Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
   
   
   
   
   
   
   
བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད།


 
previousབྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད།no next

བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད།

༈ ལྔ་པ་བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་གསུམ། ཡོན་ཏན་གཞི་རྟེན་བཤེས་གཉེན་བསྟེན་ཚུལ་སྤྱིར་བཤད་པ། བྱེ་བྲག་རྣལ་འབྱོར་ཟབ་མོ་ཇི་ལྟར་བསྒོམ་པའི་ཚུལ་དངོས། རྗེས་དེ་ལྟར་བསྟེན་ཅིང་སྒྲུབ་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ། བསྟེན་དགོས་པའི་རྒྱུ་མཚན། བསྟེན་བྱའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བསྟེན་ན་དེའི་ཡོན་ཏན་དང་ལེགས་པའི་ཆ་ཐམས་ཅད་རང་ལ་འགོ་བ་ནི་ཙན་དན་གྱི་ཤིང་ལ་བརྟེན་པའི་ཤིང་ཕལ་པ་ལའང་དྲི་བཟང་པོའི་ངད་འགོ་བ་ལྟ་བུ་ཡིན་ཏེ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ལ་བསྟེན་གྱུར་ན། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་སོ། །དེས་ན་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ལ་བསྟེན་པར་བྱ་དགོས་ཏེ། རང་གིས་དགེ་བ་དང་ལེགས་པའི་ཡོན་ཏན་ཐནས་ཅད་གོང་དུ་འཕེལ་ཤིང་རྒྱས་པར་འགྱུར་བའི་ཕྱིར། བྱམས་པའི་ཞུས་པའི་མདོ་ལས། གང་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་དང་། ཡེ་ཤེས་མཐོང་བའི་ཕུང་པོ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་བསྟེན་པ་ལས་བྱུང་བར་རིགས་པར་བྱའོ། །བྱམས་པ། གཞན་ཡང་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་ཤས་ཇི་སྙེད་པ་དེ་ཐམས་ཅད་ཀྱང་རང་གི་དགེ་བའི་རྩ་བ་ལས་བྱུང་སྟེ། དེ་ཡང་དགེ་བའི་བཤེས་གཉེན་ལས་བྱུང་བར་རིགས་པར་བྱའོ། །ཞེས་དང་། ཀྱེ་རིགས་ཀྱི་བུ། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་མཉེས་པར་གྱིས་ཤིག་དང་། དེས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཚོགས་ཡོངས་སུ་ཤེས་པས། འཁོར་བ་ན་རྒྱུ་བ་རྣམས་ཡོངས་སུ་སེལ་ལོ། །ཞེས་སོ། །དེ་ལས་ལྡོག་སྟེ་མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་བསྟེན་ན། དེའི་སྐྱོན་ངང་གིས་འགོ་བ་ནི་མི་གཙང་བའི་ཁྲོད་དུ་ཀུ་ཤ་ཉ་རུལ་གྱིས་བསྒོས་པ་ལྟ་བུ་སྟེ། ལུང་ལས། མི་ཡི་མདུན་དུ་ཀུ་ཤ་ལ། །ཉ་རུལ་གྱིས་ནི་དཀྲིས་གྱུར་ན། །དེ་ནི་རིང་པོར་མི་ཐོགས་པར། །ཀུ་ཤ་ཉིད་ཀྱང་དེ་འདྲར་འགྱུར། །དེ་ཕྱིར་དམ་པ་མ་ཡིན་ལ། །བསྟེན་པར་གྱུར་པའང་དེ་བཞིན་ནོ། །ཞེས་སོ། །དེའི་ཕྱིར་བདག་གིས་མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་རྣམས་སྤང་བར་བྱ་དགོས་ཏེ། མི་དགེ་བའི་ཕྱོགས་ཐམས་ཅད་བསྲབས་ཤིང་སྤངས་ནས་མེད་པར་བྱ་དགོས་པའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་རྩ་བ་མངོན་པར་འདོད་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱ་ཡི། སྡིག་པའི་གྲོགས་པོ་དག་ལ་ནམ་ཡང་བསྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ཕྱིར་རོ། །ཞེས་སོ། །གཞན་ཡང་། གཏན་བདེ་བྱང་ཆུབ་སྒྲུབ་པའི་འདུན་གྲོས་འདྲི་བའི་ཡུལ་ཡང་བླ་མ་ལས་གཞན་མེད་པས་བསྟེན་དགོས། དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་པ། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྟོན་པར་ནུས་མ་ཡིན། །ཞེས་སོ། །བྱ་བ་དང་བྱ་བ་མ་ཡིན་པའི་བླང་དོར་གྱི་དམིགས་སྟོན་པར་བྱེད་པའང་བླ་མ་ལས་གཞན་མེད་པས་ཀྱང་བསྟེན་དགོས་ཏེ། སྒྱུ་འཕྲུལ་བརྒྱ་པ་ལས། ཡོན་ཏན་རིན་ཆེན་གཏེར་ཆེན་པོ། །ཐམས་ཅད་མ་ལུས་སྟོན་བྱེད་ཅིང་། །ཉོན་མོངས་མ་ལུས་རྩད་གཅོད་པ། །བླ་མེད་འབྲས་བུ་ཐོབ་པར་བྱེད། །ཡུལ་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་ལྷག་པའི་བཀུར་སྟི་བྱ། །དྲིན་ཆགས་ལུས་བསྐྱེད་ཕ་མ་ལས། །ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །ཞེས་སོ། །བྱང་ཆུབ་སྒྲུབ་པའི་རྟེན་ཚོགས་གཉིས་ལ་རག་ལས་ཤིང་། བསོད་ནམས་བྱ་བའི་ཡུལ་ཡང་བླ་མ་ལས་ལྷག་མེད་པས་བསྟེན་དགོས་ཏེ། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་མ་ལུས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །བླ་མའི་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་སོ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབ་པར་ནུས་པའི་སྐྱབས་དང་སྐྱོབ་པ་བླ་ན་མེད་པ་ཡིན་པས་ཀྱང་བསྟེན་དགོས་ཏེ། སྒྱུ་འཕྲུལ་རྒྱལ་པོ་ལས། འཁོར་བའི་འཇིགས་ལས་ངེས་སྐྱོབ་ཅིང་། །མྱ་ངན་འདས་པར་འདྲེན་པའི་མཆོག །བླ་མ་ཉིད་ལས་གཞན་ཡོད་མིན། །ཞེས་སོ། །རང་རྒྱུད་ལ་ཡོན་ཏན་གྱི་འབྱོར་པ་མཐའ་དག་རྒྱས་པར་བྱེད་པའང་བླ་མ་ལས་གཞན་མེད་པས་བསྟེན་དགོས་ཏེ། དཔལ་འབྱུང་བའི་རྣམ་ཐར་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་། །ཞེས་སོ། །བླ་མ་ལས་མཆོག་ཏུ་གྱུར་པའི་སྟོན་པ་གཞན་མེད་པས་ཀྱང་བསྟེན་པར་བྱ་སྟེ། གསང་འདུས་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་ལས་ལྷག །ཡོན་ཏན་མཆོག་གི་གཏེར་གྱུར་པ། །དཔལ་ལྡན་བླ་མ་སྤྱི་བོས་འདུད། །ཞེས་སོ། །གཞན་ཡང་། སྡོང་པོ་བཀོད་པ་ལས། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འཚོལ་བ་ལ་ཡོངས་སུ་མི་སྐྱོ་བར་བྱའོ། །སྙེད་ནས་ཀྱང་དེའི་རྗེས་སུ་སྒྲུབ་པ་ལ་བསྙེལ་བ་མེད་པའི་སྲི་ཞུ་བྱའོ། །ཁུར་ཐམས་ཅད་ཀྱིས་མི་སྐྱོ་བ་ས་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །ཅི་བསྒོ་བ་ཉན་པ་བྲན་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་བཞིན། རྟག་ཏུ་བླ་མ་དམ་པ་བཙལ་ཞིང་བསྟེན་པར་བྱའོ། །གཉིས་པ་ནི། སྤྱིར་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན་ཀུན་མཁྱེན་བླ་མས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་རྒྱ་ཆེར་གསུངས་པ་ལྟར་ཤེས་པར་བྱ་དགོས་ཀྱང་། འདིར་དོན་གནད་སྙིང་པོར་བསྡུས་ཏེ་དོན་ཁྲིད་ལས་གསུངས་པ་ལྟར་ན། ཐུན་མོང་དང་ཐུན་མིན་གཉིས་ལས། དང་པོ་ཐུན་མོང་གི་མཚན་ཉིད་ནི། ཚོང་པ་རིན་པོ་ཆེའི་གླིང་དུ་ཁྲིད་པ་དེད་དཔོན་མཁས་པ་ལ་རག་ལས་པ་ལྟར། བདག་ཅག་ཐར་པའི་གླིང་དུ་ཕྱིན་ནས་སངས་རྒྱས་ཐོབ་པར་བྱེད་པའང་བླ་མ་དགེ་བའི་བཤེས་གཉེན་ལ་རག་ལས་པས། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ་སྐྱོན་མེད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ། ཐོས་པ་དང་སྙིང་རྗེ་ཆེ་བ། ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ། སྐྱོ་དུབ་དང་དཀའ་སྤྱད་བཟོད་པ་ཞིག་བསྟེན་པར་བྱ་དགོས་ཏེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་སོ། །གཉིས་པ་ཐུན་མིན་གྱི་མཚན་ཉིད་ནི། ཚེ་འདི་ཡི་འབྱོར་བའི་དངོས་པོ་མངའ་རིས་དང་། དབང་ཕྱུག་ཕུན་སུམ་ཆོགས་པ་སྦྱིན་པོ་འཁོར་ལོས་སྒྱུར་བ་སོགས་རྒྱལ་པོ་བཟང་པོ་ལ་རག་ལས་པ་ལྟར། བདག་ཅག་རྣམས་ཀྱིས་ཀྱང་ཚེ་གཅིག་གི་བླ་ན་མེད་པའི་འབྲས་བུ་དང་ཡོན་ཏན་ཐོབ་པ་བླ་མ་རྡོ་རྗེ་འཛིན་པ་མཁས་གྲུབ་དམ་པ་ལ་རག་ལས་པས། བླ་མ་དམ་པ་རིམ་བརྒྱུད་བྱིན་རླབས་དང་ལྡན་ཞིང་དབང་དང་དམ་ཚིག་ཕུན་སུམ་ཚོགས་པ། རྒྱུད་དང་མན་ངག་གི་གནད་ལ་མཁས་པ། བསྙེན་སྒྲུབ་ཟབ་མོའི་ནུས་པ་ཐོབ་པ། ལྟ་དགོངས་ཏིང་ངེ་འཛིན་གྱི་གདེང་{གདེངས}ཚད་མངའ་བ། གཞན་དོན་ཕྲིན་ལས་ཕུན་སུམ་ཚོགས་པ་ཞིག་ལ་བསྟེན་དགོས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་ཉིང་རྗེ་ཆེ། །བརྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས། དེ་ལྟ་བུའི་བླ་མ་དམ་པ་སྔོན་ཆད་བདག་གིས་མ་མཇལ་བ་རྣམས་དང་མཇལ་བར་ཤོག་ཅིག མཇལ་ཟིན་པ་རྣམས་དང་ནམ་ཡང་མི་འབྲལ་བར་ཤོག་ཅིག རྟག་ཏུ་བླ་མ་མཉེས་ཤིང་ཐུགས་རྗེས་འཛིན་པར་ཤོག་ཅིག་སྙམ་དུ་ཡང་ནས་ཡང་དུ་བསམ་པར་བྱའོ། །གསུམ་པ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། བསམ་པའི་སྒོ་ནས་བསྟེན་ཚུལ་དང་། སྦྱོར་བའི་སྒོ་ནས་བསྟེན་ཚུལ་ལོ། །དང་པོ་ལ་གསུམ། ཡོན་ཏན་དྲན་པ། བཀའ་དྲིན་དྲན་པ། སངས་རྒྱས་སུ་བལྟ་བའི་ཚུལ་ལོ་། །དང་པོ་ནི། སྡོང་པོ་བཀོད་པ་ལས། ཀྱཻ་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་གྲུ་བོ་ཆེ་ལྟ་བུའོ། །ཐར་པའི་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་ལྟ་བུའོ། །སྲིད་པའི་རྒུད་པ་རྣམས་སེལ་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །ལས་དང་ཉོན་མོངས་པའི་མེ་འཇིལ་བའི་ཆུ་བོ་ལྟ་བུའོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པས་སྤྲིན་བཟང་པོ་ལྟ་བུའོ། །ཞེས་སོགས་རྣམ་གྲངས་དུ་མས་གསུངས་པའི་དོན་རྣམས་མདོར་བསྡུས་ཏེ། ཀུན་མཁྱེན་ཆེན་པོའི་དོན་ཁྲིད་ལས་གསུངས་པ་ལྟར་ན། འཇིག་རྟེན་དུ་ཨུདུམྺ་རའི་མེ་ཏོག་འབྱུང་བར་དཀའ་བ་ལྟར་སངས་རྒྱས་འབྱུང་དཀའ། དེའི་ཐུགས་རྗེ་ལས་སྤྲུལ་པའི་དགེ་བའི་བཤེས་གཉེན་དམ་པའང་འབྱུང་དཀའ་སྟེ། ད་རེས་བདག་ཅག་གི་དཔལ་མགོན་བླ་མ་དམ་པ་འདིས་མཚོན་ནས་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཡོན་ཏན་ཚད་མེད་པ་མངའ་བ་ནི་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བས་གྲུ་ཆེན་མཉེན་པ་ལྟ་བུ། ཐར་པའི་ལམ་སྣ་འདྲེན་པས་དེད་དཔོན་མཁས་པ་ལྟ་བུ། སྲིད་ཞིའི་རྒུད་པ་སེལ་བས་ཡིད་བཞིན་གྱི་ནོར་བུ་ལྟ་བུ། ཉོན་མོངས་པའི་མེ་དཔུང་འཇིལ་བས་བདུད་རྩིའི་ཆུ་རྒྱུན་ལྟ་བུ། ཆོས་ཀྱི་ཆར་ཆེན་འབེབས་པས་ཆར་སྤྲིན་བཟང་པོ་ལྟ་བུ། འགྲོ་ཀུན་དགའ་བ་བསྐྱེད་པས་ལྷའི་རྔ་སྒྲ་ལྟ་བུ། དུག་གསུམ་ནད་ཀུན་སེལ་བས་སྨན་པའི་རྒྱལ་པོ་ལྟ་བུ། མ་རིག་པའི་མུན་པ་སེལ་བས་ཉི་ཟླའི་སྒྲོན་མེ་ལྟ་བུ། འདོད་དགུའི་རེ་བ་འབྱུང་བས་དཔག་བསམ་གྱི་ཤིང་ཆེན་ལྟ་བུ། ཕྲིན་ལས་འོད་སྟོང་མངའ་བས་ཉི་མའི་དཀྱིལ་འཁོར་ལྟ་བུའི་ཡོན་ཏན་མངའ་བ་སྟེ་ངོ་མཚར་ཏོ། །གཞན་ཡང་། འདི་ལྟར་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ། ཏིང་འཛིན་ཉི་ཟླ་ལྟར་འོད་གསལ། མཁྱེན་རབ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག རང་བཞིན་རི་རྒྱལ་ལྟར་ཐུགས་བརྟན། སྐྱོན་བྲལ་པདྨ་ལྟར་རྣམ་པར་དག འགྲོ་ལ་ཕ་མ་ལྟར་ཐུགས་སྙོམས། ཡོན་ཏན་གཏེར་མཛོད་ལྟར་ལྷུན་གྲུབ། འཇིག་རྟེན་རྒྱལ་བ་ལྟར་ཡོངས་སུ་འདྲེན་པའི་རང་བཞིན་དམ་པ་སྟེ། ཡོན་ཏན་རེ་རེའི་ཆ་ཡང་དཔག་གིས་མི་ལངས་པས་ངོ་མཚར། རྟག་ཏུ་དགྱེས་ཤིང་ཐུགས་རྗེས་འཛིན་པར་གྱུར་ཅིག འདི་ལྟར་དཔལ་མགོན་བླ་མ་དམ་པ་རྣམས་ནི་མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ཙམ་གྱིས་ཐར་བའི་ས་བོན་འདེགས་ཤིང་འཁོར་བ་ཕྱིར་བསྙིལ་བས་སངས་རྒྱས་ཀུན་དང་ཕྲིན་ལས་ཀྱི་བྱེད་པ་གཅིག་པ་དང་། ཐར་པའི་ལམ་དུ་འདྲེན་པས། སྐལ་བ་མཆོག་ཏུ་གྱུར་པ་དང་། དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་ཤིང་ཐམས་ཅད་ཀྱི་བྱ་བ་བྱེད་པས་དཀོན་མཆོག་བཞི་པར་བྱོན་པ་དང་། གདུལ་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ཆེ་བའི་ཡོན་ཏན་མངའ་བ་སྟེ། ཕལ་པོ་ཆེ་ལས། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དང་ལྡན་པ་དེའི་ཕྱིར། རྟག་ཏུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བ། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །ཅེས་དང་། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག ཅེས་སོ། །དེས་ན་དེང་སང་བདག་ལྟ་བུས་མཇལ་ཞིང་བསྟེན་དུ་ཡོད་པ་འདི་རེ་འཚེངས། ཚེ་འདིར་སྨིན་གྲོལ་ཟབ་མོའི་ལམ་ལ་འགོད་པར་མཛད་པའི་དཔལ་མགོན་བླ་མ་བཀའ་དྲིན་ཅན་རྣམས་ཚེ་རབས་ཐམས་ཅད་དུ་བསྟེན་ཅིང་མཉེས་ནས་ཐུགས་རྗེས་བྱིན་གྱིས་རློབས་པར་ཤོག་ཅིག སྙམ་དུ་བསམས་ཤིང་ཉམས་སུ་ལེན་པར་བྱའོ། །གཉིས་པ་བཀའ་དྲིན་དྲན་པ་ནི། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་གནས་འདོར་བ། སྡིག་ཏོ་དང་བག་མེད་པའི་གནས་ཐམས་ཅད་ལས་ཟློག་པ། སྒྲིབ་པ་ཐམས་ཅད་རྣམ་པར་བྱང་བ། འཁོར་བའི་གྲོང་ཁྱེར་ལས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། མི་ཤེས་པའི་འཐིབ་པོ་སེལ་བ། སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ནས་འབྱིན་པ། བྱང་ཆུབ་སེམས་དཔའི་ལམ་སྟོན་པ། ཡི་དམ་ལ་འཇོག་པ་ནན་ཏན་ལ་འགོད་པ། རྣམ་པར་གྲོལ་བའི་ལམ་སྟོན་པ། སྙིང་རྗེ་ཆེན་པོ་བསྐྱེད་པ། ཤེས་རབ་ཀྱི་མིག་སྦྱོང་བ། བྱང་ཆུབ་ཀྱི་སེམས་སྤེལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཕ་རོལ་ཏུ་ཕྱིན་པའི་གདམས་པ་སྟོན་པ། ས་བཅུའི་གནས་ལ་འགོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །ཞེས་དང་། ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །སྨོན་ལམ་གྱི་སྒོ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །དགེ་བའི་རྩ་བ་ཐམས་ཅད་ཀྱང་དེས་བསྐྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་དེས་སྒྲུབ་པའོ། །ཆོས་ཀྱི་སྒོ་ཐམས་ཅད་ཀྱང་དེས་སྣང་བར་བྱེད་དོ། །ལམ་རྣམ་པར་དག་པ་ཐམས་ཅད་ཀྱང་དེ་ལས་འབྱུང་བའོ། །ལྷག་པའི་བསམ་པ་རྣམ་པར་དག་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །སེམས་བསྐྱེད་བསྟན་པ་ཐམས་ཅད་ཀྱང་དེ་ལས་བསྐྱེད་དོ། །གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་ཀྱང་དེས་སྟོན་པར་བྱེད་དོ། །རྣམ་པར་དག་པའི་སྒོའི་མཛོད་ཐམས་ཅད་ཀྱང་དེས་ཡོངས་སུ་གཟུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་དེས་བསྐྱེད་པའོ། །སྨོན་ལམ་ཁྱད་པར་ཅན་ཐམས་ཅད་ནི་དེའི་ལག་ན་འདུག་པའོ། །ཞེས་དང། ཡང་། དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱིི་རིགས་སུ་སྐྱེས་པས་འཁོར་ལོས་སྒྱུར་བའི་རྒྱལ་པའི་བུ་ཐུ་བོ་ལྟ་བུའོ། །ཡོན་ཏན་གྱི་རིགས་བསྐྱེད་པས་མ་ལྟ་བུའོ། །ཕན་པ་རྒྱ་ཆེན་པོ་སྒྲུབ་པས་ཕ་ལྟ་བུའོ། །སྡིག་པ་ལས་བསྲུངས་པས་མ་ལྟ་བུའོ། །བསླབ་པ་རྣམས་སློབ་པས་སློབ་དཔོན་ལྟ་བུའོ། །ཕ་རོལ་དུ་ཕྱིན་པའི་ལམ་ལ་འཛུད་པས་ས་མཁན་ལྟ་བུའོ། །ཉོན་མོངས་པའི་ནད་གསོ་བས་སྨན་པ་ལྟ་བུའོ། །འཇིགས་པ་ལས་བསྲུངས་པས་དཔའ་བོ་ལྟ་བུའོ། །འཁོར་བའི་ཆུ་བོ་ལས་སྒྲོལ་བས་མཉེན་པ་ལྟ་བུ་སྟེ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །ཞེས་དང་། ཕལ་པོ་ཆེ་ལས། གཞོན་ནུ་ནོར་བཟང་། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་འདོམ་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་དང་། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡང་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དགེ་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པའི་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་ཟློག །རྒ་ཤི་མཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསར་པ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་གཉེན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་དགེ་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་འགྱུར་བ་ཡིན། །འདི་དག་བདག་ལ་བདེ་སྟོབས་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་པ་ལྟར། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱབས་ཤིང་། མཐོ་རིས་དང་ཐར་པའི་ལམ་བཟང་སྟོན་པ་དང་། འཕྲལ་དང་ཡུན་གྱི་འབྱོར་པ་ཕུན་སུམ་ཚོགས་པའི་གོ་འཕང་སྦྱིན་པ་དང་། ཉེས་པ་ཕྲ་མོ་ལས་ཀྱང་ཐབས་དུ་མས་ཟློག་པར་མཛད་ནས་ཡོན་ཏན་གྱི་ཆ་ཤས་རེ་རེ་ནས་རྒྱུད་ལ་སྦྱོར་བའི་བཀའ་དྲིན་སྙིང་ནས་དྲན་པར་བྱ་ཞིང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི། དབང་བསྐུར། རྒྱུད་བཤད། མན་ངག་སྟོན་པའི་བཀའ་དྲིན་སུམ་ལྡན་ནི་སངས་རྒྱས་ལས་ཀྱང་ལྷག་པས་ཁོང་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་བསྟེན་པར་བྱ་སྟེ། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། སྣ་ཚོགས་ཆོས་རྣམས་ཐམས་ཅད་དོན་གཅིག་པར། །སྟོན་པར་བྱེད་པ་བླ་མ་དམ་པ་ཉིད་ཡིན་ཏེ། །ངང་པའི་མཆུ་དང་མཚུངས་པའི་རྗེ་བཙུན་མཆོག་དེ་ནི། །གུས་པའི་སེམས་ཀྱིས་གཙང་མའི་སྤྱི་བོས་བླང་བར་བྱ། །གཅིག་ཏུ་སྡུས་པའི་སེམས་ནི་མཚོན་བྱེད་བླ་མ་སྟེ། །མཚོན་པར་བྱ་བའི་གཞི་ནི་སློབ་མའི་སྙིང་ཉིད་དོ། །དེ་རྟོགས་པ་ཡིས་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ། །འཇོམས་པར་བྱེད་པའི་དཔའ་བོ་དེ་ནི་དྲིན་ཅན་པས། །དོན་ལ་བལྟས་ན ས་བྱས་པ་དྲིན་དུ་གཟོ་བའི་ཕྱིར། །སྨན་པའི་རྒྱལ་པོ་དེ་ནི་རྟག་ཏུ་གཟུང་བར་བྱ། །ཞེས་པ་ནས། ཉོན་མོངས་ཐམས་ཅད་ཐབས་ཀྱི་མཆོག་ཏུ་སྒྱུར་བྱེད་དང་། །རྟོག་པའི་ཟུག་རྔུ་གང་གིས་བསྒྱུར་བར་མི་ནུས་པ། །འདི་ནི་མན་ངག་སྙིང་པོ་ལས་ནི་ངེས་འབྱུང་སྟེ། །དེ་ཡང་རྗེ་བཙུན་མཐུ་ལས་ངེས་པར་རྙེད་པར་འགྱུར། །དེ་ཕྱིར་བརྒྱུད་པར་ལྡན་པའི་བྱིན་རླབས་གང་ལྡན་པ། །དུས་ཐབས་བསྟན་པ་མཁས་པས་རྟག་ཏུ་བརྟེན་པར་བྱ། །ཞེས་དང་། ངལ་གསོ་ལས། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ཏེ། །དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་དཔལ་ཉིད། །སྙིགས་དུས་འགྲོ་བ་གདུལ་དཀའི་དོན་མཛད་པས། །གདུལ་བྱའི་ངོར་ནི་སངས་རྒྱས་ཀུན་ལས་ལྷག །དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །སྒོ་གསུམ་ཟོལ་མེད་གཙང་མའི་སྤྱི་བོས་བསྟེན། །ཞེས་སོ། །གཞན་ཡང་ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། དགེ་བའི་བཤེས་གཉེན་ནི་རྙེད་པར་དཀའ་བས་མཁན་པོ་དང་སློབ་དཔོན་ལ་བཀུར་སྟི་སྤྲོ་བར་བྱའོ། །སུ་ལ་ཆོས་ཐོས་པ་དང་། གླེགས་བམ་བྲི་བར་ཞུས་པ་དེ་ལ་ངེས་པར་སྟོན་པའི་འདུ་ཤེས་དང་། དགེ་བའི་བཤེལ་གཉེན་གྱི་འདུ་ཤེས་བསྐྱེད་དེ། ཆོས་དེ་དང་། རྫོགས་པའི་བྱང་ཆུབ་སྨིན་པར་བྱ་བའི་ཕྱིར། དེ་ལ་ལྷག་པར་དགའ་བ་དང་གུས་པ་བསྐྱེད་དོ། །ཞེས་དང་། ཆོས་བཅུ་པའི་མདོ་ལས། ཆོས་འཛིན་པ་ལ་གུས་པ་དང་བཅས་ནས་ཞུས་པས་སྣང་བའི་འདུ་ཤེས་བསྐྱེད་དོ། །དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་དོ། །སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །བདག་འཁོར་བར་འཁྱམས་པ་འཚོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །གཏི་མུག་གི་གཉིད་ལས་སད་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །བདག་འཁོར་བའི་འདམ་དུ་བྱིང་བ་ལས་འབྱིན་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །ལམ་ངན་པར་ཞུགས་པ་ལས་བཟང་པོར་སྟོན་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །སྲིད་པའི་བཙོན་རར་བཅིངས་པ་ལས་གྲོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །ཡུན་རིང་པོར་ནད་ཀྱིས་གདུངས་པ་ལས་སྨན་པའི་འདུ་ཤེས་བསྐྱེད་དོ། །ཉོན་མོངས་པའི་མེ་འབར་བ་ལས་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ། །ཞེས་དང་། འཕགས་པ་རྟག་ཏུ་ངུས་སྒྲ་སྒྲོགས་པ་ལས་ཀྱང་། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་པ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བྱས་པ་གཟོ་བར་བྱ་སྟེ། བདག་གིས་འདི་ལས་ཆོས་ཐོས་པས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སངས་རྒྱས་ལ་བསྙེེན་པས་དེའི་ཞིང་དུ་སྐྱེ་བར་འགྱུར་རོ། །མི་ཁོམ་པའི་གནས་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། །དལ་བ་ཕུན་སུམ་ཚོགས་པ་ཡོངས་སུ་ཐོབ་པར་འགྱུར་རོ། །ཞེས་ཆོས་སྨྲ་བ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཞེས་སོ། །གཞན་ཡང་ཀུན་མཁྱེན་བླ་མས་ཕྱི་རོལ་པས་དོན་མེད་པའི་དཀའ་ཐུབ་མེ་ལྔ་བསྟེན་པ་སོགས་ལའང་འབད་པ་དྲག་པོ་བྱེད་ན། བདག་གིས་དོན་ཡོད་པ་བདེ་ནས་བདེ་བར་འཁྲིད་པར་བྱེད་པའི་བླ་མ་ལ་མོས་གུས་དང་། བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། དེ་བཞིན་དུ་འཇིག་རྟེན་པ་རྣམས་དཔུང་གཉེན་གྱི་དོན་དུ་རྗེ་དཔོན་ལ་སོགས་པར་བཀུར་ཞིང་མཆོད་ན། བདག་གིས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱོབ་པའི་བླ་མ་ལ་ཅིའི་ཕྱིར་མི་མཆོད། དར་ཅིག་འཇིགས་པས་སྐྲག་པ་རྣམས་དཔའ་བོ་བསྟེན་ན། བདག་གིས་གཏན་གྱི་འཁོར་བ་དང་ངན་སོང་ལས་ཐར་བར་བྱེད་པའི་བླ་མ་ཅིའི་ཕྱིར་མི་བསྟེན། རྒྱལ་པོ་ལའང་རིན་པོ་ཆེ་དང་། རོལ་མོ་གདུགས་ལ་སོགས་པས་མཆོད་ན། བདག་གིས་ཡུན་གྱི་དོན་སྲིད་ཆེན་པོ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད། བཟོ་ལ་སོགས་པ་འཇིག་རྟེན་གྱི་རིག་པ་སློབ་པའི་སློབ་དཔོན་ལ་ཡང་བསྙེན་བཀུར་བྱེད་ན། སེམས་ཅན་ལ་སངས་རྒྱས་སྒྲུབ་པ་སྟོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ། འདུ་བ་སྙོམས་པའི་སྨན་པའང་མཆོད་ན། དུག་ལྔའི་གཅོང་ནད་འདོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ། ཉིན་རེའི་འཇིགས་པ་སྐྱོབ་པའི་སྐྱེལ་མ་ལ་ཡང་གཅེས་སྤྲས་ཀྱིས་མཆོད་ན། བདུད་བཞིའི་དགྲ་ལས་སྐྱོབ་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་ཟས་གོས་དང་ནོར་ལ་སོགས་པའི་ཆས་ཅུང་ཟད་ཀྱིས་ཕན་འདོགས་པ་དེ་དག་གི་ཕྱིར་སྲོག་ཀྱང་གཏོང་བར་ནུས་ན། དགོས་འདོད་ཀྱི་ནོར་བུ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ། དར་ཅིག་འགྲོགས་པའི་གྲོགས་ལའང་དགའ་བས་མཆོད་ན། གཏན་གྱི་གྲོགས་མཆོག་དམ་པ་ཆོས་ཟབ་མོ་དང་ངོ་སྤྲོད་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ། ཚེ་འདིར་བརྩེ་བའི་འདུན་གྲོས་བསླབ་པ་ལའང་གཅེས་སྤྲས་བྱེད་ན། གཏན་གྱི་སྐྱིད་སྡུག་འཆོས་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་པ་ལ་སོགས་པས་བླ་མ་བསྟེན་པ་ལ། དཀའ་བ་དང་། དཔེ་དང་། རྣམ་གྲངས་མང་པོ་བལྟས་ལ་མོས་གུས་དང་བསྙེན་བཀུར་བྱའོ། །དེས་ནི་རྒྱུ་འབྲས་ཀྱིས་ཆེ་བས་གཞན་གྱིས་བསྟོད་ཅིང་བཀུར་བ་དང། ཚེ་རིང་ནད་མེད་འབྱོར་པས་མཐོ་བ་དང་། གང་འདོད་པ་འགྲུབ་ཅིང། བདེ་བར་ཚེ་ཡི་དུས་བྱེད། བར་དོའི་འཇིགས་པ་ལས་སྐྱོབ། ཕྱི་མ་ལ་སངས་རྒྱས་དངོས་སུ་བཞུགས་པའི་ཞིང་ཁམས་དག་པར་པདྨོའི་སྟེང་དུ་བརྫུས་ཏེ་སྐྱེས་ནས་བྱང་ཆུབ་འགྲུབ་པ་ལ་སོགས་པའི་ཡོན་ཏན་ཐོབ་བོ། །ཞེས་གསུངས་སོ། །གསུམ་པ་བླ་མ་སངས་རྒྱས་སུ་བལྟ་བའི་ཚུལ་ནི། སྤྱིར་བླ་མའི་ངོས་ན་སངས་རྒྱས་མངོན་སུམ་ལྟ་བུར་བཞུགས་ཀྱང་། བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་རང་གི་མོས་གུས་ཁོ་ནའི་རྗེས་སུ་འགྲོ་བ་ཡིན་ཏེ། བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཡོད་ན། བྱིན་རླབས་ཀྱང་སངས་རྒྱས་དངོས་ཀྱི་བྱིན་རླབས་འབྱུང་། བླ་མ་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་ཁྱད་པར་ཅན་དུ་མཐོང་ན་བྱིན་རླབས་ཀྱི་རིམ་པའང་དེ་དང་མཚུངས། བླ་མ་གང་ཟག་རང་རྒྱུད་པར་བཟུང་ན་བྱིན་རླབས་གཏན་ནས་མི་འབྱུང་སྟེ། སྔོན་དགེ་བཤེས་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་བོད་ན་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་ཀྱང་ཡོན་ཏན་ཁྱད་ཅན་བརྙེས་པ་མི་བདོག་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས། ཐེག་པ་ཆེན་པོའི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པས་ཡོན་ཏན་ག་ན་སྐྱེ་གསུངས་པ་དང་། ཡང་ཇོ་བོ་ལ། སློབ་མ་ཞིག་གིས། ཨ་ཏི་ཤ་གདམས་ངག་ཞུ་ན་ཞེས་སྐད་ཆེན་པོས་བོས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན། དད་པ་དད་པ་གསུངས་པ་ལྟར་དད་པ་གལ་ཆེ། རྒྱུ་མཚན་དེའི་ཕྱིར་ན་བླ་མའི་མོས་གུས་ཀྱི་མཐུ་ལས་རྒྱལ་པའི་དགོངས་པ་བདེ་བླག་ཏུ་རྟོགས་པར་འདོད་པའི་གང་ཟག་རྣམས་ཀྱིས་བླ་མ་སངས་རྒྱས་དངོས་སུ་མཐོང་བ་ཞིག་དགོས་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་ནོ། །དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་སོ། །དེ་ཡང་དོན་ལ་སངས་རྒྱས་མིན་པ་ཞིག་བློས་སངས་རྒྱས་སུ་བཅོས་པ་ལྟ་བུ་མ་ཡིན་པར་བླ་མ་ཉིད་ཡེ་ནས་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་ཡང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་སྐུ་མཉམ་པ་ཉིད་ཀྱི་དབྱིངས་སུ་དགོངས་ཀློང་འདུ་འབྲལ་མེད་པར་རྟག་ཏུ་བཞུགས་པ་ལས། སྔོན་སློབ་ལམ་སོགས་སུ་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པ་དང་། གདུལ་བྱ་སེམས་ཅན་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་དབང་གིས། རྒྱུ་རྐྱེན་རྟེན་འབྱུང་ལྷན་ཅིག་ཏུ་འཚོགས་པ་ན། ངོ་བོ་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་པར་འཆར་བའི་ཚུལ་གྱིས། དཔེར་ན་མཁའ་ཟླ་དང་ཆུ་སྣོད་ལྷན་ཅིག་ཏུ་འཚོགས་པའི་དབང་གིས་རང་རང་གི་ངོ་སྐལ་དུ་གཟུགས་བརྙན་འཆར་བ་བཞིན། ལོངས་སྤྱོད་རྫོགས་པའི་སྐུ་ཡི་དཀྱིལ་འཁོར་དང་། བཟོ་སྐྱེ་མཆོག་གི་སྤྲུལ་པའི་སྐུའི་བཀོད་པ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་རང་རང་གི་སྐལ་བ་དང་འཚམ་པར་སྟོན་པར་མཛད་པ་ཡིན་ཏེ། ཡེ་ཤེས་སྣང་བརྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བ་རྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་ཏུ་སྣང། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་དང་། སྤྱོད་འཇུགས་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ། །ཞེས་དང་། རྒྱུད་གསང་བ་སྙི ང་པོ་ལས། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སོ་སོར་སྟོན། །ཞེས་སོ། །དེ་ཡང་སྔོན་དུས་སངས་རྒྱས་ཀྱིས་འདུལ་བའི་ཚེ་སངས་རྒྱས་དངོས་སུ་སྣང་བས་དོན་མཛད་ལ། དེ་ནས་དགྲ་བཅོམ་པ་དང་། པཎྜི་ཏར་སྣང་བས་དོན་མཛད་དུས་དེ་དག་ཏུ་སྤྲུལ་ནས་བཀའ་བསྡུ་བ་དང་། བསྟན་བཅོས་མཛད་པ་ཡིན་ཞིང་། དེང་སང་ནི་བསྟན་པ་འཛི ན་ཞིང་ཐར་པའི་ལམ་སྟོན་པ་ལ་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་དོན་མཛད་པ་ཡིན་ཏེ། ཏིང་འཛིན་མཆོག་དམ་པའི་མ དོ་ལས། རིགས་ཀྱི་བུ་དེ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་སྟོན་པར་འགྱུར་རོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བསྟེ ན་ཅིང་རིམ་གྲོ་དང་བཀུར་སྟི་གྱིས་ཤིག ཅེས་དང་། རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་བའི་གཟུགས་ཀྱིས་གནས་པའོ། །ཞེས་དང་། སྒྱུ་འཕྲུལ་གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། ལུང་པ་རེ་ན་གཏེར་སྟོན་རེ་རེ་དང་། །དེ་ལ་ང་ཡི་སྒྲུབ་གནས་གཏེར་གནས་རེ། ཡུལ་གྲུ་རེ་ན་གྲུབ་ཐོབ་གྲགས་འདོད་རེ། །གྲོང་པ་རེ་ན་མཆོད་གནས་སློབ་དཔོན་རེ། །ཁྱིམ་བདག་རེ་ལ་དགེ་སློང་མཆོད་གནས་རེ། །དེ་བཞིན་འདྲེ་འདུལ་མཛད་པའི་སྔགས་པ་རེ། །མ་འོངས་བསྟན་པ་མཐའ་རུ་རྒྱས་པར་འགྱུར། །དེ་རྣམས་ཐམས་ཅད་ང་ཡི་སྤྲུལ་པ་ཡིན། །དག་སྣང་བསྐྱེད་ཅིག་མ་འོངས་བོད་ཁམས་རྣམས། །ཞེས་གསུངས། ཡང་བླ་མ་སངས་རྒྱས་དང་མཉམ་ཤིང་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོའམ། དཀོན་མཆོག་བཞི་པར་ཡང་རྡོ་རྗེ་མེ་ལོང་དང་སངས་རྒྱས་མཉམ་སྦྱོར་སོགས་ཀྱི་ལུང་གིས་སྔར་བསྟན་པ་བཞིན་དང་། སློབ་དཔོན་ཆེན་པོས་ཀྱང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་དང་། གསང་བ་རབ་འབྱམས་ལས། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བླ་མ་མཆོག་ཡིན་དངོས་གྲུབ་ཆེ། །ཞེས་གསུངས། དེར་མ་ཟད་ཁམས་རང་བཞིན་གྱིས་དག་པ་དང་། སེམས་ཅན་གྱི་དོན་མཛད་པ་དང་། ཕྲིན་ལས་རླབས་ཆེ་བའི་ཆ་འགའ་ཞིག་གི་ངོས་ནས་བླ་མ་དང་སངས་རྒྱས་མཉམ་པར་བརྟགས་ལ། རང་རེ་ལ་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ལྷག་པ་ཉིད་དེ་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ཀུན་དང་བླ་མ་མཉམ། འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་དང་། དགོངས་འདུས་ལས། དོན་དང་ལྡན་པའི་མཁས་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །བསྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟན་ནས་འབྱུང་། །ཞེས་སོ། །ཁྱད་པར་དུའང་དབང་དང་གདམས་ངག་ཟབ་མོ་སྟོན་པ་དང་། རྣལ་འབྱོར་པ་རྣམས་ཀྱི་ཚོགས་ཀྱི་དཔོན་དུ་བཞུགས་པའི་སྐབས་སུ། ཧེ་རུ་ཀ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་དགྱེས་ཤིང་བརྩེ་བའི་སྒོ་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་ཞུགས་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་ཡས་པའི་དོན་མཛད་པའང་ཡིན་ཏེ། བདེ་མཆོག་རྩ་རྒྱུད་ལས། རྟག་པ་ཉིད་དུ་དཔལ་ཆེན་དང་། །རོལ་བར་ལྡན་པར་ཐེ་ཚོམ་མེད། །དེ་ཡི་ཐུགས་ཀར་གནས་ཕག་མོ། །ང་དང་དཔའ་བོ་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་གནས། །དེ་དག་གང་ཞིག་ལེགས་སྐྱེས་པའི། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་སོགས་གསུངས་པའི་དོན་ལ་དྲན་པ་ཉེ་བར་བཞག་ནས་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་དངོས་སུ་མཐོང་བའི་མོས་གུས་གཏིང་ཚུགས་པར་བྱེད་པ་ནི་སྐབས་འདིའི་གནད་གལ་པོ་ཆེ་ཡིན་ནོ། །གཉིས་པ་སྦྱོར་བའི་སྒོ་ནས་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། མི་མཐུན་ཕྱོགས་རྣམས་སྤང་བ་དང་། མཐུན་ཕྱོགས་སྒྲུབ་པའི་སྒོ་ནས་སོ། །དང་པོ་ནི་། དགོངས་འདུས་ལས་། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་དང་། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་སྒྱུར། །ཞེས་གསུངས་པ་བཞིན། བླ་ན་མེད་པའི་སངས་རྒྱས་སྒྲུབ་པའི་ཐབས་སམ། རྒྱུའི་གཙོ་བོ་ནི་བདག་རྐྱེན་དགེ་བའི་བཤེས་གཉེན་བླ་མ་དམ་པ་བསྟེན་པ་ཁོ་ན་ལ་རག་ལས་པའི་ཕྱིར། དེའི་ཚེ་བདུད་སྡིག་ཅན་བརྩོན་པས་བར་དུ་གཅོད་པར་བྱེད་དེ། ཅི་ནས་དཔོན་སློབ་དག་གི་བར་དུ་དབྱེན་བཅུག་པ་དང་། མཐུན་རྐྱེན་དཀོན་ཅིང་བར་ཆད་ཀྱི་འཚེ་བ་མང་པོས་ཡིད་དབྱུང་བ་དང་། བླ་མ་དང་ཆོས་ལ་ལོག་ལྟ་སོགས་བློ་གྲོས་ངན་པ་དག་འཆར་དུ་འཇུག་པས། དེའི་ཚེ་ཐར་པ་ལ་བར་དུ་གཅོད་པའི་བདུད་དུ་ཤེས་པར་བྱས་ནས་སྤོང་ཞིང་། སླར་ཡང་བླ་མ་ལ་གུས་པ་ཆེན་པོས་བསྟེན་པར་བྱ་སྟེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་དང་། ཡུམ་བར་མ་ལས། ནོར་བུ་རིན་པོ་ཆེ་ནི་བདུད་མང་བའི་ཕྱིར་བརྩོན་པ་དང་སྤྲོ་བ་ཆེན་པོས་གཅེས་སྤྲས་སུ་བྱ་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རིན་པོ་ཆེ་ཡོངས་སུ་འཚོལ་བ་ན། བདུད་སྡིག་ཅན་བར་ཆད་བྱ་བ་ལ་བརྩོན་པར་འགྱུར་ཏེ། ཅི་ནས་ཀྱང་དེ་ཐོས་པར་མི་འགྱུར་བ་དེ་ལྟར་བརྩོན་ཞིང་། གང་དུ་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་པའི་དེ་ལྟར་གནོད་པ་སྣ་ཚོགས་སུ་གྲུབ་པས་ཡིད་ཕྱིར་ཕྱོགས་པར་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། བདུད་སྡིག་ཏོ་ཅན་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པ་སྟེ། ཅི་ནས་ཀྱང་དེའི་དབང་དུ་མི་འགྱུར་བ་དེ་ལྟར་བྱ་བ་ལ་གོར་མ་ཆག་གོ་སྙམ་ནས། གོ་ཆ་ཆེན་པོ་ཡོངས་སུ་བགོ་བར་བྱའོ། །ཞེས་གསུངས། དེའི་ཕྱིར་ཀུན་མཁྱེན་བླ་མས་སེམས་ཉིད་ངལ་གསོར། རྟག་ཏུ་བླ་མའི་ཡོན་ཏན་དྲན་བྱ་ཞིང་། །སྐྱོན་ལ་མི་རྟོག་མཐོང་ཡང་ཡོན་ཏན་བསམ། །རང་སྣང་ཡིན་ངེས་ཁོང་ལ་མི་མངའ་ཞེས། །སྙིང་ནས་བསམ་ཞིང་བཤགས་སྡོམ་གཉེན་པོ་བསྟེན། །བླ་མ་མི་མཉེས་ཆ་དང་བཅས་སྤང་ཞིང་། །ཇི་ལྟར་མཉེས་པའི་ཐབས་ལ་འབད་པར་བྱ། །བླ་མའི་བཀའ་སྩལ་ནམ་ཡང་མི་བཅག་ཅིང་། །བླ་མའི་འཁོར་སྡུག་ལའང་བླ་མ་བཞིན། །བླ་མའི་འཁོར་གཡོག་སློབ་མར་མི་བསྡུ་ཞིང་། །ཆོས་བཤད་དབང་བསྐུར་ལ་སོགས་ཞུས་ཏེ་བྱ། །བླ་མའི་སྤྱན་སྔར་ལུས་ངག་ཡིད་བསྡམ་ཞིང་། །རྐང་བ་བརྐྱང་དང་སྐྱིལ་ཀྲུང་རྒྱབ་མི་བསྟན། །ངོ་འཛུམ་མི་གནག་ཁྲོ་གཉེར་བསྟན་མི་བྱ། །བབ་ཅོལ་མི་སྨྲ་རྫུན་ཚིག་ཕྲ་མོ་དང་། །གཞན་གྱི་སྐྱོན་བརྗོད་ཡོན་ཏན་རྩུབ་མོའི་ཚིག །མ་བརྟགས་འབྲེལ་བ་མེད་རྣམས་སྨྲ་མི་བྱ། །བླ་མའི་རྫས་ལ་བརྣབ་སེམས་མི་བྱ་ཞིང་། །སྡེར་བཅས་གནོད་སེམས་ཆ་དང་བཅས་ཀུན་བསྡམས། །བླ་མའི་མཛད་སྤྱོད་སྣ་ཚོགས་ཆོ་འཕྲུལ་ལ། །ཁ་ཞེ་འཛོལ་བས་འཁྲུལ་བར་མི་བརྟག་ཅིང་། །འདི་ནི་མི་རིགས་ཁོང་རང་མཛད་མོད་སྙམ། །ཅུང་ཟད་འགལ་འདུ་ཉེས་སྐྱོན་ལོག་ལྟ་དོར། །གལ་ཏེ་བླ་མ་སྡང་བར་མངོན་ན་ཡང་། །རང་སྐྱོན་ཡོད་ངེས་བརྟགས་ལ་བཤགས་སྡོམ་བྱ། །སྤྱི་གཙུག་བསྒོམས་ལ་གསོལ་བ་དྲག་པོ་གདབ། །དེ་ཡིས་མཉེས་ཤིང་དངོས་གྲུབ་མྱུར་དུ་འཐོབ། །ཅེས་གསུངས་པས། ནམ་ཡང་བླ་མའི་སྐྱོན་ལ་མི་རྟོག་ཅིང་ཡོན་ཏན་འབའ་ཞིག་དྲན་པར་བྱ། གལ་ཏེ་ཅུང་ཟད་མ་དད་པའི་སྐྱོན་མཐོང་ན་ཡང་། མཁྲིས་ནད་ཅན་གྱིས་དུང་ལ་སེར་པོར་མཐོང་བ་བཞིན་རང་སྣང་ངན་པས་སྣང་བ་ཡིན། ཁོང་ལ་འདི་འདྲ་མེད་ངེས་སྙམ་དུ་དག་སྣང་སྦྱང་ཞིང་བཤགས་སྡོམ་བྱ། ཐ་ན་རྨི་ལམ་དུ་བྱུང་ནའང་སད་མ་ཐག་བཤགས་དགོས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པ་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདི་ཡང་མནར་མེད་རྒྱུར་འཕེལ་འགྱུར། །ཞེས་སོ། །དུས་རྟག་ཏུ་བླ་མ་མི་མཉེས་པར་འགྱུར་བའི་ཆ་གང་ཡོད་ཤེས་པ་རང་གིས་བརྟག་མ་ཤེས་པ་གཞན་ལ་དྲིས་ཏེ་སྤངས་པ་དང་། ཇི་ལྟར་མཉེས་པར་འགྱུར་བའི་ཐབས་འབའ་ཞིག་ལ་བསླབ། གསུང་གི་ཟུར་ཙམ་ཡང་མི་བཅག བླ་མའི་སྐུ་འཁོར་སོགས་ཐུགས་ལ་གང་གཅེས་པ་དེ་ཡང་བླ་མ་བཞིན་དུ་བཀུར་དགོས། དེ་མ་བཀུར་ན་དེ་དག་གི་རྐྱེན་གྱིས་བླ་མའི་ཐུགས་དང་ཡང་འགལ་བར་འགྱུར་བའི་ཕྱིར། གཞན་ཡང་བླ་མའི་འཁོར་རྣམས་རང་ཉིད་ཀྱི་ཆེ་བ་བསྐྱེད་པའི་ཕྱིར་འཁོར་དུ་མི་བསྡུ་ཞིང་། བླ་མའི་ཉེ་འཁོར་དུ་དབང་དང་ཆོས་བཤད་རབ་གནས་སོགས་ཆོས་སྤྱོད་ཀྱི་བྱ་བ་གང་བྱེད་ཀྱང་ཐོག་མར་བླ་མ་ལ་བཀའ་འདྲི་ཞུས་ནས་བཀའ་ཡི་གནང་བ་ཐོབ་པར་བྱེད་པ་ལས་རང་གར་འཇུག་པར་མི་བྱ་སྟེ། སྔ་མ་ལས། གལ་ཏེ་སྐྱོན་དང་བཅས་ན་ཡང་། །ཇི་སྐད་གསུངས་པ་ལྟར་བྱ་ན། །ཡང་དག་དོན་དུ་འགྱུར་བ་ལ། །བསྒྲུབ་པར་བྱ་བ་སྨོས་ཅི་དགོས། །ཉེ་འཁོར་སྡུག་པའང་བླ་མ་བཞིན། །འཁོར་རྣམས་སློབ་མར་མི་བསྡུ་ལ། །ཆོས་དང་དབང་བསྐུར་རབ་གནས་དང་། །སྦྱིན་སྲེག་ལ་སོགས་ཞུས་ཏེ་བྱ། །ཞེས་སོ། །གཞན་ཡང་བླ་མའི་སྤྱན་སྔར་ལུས་ཀྱི་མ་གུས་པའི་སྤྱོད་པ་སྒེག་ཆོས་ཀྱིས་རྐང་པ་བརྐྱང་པ་དང་རྒྱབ་སྟོན་ནས་འདུག་པ་སོགས་དང་། བླ་མའི་གཟིམས་སྤྱིལ་སོགས་སུ་མཆིལ་སྣབ་དང་ངན་སྐྱུགས་སོགས་འདོར་བ། སྐུ་ཡི་གྲིབ་མ་དང་ཞབས་རྗེས་འགོམ་པ། སྐུ་ཡི་ཚད་འཇལ་བ། ན་བཟའ་དང་བཞུགས་སྟན་སོགས་འགོམ་པ་དང་། བླ་མས་མ་གནང་བར་སྐུའི་ཉེར་སྤྱད་ལ་ལོངས་སྤྱོད་པ་སོགས་མདོར་ན་མ་གུས་་པའི་སྤྱོད་ལམ་ཐམས་ཅད་སྤང་དགོས་ཏེ། རིམ་གསུམ་ལས། བླ་མའི་སྤྱན་སྔར་ལུས་ཀྱི་ལས། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ཁྲོ་གཉེར་ངོ་འཛུམ་གནག་པའང་མིན། །མདོར་ན་ལུས་ཀྱི་བག་ཡོད་བྱ། །ཞེས་དང་། དགོངས་འདུས་ལས། བླ་མ་མཆོག་ཏུ་བཀུར་བྱ་སྟེ། །དམ་པར་གྱུར་པ་མ་ཡིན་ཡང་། །དམ་པ་མཆོག་བཞིན་ཕུད་དུད་བྱ། །གལ་ཏེ་བརྙེས་ཤིང་ཁྱད་གསོད་ན། །ཐུར་དུ་བལྟས་ནས་དམྱལ་བར་འཚེད། །ཅེས་དང་། རྣལ་འབྱོར་མ་དམ་པའི་རྒྱུད་ལས། དབུ་སྔས་ལ་སོགས་འགོམ་པ་ན། །ཤལ་མ་རི་ལ་འཛེག་པར་འགྱུར། །བླ་མའི་སྐུ་ལ་མཐོས་གཞལ་ན། །མི་དེ་མདུང་ཐུང་སུམ་བརྒྱས་འབིགས། །ཞེས་དང་། མཁའ་འགྲོ་མ་གསང་བའི་རྒྱུད་ལས། བླ་མའི་མཇུག་ནས་མི་འོང་ཞིང་། །ཞབས་ཀྱི་རྗེས་ལ་མནན་མི་བྱ། །བླ་མའི་མདུན་ལ་འགྲོ་མི་བྱ། །གཞན་གྱིས་ཁྲེལ་བརྡས་རྒྱབ་ཕྱོགས་པས། །སྒྲོ་སྐུར་སྡིག་པའི་ལས་སུ་འགྲོ། །བླ་མའི་གཡས་ཕྱོགས་བཞུགས་མི་བྱ། །ཕལ་པ་འགྲོ་ལ་དགའ་བ་ཡིས། །བླ་མའི་རྟིང་ཕྱོགས་གཡོན་ནས་འགྲོ། །ཞེས་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་ལས། བདེན་པའི་དོན་སྟོན་བླ་མ་ཡི། །དབུ་ཡི་གྲིབ་མ་སོགས་འགོམ་པས། །ཡང་དག་སྤངས་ནས་དམྱལ་བར་ལྟུང་། །ཞེས་སོ། །ངག་གི་སྤྱོད་ལམ་བག་མེད་པ། །ཀུ་རེ་བཞད་གད་དང་། ལོང་གཏམ་འབྲེལ་མེད་དང་། ཟེ་རེ་ཟློས་སེ་དང་། རྫུན་ཚིག་ཕྲ་མ་དང་། གཞན་ལ་སྨོད་པ་སོགས་མི་བྱ་སྟེ། དུས་གཞན་དུ་བརྒྱ་སྟོང་བརྗོད་པ་བས། བླ་མའི་དྲུང་དུ་ལན་གཅིག་སྡིག་པ་ལྕི། དེ་དག་བདེན་པ་ཡིན་ཀྱང་སྨྲ་བ་པོ་རང་ལ་མི་དགེ་བ་ཆེན་པོ་ཐོབ་སྟེ། ཅིའི་ཕྱིར་ན་བླ་མའི་ཐུགས་ཀྱིས་ཁྲེལ་བ་དང་། འཁྲུགས་པར་འགྱུར་བའི་ཕྱིར་ཏེ། བླ་མའི་ཐུགས་སྐད་ཅིག་འཁྲུགས་ཀྱང་ཉེས་པ་ཆེན་པོ་བསྐྱེད་དེ། བག་མེད་ཚིག་དང་འབྲེལ་གྱུར་པ། །བླ་མའི་མདུན་དུ་བརྗོད་མི་བྱ། །ཐ་མལ་པ་ཞིག་ཁྲོས་ན་ཡང་། །ཉི་ཚེ་བ་ཡི་དམྱལ་བར་ལྟུང་། །བླ་མའི་ཐུགས་དང་འགལ་བ་གང་། །མནར་མེད་མུན་པ་མུན་ནག་ཏུ། །བསྐལ་པ་བྱེ་བ་བརྒྱ་སྟོང་འཚེད། །ཅེས་སོ། །དེའི་ཕྱིར་འཕགས་པ་ཡོན་ཏན་བཀོད་པའི་མདོ་ལས། བདུད་ཀྱི་ལས་བཞི་སྟེ། བླ་མ་ལ་མི་གུས་པ་དང་། ཆོས་ཡིད་ལ་མི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། ཚེ་འདི་ལ་སེམས་པའོ། །ཞེས་དང་། མཁའ་འགྲོ་གསང་བའི་རྒྱུད་ལས། བླ་མ་སངས་རྒྱས་རང་བཞིན་ལ། །ལྐོག་ནས་འཆལ་གཏམ་ཆེར་སྨྲ་བ། །བསྡུས་འཇོམས་སུ་འཇོམས་མགུལ་པ་འགག །ཞེས་དང་། རྒྱབ་ཀྱི་བླུན་རྨོངས་ཞེས་སྨྲ་བ། །བྱང་ཆུབ་ལམ་དང་འཕྲད་མི་སྲིད། །ཅེས་དང་རྒྱན་དམ་པ་ལས། ངག་ཚིག་བརླང་པོ་ཞེ་འགེངས་པ། །བསྐལ་པ་སྟོང་ཕྲག་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་དམ་པ་ཡི། །ཟབ་པོའི་ཚིག་ལ་སྒྲོ་སྐུར་བ། །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་དང་། གསང་བ་ཀུན་སྙོམས་ཀྱི་རྒྱུད་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆོས་མཆོག་རློམ་སེམས་སྨྲ་བ་ནི། །བསྐལ་པ་སྟོང་ཕྲག་དུ་མ་རུ། །ཐུར་དུ་བལྟས་ནས་དམྱལ་བར་འགྲོ། །ཞེས་དང་། གསང་བ་རོལ་བ་ལས། ལྐོག་འཕྱས་སྨྲ་བར་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་འཚེད། །ཀུ་རེ་ཙམ་དུའང་སྨོད་མི་བྱ། །ངག་གི་ཉེས་བྱས་ཡང་དག་བསྡམས། །ཞེས་སོ། །ཡིད་ཀྱི་སྤྱོད་པ་མ་བསྡམས་པ། བླ་མའི་རྫས་ལ་བརྣབ་སེམས་དང་། ཉེ་འཁོར་དང་སློབ་མ་སོགས་ལ་གནོད་སེམས་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་ལ་སྐྱོན་དང་བཅས་པའོ་སྙམ་དུ་མ་དད་ལོག་ལྟ་སོགས་སྐད་ཅིག་ཙམ་ཡང་དྲན་མི་རུང་སྟེ། ཡེ་ཤེས་གྲུབ་པའི་རྩ་རྒྱུད་ལས། བླ་མའི་རྫས་དང་འཁོར་རྣམས་དང་། །ཉེ་འཁོར་སུན་འབྱིན་བརྣབ་སེམས་སྤངས། །མཛད་པ་སྣ་ཚོགས་སེམས་ཅན་ལ། །ཕན་པའི་ཐབས་ཆེན་འཕྲུལ་ཆེན་པོ། །དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་ལ། །ཉེས་པས་ལོག་པར་ལྟ་བ་དོར། །ཞེས་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། གལ་ཏེ་དེས་ཆོས་སྨྲ་བ་དེ་ལ་མནར་སེམས་པའམ། ཐ་བའམ། སྡང་བའི་སེམས་ཀྱིས་གནས་སམ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་མི་བསྐྱེད་ན། དེ་དག་གི་ཡོན་ཏན་ཐོབ་པའི་གནས་མེད་དོ། །མ་ཐོབ་པའི་ཆོས་ཐོབ་པའམ། ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དོ། །མ་གུས་པས་ཆོས་ནུབ་པར་འགྱུར་རོ། །ཞེས་དང་སྙོམས་འཇུག་གསང་བའི་རྒྱུད་ལས། བླ་མ་དག་ལ་འགྲན་སེམས་དང་། །ཡི་དམ་རྒྱལ་བའི་ལྷ་སྤངས་པས། །བོང་འཐེང་ཞོན་ནས་མཚོ་བསྐོར་ལྟར། །རྒྱལ་བའི་སངས་རྒྱས་འགྲུབ་མི་སྲིད། །བླ་མའི་དཀོར་ལ་བརྣབ་སེམས་པ། །བསྐལ་པ་གཉིས་སུ་ཡི་དྭགས་གནས། །ཞེས་དང་། དཔུང་རྣམ་པར་ཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བས་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་འཚེད་པའོ། །ཞེས་དང་། བྱང་ཆུབ་བདེ་བའི་དཔུང་བསྐྱེད་ནས། །རྡོ་རྗེའི་བླ་མ་སྨད་མི་རུང་། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ལྔ་པོ་ལྡན་ཞེས་བསམ་མི་བྱ། །དེ་བསམ་མནར་མེད་ས་གཞིར་བསྲེགས། །ཞེས་དང་། གཞུང་རྒྱ་མཚོ་ལས། རྡོ་རྗེ་ཡིད་བཞིན་རྒྱལ་པོ་ལ། །ཟས་སྐོམ་ནོར་ལ་སྲེད་སྙོམ་པས། །རབ་མཐའ་བཅུ་ཡི་ད མྱལ་བར་འཚེད། །གསང་མཆོག་སྨྲ་བྱེད་རྒྱལ་པོ་ལ། །ཤེས་པ་ཅན་གྱི་ཡིད་སྒོ་ནས། །ང་རྒྱལ་ཆེ་བའི་ཡིད་མི་བསམ། །དེ་སྐྱོན་ཁ་འཐབ་གནས་སུ་ལྟུང་། །ཞེས་དང་། དུ་མ་འདུས་པའི་མདོ་ལས། བདག་གི་དྲིན་ལ་གནས་བསམ་པས། །མནར་མེད་པར་ཡང་རབ་ཏུ་སྐྱེ། །སློབ་དཔོན་སྐྱོན་ལ་གང་སེམས་པ། །དགེ་བསགས་དོན་མེད་ལྷ་སྤངས་པས། །ལྷ་ཀླུ་གདུག་པ་ལ་སོགས་ཀྱིས། །མྱུར་དུ་སྲོག་གཅོད་དམྱལ་བར་ལྟུང་། །ཞེས་དང་། སྙིང་པོ་རྣམ་པར་ལེན་པའི་རྒྱུད་ལས། མཆོག་ཏུ་སྔགས་ལ་ཞུགས་པ་ལ། །གནོད་པ་བྱེད་པའི་སེམས་འཆང་ན། །གྲང་བའི་དམྱལ་བར་ངེས་པར་ལྟུང་། །ཞེས་སོ། །དེས་ན་དུས་ནམ་ཡང་བླ་མའི་སྐྱོན་ལ་མི་བསམ་ཞིང་། གལ་ཏེ་འགས་དབྱེན་བཅོས་ཏེ་བླ་མས་སྡང་བར་མངོན་ན་ཡང་། མ་ཉེས་པའི་བཤགས་པ་བྱ་ཞིང་། སྡིག་པ་ཟད་པའི་རྒྱུར་བསམ་སྟེ་ཡོན་ཏན་ལ་བསམ་སྟེ་བསྟེན་པར་བྱའོ། །དེ་ལྟར་མི་བྱེད་པ་བླ་མའི་ཐུགས་དང་འགལ་བར་གྱུར་ན་ཉེས་པ་བསམ་གྱིས་མི་ཁྱབ་སྟེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག གསང་བའི་བདག་པོ། འོན་ཀྱང་ཅུང་ཟད་ཅིག་བརྗོད་པར་བྱ་ཡི། དཔའ་བོ་བསྒྲིམས་ཏེ་དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེ་ནའང་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། ཕུར་བའི་རྒྱུད་ལས། སློབ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙས་བྱེད་ན། །དམྱལ་བའི་སྡུག་བསྔལ་རབ་ཏུ་འཐོབ། །གལ་ཏེ་དེ་ལས་ཐར་ན་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །དམ་ཆོས་མིང་ཡང་མི་ཐོས་སོ། །ཞེས་དང་། སྒྱུ་ཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུག་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་ཉ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སློབ་དཔོན་ཉིད་ལ་གང་སྨོད་པ། །ཚེ་འདི་ཉིད་ལ་སྡུག་བསྔལ་འབྱུང་། །རིམ་དང་དུག་དང་དབྱིག་དུག་དང་། །ཌཱ་ཀི་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམ་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་གནས་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་སོ། །དེ་ཡང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་རྩ་ལྟུང་གི་རྟེན་ཡིན་པས་ཆེས་ལྕི་མོད། དེ་ལས་གཞན་དུ་ཀློག་སྦྱོར་སློབ་པ་ཡན་ཆོད་ཀུན་ལ་བླ་མར་བཟུང་ཞིང་བསྲུང་དགོས་ལ། དེ་ལྟར་མ་བསྲུངས་ན་ཉེས་པ་ཤིན་ཏུ་ལྕི་སྟེ། རྒྱུད་ལས། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། སྨེ་ཤ་ཅན་ནི་དུར་ཁྲོད་དུ་གནས་པའི་རིགས་ངན་གྱི་ཤ་ཟར་བཞེད་ལ་གཞུང་ཁ་གཅིག་ལས་རང་ཤ་རང་གིས་ཟ་བའི་སེམས་ཅན་ལའང་བཤད་དོ། །དེས་ན་ངེས་དོན་ཤིང་རྟ་ཆེན་མོ་ལས། དེ་ཡང་སྤྱིར་གང་དང་འཁོན་ཡང་། ཕྱེད་རང་ལ་ངེས་པར་བརྟེན་ཏེ་མེད་ན་མི་འབྱུང་བ་འཛམ་བུ་གླིང་པ་དང་། སྒྲ་མི་སྙན་པའི་མི་གཉིས་ཀྱི་ཁྲོ་བ་བཞིན་ཡིན་པས་རྔ་དང་དབྱུ་གུ་ལྟར་གཅིག་ལ་གཅིག་མཐོང་ཐོས་ལ་སོགས་པའི་རྐྱེན་བྱས་པས་ན། འཁོན་པ་དེ་བདག་ལ་མི་རུང་སྟེ། གཞན་གྱི་སྡིག་པའི་མིག་རྐྱེན་དུ་འགྱུར་བ་དང་། རང་གི་ཁོང་ཁྲོ་དང་ཞེ་སྡང་གཏན་དུ་ལྡང་བས་དམྱལ་བའི་ས་བོན་བྱེད་པའི་ཕྱིར་རོ། །དེས་ན་གང་འཁོན་པ་དེ་སྤྱི་བོར་བསྒོམས་ལ་བཤགས་པས་ཞག་འགའ་ན་འཁོན་དང་སྒྲིབ་པ་བྱང་ངེས་སོ། །ཁྱད་པར་དུ་བླ་མ་ལ་མི་རུང་བས་སྤྱི་བོར་བསྒོམས་ཏེ་ཕྱག་དང་མཆོད་པ་བྱས་ལ། རབ་ཏུ་འགྱོད་པས་མཆི་མ་འབྱིན་ཞིང་ཐལ་མོ་སྦྱར་ཏེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པས་བདག་ནོན་ཏེ། །སྒོ་གསུམ་ཉེས་པ་ཅི་མཆིས་པ། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །སྡོམ་པ་གསུམ་དང་འགལ་གྱུར་ཅིང་། །ཉེས་པའི་དྲི་མས་སེམས་གོས་པ། །དེ་ཀུན་ཁྱོད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་བྱང་བར་མཛོད། །བདག་ནི་མི་ཤེས་རྨོངས་པ་ཡིས། །མ་འཚལ་བཞིན་དུ་སྡིག་བགྱིས་པས། །སྔར་ཡང་འཁོར་བར་རབ་ཏུ་འཁྱམས། །ད་ནི་བླ་མ་ཐུགས་རྗེ་ཅན། །ཁྱོད་ཀྱིས་བདག་གི་སྒྲིབ་པ་ཀུན། །སྐད་ཅིག་ཉིད་ལ་བསལ་བར་མཛོད། །འདི་ལྟར་མི་ཤེས་བྱིས་པ་ལ། །སྐྱོན་གྱུར་མཐོང་ཚེ་ལྷག་པར་ཡང། །ཐུགས་རྗེའི་གཟིགས་པ་མི་འཇུག་ན། །དེ་ལས་གཞན་ལ་ཅིར་འགྱུར་དགོངས། །བུ་ཡི་ཉེས་པ་གང་ལགས་པ། །མ་ཡིས་སེལ་ཞིང་སྐྱོང་བ་ལྟར། །བདག་ཅག་འགྲོ་དྲུག་སེམས་ཅན་ལ། །ཁྱོད་ཀྱིས་དང་པོར་ཐུགས་བསྐྱེད་ནས། །ཕན་པ་མཛད་ཅེས་དམ་བཅས་ན། །དུས་འདིར་བདག་ལ་ཅིས་མི་དགོངས། །བདག་ཅག་འཁྲུལ་པའི་སེམས་ཅན་རྣམས། །གཟིགས་ནས་ཐུགས་རྗེས་མི་འཛིན་ན། །ཁྱོད་ཀྱི་ཕྲིན་ལས་གདུལ་བྱ་ལ། །ཕན་པ་དེ་ཡང་ཇི་ལྟ ར་དགོངས། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །བདག་ཅག་སྤངས་ནས་ཐར་པར་གཤེགས། །ད་ནི་ཕྱོགས་བཅུའི་རྒྱལ་བ་ཡིས། །ཁྱོད་ལ་བསྐུལ་ནས་བདག་ཅག་གི། །དོན་དུ་བླ་མར་རྣམ་འཕྲུལ་ན། །ཁྱོད་ཀྱིས་བདག་ཅག་འདོར་ཕོད་དམ། །འཇིགས་སར་སྐྱེལ་མས་བསླུས་པ་བཞིན། །ཁྱོད་ཀྱིས་དེ་རིང་བསླུ་མཛད་དམ། །ཡིད་བཞིན་ནོར་བུ་རིན་ཆེན་ཡང་། །གསོལ་བ་བཏབ་ན་འདོད་དགུ་འབྱིན། །ཁྱོད་ནི་བརྩེ་ཆེན་ཐབས་ལ་མཁས། །དེ་སླད་བདག་ལ་ཅིས་མི་གཟིགས། །ཤ་ཟ་རྣམས་ཀྱང་མཆོད་སྦྱིན་དང་། །བདེན་པའི་ཚིག་ནི་བརྗོད་མ་ཐག །སྔོན་གྱི་ཁྲོ་བའང་འདོར་བགྱིད་ན། །ཁྱོད་ནི་ཐུགས་རྗེ་འགྲོ་བའི་ཡབ། །གུས་མཆོད་གདུང་བས་སེམས་གདུངས་ཤིང་། །ཉེས་པ་བཤགས་ན་ཅིས་མི་གཟིགས། །བདག་གི་སྡིག་ཀུན་མ་བྱང་བར། །སྐྱེ་བ་གཞན་དུ་སོང་གྱུར་ན། །དམྱལ་མེས་བསྲེག་པ་ཁོ་ནར་ཟད། །དེ་ལ་ཁྱོད་ཀྱིས་མི་གཟིགས་ན། །ཐུགས་རྗེའི་བདག་ཉིད་ཇི་ལྟར་ལགས། །ཀྱེ་མ་ཀྱེ་ཧུད་བདག་གི་སྡིག །མ་ལུས་བྱང་བར་མཛད་དུ་གསོལ། །སྐད་ཅིག་འདི་ལ་ཐུགས་རྗེས་དགོངས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེག་དང་ལོག་འདྲེན་བར་ཆད་སོལ། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །འཆི་ཀར་གནད་གཅོད་སྡུག་བསྔལ་མེད། །བར་དོའི་འཇིགས་པ་ཀུན་ལས་སྒྲོལ། །འོག་མིན་གནས་སུ་འཁྲིད་པར་མཛོད། །ཅེས་ཉིན་མ ཚན་ཐུན་བཞིར་གསོལ་བ་ལན་བདུན་གདབ་བོ། །དེས་ནི་ཉམས་ཆག་{ཆགས་འདིའི་རིགས་འདི་ལྟར་ཞུས། }ཐམས་ཅད་དག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འཐོབ་བོ། །ཉམས་ཆག་སྐོང་བ་ལ་འདི་ལས་ཟབ་པ་གཞན་མེད་དོ། །ཞེས་གསུངས་ལྟར་བརྩོན་པས་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། སྡོང་པོ་བཀོད་པའི་མདོ་ལས། ཁུར་ཐམས་ཅད་ཁུར་བ་ལ་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། དབྱེན་གྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་གྱིས་མི་བསྐྱོད་པ་འཁོར་ཡུག་ལྟ་བུའི་སེམས་དང་། ཅི་བསྒོ་བའི་ལས་ཐམས་ཅད་བྱེད་པ་བྲན་ལྟ་བུའི་སེམས་དང་། ཆེ་བའི་ང་རྒྱལ་རྣམ་པར་སྤངས་པ་ཕྱག་དར་པ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཁུར་བས་ཐེག་པ་གླང་པོ་ཆེ་ལྟ་བུའི་སེམས་དང་། བདག་པོ་ལ་མི་ཁྲོ་བ་ཁྱི་ལྟ་བུའི་སེམས་དང་། འགྲོ་འོང་གིས་མི་སྐྱོ་བ་གྲུ་ལྟ་བུའི་སེམས་དང་། ཉོན་མོངས་པས་མི་སྐྱོ་བ་མ་ལྟ་བུའི་སེམས་དང་། མི་བསྲུན་པ་སྤངས་པ་རྟ་ཅང་ཤེས་ལྟ་བུའི་སེམས་དང་། རྐྱེན་གྱིས་མི་གཡོ་བ་རི་བོ་ལྟ་བའི་སེམས་དང་། ཆེ་གྲགས་མེད་པ་གདོལ་པ་ལྟ་བུའི་སེམས་དང་། དྲེགས་པ་མེད་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་འཛངས་པ་ལྟ་བུ་སོགས་ཀྱི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བཀུར་བར་བྱའོ། །ཞེས་གསུངས་པའི་ཚུལ་གྱིས་བཀའ་ལས་མི་འདའ་བར་སྲི་ཞུ་བསྒྲུབ་པར་བྱ་སྟེ། དེའི་ཚུལ་ཡང་། ངལ་གསོ་ལས། བླ་མ་མ ཐོང་ཚེ་ལྡང་དང་ཕྱག་འཚལ་ཞིང་། །བཞུགས་ཚེ་སྟན་སོགས་མཁོ་བའི་ཡོ་བྱད་དབུལ། །སྙན་པར་སྨྲ་བས་བསྟོད་ཅིང་ཐལ་མོ་སྦྱོར། །བཞུད་ཚེ་ལྡང་དང་ཞབས་འབྲིང་བསྙེན་བཀུར་བྱ། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཅིང་། །གུས་དང་འཇིགས་བཅས་ཞུམ་པས་གནས་པར་བྱ། །ཇི་ལྟར་བག་མ་གསར་པའི་ཚུལ་བཞིན་དུ། །སྒོ་གསུམ་ཞི་བས་བླ་མའི་དྲུང་འདུག་གི། །འཕྱར་ཞིང་གཡེང་ལ་རྒོད་བག་བྱ་བ་མིན། །ཕྱོགས་རིས་མ་ཡིན་ཁེ་དང་གྲགས་པས་མིན། །གཡོ་སྒྱུས་མ་ཡིན་དེ་བཞིན་ཚུལ་འཆོས་མིན། །ངོས་ལྐོག་མ་ཡིན་ཉེ་རིང་ཆགས་སྡང་མིན། །རང་ལ་འབྱོར་པ་ཡོད་ན་བླ་མ་མཆོད། །ལུས་ངག་ཞབས་ཏོག་བསྙེན་བཀུར་སྲི་ཞུ་དང་། །ཚེ་འདི་བློས་བཏང་སྒྲུབ་པས་མཉེས་པར་བྱ། །གཞན་གྱིས་མི་སྙན་བརྗོད་ནའང་དེ་ཟློག་ཅིང་། ནུས་པ་མེད་ན་སླར་ཡང་ཡོན་ཏན་བསམ། །རྣ་བ་དགབ་ཅིང་སྙིང་རྗེས་ཕན་པ་སྒྲུབ། །དེ་ལ་མི་བརྟེན་བག་ཕེབས་སྨྲ་བ་མིན། །དེས་ནི་ཚེ་རབས་ཀུན་ཏུ་ཕན་པ་འགྲུབ། །དམ་པ་རྣམས་དང་འཕྲད་ཅིང་ཆོས་རབ་ཐོས། །ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན། །སྣ་ཚོགས་ཡོན་ཏན་འབྱོར་པས་ཡོངས་གང་ཞིང་། །འགྲོ་ལ་ཞི་བདེའི་དགའ་སྟོན་འགྱེད་པ་ཡིན། །ཞེས་གསུངས་པས། གཡོ་ཟོལ་མེད་པའི་མོས་གུས་ཀྱིས། བླ་མ་ལ་མཐོང་ཕྱག་འཚལ་བ་དང་། བཞུགས་སྟན་འདིང་བ་དང་། ཇི་ལྟར་བཞེད་པའི་མཁོ་བའི་ཡོ་བྱད་འབུལ་བ་དང་། ཡོན་ཏན་ལ་མངོན་པར་བསྟོད་ཅིང་ཐལ་མོ་སྦྱར་བ་དང་། འབྱོན་བཞུད་ཀྱི་ཚེ་ལྡང་ཞིང་བསུ་སྐྱེལ་སོགས་བླ་མའི་ཐུགས་ལ་གང་འཕྲོད་བྱ་དགོས་ཏེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་དྲུང་དུ་སོང་ལ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བསྙེན་བཀུར་བྱ་བ་ཐམས་ཅད་བྱ་ཞིང་རྗེས་སུ་འབྲེང་ངོ་། །ཐ་ན་ཆོས་ཉན་པ་ཙམ་གྱི་ཕྱིར་ཡང་ཇི་སྲིད་འཚོའི་བར་དུ་འབྲེང་དགོས་ན་ལུང་ནོད་པ་དང་། འདྲི་བ་དང་། བསྒོམ་པའི་ཕྱིར་ལྟ་ཅི་སྨོས། དེ་དུས་ཐམས་ཅད་དུ་རང་ཉམས་བཏང་སྟེ། དགེ་བའི་བཤེས་གཉེན་དེའི་བློ་བཞིན་དུ་འཇུག་པར་བྱའོ། །ཞེས་དང་། འདུལ་བ་ལུང་ལས། མཁན་པོ་མཐོང་མ་ཐག་སྟན་ལས་ལྡང་བར་བྱའོ། །ཞེས་དང་། དེ་ལྟར་མ་ལངས་ན་ཚེ་རབས་ལྔ་བརྒྱར་འཕྱེ་བོར་སྐྱེ་བ་ལས་བརྒྱ་པར་གསུངས། ལྡང་ཞིང་ཞབས་འབྲིང་བྱས་ནས་སངས་རྒྱས་ཀྱི་མཚན་དཔེ་ཐོབ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། བླ་མ་སྐྱེལ་བ་དང་བསུ་བ་ལ་སོགས་པ་ཉིད་ཀྱིས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ཞེས་སོ། །ཚེ་འདི་ལའང་དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེ ད་པ་འབྱུང་། །ཞེས་སོ། །གཞན་ཡང་བླ་མའི་དྲུང་ན་འདུག་ཚེའམ་རང་གི་གནས་ཁང་སོགས་གཞན་ན་འདུག་ཀྱང་རུང་ནམ་ཡང་དྲན་པས་ཟིན་པར་བྱས་ཏེ། སྒོ་གསུམ་གྱི་ཉེས་སྤྱོད་ཆ་དང་བཅས་པ་བསྡམས་ཤིང་ཤེས་བཞིན་གྱིས་ཟིན་པར་བྱས་ནས། སེམས་ལ་སེམས་ཀྱིས་བལྟ་ཞིང་ཉོན་མོངས་པའི་དབང་དུ་མ་ཤོར་བར་བསྡམས་ལ་བག་ཡོད་ཀྱིས་ཟིན་པ་བག་མ་གསར་པའི་ཚུལ་ལམ། དགེ་སློང་གསར་པ་བཞིན་དུ་ཞི་དུལ་དང་ལྡན་པས་འདོད་པ་སྒྲུབ་དགོས་ཏེ། སྤྱོད་འཇུག་ལས། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བ། །དེ་ལྟར་འབད་པས་ཀུན་གྱིས་བརྟག །ཅི་ནས་རྩེ་གཅིག་སེམས་ཀྱིས་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་དང་། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་སོ། །དེ་ཡང་བླ་མ་དང་འགྲོགས་པ་དང་། མཁན་པོས་གདམས་པ་དང་། ངན་སོང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ། རང་གིས་ཉམས་སུ་ལེན་པའི་ཆོས་ལ་གུས་པས་བརྩོན་པ་རྣམས་ལ་དྲན་ཤེས་བཞིན་བག་ཡོད་དང་དགེ་བ་མང་པོ་ངང་གིས་སྐྱེ་སྟེ། དེ་ཉིད་ལས། བླ་མ་དང་ནི་འགྲོགས་པ་དང་། །མཁན་པོས་རྗེས་སུ་བསྟན་པ་དང་། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་བདེ་བླག་ཉིད་དུ་སྐྱེ། །ཞེས་སོ། །དེ་ལྟར་དགེ་བ་བྱེད་པ་དང་། བླ་མ་བཀུར་བ་ཡང་ཕྱོགས་ཆ་དང་། ཁེ་གྲགས་དང་། གཡོ་སྒྱུ་དང་། ངོ་ལྐོག་དང་། ཉེ་རིང་མ་ཡིན་པར་དུས་ཐམས་ཅད་དུ་ཐམས་ཅད་ལ་དེ་ལྟར་བྱ་སྟེ། རང་གི་ཚོགས་རྫོགས་ཤིང་སྒྲིབ་པ་འདག་པར་མངོན་ལྐོག་སོགས་ཁྱད་མེད་པའི་ཕྱིར་རོ། །ཁྱད་པར་དུའང་དཔལ་མགོན་བླ་མ་དམ་པ་ནི་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་དགོས་པས། ཐ་མ་ཟང་ཟིང་གིས་མཉེས་པར་བྱ་བ་ནི། རང་ལ་ཡོད་པའི་ཡོ་བྱད་བསྲི་ཕངས་མེད་པས་མཆོད་ཅིང་། ཐུགས་མཉེས་པར་བྱ་བ་ཙམ་དུ་མ་ཟད། རང་གིས་གཞན་གྱི་མདུན་དུའང་ཡོན་ཏན་བརྗོད་ལ་འབུལ་དུ་གཞུག་གོ །དེ་ཡང་བླ་མ་དེ་དག་ལ་མཉེས་པའི་ཡོ་བྱད་བཞེད་མ་ཐག་བསྲི་ཕངས་མེད་པར་འབུལ་ལ། གཉིས་འདམ་དུ་ཡོད་ན་བཟང་ཤོས་དེ་བླ་མ་ལ་འབུལ་ལོ། །བླ་མ་དམ་པ་དེ་སྐུ་དྲིན་དང་ཆོས་ཀྱི་ཡོན་དུ་ཡོ་བྱད་ཕུལ་བས་ཡོན་ཏན་གྱི་ཚོགས་མང་དུ་ཐོབ་བོ། །ཆོས་ཀྱི་ཚིག་རེ་རེའི་ཡོན་བསྐལ་པར་རེ་བསྙེན་བཀུར་བྱས་པས་མི་རྫོགས་ན་བླ་མ་ཉིད་ཀྱི་དྲིན་ལྟ་ཅི་སྨོས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འགའ་ཞིག་གིས་ལུང་ནོད་པ་དང་། ཁ་ཏོན་བྱ་བ་དོན་དུ་གཉེར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བྱང་ཆུབ་སེམས་དཔའི་ལམ་ཚོགས་ལ་སོགས་པ་དང་ལྡན་པའི་ཚིགས་སུ་བཅད་པ་གཅིག་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་ཡི་གེའི་གྲངས་ཇི་སྙེད་ཡོད་པའི་བསྐལ་པར་རྙེད་པ་དང་། བཀུར་སྟི་དང་། མཆོད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་ད་དུང་སློབ་དཔོན་གྱི་གུས་པའང་མ་རྫོགས་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས། ཞེས་སོ། །དེ་ལྟར་ཕུལ་བའི་ཕན་ཡོན་ཀྱང་ཚད་མེད་དེ་ཞིབ་པར་འོག་ཏུ་སྟོན་པར་འགྱུར་རོ། །དེའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་ན་ཡོན་ཏན་གྱི་གནས་དམ་པ་བླ་མ་ལས་ལྷག་པ་མེད་ཅིང་། དྲིན་ཆེ་བའང་གཞན་མེད་ན། དེ་ལ་ཐ་མལ་ཟང་ཟིང་གི་ནོར་རྫས་ཅུང་ཟད་ཙམ་ཕུལ་བ་ལ་ཁེ་རྔམ་དང་དྲིན་མི་བགྲང་{དྲིང་མི་འགྲང}སྟེ། དྲིན་མི་འཁོར་ཞིང་ཆོས་ཀྱི་ཡོན་ཏན་གཞལ་དུ་མེད་པའི་ཕྱིར་རོ། །སྐྱེ་བོ་ཐ་ཤལ་དག་བླ་མའི་མདུན་དུ་དངོས་སུ་དྲིན་འདྲེན་ཅིང་། ལྐོག་ཏུ་ངས་འདི་ཕུལ་ཞེས་ཡང་ཡང་གཞན་གྱི་རྩར་སྒྲོགས་པར་བྱེད་ལ། དུས་གཞན་དུ་ཕུལ་བ་ལ་འགྱོད་པ་འབྱུང་བས། དེ་ལྟར་མི་བྱ་སྟེ། དགེ་བ་ཡང་བགྲངས་ན་འཛད། འགྱོད་པ་སྐྱེས་ན་འཛད་ཅེས་མདོ་ལས་གསུངས་པ་ཡིན། གཞན་ཡང བླ་མ་དེས་འཁོར་བའི་རྒུད་པ་སེལ་ཞིང་། སངས་རྒྱས་ཀྱི་འབྱོར་པ་ཐོབ་པར་བྱེད་པ་བླ་ན་མེད་པའི་ཆོས་རིན་པོ་ཆེ་བསྟན་ཞིང་། སེམས་ཉིད་སངས་རྒྱས་སུ་ངོ་སྤྲོད་པའི་དྲིན་མི་འདྲེན་པར། ཁོ་ཟང་ཟིང་ཅུང་ཟད་ཀྱི་དྲིན་དྲང་བར་མི་འོས་ལ། གཅིག་ཏུ་རང་གི་དགེ་བ་སྤེལ་བའི་ཕྱིར་ཕུལ་ན་ལེན་མཁན་དྲིན་ཆེ། ནན་གྱིས་ཕུལ་ཅིག་མ་བྱས་བས་ཀྱང་དྲིན་དྲང་དུ་ཅི་ཡོད། དེས་ན་བཀའ་དྲིན་བསམས་ལ། ཚེ་འདི་དང་ཕྱི་མའི་བདེ་ལེགས་སྒྲུབ་ཅིང་ལམ་རྒྱགས་བསགས་པའི་ཕྱིར། རང་ལ་ཅི་ཡོད་ལེགས་དགུས་བླ་མ་མཆོད་ཅིང་། བསྙེན་བཀུར་བྱ་བ་ལ་སྐྱོ་བ་མེད་པས་བརྩོན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་དྲིན་དུ་གཟོ་བས་བསྙེན་བཀུར་བ་ལ་འབད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་ཐམས་ཅད་ནི། དེའི་ལག་ན་འདུག་པའི་ཕྱིར་རོ། །ཞེས་དང་། ཡེ་ཤེས་དྲི་མེད་ལས། མཛོད་ལྡན་བླ་མའི་ཕྱོགས་དག་ཏུ། །བཀུར་སྟི་རིམ་གྲོ་སུས་བྱས་པ། །ཡོངས་སུ་སྒྲོག་དང་བགྲང་མི་བྱ། །གལ་ཏེ་དེ་ལྟར་སུས་བྱེད་པ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །འབྲིང་ལུས་ངག་གིས་མཉེས་པར་བྱ་བ་ལས། ལུས་ཀྱི་སྒོ་ནས་བླ་མའི་ཕྱོགས་སུ་རང་གི་ལུས་བཀོལ་བས། ཕྱག་དང་བསྐོར་བ་བྱ་བ་དང་། སྤོས་དང་མར་མེ་སོགས་ཕྱིའི་མཆོད་པ་དང་། བཟའ་བཏུང་སོགས་བྱིན་གྱིས་བརླབས་ཏེ་ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བ་ནང་དང་། རྟོགས་པ་ཏིང་འཛིན་ཤེས་རབ་ལ་སོགས་པ་གསང་བའི་མཆོད་པ་བཞུགས་དུས་སམ། སྐུ་འདས་པའི་རྗེས་ལའང་། ཚེས་གྲངས་གང་ལ་ཐུགས་འཕོས་པ་དེའི་ཉིན་མཚན་ལ་མཆོད་པ་དང་། སྐྱེ་བོ་ལ་སྦྱིན་པ་བྱ་བ་སོགས་གུས་པའི་བཀའ་དྲིན་དྲན་པས་བྱ་བ་དང་། བླ་མར་མེ་ཆུ་གཡང་ས་དང་གཅན་གཟན་ནམ་དགྲའི་བར་ཆད་བསྲུང་བ་དང་བླ་མའི་བྱ་བ་ལ་ཡུལ་ཐ་དད་བར་བང་ཆེན་གྱི་མངག་གཞུག་བྱ་བ་དང་། འཕྲལ་ཉེ་བར་མཁོ་བའི་གཡོག་གང་དགོས་བྱ་བ་དང་། བཞུགས་སར་སྟན་འདིང་བ་དང་། ལམ་ཕྱགས་པ་དང་། རང་གི་གོས་སམ་དར་ལམ་ལ་སོགས་བྱ་བ་དང་། སྤོས་ཀྱིས་བསུ་ཞིང་བསྐྱལ་བ་དང་། དྲིས་ཆག་ཆག་བྱ་བ་དང་། གཟིམས་ཁང་ལ་སོགས་པའི་ཉེ་འཁོར་དུ་ཕྱག་དར་བྱ་བ་དང་། མཎྜལ་འབུལ་བ་དང་། རྟ་དང་འདོ་ལེ་ལ་སོགས་པའི་བཞོན་པ་འབུལ་བས་བསུ་ཞིང་བསྐྱལ་བ་དང་། འབུལ་བ་དང་། བླ་མ་ལ་མཐོང་ཕྱག་འཚལ་ཞིང་བྱིན་རླབས་ཞུ་བ་དང་། ལྡང་བ་དང་ཐལ་མོ་སྦྱར་བ་ལ་སོགས་པ་བྱའོ། །དེ་ལ་བྱིན་རླབས་ཞུ་བ་ནི་དེང་སང་ཕྱག་དབང་ལེན་པའི་སྲོལ་འདི་ཡིན་ལ། དེའི་དོན་ནི་བླ་མའི་ཞབས་སྤྱི་བོས་ལེན་པར་མདོ་རྒྱུད་ནས་གསུངས་པའི་དགོངས་དོན་ཡིན་ཏེ། དགོས་པ་བླ་མ་དང་དཀྱིལ་འཁོར་གྱི་དབང་ཕྱུག་དབྱེར་མེད་པའི་སྐུ་ལ་གདན་གསུམ་ཡོངས་རྫོགས་རྩ་གསུམ་རབ་འབྱམས་ཏིལ་གྱི་གོང་བུ་བཞིན་བ་སྤུའི་མཐའ་ཚུན་ཀུན་ལ་ཁྱབ་པར་བཞུགས་པས། ཕྱག་ཞབས་སོགས་སྐུ་ཡི་ཆ་ཤས་གང་ལ་ཡང་རེག་པ་ཙམ་གྱིས་སྔོན་བསགས་ཀྱི་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ལ་བྱང་ཞིང་རིང་པོར་མི་ཐོགས་པར་ཧེ་རུ་ཀའི་གོ་འཕང་ཐོབ་པར་འགྱུར་བའི་ཚུལ། རྒྱུད་ལས། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣམ་པར་དག་པའི་མཚན་ཉིད་ཀུན། །སྒྲུབ་པ་པོ་ཡི་བདེ་བའི་ཆུ། །གཉིས་མིན་གཉིས་སུ་མེད་པ་ཉིད། །གཉིས་མེད་སྦྱོར་བ་ཡིས་རེག་པ། །དག་བྱེད་སྡིག་པ་འཇོམས་བྱེད་པ། །རེག་པ་དང་ནི་སྨྲས་པས་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར་། །སྡིག་པ་ཐམས་ཅད་རྣམ་གྲོལ་ཞིང་། །ལུས་དག་པ་ལས་སྐྱོན་མེད་པ། །མི་མཆོག་ཀུན་ནས་སྦྱང་བྱེད་པ། །སྡིག་པ་ཐམས་ཅད་རྣམ་དག་པའི། །དེ་བཞིན་གཤེགས་པའི་ས་ཐོབ་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་བཞིན་གཤེགས་པའི་རིགས་སྐྱེ་ཞིང་། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །ཞེས་གསུངས་པའི་དོན་གྱིས་ཏེ། འདི་ལ་ཞུ་བ་པོ་རང་གི་དད་མོས་གཙོ་ཆེ་བར་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་བཞེད་དོ། །གཞན་ཡང་། རང་ཉིད་ཉལ་བའི་སྔས་ཀྱང་བླ་མ་བཞུགས་པའི་ཕྱོགས་སུ་སྟོན་པ་དང་། བཟའ་བཏུང་ཅི་ཟ་བ་ན་བླ་མ་དྲན་པས་ཕུད་འབུལ་བ་དང་། བྱ་བ་གང་བྱེད་ཀྱང་བླ་མས་གསུང་འབྱོན་པ་ཡིན་ནོ་སྙམ་ནས་ཤེས་བཞིན་གྱིས་དོན་སྒྲུབ་པ་ལ་འབད་པར་བྱའོ། །མདོར་ན་དུས་རྟག་ཏུ་བླ་མ་ལ་གདུང་བའི་སྲི་ཞུས་གནས་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། ཡང་ཚོང་དཔོན་གྱི་བུ་ནོར་བཟང་བྱང་ཆུབ་ཆེན་པོར་མོས་ཤིང་བརྩོན་འགྲུས་བརྩམས་པས། དགེ་བའི་བཤེས་གཉེན་འཕགས་པ་འཇམ་དཔལ་གྱི་ཕྱི་བཞིན་དུ་འབྲངས་ནས་བསྟོད་པ་བྱས་པ་ན། འཇམ་དཔལ་གྱིས་བཀའ་སྩལ་པ། བླ་མ་དང་འགྲོགས་ཤིང་རིམ་གྲོ་བྱེད་པ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་ཡིན་གྱིས། དེ་བསྟེན་ཅིང་འགྲོགས་པས་མི་སྐྱོ་བར་བྱའོ། །ཞེས་སོ། །ངག་གི་སྒོ་ནས་ཀྱང་གུས་པའི་ཡིད་ཀྱིས་ཀུན་ནས་བསླངས་ཏེ། བླ་མ་ལ་བསྟོད་པ་དང་། སྐྱབས་སུ་འགྲོ་བ་དང་། བླ་མ་དང་འབྲེལ་བ་ཐམས་ཅད་ལ་ཞེ་ས ས་ཟིན་པར་བྱས་ལ། དངོས་སམ་ལྐོག་ནའང་བླ་མ་དམ་པའི་གསུང་གི་གཅེས་པ་ལ་སོགས་བརྗོད་ཅིང་། གསུང་སྒྲོས་དོན་དང་ལྡན་བཟུང་ནས་མ་བརྗེད་པར་གཞན་ལ་སྒྲོགས་པ་དང་། གལ་ཏེ་གསུང་སྒྲོས་ཅུང་ཟད་ཉམས་པ་སྲིད་ན། བདག་གིས་འདིའི་དགོངས་པ་ཇི་བཞིན་པ་མ་ལོན་ཏེ། སྒྲ་ཇི་ལྟ་བ་འདི་ནི་འགལ་བ་ལྟར་སྣང་བ་རང་གི་བློའི་སྐྱོན་ཡིན་སྙམ་དུ་བསམ་ལ། བླ་མའི་ཆོས་ཀྱི་སྒྲོས་སམ། འཇིག་རྟེན་གྱི་སྒྲོས་ནོར་བ་ལྟ་བུའང་རང་གིས་མ་རྟོགས་པ་ཉིད་དུ་སེམས་པར་བྱའོ། །གཞན་གྱིས་འདྲི་ནའང་དགོངས་པ་ཅན་དེ་ནི་བདག་གིས་ཁོང་དུ་མ་ཆུད་ཅེས་ལན་གདབ་བོ། །བླ་མའི་དེ་མ་ཡིན་ཞེས་བརྗོད་པའམ་བསམ་པ་སྐད་ཅིག་ཀྱང་མི་བྱ་སྟེ། སངས་རྒྱས་ཀྱི་གསུང་ལ་སྐུར་བ་བཏབ་པས་ཀྱང་སྡིག་ཆེའོ། །དེས་ན་བླ་མས་ཅི་གསུངས་པ་དེ་སྒྲུབས་ལ། བྱ་བ་གང་ཞིག་ཉེས་པར་མངོན་ནའང་། དང་པོ་གསུང་སྣ་ཁྲིད་ལ། མགོ་བརྩམས་པའི་འོག་ཏུ་ཁེ་ཉེན་དང་ལེགས་ཉེས་བརྗོད་པས་ཐུགས་དགོངས་རྟོགས་པར་ངེས་སོ། །ཅི་གསུང་བདག་ལ་ལེགས་སོ་སྙམ་དུ་ཡོན་ཏན་ནས་བསམ་ཞིང་རྗེས་སུ་ཡི་རང་བས་མངོན་པར་བསྟོད་དོ། །རྒྱུས་མེད་པའམ་ཡོད་ཀྱང་རྒྱུས་ཆུང་བ་དག་དང་། ཡུལ་གཞན་དུ་སོང་དུས་རང་གི་བླ་མའི་ཡོན་ཏན་ངེས་པ་རྣམས་བརྗོད་ཅིང་། ཐུན་བཞི འམ་རྟག་ཏུ་བླ་མ་དྲན་ལ་གསོལ་བ་འདེབས་པའང་སྐད་སྙན་ཤོས་ཀྱིས་བྱ། གཞན་ཡང་ངག་གིས་བསྟོད་པ་དང་། ཚིག་སྙན་པ་དང་། འཇམ་པ་དང་། གདོང་མི་ཟློག་པ་དང་། གསོང་པོར་སྨྲ་བ་དང་། གཞན་དག་ཏུའང་ཡོན་ཏན་བརྗོད་པ་དང་། ཅི་གསུང་ལ་གུས་པས་སྒྲུབ་པའི་ལན་སྙན་པོ་འབུལ་བ་དང་། ཁ་གླལ་བ་དང་། སྦྲིད་པ་བྱུང་བའི་ཚེ་ཁ་དགབ་པ་དང་། གང་ཅི་བྱེད་ཀྱང་གསུང་གི་གནང་བ་ཞུ་བ་དང་། དགེ་བ་ལ་སྦྱོར་བའི་ཐོག་མར་བླ་མ་དྲན་པས་བསྟོད་པ་དང་། གསོལ་བ་གདབ་པར་བྱ་སྟེ། དཀོན་མཆོག་སྤྲིན་ལས། རིམ་གྲོར་བྱས་ཏེ་སྟན་ལ་སྡོད་དོ། །བསྔགས་པ་བརྗོད་དོ། །ལེགས་སོ་འབུལ་ལོ་ཞེས་སོགས་གསུངས་པ་བཞིན་ནོ། །ཡིད་ཀྱི་སྒོ་ནས་ཀྱང་མཆོག་ཏུ་དད་པའི་ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་པར་བྱས་ལ། འཕྲད་པར་དཀའ་བའི་བློས་དད་གུས་བསྐྱེད་ལ་བསྟེན་པར་བྱའོ། །དེ་ཡང་དཀོན་མཆོག་བཞི་པར་བལྟ་བས་སངས་རྒྱས་དང་མཉམ་པའམ། ལྷག་པར་མོས་པས། མཚན་ཐོས་པ་དང་། ཞལ་མཐོང་བ་དང་། སྨོན་ལམ་གྱིས་མཇལ་བ་དང་། བཙལ་བས་རྙེད་པ་དང་། གསུང་ཐོས་པ་དང་། སྤྱི་བོར་ཕྱག་གིས་རེག་པ་ཙམ་ལའང་དགའ་བ་ཆེན་པོ་བསྐྱེད་དེ། བདག་ལྟ་བུས་དགེ་བའི་བཤེས་གཉེན་དམ་པ་འདི་ལྟ་བུ་ལ་དངོས་སུ་འཕྲད་པ་རེ་དགའ་སྙམ་དུ་རྙེད་པར་དཀའ་བའི་བློས་བསམས་ལ། ཐབས་སྣ་ཚོགས་པས་མཉེས་པ་བསྒྲུབ་ཅིང་དམ་པ་དེ་ཉིད་འཇིག་རྟེན་དུ་འབྱུང་དཀའ་ལ། བདག་དང་འཕྲད་པའང་རྙེད་དཀའ་ཞིང་། ནམ་འབྲལ་མི་ཤེས་པའི་བློས་བསྟེན་ཞིང་། བླ་མ་དེས་རྗེས་སུ་གཟུང་བའིའགྲོ་བ་ཐམས་ཅད་ལའང་གུས་པས་སྲི་ཞུ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བ་སོགས་ཀྱི་མོས་གུས་དང་དག་སྣང་བྱའོ། །དེས་ནི་འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འགྲུབ་པ་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན་ལས། ས་ཕྱོགས་གང་ན་ཆོས་སྨྲ་བ་གནས་པ་དེ་ལ་མཆོད་རྟེན་གྱི་འདུ་ཤེས་དང་། ཆོས་སྨྲ་བ་ལ་བླ་མ་དང་། དགེ་བའི་བཤེས་གཉེན་དང་། སྟོན་པའི་འདུ་ཤེས་བསྐྱེད་དེ་མཐོང་ན་དགའ་བ་དང་། རངས་པ་བསྐྱེད་དོ། །ཞེས་སོགས་དང་། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་དང་། དགོངས་འདུས་ལས། དོན་དང་ལྡན་པའི་བླ་མ་ལ། །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་དང་། །རྒྱལ་སྲས་ལྷ་དང་མི་དག་དང་། །དེ་བཞིན་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལོག་ལྟ་ཅན་དག་གི། །རིག་པ་འཛིན་པ་ཀུན་འདུས་ནས། །མེ་ཏོག་གཏོར་ཞིང་བསྟོད་པས་འདུད། །དཔེར་ན་མ་ཡིས་བུ་བསྐྱེད་ལྟར། །རྒྱལ་བ་སྲས་དང་རིག་འཛིན་རྣམས། །དམ་པ་ལས་བྱུང་ཤེས་པར་གྱིས། །ཞེས་སོ། །རབ་བཀའ་བཞིན་རྗེས་སུ་སྒྲུབ་པའི་མཆོད་པ་ནི། མཆོད་པ་རྣམས་ཀྱི་ནང་ནས་མཆོག་ཡིན་ལ། སངས་རྒྱས་ནས་རིམ་པར་བྱོན་པའི་བླ་མ་རྣམས་ཀྱིས་ཆོས་སྟོན་ཞིང་འཇིག་རྟེན་དུ་བྱོན་པའི་དགོས་པའང་དེ་ཡིན་པས། ཇི་སྐད་ཐོས་པ་རྣམས་ལེགས་པར་བླང་དོར་གྱི་དམིགས་ཕྱེད་པས་བསྒྲུབ་པར་བྱའོ། །ཐོས་པ་དེ་ཡང་རྐྱེན་བླ་མ་དམ་པ་ལ་རག་ལས་པས། དམ་པ་མང་དུ་བསྟེན་ཞིང་ཐོས་པ་ཕྱོགས་མེད་དུ་བཙལ་ནས་སྒྲུབས་ལ། དེ་ཡང་བསམ་པས་ཕྱིན་ཅི་མ་ལོག་པར་ཤེས་ནས་བསྒྲུབ་ཅིང་། ཤེས་ལོ་ཙམ་དུ་མ་བཞག་པར་དོན་ཉམས་སུ་བླངས་ལ་བསྒྲུབ་བོོ། །ཉམས་སུ་ལེན་པ་ཡང་གཟུགས་བརྙན་ཙམ་དུ་མ་སོང་བར་ཆོས་དང་རང་རྒྱུད་བསྲེས་ལ་བསྒྲུབ་ཅིང་། དེ་ཡང་ཐབས་ཤེས་རབ་ཟུང་དུ་འཇུག་པས་ཡིད་སྨོན་ལ་མ་ལུས་པར་བརྩོན་པས་བསྒྲུབ་བོ། །དེ་ལྟར་བསྒྲུབས་པས་བླ་མ་དང་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མཉེས་པའི་མཆོད་པར་འགྱུར་ཏེ། སྐྱེས་བུ་དམ་པའི་སྤྱོད་པ་ཡིན་པའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཞེས་དང་། ཡུམ་བར་མ་ལས། གང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གདམས་པ་དེ་བསྒྲུབ་པར་བརྩོན་པ་ལ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་དང་། དགོངས་འདུས་ལས། སྔོན་གྱི་དམ་པ་བདེ་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་དགོན་པའི་མཐར་གཤེགས་ཏེ། །སྒྲུབ་པས་མང་དག་ཐར་པ་བརྙེས། །དེ་བས་དེ་ལྟར་རྗེས་སློབ་ན། །རྒྱལ་བའི་རྣམ་གྲོལ་གདུང་འཚོབ་བོ། །དེ་བས་དམ་པ་དྲིན་ཆེན་ལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་སོ། །མདོར་ན་བླ་མ་དམ་པ་དེ་ནི་སྡེ་སྣོད་དང་རྒྱུད་སྡེ་ཀུན་ནས་སངས་རྒྱས་ཀྱི་སྤྲུལ་པར་གསུངས་པའི་ཕྱིར་དེའི་རྣམ་པར་ཐར་པ་བཞིན་བསྒྲུབས་པས་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་བསླབ་པར་འགྱུར་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཡོན་ཏན་སངས་རྒྱས་དང་མཉམ་པར་བལྟས་ལ། བདག་གིས་ཀྱང་དེ་ཁོ་ན་ཉིད་འདྲ་བ་ཞིག་བྱའོ་སྙམ་དུ་སེམས་པས་བླ་མའི་མཛད་སྤྱོད་ལ་སློབ་ཅིང་། ཐོས་པ་དང་བསམ་པ་དང་། སྒོམ་པས་དུས་འདའ་བར་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་ཉིད་དེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཀོན་མཆོག་བསམ་པའི་ཡུལ། །བླ་མ་མི་སྤང་བླ་མ་བཀུར། །མོས་དང་བསམ་པའི་བྱེ་བྲག་གིས། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟའོ། །དེ་ལས་བྱུང་བའི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་བཟའ་བར་བྱ། །དེ་ཡིས་དཔལ་ལྡན་རྫོགས་སངས་རྒྱས། །དངོས་གྲུབ་ཀུན་གྱི་ལས་ཀྱི་མཐའ། །བླ་མ་མཉེས་པ་ཉིད་ལས་འབྱུང་། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །ཞེས་གསུངས། གཞན་ཡང་གསང་འདུས་ལས། རིགས་ངན་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང་། །རྡོ་རྗེའི་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །ཞེས་གསུངས་ཤིང་། འདིའི་ཐད་ཀྱི་འགྲེལ་པ་སྒྲོན་གསལ་དུ། རང་གི་བླ་མ་ལ་སྙིང་ཐག་པ་ནས་སྨོད་མཁན་དེ་དང་། རང་ཡང་སྙིང་ཉེ་བར་བྱས་ན། སློབ་དཔོན་ལ་རང་གིས་དངོས་སུ་མ་སྨད་ཀྱང་། སློབ་དཔོན་སྨད་པ་དང་ཁྱད་མེད་པར་བཤད་པས། འགའ་ཞིག་གིས་རང་གི་བླ་མ་ལ་ངན་དུ་སྒྲོགས་ན། ཐབས་ཞི་དྲག་གང་རུང་གིས་དེ་ལས་ཟློག་ཐུབ་ན་བཟློག དེའི་ནུས་པ་མེད་ན་བླ་མའི་ཡོན་ཏན་བསམ་ཞིང་རང་གི་རྣ་བ་མཛུབ་མོས་བཀག་ནས། མི་དེ་ལ་བསྟེེན་འདྲིས དང་བག་ཕེབས་པར་མི་བྱ། བྱས་ན་ཉེས་པ་ཤིན་ཏུ་ལྕི་སྟེ། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་ཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་དྲན་པས་དགབ་པར་བྱ། །བརྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲེས་གྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། །མདོ་རྒྱུད་ནས་བཤེས་གཉེན་བརྟག་ཚུལ་ཇི་སྙེད་གསུངས་པ་སྔར་མ་བརྟེན་པའི་སྐབས་ཡིན་གྱི། བརྟེན་ཟིན་ནས་གང་ལྟར་ཡང་ཅི་མཛད་ལེགས་མཐོང་གིས་མོས་གུས་ཀྱིས་བསྟེན་པར་བྱ་དགོས་ཏེ། དགོངས་འདུས་ལས། དམ་པར་བཟུང་བར་གྱུར་ཕན་ཆད། །དམ་པར་ངེས་དང་མ་ངེས་ཀྱང་། །བཀའ་བཅག་ལུང་བོར་ག་ལ་སྲིད། །གལ་ཏེ་དེ་ཡི་རྒྱ་ཉམས་ན། །རྡོ་རྗེའི་དམྱལ་བར་རབ་ཏུ་འཚེད། །ཅེས་སོ། །སྤྱིར་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་གྲུབ་པའི་རིག་པ་འཛིན་པ་ཆེན་པོ་རྣམས་ནི་ཐབས་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་དང་། སྤོབས་པ་བསམ་གྱིས་མི་ཁྱབ་པ་གང་དང་གང་གིས་འདུལ་བ་ལ་དེ་དང་དེ་ལྟ་བུའི་ཚུལ་དང་མཐུན་པར་སྟོན་པས་ཚུར་མཐོང་གིས་བློས་བསམ་པར་བྱ་བ་མ་ཡིན་པའི་ཕྱིར། སྐྱོན་ལྟར་སྣང་ཡང་དེ་ལྟར་མ་ངེས་ཏེ། ཕལ་པོ་ཆེ་ལས། དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན། །དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ། །དེ་དག་སྙན་ངག་མཁན་རྒྱལ་སྙན་ངག་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང་། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། འཕགས་པ་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ་ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་ལམ་རིམ་ལས། རེས་འགའ་ཞི་ལ་རེས་འགའ་དྲག །གཡེམ་ལ་གཡེམ་སྟོན་སྡང་ལ་སྡང་། །དྲེགས་ལ་རི་དང་མུན་ལ་མུན། །རླུང་ལའང་དེ་བཞིན་མཐུན་མི་མཐུན། །རྒྱ་མཚོ་ལྟ་བུ་ཐབས་སྤྱོད་དང་། །ཕྲིན་ལས་དེ་བཞིན་པ་ཡིས་དགྲོལ། །ཞེས་གསུངས། དེའི་ཕྱིར་རིག་འཛིན་འཇིགས་མེད་གླིང་པས་ཡོན་ཏན་རིན་པོ་ཆེའི་མཛོད་ལས། མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །རང་གི་ཉེར་ལེན་དབང་དུ་མ་གྱུར་པར། །འཁྲུལ་པ་བརྟག་པའི་ཉེས་པ་ཚད་མེད་དོ། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་ལ་རང་གིས་རང་ཉིད་འཆོས། །ཞེས་གསུངས་པ་ལྟར་ནམ་ཡང་འཁྲུལ་པ་མི་བརྟག་པར་ཡོན་ཏན་འབའ་ཞིག་ཏུ་བསམས་ནས་སྟོན་པ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་དགོས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ན་དགེ་བའི་ཆོས་འཕེལ་བ་དང་། སྡིག་པ་འགྲིབ་བོ་སྙམ་སྟེ་མཁན་པོ་ཐོས་པ་མང་ཡང་རུང་། ཉུང་ཡང་རུང་། ཤེས་སམ་མི་ཤེས་ཀྱང་རུང་ཚུལ་ཁྲིམས་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཞེས་གསུངས། དེའི་ཕྱིར་སྔོན་གྱི་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཁ་ཅིག་གི་གསུངས་ལས། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་བཤན་པ་མཛད་ན་ཡང་། །དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང་། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང་། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །རྫུན་གྱི་གཞན་མགོ་བསྐོར་བ་ན། །བརྡ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང་། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོ་ཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུངས་བཏགས་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུངས་པ་ལྟ་བུའི་དད་གུས་བསྐྱེད་དགོས་ཤིང་། ཚུལ་དེ་ལྟ་བུ་དང་ལྡན་ན་འཁོར་བ་ལས་མི་གྲོལ་མི་སྲིད་དེ། རིག་འཛིན་འཇིགས་མེད་གླིང་པས། འདི་ལྟར་ཟབ་མོའི་མདོ་སྡེ་དང་། རྒྱུད་སྡེ་རྣམས་ནས་བླ་མ་དང་སློབ་མའི་མཚན་ཉིད་དང་། ཉམས་ལེན་གྱི་གནད་གསང་ཆེན་པོ་མང་དུ་བསྟན་ཀྱང་། འགག་གཅིག་ཏུ་དྲིལ་ན་མཐོང་ཆོས་སུ་གྱུར་པའི་གཏན་ཚིགས་འདི་ཡིན་ཏེ། ངེས་པར་འཁོར་བ་ལས་འཕགས་པའི་བླ་མ་རྟོགས་པས་བདག་རྒྱུད་གྲོལ་ཞིང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞིག་ལ། སློབ་མ་དད་པའི་གོ་ཆ་ཆེ་བ་ཀླུའི་བྱང་ཆུབ་ལྟ་བུ། རྐྱེན་གྱིས་བསྐྱུར་བར་དགའ་བས་བློ་བརྟན་ཅིང་ལུས་དང་སྲོག་ལ་མི་བལྟ་བར་ཞབས་ཏོག་བྱེད་པ་དཔལ་གྱི་ཡེ་ཤེས་ལྟ་བུ། རང་དོན་ཡལ་བར་དོར་ནས་ཅི་གསུང་གི་བཀའ་བསྒྲུབ་པའི་མོས་གུས་ཅན་གཅིག་གིས་གསོལ་བ་སྙིང་ནས་བཏབ་ཅིང་ཐུགས་དགོངས་གཅིག་ཏུ་འདྲེས་ན་མི་གྲོལ་མི་སྲིད་པ་ཡིན་ཏེ། ཅིའི་ཕྱིར་ན། བྱིན་རླབས་དང་དངོས་གྲུབ་ཀྱི་ཉེ་བར་ལེན་པ་ནི་བསྒོམ་སྲན་ན་མི་འདུག་གི་མོས་གུས་རྣམ་པར་དག་པའོ། །མན་ངག་ཏུ་མི་འདུག་གིས་དད་པ་ལ་འདུག་གོ །འདི་ལྟར་སློབ་དཔོན་འཕགས་པས་ངར་སྣབས་དོར་བ་ཀླུའི་བྱང་ཆུབ་ཀྱིས་ཙན་གྱིས་བླངས་ནས་ཁར་བཅུག་པས་དེ་ཉིད་དུ་ས་དང་པོའི་བདེན་པ་མཐོང་། དཔལ་གྱི་ཡེ་ཤེས་ཀྱིས་བཙོན་སྲུང་བ་གཉིས་བཀུམ་ནས་སློབ་དཔོན་གཉགས་བཙོན་དོང་ནས་སྤྱན་དྲངས་ནས་དེ་མ་ཐག་ཏུ་དངོས་གྲུབ་ཐོབ། ཁོ་བོས་རྒྱལ་བ་མཉེས་པའི་གསུང་རབ་མཐོང་བ་ལ་བརྟེན་ནས་སྔོན་ཆད་ཟབ་པ་དང་རྒྱ་ཆེ་བའི་ལམ་གང་དང་ཡང་མ་ཕྲད་པར་རིག་ཅིང་མོས་གུས་བསམ་གྱིས་མི་ཁྱབ་པ་སྐྱེས་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་དངོས་སུ་བསྟན་ནས་རྗེས་སུ་བཟུང་། སླར་ཡང་སྲོག་འདོར་ཕོད་པ་ཙམ་གྱི་མོས་གུས་ཆེན་པོ་སྐྱེས་པ་ལ་བརྟེན་ནས་སེམས་ཟག་པ་རྣམས་ལས་བཙན་ཐབས་སུ་གྲོལ། དུས་ད་ཕན་ཆད་ཉན་པ་པོ་བརྒྱ་ཕྲག་ཐར་པ་ལ་ཁྲིད་ལུང་བསྟན་པ་ཡིན་ཏེ། བསྒོམ་སྲན་ཅན་འཇིག་རྟེན་པའི་བསམ་གཏན་ལས་ནི་མི་འཕར། ཤེས་རབ་ཅན་གྱིས་དང་པོ་ངོ་བོ་ཉིད་མེད་པའི་དོན་མཐོང་ཀྱང་མོས་གུས་ཡལ་འཕྲལ་ལ་རྟོགས་པ་ཟབ་མོ་དང་འབྲེལ་ཆད། གནས་ལུགས་ཀྱི་སྐྱེ་ཚུལ་མོས་གུས་ཀྱི་སྲང་ལ་ཐེག་པ་ཤ་སྟག་ཏུ་སྣང་ངོ་། །ཞེས་གསུངས། རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན། མདོ་དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། དམ་པར་གྱུར་པའི་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་ས་གཤིན་པོ་ལ། །ས་བོན་བཏབ་ནས་འཕེལ་རྒྱས་བཞིན། །ཞེས་གསུངས་པཡིན་ནོ། །གཉིས་པ་རྣལ་འབྱོར་ཟབ་མོ་དངོས་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ནི། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་ལག་པའི་མཐིལ། །སྙིང་གི་དཀྱིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། ཚིགས་གསུམ་པའི་རྒྱུད་ལས། གང་ཞིག་རྡོ་རྗེ་སློབ་དཔོན་ནི། །བཀུར་ཞིང་སྤྱི་བོར་སུས་བསྒོམས་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབས། །ཞེས་སོགས་གསང་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་པ་བཞིན། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་ཁུངས་གཅིག་པུར་གྱུར་པ་ནི་ལམ་ཟབ་མོ་བླ་མ་སྒྲུབ་པ་ཉིད་ཡིན་ཏེ། དེའི་རྒྱུ་མཚན་ཡང་། ཐོག་མར་སྔགས་ལ་ཞུགས་པའི་ཚེ་འཇུག་སྒོ་དབང་གི་སྐབས་སུའང་། དབང་བསྐུར་བ་པོ་དཀྱིལ་འཁོར་གྱི་བདག་པོ་ཉིད་ནི་རྡོ་རྗེ་སློབ་དཔོན་ཡིན་ལ། གདན་གསུམ་ཚང་བའི་དཀྱིལ་འཁོར་དབང་གི་ལྷ་རྣམས་ཀྱང་དེའི་ཏིང་ངེ་འཛིན་གྱི་སྤྲུལ་པ་ཡིན་པའི་ཕྱིར། དེ་ལྟར་མ་ཤེས་པར་བླ་མ་ལས་ཡི་དམ་གཙོ་བོར་བཟུང་བས་དངོས་གྲུབ་ཀྱི་སྐལ་བ་ཆད་པའི་ལོ་རྒྱུས་ཀྱང་མང་དུ་བྱུང་བ་དེ་ཡིན། བར་དུ་དངོས་གཞིའི་ལམ་གྱི་ཉམས་ལེན་བསྐྱེད་བཟླས་རྫོགས་གསུམ་གང་བསྒོམས་ཀྱང་། རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་འབའ་ཞིག་ལས་གཞན་དུ་གྱུར་པ་ཅུང་ཟད་མེད་ལ། ཁྱད་པར་རྫོགས་པའི་རིམ་པ་མཐར་ཐུག་པ་ནི། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣལ་འབྱོར་དུ་བྱེད་པ་སྟེ། དེ་ནི་རྟོགས་པ་དང་ལྡན་པའི་བླ་མའི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས་བླ་མ་དང་ཐུགས་ཡིད་འདྲེས་པ་ལས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་བ་ཡིན། གཞན་ཡང་ལྷ་གྲུབ་ནས་འདི་ཕྱི་ཡི་བར་དོར་ཞལ་མཇལ་བ་དང་གསུང་ཐོས་པ་སོགས་ཀྱང་བླ་མའི་ཐུགས་རྗེ་དང་རང་གི་དད་མོས་ཀྱི་རྒྱུ་ལས་དེ་དང་དེར་སྣང་བ་ཙམ་ལས་གཞན་དུ་རང་མཚན་པར་གྲུབ་པ་རྡུལ་ཙམ་ཡང་མེད། དེ་ལྟར་མ་ཤེས་པར། དབང་དང་མན་ངག་ངོ་སྤྲོད་སོགས་ཐབས་ཙམ་ཞིག་བླ་མ་ལས་ནོས་ནས། བྱིན་རླབས་དང་དངོས་གྲུབ་སོགས་དངོས་ནི་བླ་མ་ལས་ལྷག་པའི་ཡི་དམ་མམ་མཁའ་འགྲོ་སོགས་གཞན་ཞིག་ལས་ལེན་པར་སེམས་པ་ནི་དངོས་གྲུབ་སྒྲུབ་པའི་གེགས་ཆེ་ཤོས་ཡིན་པར་གསར་རྙིང་གི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་ཡང་ཡང་གསུངས་པ་ཡིན་ལ། ཧེ་བཛྲ་ལས་ཀྱང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དོ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་དུ་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་དང་། དཔལ་ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་དང་འདྲ། །ཞེས་དང་། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་སྒྲོལ་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང་། ལམ་ཟབ་ལས། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་དང་། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །མོས་གུས་བླ་མ་མཉེས་ལས་བྱུང་། །དེས་ནི་ཉོན་མོངས་ཉེ་ཉོན་མོངས། །ཉེས་པ་ཐམས་ཅད་ཟད་པར་འགྱུར། །ཞེས་དང་། ལྕེ་བཙུན་ཆེན་པོའི་མགུར་ལས། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་སོ། །སྒྲུབ་ཚུལ་ཡང་། སྤྱིར་ལམ་གྱི་ཐོག་མར་སྐྱབས་སུ་འགྲོ་བའི་ཚེ་ཚོགས་ཞིང་དུ་གསལ་བ་སོགས་ཕྱི་ལྟར་སྒྲུབ་པ་དང་། རྒྱུད་དག་པར་བྱ་བའི་སླད་དུ་སྤྱི་བོར་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་བསྒོམ་པ་ནང་ལྟར་སྒྲུབ་པ་དང་། བྱིན་རླབས་ཅིག་ཆར་དུ་འཇུག་པའི་ཕྱིར་སྙིང་དབུས་སུ་བསྒོམ་པ་སོགས་གསང་བ་ལྟར་སྒྲུབ་པ་དང་། རང་ལུས་སུ་བསྒོམ་པའམ་དེ་བཞིན་བསྐྱེད་རིམ་བསྒོམ་པའི་ཚེའང་བླ་མ་ཡི་དམ་གྱི་རྣམ་པར་བཞེངས་པ་ཡང་གསང་ལྟར་སྒྲུབ་པ་ཞེས་རིག་འཛིན་འཇིགས་མེད་གླིང་པས་བཞེད་པ་དང་། མཐར་ཐུག་བླ་མ་དང་རང་སེམས་དབྱེར་མེད་དུ་རྟོགས་ནས་བསྒྲུབ་བྱ་སྒྲུབ་བྱེད་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་སོགས་སྒྲུབ་ཚུལ་གྱི་དབྱེ་བ་མང་ཞིང་། བླ་མའི་རྣལ་འབྱོར་གྱི་སྐབས་འདིར་ཡང་། རྩ་བརྒྱུད་ཀྱི་བླ་མ་ཐོ་བརྩེགས་སུ་བསྒོམ་པ། ཁྲོམ་འ ཚོགས་སུ་བསྒོམ་པ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་སོགས་མང་དུ་ཡོད་པ། རང་རང་གི་ཁྲིད་གཞུང་ལྟར་འཆད་པར་བྱ་བ་ཡིན་ལ། འདིར་རྡོར་སེམས་རྩ་ཁྲིད་ཀྱི་དགོངས་པ་ལྟར་ན། རྟེན་བསྐྱེད་པ། ཡན་ལག་བདུན་པ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ། ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པ་དང་ལྔ་ལས། དང་པོ་ནི། རྩ་བའི་ཁྲིད་ཡིག་ལས། མདུན་མཁར་གང་ལ་གསོལ་བ་གདབ་བྱའི་ཡུལ་སྔར་གྱི་སྐྱབས་ཡུལ་བཞིན་དུ་གསལ་བཏབ། ཅེས་གསུངས་པས། ཤར་སྒོ་ཙམ་དུ་སྔར་གྱི་སྐྱབས་ཡུལ་ཉིད་མ་བསྡུས་པར་ཡོད་ན་དེ་ག་ལ་དམིགས་པ་གསལ་འདོན་ཙམ་བྱ། དེ་ལྟ་མིན་ན་གོང་དུ་སྐྱབས་འགྲོའི་སྐབས་སུ་བཤད་པ་ཉིད་འདིར་ཡང་བསྒོམ་པར་བྱ་བ་ཡིན་པས་དེ་ལྟར་ལེགས་པར་གསལ་གདབ། དེ་ཐམས་ཅད་ཀྱང་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པར་ཤར་བས། རང་གཞན་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་པའི་ཚུལ་དུ་གཟིགས་ཤིང་བྱིན་འཐིབས་སེ་སད་པར་བསྒོམ་པ་སྟེ། དེ་ཡང་རང་གི་རྩ་བའི་བླ་མ་ཉིད་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ། དཀོན་མཆོག་ཀུན་འདུས། སྐུ་བླ་མ། ཐུགས་ཡི་དམ། ཡོན་ཏན་ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་སྟེ་རྩ་གསུམ་ཀུན་འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་དབྱེར་མེད་ངོ་བོ་ཉིད་སྐུ་སྟེ། སྐུ་བཞི་དབྱེར་མེད་ཀྱི་ངོ་བོར་ཤེས་པར་བྱ་སྟེ། གསང་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྐུ་ཉིད་ལ། །བདེ་གཤེགས་རྒྱལ་བའི་སྐུ་རྣམས་རྫོགས། །བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཀུན་གྱི་རྒྱལ་པོ་བླ་མ་ཡིན། །ཞེས་དང་། དུས་འཁོར་འགྲེལ་ཆེན་དྲི་མེ་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློན་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་ཏུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་དང་། གསང་སྙིང་ལས་ཀྱང་། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །ཞེས་སོགས་བླ་མ་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་དབང་ཕྱུག་གི་སྒྲས་བསྟན་པ་དང་། དེ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོ་ཧེ་རུ་ཀའི་སྒྲ་བསྡུས་ཏེ་སྔ་འགྱུར་གྱི་གཞུང་རྙིང་པ་རྣམས་སུ་བླ་མ་ལ་རུ་ཞེས་གསུངས་པའི་དོན་ཡང་དེ་ཡིན་ལ། ཁ་ཅིག་གིས་གུ་རུའི་སྒྲ་བསྡུས་པ་ལ་བཞེད་པའང་ཡོད་དོ། །མཐུ་སྟོབས་དབང་ཕྱུག་བིརྦ་པས་ཀྱང་། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སང ས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་དང་། འབྲི་གུང་སྐྱོབ་པ་རིན་པོ་ཆེས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། བཅོམ་ལྡན་འདས་ཀྱིས་ཀྱང་། ཤཱ་རིའི་བུ། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ནི། ཐར་པ་ཆེན་པོར། པདྨ་ཁ་འབུས་བྱེ་འདྲ་བར། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་གསུངས་པ་དང་ཚུལ་མཐུན་པར་ཀུན་མཁྱེན་བླ་མས་ཀྱང་། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་གསུངས་པས་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་དབྱངས་དང་བཅས། མེ་ཏོག་པདྨ་དཀར་པོ་གསར་དུ་ཁ་འབུས་པ་དང་འདྲ་བར་ལག་གཉིས་ཐལ་མོ་སྦྱར་ཏེ། དེ་ཡང་སྤྱི་བོར་སྦྱར་བས་ལུས་སྒྲིབ་དག མགྲིན་པར་སྦྱར་བས་ངག་སྒྲིབ་དག སྙིང་གར་སྦྱར་བས་ཡིད་སྒྲིབ་དག དེ་ནས་ལུས་ཀྱི་མལ་ལྔ་ས་ལ་ཕབ་པ་ཞེས། དཔྲལ་བ་དང་གཅིག ལག་པའི་མཐིལ་གཉིས། པུས་མོ་གཉིས་དང་བཅས་ལྔ་པོ་ས་ལ་ཕབ་སྟེ་ཕྱག་བྱས་པས། རང་རྒྱུད་ཀྱི་ཉོན་མོངས་པ་དུག་ལྔའི་སྒྲིབ་པ་དགཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དང་བྱིན་རླབས་ཐོབ་པ་དང་། མཐར་ཐུག་སངས་རྒྱས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པར་བྱེད་པའི་ཕན་ཡོན་དང་དགོས་པ་ཡོད་པ་ཡིན། སྔོན་འགྲོ་གཞན་རྣམས་འབུམ་ཐེར་སོགས་གྲངས་བསགས་ན་ཕྱག་ཀྱང་དེའི་གྲངས་ངེས་པར་བསགས་དགོས་པས། དེང་སང་གི་ཕྱག་ལེན་ཁ་ཅིག་ཏུ་སྐྱབས་འགྲོའི་སྐབས་སུ་དེའི་འདོན་ཚིག་དང་སྦྲགས་པའི་ལུགས་ཀྱང་སྣང་བ་དོན་ལ་མི་འགལ་མོད། གཙོ་བོར་གཞུང་གི་དངོས་བསྟན་ནི་འདིའི་སྐབས་སུ་ཡིན་པས་འགྲུབ་ན་འདིར་ལེགས་པ་ཡིན་ནོ། །དེ་ལྟར་འཚལ་བའི་ཕན་ཡོན་ཀྱང་། ངལ་གསོར། ས་འདི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་དུ། །བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། །ལུས་བཏུད་དབང་ཆེན་བར་གྱི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོས་སྒྱུར་འགྲོ་ཞིང་། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་ཐོབ། །ཅེས་གསུངས་ཏེ་གོང་དུ་བསྟན་པ་བཞིན་ནོ། །གཉིས་པ་མཆོད་པ་འབུལ་བ་ནི། དེ་ཉིད་ལས། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་པ་བླ་མེད་རྒྱ་ཆེན་རྣམས་ཀྱིས་མཆོད། །ཅེས་གསུངས་པས། དངོས་སུ་ཅི་འབྱོར་པའི་མཆོད་པ་བཤམས་ཤིང་། ཡིད་ཀྱིས་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་དང་མི་ཡི་མཆོད་རྗས་བདུག་སྤོས་མེ་ཏོག་མར་མེ་ལ་སོགས་པ་དང་། གཞལ་ཡས་ཁང་དང་ཡུལ་འཁོར་སོགས་བཀོད་པ་ཚད་མེད་པ་དང་། འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། རྟ་མཆོག གླང་པོ། དམག་དཔོན་ཏེ་རྒྱལ་སྲིད་བདུན་དང་། གདུགས། གསེར་ཉ། བུམ་པ། པདྨ། དུང་དཀར། དཔལ་བེའུ། རྒྱལ་མཚན། འཁོར་ལོ་སྟེེ་བཀྲ་ཤིས་པའི་རྟགས་བརྒྱད། ཡུངས་ཀར། དཱུརྦ། བིལྦ། ལི་ཁྲི། ཞོ། འགིའུ་ཝཾ། མེ་ལོང་། དུང་གཡས་སུ་འཁྱིལ་བ་སྟེ་བཀྲ་ཤིས་པའི་རྫས་བརྒྱད། ལྷམ། སྟན། བཞོན་པ། མལ་ཆ། ཁྲི། རལ་གྲི། ཀླུའི་པགས་པ་སྟེ་ཉེ་བའི་རིན་ཆེན་བདུན་སོགས་དང་། ལྷ་དང་ལྷ་མོའི་ཁྱད་པར་མང་པོ་གླུ་གར་དང་རོལ་མོའི་སྤྲིན་ཕུང་འཕྲོ་བས་ཞིང་ཁམས་འདི་དང་ཞིང་གཞན་གྱི་བཀོད་པའི་མཆོག་ཐམས་ཅད་དང་། གསང་སྔགས་ནང་གི་དམ་རྫས་མཆོག་གི་མ་ད་ན་དང་རུ་རྡིར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱོང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པར་ཅིར་ཡང་འཆར་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་སྤྲུལ་ནས་འབུལ་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་མཐུ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས། འོད་ཟེར་དེ་རེ་རེའི་རྩེར་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང་། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་དུ་སྤྲོས་ཏེ། དེ་དག་རེ་རེས་ཀྱང་དཔག་ཏུ་མེད་པའི་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་ནི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིིན་ཕུང་ཞེས་བྱའོ། །ཚུལ་དེ་འདྲ་བ་རང་གི་བློས་ཅི་ལྕོགས་སུ་{ལྕོག་ཏུ་}སྤྲུལ་ནས་འབུལ་བའོ། །དེ་ལྟར་མཆོད་པའི་ཕན་ཡོན་ཡང་། དམ་ཆོས་པད་དཀར་ལས། བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུང་བ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་སོགས་ཏེ་ཞིབ་པར་གོང་དུ་བསྟན་པ་བཞིན་ནོ། །གསུམ་པ་སྡིག་པ་བཤགས་པ་ནི། ཚོགས་ཞིང་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་གནོང་ཞིང་འགྱོད་པས། དྲན་པ་དང་མི་དྲན་པའི་སྡིག་པ། ཚེ་རབས་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་ལ་བསགས་པ། ལུང་ངག་ཡིད་གསུམ་གྱི་སྒོ་ནས་ཕ་མ་དང་མཁན་པོ་དང་སློབ་དཔོན་དང་མཆེད་གྲོགས་དང་སྐྱེ་བོ་དམ་པ་གཞན་དག་ལ་མ་གུས་པ་བྱས་པ། སྡིག་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ་། དེ་དང་ཉེ་བ་ལྔ། དཀོན་མཆོག་གི་དཀོར་ལ་འབགས་པ། སེར་སྣ་དང་འཇུར་གེགས་བྱས་པ་ལ་སོགས་པ་དང་། ཁྱད་པར་བླ་མ་རྡོ་རྗེ་འཛིན་པ་ལ་ཐ་མལ་མི་རུ་བཟུང་བའི་དབང་གིས་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་བ་དང་། ཉམས་པ་དང་འདྲེས་ཤིང་ཉམས་པའི་སྐྱོན་ཆགས་པ་ལ་སོགས་པ་མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་སྒོར་གྱུར་པའི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པར་བསམ་ནས་བཤགས་པས། སྐད་ཅིག་དེ་ཉིད་ལ་རྟེན་ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་དཀར་པོ་བྱུང་བ་ཕོག་པའི་རྐྱེན་གྱིས་སངས་ཀྱིས་དག་པར་བསམས་ལ། ཕྱིས་མི་བྱེད་པར་གཉེན་པོས་བསྡོམ་ཞིང་བཤགས་པའི་ཚིག་བརྗོད་པར་བྱ་བའོ། །ཕན་ཡོན་ནི། འབུམ་པ་ལས། གང་ཞིག་དྲན་པའི་མོད་ལས་ནི། །སྡིག་རྣམས་དྲན་ནས་འགྱོད་པ་ཡིས། །བཤགས་པས་ཐསས་ཅད་འཛད་པ་སྟེ། །རྒྱལ་བའི་སྲས་པོ་ཕྱིས་སྡོམས་ཤིག །ཅེས་གསུངས་ཏེ་ཞིབ་པར་གོང་དུ་སྨོས་པ་བཞིན་ནོ། །བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་དགེ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་རླབས་{བརླབ}པོ་ཆེ་སྤྱད་པའི་དགེ་བ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་དང་རྣམ་པར་གྲོལ་བའི་ཕུང་པོ། སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ་བསྐྲུན་པ། རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན་པ། སླད་ཀྱིས་བྱེད་པར་ངེས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་སྙིང་ཐག་པ་ནས་དུང་དུང་བསྒོམ་པ་སྟེ། དེའི་ཕན་ཡོན་ཀྱང་། སྡུད་པ་ལས། སེམས་བསྐྱེད་པ་ལ་བསམ་པ་དག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ནོར་བུ་འཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻཌཱུཪྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་སོགས་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་སེམས་གཅིག་གི་ཟིལ་གྱིས་གནོན། །ཞེས་སོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་གཞན་དོན་རླབས་པོ་ཆེ་ལ་གཤེགས་པ་རྣམས་ལས། ཞུ་བ་པོ་གཞན་ལ་དགོངས་པའམ། འཁོར་གྱི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་ཐུགས་སུན་ནས་ཆོས་མི་གསུང་བར་བཞུགས་པ་རྣམས་ཀྱི་དྲུང་དུ་སྔོན་ཚངས་པ་དང་བརྒྱ་བྱིན་གྱིས་ཞུ་བ་ཕུལ་བ་ལྟར། བདག་ཀྱང་ལུས་བྱེ་བ་མང་པོར་སྤྲུལ་ཏེ་མདུན་ན་མངོན་སུམ་དུ་སྣང་བར་བྱས་ཏེ། དུང་དཀར་པོ་གཡས་སུ་འཁྱིལ་བ་དང་། གསེར་གྱི་འཁོར་ལོ་རྩིབས་སྟོང་པ་སོགས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པས་ཐམས་ཅད་ཀྱང་དགྱེས་པས་ཞལ་གྱིས་བཞེས་ཏེ་གདུལ་བྱའི་བསམ་པ་དང་མཐུན་པར་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་ཀྱི་འཁོར་ལོ་བསྐོར་བར་མོས་པ་སྟེ། ཕན་ཡོན་ཀྱང་ཆོས་སྤངས་པའི་སྒྲིབ་པ་འདག་ཅིང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་བ་སོགས་མཐའ་ཡས་ཏེ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རྒྱལ་བས་དགོངས་པ་མཛད་པ་ལ། །གང་ཞིག་གསོལ་བ་འདེབས་པ་དེ། །དབང་གི་རྒྱལ་པོ་ལྟ་བུ་སྟེ། །བསོད་ནམས་གཞན་དག་འཆིང་བུ་འདྲ། །ཞེས་སོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཞིང་ཁམས་འདི་དག་གཞན་དག་ན་བླ་མ་དང་སངས་རྒྱས་བྱང་སེམས་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་གཟུགས་སྐུ་མྱ་ངན་ལས་འདའ་བར་དགོངས་པ་རྣམས་ཀྱི་མདུན་དུ། སྔོན་དགེ་བསྙེན་ཙུནྡས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ལྟར་བདག་གི་ལུས་མང་པོར་སྤྲུལ་པ་དག་གིས་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་མོས་པ་སྟེ། དེས་ནི་ཚེ་ཐུང་བ་དང་། དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་སྲོག་ལ་འཚེ་བའི་སྡིག་པ་འབྱང་ཞིང་། ཚེ་དཔག་ཏུ་མེད་པ་ཐུབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་འདེབས་པ། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་སོ། །བདུན་པ་བསྔོ་བ་ནི། ཕྱག་འཚལ་བ་ནས་བཟུང་སྟེ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་བར་གྱི། ད་ལྟར་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་བདག་གཞན་སེམས་ཅད་ཐམས་ཅད་ཀྱི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོས་ཡོངས་སུ་བསྔོ་བ་ཇི་ལྟ་བར་དམིགས་པ་མེད་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་དང་བཅས་རྫོགས་པའི་སངས་རྒྱས་ཀྱི་སར་བསྔོ་བ་སྟེ། ཕན་ཡོན་གྱི་ཁྱད་པར་ཡང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་ཏེ་ཞིབ་པར་གོང་དུ་བསྟན་པ་བཞིན་ནོ། །དེ་ལྟར་ངེས་པར་བྱས་ནས་ཚུལ་དེ་ལྟ་བུའི་དམིགས་གནད་དང་སྦྲགས་ཏེ{སྦྲག་སྟེ}། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ སོགས་ཅི་ནུས་སུ་ངག་ཏུ་བརྗོད་པར་བྱའོ། །དེ་ལྟ་བུའི་ཡན་ལག་བདུན་པ་སྤྱིའི་ཕན་ཡོན་ཡང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་གིས་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་གསོལ་བ་གདབ་པ་ནི། བླ་མ་ཉིད་སངས་རྒྱས་ཀུན་འདུས་སུ་ཡང་ཡང་སྒྲོ་འདོགས་ཆོད་པས་གཅིག་ཆོག་རྒྱལ་པོར་ངེས་པ་གཏིང་ཚུགས་པའི་ཡོན་ཏན་དང་། བཀའ་དྲིན་རྗེས་སུ་དྲན་པས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་སྐྱུར་ལ་གདུང་ཤུགས་དྲག་པོས་ངག་ཏུ། ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །ཞེས་སོགས་ཀྱིས་བརྒྱུད་པའི་གསོལ་འདེབས་བྱ་སྟེ། དེ་ཡང་ཀུན་མཁྱེན་སྒྲོལ་མགོན་ཞབས་ཀྱིས། རྩ་བའི་བླ་མ་དེ་ཉིད། དངོས་པོ་ལ་སུ་གང་ཡིན་རུང་། སོ་སོའི་སྐྱེ་བོའམ། འཕགས་པ་སློབ་པ་ལྟ་བུ་དང་། དགེ་བའི་བཤེས་གཉེན་ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོམ་དགོས། དོན་ལ་སངས་རྒྱས་གཅིག་དང་མང་པོ་ལ་ཁྱད་མེད་ཀྱང་། མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས། སངས་རྒྱས་གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཀྱང་འདུས། དེ་བས་ན་བདག་གི་བླ་མ་འདི་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོན་མཆོག་གསུམ་བས་ཀྱང་བླ་མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱིར་བཏང་བཟང་སྟེ། བདག་ལ་ཞལ་མི་སྟོན། གསུང་མི་འབྱོན། སངས་རྒྱས་དང་ཡི་དམ་དང་བྱང་སེམས་དང་མཁའ་འགྲོ་ཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང་། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོ་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང་། བཀའ་དྲིན་ཤིན་ཏུ་ཆེ་བར་ཤེས་པ་གཉིས་འཛོམས་ན་མོས་གུས་ཀྱི་ངོ་བོ་གོ་ལུགས་བཟང་བ་ཡིན། གོ་ཡུལ་བཟང་པོ་དེ་འདྲ་གཅིག་ཡོད་པའི་ལུགས་བྱས་ཀྱང་། སྐབས་སྐབས་སུ་མིན་པ་བླ་མ་མི་དྲན་པར་བརྗེད། ལན་རེ་དྲན་པའི་སྐབས་ཀྱང་བ་སྤུ་གཡོ་ནུས་པའི་གདུང་ཤུགས་མི་འབྱུང་ན། གོ་བ་ཙམ་ལ་ལུས་པ་ཡིན། ཉམས་རྟོགས་འཕྲལ་མར་སྐྱེད་ཐུབ་པ་དེ་མིན། གདུང་ཤུགས་དྲག་པོ་ཐ་མལ་གྱི་སྣང་བ་འགོག་ནུས་པ། རིག་པ་བསྒྱུར་ཐུབ་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག ཉོན་མོངས་པ་གློ་བུར་དུ་འགག ཡེ་ཤེས་སྐད་ཅིག་གིས་འབེབས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམ་པར་འགྲོ། གོམས་པ་ལས་སྐྱོན་ཐམས་ཅད་སྤོང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། སངས་རྒྱས་དངོས་སུ་མཐོང་བ་མེད་ན། ཕྱོགས་ཞེན་དང་ཕོ་རུས་དང་། ཡིད་འོང་གི་གདུང་ཤུགས་ཡོད་ཀྱང་། ཟག་བཅས་འཇིག་རྟེན་པའི་རྣམ་རྟོག་ཡིན་པས་གྲོལ་མི་ཐུབ། དགེ་བཤེས་ཕལ་པ་དང་གྲུབ་ཐོབ་ཕལ་པར་བརྩི་བའི་དད་པ་ཡང་རྣམ་རྟོག་འཇིག་རྟེན་པ་དེ་ཀ་ཡིན། སྐྱེ་བོ་བླུན་པོས་བླ་མ་སངས་རྒྱས་ཟེར་བ་གཅིག་ཡོད་དེ། དེ་ཡང་མི་ཇོ་བཟང་གཅིག་གམ། ཟས་ནོར་གྱིས་ཕན་འདོགས་བྱེད་པ་ཅིག་ལ་སངས་རྒྱས་ཟེར་རམ། སངས་རྒྱས་སངས་རྒྱས་ཞེས་པའི་ཚིག་ཙམ་མིན་པ་བློ་རྩེ་གཏད་མཚམས་ཅི་ཡང་མེད། དེ་འདྲས་སེམས་རྒྱུད་གྲོལ་བ་ལ་ཕན་པ་ཅི་ཡང་མེད། དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས། དེ་ཉིད་བླ་མ་ལ་ཚང་བའི་མོས་གུས་དགོས་པ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་དེ། དམིགས་ཡུལ་འཇིག་རྟེན་ལས་འདས་པའི་མཆོག་སངས་རྒྱས་ལ་དམིགས་པ་ཡིན་པས་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག སྒོས་སུ་རང་རེའི་བླ་མ་དེ་ལ་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་རང་ལ་མྱུར་དུ་འཇུག བཀའ་དྲིན་དྲན་པ་མེད་ན། སྤྱིར་བྱས་པ་མི་གཟོ་ཞིང་། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་གཡང་དང་ལེགས་པ་ཐམས་ཅད་ཕྱགས་མས་བཏབ་པ་བཞིན་ཉམས་འགྲོ། སྒོས་སུ་ཆོས་ཐོབ་པ་དྲིན་དུ་མི་སེམས་པ་དེ། ཆོས་ལ་ཡང་རྩིས་མེད་དད་པ་མེད་པ་ཡིན་པས། འབད་པ་བྱས་ཚད་དོན་མེད་དུ་འགྱུར། ཡང་སྒོས་སུ་རྩ་ལྟུང་དང་པོའི་ཞད་ཀྱིས་གོས་པ་ཡིན་ལ། བཀའ་དྲིན་དྲན་པས་དགེ་ལེགས་ཐམས་ཅད་ཀྱི་གཞིར་འགྱུར་ཞིང་། གུས་པ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་ཡིན་ནོ། དེ་ལྟར་ན་སངས་རྒྱས་སུ་ཤེས་པ། བཀའ་དྲིན་དྲན་པ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པ་དྲན་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན་མོས་གུས་ཚད་དུ་ཕྱིན་པ་ཞེས་བྱ། དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན། ཐབས་གཞན་མེད་ཀྱང་། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་འདི་མན་ངག་གི་གནད་དུ་ཆེ་བར་གོ་ལ། གཞན་ཡང་འཇམ་མགོན་ས་སྐྱ་པཎ་ཆེན་ལ། སྒོམ་ཆེན་ཞིག་གིས། མཆོག་གི་དངོས་གྲུབ་བླ་མ་དང་ཡི་དམ་གང་ལས་ཐོབ་ཞུས་པས། དེ་གཉིས་སོ་སོར་ཕྱེ་བ་ལས་མི་འབྱུང་། བླ་མ་དང་ཡི་དམ་དང་དུས་གསུམ་གྱི་སངས་རྒྱས་དང་། རང་གི་སེམས་དང་། འཁོར་འདས་ཐམས་ཅད་དབྱེར་མེད་དུ་རྟོགས་པ་ལས་འབྱུང་བ་ཡིན་གསུངས། མདོར་ན་གོང་དུ་བསྟན་པ་བཞིན་ཡོན་ཏན་དང་བཀའ་དྲིན་དྲན་པ། སངས་རྒྱས་སུ་བལྟ་བའི་ཚུལ་རྣམས་ཡང་དང་ཡང་དུ་རང་གི་རྒྱུད་ལ་འདྲིས་ཤིང་གོམས་པར་བྱས་ཏེ་བླ་མ་སངས་རྒྱས་ཆོས་སྐུར་ཐག་ཆོད་པའི་མོས་གུས་དང་མ་བྲལ་བར་བྱའོ། །སྔོན་འགྲོ་གཞན་འབུམ་ཐེར་སོགས་གྲངས་བསགས་པ་ཡིན་ན། གསོལ་འདེབས་འདི་ཡང་འབུམ་ཕྲག་ལོངས་{ལང}པ་སོགས་དགོས་པས། དེ་ཚེ་གསོལ་འདེབས་ཀྱི་ཚིགས་སྣ་ཅུང་མང་བས་ལྕོགས་དཀའ་ན། ཐོག་མར་བརྒྱུད་འདེབས་ཅི་ནུས་དང་། དེ་ནས་བླ་མ་ཉིད་ཀུན་འདུས་ནོར་བུའི་ལུགས་སུ་མོས་པས་གུ་རུའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་ཚིག་བདུན་གསོལ་འདེབས་ཉིད་ལ་གྲངས་བསགས་པས་ཆོག་པར་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་ཞལ་ནས་ཁོ་བོས་ཐོས་པ་ལགས་སོ། །འདི་ལ་བླ་མ་རྡོ་རྗེ་སེམས་དཔར་བསྒོམ་ནས་གསོལ་བ་ཨོ་རྒྱན་རིན་པོ་ཆེར་འདེབས་པ་མི་འགལ་ལམ་སྙམ་ན་མི་འགལ་སྟེ། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་ངོ་བོ་གཅིག་པའི་ཕྱིར། གདུལ་བྱའི་དབང་དུ་ཇི་ལྟར་སྣང་ཡང་རྒྱུད་ཐ་དད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པས། རྡོ་རྗེ་སེམས་དཔའ་ཨོ་རྒྱན་ཆེན་པོ་ཡིན་ལ། ཨོ་རྒྱན་ཆེན་པོ་ཡང་རྡོ་རྗེ་སེམས་དཔའ་ཉིད་ཡིན་པའི་ཕྱིར་རོ། །དེར་མ་ཟད་གདུལ་བྱའི་དབང་གིས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་ཇི་སྙེད་པར་བསྟན་པ་དེ་ཐམས་ཅད་ཀྱང་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ཡེ་ཤེས་གཅིག་གི་རོལ་པ་ཡིན་པའི་ཕྱིར་རང་གི་རྩ་བའི་ཡི་དམ་རྡོར་སེམས་ལྟ་བུ་གཅིག་ལ། སྔོན་འགྲོ་དང་བསྙེན་སྒྲུབ་སོགས་དངོས་གཞིའི་ཉམས་ལེན་མཐར་ཕྱིན་པ་ཞིག་ཐོན་ན་གཞན་རྣམས་ལའང་དོན་གྱིས་གྲུབ་པ་ཡིན་ཏེ། བཀྲ་ཤིས་རིག་པ་ཁུ་བྱུག་གི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོར་ཉིད་དུ་གསལ། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །བཞི་པ་དབང་བླང་བ་ནི། དེ་ལྟར་ཡང་ཡང་གསོལ་བ་གདབ་རྗེས། རྩ་བའི་བླ་མའི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་རེག་པས། བརྒྱུད་པའི་བླ་མ་རྣམས་དང་དཀོན་མཆོག་གསུམ་སོགས་འཁོར་རྣམས་འོད་དུ་ཞུ་ནས་རིམ་བཞིན་རྩ་བའི་བླ་མའི་སྐུ་ལ་བསྡུས། རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་ཀྱི་ངོ་བོ་སྔར་ལས་ཀྱང་གཟི་མདངས་ཆེར་འབར་ཏེ་མཚུངས་པ་མེད་པའི་སྐུ་ཅན་དུ་གྱུར་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ། སླར་ཡང་ཚད་མེད་པའི་མོས་གུས་ཀྱིས། སྐུ་བཞིའི་དབང་ཕྱུག་སོགས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་གི་དཔྲལ་བའི་སྨིན་མཚམས་སུ་ཐིམ་པས། བུམ་པའི་དབང་ཐོབ། སྦྱང་བྱ་སྲོག་བཅད་པ་སོགས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་ལུས་རྩ་ཡི་སྒྲིབ་པ་དག སྦྱོང་བྱེད་ལམ་སྣང་སྟོང་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། སྦྱངས་འབྲས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་མར་མེའི་ཕྲེང་བ་ལྟ་བུ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། སྦྱང་བྱ་རྫུན་སོགས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་ངག་གི་རླུང་གི་སྒྲིབ་པ་དག སྦྱོང་བྱེད་ལམ་གསལ་སྟོང་གཏུམ་མོ་བསྒོམ་པ་ལ་དབང་། སྦྱངས་འབྲས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་སྔོན་ཞུན་མའི་མདོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྦྱང་བྱ་བརྣབ་སེམས་སོགས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་ཡིད་ཐིག་ལེའི་སྒྲིབ་པ་དག སྦྱོང་བྱེད་ལམ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྦྱངས་འབྲས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་བླ་མའི་སྐུ་ཡི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚོགས་དཔག་ཏུ་མེད་པ་ཅིག་ཅར་དུ་འཕྲོས། རང་གི་སྒོ་གསུམ་ལ་ཆར་བབས་པ་བཞིན་དུ་ཐིམ་པས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྦྱང་བྱ་སྒོ་གསུམ་ཆ་སྙོམས་དང་ཤེས་བྱའི་སྒྲིབ་པ་དག སྦྱོང་བྱེད་ལམ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་ཟུང་འབྲེལ་དུ་བསྒོམ་པ་ལ་དབང་། སྦྱངས་འབྲས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཏེ་མཉམ་པར་བཞག འདི་ལ་རྒྱས་པར་སྤྲོ་ན་བླ་མའི་སྐུའི་གནས་རྣམས་ནས། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ་སྔགས་ཕྲེང་། ཐུགས་ཕྱག་མཚན་སྤྲོ་བསྟིམ་ཨ་ཏི་ཟབ་དོན་སོགས་ལས་གསུངས་པ་ལྟར་སྦྱར་ནའང་ཆོག་མོད། རྩ་བའི་ཁྲིད་ཀྱི་དངོས་བསྟན་ནི་གོང་དུ་བཤད་པ་ཉིད་དོ། །དེ་ཡང་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་སྨིན་བྱེད་དབང་ལ་མ་བརྟེན་པར་བསྒྲུབ་ཏུ་མི་རུང་སྟེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། རྒྱུད་གཞན་ལས་ཀྱང་། དབང་མ་བསྐུར་བར་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མི་འབྱུང་། །ཞེས་སོ། །དེ་ལ་དབང་གི་ངོ་བོ་ནི། ཐོབ་བྱའི་ཡེ་ཤེས་རང་རྒྱུད་ལ་འཇོག་ཅིང་སྨིན་པར་བྱེད་པ། ངེས་ཚིག་ནི་ཨ་བྷི་ཥཉྩིའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། རང་རྒྱུད་ཀྱི་དྲི་མ་འཁྲུད་ཅིང་ཡེ་ཤེས་ཁྱད་པར་ཅན་འཇོག་པས་ན་དབང་ངོ། །དབྱེ་ན། ཐོག་མར་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྣོད་ལྡན་གྱི་སློབ་མ་གང་ཞིག་གསང་མཆོག་རྒྱལ་པོའི་དཀྱིལ་འཁོར་དུ་བཅུག་ནས་བསྐུར་བ་དེ་གཞིའི་དབང་། དེའི་རྗེས་སུ་བླ་མའི་རྣལ་འབྱོར་སོགས་ལ་བརྟེན་ནས་གཞན་རྐྱེན་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་དབང་བཞི་ཟབ་མོ་ཏིང་ངེ་འཛིན་སོགས་ཀྱིས་ལེན་པ་ལམ་དབང་། མཐར་ཐུག་འབྲས་དུས་འོད་ཟེར་ཆེན་པོའི་དབང་ངམ་ཟབ་གསལ་གཉིས་མེད་ཀྱི་དབང་བསྐུར་ཐོབ་ནས་མངོན་སངས་རྒྱས་པ་ནི་འབྲས་དབང་ངོ། །དེས་ན་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་སྨིན་བྱེད་དབང་གི་ནང་དུ་འདུ་བ་ཡིན་པས། སྔོན་འགྲོའི་སྐབས་འདི་ཙམ་དུ་མ་ཟད། དངོས་གཞིའི་བསྐྱེད་རྫོགས་བསྒོམ་པ་སོགས་ལམ་གང་གི་ཡང་སྔོན་དུ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ་བ་འདི་མེད་ཐབས་མེད་དེ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བླ་མ་བསྒོམས་ན་ཆོས་སྐུ་བསྒོམ། །ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བསོད་ནམས་དེ་ཡི་ཆར་མི་ཕོད། །དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། །ཉན་བཤད་བསྒོམ་དང་འཛིན་པ་དང་། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང་། །སྔོོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། ཞེས་སོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། གནས་སྐབས་སུ་བླ་མ་ལ་རྩོལ་མེད་ཀྱི་མོས་གུས་སྐྱེ་བ་དང་། ཏིང་ངེ་འཛིན་སོགས་གང་བསྒོམ་པའི་དམིགས་པ་གསལ་བ་དང་། མཐར་ཐུག་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་རྟོགས་པར་བྱེད་པ་ཡིན་ཏེ། ཟབ་ལམ་ཐུགས་རྗེ་ཆེན་པོ། བདེ་གཤེགས་ཀུན་འདུས་ཀྱི་དབང་གཞུང་གུ་རུ་རིན་པོ་ཆེས་མཛད་པ་ལས། དེ་ལྟར་དབང་བསྐུར་ཡོན་ཏན་གྱིས། །བྱིན་རླབས་མཚན་མ་དང་པོ་ནི། །རྩོལ་མེད་མོས་གུས་རྒྱུད་ལ་སྐྱེ། །བྱིན་རླབས་མཚན་མ་གཉིས་པ་ནི། །གང་གཏད་དམིགས་པ་གསལ་ཞིང་བརྟན། །བྱིན་རླབས་མཚན་མ་གསུམ་པ་ནི། །རང་བྱུང་ཡེ་ཤེས་རྟོགས་པ་འཆར། །ཞེས་གསུངས་པ་ཡིན་ནོ། །ལྔ་པ་ཐུགས་ཡིད་བསྲེས་ཏེ་མཉམ་པར་འཇོག་པ་ནི། དེ་ལྟར་དབང་བཞི་བླངས་པའི་རྗེས་སུ། སླར་ཡང་མོས་གུས་དུང་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག་པ་སྟེ། ཇི་ལྟར་མཉམ་པར་འཇོག་པའི་ཚུལ་ནི། ཨོ་རྒྱན་དུས་གསུམ་མཁྱེན་པས་རྔོག་ཤེས་རབ་རྒྱལ་པོ་ལ་གདམས་པ། ཉོན་ཅིག་རྒད་པོ། རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་ལྟོས་ཤིག གཟུགས་དང་ཁ་དོག་ཏུ་གྲུབ་པ་མེད། ཕྱོགས་དང་རིས་སུ་གྲུབ་པ་མེད། མཐའ་དང་དབུས་སུ་གྲུབ་པ་མེད། དང་པོ་བྱུང་ས་མེད་དེ་སྟོང་། བར་དུ་གནས་ས་མེད་དེ་སྟོང་། ཐ་མ་འགྲོ་ས་མེད་དེ་སྟོང་། སྟོང་པ་ཅིར་ཡང་མ་གྲུབ་པ། གསལ་ལ་དྭངས་པ་ཞིག་འདུག་པ་དེ་མཐོང་ནས་ངོ་ཤེས་ན་རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཀྱི་ཆོས་ཉིད་གོ་བ་ཡིན། སེམས་ཀྱི་སེམས་ཉིད་མཐོང་བ་ཡིན། དངོས་པོ་དོན་གྱི་གནས་ལུགས་གཏན་ལ་ཕེབས་པ་ཡིན། ཤེས་བྱའི་སྒྲོ་འདོགས་ཆོད་པ་ཡིན། རིག་པ་བྱང་ཆུབ་ཀྱི་སེམས་དེ་དངོས་པོ་ཅིར་ཡང་མ་གྲུབ་པས། རང་བྱུང་རང་ལ་གནས་ཏེ་གཞན་ནས་བཙལ་དུ་མེད་པས་ཆོས་ཉིད་ཀྱི་དོན་རྟོགས་སླ། ཆོས་ཉིད་ཀྱི་དོན་ལ་གཟུང་འཛིན་གྱི་དངོས་པོ་མ་གྲུབ། རྟག་ཆད་ཀྱི་མཐའ་ལས་འདས། སངས་ལ་རྒྱ་རྒྱུ་མེད་དེ་སངས་རྒྱས་ཀྱང་རང་གི་རིག་པ་དྭངས་སངས། དམྱལ་བར་འགྲོ་རྒྱུ་མེད་དེ་རིག་པ་རང་དག ཆོས་ལ་བྱ་རྒྱུ་མེད་དེ་ཆོས་ཉིད་རང་གསལ། ལྟ་བ་རང་ལུགས་ཆེན་པོ་དེ་རང་ལ་ཡོད་པས་གཞན་ནས་བཙལ་དུ་མེད་པར་ཐག་བཅད་དོ། །དེ་ལྟར་ལྟ་བ་རྟོགས་ནས་ཉམས་སུ་ལེན་པར་འདོད་པས། རང་གང་ན་འདུག་པའི་ས་དེ་ལུས་ཀྱི་རི་བོ་དགོན་པའི་གནས། ཕྱི་སྣང་བ་གང་ཤར་བ་དེ་སྣང་བ་རང་སྣང་། སྟོང་པ་རང་སྟོང་། རང་བྱུང་རང་ཞི་སྤྲོས་པའི་མཐའ་དང་བྲལ་བར་བཞག་གོ །དེས་ཕྱི་སྣང་བ་གྲོགས་སུ་ཤར་བས། སྣང་བ་རང་སར་དག་སྟེ། སྣང་བ་ལམ་དུ་ཁྱེར་ཅིང་ཉམས་སུ་བླངས་པས། ཕྱི་སྣང་བ་གང་ཤར་ཀྱང་ཉམས་སུ་བླང་བར་བདེའོ། །ནང་སེམས་ལ་དྲན་པ་ཅི་ཤར་ཡིད་ལ་ཅི་འགྱུས་ཀྱང་། དེ་ལ་ངོ་བོ་མེད་དེ་སྟོང་པར་འདུག འགྱུ་དྲན་རང་སར་དག་སེམས་ཉིད་གསལ་ཐེབས་པས། འགྱུ་དྲན་ལམ་དུ་སློང་ནས་ཉམས་སུ་བླང་བར་བདེའོ། །གསང་བ་ཉོན་མོངས་པ་གང་ལངས་ཀྱང་། ཉོན་མོངས་པ་ལ་བལྟས་པས་རྗེས་མེད་དུ་རང་བྱུང་རང་ཞི། ཉོན་མོངས་པ་རང་སར་དག ཉོན་མོངས་པ་ལམ་དུ་སློང་བས་ཉམས་སུ་བླང་བར་བདེའོ། །དེ་ལྟར་ཉམས་སུ་ལོན་ཙ་ན་བསྒོམ་པ་ཐུན་སྒོམ་བྱར་མེད། ཐམས་ཅད་གྲོགས་སུ་ཤར་བས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་ཀྱི་དོན་ལ་རྒྱུན་ཆད་མེད། སྤྱོད་པ་ལ་ཡངས་དོག་མེད་དོ། །ཇི་ལྟར་གནས་ཀྱང་ཆོས་ཉིད་ཀྱི་དོན་ལ་འདུ་འབྲལ་མེད། དེ་ལྟར་རྟོགས་ཙ་ན་འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་སེམས་ལ་རྒས་པ་མེད་པས་ན་སོ་ལ་རྒན་གཞོན་མེད། ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མེད་པས་རིག་པ་ཆོས་ཉིད་ཀྱི་ཡེ་ཤེས་དེ་རང་ལ་ཡོད་པར་ངོ་ཤེས་པས་དབང་པོ་ལ་རྣོ་རྟུལ་མེད་དོ། །ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མེད་པས་དེ་རང་ལ་ཡོད་པར་གོ་བས་ཐོས་པ་ལ་ཆེ་ཆུང་མེད་དེ། བེམ་རིག་གི་བརྙན་ལུས་ཞིག་ཀྱང་རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་རྒྱུན་ཆད་མེད། མི་འགྱུར་བརྟན་པ་ཐོབ་པས་ཚེ་ལ་རིང་ཐུང་མེད་དོ། །རྒད་པོ་ཡང་དག་པའི་དོན་དེ་ཉམས་སུ་ལོངས་མཛོད། ཉམས་ལེན་རྒྱུད་ལ་ཁོལ་མཛོད། ཚིག་དང་དོན་དུ་མ་འཛོལ་བར་མཛོད། བརྩོན་འགྲུས་ཀྱི་གྲོགས་དང་མ་འབྲལ་བར་མཛོད། དྲན་པའི་རྩི་ཡིས་ཟིན་པར་མཛོད། ལོང་གཏམ་དང་འཆལ་གཏམ་ལ་མ་དགའ་བར་མཛོད། ཐ་མལ་གྱི་བློ་དང་མ་འདྲེས་པར་མཛོད། བུ་ཚའི་སྡུག་བསྔལ་མ་ཆེ་མཛོད། བཟའ་བཏུང་ལ་སྲེད་པ་མ་ཆེ་མཛོད། ཐ་མལ་དུ་འཆི་བ་ལ་སེམས་མཛོད། ཚེ་ལ་ལོང་མེད་བརྩོན་འགྲུས་སྐྱེད་མཛོད། རྒད་པོ་འཆི་ཁ་མའི་གདམས་ངག་འདི་ལ་མཛོད། ཅེས་གསུངས་ནས། རྒད་པོའི་སྙིང་གར་ཕྱག་འཁར་བཙུགས་ནས་གདམས་པ་བཏབ་པས་རྒད་པོ་འཁར་བཙུགས་ཀྱི་གདམས་པ་ཞེས་བྱ། རྔོག་ཤེས་རབ་རྒྱལ་པོ་དེས་གྲོལ་ཏེ་གྲུབ་པ་ཐོབ་བོ། །འདི་ནི་བཀའ་གཏེར་གཉིས་ཀའི་བརྒྱུད་པའི་ཆུ་བོ་ཟམ་མ་ཆད་པར་བྱོན་པ། སེམས་ཁྲིད་ཐམས་ཅད་ཀྱི་རྩ་བ་རྡོ་རྗེའི་གསུང་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་སྟེ། སྤྲོ་ན་སྔོན་དུ་སེམས་ཚོལ་སོགས་སྤྱི་ལྟར་སོང་ཡང་ལེགས་སོ། །གང་ལྟར་ཡང་། དེ་ལྟར་མཉམ་པར་བཞག་རྗེས། སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་གསལ་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་སྨོན་ལམ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་དེ་འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ། དེ་བསྐོར་བ་བྱེད་པའི་རྟེན་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་གསོལ་བ་འདེབས་པའི་རྟེན་ཡིན། ཟ་འཐུང་བྱེད་པའི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ཡིན། ཉལ་བའི་ཚེ་སྙིང་གི་དབུས་སུ་བསྒོམ། དེ་འོད་གསལ་འཛིན་པའི་གནད་ཡིན། མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་མ་བརྗེད་པར་དྲན་པར་བྱ། རང་ལ་ན་ཚ་དང་གདོན་བགེགས་ཀྱི་གནོད་པ་སོགས་མི་འདོད་པ་ཅི་བྱུང་ཡང་བདག་གི་ལས་ངན་འཛད་པའི་ཐབས་སུ་བླ་མའི་ཐུགས་རྗེས་གནང་བ་ཡིན་སྙམ་དུ་དགའ་བ་བསྒོམ་ཞིང་སྤང་བློ་མི་བྱ། སྐྱིད་ལ་ཟོས་བདེ་དགེ་སྦྱོར་འཕེལ་བ་སོགས་བྱུང་ན། དེ་དག་ཀྱང་བླ་མའི་ཐུགས་རྗེར་ཤེས་ཏེ་ང་རྒྱལ་དང་དགའ་བྲོད་མི་བྱ། ཏིང་ངེ་འཛིན་བསྒོམས་པས་སྐྱོ་དུབ་དང་བྱིང་རྒོད་ལ་སོགས་པ་བྱུང་ན། བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེས་ཏེ་གནས་ལུགས་ལྟ་བའི་རང་མདངས་བསྐྱངས་ཤིང་། གསོལ་འདེབས་སོགས་ལ་ཆིག་དྲིལ་དུ་བརྩོན་པར་བྱ་སྟེ། མདོར་ན་རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས། དད་མོས་གདུང་བས་བླ་མ་དྲན་པ་འདི། །ཀུན་རྫོབ་རྩོལ་བཅས་བླ་མའི་རྣལ་འབྱོར་ཡིན། །བླ་མའི་ཐུགས་དང་རང་སེམས་འདྲེས་པ་ན། །དོན་དམ་རྩོལ་མེད་བླ་མའི་རྣལ་འབྱོར་ཡིན། །རིག་པ་མ་བཅོས་ལྷུག་པར་འཇོག་པ་འདི། །ཀུན་ཁྱབ་ཆོས་སྐུ་བླ་མའི་རྣལ་འབྱོར་ཡིན། །ཚོགས་དྲུག་སྣང་བ་གང་ཤར་ཞེན་མེད་འདི། །གསལ་མདངས་ལོངས་སྐུ་བླ་མའི་རྣལ་འབྱོར་ཡིན། །རྣམ་རྟོག་འགྱུ་དྲན་རང་ངོ་ཤེས་པ་འདི། །སྣ་ཚོགས་སྤྲུལ་སྐུ་བླ་མའི་རྣལ་འབྱོར་ཡིན། །སངས་རྒྱས་ཐམས་ཅད་བླ་མའི་ངོ་བོར་གཅིག །དེ་ལྟར་ཤེས་ན་བྱིན་རླབས་ངང་གིས་འཇུག །ལྷ་ཚོགས་མ་ལུས་བླ་མའི་རྣམ་འགྱུར་ཚུལ། །ཡིན་པར་ཤེས་ན་དངོས་གྲུབ་ཟད་མེད་འབྱུང་། །མཁའ་འགྲོ་ཆོས་སྐྱོང་བླ་མའི་སྤྲུལ་པ་ཡིན། །དེ་ལྟར་གོ་ན་ཕྲིན་ལས་རྣམ་བཞི་འགྲུབ། །སྣང་སྲིད་ཀུན་ཀྱང་བླ་མའི་དཀྱིལ་འཁོར་ཡིན། །དག་སྣང་འབྱོང་ན་ཐུགས་རྗེ་ཀུན་ལ་ཡོད། །ཕྱི་རོལ་འབྱུང་བ་ཐམས་ཅད་བླ་མའི་སྤྲུལ། །གང་ལ་གང་མཁོའི་འགྲོ་དོན་མཛད་པ་ཡིན། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་བླ་མའ་ིསྤྲུལ། །ཆོས་སྐུ་བདེ་གཤེགས་སྙིང་པོས་མ་ཁྱབ་མེད། །བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་བླ་མའི་སྤྲུལ། །གང་བསམ་ཡིད་བཞིན་དངོས་གྲུབ་སྩལ་པ་ཡིན། །ན་ཚ་རྐྱེན་ངན་ཀུན་ཀྱང་བླ་མའི་སྤྲུལ། །སྡུག་བསྔལ་མྱོང་བས་སྡིག་སྒྲིབ་ཟད་པར་བྱེད། །ཀུན་ཁྱབ་ཀུན་བྱེད་ཀུན་འབྱུང་ཀུན་ཏུ་བཟང་། །དེ་ཕྱིར་བླ་མའི་ལམ་ཁྱེར་གནད་དུ་ཟབ། །ཅེས་དང་། བླ་མ་རང་སེམས་དབྱེར་མེད་མ་རྟོགས་ན། །ཀུན་རྫོབ་གཟུགས་སྐུའི་བླ་མ་འདུ་འབྲལ་ཡོད། །རང་རིག་བླ་མ་ཆོས་སྐུར་ཤེས་པ་གནད། །བཟང་ངན་མཐའ་དག་བླ་མར་མ་རྟོགས་ན། །དག་སྣང་ཕྱོགས་མེད་འཆར་བའི་ཐབས་གཞན་མེད། །དག་སྣང་མ་འབྱོངས་སྣང་སྲིད་དགྲ་རུ་ལྡང་། །དེ་བས་གང་འདུལ་སྤྲུལ་པར་ཤེས་པ་གནད། །དགྲ་འདྲེ་རྐྱེན་ངན་བླ་མར་མ་ཤེས་ན། །བར་ཆད་གཅིག་ལ་བཟུར་ཡང་གཅིག་དང་འཕྲད། །བདག་འཛིན་བློ་ཡི་མ་ཐེངས་འདི་ཀས་ལན། །གང་བྱུང་བླ་མའི་ཐུགས་རྗེར་ཤེས་་གནད། །འཆི་ཁའི་དུས་ནའང་བླ་མ་མ་དྲན་ན། །ཤེས་ཤེས་བྱས་བྱས་མང་ཡང་རྨི་ལམ་འདྲ། །རྣམ་ཤེས་གཅིག་པུར་བར་དོར་འཁྱམས་པའི་ཚེ། །རེ་ས་སྐྱབས་ཡུལ་གཞན་ན་གང་ཡང་མེད། །དེ་ཕྱིར་བླ་མའི་ལམ་ཁྱེར་ཟབ་གནད་འདི། །ཚིག་དང་ཡི་གེར་མ་བཞག་ཉམས་སུ་ལོངས། །བརྒྱད་ཁྲི་བཞི་སྟོང་ཆོས་ལས་འདི་ཉིད་ཟབ། །ཟབ་དང་མི་ཟབ་ཉམས་སུ་ལེན་ལ་རག །ཉམས་ལེན་མི་བྱེད་ཟབ་ཀྱང་ཕན་པར་དཀའ། །དེ་ཕྱིར་བློ་སྙིང་བྲང་གསུམ་འདི་ལ་གཏོད། །ཅེས་གསུངས་པ་ལྟར་ཚུལ་བཞིན་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །གསུམ་པ་དེ་ལྟར་བསྟེན་ཅིང་སྒྲུབ་པའི་ཕན་ཡོན་ནི། སྤྱིར་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་ནི། ཚད་མེད་དེ་ཅུང་ཟད་སྔར་བསྟན་པས་ཤེས་པར་ནུས་ལ། འདིར་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྟུང་ངོ་། །ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་གོ །ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་། །ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་འོ། །བྱིས་པའི་ས་ལས་ཡོངས་སུ་འདའ་འོ། །བསླབ་པ་དང་འགལ་བར་མི་བྱེད་དོ། །དེས་བསྲུངས་པས་སྡིག་པའི་གྲོགས་པོས་བཀྲིར་མེད་དོ། །དེས་བསྐྱངས་པས་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་མི་ཉམས་སོ། །འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པས་ཡང་དག་པར་འཕགས་སོ། །དེ་ལ་བསྙེན་བཀུར་བྱེད་པ་ན་སྤྱོད་པ་ཐམས་ཅད་ལས་མ་འཁྲུལ་པར་སྤྱོད་དོ། །དེས་སྒྲུབ་པ་ནི་རྩོམ་ཐམས་ཅད་ལས་མི་ཟློག་གོ །དེས་ཉེ་བར་སྟོན་པ་ནི་བདུད་ཀྱིས་མི་བརྫི་བའོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་པ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོབ་ཅིང་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང་ས་དང་། བཟོད་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུངས་དང་། སྤོབས་པ་དང་། བསྔོ་བ་དང་། སྨོན་ལམ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས་པས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བསྟེན། བླ་མ་རྒྱུར་གྱུར་པ་དག་གོ །ཞེས་གསུངས་པ་དང། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བར་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་སྒྱུར། །ཞེས་དང་། དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་གསུངས། གཞན་ཡང་རིག་འཛིན་འཇིགས་མེད་གླིང་པས། སྤྱིར་ཡུལ་མཆོག་བླ་མ་དང་། མཁན་པོ་དང་། སློན་དཔོན་དང་། དེ་བཞིན་དུ་ཆོས་སྨྲ་བ་དང་། སྲིད་པ་མཐའ་མའི་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང་། རང་སངས་རྒྱས་འཕགས་པ་དང་། ཕ་མ་དང་། ནད་པ་ལ་སོགས་པ་འདི་དག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་གཉིས་ཀ་སྟོབས་ཆེ་བས་འབྲས་བུའང་སྐྱེ་བ་མིི་བརྒྱུད་པར་མཐོང་བའི་ཆོས་སུ་སྨིན་པར་མདོ་སྡེ་དག་ལས་གསུངས་ལ། ཁྱད་པར་དེང་སང་དུས་སྙིགས་ཤིང་རྟོག་པ་རགས་པས་སྔོན་བསྐལ་པ་ཡར་ལྡན་གྱི་དུས་རྣམ་རྟོག་ཤས་ཆུང་བས་དགེ་སྡིག་གི་འབྲས་བུ་ཚེ་རབས་གཞན་དུ་དལ་གྱིས་སྨིན་པ་དང་མི་འདྲ་བར་ཚེ་འདི་ཀར་སྨིན་པ་ཤས་ཆེ་བས་བླ་མ་བསྟེན་ཅིང་། བསྙེན་བཀུར་བྱས་པའི་ཕན་ཡོན་གྱི་སྒོ་ནས་བྲོད་པ་བསྐྱེད་པའང་འདི་ལྟར་འཇིག་རྟེན་རྨོངས་པ་བ་གླང་རྫི་ལྟ་བུ་ཅི་ཡང་མི་ཤེས་པ། ཟང་ཟིང་གིས་ཕོངས་པ། ཀུན་གྱིས་བརྙས་པའི་གནས་སུ་གྱུར་པས་ཀྱང། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་ཆོས་ཀྱི་ལམ་སྲོལ་ལ་ཞུགས་པ་ཙམ་ནས། འཇིག་རྟེན་གྱིས་བཀུར་བའི་གནས། ཞེ་སར་བཅས་པ། ཐ་ན་ཟས་སྐོམ་གྱི་རྙེད་པ་ཙམ་ཡང་ཐོབ་སླ་བར་འགྱུར་བ་ལ་ལྟོས། ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གཞན་ཡང་གངས་ཀྱི་རི་ལ་བརྟེན་པའི་རྩི་སྨན་ལྟར་དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་ལོ། །མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་སྣོད་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མེའི་དྲོད་ཀྱིས་གསེར་ཡོངས་སུ་སྦྱངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར་འགྱུར་རོ། །རྒྱ་མཚོ་ལས་རི་རབ་མངོན་པར་འཕགས་པ་ལྟར་འཇིག་རྟེན་ཐམས་ཅད་ལས་འཕགས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་མཐོང་བའི་ཆོས་ཚེ་འདིར་ཡང་ཡོན་ཏན་གྱི་འབྱོར་པས་མངོན་པར་ཕྱུག་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་དམ་པ་རྣམས་ཐུགས་མཉེས་ཏེ་རྗེས་སུ་བཟུང་བས་གནས་སྐབས་དང་མཐར་ཐུག་གི་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བའང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་རྗེས་སུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཀྱིི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་སོ། །གཞན་ཡང་། འདི་ལྟར་དམ་པའི་སྐྱེས་བུ་བསྟེན་པས་ཚེ་ཕྱི་མ་ངན་འགྲོ་མྱོང་བའི་ལས་ཡོད་ཀྱང་ད་རེས་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་བྱུང་བའམ། ཐ་ན་རྨི་ལམ་ཙམ་དུ་མྱོང་བས་ཀྱང་ལས་དེ་ཟད་པར་འགྱུར་བ་དང་། བླ་མ་ལ་བསྙེན་བཀུར་སྔ་དྲོ་གཅིག་བྱས་པའི་ཕན་ཡོན་གྱིས་སངས་རྒྱས་བྱེ་བ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕན་ཡོན་ཟིལ་གྱིས་གནོན་པའང་། ས་ཡི་སྙིང་པོའི་མདོ་ལས། དེས་ཟིན་པ་ནི་བསྐལ་པ་བྱེ་བ་ད པག་ཏུ་མེད་པར་ངན་འགྲོར་འཁྱམས་པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ། མུ་གེ་ལ་སོགས་ལུས་དང་སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ། ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་བྱང་བར་འགྱུར་རོ། །དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ། མཆོད་པའམ། བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ནོ། །བླ་མ་ལ་བསྙེན་བཀུར་བྱས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །ཞེས་གསུངས་པས་མཚོན། ཚེ་འདིར་མངོན་པར་མཐོ་བ་དང་། ཕྱི་མ་ངེས་པར་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འབྱོར་བར་འགྱུར་རོ། །བྱེ་བྲག་ཏུ་ཟང་ཟིང་གི་བདོག་པས་རང་གི་བླ་མ་ཉིད་མཆོད་པའི་ཕན་ཡོན་ཡང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་དང་། དགོངས་འདུས་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙན་དན་ཐིགས་པ་གཅིག་བྱུགས་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་དང་། བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བ་ཕུལ་གྱུར་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིགས་པ་གཅིག་བྱུག་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་དང་། གསང་འདུས་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིགས་པ་གཅིག་བྱུགས་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། རྡོ་རྗེ་མེ་ལྕེའི་རྒྱུད་ལས། བླ་མ་ཉིད་དང་བླ་མའི་འཁོར་། །ཉེ་འཁོར་གཡོག་དང་བཅས་པ་ལ། །གསེར་ལ་སོགས་པའི་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་འབུམ་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །ཅེས་གསུངས། དེ་ཡང་རང་གི་བླ་མ་ཉིད་དུས་གཞན་དུ་བྱེ་བ་བརྒྱ་སྟོང་དུ་མཆོད་པ་བས། དབང་དང་གདམས་ཁྲིད་ཟབ་མོས་རྗེས་སུ་བཟུང་བའི་ཚེ་ལན་ཅིག་མཆོད་པ་བསོད་ནམས་ཆེ་བའང་། དབང་རྣམ་པར་ཕྱེ་བ་ལས། གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་སྟོང་བྱེ་བ་གྲངས་མེད་པས། །དབང་གི་དུས་གཅིག་བྱས་པ་ཡི། །བསོད་ནམས་ཚད་མེད་དཔག་ཏུ་མེད། །ཅེས་སོ། །དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཇི་སྙེད་པ་སྐབས་དེར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་གཉིས་སུ་མེད་པར་བཞུགས་ནས་སློབ་མའི་རྒྱུད་བྱིན་གྱིས་རློབས་པ་དང་མཆོད་པ་དང་མཆོད་པ་ལེན་པ་སོགས་བསོད་ནམས་ཀྱི་ཚོགས་སྤེལ་བའི་དུས་ཡིན་པའི་ཕྱིར་ཏེ། འཇམ་དཔལ་ཞལ་ལུང་ལས། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་དང་། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་སྣ་ཚོགས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །ཞེས་སོ། །གཞན་ཡང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བར་བྱ་བའི་ཕྱིར་བླ་མ་མཉེས་པར་བྱ་སྟེ། ཐ་ན་ཅི་ཡང་མེད་ཀྱང་ཆུ་རྫ་མ་གང་ཙམ་ཡང་འབུལ་ལོ། །དེས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་ཀྱང་རྣམ་པར་འཕེལ་ལོ། །ཞེས་དང་། ས་ཡི་སྙིང་པོའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པ་ནི། ཡོན་ཏན་གྱི་ཆོས་བསམ་གྱི་མི་ཁྱབ་པ་དང་ལྡན་ནོ། །ཞེས་སོགས་ལུང་མཐའ་ཡས་ཤིང་། ཀུན་མཁྱེན་བླ་མས་མཛོད་འགྲེལ་དུའང་། མདོར་བསྡུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། རྐྱེན་ངན་པའི་བར་ཆད་ཐམས་ཅད་ཞི་བ་དང་། དཔལ་དང་འབྱོར་པ་ཆེ་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ནི། མཐོང་བ་དང་མ་མཐོང་བའི་ཡོན་ཏན་ཏེ། བདག་གིས་ཀྱང་ཚེ་ཟད་པ་ལས། བླ་མ་དམ་པ་ཀུ་མཱ་རཱ་ཛ་ལ་འཁོར་གསུམ་དག་པས་མཆོད་པའི་ཕན་ཡོན་གྱིས་ཕྱིར་ཡང་ཚེ་འཕེལ་ཏེ། ལོངས་སྤྱོད་དང་འདུ་བ་དང་ལྡན་པར་གྱུར་ཏོ། །དེས་ན་ཚེ་འདི་ཉིད་དུ་ཡིད་ཆེས་པའི་ཕན་ཡོན་དེ་འདྲ་ན། ཚེ་རབས་གཞན་དུ་ལྟ་ཅི་སྨོས། ཞེས་གསུངས་ཤིང་། གཞན་ཡང་དུས་རྒྱུན་དུ་རང་གི་བཟའ་བགོའི་ཕུད་ཀྱིས་མཆོད་པ་དང་། ཚོགས་དང་གཏོར་མ་འབུལ་བ་དང་། རིན་ཆེན་འབྲུ་སྨན་ལ་སོགས་པ་དངོས་སུ་འབྱོར་པ་དང་མ་འབྱོར་ཡང་ཡིད་ཀྱིས་དམིགས་ཤིང་མཎྜལ་སོགས་ཕུལ་བའི་བསོད་ནམས་ཀྱི་ཁྱད་པར་ཡང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་བསྐུར་ནས། །བླ་མ་རྡོ་རྗེ་མཆོད་པ་ནི། །ཞིང་གི་འཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་ཕུལ་བ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་གཅིག་མཆོད་པ་ཡིས། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་དང་། རྡོ་རྗེེ་རོ་ལང་གི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱི་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོས་སྒྱུར་རྒྱལ་ཐོབ་པར་འགྱུར། །ཞེས་དང་། རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། བླ་མའི་མདུན་དུ་ཚོགས་གཏོར་ལ། །གཏན་དུ་ཆོ་ག་རྫོགས་བྱས་ན། །ལོངས་སྤྱོད་ལྡན་དང་ཚོགས་རྗོགས་དང་། །རང་གཞན་བར་ཆད་ཀུན་སེལ་ཞིང་། །འཕོས་ནས་གསང་བདག་འཁོར་དུ་སྐྱེ། །ཞེས་དང་། བཀོད་པ་ཆེན་པོ་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟང་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེས་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །གལ་ཏེ་དེ་ལྟར་མ་འབྱོར་ན། །ཡིད་ལས་འབྱུང་བའི་མཆོད་པའི་ཚོགས། །རང་གི་ལོ་གྲངས་ཙམ་ཕུལ་ན། །འདིས་ཀྱང་བསོད་ནམས་སྔར་དང་མཚུངས། །ཞེས་སོ། །དེས་ན། གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་གཉིས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་ཡི། །རྡོ་རྗེར་སེམས་དཔར་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅིང་། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་སོགས་གསུངས་པ་བཞིན་ནོ། །གཞན་ཡང་། རང་གིས་ལུས་ངག་གི་སྒོ་ནས་བླ་མའི་ཞབས་ཏོག་དང་སྲིད་ཞུ་བགྱིས་པའི་ཕན་ཡོན་ཡང་། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང་། །ཞེས་གསུངས། ཁྱད་པར་ལུས་ཀྱི་སྒོ་ནས་བླ་མ་མཉེས་པར་བྱས་པའི་ཕན་ཡོན་ཀྱང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་འཐོབ། །ཅེས་དང་། བདུད་རྩི་འབྱུང་བའི་རྒྱུད་ལས། གལ་ཏེ་བླ་མ་ལ་གནོད་ན། །མ་རུངས་སེམས་ཀྱིས་བརྩམས་པ་ལ། །བདག་ཉིད་ཀྱིས་ནི་བསད་བྱས་ན། །སེམས་ཅན་འབུམ་གྱི་སྲོག་བཏོན་པ། །བསོད་ནམས་དེས་ནི་ཆར་མི་ཕོད། །བླ་མའི་བྱ་བ་རྫོགས་བྱས་ན། །འདི་ཡང་དེ་དང་མཉམ་པའོ། །ཞེས་སོ། །ངག་གི་སྒོ་ནས་མཉེས་པར་བྱས་པའི་ཕན་ཡོན་ཡང་། འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས། ཤེས་རབ་མཆོག་གི་བླ་མ་ལ། །ངག་གིས་མཉེེས་པར་བྱས་ན་ནི། །སངས་རྒྱས་རྣམས་ཀྱི་གསུང་བའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་པོར་ཡང་། །སུ་ཡིས་ཀློག་ཅིང་བརྗོད་པ་ཡི། །བསོད་ནམས་འབུམ་ཕྲག་བསམ་ཡས་སོ། །ཞེས་སོ། །ཡིད་ཀྱི་སྒོ་ནས་མཉེས་པར་བྱས་པའི་ཕན་ཡོན་ཡང་། དེ་ཉིད་ལས་། ཡོན་ཏན་ནང་ནས་དད་པ་མཆོག །སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པ་སྟོང་གསུམ་མཆོད་པ་བས། །འདི་ཡིས་མཉེས་པའི་ཆར་མི་ཕོད། །ཅེས་སོ། །གསུང་བཞིན་རྗེས་སུ་སྒྲུབ་པའི་སྒོ་ནས་མཉེས་པའི་ཕན་ཡོན་ཡང་། ཆུབ་པ་རོལ་པའི་རྒྱུད་ལས། བསྐྱེད་རིམ་བསྐལ་པ་གསུམ་བསྒོམས་པས། །སྒྲུབ་པས་བླ་མ་མཉེས་པ་ནི། །བསོད་ནམས་སྐད་ཅིག་ཁྱད་པར་འཕགས། །ཞེས་དང་། མདོ་རྒྱན་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་བསྟེན་བྱེད་ཟང་ཟིང་མིན། །ཞེས་དང་། སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱེད་པ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་དང་། ཡུམ་བར་མ་ལས། གང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གདམས་པ་དེ་བསྒྲུབ་པར་བརྩོན་པ་ལ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་སོ། །ཁྱད་པར་དུ་ཞབས་ཏོག་དང་སྲི་ཞུའི་གནས་ཅི་མཆིས་པ་ལུས་ངག་གིས་ལས་སུ་བསྡུ་ཞིང་། ཡིད་ཀྱི་སྒོ་ནས་བླ་མའི་རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་ནི་བསོད་ནམས་དམ་པའི་ཚོགས་མཐར་ཐུག་པ་དང་། ཐུགས་ཡིད་འདྲེས་པའི་ཆོས་ཉིད་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཀྱི་འབྲས་བུའི་ཐུས་ཀའམ་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་པའི་བསྐྱེད་རིམ་རྒྱ་མཚོ་ལ་གོམས་པར་བྱས་པ་སོགས་ལས་ཀྱང་ལམ་མྱུར་ཞིང་ཟབ་པ་ཡིན་ཏེ། འཁོར་ལོ་ཆུབ་བར། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམ་བྱ་བས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་གཉིས། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམས་བྱས་པས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེ་བས་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས། །བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། གང་གིས་ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གིས་ཆར་མི་ཕོད། །བསྙེན་སྒྲུབ་བཟླས་བརྗོད་ས་ཡ་དུང་ཕྱུར་བས། །བླ་མའི་གསོལ་འདེབས་ལན་གསུམ་བརྗོད་པ་ནི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་པས། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །གང་གིས་འདུ་འཛི་སྤངས་ནས་བསྒོམས་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་བསྒོམས་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཆར་འགྲུབ་པར་ངེས། །ཞེས་དང་། གསང་སྒྲོན་ལས། བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ཚིག་གཅིག་དགའ། །ལྷ་སྐུ་མ་སྒོམས་བླ་མ་སྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་བསྒོམས་པ་བསོད་ནམས་ཆེ། །ཞེས་དང་། དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་དང་། ཡེ་ཤེས་མངོན་ཕྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བསྒྲུབ། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་གསུངས་པས་མཚོན་ལུང་མཐའ་ཡས་སོ། །མདོར་ན་ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ཡི། །དམ་པ་མཆོག་གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུའང་དོན་མཐུན་སྤྱོད་པ་དང་། །མངག་གཞུག་བང་ཕྱིན་ཕྱག་དར་ཚུན་ཆོད་ཀྱང་། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །ཞེས་དང་། དེའི་འགྲེལ་པར། འདི་ལྟར་དགེ་བའི་ཚོགས་མཐའ་དག་པ་སྦྱོར་དངོས་རྗེས་གསུམ་ཚང་བ་དེ་ཐར་པའི་རྒྱུར་འགྱུར་བ་ལས་གཞན་དུ་མ་ཡིན་ན། རང་གིས་བགྱིས་པ་ནི་ཐབས་དང་ཤེས་རབ་མཐའ་དག་གིས་ཟིན་པ་ཞིག་རེ་ཞིག་དཀའ་ལ། དེའི་ཕྱིར་དམ་པའི་བླ་མ་ཕ་རོལ་དུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་ཞུགས་པ་ཞིག་གིས་དགེ་ལ་སྦྱོར་བའི་ལས་དང་། ཚོགས་གསོག་མཛད་པའི་ཁྲོད་དུ་རང་གི་བདོག་པའི་དངོས་པོ་དང་། ལུས་ངག་གི་ལས་དང་། ཐོས་བསམ་བསྒོམ་པའི་བྱ་བ་མཐའ་དག་དེ་དང་ཕྲུགས་གཅིག་ཏུ་སྤུངས་ཤིང་། ཐ་ན་བང་ཕྱིན་དང་། མངག་གཞུག་པའི་ལས་དང་། ཕྱག་དར་ཚུན་ཆོད་ལ་འབུངས་པས། བླ་མ་དམ་པའི་ཚོགས་རྣམ་པ་གཉིས་ཇི་ཙམ་རྫོགས་པ་དེ་སྲིད་དུ་རང་གི་ཚོགས་ཀྱང་འདུམ་པའི་ཚུལ་སྔགས་ལམ་མྱུར་བའི་དབང་དུ་བྱ་ནས་བླ་མ་བསྟེན་ཞིང་། བསྙེན་བཀུར་དང་། བསགས་སྦྱང་ལ་བརྩོན་པ་ཚོགས་ལམ་གྱི་དོད་ཐུབ་བར་བསྟན་ནས། དམ་པའི་བྱིན་རླབས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྦྱོར་བ་དང་། ཆོས་ཉིད་དངོས་སུ་མཐོང་བ་དང་། མཐོང་ཟིན་བསྒོམ་པར་བྱ་བ་དང་། བསླབ་བྱ་མཐར་ཐུག་པས་མི་སློབ་པའི་ལམ་དུ་འགྲོ་བའང་། རྒྱུད་ལས། བླ་མ་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ་། །བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་དེ་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །བསྒོམ་དུ་མེད་པའི་སྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པ་གནས་པ་ནི། །སྒོམ་པའི་ལམ་དུ་ང་ཡིས་བསྟན། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་བསྟན་པ་བཞིན་ནོ། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །བླ་མའི་བྱིན་རླབས་སེམས་ལ་མ་ཞུགས་ན། །ནམ་ཡང་གནས་ལུགས་ཟབ་མོ་རྟོགས་མི་སྲིད། །དེ་ཕྱིར་མདོ་རྒྱུད་ལམ་སྙིང་འདི་ཁོ་ན། །རྟག་ཏུ་བླ་མ་སྒྲུབས་ཤིག་ཤེས་ལྡན་རྣམས། །བླ་མའི་རྣམ་འབྱོར་གྱི་ཁྲིད་ཀྱི་སྐབས་སོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོའི་ཁྲིད་ཀྱི་རྒྱབ་ཆོས་ཅུང་ཟད་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་ལས་བཏུས་ཏེ་བཀོད་པའི་དགོས་པའང་། སྤྱིར་རྡོ་རྗེ་ཐེག་པའི་ལུགས་ལ། །སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཤད་དཀའ་ཞེས་ཡོངས་སུ་གྲགས་པ་ལས། ཐོག་མའི་འཇུག་སྒོ་སྨིན་བྱེད་ཀྱི་དབང་ནི་རྒྱུད་སྡེའི་དབང་གིས་དབྱེ་སྒོ་མང་ཡང་། སྔགས་བླ་མེད་ཀྱི་དབང་རྣམས་ནི་བུམ་གསང་ཤེས་རབ་དེ་ཁོ་ན་ཉིད་དེ་དབང་བཞིའི་ཁོང་སུ་འདུ་བ་ཡིན་ལ། དེའི་སྲོག་ནི་དམ་ཚིག་ལ་ཐུག་པས་རྩ་བ་དང་ཡན་ལག་གི་ད མ་ཚིག་རྣམས་མ་ཉམས་པར་སྲུང་བ་གལ་ཆེ་སྟེ། དབང་དང་དམ་ཚིག་མེད་པ་ལ་གསང་བ་ཟབ་མོ་ཉན་པའི་སྐལ་བ་ཙམ་ཡང་མེད་པའི་ཕྱིར། གལ་ཏེ་དེ་ལྟ་བུ་ལ་བསྟན་ན་དཔོན་སློབ་གཉིས་ཀ་འཚིག་པར་འགྱུར་བས་སོ། །དེ་ན་དབང་དང་དམ་ཚིག་གཞིར་བཞག་ཐོག་གྲོལ་བྱེད་ཀྱི་ཁྲིད་ནི་བླ་མ་རྟོགས་པ་དོན་བརྒྱུད་དང་ལྡན་ཞིང་ཉམས་མྱོང་སྒོམ་པའི་དྲོ་ཚད་དང་ལྡན་པ། གེགས་སེལ་བོགས་འདོན་གྱི་གནད་ལ་མཁས་པས། སློབ་མ་སྣོད་ལྡན་དད་བརྩོན་སྒྲུབ་པ་སྙིང་པོར་བྱེད་པ་ལ། མན་ངག་དོན་གྱི་སྙིང་པོ་བསྡུས་ཏེ་ཉམས་མྱོང་དམར་ཁྲིད་ཀྱི་ཚུལ་དུ་བཏབ་པས། དབང་པོ་རབ་ཁྲིད་ཟིན་པ་དང་གྲོལ་བ་དུས་མཉམ། འབྲིང་ཉམས་མྱོང་དང་རྟོགས་པའི་སྣེ་ཟིན། ཐ་མའང་ངེས་འབྱུང་དང་སྐྱོ་ཤས། དད་པ་དང་མོས་གུས། བྱམས་སྙིང་རྗེ་སྒྲུབ་ལ་བརྩོན་པ་སོགས་དཀར་པོའི་རིགས་ཀྱི་ཡོན་ཏན་གྱི་ནུས་པ་གོང་འཕེལ་དུ་གྱུར་ནས་ཐར་པའི་ལམ་སྣ་ཟིན་པར་བྱེད་པ་ཡིན། རྒྱབ་རྟེན་གྱི་ལུང་ནི་ཀློག་པ་པོ་སྤྱིར་དམ་པའི་ཡོན་ཏན་རྣམས་ཚང་དགོས་མོད་གཙོ་བོར་བརྒྱུད་པ་བར་མ་ཆད་ཅིང་དམ་སེལ་སོགས་ཀྱི་སྐྱོན་གྱིས་མ་བསླད་པ་ཞིག་གིས། ཉན་པ་པོ་དད་འདུན་དང་མོས་པ་ཡོད་པ་ཞིག་ལ། གང་བཀླག་བྱའི་གཞུང་དེའི་ཚིག་གི་ཟུར་ཕྱིན་ཅིང་སྒྲ་དག་ལ་གསལ་བས་ཉན་པ་པོའི་རྣ་བར་ཐོས་ངེས་སུ་བཀླགས་པས་དེའི་རྒྱུད་ལ་ཐོས་པའི་བག་ཆགས་འཇོག་པར་བྱེད་པ་ཡིན་པས་འདི་ལ་ཀློག་པ་པོ་སྒྲ་དག་ཅིང་གསལ་བ་དང་། ཉན་པ་པོའི་དད་པ་དང་འདུན་པ་གཙོ་ཆེ། བཤད་དཀའ་ནི་འཆད་པ་པོ་ཤེས་རབ་གསུམ་དང་ལྡན་ཞིང་ལྷག་པར་ཐོས་པས་རང་རྒྱུད་གྲོལ་བ་ཞིག་གིས་འཆད་ཡུལ་སློབ་མ་ཤེས་རབ་དང་བརྩོན་འགྲུས་ལྡན་པ་ལ། གང་འཆད་བྱའི་ཚིག་གི་དོན་ཉིད་ལུང་རིགས་ཀྱི་སྐྱ་བར་ནས་གཏོན་ཏེ་རྒྱས་བཤད་ཚིག་གི་སྤྲོས་པས་ཉན་པོའི་རྒྱུད་ལ་བསམ་བྱུང་གི་ཤེས་རབ་བསྐྱེད་ཅིང་ཐེ་ཚོམ་གྱི་སྒྲོ་འདོགས་སེལ་བར་བྱེད་པ་ཡིན་པས། འདི་ལ་མངོན་རྗེས་ལུང་གི་ཚད་མ་གསུམ་དང་བདེན་གཉིས་དཔྱོད་བྱེད་ཀྱི་རིག་པའི་རྣམ་འགྱུར་གཙོ་ཆེ། ཁྱད་པར་ངེས་དོན་ཟབ་མོ་འཆད་པ་ལ་རྟོན་པ་བཞི་དང་མི་འགལ་བར་རྡོ་རྗེ་ཐེག་པ་མཐའ་དྲུག་ཚུལ་བཞིའི་གནད་རྣམས་རིག་འཛིན་བརྒྱུད་པའི་མན་ངག་གི་སྣང་བ་ལ་བརྟེན་ནས་འཆད་དགོས་ཀྱི་ཐ་སྙད་རྟོག་གེའི་རིགས་ལམ་སྐམ་པོས་གར་ཡང་མི་ཕྱིན་ནོ། །དེས་ན་གཙོ་བོར་ལུང་གིས་ཐོས་པའི་བག་ཆགས་འཇོག བཤད་པས་བསམ་བྱུང་གི་ཤེས་རབ་བསྐྱེད་ཅིང་ཚིག་གི་འགལ་འགྲེལ་གཅོད། ཟབ་ཁྲིད་ཀྱིས་སྒོམ་བྱུང་གི་ཤེས་རབ་བསྐྱེད་ཅིང་དོན་རྒྱུད་ལ་སྤྱོད་པ་ཡིན་པས། འདི་ལ་གེགས་སེལ་བོགས་འདོན་དང་ཉམས་མྱོང་ངོ་སྤྲོད་གཙོ་ཆེ། བཤད་ཡམ་དང་ཚིག་ཚོགས་མང་མི་དགོས། དེའི་ཕྱིར་སྔོན་གྱི་མཁས་གྲུབ་དམ་པ་རྣས་ཀྱིས་ཁྲིད་ཡིག་ཏུ་ཉམས་ལེན་སྦར་བཅང་ཟབ་གནད་དམིགས་རྐང་ཙམ་དུ་བསྡུས་ནས་གསུངས་པའི་དོན་དེ་ཡིན། དེས་ན་ཁྲིད་རྒྱུན་ཙམ་ལ་རིག་འཛིན་སྔ་མ་རྣམས་ཀྱིི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་འཕགས་པས་དེ་ཉིད་བརྡ་འཕྲོད་ངེས་སུ་བཀླགས་པས་གོ་ཆོད་ཅིང་དོན་འགྲུབ་པ་ཡིན་ལ་དམ་པ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ཡང་དེ་ལྟར་གནང་སྲོལ་ཡོད་མོད། དེང་སང་སྒྲུབ་དུས་ཕལ་ཆེར་ཡོལ་ནས་ལུང་དང་རྟགས་ཙམ་གྱི་བསྟན་པར་ཉེ་བའི་དབང་གིས། མི་རྣམས་སྐྱོ་ཤས་དང་ངེས་འབྱུང་ཆུང་། སྒྲུབ་པ་ལ་མི་དགའ། ཐ་སྙད་ཀྱི་ཚིག་སྐམ་ཙམ་ལ་གློ་བ་ཞེན་པའི་དབང་གིས། དམ་པ་ཁ་ཅིག་ལ་སྲིད་མཐའ་མ་བཀག་ཙམ་ལ་ཕལ་ཆེར་དུ་ཉམས་མྱོང་ཟབ་ཁྲིད་ཀྱི་རྒྱུན་ཆད། ཁྲིད་ལུང་བཤད་པ་གསུམ་ལ་དབྱེ་བསལ་མེད་པ་ལྟ་བུར་སོང་བས། ཟབ་ཁྲིད་གཞུང་གི་དངོས་བསྟན་ཙམ་ལ། འཆད་པ་པོས་འཆད་གོ་མ་ཆོད། ཉན་པ་པོས་ཉན་གོ་མ་ཆོད་པ་ལྟར་སོང་བས་སྤྱི་དོན་ཅུང་ཟད་རེ་མ་སྤྲོས་ན། ཐབས་མེད་ལྟ་བུར་གྱུར་པས་འདི་ལྟར་བཏུས་པ་ཡིན་ཀྱང་། གཙོ་བོར་ནི་འཆད་ཡུལ་དང་འཆད་མཁན་གཉིས་ཀས་ཚིགས་ཚོགས་ཀྱིི་སྤྲོས་པ་ལྷུར་ལེན་པ་ཙམ་ལ་གཙོ་བོར་མི་བྱ་བར། རང་རྒྱུད་ལ་སྦྱར་ནས་ཉམས་སུ་ཅི་ལོན་ལ་བརྩོན་པ་གལ་ཆེ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་ཞིག །སྐོམ་ནས་ཤི་བར་འགྱུར་བ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ཉིད་བཀྲེས་ནས་ཤི་བ་ལྟར། །མ་བསྒོམས་{བསྒོམ་འདིའི་རིགས་འདི་ལྟར་ཞུས། }ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་བའི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། །བདག་ཉིད་གཅིག་ཙམ་མ་ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་སྐོམ་དག་མི་བདོག་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་འབྲིར་བཅུག་ཀྱང་། །བདག་ཉིད་ཀྱིས་ནི་མ་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནས་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་གཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོས་པར་མི་འགྱུར་བས། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་དང་། དཔེར་ན་རྐྱལ་མཁན་ཆུ་ཡིས་ཁྱེར་བ་ཞིག །རྐྱལ་བའི་ལོ་རྒྱུས་སེམས་ལ་ཡོད་གྱུར་ཀྱང་། །མ་རྐྱལ་བར་དུ་ཐར་བར་མི་འགྱུར་བས། །ཤེས་ནས་མ་བསྒོམས་ཆོས་ཀྱང་དེ་དང་མཚུངས། །དཔེར་ན་ཡུལ་པ་སོ་ནམ་མཁན་གྱི་མིས། །རང་གི་ཞིང་བསྐྱུར་རོགས་ལ་ལེགས་བསླབ་ཀྱང་། །སྟོན་ཐོག་སྨིན་ནས་རང་ལ་མེད་པ་བཞིན། །ཤེས་ནས་མ་བསྒོམས་ཆོས་ཀྱང་དེ་དང་མཚུངས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ཀྱང་། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྦྱངས་ན། །ནད་པས་སྨན་གྱི་རྐྱལ་བ་ཐོགས་པ་དག །རང་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་གསུངས། མང་དུ་ཐོས་པ་ཡིན་ཀྱང་སྨྲ་བ་ཁོ་ན་ལ་དགའ་བའི་སྐྱོན་མང་པོ་ལྷག་བསམ་བསྐུལ་བའི་མདོ་ལས་གསུངས་པ། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ནང་གི་སེམས་ལ་ཤིན་ཏུ་རིང་པར་འགྱུར། །ལུས་དང་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། །ཁེངས་པ་དང་ནི་མདུད་པ་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་གཉེན་ཤིན་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རིང་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྦགས་པའི་གཏམ་དག་ལ་ནི་དགའ་བ་སྐྱེད། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི༴ དེ་ནི་ལྷ་ཡི་ཚོགས་རྣམས་ཀྱིས་མི་བཀུར། །དེ་ཚེ་དེ་ལ་འདོད་པ་མི་བསྐྱེད་ལ། །སོ་སོ་ཡང་དག་རིག་ལས་ཉམས་འགྱུར་ཏེ། །སྨྲ་ལ་དགའ་བའི༴ ཞེས་དང་། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ༴ རྩྭ་བསྐྱོད་བཞིན་དུ་འགུལ་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟ་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ༴ གར་ལ་བལྟ་བའི་ཁྲོད་དུ་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི༴ དེ་ནི་གཡོ་ལྡན་ཡང་ཞིང་རེ་འཆང་ཡང་། །ཕྱིར་ཕྱིར་བཞིན་ནི་རྣམ་པར་འགྱེད་པར་བརྩམས། །འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ༴ མཐུ་ཆུང་བསྟི་སྟང་གིས་ནི་དགའ་འགྱུར་ཏེ། །མི་ཤེས་ལྡན་པ་གཡོ་ཞིང་འགྱུར་བ་ཡིས། །སྤྲེ་ལྟར་དེ་ཡི་སེམ་ནི་གཡོ་བར་འགྱུར། །རང་གི་བློ་ཡི་ཤེས་པ་དམའ་བའི་ཕྱིར། །རྨོངས་པ་དེ་ནི་གཞན་གྱི་དྲིང་ལ་འཇོག །དེ་ནི་ཉོན་མོངས་ཕྱོགས་ཀྱི་དབང་དུ་འགྲོ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །མིག་ཀྱང་འཁྲུལ་ཞིང་དེ་བཞིན་རྣ་བའང་འཁྲུལ། །སྣ་ཡང་འཁྲུལ་ཞིང་དེ་བཞིན་ལྕེ་ཡང་འཁྲུལ། །ལུས་ཀྱང་འཁྲུལ་ཞིང་ཡིད་ཀྱང་འཁྲུལ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ༴ དེ་ཡི་སེམས་ནི་རྣ་བའི་རྣམ་ཤེས་ལ། །རབ་ཏུ་ཆགས་ཤིང་སྒྲས་རྒྱགས་ཤེས་རབ་ཉམས། །ལོག་པར་སེམས་ཤིང་ལམ་ངན་འགྲོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་བྱ་བ་ལ་སོགས་པ་ནས། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེས་ནི་བདག་ཉིད་དགའ་བ་མི་འཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་འཐོབ་འགྱུར་པ། །ཚིག་གཅིག་ཙམ་ཞིག་བསོད་ནམས་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་རྗེས་སུ་གདམས་པར་མཛད་པ་ཡིན་ལ། རྒྱུ་མཚན་དེའི་ཕྱིར། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་ཞིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ། དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོའི་བར་དུ་ཐོས་པ་དང་བསམ་པ་བས་ནི། ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམ་པས་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་སོགས་ཞིབ་པར་གོང་དུ་བསྟན་པ་བཞིན་ལ། གཞན་ཡང་དཀོན་མཆོག་བརྩེགས་པ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱི་དགོན་པ་རབ་དགོན་དུ། །བླ་མེད་བྱང་ཆུབ་བརྙེས་པར་འགྱུར། །མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པ་སྤོང་འགྱུར་ཞིང་། །ཉེས་པ་ཇི་བཞིན་རྣམ་རིག་ནས། །དེ་དག་ལས་ནི་སེམས་རྟོག་འགྱུར། །ཁྱིམ་ནི་མྱུར་དུ་སྤངས་ནས་སུ། །དགོན་པ་ལ་ནི་གནས་འགྱུར་བ། །མཁས་པ་ཡང་དག་མཐོང་བ་རྣམས། །སངས་རྒྱས་རྣམས་ཀྱིི་རྗེས་སུ་སློབ། །གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་བདེན་པ་བརྟེན་བྱེད་ཅིང་། །དེ་དག་དགོན་པར་དགའ་འགྱུར་གྱི། །དེ་དག་ཁྱིམ་ལ་དགའ་མི་འགྱུར། །དེ་དག་སངས་རྒྱས་རྣམ་དག་གི། །སྤྱོད་ཡུལ་རྣམས་དང་མཚུངས་སྤྱོད་དེ། །གང་ཞིག་ལམ་འདིར་འཇུག་གྱུར་པ། །དེ་དག་བྱང་ཆུབ་རྙེད་དཀའ་མིན། །ཞེས་དང་། ཟླ་བ་སྒྲོན་མའི་མདོ་ལས། འདོད་པ་དག་ནི་རབ་ཏུ་བརྟེན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ཅིང་། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་བྱེད་པ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ། །གང་དག་འདོད་པ་ལྕི་སྐམ་མེད་བཞིན་སྤོངས། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་ནས་ཁྱིམ་ནས་མངོན་ཕྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ལ་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡིན། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པའང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པར་འདོངས་ཏེ་དགོན་པར་གནས་བྱེད་པས། །ཉོན་མོངས་སྤངས་ཏེ་བདུད་ཀྱིི་དཔུང་བཅོམ་ནས། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་ཕྱུང་སེམས་ཅན་གྱི། །མངོན་པར་ཕྱོགས་ཏེ་དགོན་པར་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །གང་དག་གནས་དང་རི་སུལ་དགའ་བ་ནི། །དགེ་སྦྱོོང་ཉིད་ཀྱི་རབ་བདེ་མྱོང་བར་འགྱུར། །གང་དག་བདག་གིར་བྱེད་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ། །གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །དགའ་དང་མི་དགའ་ལ་ནི་ཆགས་མེད་པ། །དེ་དག་འདི་ནི་རྟག་ཏུ་སེམས་རླུང་འདྲ། །གང་དག་སྡུག་བསྔལ་མཛའ་དང་བྲལ་བ་དང་། །གང་དག་སྡུག་བསྔལ་གནས་པ་མི་དགའ་བ། །མཐའ་དེ་གཉི་གའང་རབ་ཏུ་སྤངས་ནས་སུ། །མི་གང་ཆོས་ལ་དགའ་བ་དེ་དག་བདེ། །ཞེས་དང་། ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་། །རྣལ་འབྱོར་དག་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་འགྱུར། །ལུས་དང་ངག་དང་ཡིད་ནི་རབ་བསྡམས་པ། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང་། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཞིང་རྣམ་གྲོལ་རྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདིི་ཀུན་འབྱུང་། །ཞེས་དང་། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུ་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་སོགས་འདོད་ཆུང་ཆོག་ཤེས་དང་དབེན་པར་བསྟེན་པའི་ཕན་ཡོན་གྱི་བསྔགས་པ་རྒྱ་ཆེར་མདོ་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་དོན་ལ་དྲན་པ་ཉེ་བར་བཞག་སྟེ་ཚུལ་བཞིན་དུ་བསྟེན་པར་བྱ་དགོས་ལ། གལ་ཏེ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དོན་འཚོལ་མི་ནུས་པ་ཞིག་ཡིན་ཡང་གཞན་དབེན་པ་བརྟེན་པ་དང་བསྒོམ་བསྒྲུབ་ཉམས་ལེན་བྱེད་པ་རྣམས་ལ་བར་གཅོད་མི་བྱེད་ཅིང་དེ་ལ་དགའ་བས་རྗེས་སུ་ཡི་རང་བ་བསྐྱེད་པའང་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མདོ་སྡེ་སྐལ་བཟང་ལས། སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ་འཁོར་ཐེར་འབུམ་སྙེད་དང་བཅས་པ་ཞིག་བྱུང་བར་གྱུར་ཏེ། ཏིང་ངེ་འཛིན་སྟོན་ཏོ། །དེ་ཏིང་ངེ་འཛིན་སྟོན་པ་ན་དེའི་ཚེ་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་ཞིག་བྱུང་བས་ཐོས་ནས། དེས་བཙུན་མོ་སྟོང་དང་སྲས་སྟོང་ལ་སྨྲས་པ། ཏིང་ངེ་འཛིན་ཟད་པར་སྣང་བ་འདིའི་དོན་མི་ཤེས་སོ། །མ་ཤེས་པས་རྟོགས་པར་བྱར་ཡང་མི་ནུས་སོ། །དེ་ལྟ་ཡིན་ཀྱང་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ལ་བདག་ཅག་གིས་རྗེས་སུ་ཡི་རང་བར་ནི་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང་བཤད་པའི་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བར་བྱས་པས། དེ་དག་རྗེས་སུ་ཡི་རང་བའི་མོད་ལ་བསྐལ་པ་བརྒྱད་ཁྲིར་འཁོར་བ་ཕྱིར་བསྙིལ་ནས། དེ་ལས་ཁ་ཕྱིར་ཕྱོགས་པར་གྱུར་ཏེ། ཁྱིམ་ཅན་ཞེས་བྱ་བའི་གཟུངས་ཐོབ་པར་གྱུར་ཏེ། དགེ་བའི་རྩ་བ་དེས་ནི་སངས་རྒྱས་སུམ་འབུམ་དག་མཉེས་པར་གྱུར་ཏོ། །ཐམས་ཅད་དུ་ཡང་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །ལོག་པར་ལྟུང་བ་དང་མི་ཁོམ་པ་དག་ཏུ་ནམ་ཡང་ལྟུང་བར་མ་གྱུར་ཏོ། །རྒྱུ་དེ་ཁོ་ནས་མངོན་པར་རྫོགས་པའི་སངས་རྒྱས་པར་འགྱུར་རོ། །ཞེས་སོ། །མདོར་ན་དོན་དམ་རིག་པ་ལས། །གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུང་སྟེ་ཤི་བར་ཟད། །ཅེས་དང་། །མགོན་པོ་ཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ། །འཇིག་རྟེན་སྤྱོད་པ་དག་ལ་ཕན་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཡང་སྙིང་པོ་མི་གདའ་བས། །རང་གི་སེམས་ལ་བལྟ་བ་གོམས་པར་གྱིས། །ཞེས་གསུངས་པ་ལྟར་བདག་ལེགས་སུ་འདོད་པ་དག་གིས་བརྒྱུད་ལྡན་དམ་པའི་ཞལ་ལུང་ལ་སྙིང་པོར་བྱས་ཏེ་ཅི་ནུས་སུ་རང་གི་རྒྱུད་ལ་སྦྱར་བ་འདིི་ཁོ་ན་དོན་ཆེ་བས་དེ་དེ་བཞིན་དུ་མཛོད་ཅིག་ཅེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ལགས་སོ། །སྨྲས་པ། སྔོན་དུས་སྐྱེ་བོ་ངེས་འབྱུང་སྐྱོ་ཤས་ཆེ། །སྣོད་དང་བཅུད་འཛོམས་རྩེ་གཅིག་སྒྲུབ་ལ་དགའ། །གདམས་ཟབ་སྣ་རེས་སྐལ་ལྡན་སྨིན་གྲོལ་བྱེད། དེ་ཚེ་བཤད་ཡམ་མང་པོས་དགོས་པ་ཅི། དེང་སང་སྐྱེ་བོ་ཕལ་ཆེར་སྤྲོས་ལ་དགའ། །དོན་གནད་མི་མྱོང་ཚིག་མཐའ་འབའ་ཞིག་དེད། །མྱོང་ཁྲིད་རྒྱུན་ཆད་ཁ་བཤད་འུར་གྱིས་འགེངས། །དེ་ཕྱིར་འཆད་འདོད་རྣམས་ལ་ཚུལ་འདི་མཁོ། །མཁས་པའི་གཞུང་ལ་འདྲིས་ཆ་མ་བྱས་ཤིང་། །གྲུབ་པའི་ཉམས་མྱོང་དྲི་ཡིས་མ་གོས་པའི། །སྙིགས་དུས་བླ་མའི་གོ་ས་འཛིན་བྱེད་པ། །བདག་དང་བདག་འདྲའི་ཟོག་པོས་རྒྱལ་ཁམས་ཁེངས། །རང་གར་འདུག་ཚེ་བག་མེད་འདུ་འཛིས་གཡེངས། །དགོས་གལ་བྱུང་དུས་དཔེ་མང་ཀློག་པས་དུབ། །འཕྲལ་དུ་གང་དྲན་འབྲེལ་མེད་སྨྱོན་པའི་ངག །སྒྲོགས་ལ་བླུན་པོ་མ གུ་ཡང་མཁས་པས་ཁྲེལ། །གཞན་བརྗོད་རྗེས་ཟློས་བྲག་ཆའི་རོལ་མོའི་དབྱངས། །སྙན་ཡང་བརྒྱུད་པའི་བྱིན་རླབས་ཆུ་ཤིང་སྙིང་། །དེ་སླད་གྲུབ་པའི་རིག་འཛིན་མཆོག་རྣམས་ཀྱི། །གསུང་གི་ཟེགས་{ཟེག}མ་བསྡུས་འདི་དོན་ལྡན་ཉིད། །བདག་ནི་དམ་པ་མ་ཡིན་མཁས་པའང་མིན། །གྲུབ་པ་ལྟ་ཅི་བཟང་སྤྱོད་དྲི་ཡིས་དབེན། །འོན་ཀྱང་བླ་མ་རྫོགས་པའི་སངས་རྒྱས་དངོས། །ཞལ་མཇལ་གསུང་གི་གདམས་པ་ཤས་ཙམ་མྱོང། །ལུས་ངག་སྲི་ཞུས་ཞབས་ཏོག་མ་འགྲུབ་ཀྱང་། །མོས་གུས་རྡོ་ཡི་རི་མོ་སྙིང་དབུས་སུ། །ནམ་ཡང་བསྲུབ་ཏུ་མེད་པ་འདི་ཙམ་གྱིས། །དལ་བའི་རྟེན་ལ་སྙིང་པོ་བྱས་པར་རློམ། །འོན་ཀྱང་ཡུལ་རྐྱེན་བསིལ་བུས་རབ་བསྐྱོད་པའི། །གཡོ་བའི་ཀུན་རྟོག་ཀུ་ཤའི་རྩེ་མོ་བཞིན། །རྣམ་པར་གཡོ་བའི་སྣང་ཚུལ་འདི་མཐོང་ཚེ། །སྐྱོ་བའི་སེམས་ལ་སངས་པའི་དུས་ཀྱང་ཅི། །ཆོས་ལྟར་བཤད་ན་ཉན་མཁན་གཅིག་ཀྱང་མེད། །ཆོས་འགལ་སྨྲས་ན་ཉན་ཡང་རྣམ་སྨིན་ལྕི། །ཇི་ལྟར་བྱས་ཀྱང་སུ་ལ་ཕན་པར་ནུས། །ཀྱེ་མ་ཀྱེ་ཧུ་བླ་མ་དཀོན་མཆོག་མཁྱེན། །བྱས་ན་དགའ་བ་གཅིག་ཀྱང་མི་བྱེད་ལ། །མ་བྱས་བསམ་པ་བརྒྱ་ཕྲག་ཁུར་དུ་ལེན། །ཕན་པར་བསླབས་ཀྱང་ཐ་མ་འཁོན་གྱི་རྒྱུ། །འདི་འདྲའི་འཁོར་སློབ་མཐོང་ནས་སེམས་པ་སྐྱོ། །རང་རྒྱུད་མ་དུལ་གཞན་ཕན་ག་ལ་འབྱུང་། །རང་རྒྱུད་དུལ་ན་ཇི་ལྟར་བྱས་ཀྱང་རུང་། །ད་ནི་ཚེ་མཇུག་སྤྲིན་བར་ཉི་ཙམ་འདིར། །གཡེངས་པ་སྤངས་ལ་རྩེ་གཅིག་སྒོམ་པར་ཤོག །མི་འགྲུབ་དྲན་རྒྱ་སྔ་མ་དེ་ཙམ་ཡིན། །བྱས་བྱས་མང་པོའི་གྲུབ་འབྲས་ཅི་འདུག་སོམས། །ད་ནི་སྤྲང་པོ་རང་ཚུགས་བཟུང་བའི་དུས། །ཉམ་ཆུང་བས་མཐར་ཁྱི་བཞིན་འཆི་བར་སྨོན། །བདག་གི་ཡབ་གཅིག་དམིགས་མེད་ཐུགས་རྗེའི་གཏེར། །མི་མངོན་དབྱིངས་ནས་བརྩེ་བས་རྗེས་དགོངས་ཏེ། །རང་དབང་དམ་པའི་ཆོས་ལ་སྤྱོད་པ་དང་། །ཇི་ལྟར་སྨོན་པ་འགྲུབ་པའི་བྱིན་རླབས་སྩོལ། །ནམ་ཞིག་འདི་སྣང་ནུབ་པར་གྱུར་པའི་ཚེ། །གནད་གཅོད་ཚོར་བ་དྲག་པོ་མི་འབྱུང་ཞིང་། །འོད་གསལ་དག་པའི་སྣང་བས་མདུན་བསུས་ཏེ། །ཁྱབ་བདག་བླ་མའི་ཞབས་དྲུང་སྐྱེ་བར་སྨོན། །དེར་ནི་རིག་འཛིན་འདུས་པའི་ཚོགས་རྣམས་དང་། །ལྷན་ཅིག་གསང་སྔགས་ཟབ་མོའི་སྤྱོད་པ་ཡིས། །དཀའ་བ་མེད་པར་ལམ་གྱི་འཕྲོ་མཐུད་ནས། །དཔལ་མགོན་བླ་མའི་གོ་འཕང་མངོན་བྱེད་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཕྲེང་བ་རུ། །དགོན་གོག་ཁ་འཛིན་མི་དགེའི་བཤེས་གཉེན་དང་། །སྡིག་སྤྱོད་རྒྱལ་བློན་བྲན་འཁོར་ཕོ་ཉ་བ། །ངན་འགྲོ་ལོག་པར་ལྟུང་བར་བདག་མ་སྐྱེས། །བསྟན་སེལ་འཇུག་པའི་རྟོག་གེ་ཐ་སྙད་མཁན། །སྟོང་པ་ཁ་ཁྱེར་རྒྱུ་འབྲས་ཁྱད་གསོད་དང་། །མ་གྲུབ་གྲུབ་བརྫུས་གཞན་མགོ་བསྐོར་བ་ཡི། །རང་གཞན་གཉིས་ཕུང་ལུས་སུ་བདག་མ་སྐྱེས། །གནས་བརྟན་ལས་བྱེད་ནང་ཁྲིམས་པ་ལ་སོགས། །དམ་པ་རྣམས་ཀྱིས་སྨོད་ཅིང་སྤངས་པ་ཡི། །གནས་ངན་རྣམས་སུ་ནམ་ཡང་མི་སྐྱེ་བར། །རྟག་པར་དམ་པའི་ཆོས་དང་མི་འབྲལ་ཤོག །མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར་པ་ཡི། །རྣམ་དག་དལ་བའི་རྟེན་བཟང་ལེགས་རྙེད་ཅིང་། །རྟག་ཏུ་དཔལ་མགོན་བླ་མ་མཉེས་བྱས་ནས། །ངེས་དོན་སྙིང་པོའི་རིང་ལུགས་འཛིན་གྱུར་ཅིག །རྨི་ལམ་ན་ཡང་སྡིག་སེམས་མི་སྐྱེ་ཞིང་། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །ཚོགས་གཉིས་ཟུང་འབྲེལ་རྒྱལ་བ་དགྱེས་པའི་ལམ། །ཚང་ལ་མ་ནོར་ཇི་བཞིན་སྤྱོད་པར་ཤོག །ཁྱད་པར་མཚན་ཉིད་ཀུན་ལྡན་བླ་མ་ལས། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས། །ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བྱེད་ཤོག །ནམ་ཞིག་རང་དོན་རྫོགས་ནས་གཞན་གྱི་དོན། །སྒྲུབ་ལ་དཀའ་བ་མེད་པའི་མཐུ་ཐོབ་ཚེ། །སྐད་ཅིག་ཙམ་ཡང་སྐྱོ་སེམས་མི་བགྱིད་པར། །མ་ལུས་འགྲོ་ལ་ཕན་བདེ་བྱེད་པར་ཤོག །མཁའ་ཁྱབ་ཞིང་དུ་རྣམ་འཕྲུལ་ཚད་མེད་པས། །རྒྱལ་མཆོད་དམ་ཆོས་ཀུན་འཛིན་འགྲོ་སྨིན་བྱེད། །ཀུན་བཟང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །དཔལ་མགོན་བླ་མའི་ཕྲིན་ལས་ཀུན་འགྲུབ་ཤོག །ཀྱེ་ཧོ་བདག་ལ་འདུན་པའི་མི་ཡོད་ན། །ཚེ་འདིའི་ལྟོ་གོས་ཕྱེད་ཙམ་སུ་ལའང་ཡོད། །ཕྱི་མར་ཕན་པའི་ཆོས་ནི་སུ་ལའང་དཀོན། །རང་གིས་རང་བསླུ་མ་བྱེད་བསམ་གཞིག་ཐོངས། །དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །སྔོན་བསགས་བཟང་པོས་འབྱོར་པ་ད་རེས་ཙམ། །རང་གིས་བརྩོན་ན་བྱང་ཆུབ་གམ་ན་འདུག །དོན་མེད་སྟོང་ལོག་བྱས་ན་ཀྱེ་མ་བླུན། །ལང་ཚོའི་མེ་ཏོག་མགུལ་རྒྱན་ཡུད་ཀྱིས་རྙིང་། །དཔལ་འབྱོར་རྩྭ་ཁའི་ཟིལ་ཐིགས་མི་བརྟན་གཡོ། །ཚེ་སྲོག་གློག་གི་ཟློས་གར་ཡིད་བརྟན་ཅི། །དེ་རིང་ཉིད་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །འདུ་བྱེད་ལས་ནི་ལུས་དང་གྲིབ་མ་བཞིན། །བདེ་སྡུག་མི་འཆོལ་དཀར་ནག་འབྲས་བུ་སྨིན། །ལས་ལས་མཐུ་ཆེ་སྲིད་པ་གསུམ་ན་སུ། །དེ་ཕྱིར་འཇུག་ལྡོག་ལག་ལེན་གནད་དུ་དྲིལ། །རྒ་ཤི་མེད་པའི་བཅུད་ལེན་མ་གྲུབ་ན། །སྲིད་པའི་འགྲོ་བ་གཅོང་ཆེན་ནད་པ་བཞིན། །གནས་རིས་གང་ནའང་བདེ་བའི་གོ་སྐབས་ཅི། །རྣམ་གསུམ་སྡུག་བསྔལ་ཟུག་རྔུ་རྒྱུན་མི་འཆད། །དེ་ལས་སྐྱོབ་ནུས་བླ་མ་དཀོན་མཆོག་གསུམ། །སྐྱབས་འདིས་ནམ་ཡང་བསླུ་བ་མི་སྲིད་པས། །ཡིད་ཆེས་དད་པས་སྐྱབས་སུ་བསྟེན་ནུས་ན། །སྲིད་པའི་ཀླུང་ཤུགས་ཟློག་ན་ཕལ་ཅི་སྨོས། །རྨོངས་པ་ཁ་ཅིག་འདྲེ་ལའང་སྐྱབས་སུ་འགྲོ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་གཏད་མེད། །རང་ཕུང་གཞན་ཕུང་ཡི་དྭགས་དམྱལ་བའི་རྒྱུ། །ཚུལ་འདི་བསམ་གྱིན་སྙིང་ནས་མཆི་མ་དཀུ། །ཚད་མེད་རྣམ་བཞིའི་ཤིང་རྟའི་རླུང་ཤུགས་ཀྱིས། །ཉེར་དྲངས་སྨོན་འཇུག་སེམས་གྱི་འོད་དཀར་ཅན། །སྲིད་ཞིའི་གདུང་བ་འཕྲོག་པའི་དུག་སེལ་བཅུད། །ཐེག་ཆེན་ལམ་གྱི་རྩ་བ་འདི་ཁོ་ན། །བདག་བདེ་འདོད་ལ་ཉེས་པ་ཀུན་བརྟེན་ཞིང་། །གཞན་ཕན་བསྒྲུབས་ལས་སངས་རྒྱས་འབྲས་བུ་སྨིན། །དེ་ཕྱིར་དེ་ཡི་ཁེ་ཉ ེན་ཤེས་བྱོས་ལ། །རྟག་པར་ཕྱིན་དྲུག་ལམ་ལ་སློབས་ཤིག་ཀྱེ། །བསྐལ་མང་བསགས་པའི་སྒྲིབ་པའི་བུད་ཤིང་ཚོགས། །ཡུད་ཀྱིས་ཟ་བ་འཇིག་བྱེད་དུས་ཀྱི་མེ། །སྟོབས་བཞིའི་རླུང་གིས་བསྐུལ་བའི་བཟླས་སྒོམ་ལ། །བརྩོན་གང་སྤྲིན་བྲལ་ཟླ་བ་བཞིན་དུ་མཛེས། །ཞིང་ས་གཤིན་ལ་ས་བོན་ལེགས་བཏབ་བཞིན། །གང་དང་འབྲེལ་ན་ཚོགས་གཉིས་འབྲུའི་བང་མཛོད། །ཡོངས་སུ་འགེངས་བྱེད་དཀོན་མཆོག་རྩ་བ་གསུམ། །སྐུ་གསུམ་འབྱོར་པས་བསྙེན་གང་འབྲས་བུར་བཅས། །སྒྲིབ་གཉིས་མ་བྱང་ཚོགས་གཉིས་མ་རྫོགས་པའི། །སངས་རྒྱས་གང་ནའང་མི་འབྱུང་བྱུང་སྲིད་ན། །ཡང་དག་མ་ཡིན་མདོ་རྒྱུད་ལུང་དང་འགལ། །དེ་ཕྱིར་བསགས་སྦྱང་གཉིས་ལ་བརྩོན་པ་གལ། །རང་ལ་དྲིན་ཐོབ་རྩ་བའི་བླ་མ་དེ། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །བཀའ་དྲིན་སངས་རྒྱས་ལས་ཀྱང་ཁྱད་པར་འཕགས། །མཉེས་པ་གསུམ་གྱིས་བསྟེན་རྣམས་སྐལ་བ་བཟང་། །དོན་བརྒྱུད་དགོངས་པའི་བྱིན་རླབས་མ་འཕོས་ན། །སྒྲིན་པོའི་བློ་ཡིས་གནས་ལུགས་རྟོགས་མི་སྲིད། །དད་པ་ཅན་ལ་མ་སྦས་ཁོང་ནས་འཆར། །དེ་ཕྱིར་བླ་མའི་རྣལ་འབྱོར་ལམ་གྱི་མཆོག །ཕྱག་མཆོད་སྡིག་བཤགས་ཡི་རང་བསྐུལ་ལ་སོགས། །ཐབས་ལ་མཁས་པས་བསྐལ་པ་མང་པོའི་ཚོགས། །སྐད་ཅིག་འདུམ་བྱེད་གང་དེའི་བསོད་ནམས་ཕུལ། །གཟུགས་སུ་གྲུབ་ན་ནམ་མཁའ་སྣོད་དུ་ཆུང་། །གསོལ་གདབ་དབང་ལེན་ལ་སོགས་གང་ལ་ཡང་། །བླ་མ་སངས་རྒྱས་མཐོང་བའི་མོས་གུས་གཅེས། །མོས་གུས་མེད་ན་ཅིས་ཀྱང་ཕན་མི་ཐོགས། །མོས་གུས་ཡོད་ན་ཇི་ལྟར་བྱས་ཀྱང་རུང་། །ཀུན་རྫོབ་གཟུགས་སྐུའི་བླ་མ་འདུ་འབྲལ་ཡོད། །དེ་ལ་གདུང་བ་མི་དགོས་སྐལ་ལྡན་རྣམས། །དོན་དམ་ཆོས་སྐུའི་བླ་མ་འདུ་འབྲལ་མེད། །རང་སེམས་བླ་མར་རྟོགས་ན་དེ་ཀ་རང་། །དེ་བས་སྐལ་བཟང་དོན་མཐུན་གྲོགས་པོ་རྣམས། །བླ་མའི་རྣལ་འབྱོར་ལན་གྱི་སྙིང་པོར་ཟུངས། །ཐུགས་ཡིད་བསྲེས་ལ་དགོངས་པའི་ཉམས་སྐྱོངས་དང་། །ཉམས་ལེན་གནད་ཀུན་འདི་རུ་མ་འདུས་མེད། །བསྐྱེད་བཟླས་རྫོགས་སོགས་ལམ་ཁྱེར་གནད་ཀུན་གྱི། །འབྲས་བུའི་ཐུག་ས་འདི་ཡིན་གཞན་དུ་མིན། །དེ་ཕྱིར་རྟག་ཏུ་བརྩོན་པའི་སྐལ་བཟང་ལ། །ནམ་ཡང་འབྲལ་བ་མེད་དོ་གྲོགས་མཆོག་རྣམས། །དེ་ལྟར་བཤད་པའི་དགེ་བས་མཁའ་ཁྱབ་འགྲོ། །ནམ་ཡང་བླ་མ་མཆོག་གིས་རྗེས་བཟུང་སྟེ། །ཐེག་མཆོག་ལམ་གྱི་རྟེན་འབྲེལ་ཀུན་འགྲིགས་ནས། །རྫོགས་སྨིན་སྦྱངས་པ་མཐར་ཕྱིན་སངས་རྒྱས་ཤོག །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་སྡེ་རྒྱས་རྒྱལ་ཁམས་བདེ་ཞིང་སྐྱིད། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་པ་ཡི། །བཀྲ་ཤིས་དཔལ་གྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའང་སྔོན་སོར་རིག་འཛིན་གྲུབ་པའི་ཁྱུ་མཆོག་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཞལ་སྔ་ནས། ཁྱོད་ནས་ཀྱང་སྔོན་འགྲོ་རེ་ཙམ་ལ་བཤད་རྒྱུ་བྱུང་ན་ལེགས་པའི་གསུང་འཕྲོས་ཕེབས་པ་བཞིན། རང་གི་བསྙེལ་གསོས་ཙམ་དུ་བློ་ལྡོག་རྣམ་བཞི་ཡན་ལ་ཟིན་ཐུན་ཞིག་བཏབ་ཀྱང་། ཡུལ་རྐྱེན་འགའ་ཞིག་ལ་བརྟེན་ནས་དགོས་འབྲེལ་མེད་པར་མཐོང་སྟེ་སྤྲོས་པ་སྐྱུང་བ་ལ། སླད་ནས། རང་བཞིན་བཟང་པོ་གསེར་ལྟར་འགྱུར་བ་མེད་པའི་མཆོག་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང་། གཅུང་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་གཉིས་ནས་བྲི་གཞིའི་སྣག་ཤོག་གི་མཐུན་སྦྱོར་བཅས་ནན་གྱིས་བསྐུལ་བའི་གསུངས་ངོ་མི་ལྡོག་ཙམ་དུ། རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་རིགས་བདག་ཏུ་ཐོབ་པའི་དགེ་སྦྱོང་རྒན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལམ། རྒྱལ་བའི་སྲས་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སུ་འབོད་པས། རང་ལོ་ང་གཅིག་པ་ལྕགས་བྱ་ས་ག་ཟླ་བའི་དུས་ཚེས་དགེ་བར། མདོ་ཁམས་སེེང་གེ་གནམ་རྫོང་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མཛེས་པའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ། །།
༈ ༀ་སྭསྟི། གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་ལས། །གློ་བུར་གཟུང་འཛིན་འཁྲུལ་པས་བསླད་པའི་འགྲོ། །ཡེ་གྲོལ་གདོད་མའི་རྒྱལ་སར་དབུགས་འབྱིན་པའི། །ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔས་སྐྱོངས། །རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ། །གནས་སྐབས་གདུལ་བྱའི་ཁམས་དབང་དཀྲི་ཚུལ་ལས། །མཐར་ཐུག་ངེས་དོན་ཟབ་མོར་གཞོལ་ཞིང་འབབས། །ཐེག་པ་གཅིག་སྟེ་གཉིས་སུ་དབྱེ་བ་མེད། །དེ་སླད་དང་པོའི་ལས་ཅན་འཇུག་པའི་སྒོ། །ཐུན་མོང་སྔོན་འགྲོའི་ཁྲིད་ཀྱི་རྒྱབ་ཡིག་འདི། །སྔོན་བྱོན་རིག་འཛིན་བརྒྱུད་པའི་གསུང་རབ་ལས། །བཏུས་ཏེ་རང་གཞན་སྨན་པའི་བསམ་པས་བཀོད། །དེ་ཉིད་གཅིག་ལས་དུ་མར་འཆར་བ་ཡི། །འཕྲུལ་ཆེན་སྤར་གྱི་ཟླ་བ་གསར་པ་འདི། །དད་གཏོང་འབྱོར་པའི་ཡོན་གྱིས་མངོན་མཐོང་བའི། །ཨ་དྲན་གྲྭ་ཚབ་བྱམས་པ་དགེ་ལེགས་དང་། །མི་འགྱུར་སྒྲོན་མ་འགྱུར་དགའ་མ་བུ་ནས། །ཡོན་སྦྱར་གཞི་བསམ་སྦྱོར་བ་རྣམ་དག་པས། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེར། །རབ་ཚེས་ཤིང་ཕོ་བྱི་བའི་ལོ་ལ་སྒྲུབ། །འདིས་མཚོན་ལེགས་བྱས་རྣམ་དཀར་ཅི་བསགས་པ། །འཁོར་གསུམ་རྟོག་པའི་རྙོག་མས་བསླད་མིན་པར། །འཇམ་དཔལ་ཀུན་ཏུ་བཟང་པོའི་ཡོངས་བསྔོ་བཞིན། །བྱང་ཆེན་རྒྱ་མཚོར་རོ་གཅིག་འདྲེས་གྱུར་ཅིག །རྒྱུ་སྦྱོར་འཁོར་བཅས་ཚེ་འདིར་རྒུད་ཀུན་ཞི། །ཚེ་བསོད་དཔལ་འབྱོར་རིགས་ཆོས་གོང་དུ་འཕེལ། །སྐྱེ་ཀུན་ཐེག་མཆོག་ལམ་ལས་ཕྱིར་མི་ལྡོག །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཁྱད་པར་དམིགས་ཡུལ་འཇམ་དབྱངས་རབ་བརྟན་གཙོས། །མཁའ་ཁྱབ་འགྲོ་ཀུན་སྒྲིབ་ཚོགས་མྱུར་བྱང་ཞིང་། །མི་ཁོམ་གཏན་སྤངས་དལ་འབྱོར་རྫོགས་པའི་རྟེན། །མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར་གྱུར་ཅིག །དེར་ནི་ཐེག་མཆོག་སྙིང་པོའི་རིགས་སད་ནས། །མདོ་སྔགས་ལམ་ལ་མ་ནོར་ཚུལ་བཞིན་བསླབ། །དཀའ་བ་མེད་པར་རྫོགས་སྨིན་སྦྱངས་མཐར་ཕྱིན། །ཁྱབ་བདག་རྡོ་རྗེ་སེམས་དཔའ་མྱུར་འགྲུབ་ཤོག །གཞན་ཡང་རིས་མེད་བསྟན་འཛིན་སྐྱེས་བུ་རྣམས། །ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་ཞིང་། །ཟབ་རྒྱས་ཆོས་འཁོར་རྟག་པར་བསྐོར་བ་དང་། །བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས་གྱུར་ཅིག །རྟག་པར་དགེ་འདུན་མཐུན་ཞིང་བཞེད་དོན་འགྲུབ། །རྒྱལ་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བ་རྒྱས། །ནད་མུག་འཁྲུགས་སོགས་རྒུད་པའི་མིང་མི་གྲགས། །རྫོགས་ལྡན་དུས་སྟོན་གསར་དུ་ངོམ་གྱུར་ཅིག །ལེགས་བྱས་རྨད་བྱུང་འཕྲུལ་ཆེན་སྤར་འདི་ཡང་། །སྲིད་མཐའི་བར་དུ་མི་ཉམས་རྟག་གནས་ཤིང་། །གཞན་ཕན་ཕྲིན་ལས་མཁའ་དང་རབ་མཉམ་སྟེ། །འགྲོ་མང་རྣམ་གྲོལ་མཆོག་ལ་སྦྱོར་བྱེད་ཤོག །བཀྲ་ཤིས་གང་ཞིག་སྲས་བཅས་རྒྱལ་རྣམས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཁྱེན་བརྩེ་ནུས་པའི་སྟོབས། །ཡེ་ཤེས་ཡོན་ཏན་དགེ་མཚན་ཅི་མཆིས་ཀུན། །དེང་འདིར་སྒྲིབ་མེད་མངོན་སུམ་སྣང་གྱུར་ཅིག །ཅེས་སྤར་བྱང་སྨོན་ཚིག་ཉུང་ངུ་འདི་ཡང་རྣམ་དཀར་སྒྲུབ་པ་པོའི་ཐུགས་བཞེད་བཞིན་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དགེའོ། །དགེའོ། །དགེའོ། །།


previousབྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད།no next