Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ།next

བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་བོ་ལ་བཞུགས་པའི་ཚེ། ཀུན་དགའ་བོས། ལྷས་བྱིན་གྱིས་ཐབས་སྣ་ཚོགས་པས་དེ་བཞིན་གཤེགས་པ་ལ་གནོད་པའི་བྱ་བ་བརྩམས་ཀྱང་། དེ་བཞིན་གཤེགས་པས་ནི་ལྷས་བྱིན་དང་སྲས་སྒྲ་གཅན་ཟིན་གཉིས་ལ་ཁྱད་མེད་པར་རྟག་ཏུ་ཐུགས་བརྩེ་བར་མཐོང་ནས་དོན་དེ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷས་བྱིན་འདིས་དུས་འདི་ཉིད་ན་ང་ལ་གནོད་པར་བྱས་པར་མ་ཟད་དེ། སྐྱེ་བ་གཞན་དུ་ཡང་ང་ལ་གནོད་པའི་སེམས་བགྱིས་ཏེ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་དུ། འཛམ་བུ་གླིང་འདིར་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་བྱ་བ་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་སྲས་མེད་པས་མྱ་ངན་གྱིས་ནོན་པ་ན། རྨི་ལམ་དུ་ལྷ་ཞིག་གིས་ཕོ་བྲང་གི་ཕྱི་རོལ་གྱི་ཚལ་གྱི་ནང་ན་དྲང་སྲོང་གཉིས་ཤིག་ཡོད་དེ། དེའི་ནང་གི་ལུས་གསེར་གྱི་མདོག་ཏུ་འདུག་པ་དེ་ལ་གསོལ་བ་ཐོབ་དང་བུར་སྐྱེ་བར་འགྱུར་རོ། །ཞེས་ལུང་བསྟན་པས་གཉིད་སད་པ་དང་དྲང་སྲོང་གི་དྲུང་དུ་ཕྱིན་ཏེ། བདག་ལ་རྒྱལ་རྒྱུད་འཚོབ་པའི་བུ་མེད་པས། ཁྱོད་ཉིད་བདག་གི་རིགས་སུ་སྐྱེ་བར་མཛོད་ཅིག་ཅེས་གསོལ་བ་བཏབ་པས། དྲང་སྲོང་གིས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །དྲང་སྲོང་གཅིག་དེས་ཀྱང་བདག་ཀྱང་ཁྱོད་ཀྱི་རིགས་སུ་སྐྱེ་བར་བྱའོ་སྨྲས་པས། རྒྱལ་པོའང་དགའ་ནས་དེ་བཞིན་དུ་གྱུར་ཅིིག་བྱས་སོ། །དེ་ནས་ཕྱིས་ཤིག་ན་དྲང་སྲོང་གསེར་མདོག་དེ་ཚེ་འཕོས་ནས་བཙུན་མོའི་མངལ་དུ་ཞུགས་པ་ལས་ཁྱེའུ་གསེར་གྱི་མདོག་ཅན་མཚན་དང་ལྡན་པ་ཞིག་སྐྱེས་པ་མིང་དགེ་དོན་དུ་བཏགས། དྲང་སྲོང་གཅིག་པོ་དེ་ཡང་ཚེ་འཕོས་ཏེ་རྒྱལ་པོའི་སྲས་སུ་སྐྱེས་པ་ལ་མིང་སྡིག་དོན་དུ་བཏགས་སོ། །དེ་གཉིས་ཆེར་སྐྱེས་ནས་དགེ་དོན་གཙུག་ལག་ཐམས་ཅད་ལ་མཁས་པར་གྱུར་ཅིང་ཕྱིས་འབྱོར་པ་ཆེན་པོ་དང་བཅས་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྐྱོ་སངས་ལ་ཕྱིན་པས། དབུལ་ཕོངས་དང་། ནད་པ་དང་། བཤན་པ་དང་། ཞིང་པ་དང་། བྱ་བཤོར་བ་དང་། ཉ་པ་དག་མཐོང་ནས་གཏམ་དྲིས་པས་རང་རང་གི་ལས་འདིས་འཚོ་བར་བྱེད་དོ། །ཞེས་ཟེར་བས་སེམས་ཤིན་ཏུ་སྐྱོ་བར་གྱུར་ནས། ཡབ་ལ་ཞུས་ཏེ་དཀོར་མཛོད་རྣམས་སྦྱིན་པར་གཏོང་བར་དྲིལ་བསྒྲགས་པས་རིམ་གྱིས་དཔག་ཚད་གཅིག་ནས་ཁྲིའི་བར་གྱི་སློང་བ་པོ་སྤྲིན་བཞིན་དུ་འདུས་པ་ལ། གང་ལ་གང་མཁོ་བའི་ཡོ་བྱད་རྣམས་སྦྱིན་པར་བྱས་པས། བང་མཛོད་སུམ་གཉིས་ཙམ་ཟད་པ་ན། མཛོད་སྲུང་བ་རྣམས་ཀྱིས་ཡབ་ལ་ཞུས་པས་ཐབས་ཀྱིས་མཛོད་ཀྱི་སྒོ་བཅད་པས་བསམ་པ་བཞིན་དུ་མ་གྱུར་ན། རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བའི་གནང་བ་ཞུས་ཀྱང་ཡབ་ཡུམ་གྱིས་མ་གནང་བར་ཞག་དྲུག་ཏུ་ཟ་མ་བཅད་ནས་ཁ་སྦུབ་ཏུ་ཉལ་བས་གདོད་གནང་བ་བྱིན་པ་དང་། ཡུལ་དེ་ན་སྔོན་ཆད་རྒྱ་མཚོར་ལན་མང་ཕྱིན་པའི་དེད་དཔོན་རྒན་པོ་ཞིག་ཡོད་པ་དེ་ཉིད་ཁྲིད་ནས་ཚོང་པ་ལྔ་བརྒྱ་དང་བཅས་འགྲོ་བར་ཆས་པ་ན། རྒྱལ་བུ་སྡིག་དོན་ཡང་བདག་ཕུ་བོའི་གཡོག་ཏུ་འགྲོ་བར་གསོལ་པ་ན། ཡབ་ཀྱིས་གཞན་སུ་སོང་བ་བས་ནུ་བོ་སོང་ན་ཕན་སྙམ་སྟེ་གནང་ངོ་། །དེ་ནས་རྒྱལ་བུས་གསེར་སྲང་སུམ་སྟོང་བླངས་ཏེ་སྲང་སྟོང་གྲུ་ཟོང་དུ་བྱས། ཉིས་སྟོང་འཕྲལ་གྱིས་དགོས་པའི་ཡོ་བྱད་དུ་བྱས་ཏེ་རྒྱལ་པོ་དང་བཙུན་མོ་སོགས་ཀྱིས་བསྐྱལ་ལོ། །དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ཏེ་གྲུར་ཞུགས་ཤིང་ཐག་པ་བདུན་གྱིས་བརྟོད་ནས་ཚོང་པ་རྣམས་ལ་སྨྲས་པ། རྒྱ་མཚོའི་ནང་ན་བགེགས་སྣ་ཚོགས་ཡོད་དེ། སྔ་ཕྱིར་འགྲོ་བ་ནི་རབ་ཏུ་མང་མོད་ཀྱི་ཕྱིར་འཁོར་བ་ནི་ཉུང་ངོ་། །དེ་ལ་ཐེ་ཚོམ་ཟ་བ་ཡོད་ན་ཕྱིར་དེངས་ཤིག གལ་ཏེ་ལུས་སྲོག་དང་ཕ་མ་སོགས་ལ་མ་ཆགས་པར་སོང་ནས་རིན་པོ་ཆེའི་གླིང་ནས་བདེ་བར་ཕྱིར་འཁོར་ན་བུ་ཚ་བདུན་བརྒྱུད་ཚུན་ཆོད་ནོར་གྱིས་མི་དབུལ་བར་འགྱུར་རོ། །ཞེས་བསྒོས་ནས་ཐག་པ་རེ་རེ་བཅད་དེ། དེ་ལྟར་ཞག་བདུན་གྱི་བར་དུ་བྱས་ནས་རླུང་ཕྱོགས་སུ་བབ་པ་ལ་གཡེར་ཤིང་བསྒྲེངས་ཏེ་མགྱོགས་ཁྱད་མདའ་བཞིན་དུ་སོང་ངོ་། །དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་པས་རྒྱལ་བུ་རིན་པོ་ཆེ་བརྟག་ལ་མཁས་པ་དེས་རིན་པོ་ཆེའི་བཟང་ངན་དང་མང་ཉུང་གི་ཚོད་ཀྱང་བསྟན་ནས་སོ་སོ་ནས་རིན་པོ་ཆེ་འཚོལ་ལོ། །ཚོང་པ་ཕལ་པ་རྣམས་དེར་བཞག་ནས། དེད་དཔོན་དང་རྒྱལ་བུ་དགེ་དོན་གཉིས་གྲུ་ཆུང་ཞིག་ལ་ཞུགས་ནས་སོང་སོང་བ་ལས་རིམ་པར་དངུལ་དང་། བཻཌཱུཪྱ་དང་གསེར་གྱི་རི་རྣམས་ཀྱི་དྲུང་དུ་སོང་སྟེ་གསེར་གྱི་བྱེ་མའི་སྟེང་དུ་འདུག་ནས་དེད་དཔོན་གྱིས། བདག་ནི་རྒས་ཏེ་ད་ནི་འགྲོ་མི་ནུས་སོ། །ཁོ་བོ་འདི་ཉིད་དུ་ཚེ་ཡི་དུས་བྱེད་པར་འགྱུར་གྱི། ཁྱོད་འདི་ནས་སོང་ལ་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་ཡོད་ཀྱི་དེའི་མཁར་གྱི་སྒོ་བཅད་ཅིང་འདུག་ན། སྒོ་དྲུང་དུ་རྡོ་རྗེའི་གཏུན་བུ་ཞིག་ཡོད་པ་དེས་མཁར་སྒོ་བརྡུངས་ཤིག་དང་ནང་ནས་ལྷ་མོ་ལྔ་བརྒྱས་སོ་སོ་ནས་རིན་པོ་ཆེ་ཐོགས་ཏེ་འབུལ་དུ་འོང་ངོ་། །དེ་ནས་ལྷ་མོ་ཞིག་གིས་རིན་པོ་ཆེ་སྔོན་པོ་ཞིག་ཐོགས་ཤིང་མདུན་དུ་འོང་གིས་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །ཐོབ་མ་ཐག་ཏུ་མ་ཤོར་བར་དམ་དུ་ཟུངས་ཤིག བུ་མོ་གཞན་དག་གི་ནོར་བུ་ཡང་ལོངས་ཤིག དབང་པོ་རབ་ཏུ་སྡོམས་ལ་དེ་དག་ལ་གཏམ་མ་སྨྲ་ཞིག བདག་ནི་འདིར་ཚེ་འཕོས་ན་དྲིན་དྲན་པར་གྱིས་ལ་འདི་ཉིད་དུ་རུས་པ་སྦས་ཏེ་སོངས་ཤིག ཅེས་བསྒོས་མ་ཐག་ཏུ་ཚེ་ཡི་དུས་བྱས་སོ། །དེ་ནས་རུས་བུ་གསེར་གྱི་བྱེ་མའི་ནང་དུ་སྦས་ནས་སངས་པས་དེད་དཔོན་གྱིས་ཇི་ལྟར་བསྒོས་པ་བཞིན་དུ་གྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱི་མཁར་སྒོ་རྡོ་རྗེའི་གཏུན་བུས་བརྡུངས་པས་ལྷ་མོ་ལྔ་བརྒྱ་དང་ནང་གི་ལྷ་མོ་གཅིག་གིས་ནོར་བུ་བྱིན་པ་གོས་ཀྱི་ཐ་མར་ཕུལ་ཏེ་དེ་མ་ཐག་ཏུ་ཕྱིར་ལོག་གོ །དེ་ནས་ཚོང་པ་རྣམས་ལ་སྡིག་དོན་གྱིས་རིན་པོ་ཆེ་མང་དུ་ལོངས་ཤིག་ཅེས་སྨྲས་ཏེ་མང་དུ་བླངས་པས་གྲུ་ཆུར་ནུབ་ལ། དགེ་དོན་འབའ་ཞིག་ལ་ནོར་བུ་རིན་པོ་ཆེ་ཡོད་པས་མ་ནུབ་སྟེ། སྡིག་དོན་ཡང་དེ་ལ་འཇུས་པས་ཐར་རོ། །དེར་སྡིག་དོན་གྱིས་བདག་ཅག་སྤུན་གཉིས་རིན་པོ་ཆེ་ལེན་དུ་སོང་ནས་ལག་པ་སྟོང་པར་ཁྱིམ་དུ་འགྲོ་བ་ངོ་ཚའོ་སྨྲས་པ་དང་། དགེ་དོན་གྱིས་ལོ་རྒྱུས་དྲང་པོར་བཤད་དེ་རིན་པོ་ཆེ་རྣམས་བསྟན་པས། སྡིག་དོན་གྱིས་ཕྲག་དོག་སྐྱེས་ཏེ་འདི་གཉིད་ལོག་པའི་ཚེ་བསད་ནས་ནོར་བུ་ཁྱེར་དེ་སོང་ལ། ཕ་མ་གཉིས་ལ་ཕུ་བོ་རྒྱ་མཚོར་ནུབ་ཅེས་སྨྲའོ་སྙམ་ནས། ཕུ་བོ་ལ་བདག་ཅག་སྤུན་གཉིས་ཀྱིས་ནོར་བུ་རིན་པོ་ཆེ་འདི་ཐོགས་ཏེ་སྲུང་རེས་ཀྱིས་མེལ་ཚེ་བྱའོ་ཞེས་སྨྲས་ནས་ཕུ་བོ་གཉིད་ལོག་པའི་ཚེ་འོད་མའི་ཚལ་གྱི་ནང་ནས་ཚེར་མ་རིང་པོ་གཉིས་བླངས་ནས་ཕུ་བོའི་མིག་ལ་བཙུགས་ཏེ་རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་སྔངས་ནས་ཆོམ་པོ་བྱུང་ངོ་ཞེས་བོས་ནའང་ཅང་མི་ཟེར་ཏེ། དེ་ནས་ཤིང་གི་ལྷ་མོ་ཞིག་གིས་ཆོམ་པོ་སྡིག་དོན་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དགེ་དོན་མིག་ན་བ་མ་བཟོད་ནས་གོག་ཅིང་སོང་སོང་བ་ལས་ཡུལ་ལི་ཤི་བ་དེ་དང་ཉེ་བར་ཕྱིན་པ་ལས། བ་ལང་རྫི་བོ་བ་ལང་ལྔ་བརྒྱ་སྐྱོང་བ་ཞིག་དང་འཕྲད་ནས། བ་ལང་དེའི་ནང་གི་ཁྱུ་མཆོག་གཅིག་གིས་རྒྱལ་བུའི་མིག་མདོངས་པར་ཤེས་ནས་དེའི་མིག་ལ་ལྕེས་བལྡག་པས་བ་ལང་ཀུན་ཀྱང་དེར་འདུས་ཤིང་། གནག་རྫི་ཡང་དེར་འོང་བ་ན་མི་ཞིག་ས་ལ་འགྲེ་བ་མཐོང་ཞིང་དྲུང་དུ་འོངས་ཏེ་བརྟགས་པ་ན་མིག་ལ་ཚེར་མ་ཟུག་པ་མཐོང་ནས། ཚེར་མ་གཉིས་དལ་བུས་ཕྱུང་སྟེ་རང་གི་གནས་སུ་ཁྲིད་དེ། དེ་ནས་འོ་མ་དང་སྣུམ་གྱིས་རྨ་ཁ་བསྐུས་ནས་ཟས་ཀྱིས་བསྙོད་དེ་གསོས་སོ། །དེ་ནས་ཕྱི་ཞིག་ན་རྨ་ཡང་བགས་ཀྱིས་སོས་ནས་གྲོང་ཁྱེར་དང་ཉེ་བར་བསྐྱལ་ཏེ། བདག་ལ་རོལ་མོའི་ཆ་བྱད་ཉི་མ་ཞེས་བྱ་བ་བྱིན་ཅིག་ཅེས་བྱས་པ་དང་། རྫི་བུས་ཀྱང་བྱིན་ནོ། །རྒྱལ་བུས་རོལ་མོ་བྱེད་ཅིང་གླུ་ཚིག་སྙན་པར་བླངས་པས་ཐམས་ཅད་དེ་ལ་ཉན་ཏེ་ཀུན་གྱིས་ཟས་སྐོམ་བསྐྱལ་བས་སྤྲང་པོ་ལྔ་བརྒྱ་ཡང་རྒྱལ་བུ་ལ་བརྟེན་ཏེ་གསོས་སོ། །ཕྱིས་ཞིག་ན་རྒྱལ་པོ་དེའི་སྐྱེད་ཚལ་སྲུང་བ་ཞིག་དེར་འོངས་པས་རོལ་མོ་སྙན་པ་དེ་ཐོས་ནས་དགའ་སྟེ། ཁྱོད་ངའི་སྐྱེད་ཚལ་དུ་རོལ་མོ་བྱེད་ཅིང་སྐྱེད་ཚལ་ཡང་སྲུང་བར་ནུས་སམ་ཞེས་སྨྲས་པ་ལ། བདག་གིས་མིག་ལོང་བས་མི་ནུས་སོ། །དེས་སྨྲས་པ། ཁྱོད་མིག་གིས་མ་མཐོང་ཡང་སླའི། ཤིང་དག་གི་ཁ་ན་ཐེ་གུ་ལ་དྲིལ་བུ་བཏགས་ཏེ་བྱ་ཡི་སྐད་ནམ་གྲགས་ལ་ཐེ་གུ་འཐེན་པས་ཆོག་གི། ངའི་སྐྱེད་ཚལ་དུ་འདོང་ངོ་ཞེས་སྨྲས་པ་བཞིན་བྱས་སོ། །དེ་ཚེ་སྡིག་དོན་ཕྱིར་སླེབ་པ་ལ། རྒྱལ་པོས་ཁྱོད་ཀྱི་ཕུ་བོ་ག་རེ་ཞེས་དྲིས་པ་ན། ཕུ་བོ་དང་ཚོང་པ་རྣམས་རིན་པོ་ཆེ་མང་པོ་དང་བཅས་པ་ཆུར་ནུབ་བོ། །བདག་ནི་རྐྱལ་བས་ཐར་རོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡབ་ཡུམ་ས་ལ་འགྱེལ་ཞིང་ཡུལ་མི་ཐམས་ཅད་ཀྱང་མྱ་ངན་གྱིས་ནོན་ཏེ། སྡིག་དོན་ཁྱོད་ཀྱང་ཕུ་བོ་དང་ལྷན་ཅིག་འགྲོ་ན་ཅི་ཉེས་ཞེས་བྱས་སོ། །དེ་ནས་སྔར་དགེ་དོན་གྱིས་གསོས་པའི་བྱ་ངང་པ་ཞིག་ཡོད་པ་དེའི་མགུལ་དུ་རྒྱལ་པོས་ཡི་གེ་བཏགས་ཏེ་དགེ་དོན་ཚོལ་དུ་བཏང་བ་དང་། ངང་པ་དེ་འཕུར་ཞིང་ཀུན་ཏུ་བཙལ་པ་དང་སྐྱེད་མོས་ཚལ་ན་རྒྱལ་བུའི་སྐད་གྲགས་པ་ཐོས་ནས་དེར་བབ་སྟེ་རྒྱལ་བུ་དང་འཕྲད་དོ། །རྒྱལ་བུས་ཀྱང་ངང་པའི་སྐད་ཤེས་པས་མགུལ་ནས་ཡི་གེ་བཀྲོལ་ཅིང་ཀློག་ཏུ་བཅུག་སྟེ། སྡིག་དོན་གྱིས་མིག་ཏུ་ཚེར་མ་བཙུགས་ནས་བྲོས་པ་སོགས་ཀྱི་ལོ་རྒྱུས་ཞིབ་ཏུ་སྤྲིང་ངོ་། །དེའི་ཚེ་རྒྱལ་པོ་ལི་ཤི་བར་དེ་ལ་བུ་མོ་འཇིག་རྟེན་ན་དཀོན་པ་ཞིག་ཡོད་པ་དེ་སྐྱེད་མོས་ཚལ་དེར་སོང་བ་དང་། དགེ་དོན་སྐྲ་འཛེངས་ཤིང་གདོང་མཆི་མས་གང་བ་དང་གོས་ངན་པ་གྱོན་ཏེ་ཤིང་དྲུང་ན་འདུག་པ་དེ་མཐོང་ནས། བུ་མོ་དེ་ལ་ཆགས་ཏེ་གར་ཡང་མ་སོང་བར་དེའི་དྲུང་ན་འདུག་ཅིང་གཏམ་བྱས་སོ། །དྲོ་ལ་བབ་སྟེ་རྒྱལ་པོས་བུ་མོ་བོས་པ་དང་། བདག་གི་ཁ་ཟས་འདིར་སྐྱོལ་ཅིག ཕར་མི་འོང་ཞེས་སྨྲས་ཏེ་ཟན་དེར་བསྐྱལ་བ་དང་། བུ་མོས་རྒྱལ་བུ་ལ་བདག་ཅག་གཉིས་ལྷན་ཅིག་ཏུ་ཟན་ཟའོ་ཞེས་བྱས་པ་དང་། རྒྱལ་བུས་བདག་ལོང་བ་སྤྲང་པོ་ལགས་པས་རྒྱལ་པོོའི་སྲས་མོ་དང་ལྷན་ཅིག་ཟས་ཟ་མི་རུང་ངོ་། །གལ་ཏེ་རྒྱལ་པོས་གསན་ནས་བདག་ལ་གྱོད་མཆིའོ་ཞེས་སྨྲས་ཀྱང་། བུ་མོས་ཁྱོད་བདག་དང་ལྷན་ཅིག་མི་ཟ་ན་བདག་ཀྱང་མི་ཟའོ། །ཞེས་ལན་དུ་མར་སྨྲས་པ། ལྷན་ཅིག་ཏུ་ཟོས་ཏེ། གཏམ་ལེགས་པར་བྱས་ནས་བུ་མོ་དེ་ལ་ཆགས་ཏེ་གཞན་དུ་འགྲོར་མ་བཏུབ་བོ། །དེ་ནས་ཉི་མ་ནུབ་ཏུ་ཉེ་བར་རྒྱལ་པོས་བུ་མོ་ཕྱིར་ཤོག་ཅེས་སྦྲན་པ་དང་། བུ་མོས་ཕྱིར་འདི་སྐད་ཅེས་གསོལ་ཏོ། །བདག་ནི་སྐྱེད་ཚལ་སྲུང་བ་འདིའི་ཆུང་མར་དགའ་བས་གཞན་དུ་ཡང་མི་འཚལ་ལོ། །ཡབ་རྒྱལ་པོ་བདག་གི་བསམ་པ་འདི་ལས་མི་བསྒྱུར་དུ་གསོལ་ཅེས་སྤྲིངས་པ་དང་། རྒྱལ་པོས་ཐོས་ནས་བུ་མོ་འདི་ནི་ངོ་མཚར་ཡ་མཚན་ཆེའོ། །བུ་མོ་འདི་རྒྱལ་པོ་རིན་ཆེན་གོ་ཆའི་བུའི་མནའ་མར་བསླངས་ཏེ། རྒྱལ་བུ་རྒྱ་མཚོ་ནས་མ་འཁོར་བར་སྤྲང་པོ་འདི་ལྟ་བུའི་ཆུང་མར་དགའ་བ་འདི་ནི་ངའི་རིགས་སུན་ཏེ། ངའི་མགོ་ཡང་འདེགས་སུ་མེད་པ་འདི་ངོ་མཚར་ཆེ་ཞེས་ཡང་ཡང་འབོད་དུ་བཏང་བ་ལས། བུ་མོ་ཚིག་སྔ་མ་ལས་མ་འགྱུར་འགྲོར་མ་བཏུབ་བོ། །དེ་ནས་རྒྱལ་པོ་བུ་མོ་ལ་བྱམས་པས་ངོ་མ་བཟློགས་པར་གཉིས་ཀ་བསུས་ཏེ་ནང་དུ་བསྡུས་ནས་ཁྱོ་ཤུག་ཏུ་བསྡུས་སོ། །དེ་ནས་དུས་གཞན་ཞིག་ན་བུ་མོ་དེ་ཉིན་པར་རྟག་ཏུ་སོང་ཞིང་ནུབ་མོ་ཕྱིར་འོངས་པས། རྒྱལ་བུ་དོགས་པ་སྐྱེས་ཏེ་ཆུང་མ་ལ་སྨྲས་པ། ཁྱོད་བདག་གི་ཆུང་མ་བྱ་ཞེས་ཁྱོ་ཤུག་ཏུ་འདུས་ན། ཉིན་པར་རྟག་ཏུ་འགྲོ་ཞིང་མཚན་མོ་འབའ་ཞིག་ཕྱིར་འོངས་པས་འདིར་མི་རྟོག་པ་ལ་བལྟས་ན། ཁྱོད་གཞན་དུ་སེམས་པ་ཡོད་པར་ངེས་སོ། །བུ་མོས་དམ་བཅས་པ་བདག་ནི་ཁྱོད་འབའ་ཞིག་སེམས་ཏེ། བསམ་པ་གཞན་སྤུ་ཙམ་ཡང་མེད་དོ། །བདེན་པར་སྨྲས་པ་འདིས་ཁྱོད་ཀྱི་མིག་ཡ་གཅིག་མཐོང་བར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་མིག་ཡ་ག ཅིག་གིས་མཐོང་བར་གྱུར་ཏོ། །དེ་ནས་གཏམ་གླེང་བ་ན། རྒྱལ་བུ་ལ་ཁྱོད་ཀྱི་ཕ་མ་དང་ཡུལ་གང་ནས་ཡིན་དྲིས་པ་དང་། ཁྱོད་ཀྱིས་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་པ་ཐོས་སམ་དེ་ནི་ངའི་ཕ་ཡིན་ཏེ། ཁྱོད་ཀྱིས་རྒྱལ་བུ་དགེ་དོན་བྱ་བ་ཐོས་སམ། དེ་ནི་བདག་ཡིན་ནོ། །ཞེས་སྨྲས་པ་དང་། འོ་ན་ཅིའི་ཕྱིར་འདི་ལྟར་གྱུར་དྲིས་པས། རྒྱལ་བུས་ལོ་རྒྱུས་ཞིབ་ཏུ་བཤད་པ་ན། ཆུང་མས་རྒྱལ་བུ་སྡིག་དོན་གྱིས་ཁྱེད་ཀྱི་མིག་ཕྱུང་བ་འདི་ནི་འཇིག་རྟེན་གང་ན་ཡང་མི་སྲིད་པ་ཡིན་ན། ཁྱོད་དང་དེ་ཕྲད་ན་ཇི་ལྟར་བྱ་སྙམ། རྒྱལ་བུས། སྡིག་དོན་གྱིས་ངའི་མིག་ཕྱུང་བ་ཉེས་མོད་ཀྱི། བདག་ནི་དེ་ལ་ཅུང་ཟད་ཀྱང་མི་དགའ་བའམ་འཁོན་དུ་འཛིན་པ་མེད་དོ། །ཆུང་མས་སྨྲས་པ། ཚིག་དེ་ལ་བདག་ཡིད་ཆེས་པར་ཤིན་ཏུ་དཀའ་འོ། །རྒྱལ་བུས། བདག་སྡིག་དོན་ལ་མི་དགའ་བ་སྤུའི་ཉག་མ་ཙམ་མེད་ན་བདེན་པའི་ཚིག་དེས་བདག་གི་མིག་ཡ་གཅིག་འདིས་ཀྱང་མཐོང་བར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་མིག་ཡ་གཅིག་གིས་ཀྱང་གསལ་བར་མཐོང་བར་གྱུར་ཏོ། །དེར་བུ་མོ་ཤིན་ཏུ་དགའ་ནས། རང་གི་ཡབ་རྒྱལ་པོ་ལ། རྒྱལ་པོ་རིན་ཆེན་གོ་ཆའི་སྲས་དགེ་དོན་མཁྱེན་ནམ། རྒྱལ་པོས་ཤེས་སོ། །འོ་ན་རྒྱལ་པོ་གཟིགས་པར་བཞེད་དམ་བཞེད་ན་ད་ལྟར་བདག་གི་ཁྱིམ་ཐབ་བགྱི་བ་འདི་ལགས་སོ་སྨྲས་པས། རྒྱལ་པོ་བགད་དེ། བུ་མོ་འདི་མྱོས་སམ་ཅི་ཉེས། རྒྱལ་བུ་དེ་ནི་རྒྱ་མཚོ་ནས་ཕྱིར་མ་འཁོར་ན། སྤྲང་པོ་ལ་རྒྱལ་བུ་དགེ་དོན་ཡིན་ཞེས་སྨྲ། བུ་མོས་ཐུགས་མི་ཆེས་ན་གཟིགས་འཚལ། དེར་རྒྱལ་པོ་བལྟར་ཕྱིན་པ་དང་རྒྱལ་བུ་དངོས་སུ་འདུག་པས། ལྟོ་བ་ས་ལ་ཕབ་ནས་བདག་གི་ངོ་མ་ཤེས་པས་ནོངས་ཀྱིས་འགྱོད་དོ་ཞེས་སྨྲས་ནས། རྒྱལ་པོ་དེས་གསང་ནས་རྒྱལ་བུ་དགེ་དོན་ལམ་སྲང་ཞིག་ཏུ་བསྐྱལ་ཏེ། དགེ་དོན་རྒྱ་མཚོ་ནས་གདོད་འཁོར་བ་སྐད་བསྒྲགས་ཏེ། བློན་པོ་རྣམས་དང་བཅས་པས་དགེ་དོན་བསུས་ནས་ཕོ་བྲང་དུ་འོང་བ་དང་། གདོད་བུ་མོ་ཡང་ཆུང་མར་བྱིན་པ་སྐད་དུ་བསྒྲགས་སོ། །དེའི་ཚེ་བྱ་ངང་པ་ཡང་ཕྱིར་ཡུལ་དུ་ཕྱིན་ཏེ་ཡི་གེ་བཀླགས་པས་དགེ་དོན་ཡོད་པར་ཤེས་ནས་སྡིག་དོན་བཙོན་དུ་བཟུང་། རྒྱལ་པོ་ལི་ཤི་བར་གྱི་སྟེང་དུ་ཕོ་ཉ་བཏང་ནས། ངའི་བུ་དགེ་དོན་ཁྱོད་ཀྱི་ཡུལ་དུ་འོངས་ནས་ཉོན་མོངས་པར་ཐོས་ཀྱི་སྔར་མ་སྦྲན་པ་ཡང་ཉེས་སོ། །དེ་ཡང་གླང་ཆེན་དང་རྟ་ཡི་ཚོགས་མང་པོས་སྐྱོལ་ཅིག མ་བསྐྱལ་ན་ང་ཉིད་ཀྱང་འོང་ངོ་ཞེས་སྤྲིངས་སོ། །དེའི་ཚེ་དགེ་དོན་གྱིས་ཕྱུག་རྫིའི་དྲིན་དྲན་ནས་རྒྱལ་པོ་ལི་ཤི་བར་ལ་གསོལ་ཏེ། རྟ་དང་གླང་པོ་ཆེ་གོས་དང་ཁང་ཁྱིམ། ཞིང་དང་འབྲོག་དང་རིན་པོ་ཆེ་དང་བྲན་དང་ལས་བྱེད་སོགས་བྱ་དགའ་མང་དུ་བྱིན་ནས་ཚེ་གཅིག་ལ་བདེ་ཞིང་སྐྱིད་པར་བྱས་སོ། །དེ་ནས་རྒྱལ་པོ་རིན་པོ་ཆེ་གོ་ཆའི་ཕོ་ཉ་ཡང་དེར་ཕྱིན་ཅིང་། རྒྱལ་པོ་ལི་ཤི་བར་གྱིས་གླང་པོ་ཆེ་ལྔ་བརྒྱ་རིན་པོ་ཆེས་བརྒྱན་ཏེ་གཡོག་ལྔ་བརྒྱ་དང་། བུ་མོའི་གཡོག་གཞོན་ནུ་མ་ལྔ་བརྒྱ་དང་། ཤིང་རྟ་ལྔ་བརྒྱ་སྙེད་ཀྱང་བརྫངས། རྒྱལ་པོ་ཉིད་བློན་པོ་དང་བཅས་ཏེ་འཁོར་བརྒྱ་སྟོང་དུ་མས་རོལ་མོ་སྣ་ཚོགས་བྱས་ཏེ་བུ་མོ་བསྐྱལ་ལོ། །ཕོ་ཉ་སྔར་ཕྱིན་ནས་རྒྱལ་པོ་རིན་པོ་ཆེ་གོ་ཆའི་བཙུན་མོའི་འཁོར་དང་བཅས་ཏེ་རྒྱལ་བུ་བསུའོ། །དེར་རྒྱལ་བུ་ས་ལ་བབ་ནས་ཕ་མ་ལ་ཕྱག་བྱས་ཤིང་བསྙུན་གསོལ་ནས། རྒྱལ་བུས་སྡིག་དོན་ག་རེ་ཞེས་སྨྲས་པས། ད་ལྟར་བཙོན་དུ་བཟུང་ངོ་སྨྲས་པ་དང་། རྒྱལ་བུ་དེ་ཐོངས་ཤིག་གལ་ཏེ་མ་བཏང་ན་བདག་ཕོ་བྲང་དུ་མི་མཆིའོ། །ཞེས་གསོལ་པས། སྡིག་དོན་ཡང་བཏང་སྟེ་དེས་ཀྱང་བསུས་ཏེ་སྤུན་གཉིས་གཅིག་ལ་གཅིག་འཇུས་ཏེ་ནུ་བོ་ལ་སྔར་བས་ཀྱང་ལྷག་པར་བྱམས་པར་གྱུར་པས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཕོ་བྲང་གི་ནང་དུ་འོངས་ནས་རིན་པོ་ཆེ་ག་རེ་ཞེས་དྲིས་པས། སྡིག་དོན་གྱིས་ལམ་དུ་ས་བསྐོས་ཏེ་སྦས་སོ། །དེར་ལེན་དུ་བཏང་བས་མ་རྙེད་པ་ལ། དགེ་དོན་དང་འགྲོགས་ནས་གནས་དེར་ཕྱིན་མ་ཐག་ཏུ་དགེ་དོན་གྱི་མཐོང་ནས་རྙེད་དོ། །དེ་ནས་ཕོ་བྲང་དུ་འོངས་ནས་རྒྱལ་ཕྲན་ལྔ་བརྒྱ་ཀུན་ལ་ནོར་བུ་རེ་རེ་བྱིན་ཞིང་། གཅིག་པུ་ཞིག་བཞག་པ་ལག་ཏུ་ཐོགས་ཏེ་སྨོན་ལམ་བཏབ་པ་བཞིན། ཕ་མ་གཉིས་འདུག་སའི་རིན་པོ་ཆེའི་ཁྲི་དང་གདུགས་ཀྱང་བྱུང་ཞིང་། བང་མཛོད་སྟོང་པ་རྣམས་ཀྱང་སྔར་བཞིན་དུ་གང་བར་གྱུར་ཏོ། །དེ་ནས་ཕྱོགས་ཐམས་ཅད་དྲིལ་བསྒྲགས་ཏེ་ད་སྟེ་ཞག་བདུན་ན་རྒྱལ་བུ་དགེ་དོན་གྱིས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཀྱིས་ཐམས་ཅད་འདུས་ཤིག་ཅེས་བསྒོ་ནས། ནོར་བུ་རྒྱལ་མཚན་གྱི་རྩེར་བཏགས་ཏེ། ཕྱོགས་བཞིར་ཕྱག་འཚལ་ཞིང་ལག་པར་སྤོས་ཕོར་ཐོགས་ཏེ་ནོར་བུ་འདི་ཡིད་བཞིན་རིན་པོ་ཆེ་ཡང་དག་ཡིན་ན། ཐམས་ཅད་ཅི་འདོད་པའི་ཆར་ཡིད་བཞིན་དུ་ཕོབ་ཅིག ཅེས་སྨྲས་མ་ཐག་ཏུ་རླུང་ལངས་པས་མི་གཙང་བ་ཕྱགས་ཏེ་ཆར་ཟིམ་བུས་རྡུལ་མི་ལྡང་བར་བྱས་ནས། ཟས་གོས་དང་རིན་པོ་ཆེའི་ཆར་ཕབ་པས་ཡུལ་ཐམས་ཅད་གང་སྟེ་ཐམས་ཅད་ཚིམས་པར་བྱས་སོ། །རྒྱལ་བུས་མི་རྣམས་ལ་སྨྲས་པ། ད་ནི་ཕོངས་པའི་སེམས་མེད་པར་ཐམས་ཅད་ཀྱིས་སྒོ་གསུམ་དགེ་བ་བཅུའི་ལས་ལ་བརྩོན་པར་གྱིས་ཤིག་ཅེས་བསྐུལ་བ་བཞིན་ཐམས་ཅད་ཀྱིས་ནན་ཏན་དུ་བསྒྲུབས་པས་ཚེ་འཕོས་པའི་དུས་སུ་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་ཕ་མ་གཉིས་ནི་ད་ལྟའི་རྒྱལ་པོ་ཟས་གཙང་མ་དང་ཡུམ་ལྷ་མཛེས་མ་རྒྱལ་བུ་དགེ་དོན་ནི་ང་ཉིད་ཡིན་ལ་རྒྱལ་པོ་ལི་ཤི་བར་ནི་འོད་སྲུང་དང་། དེའི་ཚེ་རྒྱལ་བུའི་ཆུང་མར་གྱུར་པ་དེ་ནི་སྐྱེ་དགུའི་བདག་མོ་དང་། སྡིག་དོན་ནི་ལྷས་བྱིན་ཡིན་ཏེ། འཛམ་བུའི་གླིང་གི་མི་ལ་ངའི་དྲིན་གྱིས་ཁྱབ་པ་ནི་ང་ཐོག་མར་སངས་རྒྱས་པ་ན། ལྷའི་སྲས་པོ་བརྒྱད་ཁྲི་འོང་བ་དང་། ངའི་ཉེ་གནས་ལུང་བསྟན་པ་རྣམས་ཡིན་ནོ། །དེའི་ཚེ་དེའི་དུས་ན་དེ་ལྟར་ང་ལ་གནོད་པ་ཆེན་པོ་བྱས་ཀྱང་སྙིང་བརྩེ་བའི་སེམས་བསྐྱེད་ན། ད་མངོན་པར་སངས་རྒྱས་ནས་ཉོན་མོངས་པའི་སྒྲིབ་པ་ནི་ཟད། ཐུགས་རྗེ་ཆེན་པོས་རྒྱས་པར་ཁྱབ་པས་ན་གནོད་པ་ཅུང་ཟད་བྱས་པ་ལ་ཐུགས་བརྩེ་བ་ལྟ་ཅི་སྨོས་གསུངས། འདིས་ནི་བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ་ཡིན་ནོ། །


previousབྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ།next