Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ།next

ནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་དག་སྐྱ་རྦབ་སེར་པོའི་ནད་ཀྱིས་ཐེབས་ཏེ་རིད་ཅིང་ལུས་ཉམ་ཆུང་བར་གྱུར་ལ། བཅོམ་ལྡན་འདས་ནི་བསྙུན་མི་མངའ་ཞིང་སྟོབས་དང་ལྡན་པར་གྱུར་པ་ལ། དགེ་སློང་རྣམས་ངོ་མཚར་དུ་གྱུར་ཏེ། དོན་དེ་གསོལ་པ་ན་བཀའ་སྩལ་པ། སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན། བཅོམ་ལྡན་འདས་ཉིད་རྒྱལ་པོ་པདྨ་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་ཝཱ་རཱ་ཎ་སཱིར་དུས་དང་དུས་ཚིགས་མ་སྙོམས་པ་ལས་མི་ནད་ཆེན་པོ་བྱུང་སྟེ། སེམས་ཅན་ཕལ་ཆེར་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་བོ། །དེ་རྒྱལ་པོས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་ཡུལ་ཐམས་ཅད་ན་གནས་པའི་སྨན་པ་རྣམས་བསྡུས་ནས་ནོར་དང་སྨན་དང་ནད་གཡོག་དང་ལྡན་པར་བྱས་ཏེ་ཡུན་རིང་མོ་ཞིག་ལོན་ཀྱང་དེ་རྣམས་གསོ་མ་ནུས་ནས། སླར་རྒྱལ་པོས་དྲིས་པས། སྨན་པ་རྣམས་མཐུན་པར་ཉ་རོ་ཧི་ཏ་ཞེས་པ་ཞིག་ཡོད་པས་དེའི་ཤ་རྙེད་ན་གསོ་ནུས་ཀྱིས་གཞན་ཐབས་མ་འཚལ་སྨྲས་པས། ཕྱོགས་མཐའ་དག་ཏུ་བཙལ་ཀྱང་མ་རྙེད་ནས་ནད་པ་རྣམས་ཀྱིས་སྙིང་རྗེའི་སྐད་ཀྱིས་ཚིག་སྨྲ་བ་གསན་ནས། ལྷག་པར་ཡང་སྙིང་རྗེ་སྐྱེས་ཏེ་དེ་དག་བསྐྱབ་པའི་ཕྱིར། ནོར་ཕལ་ཆེར་ཡོངས་སུ་གཏོང་བར་བྱས་ཏེ། བུ་ཐུ་བོ་རྒྱལ་སར་བཅུག་ནས་ཉེ་དུ་དང་སྐྱེ་བོ་རྣམས་ལ་ཉེས་པ་བཤགས། ཕོ་བྲང་གི་འཁོར་གྱི་མི་དང་བློན་པོ་རྣམས་ལ་བསྟོད། ནད་པ་སྡུག་བསྔལ་བ་རྣམས་ལ་དབུགས་ཕྱུང་སྟེ། གསོ་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས་བླངས་ནས་ཁང་བཟང་གི་སྟེང་དུ་སོང་སྟེ། སྤོས་དང་མེ་ཏོག་ལ་སོགས་པ་གཏོར་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྨོན་ལམ་བཏབ་པ། བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྣམས་ཤིན་ཏུ་ཕོངས་པར་གྱུར་ཏེ། ནད་ཀྱིས་ཡོངས་སུ་གཟིར་བ་མཐོང་ནས་བདག་གིས་རང་གི་སྲོག་ཕངས་པ་ཡོངས་སུ་བཏང་བའི་བདེན་པ་དང་བདེན་པའི་ཚིག་གིས་བདག་ཆུ་ཀླུང་ཟློག་བྱེད་འདིའི་ནང་དུ་ཉ་རོ་ཧི་ཏར་སྐྱེ་བར་ཤོག་ཅིག་ཅེས་སྨྲས་ཏེ་ཁང་བཟང་གི་སྟེང་ནས་མཆོངས་སོ། །དེའི་མོད་ལ་ཤི་ནས་ཆུ་ཀླུང་ཟློག་བྱེད་ཀྱི་ནང་ཉ་རོ་ཧིི་ཏར་སྐྱེས་ཏེ། ལྷ་རྣམས་ཀྱིས་ཡུལ་ཐམས་ཅད་དུ་ཆུ་ཀླུང་ཟློག་བྱེད་ཀྱི་ནང་ཉ་རོ་ཧི་ཏ་ཞེས་བྱ་བ་སྐྱེས་ཀྱིས་དེ་ནི་ནད་ཚབས་པོ་ཆེས་གཟིར་ནས་ཡུན་རིང་ལོན་པ་རྣམས་ཀྱི་བདུད་རྩི་དང་འདྲའོ་ཞེས་སྒྲ་བསྒྲགས་པས། ཐམས་ཅད་ཀྱིས་དེའི་ཤ་བཅད་དེ་ལོངས་སུ་སྤྱོད་པ་ན། དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱས་ཏེ། བདག་གི་ཤ་ཁྲག་གིས་སེམས་ཅན་འདི་དག་བདེ་བར་འགྱུར་བ་འདི་ནི། བདག་གི་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས། དེ་ལྟ་བུའི་ཚུལ་གྱིས་ལོ་བཅུ་གཉིས་ཀྱི་བར་དུ་རང་གི་ཤ་ཁྲག་གིས་སེམས་ཅན་དེ་དག་ཚིམས་པར་བྱས་ཏེ་བླ་ན་མེད་པའི་རྫོགས་བྱང་ལས་ཀྱང་སེམས་མ་ལོག་གོ །དེ་ནས་སེམས་ཅན་དེ་དག་གི་ནད་ཞི་བར་གྱུར་པ་དེའི་ཚེ་ཉ་རོ་ཧི་ཏ་དེས་མིའི་སྐད་དུ་སྒྲ་བསྒྲགས་ལ། ཀྱེ་སེམས་ཅན་དག་ཁྱོད་ཉོན་ཅིག ང་ནི་རྒྱལ་པོ་པདྨ་ཞེས་བྱ་བ་དེ་ཡིན་ཏེ། ངས་ཁྱོད་ཀྱི་དོན་དུ་རང་གི་སྲོག་ཡོངས་སུ་བཏང་ནས་ལུས་འདི་ལྟར་བླངས་པ་ཡིན་གྱིས། ང་ལ་སེམས་དགའ་བར་གྱིས་ཤིག་དང་གང་གི་ཚེ་ང་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། ཁྱེད་ནད་ལས་གཏན་དུ་ཡོངས་སུ་ཐར་བར་བྱ་སྟེ། མྱ་ངན་ལས་འདས་པའི་བདེ་བ་མཐར་ཐུག་པ་ལ་དགོད་པར་བྱའོ་ཞེས་བྱས་པས། དེ་ཐོས་པ་དང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་དད་པ་རྙེད་དེ་མེ་ཏོག་ལ་སོགས་པས་མཆོད་ནས། ཤིན་ཏུ་དཀའ་བ་བྱེད་ཁྱོད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བརྙེས་པའི་ཚེ་བདག་ཅག་ཁྱེད་ཀྱི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །ངས་སྔོན་དེ་ལྟ་བུའི་ཡོངས་སུ་གཏོང་བ་བྱས་པ་དེས། ང་འཁོར་བ་ན་འཁོར་བའི་ཚེ་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་མངོན་པར་སངས་རྒྱས་པ་ནའང་། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་ཏེ། ངས་ཟོས་པ་དང་འཐུངས་བ་དང་འཆོས་པ་དང་མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཏེ། ང་ནད་མེད་ཅིང་གནོད་པ་མེད་ལ་ནད་མེད་པའི་རང་བཞིན་དུ་གྱུར་ཏོ། །དགེ་སློང་དག་དེ་བས་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ་གསུངས། འདིས་ནི་ནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་ཏོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་ཤེས་སུ་ཟིན་ན་ནི། ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན་དེ་ལ་མ་བྱིན་པའམ། བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་ཤེས་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་མི་ཤེས་པས་ཀུན་ཏུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ་བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་གོ་ཞེས་དང་། དོན་དེ་ཚིགས་སུ་བཅད་པའི་སྒོ་ནས་ཀྱང་བཀའ་སྩལ་པས། དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དེ་བཞིན་གཤེགས་པས་སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་བརྗོད་པ་འདི་ལྟར་ལ་ངོ་མཚར་ཆེ་བ་ཅི་ཡོད། ངས་སྔོན་འདས་པའི་དུས་ན་སློང་བའི་ཕྱིར་བདག་གི་ཟ་བའི་ཟན་ཁམ་ཁར་འོངས་ཟིན་པ་ལས་ཀྱང་ཡོངས་སུ་བཏང་བ་ཡིན་ཏེ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བར་གྱུར་པའི་ཚེ་ཡུལ་དེར་མུ་གེ་ཆེན་པོ་བྱུང་སྟེ་སྐྱེ་བོ་ཕལ་ཆེར་འཆི་ལ་ཐུག་པའི་ཚེ་རྒྱལ་པོའི་དྲུང་དུ་འོངས་ནས་སྐྱབས་འཚོལ་བ་ན། རྒྱལ་པོས་མཛོད་པ་ལ་བོས་ཏེ་རྩིས་མཁན་རྣམས་ལ་བརྩིར་བཅུག་པས། དུས་འདི་སྲིད་གཅིག་གི་བར་དུ་ཡུལ་ན་འཁོད་པ་ཐམས་ཅད་ཀྱིས་ནི་ཉིན་གཅིག་བཞིན་ཁམ་རེ་དང་། རྒྱལ་པོ་ལ་ཞལ་ཁམ་གཉིས་རེ་མཆིས་སོ་ཞེས་གསོལ་བས། སྐྱེ་བོ་ཐམས་ཅད་བསགས་ནས་མི་རེ་ལ་ཁམ་རེ་སྟེར་ཞིང་རྒྱལ་པོས་གཉིས་རེ་གསོལ་བ་ལ། རྩིས་སུ་མ་ཆུད་པའི་བྲམ་ཟེ་གསར་པ་ཞིག་བྱུང་བས་དེ་ལ་རྒྱལ་པོ་རང་གི་སྐལ་བའི་ཁམ་གཅིག་པོ་བྱིན་ཞིང་། རང་ཉིད་ཁམ་གཅིག་པོ་དེས་འཚོ་བར་བྱེད་པ་ལ་བརྒྱ་བྱིན་ལྷའི་དབང་པོས་དེ་ལྟར་རིགས་ཏེ། རྒྱལ་པོའི་བསམ་པ་བརྟག་པའི་ཕྱིར་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་འོངས་ཏེ་ཟན་བསླངས་པས། རྒྱལ་པོ་རང་གི་སྐལ་བའི་ཁམ་གཅིག་པོ་དེ་ཡང་དེ་ལ་བྱིན་ཏེ་དེ་ལྟར་ཞག་དྲུག་གི་བར་དུ་ཟན་བཅད་དེ་སྨྱུང་བར་འདུག་ཀྱང་འགྱོད་པ་མེད་པར་མཐོང་ནས། བརྒྱ་བྱིན་ཤིན་ཏུ་ངོ་མཚར་ཏེ་རང་གི་གཟུགས་སུ་བསྒྱུར་ནས་རྒྱལ་པོ་ལ་ལེགས་སོ་ཞེས་མངོན་པར་བསྟོད་དོ། །ད་ས་བོན་ཐམས་ཅད་ཐོབ་དང་ཞག་བདུན་ནས་ཆར་དབབ་པར་བྱའོ། །ཞེས་བྱས་སོ། །རྒྱལ་པོས་ཀྱང་དེ་ལྟར་བྱེད་དུ་བཅུག་པས་བརྒྱ་བྱིན་གྱིས་ཆར་ཕབ་སྟེ། མུ་གེ་མེད་པར་གྱུར་ཏེ། ངས་དེ་ལྟ་བུའི་མུ་གེ་བྱུང་ན་ཡང་རང་གི་སྲོག་ཡོངས་སུ་བཏང་སྟེ་དེ་ལྟ་བུའི་སྦྱིན་པ་དག་བྱིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་བཀའ་སྩལ་ཏོ། །


previousནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ།next