེན་པོ་བུམ་པའི་མདུན་དུ་དྲི་ཆབ་མ་ལྗང་གུ་དུང་ཞལ་འཛིན་པ། སྒེག་མོ་མའི་སྟེང་གི་ནམ་མཁའ་ལ་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བ། གླུ་མའི་མདུན་གྱི་སྟེང་གི་ནམ་མཁའ་ལ་ཆུ་ཤེལ་ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར་དྭངས་ཤིང་གསལ་བ། གར་མའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། ཕྲེང་བ་མའི་མདུན་གྱི་ནམ་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་ནོར་བུའི་དྲྭ་ཕྱེད་ཀྱིས་མཛེས་པའོ། །ཕྱི་མ་འདི་གཉིས་ཀྱི་འཚབ་ཏུ་དུས་འཁོར་དང་དགོངས་པ་རང་གྲོལ་སོགས་ལས་སྒྲ་གཅན་དུས་མེ་ཞེས་འབྱུང་བ་ལྟར་ན། ཤར་དུ་སྒྲ་གཅན་ཁ་དོག་མཐིང་ནག ནུབ་ཏུ་དུས་མེ་ཁ་དོག་སེར་པོ། དེ་གཉིས་ཀར་ཡང་དྭངས་ཤིང་འཚེར་ལ་འོད་ཟེར་འཕྲོ་བ་དབྱིབས་ཟླུམ་པོའོ། །གང་ལྟར་ཡང་དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཕྱུར་བུར་བཀང་ཞིང་། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་ཀྱང་རང་རང་ལ་མངའ་བའི་ཡོན་ཏན་དང་ཆ་མཐུན་པའི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་ལྟར་ལང་ལོང་དུ་འཕྲོ་ཞིང་། དེ་ལྟ་བུའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་བཤད་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང་། སོ་སོ་སྐྱེ་བོའི་བློས་དཔག་པར་མི་ནུས་ཤིང་མཐའ་གཏུགས་པ་མེད་པའི་བར་དུ་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་ནས་འབུལ་བ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པ་འབུལ་ཚུལ་དུ་གྲགས་ལ། ལུགས་ལ་ལར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གཅིག་གི་ཐུགས་ཀ་ནས་འོད་ཟེར་བྱེ་བ་ཐེར་འབུམ་ཁུག་པ་གསུམ་གྱིས་ཀྱང་མི་ཆོད་པ་སྤྲོས་པའི་སྣེ་མོར་ཀུན་ཏུ་བཟང་པོ་རེར་སྤྲུལ་ནས་མཎྜལ་འབུལ་བ་པོར་བགྱིས་ཏེ། དེ་ལྟ་བུ་རེ་རེའི་ལྟེ་བ་ལས་ཀྱང་འོད་ཟེར་དེ་འདྲ་བ་སྤྲོས་ནས་མཁའ་ཁྱབ་ཏུ་ཕུལ་བ་ལ་ཀུན་ཏུ་བཟང་པོའི་མཎྜལ་དུ་བཞེད་པའོ། །དེ་ལྟར་ཡང་གུ་རུའི་ཆོས་སྤྱོད་ལམ་རིམ་ལས། གཞི་མ་དབང་ཆེན་གསེར་གྱི་ས་གཞིར་གྱུར། །ཕྱི་རོལ་རིན་ཆེན་ལྕགས་རི་འཁོར་ཡུག་ལ། །དབུས་སུ་རི་རྒྱལ་ལྷུན་པོ་མཆོག་རབ་ཉིད། །རིན་ཆེན་སྣ་ལྔ་ལས་གྲུབ་ལྷུན་ཆགས་ཤིང་། །དབྱིབས་ལེགས་མཛེས་ཤིང་ལྟ་ན་སྡུག་པ་ལ། །གསེར་གྱི་རི་བདུན་རོལ་མཚོ་བདུན་གྱིས་བསྐོར། །ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུའི་གླིང་། །ནུབ་ཏུ་བ་ལང་སྤྱོད་ཀྱི་གླིང་གིས་བརྒྱན། །བྱང་དུ་སྒྲ་མི་སྙན་གྱི་གླིང་ཆེན་ལ། །ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱད། །ཉི་མ་ཟླ་བ་སྒྲ་གཅན་དུས་མེ་དང་། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་འཁོར་དང་བཅས་ལ་འབུལ། །ཞེས་པ་ལྟར་རོ། །གཉིས་པ་ནང་ལྟར་མཎྜལ་འབུལ་བ་ལ་གཉིས་ཏེ། ཡུལ་སྒྲུབ་པའི་མཎྜལ་བསྐྱེད་པ་དང་། མཆོད་པའི་མཎྜལ་ཕུལ་བའོ། །དང་པོ་ནི། རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་ནས་གདན་གསུམ་ཚང་བ་ལྷ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་གནས་པ་ནི་སྒྲུབ་པའི་མཎྜལ་ཏེ། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མཱ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་སོ། །དེ་ཉིད་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱིས་གསལ་གདབ་ཙམ་ལས་གཞན་བསྐྱེད་བསྟིམ་སོགས་གང་ཡང་མི་དགོས་སོ། །གཉིས་པ་མཆོད་པའི་མཎྜལ་ནི། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་རྣམས་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་རྒྱན་གྱུར་སོགས་དང་སྦྱར་ན། པགས་པ་ནི་དབང་ཆེན་གསེར་གྱི་ས་གཞི། ཁྲག་ནི་དྲི་ཡི་བྱུག་པ། སྒལ་ཚིག་ནི་མཐའི་ལྕགས་རི་འཁོར་ཡུག མགོ་བོ་དབུས་ཀྱི་རི་བོ་མཆོག་རབ། ལག་པ་གཡས་ཤར་ལུས་འཕགས་པོ། གཡོན་ལྷོ་འཛམ་བུའི་གླིང་། རྐང་པ་གཡས་པ་ནུབ་བ་ལང་སྤྱོད། གཡོན་བྱང་སྒྲ་མི་སྙན། མིག་གཉིས་ཉི་མ་དང་ཟླ་བ། ཉིང་ལག་རྣམས་གླིང་ཕྲན་དང་གླིང་གཡོག རྩིབ་མ་གསེར་གྱི་རི་བདུན། རྒྱུ་མ་རོལ་པའི་མཚོ་བདུན། གློ་བ་དཔག་བསམ་གྱི་ཤིང་། སྙིང་གཏེར་ཆེན་པོའི་བུམ་པ། མཁལ་མ་འདོད་འཇོའི་བ། མཆིན་པ་མ་རྨོས་པའི་ལོ་ཏོག གླད་པ་ལྷ་ཡི་བདུད་རྩི། སྐྲ་དང་སྨིན་མ་ཙན་དན་གྱི་ནགས་ཚལ། བ་སྤུ་གུརྒུམ་གྱི་སྤང་རི། དབང་པོ་ལྔ་འདོད་ཡོན་གྱི་ལྷ་མོ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སུ་དམིགས་ནས་འབུལ་བ་སྟེ། ཆོས་སྤྱོད་ལས། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་ད ག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཞེས་པ་བཞིན་ནོ། །གསུམ་པ་གསང་བའི་མཎྜལ་ལའང་གཉིས་ལས། དང་པོ་ནི། སེམས་ཉིད་གདོད་ནས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པ་ནི་སྒྲུབ་པའི་མཎྜལ་ཏེ། ཀུན་བྱེད་ལས། ཀྱེ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལའང་འདུས་པར་རྟོགས། །ཞེས་སོ། །གཉིས་པ་འབུལ་བ་ནི། དེའང་ཀུན་རྫོབ་ཏུ་སྦྱར་ན་སེམས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་ཡེ་དོན་གྱི་ཀུན་གཞི་ཡོངས་ལ་ཁྱབ་པ་ནི་གཞི་དབང་ཆེན་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རླན་དང་མ་བྲལ་བ་ནི་དྲིའི་བྱུག་པ། ངོ་བོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་གནས་པ་ནི་མཐའི་ལྕགས་རི་མུ་ཁྱུད། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ནི་དབུས་ཀྱི་རི་ཆུ་ལ་ལྷུན་པོ་དང་། གླིང་ཆེན་བཞི། ཚོགས་བརྒྱད་ཀྱི་ཤེས་པ་འགག་མེད་དུ་གསལ་བ་ནི་གླིང་ཕྲན་བརྒྱད། ཚོགས་དྲུག་གི་སྤྱོད་ཡུལ་དུ་འདོད་ཡོན་ལྔ་ཡི་རོལ་པ་ཚད་མེད་པར་འཆར་བ་ནི་སྲིད་ཞིའི་མཆོད་རྫས་མ་ཚང་བ་མེད་པ་སྟེ། དེ་ཐམས་ཅད་ཀྱང་རིག་སྟོང་ཀ་དག་གི་དབྱིངས་སུ་ཤར་གྲོལ་འཛིན་མེད་དུ་ངང་གིས་ཤར་བས་དེ་ལྟར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་ཉི་མ་དང་། དེའི་རྩལ་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཐབས་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་བ་ནི་རི་བོང་འཛིན་པ་སྟེ། མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པའི་རང་རྩལ་དུ་རྫོགས་པས་དེ་ལྟར་རྟོགས་ན་དོན་དམ་པའི་མཎྜལ་ཏེ། མཆོད་ཡུལ་མཆོད་མཁན་མཆོད་པ་ཐམས་ཅད་ལས་འདས་པ་སྟེ། ཆོས་སྤྱོད་ལས། སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པའི་གཉུག་མའི་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། ཞེས་གསུངས་པ་བཞིན་ནོ། །ལྔ་པ་དེ་ལྟར་ཕུལ་བའི་ཕན་ཡོན་ནི། སངས་གླིང་གཏེར་བྱོན་བླ་མ་དགོངས་འདུས་ལས། མཎྜལ་ཕུལ་བའི་ཡོན་ཏན་དང་ལྡན་འབྲས་ནི། གནས་སྐབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་ཞིང་ལོངས་སྤྱོད་ཆེན་པོ་འབྱུང་། བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ། འགྲོ་བ་མཐའ་དག་གི་ཡིད་དུ་འོང་ཞིང་ཀུན་གྱིས་བཀུར་བར་འགྱུར། དུས་ཁྱད་པར་ཅན་རྣམས་ལ་བླ་མ་དང དཀོན་མཆོག་ལ་སོགས་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། གུས་པ་དང་ལྡན་པས་མཎྜལ་ཚར་གཅིག་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི། བསྐལ་པ་དཔག་ཏུ་མེད་པར་བདེ་བར་གཤེགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱི་ནང་གི་མཆོད་གསོལ་རྒྱ་ཆེན་པོ་བྱས་པ་བས་ལྷག་པའི་བསོད་ནམས་ཐོབ་པར་འགྱུར། ཅི་བསམ་པའི་དོན་ཐམས་ཅད་འགྲུབ། བསྐལ་པ་ནས་བསྐལ་པར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་འགྱུར། མཎྜལ་ཚར་གཅིག་ཕུལ་ནས་ཡིད་དད་པས་སྨོན་ལམ་ཇི་ལྟར་བཏབ་པ་ཐམས་ཅད་འབད་མེད་དུ་འགྲུབ། དེ་བས་ནི་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཎྜལ་འབུལ་བ་ལ་བརྩོན་པར་གྱིས་ཤིག ཅེས་དང་། ཆོས་སྤྱོད་ཐམས་ཅད་གཅིག་ཏུ་དྲིལ་བའི་བསོད་ནམས་ལས། མཎྜལ་ཕུལ་བའི་བསོད་ནམས་ཁྱད་པར་ཆེ་ཞིང་། ཏིང་ངེ་འཛིན་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ། ཚེ་ཕྱི་མ་ལ་སོགས་པའི་མཐར་ཐུག་རང་ཉིད་ཇི་ལྟར་འདོད་པའི་ལོངས་སྤྱོད་དང་། དཔལ་འབྱོར་ཐོབ་ཅིང་ཞིང་ཁམས་བགྲོད་པར་འགྱུར། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་བ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་གང་གིས་ཀྱང་དཔག་པར་མི་ནུས་སོ། །ཞེས་གསུངས་པ་དང་། མཎྜལ་གྱི་མདོ་ལས་ཀྱང་། བ་ལྕི་ཆུ་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་པོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བརྗིད་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་དང་། སློབ་དཔོན་དཔའ་བོས་ཀྱང་ཚུལ་དེ་དང་མཐུན་པར་གསུངས་ཤིང་། རྡོ་རྗེ་ཕུར་པའི་གསང་རྒྱུད་ལས་ཀྱང་། དགེ་དོན་མཎྜལ་རྩོམ་པ་རྩོན་འགྲུས་ཏེ། །འབུ་སྲིན་སེམས་ཅན་བསལ་བ་བཟོད་པའི་མཆོག །ག་དར་བྱི་དོར་བྱང་ཆུབ་ཚུལ་ཁྲིམས་ཏེ། །སྨན་དང་དྲི་ཡི་སྐྱང་ནུལ་སྦྱིན་པ་ཡིན། །མེ་ཏོག་ཕུད་བུ་བཀོད་པ་ཤེར་རབ་བོ། །དེ་ཉིད་ལྷ་རུ་བསམ་པ་བསམ་གཏན་ཏེེ། །སྤྱན་དྲངས་བཞུགས་ཕྱག་མཆོད་བསྐོར་ཐབས་སུ་ཤེས། །སྒྲིབ་གཉིས་སྦྱངས་ཏེ་ཚོགས་གཉིས་རྫོགས་ཏེ་སྟོབས། །དེ་ཡི་འབྲས་བུ་ཐོབ་པ་ཡེ་ཤེས་སོ། །འགྲོ་བའི་དོན་དུ་ཤེས་པར་སྨོན་ལམ་ཉིད། །མཎྜལ་དོན་གྱི་ཕ་རོལ་ཕྱིན་པ་རྫོགས་པར་འགྱུར། །དེ་ཕྱིར་མཎྜལ་དེ་ཉིད་དོན་ལ་བརྩོན་པར་འབད། །ཅེས་གསུངས། མདོར་ན་མཎྜལ་ཕུལ་བས་ཕར་ཕྱིན་དྲུག་གམ་བཅུ་རྫོགས་པ་ཡིན་པས་དེ་སྙེད་ཀྱི་ཕན་ཡོན་རྣམས་ཐོབ་པ་ཡིན་པས་རྒྱུ་མཚན་དེའི་ཕྱིར་ལུང་ལས་ཀྱང་། ཡོན་ཏན་རྒྱ་ཆེན་བསྐྱེད་བྱེད་པའི། །མཎྜལ་ཕུལ་བའི་དགེ་བ་གང་། །འཕགས་པས་ཀྱང་ནི་བརྗོད་མི་སྤོབས། །ཞེས་གསུངས། དེས་ན་བླ་མ་ལྔ་བཅུ་པ་ལས། མཆོག་ཏུ་གུས་པས་དུས་གསུམ་དུ། །མཎྜལ་མེ་ཏོག་བཅས་ཐལ་མོས། །བླ་མ་སྟོན་པ་བསྙེན་བཀུར་ཞིང་། །ཞབས་ལ་སྤྱི་བོས་ཕྱག་དག་བྱ། །ཞེས་དང་། དོན་དམ་བསྙེན་པ་ལས། ཐུན་མཚམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡིས། །ཁ་དང་ལག་པ་རྐང་པ་དག་ནི་བཀྲུས་བྱས་ནས། །མེ་ཏོག་ཡང་དག་བླངས་ཏེ་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པོ་བྱ། །ཞེས་གསུངས་པ་ལྟར་དུས་རྟག་ཏུ་བརྩོན་པར་བྱའོ། །གཉིས་པ་འབུལ་ཚུལ་བྱེ་བྲག་ཏུ་བསྟན་པ་ནི། མདུན་དུ་སྒྲུབ་པའི་མཎྜལ་དངོས་སུ་བཤམས་པ་ཡོད་ན་དེ་ཉིད་དམིགས་རྟེན་དང་། མེད་ན་མདུན་གྱི་ནམ་མཁར་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་བཞིན་དུ་གསལ་བཏབ་ལ། མཆོད་པའི་མཎྜལ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་གང་འབྱོར་དང་། དེ་ཡང་མེད་ན་ས་གཞི་བྱི་དོར་བྱས་པར་དྲི་དང་བ་བྱུང་གིས་ཆུས་བྱུགས་པ་ལ། ལུས་ཀྱིས་ལས་སུ་མེ་ཏོག་གི་ཚོམ་བུ་དགོད་ཅིང་། ངག་གི་ལས་སུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། རིན་ཆེན་ས་གཞི་ལྷུན་པོ་འཁོར་ཡུག་བཅས། སོགས་རང་གཞུང་གི་མནྜལ་གྱི་ཚིག་རྣམས་བརྗོད་པ་དང་། ཡིད་ཀྱི་ལས་སུ་གོང་དུ་བཤད་པ་ལྟར་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་རི་མཚོ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་སྣོད་བཅུད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་བསམ་མི་ཁྱབ་པར་ལྷ་དང་མི་ཡི་འབྱོར་ཚོགས་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་བར་དམིགས་ནས་འབུལ་བ་དང་། གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་བཀོད་པ་ཚད་མེད་པའི་འབྱོར་པས་ལེགས་པར་སྤྲས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་གང་བ། སྤྲུལ་པའི་ལྷ་དང་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མངོན་པར་མཆོད་ཅིང་། ཐེག་པ་ཆེན་པོའི་ཆོས་ཀྱི་འབྱོར་པ་ཚད་མེད་པ་དང་ལྡན་པ། འཕགས་པ་རྣམས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་དཔག་ཏུ་མེད་པས་རྣམ་པར་འཕྲུལ་བ་ཡུལ་ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་ཁམས་ཇི་ཙམ་གནས་པ་དེ་སྲིད་དུ་རྟག་རྒྱུན་གྱི་འཁོར་ལོར་འབྱུང་ཞིང་རྒྱས་པར་དམིགས་ལ་འབུལ་བ་དང་། རང་གཞན་གྱི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་བའི་རྩ་བ་གང་དང་ཅི་མཆིས་པ་དེ་ཐམས་ཅད་ཀྱང་བློས་གཅིག་ཏུ་བསྡོམས་ཏེ་ལྟོས་པ་མེད་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་བ་ལས་བྱུང་བ་ལྟ་བུའི་མཆོད་པའི་ཡོ་བྱད་བསམ་མི་ཁྱབ་པར་སྤྲུལ་ནས་ཕུལ་ལ། རང་གཞན་ཀུན་གྱི་རྒྱུད་ལ་དད་པ་དང་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་གནས་ལུགས་རྟོགས་པའི་ཤེས་རབ་སོགས་ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན་མྱུར་དུ་སྐྱེ་བ་དང་། རྟོགས་པ་མཆོག་ཏུ་གྱུར་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྣང་བ་རྟེན་འབྲེལ་དུ་འཆར་བ། ཅི་བྱས་གཞན་དོན་དུ་འགྱུར་བ་སོགས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ་ལ་གྲངས་བརྒྱ་སྟོང་ཁྲི་འབུམ་སོགས་ཇི་ནུས་སུ་འབུལ། མཐར་ཚོགས་ཞིང་མཆོད་རྫས་ཀྱི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པས་རང་ལ་བསྡུས་ནས་འཁོར་གསུམ་དམིགས་མེད་བདེ་བ་ཆེན་པོའི་ངང་དུ་དར་ཅིག་བཞག་ནས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ལ་སོགས་པ་བསྔོ་སྨོན་ཇི་ལྟར་རིགས་པས་མཐའ་བརྒྱན་ཏེ། ཐུན་མཚམས་ཀུན་ཏུའང་བག་མེད་དུ་མ་སོང་བར་རྟེན་ལ་ཕྱག་མཆོད་བསྐོར་བ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བ་ལ་བརྩོན་པར་བྱའོ། །གསུམ་པ་ཞར་བྱུང་དུ་དེ་དང་རྗེས་སུ་འབྲེལ་བར་དཀོན་མཆོག་མཆོད་པའི་ཕན་ཡོན་ཅུང་ཟད་བཤད་པ་ལ་གསུམ། མཆོད་པའི་ངོ་བོ། ངེས་ཚིག དབྱེ་བའོ། །དང་པོ་ནི། བཀུར་བྱའི་གནས་གང་ཞིག་སྒོ་གསུམ་གྱིས་མཆོད་པ་དང་། རྫས་ཀྱི་སྒོ་ནས་མཉེས་པར་བྱེད་པའོ། །གཉིས་པ་ནི། པཱུ་ཛ་ཞེས་པའི་སྒྲ་ལས་མཆོད་པ་སྟེ། སྔོན་དུ་བསྐྱེད་པ་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱིས་གནས་སུ་སྟོབས་པར་བྱེད་པའི་དོན་གྱིས་ན་མཆོད་པ་ཞེས་བྱའོ། །གསུམ་པ་ནི། སྤྱིར་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། རབ་དྭངས་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པར་མཆོད། །སངས་རྒྱས་འབྱུང་བར་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ་ཡི། །གསུམ་པོ་དམིགས་པར་མི་བྱེད་པ། །སངས་རྒྱས་མཆོད་པ་རྫོགས་པ་ཡིན། །ཞེས་མཆོད་པ་ལ་འཇུག་པའི་རྒྱུ་སེམས་རབ་ཏུ་དྭངས་པ་དང་མཚུངས་པར་ལྡན་པའི་དད་པ་དང་། ཡོངས་སུ་བསྔོ་བ་རང་གཞན་གྱི་ཚོགས་གཉིས་རྫོགས་པར་བྱ་བའི་འདུན་པ་དང་། རྟེན་རང་གི་མདུན་དུ་མངོན་སུམ་དུ་བཞུགས་པའམ་ཡིད་ཀྱིས་དམིགས་པ་དང་། དངོས་པོ་གོས་དང་རྒྱན་ལ་སོགས་པ་ཡིད་དུ་འོང་བ་དང་། རྒྱུ་སྔོན་གྱི་སྐྱེ་བ་རྣམས་སུ་སངས་རྒྱས་འབྱུང་བ་ལ་དོན་ཡོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། ཡེ་ཤེས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཏེ་འཁོར་གསུམ་པོ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་སྟེ་དྲུག་གིས་མཆོད་པ་རྫོགས་པར་གསུངས་པ་དང་། དེ་ཡང་ངོམས་མི་ཤེས་པ་དང་། རྒྱ་ཆེ་བ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་སྟེ་དྲུག་དང་ལྡན་པར་གསུངས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་དུ། རྟེན་དམ་པ་བྱང་ཆུབ་ཐོབ་འདོད་ཀྱི་བསམ་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དངོས་པོ་དམ་པ་ཡིད་འོང་གི་རྣམ་པ། ཐབས་ལ་མཁས་པ་དམ་པ་འཁོར་གསུམ་ཡོངས་སུ་དག་པ། རྣམ་པར་དག་པ་དམ་པ་མི་མཐུན་ཕྱོགས་ཀྱི་དྲི་མ་དང་བྲལ་བ། ཡོངས་སུ་བསྔོ་བ་དམ་པ་བྱང་ཆུབ་ཆེན་པོར་འདུན་པ་བསྒྱུར་བ་སྟེ་དམ་པ་དྲུག་ཏུ་གསུངས་པ་དང་། བྱང་ཆུབ་སེམས་དཔའི་ས་ལས། སངས་རྒྱས་ཀྱི་སྐུ་གཟུགས་ཉིད་ལ་མཆོད་པ་དང་། མཆོད་རྟེན་ལ་མཆོད་པ་དང་། མངོན་སུམ་དང་། མངོན་སུམ་མ་ཡིན་པ་དང་། བདག་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། རྙེད་བཀུར་དང་། རྒྱ་ཆེན་པོ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། སྒྲུབ་པའི་མཆོད་པ་སྟེ་བཅུ་དང་། ཆོས་དང་དགེ་འདུན་ལ་ཡང་དེ་དག་འདྲ་བར་ཅི་རིགས་པར་མཆོད་པར་གསུངས་སོགས་དབྱེ་བསྡུའི་ཁྱད་པར་མང་ཡང་། འདིར་ཞིང་། བསམ་པ། དངོས་པོ། སྦྱོར་བ་དག་པ་སྟེ་བཞིས་སྒོ་ནས་བཤད་ན། དང་པོ་ཞིང་དག་པ་ནི། སྤྱིར་རྒྱལ་སྲས་ཞི་བ་ལྷས། ཡོན་ཏན་ཞིང་དང་ཕན་འདོགས་ཞིང་། །སྡུག་བསྔལ་བ་ལས་དགེ་ཆེན་འགྱུར། །ཞེས་ཡོན་ཏན་གྱི་ཞིང་བླ་མ་མཆོག་གསུམ། ཕན་འདོགས་ཀྱི་ཞིང་ཕ་མ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ། སྡུག་བསྔལ་གྱི་ཞིང་ནད་པ་དབུལ་ཕོངས་མགོན་མེད་པ་སོགས་ཏེ་གསུམ་དུ་གསུངས་ལ། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་སེམས་ཅན་ཞིང་དང་ནི། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པ། །ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་མཆོད་ཡུལ་སངས་རྒྱས་ཀྱི་ཞིང་དང་། སྦྱིན་ཡུལ་སེམས་ཅན་གྱི་ཞིང་གཉིས་སུ་གསུངས་པས་མཚོན་དབྱེར་སྒོ་མང་དུ་ཡོད་ཀྱང་ཞིང་གི་མཆོག་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་ཏེ། ཆོས་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་དང་། ཁང་བུ་བརྩེགས་པའི་མདོ་ལས། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་ས་མེད། །དེ་ཕྱིར་གསུམ་ལ་དབུལ་བར་བྱ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། དེ་ལྟར་དཀོན་མཆོག་གསུམ་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་དམ་པ་ཡིན་ཏེ། ཞེས་སོ། །དེ་ཐམས་ཅད་ལས་ཀྱང་མཆོག་ཏུ་གྱུར་པ་ནི་བླ་མ་ཉིད་ཡིན་ཏེ། ཡེ་ཤེས་རྒྱན་གྱི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་མཆོག་དང་ལྡན་པ་གང་ལ་ལ་ཞིག་གིས་དགེ་བའི་གཤེས་གཉེན་ལ་བསྙེན་བཀུར་ན་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་མཆོད་པ་བྱས་པ་བས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་མེད། ཞེས་དང་། ཡེ་ཤེས་དམ་པའི་རྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིགས་པ་གཅིག་བྱུགས་པ། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་བསམ་པ་དག་པ་ནི། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་ཡང་སྦྱིན་པར་མི་བྱེད། དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པར་ཡང་མི་བྱེད། བརྒྱ་བྱིན་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཅིང་སྦྱིན་པར་མི་བྱེད། འབྲས་བུ་ལ་བལྟ་ཞིང་སྦྱིན་པར་མི་བྱེད་དོ། །སྦྱིན་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱི་ཕྱིར་བྱིན་ཞིང་བསྔོ་བར་བྱེད་དོ། །ཞེས་དང་། ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཀྱི་ལོངས་སྤྱོད་རྣམས་ཡོངས་སུ་ཚོལ་གྱིས་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །མཉམ་པ་ཡིན་གྱི་མི་མཉམ་པས་མ་ཡིན་ནོ། །དེ་སྲོག་ཆགས་གཞན་དག་དང་། སེམས་ཅན་གཞན་རྣམས་ལ་གནོད་པ་མི་བྱེད། ཉམ་ང་བར་མི་བྱེད་པར་སྦྱིན་པ་སྦྱིན་ཏེ། རྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན། འཛེམ་པའི་ཕྱིར་མ་ཡིན། འཇིགས་པའི་ཕྱིར་མ་ཡིན། ལན་དུ་ཕན་འདོགས་སུ་རེ་བའི་ཕྱིར་མ་ཡིན། མཐོ་རིས་ཀྱི་ཕྱིར་མ་ཡིན། ཚུལ་འཆོས་པ་མ་ཡིན། ཁ་གསག་བྱེད་པ་མ་ཡིན། བརྙས་པ་མ་ཡིན་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཏེ། མདོར་ན་གཞན་ལ་འགྲན་སེམས་སོགས་ཀུན་སློང་ཉོན་མོངས་པ་ཅན་དང་། ཚེ་འདིའི་བདེ་སྐྱིད་སྙན་གྲགས་དང་། ཕྱི་མ་འཁོར་བའི་བདེ་འབྲས་སོགས་སྲིད་པའི་ཕུན་ཚོགས་དོན་དུ་གཉེར་བའི་བསམ་པས་མ་ཡིན་ལ། དེར་མ་ཟད་དམན་པའི་མྱང་འདས་ཀྱི་འབྲས་བུ་ཙམ་དོན་དུ་གཉེར་བའི་བསམ་པས་མ་ཡིན་ཏེ། དེ་དག་ལ་རྣམ་སྨིན་གྱི་འབྲས་བུ་སྤྱིར་མེད་པ་མ་ཡིན་ཀྱང་དྲུང་པོར་མི་འབྱིན་ཏེ། ཀུན་སློང་ཉོན་མོངས་ཅན་ནི་ཁ་ཟས་བཟང་པོ་དུག་དང་འདྲེས་པ་དང་འདྲ་སྟེ་ནམ་ཡང་ཐར་པའི་སྲོག་གི་ཟུང་དུ་མི་འགྱུར་ལ། གཞན་ལྷ་མིའི་བདེ་འབྲས་དང་ཉན་རང་གི་འབྲས་བུ་དོན་དུ་གཉེར་བ་ཡང་ཆུ་ཤིང་གི་འབྲས་བུ་ལན་གཅིག་སྨིན་ནས་ཟད་པར་འགྱུར་བ་བཞིན་རང་འབྲས་ལན་གཅིག་སྨིན་ནས་ཟད་པར་འགྱུར་བ་དང་། ཁོང་ཁྲོ་ལ་སོགས་པའི་རྐྱེན་གཞན་དྲག་པོ་དང་འཕྲད་ན་བར་དོར་ཡང་ཆུད་ཟ་བར་འགྱུར་བས་འདིར་འདོད་བྱ་མ་ཡིན་ལ། གང་སྙམ་ན་གོང་དུ་ཡང་ཡང་བསྟན་པ་བཞིན་དུ་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བསམ་པ་བཟང་པོ་བྱང་ཆུབ་ཀྱིས་ཟིན་པར་བྱ་དགོས་ཏེ། དེས་ཟིན་ན་སྨོས་མ་ཐག་པའི་ཉེས་པ་མཐའ་དག་འགོག་ཅིང་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་ནི་དཔག་བསམ་གྱི་ཤིང་ལྗོན་པ་བཟང་པོ་དང་འདྲ་སྟེ། ཞིབ་པར་གོང་དུ་བསྟན་པ་བཞིན་ལ། རིན་ཆེན་ཕུང་པོའི་མདོ་ལས་ཀྱང་། སྲིད་པ་གསུམ་གྱི་སེམས་ཅན་དེ་དག་རེ་རེས་མཆོད་རྟེན་རི་རབ་ཙམ་བྱེད་ལ། སོ་སོ་ནས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྟི་སྟང་བྱེད་པ་བས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འཐོར་ན། སྔ་མ་ལས། བསོད་ནམས་ཆེས་བསྐྱེད་པར་གསུངས་པ་དང་། འཕགས་པ་བྱམས་པས་འཇུག་པའི་མདོ་ལས། གལ་ཏེ་སེམས་ཅན་མཐའ་དག་སངས་རྒྱས་ཏེ། །སྤོབས་པ་མཐའ་ཡས་ལྡན་པ་ཉིད་གྱུར་ལ། །ཇི་ལྟར་སྔོན་གྱི་འཁོར་བའི་བསྐལ་པའི་བར། །སེམས་ཅན་གཅིག་པུས་མཆོད་པ་བྱས་པ་དང་། །མཁས་པའི་མི་ནི་གང་ཡང་རུང་བ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་ནས་ཀྱང་། །མེ་ཏོག་གཅིག་དུ་ཕུལ་བའི་བསོད་ནམས་འདི། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནི། བསོད་ནམས་དེ་ཡི་བཤད་པ་བརྩམས་བྱས་ཀྱང་། །བསོད་ནམས་འབྲས་བུ་དེ་ཡི་བཤད་པ་ནི། །ནམ་ཡང་ཟད་པར་འགྱུར་བ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ཕན་ཡོན་འབྱུང་བའི་འཐད་པ་ཡང་། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དང་། ཞི་བ་ལྷས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང་། །ཕན་འདོད་བསམ་པ་དང་ལྡན་ཞིང་། །བསོད་ནམས་དཔག་མེད་འབྱུང་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །སྒྲུབ་པར་འདོད་པ་སྨྲོས་ཅི་དགོས། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་དཔག་ཏུ་མེད་པ་ཡི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་སོ། །གསུམ་པ་དངོས་པོ་རྣམ་པར་དག་པ་ནི། དེ་ལྟར་ཞིང་དང་བསམ་པ་དག་ཀྱང་དངོས་པོ་མ་དག་ན་དཀོན་མཆོག་མཆོད་པའི་ཡོད་བྱད་དུ་མི་རུང་བས། མདོ་ལས། དངོས་པོ་རྐུ་འཕྲོག་དཀོར་ཟས་དང་། །གཞན་ལ་གནོད་པ་མ་ཡིན་པ། །རབ་ཏུ་གཅེས་དང་ཡིད་འཐད་རྫས། །མཁོ་བར་གྱུར་ན་མཆོག་ཡིན་ནོ། །ཞེས་དང་། དངོས་པོ་གང་ཞིག་སྡིག་དང་མ་འདྲེས་ཤིང་། །དགེ་འདུན་ལ་སོགས་ཕན་བདེ་སྐྱེད་པས་ཏེ། །ཞེས་གསུངས་ཤིང་། གཞན་ཡང་། བྱང་ཆུབ་སེམས་དཔའ་དུག་དང་མེ་དང་མཚོན་ཆ་ལ་སོགས་པ་ལེན་པ་པོ་ཁོ་རང་ལ་གནོད་པར་བྱ་བའམ། ཕ་རོལ་ལ་གནོད་པའི་ཕྱིར་སློང་བར་སྦྱིན་པར་མི་བྱེད་དོ། །རྒྱ་དང་རྔོན་གྱི་འཁྲུལ་འཁོར་དང་དེའི་ཐབས་ལ་སོགས་པ་མདོར་ན་གནོད་པར་འགྱུར་བ་དང་སྡུག་བསྔལ་དུ་འགྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ཕ་དང་མ་སྦྱིན་པར་མི་བྱེད་དོ། །ཕ་དང་མ་གཏའ་མར་འཇོག་པར་མི་བྱེད་དོ། །བུ་དང་ཆུང་མ་ལ་སོགས་པ་མི་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ལོངས་སྤྱོད་མང་པོ་ཡོད་བཞིན་དུ་ཉུང་ངུ་སྦྱིན་པར་མི་བྱེད་དོ། །ཞེས་བྱང་སའི་དོན་བསྡུས་ཏེ་ཐར་རྒྱན་དུ་གསུངས་པ་དང་། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཞིང་བསམ་སྦྱོར་དངོས་ཅི་རིགས་པས་མ་དག་པའི་སྦྱིན་པར་འགྱུར་བ་སུམ་ཅུ་རྩ་གཉིས་གསུངས་པ་སྔོན་གྱི་མཁས་པ་དག་གིས་སྡོམ་དུ་བསྡུས་པ། ལོག་ལྟ་མ་དད་ལན་འདོད་ཆགས། །རྒྱལ་དང་མེ་ཆུ་ལ་སྟེར་དང་། །འཇིགས་ཕྱིར་དུག་མཚོན་བསད་ཤ་དང་། །བག་མེད་རྣམས་ལ་ཆང་སྟེར་དང་། །བསྡུ་ཕྱིར་བསྟོད་ཕྱིར་རོལ་མོ་མཁན། །སྐར་མཁན་གཞན་ནོར་མཛའ་ལ་སྟེར། །གཞན་འབྲུ་དུད་འགྲོས་ཟོས་ལ་དགའ། །བཟོ་བོ་སྨན་པ་སྤྱོས་ནས་སྟེ། །རྣམ་སྨིན་ཐེ་ཚོམ་ཟ་དང་འགྱོད། །འདི་ཡིས་ཕྱི་མར་ཕན་སྙམ་དང་། །རྣམ་སྨིན་རང་ཉིད་ན་སོ་རྒས། །ན་དང་འཆི་ཚེ་བསྐུལ་ནས་མཆོད། །གཞན་ཡུལ་གྲགས་ཕྱིར་ཕོད་བསྟན་ཕྱིར། །བུད་མེད་ཕྱིར་དང་བུ་མེད་ཕྱིར། །ཕྱི་མ་རྙེད་ཕྱིར་དམན་པ་རྣམས། །བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མ་དག་སྦྱིན་པ་སུམ་ཅུ་གཉིས། །ཞེས་བསྟན་པ་དང་། གཞན་ཡང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཆོས་གོས་གསུམ་མི་སྦྱིན་པར་གསུངས་སོགས་མང་ཡང་། གཙོ་བོར་ནི། གཞན་ནས་བརྐུས་པ་དང་འཕྲོག་པ་དང་སྲོག་གཅོད་ཀྱི་ཉོ་བཙོང་བྱས་པ་སོགས་གཞན་ལ་གནོད་པར་འགྱུར་བའི་ཁ་ན་མ་ཐོ་བའི་ལས་ཀྱིས་མངོན་པར་སྒྲུབ་པའི་ཡོ་བྱད་ནི་ཇི་ཙམ་མང་ཞིང་ཇི་ཙམ་བཟང་ཡང་ཐབས་དེས་རྒྱལ་བ་དགྱེས་པའི་ལམ་དུ་མི་འགྱུར་ཏེ། མདོ་ལས། སེམས་ཅན་དོན་ཉིད་ང་ལ་གུས་ཡིན་གཞན་ལ་གུས་པས་མིན། །གུས་པའིའང་ང་ཡི་དེ་ལ་སྙིང་རྗེ་མི་སྤོང་བ་ཡིན་ཏེ། །སྙིང་རྗེ་སྤངས་པའི་སྤྱོད་པས་དམན་པར་གྱུར་པ་གང་ཡིན་ལ། །སྙིང་རྗེ་ཉིད་ཀྱིས་དེ་ལ་གནོད་པར་རིགས་ཀྱི་གཞན་གྱིས་མིན། །གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང། །གང་ལ་ཚུལ་ཁྲིམས་ཐོས་དང་སྙིང་རྗེ་བློ་གྲོས་གསལ་ཡོད་པ། །དེ་ལྟར་དེས་ནི་བདེ་བར་གཤེགས་པ་རྟག་ཏུ་མཆོད་པར་འགྱུར་བ་ཡིན། །སེམས་ཅན་ཕན་པའི་དབང་དུ་བྱས་ནས་ངས་འདི་བསྒྲུབས་པ་སྟེ། །སྐུ་འདི་སེམས་ཅན་དོན་ཉིད་ཁོ་ནར་ཀུན་ནས་བསྐྱེད་པ་ལ། །གང་གིས་ཡིད་ཀྱིས་ཀྱང་ནི་སེམས་ཅན་དག་ལ་གནོད་བྱེད་པ། །དེ་ནི་ཇི་ལྟར་ང་ལ་རྟེན་ཏེ་ང་ལ་ལྟོས་བྲལ་ཡིན། །གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན་པས་ན། །སེམས་ཅན་དག་ལ་ཕན་ན་ཆུ་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ཆུང་མ་རྣམས་དང་བུ་དང་དབང་ཕྱུག་རྒྱལ་སྲིད་ཆེན་པོ་དང་། །ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་ལུས་རྣམས་དང་ནི་མིག །གང་རྣམས་ཁོ་ན་དགའ་བའི་དབང་བྱས་པ་ཡིས་བཏང་བ་སྟེ། །གང་ཞིག་དེ་ལ་འཚེ་ན་ང་ལ་གནོད་པ་ཡིན། །སེམས་ཅན་རྣམས་ལ་མཆོག་ཏུ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་དག་ནི་བདེ་སྡུག་མཚུངས་འདོད་པས། །གང་ཞིག་སེམས་ཅན་གནོད་བྱེད་དེ་ནི་ང་ལ་ཇི་ལྟར་མོས། །སེམས་ཅན་བརྟེན་ནས་ང་ཡི་སྐྱོབ་པ་མཉེས་དང་དགེ་བ་བྱས། །སེམས་ཅན་དག་ལ་བརྟེན་ནས་དོན་བསྒྲུབས་ཕ་རོལ་ཕྱིན་པའང་ཐོབ། །སེམས་ཅན་དོན་ལ་ཡིད་ལ་བརྩོན་པ་བསྐྱེད་ནས་བདུད་བཏུལ་ཏེ། །དེ་བཞིན་སེམས་ཅན་དེ་ཉིད་སྤྱོད་གང་ཡིན་པས་ང་སངས་རྒྱས། །གལ་ཏེ་སྐྱེ་དང་སྐྱེ་བར་སྲོག་ཆགས་དགའ་བའི་གྲོགས་མིན་ན། །གང་འདི་བྱམས་དང་སྙིང་རྗེ་སུ་ལ་དམིགས་པའི་གཞི་ལས་སྐྱེ། །རྣམ་ཐར་དགའ་སོགས་སུ་ལ་ལྟོས་ཤིང་ཡུལ་དང་གཞི་གང་ཡིན། །སུ་ཡི་དོན་དུ་རིང་ནས་ང་ཡི་ཡིད་ཀྱིས་སྙིང་རྗེ་བསྒོམས། །ངས་ནི་སྲོག་ཆགས་ཉིད་དེ་གླང་སོགས་དངོས་གྱུར་དུ་མ་བྱིན། །སེམས་ཅན་ཉིད་ནི་སྣོད་དུ་གྱུར་པས་ང་ཡིས་སྦྱིན་པ་བླངས། །སེམས་ཅན་སྣ་ཚོགས་རྒུད་གྱུར་པ་ལས་ང་ཡི་སྙིང་རྗེ་འཕེལ། །གལ་ཏེ་སེམས་ཅན་མི་སྐྱོང་སུ་ཡི་དོན་དུ་བསྒྲུབ་པར་བྱ། །གལ་ཏེ་སྲོག་ཆགས་འཁོར་བར་སྡུག་བསྔལ་དུ་མས་བཅོམ་མིན་ན། །སྐྱེ་བ་ལེན་ཅིང་སྡུག་བསྔལ་ཉམས་མེད་སུ་ཕྱིར་བདག་གིར་བྱེད། །བདག་ཉིད་ཆེན་པོ་འཁོར་བའི་རྒྱན་གྱི་བདེ་བར་གཤེགས་པ་འདི། །གལ་ཏེ་སེམས་ཅན་དགའ་ཕྱིར་མིན་ན་ངལ་འདི་སུ་ཕྱིར་བསྒྲུབས། །ང་ཡི་བསྟན་པ་ཇི་སྲིད་འགྲོ་བ་འདི་ན་གསལ་སྣང་བ། །དེ་སྲིད་གཞན་ལ་མཆོག་ཕན་བདག་གཞན་མཉམ་པར་གནས་པར་གྱིས། །ང་ཡི་སེམས་ཅན་དོན་དུ་རབ་མཉམ་སྐྱོ་མེད་སྦྱོར་རྣམས་ལ། །སྐྱོ་བར་བྱེད་པ་ལུས་འདི་ཟས་ཀྱིས་གསོས་པའི་སྙིང་པོ་མེད། །ཅེས་གསུངས་ཏེ་ཞིབ་པར་གོང་དུ་སྨོས་པ་བཞིན་ནོ། །མདོར་ན་བཙུན་པ་ཆོས་ལྡན་རབ་འབྱོར་གྱིས། བདག་དང་གཞན་གྱི་དོན་བྱེད་དང་། །གཞན་ལ་གནོད་པ་སློང་བ་ནི། །བསོད་ནམས་ཡིན་ནོ་བཟློག་པ་སྡིག །བདག་ཉིད་ཆེན་པོ་དེ་སྐད་གསུངས། །ཞེས་གསུངས་པ་ལྟར་དངོས་པོ་གང་ཡང་སྡིག་དང་མ་འདྲེས་ཤིང་སེར་སྣ་སོགས་ཀྱིས་མ་སྦགས་པའི་དག་ཅིང་གཙང་བར་སྦྱར་བ་གལ་ཆེ་སྟེ། མདོ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གཞི། །བདེ་བར་འདྲེན་པར་བྱེད་པ་ཉིད་དང་ནི། །རྗེས་སུ་སྲུང་བཅས་ཚོལ་དང་གོས་པ་མེད། །ཅེས་གསུངས་པ་བཞིན་ནོ། །བཞི་པ་སྦྱོར་བ་དག་པའི་ཁྱད་པར་ནི། དེ་ལྟར་དངོས་པོ་དག་ཀྱང་སྦྱོར་བ་མ་དག་ན་སྐྱོན་དུ་འགྱུར་བའི་ཕྱིར། འཕགས་པ་སྐྱེས་བུ་དམ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་སྦྱིན་པ་དག་ཡིན་ཏེ། ལྔ་གང་ཞེ་ན། སྐྱེས་བུ་དམ་པ་ནི་དད་པས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། གུས་པར་བྱས་ཏེ་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། རང་གི་ལག་པས་སྦྱིན་པ་སྦྱིན་པ་ཡིན། དུས་སུ་སྦྱིན་པ་སྦྱིན་པ་ཡིན། གཞན་དག་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ། །ཞེས་དེ་དག་གི་ཕན་ཡོན་བཅས་རྒྱས་པར་གསུངས་པ་དང་། སྦྱིན་པའི་ཕན་ཡོན་བསྟན་པའི་མདོ་ལས། སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་ནོ། །དུས་སུ་སྦྱིན་ནོ། །དེ་བཞིན་གཤེགས་པའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པ་སྦྱིན་པ་སྦྱིན་ནོ། །སེམས་ཀྱི་འཁྲུགས་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར་བསྟི་སྟང་དུ་བྱས་ཏེ་སྦྱིན་པ་སྦྱིན་ནོ། །སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བའི་ཕྱིར་རང་གི་ལག་པ་ནས་སྦྱིན་པ་སྦྱིན་ནོ། །ཞེས་དང་། བྱམས་པ་ལ་གནས་ཏེ་སྦྱིན་པ་སྦྱིན་ན་གནོད་སེམས་མེད་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སྙིང་རྗེ་ལ་གནས་ནས་བྱིན་ན་འཚེ་བ་མེད་པ་དང་། དགའ་བ་ལ་གནས་ཏེ་བྱིན་ན་མི་འཇིགས་པ་སྦྱིན་པ་འཐོབ་པ་དང་། བཏང་སྙོམས་ལ་གནས་ཏེ་བྱིན་ན་མི་དགའ་བ་སྤོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ན་ལོངས་སྤྱོད་སྣ་ཚོགས་པ་འཐོབ་པདང་། ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འཐོབ་པར་འགྱུར་ཏེ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་པོ་དེ་དག་སྦྱིན་པ་སྦྱིན་ནོ། །ཞེས་དང་། སྦྱིན་པའི་ཕར་ཕྱིན་གྱི་མདོ་ལས། རང་གི་ལག་པས་བྱིན་པས་ནི་བསྙེན་བཀུར་བྱེད་པ་འཐོབ་པར་འགྱུར་རོ། །གུས་པར་བྱས་ཏེ་བྱིན་པས་གཉེན་ལ་སོགས་པའི་ནང་དུ་གཞན་གྱིས་བཀུར་སྟི་བྱ་བར་འགྱུར། དུས་སུ་བྱིན་པས་ནི་ནོར་རྣམས་དུས་སུ་འགྲུབ་སྟེ་རྒྱས་པར་འགྱུར། མཐུན་པ་དང་ཡིད་དུ་འོང་བ་བྱིན་པས་ནི་མལ་དང་གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་ལ་སེམས་འཇུག་པར་འགྱུར། གཞན་ལ་མི་གནོད་པར་སྦྱིན་པས་ནི་ལོངས་སྤྱོད་བརྟན་པ་དག་འཐོབ་པར་འགྱུར། མི་དགའ་བ་དང་དུ་ལེན་པའི་སྦྱིན་པས་ནི་འཁོར་སྙིང་ཉེ་བར་འགྱུར་རོ། །ཞེས་དང་། དེ་སྦྱིན་པ་དེ་ལྟ་བུ་སྦྱིན་པ་ནི་ཆགས་པས་སྦྱིན་པར་མི་བྱེད། སྡང་བས་སྦྱིན་པར་མི་བྱེད། ཚིག་པ་ཟ་ཞིང་སྦྱིན་པར་མི་བྱེད། བརྙས་བཞིན་དུ་སྦྱིན་པར་མི་བྱེད། རྡེག་ཅིང་སྦྱིན་པར་མི་བྱེད། ཚར་བཅད་དེ་སྦྱིན་པར་མི་བྱེད། ཁྱད་དུ་གསོད་ཅིང་སྦྱིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད། འགྱོད་བཞིན་དུ་སྦྱིན་པར་མི་བྱེད། ལྷག་མར་གྱུར་པ་སྦྱིན་པར་མི་བྱེད། རུལ་ཞིང་མྱགས་པ་སྦྱིན་པར་མི་བྱེད་ཀྱི་སྦྱིན་པ་གང་དང་གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱས་ཤིང་བརྗོད་ནས་སྦྱིན་པར་བྱེད། མང་དུ་སྦྱིན་པར་བྱེད། བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད་དགའ་ཞིང་མགུ་བས་སྦྱིན་པར་བྱེད། གཙང་བ་དང་རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་པས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་ཞེ་ས་དང་བཅས་པས་སྦྱིན་པར་བྱེད། བསམ་པ་དག་ཅིང་བཟང་ལ་དགེ་བས་སྦྱིན་པར་བྱེད། སེར་སྣ་མེད་པར་སྦྱིན་པར་བྱེད། བརྐམ་པ་མེད་པར་སྦྱིན་པར་བྱེད། ཞུམ་པ་མེད་པར་སྦྱིན་པར་བྱེད། འཇིགས་པ་མེད་པར་སྦྱིན་པར་བྱེད། རྒྱ་ཆེ་ཞིང་ཡངས་པར་སྦྱིན་པར་བྱེད། ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ལ། ཁྱད་པར་དུའང་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཕྱག་གི་གནས། མཆོད་པའི་ཡུལ། བཀུར་བའི་འོས། བསོད་ནམས་ཀྱི་ཞིང་། ཡོན་ཏན་གྱི་ཕུང་པོ་ཚད་མེད་པ་དང་ལྡན་པའི་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ནི་ཡུལ་ཆེས་གཉན་ཞིང་མ་དད་པ་དང་མ་གུས་པ་སོགས་ཀྱིས་ཉེས་པར་སྤྱོད་པའི་ཆ་ཕྲ་མོས་ཀྱང་རྣམ་སྨིན་གྱི་འབྲས་བུ་ཚད་མེད་པ་བསྐྱེད་པར་མདོ་སྡེ་རྣམས་ལས་གསུངས་པའི་ཕྱིར། དཀོན་མཆོག་མཆོད་པ་ལ་མ་གུས་པ་དང་། བག་མེད་པ་དང་། གཙང་སྦྲ་མ་ཐོན་པ་དང་། ཚོད་ཡོད་དང་། བརྙས་བཅོས་དང་། ལེ་ལོ་དང་སེར་སྣ་ལ་སོགས་པའི་སྐྱོན་གྱིས་མ་གོས་པར། དཀོན་མཆོག་གི་དད་པ་དང་། ཕན་ཡོན་གྱི་ཁྱད་པར་ཤེས་པར་བྱས་ནས་སེམས་རབ་ཏུ་དྭངས་བ་དང་། དགའ་བ་དང་སྤྲོ་བ་ཚད་མེད་པའི་ངང་ནས་བག་མེད་པའི་སྤྱོད་ལམ་གྱི་དབང་པོའི་སྒོ་བསྡམས་ཤིང་། མེ་ཏོག་ལ་སོགས་པའི་ཅི་འབྱོར་བའི་མཆོད་པའི་ཡོ་བྱད་རྣམས་ཀྱང་རྒྱུ་བཟང་བ། དངོས་གཙང་བ། བཀོད་ལེགས་པ། བསམ་པ་དག་ཅིང་སྦྱོར་བ་གུས་པ་རང་གཞན་སུས་མཐོང་ཡང་ཡིད་ལ་དྭངས་པ་དང་སྤྲོ་བ་བསྐྱེད་ནུས་པའི་བཀོད་པ་ཕུན་སུམ་ཚོགས་པ་ལེགས་པར་བལྟར་བར་བྱ་དགོས་ཏེ། འཕགས་པ་བཟང་པོ་སྤྱོད་པ་ལས། བཀོད་པ་ཁྱད་པར་འཕགས་པའི་མཆོག་རྣམས་ཀྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་དང་། སྤྱོད་འཇུག་ལས། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་རྣམ་པ་དག་པའི་མཆོད་པ་དངོས་ལ་དབྱེ་སྒོ་མང་ཡང་། སྐབས་འདིར་བླ་ན་ཡོད་པ་དང་། བླ་ན་མེད་པ་གཉིས་ཀྱིས་སྟོན་ཏེ། དང་པོ་ནི། སྤྱིར་ཞིང་གི་དམ་པ་དཀོན་མཆོག་མཆོད་པ་ཐམས་ཅད་བླ་ན་མེད་པ་ཡིན་མོད་ཀྱི་འདིར་ཟང་ཟིང་དང་སྒྲུབ་པའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་འབྱེད་པ་ཡིན་ལ། དེ་ལ་ཟང་ཟིང་གི་ཁྱད་པར་བཟང་སྤྱོད་སོགས་ནས་བསྟན་པའི་གོ་རིམ་བཞིན། དངོས་སུ་འབྱོར་བའི་མཆོད་པ་ལ། ཐོག་མར་དཀོན་མཆོག་གསུམ་གྱི་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནི། འདུལ་བ་ལུང་ལས། དགེ་སློང་དག་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི། ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་། ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ། །ཞེས་དང་། ཁང་བུ་བརྩེགས་པ་ལས། ཀུན་དགའ་བོ། གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ཞིང་མྱ་ངན་ལས་བཟླས་པ་ཡིན་ནོ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོར། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡས་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་བཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། མདོ་སྡེ་ལས་རྣམ་འབྱེད་ལས། རྟེན་ལ་ཕྱག་འཚལ་བ། ཐལ་མོ་སྦྱར་བ། ཕྱག་དར་བྱེད་པ། གདུགས། དྲིལ་བུ། བ་དན། མེ་ཏོག ཕྲེང་བ། མར་མེ། བྱུག་པ་དང་སྤོས། རོལ་མོ་སིལ་སྙན་རྣམས་ཕུལ་བ་ལ་སོ་སོར་ཕན་ཡོན་ཆེན་པོ་བཅུ་རེ་དང་། ན་བཟའ་ཕུལ་བའི་ཕན་ཡོན་བཅུ་གཉིས་འཐོབ་པར་གསུངས་པ་སོགས་ནི་ཁོ་བོས་གཞན་དུ་བྲིས་ཟིན་པ་ལ་བལྟ་བར་བྱ་ཞིང་། རྡོ་རྗེ་དྲྭ་བའི་རྒྱུད་ལས་ཀྱང་། གང་གིས་སྒོ་གསུམ་བཏུད་བྱས་ནས། །རྒྱལ་བའི་སྐུ་ལ་ཕྱག་འཚལ་ནས། །དེ་ཡི་བསོད་ནམས་འཇིག་རྟེན་དུ། །གཟུགས་ཅན་གྱུར་ན་ཤོང་མི་འགྱུར། །ཞེས་སོ། །བསྟོད་པ་བགྱིས་པའི་ཕན་ཡོན་ནི། མདོ་ལས། སྔོན་དེ་བཞིན་གཤེགས་པ་སྐར་རྒྱལ་ཞེས་བྱ་བ་ལ་བདག་ཅག་གི་སྟོན་པས་ཚིགས་སུ་བཅད་པ་གཅིག་པའི་དབྱངས་ཀྱིས་བསྟོད་པས་བསྐལ་པ་དགུའི་ཚོགས་འདུམ་པར་གསུངས་པ་དང་། མདོ་སྡེ་སྐལ་བཟང་ལས། བདེ་བར་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་དངགས་མཁན་ཚེ་བདེ་གཤེགས་རྩྭ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་བྱས་ནས། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས། ཚིགས་བཅད་བཞི་པ་ལས། གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པར་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཞེས་དང་། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས། སུ་དག་རྒྱལ་བའི་གདུང་ལྡན་བསྟོད་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིག་པའང་འཐོབ་པར་འགྱུར། །ཞེས་དང་། རྒྱུད་ལས་ཀྱང་། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ཡང་། བློ་གྲོས་བཟང་མོས་ཞུས་པའི་མདོ་ལས། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐད་དུ་རིན་པོ་ཆེའི་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱེ་མའམ་མེ་ཏོག་ཨུཏྤལའམ། པདྨའམ། ཀུ་མུདའམ། པདྨ་དཀར་པོས་ལག་པ་བཀང་སྟེ་དེ་བཞིན་གཤེགས་པའི་སྐུ་གཟུགས་སམ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འབུལ་བ་དང་། གཞན་དག་ལ་ཡང་གནོད་སེམས་མི་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་པདྨའི་གདན་ལ་བཞུགས་པར་བྱེད་དུ་འཇུག་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པར་རྒྱ་ཆེར་མོས་པ་སྟེ། བུ་མོ་ཆོས་བཞི་དང་ལྡན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐད་དུ་རིན་པོ་ཆེའི་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཞེས་དང་། སྤྱན་གཟིགས་མདོར། སུ་ཞིག་དགའ་བའི་སེམས་ཀྱིས་མེ་ཏོག་བླངས། །དད་བསྐྱེད་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོད་པར་འགྱུར། །ཞེས་དང་། མཆོད་རྟེན་བསྐོར་བའི་ཚིགས་བཅད་ལས། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །འཛམ་བུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་སོ། །དེ་བཞིན་དུ་མེ་ཏོག་དང་རིན་པོ་ཆེ་ལ་སོགས་པའི་ཕྲེང་བ་ཕུལ་ན། སྤྱན་གཟིགས་མདོར། མེ་ཏོག་ཕྲེང་བ་བྱས་ནས་སུ། །མཆོད་རྟེན་དེ་ལ་སུས་འབུལ་བ། །དེ་ནི་ནམ་ཡང་ཕོངས་མི་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར། །དེ་ན་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་འཐོབ་པར་འགྱུར། །ཞེས་དང་། གསལ་རྒྱལ་ལས། ཕྲེང་བ་མེ་ཏོག་རྒྱ་ཆེན་ཆར་རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། །ཞེས་དང་། མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་འདོགས། །དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང་། །གདུ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །ཞེས་དང་། ཚིགས་བཅད་ལས། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །འཛམ་བུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དག་མཚུངས་པ་ཡོད་མ་ཡིན། །ཞེས་སོ། །སིལ་སྙན་ཏེ་རོལ་མོའི་བྱེ་བྲག་འབུད་དཀྲོལ་བརྡུང་གསུམ་སྣ་ཚོགས་པའི་སྒྲ་ཡིས་མཆོད་ན། སྤྱན་གཟིགས་མདོར། རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱས་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོངས། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པ་འོངས། །ཞེས་དང་། རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བས། །ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད། །ཅེས་དང་། རྒྱལ་བའི་མཆོད་རྟེན་ལ་ནི་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན། །ཞེས་སོ། །འབྲུ་མར་དང་སྤོས་སོགས་ཀྱི་བྱུག་པ་འབུལ་ན། སྤྱན་གཟིགས་ལས། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིགས་འགྱུར་ཚེ། །འཛམ་བུ་གླིང་དུ་སྐྱེ་བར་མི་འགྱུར་ཞིང་། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །ཞེས་དང་། གསལ་རྒྱལ་ལས། སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས། །བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ། །དེ་དག་སྤོས་ཀྱིས་མཆོད་ཅིང་ཙན་དན་གྱིས། །ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར། །ཞེས་སོ། །གདུགས་དང་བླ་བྲེ་བ་དན་རྒྱལ་མཚན་ལྡ་ལྡི་ལ་སོགས་པས་མཆོད་ན། སྤྱན་གཟིགས་མདོར། འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ། །བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །དེ་ནི་སྐྱེ་བོ་མང་པོས་མཆོད་འོས་འགྱུར། །བྱང་ཆུབ་མཆོག་སྤྱད་དམ་པ་ཞི་བ་སྤྱོད། །ཅེས་དང་། རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །ཞེས་དང་། སངས་རྒྱས་དམ་པ་མི་མཆོག་བཞུད་པའི་ཚེ། །འདྲེན་པ་མཚུངས་པ་མེད་ལ་དད་བྱས་ཏེ། །སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར། །མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ། །དེ་ནི་ལས་མཛེས་དམ་པ་གུས་བྱས་པས། །ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་འགྱུར། །འཇིག་རྟེན་ཀུན་ན་ཚངས་པའི་བདག་པོར་འགྱུར། །ཞེས་སོགས་ནས། བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ། །ཇི་ལྟ་བུ་ཡང་བྱང་ཆུབ་སེམས་མི་འདོར། །བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར། །དེ་ཡི་ཤེས་པ་ནམ་ཡང་ཉམས་པ་མེད། །ཅེས་པའི་བར་གྱིས་རྒྱ་ཆེར་བསྟན་པ་དང་། གསལ་རྒྱལ་ལས། སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་ཡིད་ཀྱིས་བླ་རེ་འབུལ་བྱེད་ན། །དེ་དག་ས་སྟེང་རྒྱ་མཚོའི་མཐར་ཀླས་པ། །མ་ལུས་དབང་བྱེད་རྒྱལ་གཅིག་དབང་བྱེད་འགྱུར། །བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དང་། །མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། །བདེ་གཤེགས་མཆོད་རྟེན་ཅོད་པཎ་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པཎ་ཁྱད་པར་འཐོབ། །ཅེས་སོ། །མར་མེ་ལ་སོགས་པ་སྣང་གསལ་གྱི་སྒྲོན་མེས་མཆོད་ན། སྤྱན་གཟིགས་མདོར། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་བུའི་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུང་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟར་མིན། །ཞེས་དང་། གལ་ཏེ་མི་མཇེད་འཇིག་རྟེན་ཁམས་འདི་ཀུན། །ནོར་བུ་རིན་ཆེན་བཻཌཱུཪྱས་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་ནུས། །ཞེས་དང་། གསལ་རྒྱལ་ལས། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་བྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་མཛེས། །དྲི་མ་མེད་པ་ལྷ་ཡི་མིག་དང་ལྡན། །སུ་དག་མཆོད་རྟེན་མར་མེ་དངར་བ་འབུལ། །དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས། །མིག་གི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན། །སྐྱེས་པ་བུད་མེད་དག་གིས་བལྟ་བར་འོས། །མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད། །འབྱོར་དང་ལྡན་པ་མར་མེའི་སྡོང་བུ་འབུལ། །དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན། །རིན་ཆེན་རགས་པའི་འོད་ཀྱི་ལུས་ཀྱང་འཐོབ། །རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ནི། །དགའ་བའི་སེམས་ཀྱིས་འདིར་ནི་དགའ་བཞིན་དུ། །སྙིང་པོ་བསྐུལ་བར་བྱེད་པ་དེ་དག་ནི། །སྤྱན་ལྔ་དག་ཀྱང་ངེས་པར་འཐོབ་པར་འགྱུར། །ཞེས་དང་། གཞན་ཡང་འཕགས་པ་མར་མེ་འབུལ་བའི་མདོ་སོགས་ལས་རྒྱ་ཆེར་གསུངས་སོ། །སྦྱར་བ་དང་མ་སྦྱར་བའི་དྲི་ཞིམ་པོ་སྲེག་པའི་བདུག་སྤོས་ཀྱིས་མཆོད་ན། སྤྱན་གཟིགས་མདོར། གང་ཞིག་སྤོས་ཆུ་ཡུང་འབྲུ་ཙམ་བླང་སྟེ། །བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དྭངས་ཤིང་། །རྡུལ་དང་དྲི་མ་སྤོངས་ལ་མཉན་པར་གྱིས། །དེ་ནི་ནད་མེད་གྱུར་ཅིང་ཕྱོགས་ཀུན་རྒྱུ། །ནད་མེད་གྱུར་ཅིང བློ་བརྟན་བག་ཡོད་ལྡན། །སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་། །རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ། །གསེར་གྱི་མདོག་ཅན་མཚན་གྱི་གོ་ཆ་ཅན། །འཇིག་རྟེན་དག་ན་ཡིད་འོང་དྲི་ལྡན་འཐོབ། །ཅེས་དང་། གསལ་རྒྱལ་ལས། སངས་རྒྱས་མཆོད་རྟེན་ལ་ནི་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང་། །ཨ་ག་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་ངད་ལྡན་པར་འགྱུར། །ཞེས་སོ། །དར་གོས་སོགས་ན་བཟའ་རྣམ་པ་སྣ་ཚོགས་ཕུལ་ན། སྤྱན་གཟིགས་མདོར། སུ་ཞིག་དགའ་མགུ་སེམས་ཀྱིས་གོས་ཀྱིས་ནི། །བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱེད་ན། །དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་། །ཁྲག་ཁྲིག་བརྒྱ་བགྲངས་མཐའ་ཡས་རྟག་ཏུ་རྙེད། །ཞེས་དང་། གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེ་འདིར་མཚུངས་པ་མེད་པའི་ལུས་ཐོབ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ། །སྣ་ཚོགས་དག་དང་སེང་གེའི་ཕྲེང་བ་དང་། །གསེར་སྐུད་རབ་མཛེས་བསྐལ་པ་མཐའ་ཡས་འབྱུང་། །ཞེས་དང་། གལ་ཏེ་རིན་ཆེན་རབ་མཆོག་སྣ་བདུན་གྱིས། །སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི། །དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི། །རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན། །ཞེས་དང་། གསལ་རྒྱལ་ལས། རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པའི་ངོ་ཚའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །ཞེས་སོ། །གུར་གུམ་སོགས་ཀྱིས་ཆུས་ཆག་ཆག་བཏབ་པ་དང་། མཆོད་ཡོན་ཁྲུས་ཆབ་སོགས་དྲི་བཟང་པོའི་རིགས་ཀྱིས་མཆོད་ན། གསལ་རྒྱལ་ལས། སུ་དག་དཔྱིད་ཀྱི་དུས་ན་གཙང་མའི་ཆུས། །མཆོད་རྟེན་ཉེ་སྐོར་རྡུལ་རྣམས་ཞི་བྱེད་པ། །དེ་ལ་བུད་མེད་རྣམས་ནི་དགའ་བཞིན་དུ། །རྡུལ་གཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །ཞེས་དང་། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭངས་པས་ཁྲུས་གསོལ་ན། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་དང་། ཚིགས་བཅད་ལས། མཁས་པ་སུ་དག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་སྤོས་ཆུས་དབང་བསྐུར་བས། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་སོ། །གཞན་ཡང་གཙུག་ལག་ཁང་དང་མཆོད་རྟེན་སོགས་ལ་རྡུལ་ཕྱག་བགྱིས་ན། འདུལ་བ་ལུང་ལས། ཕྱག་དར་བྱས་པ་ལ་ཕན་ཡོན་ལྔ་ཐོབ་སྟེ། རང་གི་སེམས་དྭངས་པར་འགྱུར་བ་དང་། གཞན་གྱི་སེམས་མོས་པར་འགྱུར། ལྷ་རྣམས་ཡིད་དགའ་བར་འགྱུར། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོག་པར་འགྱུར་རོ། །ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། སྤྱན་གཟིགས་མདོར། བསོད་ནམས་འདོད་པ་སུ་ཞིག་ཕྱག་ཐོགས་ཏེ། །བཅོམ་ལྡན་མཆོད་རྟེན་གུས་པས་མཆོད་བྱེད་པ། །དེ་ནི་སྨད་ཅིང་མི་གཙང་ལུས་མི་འགྱུར། །བ་སྤུའི་ཁུང་ནས་ཙན་དན་དྲི་ངད་འབྱུང་། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་འཐོབ་ཅིང་། །མཛེས་ལ་མཚན་གྱི་གོ་ཆ་བྱས་པར་འགྱུར། །ཞེས་དང་། དད་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན། །འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོངས། །སྟོབས་བཅུ་མངའ་བའི་དེད་དཔོན་མཉེས་པར་བྱེད། །མཆོད་རྟེན་མེ་ཏོག་རྙིང་པ་སུས་འཕྱག་པ། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར། །དེ་ལ་རྒྱལ་པོས་གནོད་པ་སེམས་མི་འགྱུར། །ཞེས་དང་། གསལ་རྒྱལ་ལས། རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིང་བསལ་བས། །འདོད་ཆགས་ཆགས་མེད་ཞེ་སྡང་སྡང་མི་འགྱུར། །གཏི་མུག་རྨོངས་མེད་ལྟ་ངན་ཆགས་མི་འགྱུར། །མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར། །ཞེས་སོ། །རྟེན་ལ་བ་རྒྱ་སེལ་བ་སོགས་བྱི་དོར་བགྱིས་ན། སྤྱན་གཟིགས་མདོར། འཇིག་རྟེན་སྒྲོན་མ་མཚུངས་མེད་བསོད་རྣམས་ཞིང་། དེ་ཡི་མཆོད་རྟེན་བ་རྒྱ་སུས་སེལ་བ། །བག་ཡོད་གྱུར་ནས་དེ་ནི་བདུད་རྒྱ་དྲལ། །དུས་རྣམས་ཀུན་ཏུ་ངན་སོང་ས་ཡང་སྤོང་། །རྟག་ཏུ་སངས་རྒྱས་རྡུལ་བྲལ་བསྟི་སྟང་བྱེད། །རྟག་ཏུ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར། །མི་ཡི་འཇིག་རྟེན་སྐྱེས་ནས་བསོད་ནམས་ལྡན། །རྒྱལ་པོ་ཀུན་གྱི་མཆོད་པའི་གནས་སུ་འགྱུར། །ལྷ་ནང་ལྷ་ཡི་དབང་པོས་མཆོད་བྱར་འགྱུར། །ཞེས་དང་། གསལ་རྒྱལ་ལས། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་ལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་འབྲལ་བར་འགྱུར། །ཞེས་སོ། །ལྷ་ཁང་སོགས་ལ་ཐིགས་ཚགས་བྱས་ན། སྤྱན་གཟིགས་མདོར། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་ཏེ། མོས་པ་བསྐྱེད་ནས་མཆོད་རྟེན་རྩྭ་སྐྱེས་སེལ། །དེ་ཡི་ཕན་ཡོན་དེ་དག་ངས་བཤད་ཀྱིས། །ཐ་བ་དྲི་སོལ་དྭངས་པའི་སེམས་ཀྱིས་ཉོན། །མཐུ་ཆེན་སྐྱེས་བུ་དམ་པ་ཁྱད་འཕགས་པ། །རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་། །དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད། །དེ་ནི་གཞར་ཡང་དད་པ་དམ་པ་འཐོབ། །སངས་རྒྱས་སྟོབས་བཅུ་དེད་དཔོན་དེས་མཐོང་ནས། །འདྲེན་པ་མཚུངས་པ་མེད་ལ་མཆོད་པ་བྱས། །མཚན་གྱི་གོ་ཆར་རྒྱས་པའི་སངས་རྒྱས་སུ། །འགྱུར་ཞེས་ཐུགས་དགྱེས་དེ་དག་ལུང་ཡང་སྟོན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །མཆོད་རྟེན་སོགས་ཞིག་རལ་དུ་གྱུར་པ་བཅོས་པ་དང་སྤྱི་གབ་གཙང་ཁང་སོགས་བྱས་ན། གསལ་རྒྱལ་ལས། མི་རྣམས་གང་དག་རྩྭ་ཤིང་སོ་ཕག་གིས། །འཇིག་རྟེན་བླ་མའི་སྤྱི་གབ་རིགས་པས་བྱེད། །ཡང་ན་གཞན་དག་བྱེད་དུ་འཇུག་ཀྱང་རུང་། །དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར། །མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར། །མཐོ་རིས་ལམ་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་པར་དགའ་བྱེད་རྟག་ཏུ་དགའ་བཞིན་དུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །གང་དག་འཇའ་ཁུགས་འདྲ་བའི་རྟ་བབས་མཛེས། །ཐུབ་པའི་ཆབ་སྒོར་སྦྲེང་བྱེད་དེ་དག་ནི། །སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས། །རྣམ་པར་བརྒྱན་པ་རྣམས་ནི་ཐོབ་པར་འགྱུར། །མི་རྣམས་གང་དག་སྟོན་པའི་སྐུ་གདུང་ཁང་། །བསྲུང་ཕྱིར་དད་པས་འོབས་དང་སྒོ་འཛུགས་པ། དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས། །དཔལ་ཡོན་རྣམས་དང་བྲལ་བར་ཡོངས་མི་ནུས། །མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས། །གཞན་གྱི་ངོར་བྱེད་མ་ཡིན་རང་གི་བློས། །རལ་ཚེམ་བྱེད་པའི་སྐྱེ་བོ་དེ་དག་ནི། །ལུས་བཟང་ཡོན་ཏན་དམ་པས་བརྒྱན་པར་འགྱུར། །ཞེས་དང་། དགེ་རྩ་ཡོངས་འཛིན་མདོར། དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང་། ཕྱིར་བཅོས་པ་དང་། བྱི་དོར་བགྱིས་པས། གཟུགས་དང་། དལ་བ་དང་། ཡང་དག་པར་བླང་བ་དང་། དེ་བཞིན་གཤེགས་པར་ལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་རྗེས་སུ་འཐོབ་པར་གསུངས་ཤིང་། འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། འདི་ལྟ་སྟེ། རྒྱུན་མི་ཆད་པར་ཆོས་སྦྱིན་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། ཚད་མེད་པ་བཞི་བསྒོམ་པ་དང་། མཆོད་རྟེན་རྙིང་པ་གསོས་པ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱ་བ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཆོས་ལྔ་པོ་དེ་དག་དང་ལྡན་ན་བདུད་ཀྱི་རིས་ཐམས་ཅད་ཀྱི་བགེགས་བྱ་བར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྐྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སོ། །ལྷ་ཁང་དང་མཆོད་རྟེན་སོགས་ལ་ཞལ་བ་དང་ཚོན་རྩི་སོགས་ཕུལ་ན། གསལ་རྒྱལ་ལས། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །ས་དང་ལྕི་བས་ཉུག་པ་དེ་དག་ནི། །ལྷ་དང་མིར་སྐྱེ་ལུས་མདོག་སྡུག་པ་དང་། །རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར། །ཞེས་དང་། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང་། །ཚོན་རྩི་སྣ་ཚོགས་དག་གིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །ཞེས་དང་། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །ཞེས་སོ། །མཆོད་རྟེན་དང་སྐུ་གཟུགས་སོགས་ལ་ཕྲ་རྒྱན་སོགས་ཕུལ་ན། དེ་ཉིད་ལས། སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་འཐོབ། །ཅེས་དང་། ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི། །མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ། །དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་། །ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར། །ཞེས་དང་། སྤྱན་གཟིགས་མདོར། དགའ་བའི་སེམས་ཀྱིས་མགུ་བའི་ཤུགས་བསྐྱེད་དོ། །བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲྭ་བ་འབུལ། །དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན། །མཐུ་ཆེན་བླ་མ་འཁོར་ལོས་སྒྱུར་བར་འགྱུར། །ཞེས་སོ། །དགེ་འདུན་ལ་ཆོས་སྟོན་སོགས་ཞལ་ཟས་བཟའ་བཏུང་རིགས་ཕུལ་ན། གསལ་རྒྱལ་ལས། སུ་དག་རབ་ཏུ་བྱུང་དང་མཚམས་པ་ཡི། །ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ། །སུ་དག་རབ་ཏུ་བྱུང་དང་མཚམས་པ་ཡི། །བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །བཏུང་བ་ཁ་དོག་རོ་ལ་སོགས་པ་འཐོབ། །ཅེས་དང་། སྦྱིན་པའི་ཕར་ཕྱིན་བསྟན་པ་ལས། ཁ་ཟས་སྦྱིན་པ་བྱིན་ན་ནི། །དེས་ནི་ཚེ་དང་ཁ་དོག་དང་། །སྟོབས་དང་བདེ་བ་ལྔ་པ་སྤོབས། །ཤེས་རབ་ཅན་གྱིས་བྱིན་པ་ཡིན། །ཁ་ཟས་བྱིན་པས་དགའ་བ་དང། །ཚེ་རིང་བདེ་སྐྱིད་སྟོབས་ལྡན་འགྱུར། །སྐྱིིད་ཅིང་བརྟན་པ་དེ་དག་ནི། །ཐོགས་མེད་སྤོབས་པ་ལྡན་པར་འགྱུར། །ཕྱུག་ཅིང་ནོར་མང་དཔལ་དང་ལྡན། །མི་ནི་དེས་ཤིང་བློ་ལྡན་ལ། །བསོད་ནམས་ལྡན་ཞིང་མཁས་ལ་ཞི། །ཁ་ཟས་བྱིན་པས་དེ་ལྟར་འགྱུར། །ཞེས་དང་། སྐོམ་བྱིན་པས་ནི་མཁས་པ་དེ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །ཡི་དྭགས་ཉམས་པར་མི་སྐྱེ་ཞིང་། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །ཞེས་སོ། །གོས་ཕུལ་ན། དེ་ལས། གོས་སྦྱིན་ཤིན་ཏུ་དཔལ་དང་ལྡན། །རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང་། །མི་དེ་ངོ་ཚར་ཤེས་པར་འགྱུར། །མི་ནི་གྲགས་ལྡན་སྐལ་དང་ལྡན། །ཞེས་སོ། །གནས་མལ་ཕུལ་ན། དེ་ལས། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་ན། །ཁྱིམ་དང་གནས་དང་ཡུལ་འཁོར་གྱིས། །བདག་པོ་དང་ནི་གཙོ་བོར་འགྱུར། །ཞེས་དང་། མལ་དང་སྔས་རྣམས་སྦྱིན་པར་བྱེད་པའི་མི། །བསྟན་བཅོས་དག་ལ་མཁས་པར་སྐྱེ་བར་འགྱུར། །ཞི་གནས་འཐོབ་ཅིང་རྒྱ་ཆེར་སྦྱིན་པ་དང་། །པདྨ་ལས་བྱུང་གཟི་ཅན་གཞོན་ནུར་འགྱུར། །ཞེས་དང་། སྣ་ཚོགས་རིན་ཆེན་བདུན་ལས་བྱས། །འཕང་དུ་དཔག་ཚད་གཉིས་ཡོད་པ། །ཁོ་ར་ཁོར་ཡུག་དཔག་ཚད་གཅིག །རི་རབ་བཞིན་དུ་སྤ་བ་དང་། །རིན་ཆེན་ལྗོན་ཤིང་བརྒྱས་བསྐོར་ཞིང་། །གཞལ་མེད་ཁང་གིས་ལེགས་པར་བརྒྱན། །དྲིལ་བུ་གཡེལ་ཁའི་དྲྭ་བས་བཀབ། །ནོར་བུ་རིན་ཆེན་སྤྲས་གསལ་བ། །ཚངས་པ་མཚུངས་པར་སྤྱོད་རྣམས་ལ། །ཁྲིའུ་སྟན་དང་སྟེགས་བྱིན་པས། །འཁོར་བ་དག་ན་འཁོར་བའི་ཚེ། །དེ་འདྲའི་སྟན་ནི་འཐོབ་པར་འགྱུར། །ཞེས་སོ། །སྨན་སོགས་མཁོ་བའི་ཡོ་བྱད་ཕུལ་ན། རྩི་དང་སྨན་གྱི་སྦྱིན་པ་ཡིས། །ཟླ་བ་ཉ་ལྟར་ནད་མེད་ཅིང་། །གནོད་ཆུང་སྐྱིད་ཅིང་བདེ་བར་གནས། །མི་རྣམས་ཚེ་ནི་རིང་བར་འགྱུར། །ཞེས་དང་། ཡོ་བྱད་རབ་ཏུ་བྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་དེར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡན་ལག་ཐམས་ཅད་རྫོགས་པར་འགྱུར། །ཞེས་སོ། །དཀོན་མཆོག་གསུམ་གྱི་རྟེན་ལ་བསྐོར་བ་བྱས་ན། སྤྱན་གཟིགས་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །ཞེས་དང་། གསལ་རྒྱལ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་སྟེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་དང་། ཁྱད་པར་མཆོད་རྟེན་བསྐོར་བའི་ཚིགས་བཅད་ལས། མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་ཆེ་རྣམས་མཆོད་བྱེད་འགྱུར། །དལ་བ་བརྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་བ་ཡང་དེ་ཡིས་འཐོབ། །གྲགས་པ་ཆེན་པོའང་འཐོབ་པར་འགྱུར། །ཞེས་པ་ནས། དྲན་པ་ཉེ་བར་བཞག་པ་བཞི། །སེམས་ཀྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པའི་དབང་ཡང་འཐོབ། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་འཐོབ། །མངོན་ཤེས་དྲུག་དང་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་རྣམས་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡི། །བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། སྐབས་འདི་དག་ཏུ་གསུངས་པའི་མཆོད་རྟེན་ཞེས་པ་ནི་དཀོན་མཆོག་གསུམ་གྱི་རྟེན་སྤྱི་ལ་བཤད་པ་ཡིན་ནོ། །མདོར་ན་ཆོ་འཕྲུལ་བསྟན་པའི་མདོ་ལས། མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །ཞེས་དང་། དམ་ཆོས་པད་དཀར་ལས། བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུང་པ་ཡི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེངས་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་དང་། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། རིགས་ཀྱི་བུ་དག་ཆོས་མཆོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །ཞེས་གསུངས། མདོར་ན། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བ། །དེས་ན་བདེ་ཞིང་སྐྱིད་པར་འདོད་པས། དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། དེ་ལྟའི་ཕན་ཡོན་ཆེན་པོ་འདི་ཐོས་ནས། །མེ་ཏོག་ཕྲེང་བ་རྒྱལ་མཚན་གོས་མཆོག་དང་། །རོལ་མོ་སྒྲ་དང་གདུགས་དང་བྱུག་བདུག་གིས། །མགོན་པོ་མཆོད་ལ་སངས་རྒྱས་འགྱུར་བར་གྱིས། །ཞེས་སངས་རྒྱས་ཐུགས་རྗེ་ཅན་ཉིད་ཀྱིས་རྗེས་སུ་འདོམས་པར་མཛད་པ་ཡིན་ནོ། །འོ་ན་སངས་རྒྱས་དངོས་སུ་བཞུགས་པ་དང་། ད་ལྟར་རྟེན་ལ་མཆོད་པ་གཉིས་ལ་ཁྱད་པར་ཡོད་དམ་ཞེ་ན། དེ་ནི་ཅུང་ཟད་ཀྱང་མེད་དེ། མདོ་ལས། དྲང་སྲོད་ཆེན་པོ། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་རྣམ་པར་སྨིན་པ་ནི་མཚུངས་ཤིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཟུགས་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། ཆོས་གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་གང་འདུག་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་ན་སེམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་མེད་དོ། །ཞེས་དང་། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་དང་། རྒྱལ་བ་མྱ་ངན་འདས་པ་དང་། །གང་དག་ད་ལྟ་བཞུགས་པ་ལ། །གང་ཞིག་དད་པས་གུས་མཆོད་པ། །སེམས་དགེ་བ་ནི་མཚུངས་པའི་ཕྱིར། །བསོད་ནམས་ཕུང་པོ་མཉམ་པར་འཐོབ། །ཅེས་གསུངས་སོ། །གཞན་ཡང་ལུང་རྣམ་འབྱེད་ལས། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པའི་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་རྫས་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་བདུན་དང་། ཁྱད་པར་དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་ཆོས་སྤྱོད་བཅུར་གསུངས་པ་རྣམས་གཙོ་བོར་ཐུན་མཚམས་ཀྱི་བྱ་བ་གལ་པོ་ཆེ་ཡིན་ནོ། །གཉིས་པ་བླ་ན་མེད་པའི་མཆོད་པ་ནི། མདོ་ལས། ཚངས་པ་གསུམ་པོ་འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པ་བསོད་ནམས་ཚད་མེད་པ་འབྱུང་ངོ་། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པའོ། །ཞེས་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་སྔར་བཤད་ཟིན་ལ། དམ་པའི་ཆོས་བཟུང་བའི་ཕན་ཡོན་ནི། སྤྱིིར་ཐེག་པ་ཆེན་པོའི་ཆོས་ལ་ཉན་འཆད་སྒོམ་སྒྲུབ་བགྱིས་པའི་བསོད་ནམས་ནི་བསམ་གྱིས་མི་ཁྱབ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་ཁམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་འདིར་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གང་གཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །ཞེས་སོ། །ལྷག་པར་བསྟན་པ་འཇིག་ལ་ཉེ་བའི་སྐབས་དེང་སང་ལྟ་བུར་དམ་པའི་ཆོས་བཟུང་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བ། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་དུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུག་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་བྱེད། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས། །ཞེས་སོགས་ནས། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་པས། །འཇིག་རྟེན་མགོན་གྱི་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་བསྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ལུས་ཀྱི་བདེ་བ་མྱོང་འགྱུར་ཞིང་། །དེ་ནི་ནད་ཀྱིས་བཏབ་མི་འགྱུར། །ནམ་ཡང་ཕྲོག་པར་མི་འགྱུར་རོ། །སྟོན་པའི་བསྟན་པ་བསྲུངས་བྱས་ན། །བཟོད་པ་ཕུན་སུམ་ཚོགས་པ་དང་། །དེས་དང་གསལ་དང་མཉེན་པ་དང་། །སེམས་ཅན་རྣམས་ལ་བྱམས་པར་འགྱུར། །ཞེས་སོགས་དང་། གང་དག་ཕྱིན་ཆད་མདོ་སྡེ་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བ་དེ་དག་བསྔགས་བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟེན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། དེ་དག་རྣམས་ཀྱིས་ཡོན་ཏན་ཕན་ཡོན་རྣམས། །བསྐལ་པ་རྒྱུན་མི་འཆད་པར་བརྗོད་བྱས་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་པས་མཐའ་མར་ཕྱིན་པར་མི་འགྱུར་རོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོ་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་པ་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་ཐོས་པའི་དོན་ཚུལ་བཞིན་དུ་སྒྲུབ་པའི་ཕན་ཡོན་ནི། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནི་བཅུ་སྟེ། སེམས་རྙོག་པ་མེད་པ་དང་། བག་ཡོད་པར་གནས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། སྤྱོད་པ་ལ་དད་པ་དང་། ཡེ་ཤེས་ལ་ནེམ་ནུར་མེད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། ཆོས་མི་སྤོང་བ་དང་། ཤིན་ཏུ་བསྡམས་པར་གནས་པ་དང་། དུལ་བའི་རྗེས་སུ་འཐབ་པ་དང་། སོ་སོ་ཡང་དག་པ་རིག་པ་བཞི་མངོན་དུ་བྱེད་པ་སྟེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་དེ་ནི་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །ཚེ་དཔག་མེད་ལས་ཆོས་བཟང་མཆོག་ཐོས་ནས། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་འཐོབ། །ཅེས་པའི་བར་གྱིས་བསྟན་པ་དང་། ཁྱད་པར་སྦྱིན་སོགས་ལས་མཆོག་ཏུ་གྱུར་པའི་ཕན་ཡོན་ཀྱང་། མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་ལྷ་ཡི་ལོ་སྟོང་དུ་དཀོན་མཆོག་ལ་ཅི་དགོས་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ཐ་ན་སེ་གོལ་གཏོགས་པ་སྲིད་དུ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ནི་སྟོང་པའོ། །འདུ་བྱེད་ཐམས་ཅད་ནི་བདག་མེད་པའོ། །སྙམ་དུ་དཔྱོད་ན་དེ་དེ་བས་བསོད་ནམས་གྲངས་མེད་པ་བསྐྱེད་པར་བྱེད་དོ། །ཞེས་དང་། བྱམས་པ་སེང་གེའི་སྒྲ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་བཀང་སྟེ། དེ་བཞིན་གཤེགས་པ་ལ་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུལ་བ་བས་ནི། གང་གིས་བྱང་ཆུབ་དོན་དུ་གཉེར་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་དེས། མཁན་པོ་ལས་ལུང་མནོས་ཏེ། ཁ་ཏོན་དུ་བྱེད་ཅིང་ཐ་ན་ཚིག་བཞི་པའི་དོན་ཡིད་ལ་བྱེད་པ་དང་། འདུ་འཛི་ལ་སྐྲག་ནས་དགོན་པར་གོམས་པ་བདུན་བོར་བ་བསོད་ནམས་ཆེ་བར་གསུངས་པ་དང་། གཞན་ཡང་རྒྱལ་པོ་མུ་ཁྱུད་འཛིན་གྱིས། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ལ་ལོ་བརྒྱད་ཁྲི་བཞི་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བས། གང་དགོན་པར་གནས་ཏེ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་ཐ་ན་སེ་གོལ་གཅིག་གཏོགས་པ་ཙམ་དུ་བསྒོམ་ན། སྔ་མ་དེས་སྟོང་ནས་བྱེ་བ་ཁྲག་ཁྲིག་འབུམ་གྱི་བར་གྱི་ཆ་དང་གྲངས་ནས་རྒྱུ་བའི་བར་དུ་ཉེ་བར་མི་འགྲོ་བར་གསུངས་སོ། །ཉན་པ་སོགས་ལས་ཁྱད་པར་དུ་འཕགས་པའང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་གཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུའི་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། གཙུག་ཏོར་ཆེན་མོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་སོ། །དེས་མི་མཐུན་ཕྱོགས་སྒྲིབ་པའི་ཚོགས་ཀྱི་གཉེན་པོ་བྱེད་པའང་། དཀོན་བརྩེགས་ལས། མུན་ཁང་དུ་སྒྲོན་མེ་བཏེགས་པའི་དཔེ་སྔོན་དུ་བཏང་ནས། འོད་སྲུང་དེ་བཞིན་དུ་ལས་དང་ཉོན་མོངས་པར་གྱུར་པ་ལ་ལོ་འབུམ་དུ་བསགས་པ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །ཞེས་དང་། འོད་སྲུང་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་བསྐལ་པ་འབུམ་དུ་བསགས་པའི་ལས་དང་ཉོན་མོངས་པ་རྣམ་པར་བྱང་ང ོ། །ཞེས་སོགས་དང་། དེ་བཞིན་དུ་འདོད་ཡོན་ལ་ཞེན་པ་ཟློག་ཅིང་མངོན་ཤེས་དང་ཏིང་འཛིན་འཆར་བའང་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་པ་དང་ཏིང་ངེ་འཛིན་མངོན་པར་འགྲུབ། །ཅེས་སོ། །ཐེ་ཚོམ་གྱི་གནས་རྣམས་གཅོད་པའང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཏིང་འཛིན་བསྒོམ་པས་ཐེ་ཚོམ་གཅོད་འགྱུར་གྱི། །དེ་མ་རྟོགས་པར་གཞན་གྱི་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་སོ། །སྙིང་རྗེ་ཆེན་པོ་སྐྱེ་ཞིང་ཡང་དག་པའི་དོན་མཐོང་བས་མྱ་ངན་ལས་འདས་པའི་འབྲས་བུ་མངོན་དུ་བྱེད་པའང་། ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པར་ཇི་ལྟ་བ་བཞིན་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །ཞེས་སོ། །གདུལ་བྱ་རྣམས་ཡོངས་སུ་སྨིན་པར་ནུས་པའི་ཁྱད་པར་ཡང་། །ཤེར་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་རྣམས་སྨིན་པར་བྱེད་དོ། །ཞེས་དང་། མདོ་སྡེ་རྒྱན་ལས། བསམ་གཏན་གྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཅེས་སོ། །གཞན་ཡང་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག་པས་མདོ་སྔགས་ཀྱི་ལམ་ཐམས་ཅད་དེ་ལ་རྫོགས་ཤིང་ཚང་བའི་ཚུལ་ལུང་དང་བཅས་ཏེ་ཆོས་རྗེ་སྒམ་པོ་པས་ལམ་མཆོག་རིན་ཆེན་ཐར་པའི་རྒྱན་དུ་གསུངས་པ་ལྟར་ཤེས་པར་བྱ་ལ། མདོར་ན་བློ་གྲོས་རྒྱ་མཚོའི་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ། །ཞེས་གསུངས་པ་བཞིན་ཏེ། འདིར་སྲོག་ཆགས་སྙིང་བརྩེ་བ་ཞེས་པའི་ཟུར་གྱིས་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའི་སྲོག་བསླུ་སོགས་ཀྱང་བླ་ན་མེད་པའི་མཆོད་པར་འགྱུར་ཞིང་ཕན་ཡོན་གོང་མཚུངས་ཐོབ་པར་དོན་གྱིས་བསྟན་པའང་ཡིན་ནོ། །ཚོགས་གཉིས་ནོར་བུའི་མཛོད་ཁང་མ་བསགས་ན། །སྐུ་གཉིས་འབྱོར་པའི་ཁྱད་པར་མི་འཐོབ་པས། །བག་མེད་བྱ་བ་ཐམས་ཅད་སྤངས་ནས་ནི། །རྩེ་གཅིག་བརྩོན་པར་མཛོད་ཅིག་ཤེས་ལྡན་རྣམས། །ཚོགས་བསགས་མཎྜལ་གྱི་ཁྲིད་ཀྱི་སྐབས་སོ། །། །


previousཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད།next