Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར།next

དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་སྔར་བས་ལྷག་པར་གྱུར་ཅིང་གཞན་དག་ལ་ཡང་སྐུལ་བར་བྱེད་དེ། དེའི་ཚེ་རྒྱལ་པོའི་གཅུང་ཞིག་ནི་མུ་སྟེགས་སྟོན་པ་སྡེ་དྲུག་ལ་དད་ནས་བཅོམ་ལྡན་འདས་མཆོད་པར་མི་བྱེད་དོ། །དེ་ལ་རྒྱལ་པོས་ནན་ཏན་གྱིས་སངས་རྒྱས་ལ་བསྙེན་བཀུར་བྱེད་པར་བསྐུལ་བས། རྒྱལ་པོའི་ངག་མ་ཆོག་ནས། ཆོས་སྟོན་ཆེན་པོ་བཤམས་ཏེ། ཐོག་མར་སྟོན་པ་དྲུག་བོས་ནས་གྲལ་གྱི་གོང་དུ་བཞག དེ་ནས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ནས་གྲལ་གཤམ་དུ་བཞུགས་སུ་གསོལ་བ་ལས། བཅོམ་ལྡན་འདས་ཀྱི་བྱིན་གྱིས་སྟོན་པ་དྲུག་གྲལ་གྱི་ལྟག་ན་འདུག་པའང་གྲལ་གྱི་ཐ་མར་སོང་། སླར་ཡང་ལང་སྟེ་གྲལ་ལྟག་ཏུ་སོང་ཡང་སྔ་མ་ལྟར་གྱུར་ཏེ་དེ་ལྟར་ལན་གསུམ་གྱི་མཐར་མཐུ་མེད་པར་གྱུར་ཏེ་གྲལ་མཐར་འདུག་གོ །དེ་བཞིན་དུ་ཡོན་བདག་གིས་ཆུ་སྣོད་ཐོགས་ཏེ་ཆུ་བྲིམ་པ་ནའང་སྟོན་པ་དྲུག་ལ་སྔོན་དུ་བྲིམ་པས་ན་ཆུ་སྣོད་ཀྱི་ཁ་འགགས་ཏེ་ཆུ་མ་བྱུང་། སྨོན་ལམ་གདབ་པར་གསོལ་བ་ནའང་སྟོན་པ་དྲུག་གི་ཁ་འཐམ་ནས་སྨྲ་མ་ནུས། བསོད་སྙོམས་བྲིམ་པ་ནའང་ཞལ་ཟས་རྣམས་སྟེང་གི་ནམ་མཁར་འཕགས་ཏེ་བྲིམ་དུ་མེད་པར་གྱུར་པས། ཕུད་ཀྱིས་སངས་རྒྱས་འཁོར་བཅས་ལ་མཆོད་ཅིང་ལྷག་མ་རྣམས་སྟོན་པ་དྲུག་ལ་བྱིན་ནོ། །དེ་ནས་ཆོས་སྟོན་པ་ན། སྟོན་པ་དྲུག་ཁ་འཐམ་ནས། སངས་རྒྱས་ལ་གསོལ་ཅིག་ཅེས་པའི་ལག་གིས་བརྡ་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། གཟུགས་ཅན་སྙིང་པོའི་གཅུང་དེ་ཡང་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ཅིང་། གཞན་མང་པོ་ཞིག་འབྲས་བུ་བཞི་ལ་སྦྱར་ཞིང་། ཁ་ཅིག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེར་ཐམས་ཅད་ཀྱིས་སྟོན་པའི་ཁྱད་པར་ཤེས་ནས། སྟོན་པ་དྲུག་ལ་བསྙེན་བཀུར་བྱེད་པ་མ་བྱུང་བས། དེ་དག་སེམས་འཁྲུགས་ཏེ་སོ་སོར་དབེན་པར་གནས་པ་ན། བདུད་སྡིག་ཅན་གྱིས། བདག་གིས་ཡུན་རིང་པོ་ཞིག་ནས་དགེ་སྦྱོང་ག་ཏ་མ་ལ་གནོད་པ་དུ་མ་བརྩམས་ཀྱང་སྐབས་མ་རྙེད་ཀྱིས། ད་ནི་སྟོན་པ་དྲུག་ལ་ཅོ་འདྲི་ཞིག་བྱའོ་སྙམ་ནས། བདུད་སྡིག་ཅན་ཉིད་རྫོགས་བྱེད་ཇི་ལྟ་བར་སྤྲུལ་ཏེ། ཕྱུགས་ལྷས་ཀྱི་བུ་མ་སྐ་རི་དང་། རྣམ་པར་སྨྲ་བའི་བུ་ཀུན་ནས་རྒྱལ་བ་དང་། སྐྲའི་ལྭ་བ་ཅན་མི་ཕམ་པ་དང་། ཀཱ་ཏྱ་ཡ་ན་ནོག་ཅན་དང་། གཉེན་གྱི་བུ་གཅེར་བུ་པ་རྣམས་ཀྱི་ཐད་དུ་ཕྱིན་ནས། དེ་དག་གི་མདུན་གྱི་མཁར་མེ་འབར་བ་དང་། ཆུ་འབབ་པ་དང་། གློག་འགྱུ་བ་སོགས་ཆོ་འཕྲུལ་མང་པོ་བསྟན་ནས། དེ་ལྟ་བུའི་ཡོན་ཏན་དང་ནུས་པ་ཐོབ་པར་སྨྲས་ཤིང་། དེ་བཞིན་དུ་ལྷག་མ་གཞན་ལྔར་ཡང་སྤྲུལ་ནས། དེ་ལྟར་བསྟན་ཅིང་གོ་བར་བྱས་པས། དེ་དག་གིས་བདག་གཅིག་པུ་མ་གཏོགས་གཞན་རྣམས་ནི་མཐུ་དང་རྫུ་འཕྲུལ་ཆེ་བ་འབའ་ཞིག་གོ་སྙམ་མོ། །དེ་ནས་དུས་ཕྱིས་ཞིག་ན་སྟོན་པ་དྲུག་པོ། འདུན་ཁང་གཅིག་ཏུ་འདུས་ཤིང་ཚོགས་པ་ན། སྔོན་ནི་སྐྱེ་བོ་རྣམས་ཀྱིས་བདག་ཅག་ལ་བསྙེན་བཀུར་བྱེད་ན། ད་ནི་དགེ་སྦྱོང་ག་ཏ་མས་ཁ་དྲངས་ཀྱི། འོ་སྐོལ་གྱི་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་གྱི་སྟོབས་འགྲན་པར་བྱས་ཏེ། ཁོས་རྫུ་འཕྲུལ་གཅིག་སྟོན་ན་འོ་སྐོལ་གྱིས་གཉིས་སྟོན། ཁོས་གཉིས་སྟོན་ན་བདག་ཅག་གི་བཞི་སོགས་ཉིས་འགྱུར་སུམ་འགྱུར་དུ་བསྟན་པར་བྱའོ། །ཞེས་གྲོས་བྱས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་ཕྱིན་ནས། རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་སྔོན་དུ་འགྲོ་བས། བདག་ཅག་རྣམས་ནི་ཆོ་འཕྲུལ་དང་ལྡན་ཞིང་ཤེས་པར་སྨྲ་ལ། དགེ་སྦྱོང་ག་ཏ་མ་ཡང་དེ་ལྟར་དུ་སྨྲ་ན་བདག་ཅག་ལྷན་དུ་ཆོ་འཕྲུལ་འགྲན་པར་འཚལ་བས། རྒྱལ་པོས་བདག་ཅག་སྤྲོད་ཅིག་ཅེས་སྨྲས་པས། རྒྱལ་པོས་ཁྱེད་རྣམས་རེ་གླེན། སངས་རྒྱས་ནི་ཡོན་ཏན་ཆེ་བ། རྫུ་འཕྲུལ་ཆེ་བ་ཆོ་འཕྲུལ་ཐོགས་པ་མེད་པ་ཡིན་ན། ཁྱེད་ཅག་སྲིན་བུ་མེ་ཁྱེར་ཉི་མ་ལ་འགྲན་པའམ། བ་རྨིག་གི་ཆུ་རྒྱ་མཚོ་ལ་བསྒྲུན་པའམ། ཝས་སེང་གེ་ལ་འགྲན་པའམ། བྱི་བྲུན་གྱིས་རི་རབ་ལྷུན་པོ་ལ་འཕངས་མཐོ་དམན་འགྲན་པ་དང་འདྲ་སྟེ། ཆེ་ཆུང་ཁྱད་ཞུགས་པར་མངོན་པས། ངན་པར་ལྟ་བ་ཁྱེད་ཧ་ཅང་གླེན་ཆེས་སོ། །དེ་དག་ན་རེ། མངོན་རྟགས་ཕྱིས་གཟིགས་པར་འགྱུར་བས་ཅིས་ཀྱང་འགྲན་པར་ཞུས་སོ། །དེར་རྒྱལ་པོས། ཁྱེད་ཅག་སྐྱེངས་ཀྱི་དོགས་ཀྱི་{དོག}གི། དེ་ལྟ་ན་ངེད་ཀྱིས་ཀྱང་ཁྱོད་ཀྱི་ཆོ་འཕྲུལ་མཐོང་བར་གྱིས་ཤིག སྟོན་པ་དྲུག་གིས་ད་སྟེ་ཞག་བདུན་ནའོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་ལ། སྟོན་པ་དྲུག་གི་ཆོ་འཕྲུལ་འགྲན་ཞེས་མཆི་སྟེ་བདག་གི་བཀག་ཀྱང་མ་ཐུབ་ཀྱིས། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གྱི་མཐུ་བསྟན་ཏེ། ངན་པར་ལྟ་བ་ལས་བཟློག་ནས། དགེ་བ་ལ་བཀོད་དུ་གསོལ། ཆོ་འཕྲུལ་བསྟན་པ་ཡང་བདག་ཅག་གིས་མཐོང་བར་མཛད་དུ་གསོལ། བཀའ་སྩལ་པ། ད་བདག་དུས་མཁྱེན་གྱིས་གང་དུ་འགྲན་པའི་གནས་ཡངས་པ་ཞིག་ཏུ་བྱི་དོར་གྱིས་ཤིག དེར་རྒྱལ་པོས་གནས་ཡངས་པར་ཕྱག་དར་དང་། སེང་གེའི་ཁྲི་སོགས་རྒྱན་བཀོད་ཕུན་སུམ་ཚོགས་པར་བྱས་སོ། །དེར་ཆོ་འཕྲུལ་འགྲན་པའི་དུས་ལ་བབས་པ་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡངས་པ་ཅན་དུ་གཤེགས་སོ། །དེར་སྟོན་པ་དྲུག་པོས་དགེ་སྦྱོང་ག་ཏ་མ་བྲོས་སོ་སྙམ་སྟེ། ང་རྒྱལ་དང་སྤྲོ་བ་ལྷག་པར་སྐྱེས་ནས། དེའི་རྗེས་ལ་བསྙགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཀྱང་ཤིང་རྟ་ལྔ་བརྒྱ་བཤམས་ཏེ་འཁོར་ཁྲི་ཕྲག་བཅུ་བཞི་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་རྗེས་སུ་ཡངས་པ་ཅན་དུ་དོང་ངོ་། །དེར་ཡང་སྔ་མ་བཞིན་དུ་ལིཙྪ་བཱི་རྣམས་ཀྱིས་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས། ང་ཉིད་དུས་མཁྱེན་ཏོ། །ཞེས་གསུངས་ཏེ། སང་ལྟ་བུར་འགྲན་པ་ལས། དེ་རིང་ལྟ་བུར་ཡུལ་ཀ་ཤཱཾ་བཱིར་གཤེགས་སོ། །དེ་ནས་ལིཙྪ་བི་རྣམས་ཀྱང་སྔ་མ་ལྟར་འཁོར་ཁྲི་ཕྲག་བདུན་དང་བཅས་གཟུགས་ཅན་སྙིང་པོ་དང་སྟབས་གཅིག་ཏུ་ཡུལ་ཀ་ཤཱཾ་བཱིར་ཕྱིན་ཏོ། །དེར་ཡང་རྒྱལ་པོ་ཨུ་དྲ་ཡ་ནས་གསོལ་བ་བཏབ་པ་སོགས་སྔར་བཞིན་གྱིས། བཅོམ་ལྡན་འདས་ཡུལ་ཝར་གྱིར་གཤེགས་སོ། །རྒྱལ་པོ་ཨུ་དྲ་ཡ་ན་ཡང་འཁོར་སྟོང་ཕྲག་བརྒྱད་ཁྲི་དང་བཅས་པ་ཕྱིན་ཏོ། །དེར་རྒྱལ་པོ་ཤུན་ཙི་ད་ལས་གསོལ་བ་བཏབ་པ་སོགས་སྔར་ལྟར་ལས། ཡུལ་ཏི་ཀི་ཙ་ཤི་རིར་གཤེགས་སོ། །རྒྱལ་པོ་ཤུན་ཙི་ད་ལ་ཡང་འཁོར་ཁྲི་ཕྲག་ལྔ་དང་བཅས་ཕྱིན་ཏོ། །དེར་རྒྱལ་པོ་ཨིན་དྲ་བ་ཡིས་གསོལ་བ་བཏབ་པ་ནས། སྟོན་པ་ཡུལ་ཝཱ་རཱ་ཎ་སཱིར་གཤེགས་པའི་སྔར་བཞིན་ལ། རྒྱལ་པོ་དེ་ཡང་འཁོར་ཁྲི་ཕྲག་དྲུག་དང་བཅས་ཏེ་ཕྱིན་ཏོོ། །དེར་ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཡུལ་སེར་སྐྱར་གཤེགས་པའི་རྗེས་སུ། རྒྱལ་པོ་ཚངས་སྦྱིན་ཡང་འཁོར་ཁྲི་ཕྲག་བརྒྱད་ཅུ་དང་བཅས་ཏེ་འབྲང་ངོ་། །དེར་ཤཱཀྱ་རྣམས་ཀྱིས་གསོལ་བ་བཏབ་ནས་སྟོན་པ་མཉན་ཡོད་དུ་གཤེགས་སོ། །ཤཱཀྱའི་རིགས་རྣམས་འཁོར་ཁྲི་ཕྲག་དགུ་དང་བཅས་ཐམས་ཅད་ཕྱིན་ཏེ། རྒྱལ་པོ་རྣམས་དང་འཁོར་རྣམས་ཀྱིས་མཉན་ཡོད་ཀྱི་ལྗོངས་ཡོངས་སུ་གང་བར་གྱུར་ཏོ། །དེར་སྟོན་པ་དྲུག་གིས་རྒྱལ་པོ་གསལ་རྒྱལ་ལ། དགེ་སྦྱོང་ག་ཏ་མ་དང་། བདག་ཅག་ཆོ་འཕྲུལ་འགྲན་པའི་དུས་བྱས་པ་ལས་དུས་ལ་བབ་པ་དང་བྱོལ་ཞིང་འབྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་ཚོགས་ཀྱིས། རྒྱལ་པོ་ཆེན་པོས་བདག་འགྲན་དུ་ཆུག་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་བཟློག་ཀྱང་དེ་དག་གིས་མི་ཉན་ནོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་གསོལ་པ། སྟོན་པ་དྲུག་པོ་དག་ཆོ་འཕྲུལ་འགྲན་པར་ཡང་དང་ཡང་དུ་བསྐུལ་གྱིས། བཅོམ་ལྡན་འདས་ཀྱིས་ཚར་བཅད་དེ། ཆོ་འཕྲུལ་གྱི་བྱེ་བྲག་དབྱེ་བར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ནོ། །ཞེས་བཀའ་སྩལ་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བཀའ་བསྒོས་ནས། ཆོ་འཕྲུལ་འགྲན་པའི་གནས་མཉམ་ཞིང་ཕྱག་དར་བྱས་ཏེ། མེ་ཏོག་དང་སྤོས་མང་དུ་བཤམས་ཤིང་སེང་གེའི་ཁྲི་བཙུགས་ནས་བ་དན་དང་། རྒྱལ་མཚན་ལ་སོགས་པས་བརྒྱན་ཏེ། འཁོར་མང་པོ་ཡང་འདུས་སོ། །དེའི་ཚེ་དཔྱིད་ཟླ་ར་བའི་ཚེས་གཅིག་གི་ཉིན་པར་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ། བཅོམ་ལྡན་འདས་ལ་ཕྱག་དར་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་གསོལ་ནས། ལྷག་མ་ས་ལ་བཙུག་པས་དེ་མ་ཐག་ཏུ་སྐྱེས་ནས། ཡལ་ག་དང་ལོ་མ་མཐོ་ཁྱད་དང་འཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་རེ་ཡོད་པ། དེ་ལ་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་སྐྱེས་ནས་འབྲས་བུ་ཡང་བྲེ་ལྔ་ཤོང་བའི་བུམ་པ་ཙམ་རྩ་བ་དང་ཡལ་ག་འདབ་མ་སོགས་རིན་ཆེན་སྣ་བདུན་ལས་གྲུབ་པ། ཁ་དོག་སྣ་ཚོགས་པའི་འོད་ཀྱིས་ཉི་མ་དང་ཟླ་བ་ཡང་ཟིལ་གྱིས་གནོན་ནུས་ཤིང་། འབྲས་བུ་དེ་གང་གིས་ཟོས་ན། བདུད་རྩིའི་རོ་བས་ལྷག་པའི་བྲོ་བ་དང་ལྡན་ཞིང་། དེའི་དྲི་བསུང་གི་ངད་ཕོག་པས་ཐམས་ཅད་བདེ་ཞིང་ཚིམ་པར་བྱེད་པ། ཡལ་ག་དང་ལོ་མ་རླུང་གིས་བསྐྱོད་པ་ལས་ཡིད་དུ་འོང་བའི་ཆོས་ཀྱི་སྒྲ་བྱུང་ངོ་། །མི་ཐམས་ཅད་ཀྱིས་ཤིང་དེ་ལ་དང་བའི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་འབྲས་བུ་ཐོབ་པ་དང་། ལྷར་སྐྱེས་པ་ཡང་རབ་ཏུ་མང་ངོ་། །དེའི་ཕྱི་ཉིན་ཚེས་གཉིས་པ་ལ་རྒྱལ་པོ་ཨུ་དྲ་ཡ་ནས་སྤྱན་དྲངས་ཤིང་མཆོད་པའི་ཚེ། སངས་རྒྱས་ཀྱི་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་ལ་ཤིང་དང་མེ་ཏོག་འབྲས་བུ་སྣ་ཚོགས་པས་བརྒྱན་ཅིང་སྒྲ་སྐད་ཤིན་ཏུ་སྙན་པ་འབྱུང་བ། རི་གཅིག་གི་རྩེ་ན་འབྲས་བུ་རོ་བརྒྱ་དང་ལྡན་པ་དང་། གཅིག་གི་རྩེ་མོ་ན་རྩ་ཤིན་ཏུ་མངར་ཞིང་འཇམ་པ་སྐྱེས་དེ་མི་དང་དུད་འགྲོའི་ཚོགས་རྣམས་ཡིད་བཞིན་དུ་ཟ་ཞིང་ཚིམ་པར་སྤྲུལ་ནས་ཆོས་བསྟན་པས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མཐོ་རིས་ཀྱི་ལྷར་སྐྱེས་པའི་གྲངས་ཀྱང་རབ་ཏུ་མང་ངོ་། །དེ་བཞིན་དུ་ཚེས་གསུམ་པ་ལ་རྒྱལ་པོ་ཤུན་ཙི་ད་ལས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཞབས་བསིལ་ནས། ཞབས་བསིལ་གྱི་ཆུ་སླར་བོར་བ་རིན་པོ་ཆེའི་རྫིང་བུ་འཁོར་ཡུག་ཏུ་དཔག་ཚད་ཉིས་བརྒྱ་ཡོད་པ་རིན་པོ་ཆེ་སྣ་བདུན་གྱིས་གང་ཞིང་ཆུ་བོ་ཡོན་ཏན་བརྒྱད་དང་ལྡན་པ། ཁ་དོག་སྣ་ཚོགས་པའི་པདྨ་ཤིང་རྟའི་འཕང་ལོ་ཙམ་གྱིས་གང་ཞིང་། དེ་ལས་ཡིད་དུ་འོང་བའི་དྲི་བསུང་དང་འོད་ཟེར་སྣ་ཚོགས་པ་འཕྲོ་བར་སྤྲུལ་ཞིང་ཆོས་བསྟན་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲས་བུ་ཐོབ་ནས་ལྷར་སྐྱེས་པ་དང་། བསོད་ནམས་ཀྱི་ལས་བསྐྱེད་པ་དཔག་ཏུ་མེད་པ་བྱུང་ངོ་། །ཚེས་བཞི་པ་ལ་རྒྱལ་པོ་ཨིན་དྲ་བ་མས་མཆོད་པའི་ཚེ། རིན་པོ་ཆེའི་རྫིང་བུ་དེའི་ངོས་བཞི་ན་ཡུར་བ་ཆེན་པོ་བརྒྱད་བརྒྱད་ཡོད་པ་ལ་ཕྱིར་ཡང་འཁོར་ཞིང་རྫིང་དེ་ཉིད་དུ་འབབ་པ་དང་། ཆུ་ཡི་སྒྲ་ལས་དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ཀྱི་སྒྲ་འབྱུང་ཞིང་དེའི་དོན་རྟོགས་ནས་སྔ་མ་བཞིན་གྱི་འབྲས་བུ་ཐོབ་པ་སོགས་རབ་ཏུ་མང་པོ་བྱུང་ངོ་། །ཚེས་ལྔ་པ་ལ་རྒྱལ་པོ་ཚངས་སྦྱིན་གྱིས་མཆོད་པའི་ཚེ། སྟོན་པའི་ཞལ་གྱི་སྒོ་ནས་གསེར་གྱི་མདོག་ལྟ་བུའི་འོད་ཟེར་བཀྱེ་ནས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ཏེ། འོད་དེས་རེག་པའི་སེམས་ཅན་ཐམས་ཅད་དུག་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ཏེ་ལུས་སེམས་བདེ་བས་ཁྱབ་ཅིང་། ཆོས་བསྟན་པ་སོགས་སྔ་མ་རྣམས་བཞིན་ནོ། །ཚེས་དྲུག་པ་ལ་ལིཙྪ་བི་རྣམས་ཀྱིས་མཆོད་པའི་ཚེ་འཁོར་རྣམས་ཀྱིས་ཕན་ཚུན་གཅིག་གི་བསམ་པ་གཅིག་གིས་ཤེས་ཤིང་། སོ་སོའི་དགེ་མི་དགེའི་ལས་ཀྱང་རྟོགས་པར་བྱས་ནས། སངས་རྒྱས་ཀྱི་ཡོན་ཏན་བསྔགས་ཤིང་སྨོན་ལམ་འདེབས་པར་བྱེད་ལ། ཆོས་བསྟན་པ་སོགས་སྔར་བཞིན་ནོ། །ཚེས་བདུན་པ་ལ་ཤཱཀྱའི་རིགས་རྣམས་ཀྱིས་མཆོད་པའི་ཚེ། འཁོར་ཐམས་ཅད་སོ་སོ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་ལྡན་པར་སྤྲུལ་ནས། རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་བསྟི་སྟང་བྱེད་པར་མཐོང་སྟེ་ངོ་མཚར་ཞིང་སྤྲོ་བ་སྐྱེས་ནས་ཆོས་བསྟན་པ་སོགས་སྔ་མ་བཞིན་ནོ། །ཚེས་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཆོད་པའི་ཚེ། བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་པའི་གཡས་གཡོན་ནས་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་གྱིས་མངོན་པར་མཆོད་ཅིང་། སྟོན་པའི་ཕྱག་གིས་སེང་གེའི་ཁྲི་མནན་པ་དང་། སེང་ཁྲི་ལས་གླང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་བ་དང་། དེ་མ་ཐག་ཏུ་སྲིན་པོ་ཆེན་པོ་ལྔ་བྱུང་ནས། སྟོན་པ་དྲུག་གི་ཁྲི་དྲུང་ནས་བཤིག ཕྱག་ན་རྡོ་རྗེས་རྡོ་རྗེ་མེ་འབར་བ་ཐོགས་ནས་སྟོན་པ་དྲུག་གི་མགོར་གཟས་པས། དེ་དག་འཇིགས་སྐྲག་ནས་བྱེར་ཞིང་བྲོས་ཏེ་སྐྱེངས་ནས། ཁ་ཅིག་ཆུར་མཆོངས་ནས་ཚེ་ཡི་དུས་བྱས་སོ། །སྟོན་པ་དྲུག་གི་འཁོར་ལས་སྟོང་ཕྲག་དགུ་བཅུ་ནི་སངས་རྒྱས་ལ་སྐྱབས་སུ་གསོལ་བས། སྐྲ་དང་ཁ་སྤུ་རང་བྱིར་སོང་ནས་དགེ་སློང་དུ་གྱུར་ནས་མཐར་གྱིས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་བུ་ག་བརྒྱད་ཁྲི་ལས་འོད་ཟེར་བཀྱེ་ནས་ནམ་མཁའ་གང་བར་མཛད་དེ། འོད་ཟེར་རེ་རེའི་རྩེ་ལ་པདྨ་ཆེན་པོ་དང་། དེ་རེ་རེའི་སྟེང་ན་སྤྲུལ་པའི་སངས་རྒྱས་འཁོར་དང་བཅས་པ་དམ་པའི་ཆོས་སྟོན་པ་རེ་རེ་སྤྲུལ་ཏེ། འཁོར་ཀུན་གྱིས་མཐོང་བར་བྱས་པས་ལྷག་པར་དད་པའི་སེམས་སྐྱེས་པ་ལ་ཆོས་བསྟན་པས་སེམས་བསྐྱེད་ཅིང་འབྲས་བུ་ཐོབ་པ་སོགས་གྲངས་ལས་འདས་པར་བྱུང་ངོ་། །ཚེས་དགུ་པ་ལ་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་ཚངས་གནས་ལ་ཐུག་གི་བར་དུ་ཤིན་ཏུ་མཐོ་བར་སྤྲུལ་ཞིང་འོད་ཟེར་ཆེན་པོ་འགྱེད་པ་དང་། སྐུ་དེ་ཐམས་ཅད་ཀྱིས་མཐོང་བ་དང་གསུངས་ཀྱང་ཐོས་པར་གྱུར་ནས་ཆོས་བསྟན་པས་སེམས་བསྐྱེད་པ་སོགས་གྲངས་མེད་པ་བྱུང་ངོ་། །ཚེས་བཅུ་པ་ལ་རྒྱལ་ཆེན་བཞིའི་རྒྱལ་པོས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་རྒྱལ་ཆེན་བཞིའི་རིས་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་སྐུའི་ཡོངས་སུ་གང་བར་མཐོང་བར་མཛད་ནས་སྐུ་དེ་དག་ལས་འོད་ཟེར་ཆེན་པོ་བཞི་བྱུང་སྟེ་འཁོར་རྣམས་ལ་ཆོས་སྟོན་པའང་ཀུན་གྱིས་གསལ་པོར་ཐོས་པར་མཛད་པས་སེམས་བསྐྱེད་པ་དང་འབྲས་བུ་ཐོབ་པ་དཔག་ཏུ་མེད་པ་བྱུང་ངོ་། །ཚེས་བཅུ་གཅིག་ཉིན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་ཚེ། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས། སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས། འོད་ཟེར་གྱི་ཕུང་པོ་ལས་གསུང་གིས་ཆོས་སྟོན་པར་མཛད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་དཔག་གིས་མི་ལང་ངོ་། །ཚེས་བཅུ་གཉིས་ཉིན་ཁྱིམ་བདག་ཙིན་དས་མཆོད་པའི་ཚེ། གསེར་མདོག་ལྟ་བུའི་འོད་ཀྱིས་སྟོང་གསུམ་ཁྱབ་པར་མཛད་ཅིང་། འོད་དེས་རེག་པའི་སེམས་ཅན་རྣམས་ཀྱིས་གདུག་པའི་སེམས་ཞི་ནས། ཕན་ཚུན་ཕ་མའམ་ཕུ་ནུ་ལྟ་བུའི་བྱམས་པའི་སེམས་སྐྱེས་ཏེ། ཆོས་བསྟན་པས་སེམས་བསྐྱེད་པ་སོགས་དཔག་ཏུ་མེད་དོ། །བཅུ་གསུམ་ཉིན་རྒྱལ་པོ་ཤུན་ཙི་ད་ནས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུའི་ལྟེ་བ་ལས་འོད་ཟེར་ཆེན་པོ་གཉིས་ཤིག་བྱུང་སྟེ། འོད་དེ་གཉིས་ཀྱི་སྟེང་ན་པདྨ་རེ་རེ། དེ་རེ་རེ་ལ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཤིང་། དེ་རེ་རེའི་ལྟེ་བ་ནས་འོད་ཟེར་ཆེན་པོ་གཉིས་གཉིས་སོགས་སྔར་ལྟར་གྱིས། མཐར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་སྤྲུལ་པའི་སངས་རྒྱས་ཀྱིས་གང་བར་ཀུན་གྱིས་མཐོང་ཞིང་། ཆོས་བསྟན་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་གྲངས་མཐའ་ཡས་སོ། །བཅུ་བཞིའི་ཉིན་རྒྱལ་པོ་ཨུ་དྲ་ཡ་ནས་མཆོད་པའི་ཚེ། རྒྱལ་པོས་གཏོར་བའི་མེ་ཏོག་རྣམས་རིན་པོ་ཆེའི་ཤིང་རྟར་གྱུར་ནས། སྟོང་གསུམ་ཀུན་ཏུ་སྣང་བར་བྱས་ཤིང་ཆོས་བསྟན་པས་སེམས་བསྐྱེད་པ་སོགས་སྔར་ལྟར་རོ། །ཚེས་བཅོ་ལྔའི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་སྤྱན་དྲངས་ཏེ་མཆོད་པའི་ཚེ། སྣོད་ཀུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཡོངས་སུ་གང་ཞིང་འཁོར་རྣམས་ཚིམ་པར་མཛད་པ་དང་སངས་རྒྱས་ཀྱི་ཕྱག་ས་ལ་བརྡབ་པས་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་ཚད་མེད་པ་མཐོང་ཞིང་། དེ་དག་གིས་སྔོན་གྱི་ལས་དང་སྡུག་བསྔལ་ཇི་ལྟར་མྱང་བའི་ཚུལ་སྨྲས་པས། འཁོར་རྣམས་དངངས་ཤིང་སྙིང་རྗེའི་སེམས་སྐྱེས་པ་ལ་ཅི་རིགས་པའི་ཆོས་བསྟན་པས། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ་ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །སེམས་ཅན་དམྱལ་བ་དེ་དག་གིས་སངས་རྒྱས་མཐོང་ཞིང་ཆོས་ཐོས་པའི་རྐྱེན་གྱིས་ཤིན་ཏུ་དད་པའི་སེམས་སྐྱེས་ཏེ། དེ་དག་ཚེ་ཡི་དུས་བྱས་ནས་ཐམས་ཅད་ལྷ་དང་མིར་སྐྱེས་སོ། །དེ་ནས་རྒྱལ་པོས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་གཞན་རྣམས་སྔར་མཐོང་ན་ཞབས་ཀྱི་མཐིལ་ན་འཁོར་ལོའི་མཚན་མངའ་བ་འཁོར་རྣམས་ལ་བསྟན་པར་གསོལ་བ་བཏབ་པ་བཞིན་འཁོར་རྣམས་ལ་སྟོན་པར་མཛད་ཅིང་། དེའི་རྒྱུ་ཞུས་པར། ངས་སྔོན་འདས་པའི་དུས་ན་དགེ་བ་བཅུའི་ལས་དག་ཀྱང་བྱས་གཞན་དག་བྱེད་པར་ཡང་བསྐུལ་བས་འདི་ལྟ་བུའི་མཚན་ཤིན་ཏུ་གསལ་བར་ལྡན་པར་གྱུར་ཏེ། སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཤིང་རྟ་ཆེན་མོ་ཞེས་བྱ་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་སྲས་མཚན་དང་ལྡན་པ་ཞིག་འཁྲུངས་པ་ལ། མཚན་ཤེས་རབ་འོད་དུ་བཏགས། དེ་ཆེར་སྐྱེས་ཏེ་ཡབ་རྒྱལ་པོ་གཤེགས་པ་ན། བློན་པོ་རྣམས་ཀྱིས་རྒྱལ་བུ་དེ་རྒྱལ་པོར་དབང་བསྐུར་བར་གསོལ་བ་ན། རྒྱལ་བུ་ལ་སྤྲོ་བ་མེད་པར་གྱུར་ནས། སླར་ཡུལ་མི་རྣམས་ཀྱིས་དགེ་བ་བཅུའི་ལས་བྱེད་པར་ཁས་བླངས་ནས་རྒྱལ་བུས་རྒྱལ་སྲིད་བཟུང་ངོ་། །དེའི་ཚེ་བདུད་ཀྱིས་ཕྲག་དོག་བྱས་ནས། བསྐུར་ཡིག་བྲིས་ཏེ། སྔར་དགེ་བ་བྱོས་ཤིག་པར་ཁྲིམས་སུ་བཅས་ཀྱང་མངོན་རྟགས་མེད་པས། ད་ཕྱིན་ཆད་ཅི་འདོད་པར་མི་དགེ་བཅུ་ལ་བག་མེད་པར་སྤྱོད་ཅིག ཅེས་པའི་སྤྲིང་ཡིག་རྒྱལ་ཕྲན་རྣམས་ཀྱི་ལག་ཏུ་འོང་བ་ན་དེ་དག་ཡིད་མ་ཆེས་ཏེ་རྒྱལ་པོའི་དྲུང་དུ་འཚོགས་ནས་ལོ་རྒྱུས་ཞུས་པས། རྒྱལ་པོ་ཧ་ལས་ཏེ། ངས་ནི་འདི་སྐད་དུ་བསྒོ་བ་མེད་ན། ཅིའི་ཕྱིར་འདི་འདྲ་བར་གྱུར་སྙམ་སྟེ། དེའི་རྒྱུ་རྟོག་པའི་ཕྱིར་རྒྱལ་པོ་ཉིད་ཡུལ་ཀུན་ཏུ་གཤེགས་པ་ན། བདུད་ཀྱི་རྒྱལ་པོས། ལམ་ཁ་ཞིག་ཏུ་མེ་དོང་ཆེན་པོ་རབ་ཏུ་འབར་བའི་ནང་དུ་སྡུག་བསྔལ་གྱིས་འོ་དོད་འབོད་པའི་མི་ཞིག་ཏུ་སྤྲུལ་ནས། བདག་གིས་སྔོན་མི་འདི་དག་དགེ་བ་བཅུའི་ལམ་ལ་བཀོད་པས། ད་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་ཞེས་ཟེར་རོ། །དེ་ལ་རྒྱལ་པོས་མི་བདེན་པར་ཤེས་ནས་ཁྱོད་དགེ་བ་བྱེད་པར་བསྐུལ་བས་འདི་ལྟ་བུར་གྱུར་ན། དགེ་བ་བྱེད་པ་དེ་དག་གི་འབྲས་བུ་ཐོབ་བམ་ཞེས་དྲིས་པས། དེ་ན་རེ། དེ་དག་གིས་ནི་དགེ་བའི་འབྲས་བུ་ཐོབ་སྟེ། དགེ་བ་བྱེད་པར་བསྐུལ་བ་འབའ་ཞིག་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་། །དེར་རྒྱལ་བུ་ཤིན་ཏུ་དགའ་སྟེ། མི་ཕ་རོལ་པོས་དགེ་བའི་འབྲས་བུ་ཐོབ་པར་གྱུར་ན། བདག་སྡུག་བསྔལ་མྱོང་ཡང་སླའི་འགྱོད་པ་མེད་དོ་ཞེས་སྨྲས་པས། དེ་བདུད་ཀྱི་རྒྱལ་པོས་ཐོས་པ་དང་། དེ་དག་དེ་མ་ཐག་ཏུ་མི་སྣང་བར་བྱས་སོ། །དེ་ནས་རྒྱལ་པོ་ཡུལ་ཀུན་ཏུ་གཤེགས་ནས་དགེ་བ་བཅུའི་ལམ་བསྒྲགས་པས། ཐམས་ཅད་ཀྱིས་རྒྱལ་པོའི་ཡོན་ཏན་གྱི་བསྔགས་པ་བརྗོད་ཅིང་། དེའི་ཚེ་གསེར་གྱི་འཁོར་ལོ་སོགས་རིན་པོ་ཆེ་སྣ་བདུན་ཡང་འབད་མེད་དུ་བྱུང་ཞིང་། གླིང་བཞི་ལ་དབང་བྱེད་པའི་རྒྱལ་པོར་གྱུར་ནས་ཐམས་ཅད་དགེ་བ་བཅུའི་ལམ་ཡང་དག་པ་ལ་བཀོད་པར་མཛད་པ་ཡིན་ཏེ། དེའི་ཚེ་དེའི་དུས་ཀྱི་ཡབ་རྒྱལ་པོ་ནི་ཟས་གཙང་མ་དང་། ཡུམ་དེ་ནི་ལྷ་མཛེས་མ་དང་། རྒྱལ་པོ་ཤེས་རབ་འོད་ནི་ང་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡང་ང་ཉིད་དགེ་བ་བཅུ་ཉམས་སུ་བླངས་ཏེ། གཞན་དག་ཀྱང་དགེ་བ་བཅུ་ལ་བཀོད་པས་ཞབས་ཀྱི་འོག་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པར་གྱུར་ཏོ་གསུངས། གཞན་ཡང་སྔོན་རྒྱལ་པོ་སྡོང་དུམ་དུ་འཁྲུངས་པའི་ཚེ་སྟོན་པ་སྡེ་དྲུག་རྒྱལ་ཕྲག་དྲུག་ཏུ་གྱུར་པ་མེད་པར་བྱས་ནས་མཐར་གྱིས་གླིང་བཞི་ལ་དབང་བྱེད་པའི་རྒྱལ་པོར་གྱུར་ནས་དགེ་བཅུའི་ཁྲིམས་བཅས་པ་དང་དེའི་སྔོན་དུ་འབྲུ་མར་འཚག་པར་གྱུར་པའི་ཚེ་རང་སངས་རྒྱས་ལ་ཚིག་ངན་སྨྲས་པས་རྒྱལ་པོ་དེ་བཞིན་མི་སྡུག་པར་གྱུར་པ་དང་། ཕྱིས་འགྱོད་ཚངས་བྱས་པས་བཞིན་མཛེས་པར་གྱུར་པ་དང་། མར་ཕུལ་བས་མཐུ་སྟོབས་དང་ལྡན་ཏེ་ཐམས་ཅད་ཐུབ་པར་གྱུར་པ་དང་། འཁོར་ལོས་སྒྱུར་རྒྱལ་ཐོབ་པའི་ཚུལ་སོགས་རྒྱས་པར་བཀའ་སྩལ་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར་ཏེ། དེ་བས་ན་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུང་བ་ལ་ནན་ཏན་བྱའོ། །ཞེས་གསུངས་པས་གཟུགས་ཅན་སྙིང་པོ་ལ་སོགས་པའི་རྒྱལ་པོ་དང་བློན་པོ་དང་འཁོར་རྣམ་པ་བཞི་དང་། ལྷ་དང་ཀླུ་ལ་སོགས་པས་ཐོས་ནས། ལ་ལ་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་གྱི་འབྲས་བུ་ཐོབ་ཅིང་། ཁ་ཅིག་ནི་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་སྐྱེད་པ། ཁ་ཅིག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །


previousདགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར།next