Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ།next

སྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་ནི་འདས་ཏེ། རྒྱལ་ཚབ་བཻཌཱུཪྱས་རྒྱལ་སྲིད་ཆོས་དང་མི་མཐུན་པར་བསྐྱངས་པས། གླང་པོ་ཆེའི་རྨིག་པས་བརྫིས་ཏེ་མི་བསད་པ་ཡང་གྲངས་མེད་དོ། །དེར་ཐམས་ཅད་ཡིད་རབ་ཏུ་སྐྱོ་ནས། རིགས་ཆེ་ཞིང་མཐོ་བའི་བུད་མེད་ལྔ་བརྒྱ་ཙམ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བ་ན། ཡུལ་མི་ཐམས་ཅད་ཀྱང་དེ་དག་ལ་དགའ་བར་གྱུར་ཏེ་འདོད་ཡོན་གྱིས་གཡེང་བར་གྱུར་པས་སེམས་སྐྱོ་ནས། དགེ་སློང་མ་ཨུད་པ་ལའི་མདོག་གི་སྤྱན་སྔར་ཕྱིན་ཏེ་ཕྱག་བྱས་ནས། བདག་ཅག་ཁྱིམ་ན་གནས་པའི་ཚེ་ཁྱིམ་གྱི་བྱ་བས་བསླུས། རབ་ཏུ་བྱུང་ཡང་འདོད་པའི་དབང་དུ་བྱུང་ནས། ཉོན་མོངས་པ་ལས་ཐར་པར་མི་ནུས་ན་བདག་ཅག་ལ་ཐུགས་བརྩེེ་བའི་སླད་དུ་འདོད་པ་ལས་ཡིད་འབྱུང་བའི་ཆོས་བསྟན་པར་ཞུ་ཞུས་པས་ཨུད་པ་ལས་འདོད་ཆགས་ནི་མེ་དང་འདྲ་སྟེ་རྒྱུད་འཚིག་པར་བྱེད་པ་ཡིན་ལ། དེའི་དབང་གིས་གཅིག་ལ་གཅིག་འཚེ་ཞིང་། ཡུན་རིང་པོར་ངན་སོང་གསུམ་དུ་ལྷུང་སྟེ་ཐར་པའི་དུས་མི་འོང་། ཁྱིམ་ལ་གནས་པ་ནི་རྒྱལ་པོའི་བཙོན་ར་དང་འདྲ་སྟེ་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་ཞིང་དེ་ལས་ཐར་པ་ཡང་དཀའ་སྟེ། བདག་ཀྱང་ཀུན་ཏུ་རྒྱུ་བའི་རིགས་ཆེ་ཞིང་བཙུན་པར་སྐྱེས་ཏེ། རང་དང་རིགས་མཉམ་པ་རིགས་བྱེད་ལ་མཁས་པ་ཞིག་གི་ཁྱིམ་དུ་བག་མར་ཕྱིན་ཏེ་བུ་ཞིག་ཀྱང་སྐྱེས་སོ། ཕྱིས་གྱོས་སྒྱུག་{རྒྱུག} ཚེ་འཕོས་པའི་འོག་ཏུ་ཡང་སེམས་ཅན་དང་ལྡན་པ་ན་ཁྱོ་དང་ལྷན་ཅིག་བུ་དེ་ཡང་ཁྲིད་དེ་རང་གི་ཕ་མའི་ཁྱིམ་དུ་ཕྱིན་པ་ན། ལམ་ཕྱེད་ཙམ་དུ་ཕྱིན་པ་ན་མངལ་མི་བདེ་བར་གྱུར་ནས་ཤིང་དྲུང་གཅིག་ཏུ་གནས་བཅས་པས་ནམ་ཕྱེད་ཙམ་དུ་བུ་བཙས་སོ། །ཁྱིམ་ཐབ་ལོགས་གཅིག་ཏུ་ཉལ་བ་ལས་དེ་ནུབ་སྦྲུལ་གདུག་པ་ཅན་གྱིས་ཟིན་ནས་ཚེ་འཕོས་སོ། །ཕྱི་ཉིན་དེ་ལྟར་མཐོང་ནས་བརྒྱལ་ཞིང་འགྱེལ་ཏོ། །བརྒྱལ་སངས་པ་ན་བུ་ཆེ་བ་ཁུར་དུ་ཐོགས། ཆུང་བ་པང་དུ་ཁྱེར་ཏེ་ངུ་ཞིང་སོང་བ་ལས་ལམ་གྲོགས་ཀྱང་མ་རྙེད། དེར་ཆུ་ཆེན་པོ་ཞིག་བརྒལ་དགོས་པ་ལས་བུ་གཉིས་ཀ་མ་ཐེག་ནས། ཆེ་བ་ཚུལ་རོལ་དུ་བཞག ཆུང་བ་ཁྱེར་ཏེ་ཕ་རོལ་དུ་བསྐྱལ་ནས་ཚུར་འོང་བ་དང་། བུས་མ་འོང་བ་མཐོང་ནས་ཆུ་ནང་དུ་ཞུགས་པ་དང་ཆུས་ཁྱེར་ཏེ་ཤི། ཕྱིར་ལོག་སྟེ་འོང་ཙ་ན་བུ་ཆུང་བ་དེ་ཡང་སྤྱང་ཀིས་ཟོས་ནས་ཁྲག་ཅུང་ཟད་ཙམ་སྣང་བས་བརྒྱལ་ཞིང་འགྱེལ་ལོ། །རིང་ཞིག་ལོན་ཏེ་ཕྱིར་སངས་ཏེ་ལམ་དུ་ཞུགས་པ་ན་སྔར་གྱིས་ཉེ་བ་ཞིག་དང་ཕྲད་ནས་གཏམ་དྲིས་པས། ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཕ་མ་དང་ཁྱིམ་གང་གི་མི་རྣམས་ཚིག་སྟེ་ཤིའོ་ཟེར། དེར་ཡང་བརྒྱལ་བར་གྱུར་པ་མི་དེས་བསླངས་ཏེ་ཁྱིམ་དུ་ཁྲིད་ནས་བྱམས་པར་ཡོད་པ་ལ་ཡང་ཀུན་ཏུ་རྒྱུ་ཅིག་གི་ཆུང་མར་བླང་། དེ་དང་ལྷན་དུ་གནས་པ་ལས་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་གྲངས་ཚང་བ་ན། ཁྱིམ་ཐབ་དེ་གཞན་གྱིས་ཆང་སྟོན་ལ་སོང་བའི་འོག་ཏུ་བུ་བཙས་ཏེ། སྒོ་འབྱེད་པ་པོ་མེད་པ་ན། དེ་ཆང་གི་མྱོས་ནས་ཁྲོས་པས་སྒོ་བཅག་སྟེ་ནང་དུ་འོང་བ་ན་ཁོ་མོ་བརྡུང་ཞིང་། བུ་བཙས་སོ་སྨྲས་པས་བུ་དེ་ཡང་བསད་དེ་མར་གྱི་ནང་དུ་བརྔོས་ནས་དབང་མེད་དུ་ཟར་བཅུག་གོ །དེར་སེམས་སུན་ནས་ཁྱིམ་ཐབ་དེ་བོར་ནས་ཡུལ་ཝཱ་རཱ་ཎ་སཱི་ར་བྲོས་པ་ལས། ཤིང་གཅིག་གི་དྲུང་ན་ཁྱིམ་བདག་གཞོན་ནུ་ཞིག་གི་ཆུང་མ་ཤི་ནས། དེའི་རུས་བུ་སྦས་པའི་སྟེང་ན་མྱ་ངན་གྱིས་ངུ་ཞིང་འདུག་པ་དང་འཕྲད་ནས། དེ་དང་གཏམ་བྱས་ཏེ་ཡང་དེའི་ཆུང་མ་བྱས་སོ། །དེ་ནས་རིང་པོར་མ་ལོན་པར་ཁྱིམ་ཐབ་དེ་ཡང་ནད་ཀྱི་ཚེ་འཕོས་པར་གྱུར་པས། ཡུལ་གྱི་ཆོས་ལུགས་ཀྱིས་དེའི་རོ་དང་མཉམས་དུ་གསོན་དུར་དུ་སྦས་སོ། །དེའི་ནུབ་མོར་དུར་རྐུན་པ་འོངས་ནས་དུར་བྲུས་པ་དང་། ཁོ་མོ་མཐོང་ནས་དུར་རྐུན་པའི་དཔོན་པོ་དེའི་ཆུང་མ་བྱས་སོ། །དེ་ནས་རིང་པོར་མ་ལོན་པར་དུར་རྐུན་དཔོན་དེ་ཡང་རྒྱལ་པོས་བཟུང་ནས་བསད་དེ་དེའི་རུས་པ་དང་མཉམ་དུ་གསོན་དུར་དུ་སྦས་སོ། །དེར་ཞག་གསུམ་ལོན་པ་ན་དུར་དེ་སྤྱང་ཀིས་བྲུས་པས་ཐར་རོ། །དེར་སེམས་རབ་ཏུ་སྐྱོ་ནས་ད་ནི་སངས་རྒྱས་ལ་སྐྱབས་སུ་འགྲོའོ་སྙམ་ནས་རྒྱལ་བྱེད་ཀྱི་ཚལ་གྱི་ལོགས་སུ་ཕྱིན་པ་ལས། བཅོམ་ལྡན་འདས་ཀྱིས་བདག་འདུལ་བའི་དུས་ལ་བབ་པར་གཟིགས་ནས་རྒྱང་རིང་མོ་ནས་བསུ་བར་མཛད་ཅིང་། ཁོ་མོ་སྒྲེན་མོར་འདུག་པས་ངོ་ཚ་སྟེ་ལག་པ་ནུ་མ་ལ་བཀབ་ནས་ས་ལ་འདུག་པ་ལ། ཀུན་དགའ་བོར། བུད་མེད་འདི་ལ་གོས་བསྐོན་ཅིག་ཅེས་བཀའ་སྩལ་པ་དང་། ཁོ་མོས་གོས་གྱོན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ། རབ་ཏུ་བྱུང་བར་གསོལ་པས། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ལ་གཏད་ནས་ཁོ་མོ་རབ་ཏུ་བྱུང་ཞིང་། ཆོས་བསྟན་པ་ཐོས་མ་ཐག་ཏུ་བརྩོན་འགྲུས་ནན་ཏན་དུ་བྱས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དུས་གསུམ་གྱི་ཤེས་བྱ་ཀུན་རྟོགས་པར་གྱུར་ཏོ་གསུངས། དགེ་སློང་མ་རྣམས་ཀྱིས་དེ་ལྟར་གྱུར་པའི་ལས་ཀྱི་རྒྱུ་དྲིས་པ་ན། ཨུད་པ་ལས། སྔོན་འདས་པའི་དུས་ཁྱིམ་བདག་ཤིན་ཏུ་ཕྱུག་པ་ཞིག་ལ་ཆུང་མ་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་དེ་ལ་བུ་བྱུང་བ་ན། ཆེ་མས་ཕྲག་དོག་བྱས་ཏེ་བུའི་མཚོག་མར་ཁབ་བཙུགས་ནས་བསད་དོ། །དེའི་ཚེ་མ་དེས་ཁྱོད་ཀྱིས་ངའི་བུ་བསད་དོ་ཞེས་སྨྲས་པ་དང་། ཆེན་མས་བ སྙོན་ཏེ་མནའ་བོར་བ། ཁོ་མོས་ཁྱོད་ཀྱི་བུ་བསད་པར་གྱུར་ན། སྐྱེ་བ་ཐམས་ཅད་དུ་ཁོ་མོའི་ཁྱོ་སྦྲུལ་གདུག་པ་ཅན་གྱིས་གསད་པར་ཤོག་ཅིག བུ་བྱུང་ནའང་ཆུས་ཁྱེར་བ་དང་སྤྱང་ཀིས་ཟ་བར་གྱུར་ཅིག ཡང་ནས་ཡང་དང་གསོན་དུར་དུ་བཅུག་སྟེ་བུའི་ཤ་ཟ་བར་གྱུར་ཅིག ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཐམས་ཅད་ཚིག་པར་ཤོག་ཅིག་སྨྲས་ཏེ། དེའི་ཚེ་མནའ་བོར་བའི་རྒྱུས། དེ་དག་ཐམས་ཅད་ལུས་འདི་ཡིས་མྱོང་བར་གྱུར་ལ། ཡང་སངས་རྒྱས་ཀྱིས་བསུ་ཞིང་འབྲས་བུ་ཐོབ་པའི་རྒྱུ་ནི་སྔོན་ཝཱ་རཱ་ཎ་སཱིར་རང་སངས་རྒྱས་ཤིག་བསོད་སྙོམས་ལ་གཤེགས་པ་ན། ཁྱིམ་བདག་གི་ཆུང་མ་ཞིག་རབ་ཏུ་དད་ནས་བསོད་སྙོམས་ཕུལ་ཞིང་། རང་སངས་རྒྱས་དེས་ཀྱང་རྫུ་འཕྲུལ་སྣ་ཚོགས་པ་བསྟན་པས། ཁྱིམ་བདག་གི་ཆུང་མ་དེས། ཁོ་མོའང་མ་འོངས་པའི་དུས་སུ་ཡོན་ཏན་འདི་ལྟ་བུ་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པས། ད་ལྟར་སེམས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་འབྲས་བུ་ཐོབ་མོད། ལས་སྔ་མའི་འབྲས་བུས་ལྕགས་ཚ་བའི་ཐུར་མ་སྦྱི་བོ་ནས་ཟུག་ནས་རྐང་མཐིལ་དུ་བྱུང་སྟེ། རྟག་ཏུ་འདི་ལྟ་བུའི་གནོད་པ་བྱུང་ངོ་། །ཞེས་གསུངས་པས། དགེ་སློང་མ་ལྔ་བརྒྱ་པོ་འདོད་པའི་གདུང་བ་ཡོངས་སུ་ཟད་དེ་བསྒོམས་པས་དགྲ་བཅོམ་མའི་འབྲས་བུ་མངོན་དུ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་དགེ་སློང་མ་ཨུད་པ་ལས་ནི་ལེགས་པར་བསྟན་ཏོ། །གང་ཆོས་སྟོན་པ་ནི་གཅིག་གིས་གཅིག་བསྟན་པའོ། །འབྲས་བུ་ཐོབ་ནས་སངས་རྒྱས་ཀྱི་སྲས་ཡང་དག་པའོ། །ཞེས་བསྔགས་པར་མཛད་དོ། །འདིས་ནི་སྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ་ཡིན་ནོ། །


previousསྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ།next