Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པ།next

བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཞེས་པ་བུ་ནི་མེད་ཅིང་། བུ་མོ་བདུན་ཡོད་པ། རབ་ཏུ་དབུལ་ཞིང་ཆུང་མ་དང་། བུ་མོ་དང་། མག་པ་དག་གིས་ཀྱང་གཤེ་བར་བྱེད་པ་ལས། ནམ་ཞིག་ཞིང་བརྔ་རན་ནས་ཁྱིམ་མཚེས་ཤིག་ལས་བ་ལང་ཞིག་གཡར་བ་ཡང་བོར་ནས་སྡུག་བསྔལ་བར་གྱུར་པ་ལ། རྒྱང་མ་ནས་དེ་བཞིན་གཤེགས་པ་ཤིང་དྲུང་ན་དབང་པོ་ཀུན་ཞི་ཞིང་བདེ་བར་བཞུགས་པ་མཐོང་ནས་བྲམ་ཟེས་བསམ་པ། དགེ་སྦྱོང་ག་ཏ་མ་ནི་རབ་ཏུ་བདེ་བ་བསྐྱེད་དོ། །དེ་ལ་ཆུང་མས་སྤྱོ་བ་ཡང་མེད། བུ་མོ་ངན་པ་དང་མག་པས་གཙེས་པ་ཡང་མེད། ཞིང་བརྔ་རན་ཏེ་གླང་གཡར་ཀྱང་མི་དགོས་ཏེ། མྱ་ངན་མེད་དོ་སྙམ་མོ། །དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། ཁྱོད་རབ་ཏུ་བྱུང་བར་དགའ་འམ་ཞེས་བཀའ་སྩལ་པ་དང་། བྲམ་ཟེས། བཅོམ་ལྡན་འདས་ཀྱིས་གནང་ན་བདག་རབ་ཏུ་བྱུང་ངོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པ་དང་། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ནས་ཆོས་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །དེར་ཀུན་དགའ་བོ་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་འདི་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི་སྔོན་གྱི་དུས་ཀྱང་ཉེས་པ་ཀུན་ལས་ཐར་ཞིང་བདེ་བར་བྱས་པ་ཡིན་ཏེ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ཏུ་རྒྱལ་པོ་མཛེས་པ་ཞེས་བྱ་བ་ཞིག་བྱུང་སྟེ་རྒྱལ་སྲིད་ཆོས་བཞིན་དུ་འཚོའོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་དབྱུག་པ་ཅན་ཞེས་དབུལ་ཞིང་ཕོངས་པ་ཞིག་ཡོད་པ་དེས་ཁྱིམ་བདག་གཞན་ཞིག་ལས་གླང་ཞིག་གཡར་ཏེ་ཉིན་པར་སྤྱད་ནས་ནུབ་མོ་དེའི་ཁྱིམ་དུ་བཏང་བས་སྟོར་ནས་དེ་གཉིས་རྩོད་པར་གྱུར་ཏེ་རྒྱལ་པོའི་དྲུང་དུ་འོང་བ་ན། ལམ་དུ་མི་གཞན་ཞིག་གིས་རྟ་རྒོད་མ་ཞིག་བྲོས་པ་ལ། དེ་མ་བཏང་ཞེས་སྨྲས་པས་དབྱུག་པ་ཅན་གྱི་རྡོ་འཕངས་པས་རྒོད་མའི་རྐང་པ་བཅག་པས། དེས་ཀྱང་ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་ཞེས་སྨྲས་སོ། །དེ་དག་དེར་སོང་བ་དང་དབྱུག་པ་ཅན་བྲོས་པར་བརྩམ་སྟེ། རྩིག་པ་ཞིག་གི་སྟེང་ན་མཆོངས་པས་ཐགས་འཐག་པའི་ཐགས་པ་ཞིག་གི་སྟེང་དུ་ལྷུང་ནས་དེ་ཚེ་འཕོས་པ་དང་། དེའི་ཆུང་མས་དབྱུག་པ་ཅན་བཟུང་ནས་རྒྱལ་པོའི་དྲུང་དུ་ཁྲིད་དོ། །ལམ་དུ་ཆུ་གཏིང་ཟབ་ཅིག་གི་ནང་ནས་ཤིང་མཁན་ཞིག་སྟེའུ་ཁ་ནས་བཟུང་སྟེ་འོངས་པ་ལ། དབྱུག་པ་ཅན་གྱིས་ཆུའི་གཏིང་ཇི་ཙམ་ཟབ་དྲིས་པ་དང་ཆུའི་གཏིང་ཟབ་བོ་ཞེས་སྨྲས་པས་སྟེའུ་ཆུར་ལྷུང་སྟེ་མ་རྙེད་པས་དེ་ཡང་རྒྱལ་པོའི་དྲུང་དུ་འོང་ངོ་། །དེ་ནས་དབྱུག་པ་ཅན་ལུས་ངལ་ཏེ་ཆང་འཚོང་གི་ཁྱིམ་དུ་སོང་སྟེ་ཆང་བླངས་པ་དང་ཆང་འཚོང་བ་དེ་ལ་བུ་ཕོ་བཙས་པ་གོས་ཀྱིས་གཡོགས་ཏེ་བསྙལ་བའི་སྟེང་དུ་བསྡད་པས་དེ་སྲོག་དང་བྲལ་བ་ན། དེས་བུ་བསད་དོ་ཞེས་རྒྱལ་པོའི་དྲུང་དུ་འོང་ངོ་། །དེ་དག་སོང་བའི་ལམ་དུ་ཤིང་ཤ་ཀོ་ཏ་ཀ་དེ་ལ་བྱ་རོག་ཞིག་འདུག་པ་དེས། དབྱུག་པ་ཅན་ལ་ཁྱོད་རྒྱལ་བུའི་དྲུང་དུ་འགྲོ་ན། བདག་ཤིང་གཞན་གྱི་སྟེང་ན་འདུག་ཚེ་སྐད་མི་སྙན་ལ། འདིའི་ཁར་འོངས་པ་ན་སྐད་སྙན་ཞིང་ངོ་མཚར་ན་དེའི་རྒྱུ་ཞུས་ཤིག ཡང་སྦྲུལ་ཞིག་གིས་བདག་ཁུང་ནས་ཕྱིར་འབྱུང་བའི་ཚེ་ན་བདེ། སླར་འཇུག་པའི་ཚེ་ན་སྡུག་བསྔལ་ན་དེའི་རྒྱུ་དྲིས་ཤིག ཡང་བག་མ་གསར་པ་ཞིག་གིས། ནམ་ཁོ་མོ་ཕ་མའི་ཁྱིམ་ན་འདུག་པའི་ཚེ་གྱོས་པོའི་ཁྱིམ་འདོད་ལ། གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་ཕ་མའི་ཁྱིམ་འདོད་ན་དེ་ཅིའི་ཕྱིར་ཞུས་ཤིག་ཅེས་སྨྲས་སོ། །དེ་དག་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཕྱག་འཚལ་ཏེ། དེ་དག་གིས་རྩོད་པའི་དོན་རྣམས་སྨྲས་པ་ན། རྒྱལ་པོས་དབྱུག་པ་ཅན་ལ་ཁྱོད་ཀྱིས་གླང་གཡར་རམ། གཡར་རོ། །འོ་ན་ཕྱིར་བྱིན་ནམ། གླང་བདག་གིས་མཐོང་བར་བྱིན་ཏོ། །ཁས་ཚིག་གིས་ནི་མ་གཏོད། རྒྱལ་པོས་སྨྲས་པ་དབྱུག་པ་ཅན་གྱིས་གླང་བྱིན་ཏེ་མ་སྨྲས་པ་ལྕེ་ཆོད་ཅིག གླང་བདག་གིས་གླང་འོང་བར་མཐོང་ནས་མ་བཏགས་པས་མིག་ཕྱུངས་ཤིག གླང་བདག་གིས། དབྱུག་པ་ཅན་གྱིས་གཅིག་ཏུ་བདག་གི་གླང་ཕྲོགས། གཉིས་སུ་བདག་གི་མིག་ཕྱུང་བ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །མི་གཅིག་གིས། ལྷ་དབྱུག་པ་ཅན་གྱིས་བདག་གི་རྟ་རྒོད་མ་བཀུམ་མོ། །རྒྱལ་པོས་དབྱུག་པ་ཅན་ལ་ཇི་ལྟར་བསད་དྲིས་པས། བདག་ལམ་དུ་ཞུགས་པའི་ཚེ་མི་འདིས་རྟ་མ་གཏོང་ཞིག་ཟེར་བས་བདག་གིས་རྡོ་ཞིག་འཕངས་པས་རྟ་གུམ་མོ། །རྒྱལ་པོས། རྟ་བདག་གི་རྟ་མ་གཏོང་སྨྲས་པས་ལྕེ་ཆོད། དབྱུག་པ་ཅན་གྱིས་ཐབས་གཞན་གྱིས་མི་བཀག་པར་རྡོ་འཕངས་པས་ལག་པ་ཆོད་ཅིག རྟ་བདག་གིས། གཅིག་ཏུ་བདག་གི་རྟ་བསད། གཉིས་སུ་བདག་གི་ལྕེ་བཅད་པ་བས་དབྱུག་པ་ཅན་རྒྱལ་ཡང་སླའོ། །ཤིང་མཁན་གྱིས། འདིས་བདག་ལ་ཆུའི་གཏིང་ཇི་ཙམ་ཟབ་དྲིས་པས་སྟེའུ་ཆུར་ཤོར་རོ། །རྒྱལ་པོས། རྫས་ཅི་ཁྱེར་ཀྱང་ཕྲག་པར་ཐོག་རིགས་པ་ལ། ཁ་ནས་ཁྱེར་བཞིན་གཏམ་སྨྲས་པས་ཤིང་མཁན་གྱི་མདུན་སོ་གཉིས་ཕྱུངས་ཤིག དབྱུག་པ་ཅན་གྱིས་དྲིས་པས་ལྕེ་ཆོད་ཅིག ཤིང་མཁན་གྱིས། གཅིག་ཏུ་བདག་གི་སྟེའུ་སྟོར་གཉིས་སུ་སོ་བཅག་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཆང་འཚོང་མས་འདིས་བདག་གི་བུ་བསད་དོ། །དབྱུག་པ་ཅན་གྱིས་བདག་ངལ་བས་ཆང་སློང་དུ་སོང་ནས་སྟན་ལ་མ་བལྟས་པར་འདུག་པས་འོག་ན་བུ་ཡོད་པར་མ་ཚོར་བར་གུམ་མོ། །རྒྱལ་པོས་སྨྲས་པ། ཆང་འཚོང་མ་ཁྱོད་བུ་སྒོར་བསྙལ་ལ་གོས་ཀྱིས་མི་མཐོང་བར་གཡོགས་པས་ཉེས་སོ། །དབྱུག་པ་ཅན་སྟན་ལ་མ་བརྟགས་པར་འདུག་པས་ཉེས་ཀྱི་དབྱུག་པ་ཅན་ཁྱོད་འདིའི་ཁྱོ་བྱོས་ལ་བུ་ཡོད་པར་གྱིས་ཤིག ཆང་འཚོང་མས་གཅིག་ཏུ་བདག་གི་བུ་བསད། གཉིས་སུ་ན་བདག་གི་ཁྱོ་བྱེད་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཐགས་པའི་ཆུང་མས། འདིས་བདག་གི་ཁྱོ་བཀུམ་མོ་དབྱུག་པ་ཅན་གྱི་བདག་དགྲ་མང་བས་འཇིགས་ཏེ་རྩིག་པ་ལས་བརྒལ་ནས་བྲོས་སྙམ་པས་ཕག་ན་མི་ཡོད་པ་མ་མཐོང་སྟེ་གུམ་མོ། །རྒྱལ་པོས་སྨྲས་པ། སོང་ལ་འདི་ཉིད་ཀྱི་ཁྱོ་བྱོས་ཤིག དེས་སྨྲས་པ། གཅིག་ཏུ་བདག་གི་ཁྱོ་བསད། གཉིས་སུ་འདིས་ཁྱོ་བྱེད་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །དེ་དག་སོ་སོར་ཞལ་ལྕེ་དེ་ལྟར་བཅད་དེ་དབྱུག་པ་ཅན་ཉེས་པ་ཀུན་ལས་ཐར་རོ། །རྒྱལ་པོ་དེའི་དྲུང་ན་བུད་མེད་གཉིས་ཤིག་བུ་གཅིག་ལ་རྩོད་པ་ན། རྒྱལ་པོ་བློ་མཁས་པས་བརྟགས་ནས་བུད་མེད་གཉིས་ལ་འདི་སྐད་བསྒོའོ། །ཁྱོད་གཉིས་ཀྱི་བུའི་ལག་པ་རེ་རེ་ནས་བཟུང་སྟེ་དྲོངས་ལ་གང་གིས་ཐོབ་པ་དེས་བུ་ཁྱེར་ཅིག བུའི་མ་མ་ཡིན་པ་དེས་བུ་ལ་སྙིང་རྗེ་མེད་པས་སྣད་ཀྱིས་མ་དོགས་ཏེ་མཐུ་ཅི་ཡོད་པས་དྲངས་སོ། །མ་གང་ཡིན་པ་དེས་དལ་གྱིས་འདྲེན་པས་དེའི་བུ་ཡིན་པར་བྱས་ཏེ་བུ་ཁྱེར་རོ། །དེ་ནས་ཡང་མི་གཉིས་ཀྱིས་རས་ཡུག་གཅིག་ལ་རྩོད་ནས་རྒྱལ་པོའི་དྲུང་དུ་ལྷགས་པ་ན། ཞལ་ལྕེ་གོང་བཞིན་དུ་བཅད་དོ། །དེ་ནས་དབྱུག་པ་ཅན་གྱིས་རྒྱལ་པོ་ལ་སྔར་གྱི་ཕྲིན་རྣམས་ཞུས་པ་དང་། རྒྱལ་པོས། སྦྲུལ་དེ་ལ་ཁྱོད་མི་ཁྲོ་ཞིང་བཀྲེས་པས་ཁུང་ནས་ཕྱིར་འབྱུང་བའི་ཚེ་བདེ་ལ། ཕྱིར་བྱུང་ནས་ཁ་ཟས་མང་དུ་ཟོས་པ་དང་བྱ་རྣམས་ཀྱིས་གཙེས་པས་ཁྱོད་ཁྲོས་ནས་སྦོམ་པར་གྱུར་པས་སླར་འཇུག་པའི་ཚེ་ཁུང་བུར་ཐོགས་ནས་སྡུག་བསྔལ་ལོ། །ཁྱོད་ད་སྟེ་ཟས་ཀྱི་ཚོད་ཤེས་ལ་མི་ཁྲོ་ན་ཇི་ལྟར་ཕྱིར་འབྱུང་བ་དང་འདྲ་བར་བདེ་བར་འཇུག་གོ་ཞེས་སྨྲོས་ཤིག ན་ཆུང་གཞོན་ནུ་མ་དེ། ཁྱོད་ཕ་མའི་ཁྱིམ་ན་མཛའ་བོ་ཞིག་འདུག་སྟེ། གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་དེ་ལ་ཆགས་ནས་ཕ་མའི་ཁྱིམ་དུ་འགྲོ་འདོད་ལ་ཕ་མའི་ཁྱིམ་དུ་འདུག་ཚེ་མཛའ་བོས་སྐྱོ་སྟེ་ཁྱོ་ལ་ཆགས་པས་གྱོས་པོའི་ཁྱིམ་དུ་འགྲོ་འདོད་པ་ཡིན་པས། གནས་གཅིག་སྤོངས་ལ་གཅིག་ལེགས་པར་ཟུངས་ཤིག་དང་། དེ་ལྟ་བུའི་གནོད་པ་མེད་པར་འགྱུར་རོ་ཞེས་སྨྲོས་ཤིག བྱ་རོག་གི་ཕྲིན་དེ་ལ་ཤིང་དེའི་དྲུང་ན་གསེར་ཡོད་པས་ཁྱོད་ཀྱི་སྐད་སྙན་ལ། ཤིང་གཞན་གྱི་དྲུང་ན་མེད་པ་དེ་ལྟར་སྐད་མི་སྙན་ནོ་ཞེས་གྱིས་ཤིག རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ལ་ཉེས་པ་མང་དུ་བྱུང་ཡང་ངས་བཏང་ངོ་། །ཁྱོད་ནི་དབུལ་གྱི་ཤིང་གི་འོག་ན་གསེར་གྱི་གཏེར་ཡོད་པ་བརྐོས་ལ་ཁྱེར་ཅིག དེར་དབྱུག་པ་ཅན་གྱིས་ཕྲིན་རྣམས་བསྐྱལ་ཞིང་ཤིང་དྲུང་གི་གཏེར་ཡང་བླངས་པས་བདེ་བར་གྱུར་ཏོ། །དེའི་དུས་གྱི་རྒྱལ་པོ་མཛེས་པ་ནི་ང་ཡིན་པ། བྲམ་ཟེ་དབྱུག་པ་ཅན་ནི་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཡིན་ནོ། །ངས་སྔོན་ཡང་སྡུག་བསྔལ་བ་ལས་ཐར་པར་བྱས་ཏེ། རིན་པོ་ཆེ་བྱིན་ནས་བདེ་ཞིང་སྐྱིད་པར་བྱས་ལ། ད་མངོན་པར་སངས་རྒྱས་ནས་ཀྱང་སྡུག་བསྔལ་བ་ལས་ཐར་པར་བྱས་ཏེ། ཟད་མི་ཤེས་པའི་ཆོས་རིན་པོ་ཆེའི་གཏེར་བྱིན་ནོ་གསུངས། འདིས་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པའང་ཡིན་ནོ། །


previousབྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པ།next