Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ།next

སྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་སེར་སྣ་ཅན་ཁ་ལ་ཡང་གཏོར་མ་མི་སྟེར་ཞིང་། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་མཐོང་ན་སེམས་སྡང་བར་བྱེད་པ་ཞིག་ཡོད་པ་དེས། རང་གི་སྐྱེད་མོས་ཚལ་དུ་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྦས་ཏེ་བཞག་ནས། དེ་ལ་ཆགས་ཏེ་ལྷག་པར་ཞེན་བཞིན་དུ་ཤི་འཕོས་ནས་གནས་དེར་སྦྲུལ་གདུག་པ་ཅན་དུ་སྐྱེས་ཏེ་སྐྱེད་མོས་ཚལ་དེར་སུ་ཡོང་བ་ཐམས་ཅད་བལྟས་པ་ཙམ་གྱིས་གསོད་པར་བྱེད་དོ། །དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་ནས་དེ་བཅོམ་ལྡན་འདས་ལ་འདུལ་བར་གསོལ་པ་བཏབ་པས། བཅོམ་ལྡན་འདས་ཕྱོགས་དེར་གཤེགས་ཏེ་བསྐལ་པ་སྟོང་གི་བར་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་ཆེན་པོ་དག་བཀྱེས་ཏེ། དེ་སྦྲུལ་དེའི་ལུས་ལ་ཕོག་མ་ཐག་ཏུ་སིམ་པར་གྱུར་ནས་དེས་བལྟས་པས། སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་མཐོང་ནས་དང་བའི་སེམས་སྐྱེས་སོ། །དེར་བཀའ་སྩལ་པ། བཞིན་བཟང་ཁྱོད་ཀྱིས་རྫས་འདི་བསྒྲུབས་པ་དེས་ན་ཁྱོད་སྦྲུལ་གདུག་པར་ལྷུང་བར་བྱས་སོ། །ད་ཡང་ང་ལ་དད་པའི་སེམས་བསྐྱེད་ལ་གཏེར་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བར་སྐྱེས་ཏ་རེ། དེ་ནས་སྦྲུལ་དེས་སྔོན་གྱི་ཚེ་རབས་དྲན་ནས་ངུས་སོ། །དེར་བཅོམ་ལྡན་འདས་ཀྱིས། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་མེད། །མི་ཁོམ་པར་ནི་སྐྱེས་ཟིན་གྱིས། །དོན་མེད་ངུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་བསྐྱེད་ལ། །དུད་འགྲོའི་སྐྱེ་གནས་སྤངས་ན་ལེགས། །འོན་ཀྱང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་སྦྲུལ་དེ་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ་འོད་མའི་ཚལ་དུ་བསྣམས་ཤིང་། སྦྲུལ་དེས་ཀྱང་རང་གི་ལུས་ལ་སྐྱོ་ནས་ཟས་བཅད་དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་གནས་དེ་ཉིད་དུ་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འོངས་ནས་མཆོད་ཅིང་ཆོས་ཉན་པས་བདེན་པ་མཐོང་ནས་དགའ་བའི་ཚིག་ཀྱང་བརྗོད་པར་བྱས་ཏེ། ལྷའི་བུ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་སོང་ནས་ཕོ་བྲང་ཐམས་ཅད་འོད་ཀྱིས་སྣང་བར་བྱས་ཤིང་རྒྱལ་པོ་མནལ་ལས་བསླངས་ནས། སྔར་གྱི་ལོ་རྒྱུས་རྣམས་བཤད་དེ་སྐྱེད་མོས་ཚལ་གྱི་གཏེར་རྣམས་བསྟན་ནས་དེས་སངས་རྒྱས་འཁོར་དང་བཅས་པ་ལ་མཆོད་པ་གྱིས་ཤིག་ཅེས་བསྐུལ་ནས་ལྷ་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེའི་ངག་ལྟར་ཉན་ནས་གཏེར་རྣམས་ཕྱུང་སྟེ་སངས་རྒྱས་འཁོར་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་བཤོས་གསོལ་ཏོ། །དེར་རྒྱལ་པོས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། བཀའ་སྩལ་པ། དེས་ཤས་ཆེར་ཆགས་པ་བསྐྱེད་དེ་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་། བཀྲེན་པ་རྣམས་ལ་སྡང་བའི་སེམས་བསྐྱེད་པ་དེས་ནི་སྦྲུལ་གདུག་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷའི་ནང་དུ་སྐྱེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་བས་ན་སེར་སྣ་སྤང་བའི་ཕྱིར་བརྩོན་པར་བྱས་ཏེ་ཅི་ནས་སྦྲུལ་གདུག་པར་གྱུར་པའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང་། དེ་ཉིད་ལྷའི་བུར་གྱུར་པའི་ཡོན་ཏན་གྱི་ཚོགས་དེ་དག་ལྟ་བུར་འགྱུར་བར་བསླབ་པར་བྱའོ་ཞེས་གསུངས་སོ། །འདིས་ནི་སྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ་ཡིན་ནོ། །ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཞིང་ལས་ཀྱིས་འཚོ་བའི་བྲམ་ཟེ་ཞིག་ལ་བུ་གཅིག་པ་ཟླ་བ་ཞེས་བྱ་བ་སྐྱེ་བོ་ཀུན་གྱི་ཡིད་དུ་འོང་ཞིང་ཕ་མས་ཀྱང་ལྷག་པར་བྱམས་པ་ཞིག་ཡོད་པ་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་བརྟེན་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། སངས་རྒྱས་ཀྱི་གསུང་ཐོས་ཤིང་དད་པར་གྱུར་པའི་འོག་ཏུ་ཚེ་ཐུང་ངུ་ཞིག་ལས་མེད་པས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་སྐྱེས་ནས་ཞག་མ་ལོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་དགའ་བའི་ཚིག་བརྗོད་ནས་རང་གནས་སུ་སོང་བ་དང་དེའ་ིའོད་ཀྱིས་རྒྱལ་བྱེད་ཀྱི་ཚལ་ཁྱབ་པར་མཐོང་ནས་དགེ་སློང་རྣམས་ཀྱིས་དེའི་དོན་གསོལ་བས་སྔར་གྱི་ལོ་རྒྱུས་རྣམས་བཀའ་སྩལ་ཏོ། །དེའི་ཚེ་བྲམ་ཟེ་དེ་ནི་བུ་གཅིག་པུ་དང་བྲལ་བའི་མྱ་ངན་གྱིས་ནོན་ཏེ་དུར་ཁྲོད་དུ་དེའི་པུར་པང་དུ་བླང་སྟེ། དེའི་མིང་ནས་འབོད་དེ་སྨྲེ་སྔགས་འདོན་པར་བྱེད་པ་ན། ལྷའི་བུ་དེས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ཕའི་མྱ་ངན་སེལ་བའི་ཕྱིར་དྲང་སྲོང་ཞིག་ཏུ་སྤྲུལ་ནས་དེའི་ཐད་དུ་ཕྱིན་པ་ན། བྲམ་ཟེ་དེས་དྲང་སྲོང་ཆེན་པོ་ཁྱོད་དཀའ་ཐུབ་འདིས་ཅི་ཞིག་སྒྲུབ། དེས་སྨྲས་པ། ང་ནི་རྒྱལ་སྲིད་སྒྲུབ་སྟེ། ངའི་གསེར་གྱི་ཤིང་རྟ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཉི་མ་དང་ཟླ་བ་གཉིས་ཀྱིས་ཤིང་རྟའི་འཕང་ལོ་བྱས་ལ། འཇིག་རྟེན་སྐྱོང་བ་བཞིས་ནི་མདུན་ནས་འདྲེན་ཏེ། ཤིང་རྟ་དེ་ལ་ཞོན་ཞིང་ས་ཆེན་པོ་འདི་བསྐོར་བར་འདོད་དོ། །བྲམ་ཟེས་སྨྲས་པ། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་དཀའ་ཐུབ་སྤྱད་བྱས་ཏེ། །དཀའ་ཐུབ་མཆོག་ནི་སྤྱད་བྱས་ཀྱང་། །གནས་དེ་ཁྱོད་ཀྱིས་རེ་མི་འཐོབ། །དྲང་སྲོང་གིས། ཁྱོད་ཀྱང་ཤི་བའི་ཁོག་པ་མཆོག་ཏུ་དྲི་ང་ཞིང་མི་གཙང་བའི་རོ་ཤིང་འདྲ་བར་གྱུར་པ་འདིས་ཅི་ཞིག་སྒྲུབ། བྲམ་ཟེས། སྡུག་པའི་བུ་གཅིག་པ་ཤི་སྟེ་དེ་སྒྲུབ་བོ་དྲང་སྲོང་གིས། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་ངུ་བའི་ལས་བྱས་ཀྱང་། །བུ་དེ་ཁྱོད་ཀྱིས་རེ་མི་ཐོབ། །ཁྱོད་ནི་ངུས་ཀྱང་ཅི་ལ་ཕན། །བྲམ་ཟེ་དེས་ཚིག་དེ་ཐོས་ནས་བདེན་སྙམ་སྟེ་དད་པ་སྐྱེས་ནས་ཁྱོད་སུ་ཡིན་ཞེས་དྲིས་པ་ནི། དྲང་སྲོང་གི་ཆ་ལུགས་དེ་མི་སྣང་བར་བྱས་ཏེ། ལྷའི་བུར་རང་གི་གཟུགས་བསྟན་ནས་ཕ་ལ་སྨྲས་པ། བདག་ནི་ཁྱེད་ཀྱི་བུ་གཅིག་པ་དེ་ཡིན་ཏེ། སངས་རྒྱས་ལ་སེམས་དགའ་བར་གྱུར་པས་ལྷའི་ཡུལ་བཟང་པོར་སྐྱེས་ནས། ཁྱེད་ཀྱི་མྱ་ངན་བསལ་བའི་ཕྱིར་འོངས་སོ། །ཁྱོད་ཀྱང་སངས་རྒྱས་ལ་སྐྱབས་སུ་སོངས་ཤིག་དང་འཁོར་བ་ལས་འདའ་བར་ཡང་སྲིད་དོ། །དེ་ནས་བྲམ་ཟེ་དེས་ཤི་བའི་རུས་བུ་བོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་འདིས་ད་ལྟར་བདེན་པ་མཐོང་ནས་ཕ་ཡོངས་སུ་བསྐྱབས་པར་མ་ཟད་སྔོན་གྱི་དུས་སུའང་འདི་གཉིས་ཕ་བུར་གྱུར་ཏེ། ཕས་གཞན་གྱི་ནོར་བརྐུས་པས། རྒྱལ་པོས་གཤེད་མ་ལ་གཏད་པ་ལས་བུ་འདིས་རྒྱལ་པོ་ལ་ཞུས་ཏེ་ལན་གསུམ་གྱི་བར་དུ་སྲོག་སྦྱིན་པར་བྱས་ཤིང་། གཞན་ཡང་། སངས་རྒྱས་འོད་སྲུང་གི་དུས་སུ་འདི་གཉིས་ཀ་དགེ་བསྙེན་དུ་གྱུར་ནས། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པས་ན་ད་ལྟར་བདེན་པ་མཐོང་བར་གྱུར་ཏེ། དགེ་སློང་དག་དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་དུ་མྱ་ངན་ལས་འདས་པ་ལ་འབད་པར་བྱ་སྟེ། དེ་ལྟར་བསླབ་པར་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་སཱ་ལ་གཅོག་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ནས་ཤིང་སཱ་ལའི་མེ་ཏོག་བླངས་ཏེ་རྩེ་བར་བྱེད་པ་ལས། ཚོང་དཔོན་གྱི་བུ་མོ་ཞིག་གིས་སཱ་ལའི་མེ་ཏོག་བླངས་ཏེ་དེར་ཕྱིན་པ་ན། ལམ་དུ་སངས་རྒྱས་འཁོར་དང་བཅས་པ་གཤེགས་པར་མཐོང་ནས་བུ་མོ་དེ་རབ་ཏུ་དགའ་བར་གྱུར་ཏེ། སཱ་ལའི་མེ་ཏོག་གིས་གཏོར་ཞིང་བཅོམ་ལྡན་འདས་ལ་བསྐོར་བ་བྱས་སོ། །དེ་ནས་ཕྱིར་ལོག་སྟེ་སླར་སཱ་ལའི་ཤིང་ལ་འཛེགས་པ་ལས་ལྷུང་སྟེ་ཤི་ནས། སངས་རྒྱས་ལ་བསྙེན་བཀུར་ཞུས་པའི་རྒྱུས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་ཏེ། དེ་ལྷ་གཞན་ལས་ཁྱད་པར་དུ་འཕགས་པའི་ལུས་དང་གཞལ་མེད་ཁང་སཱ་ལའི་མེ་ཏོག་ག ིས་བརྒྱན་པར་གྱུར་ཏེ་ཆོས་བཟང་ལྷའི་འདུན་སར་ཕྱིན་ནས་ལྷ་རྣམས་ལ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས་དྲིས་པ། ཅི་ཕྱིར་ཁྱོད་ཀྱི་ལུས་མདོག་དག་པའི་གསེར་འདྲ་པདྨ་ཨུཏྤ་ལ་ལྟ་བུར་གྱུར། །འདི་ན་ལུས་དཔལ་མཚུངས་མེད་ཁྱོད་ཀྱི་ལུས་ལས་འོད་བྱུང་འདི་དག་ཅི་ལས་གྱུར། །ཅི་ཡི་ཕྱིར་ན་ཁྱོད་ཀྱི་བཞིན་མདོག་པདྨ་རྒྱས་འདྲ་གསེར་མདོག་ལྟ་བུར་གྱུར། །ལས་རྣམས་གང་གི་འབྲས་བུ་མྱོང་གྱུར་འདི་ནི་ལྷ་མོ་ཁྱོད་ཀྱིས་བདག་ལ་སྨྲོས། །ལྷ་མོས་སྨྲས་པ། མཚན་མཆོག་དག་གིས་རྒྱས་པ་ཡི། །མི་ཡི་ཉི་མ་ཉན་ཐོས་བཅས། །སཱ་ལའི་མེ་ཏོག་རྡུལ་མེད་པ། །བཟང་པོ་དག་གིས་ལེགས་པར་གཏོར། །ལས་དགེ་དེ་འདྲ་བྱས་པའི་ཕྱིར། །བདག་ནི་ལྷག་པར་མངོན་དུ་མཛེས། །བཞིན་མདོག་པདྨ་ཟླ་བ་ལྟར། །རྣམ་དག་འོད་ལྡན་ལྟ་ན་སྡུག ། བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་མ་ཡོན་ཏན་ཉིད་ཀྱི་ཞིང་། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །མཐོ་རིས་སྡུག་པར་བྱ་བའི་ཕྱིར། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །བཞིན་མཛེས་པདྨའི་འདབ་མ་ཡངས་པ་འདྲ་བའི་མིག་ལྡན་མ། །བུད་མེད་མཆོག་རྣམས་ཀྱིས་ནི་གང་ལ་བཀུར་སྟི་བྱས་པ་ཡི། །སངས་རྒྱས་པདྨ་རྒྱས་པའི་འདབ་ཡངས་འདྲ་བའི་སྤྱན་མངའ་བ། །གསེར་མཆོག་ཕུང་པོ་ལྟ་བུར་མདངས་དཀར་དེ་ལ་སུ་མི་མཆོད། །དེ་ནས་ལྷའི་བུ་མོ་དེ་ལྷའི་བུ་མོ་འབུམ་ཕྲག་དུ་མས་གཡོག་བྱས་ཏེ་དེ་ཉིད་ཀྱི་མཚན་མོ་སཱ་ལའི་མེ་ཏོག་གི་གཞལ་མེད་ཁང་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཏེ། དགའ་བའི་ཚིག་གསུམ་བརྗོད་ནས་སླར་ལྷ་ཡུལ་དུ་སོང་ངོ་། །དེའི་ཕྱིར་ནངས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། བུ་མོ་གང་གིས་ལམ་ཁར་མེ་ཏོག་གིས་གཏོར་བ་དེ་ཁྱེད་ཀྱིས་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དེ་ནི་ང་ལ་སེམས་དགའ་བ་བསྐྱེད་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོས་བདེན་པ་མཐོང་ནས་ཉིན་རེ་བཞིན་བཙུན་མོའི་འཁོར་དང་བཅས་ཏེ་དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བ་ལས། ཕྱིས་ཞིག་ན་དཔྱིད་ཀྱི་དུས་ལ་བབ་པའི་ཚེ་བཙུན་མོའི་འཁོར་དང་བཅས། སྐྱེད་མོའི་ཚལ་དུ་ཕྱིན་པ་ན། བཙུན་མོའི་འཁོར་རྣམས་ཀྱིས་བདག་ཅག་ཉིན་རེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་མི་ནུས་ཀྱིས་འདིར་བདེ་བར་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩེགས་ཏེ་དེ་ལ་མཆོད་པར་བགྱིའོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་ལ་ཞུས་ཏེ་དབུ་སྐྲ་དང་སེན་མོ་བསླངས་ཏེ་དེར་མཆོད་རྟེན་བརྩེགས་ནས་བཙུན་མོའི་འཁོར་རྣམས་ཀྱིས་དེ་ལ་རྟག་པར་མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ཀྱང་མཆོད་པར་བྱེད་དོ། །དེ་ནས་ཕྱིས་རྒྱལ་པོ་མ་སྐྱེས་དགྲ་ལྷས་བྱིན་གྱིས་རྦད་དེ། ཡབ་ཆོས་ལྡན་གྱི་རྒྱལ་པོ་བསད་ནས་རང་ཉིད་རྒྱལ་པོ་བྱས་ནས་མཆོད་པ་རྣམས་རྒྱུན་བཅད་དེ་སུ་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བཀུར་སྟི་མ་བྱེད་ཅིག་ཅེས་ཁྲིམས་བཅས་སོ། །དེ་ནས་ཚེས་བཅོ་ལྔའི་རེས་ལ་བབ་བའི་དུས་ཞིག་ན་མཆོད་རྟེན་དེ་ལ་བཀུར་སྟི་སོགས་བྱེད་པ་མེད་ནས་རྡུལ་གྱིས་ཡོགས་པ་མཐོང་ཞིང་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་དྲན་ནས་བཙུན་མོའི་འཁོར་རྣམས་མྱ་ངན་གྱིས་ནོན་ནས་སྨྲ་བར་བྱེད་པ་ན། བཙུན་མོ་དམ་པ་དཔལ་ལྡན་མ་ཞེས་བྱ་བ་དེས་རང་གི་སྲོག་དང་བསྡོོས་ནས་སངས་རྒྱས་ཀྱི་ཡོན་ཏན་དྲན་ཏེ་དེར་ཕྱིན་ནས་མཆོད་རྟེན་ལ་ཕྱག་དར་བྱས་ཤིང་མར་མེའི་ཕྲེང་བ་བསྒྲིགས་ནས་མཆོད་པར་བྱས་སོ། །དེ་མ་སྐྱེས་དགྲ་ཁང་བཟང་གི་སྟེང་ན་འཁོད་པས་མཐོང་ནས་རྒྱུ་མཚན་དྲིས་ཏེ་དཔལ་ལྡན་མ་བཀུག་སྟེ་ཅིའི་ཕྱིར་ཁྱེད་ཀྱིས་རྒྱལ་པོའི་བཀའ་བཅག་སྨྲས་པ་ན། དེས་བདག་གིས་ཁྱེད་ཀྱི་བཀའ་བཅག་ཀྱང་ཆོས་ལྡན་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཀའ་མ་བཅག་གོ །དེ་ནས་དེ་ཁྲོས་ནས་འཁོར་ལོ་འཕངས་ཏེ་བསད་དོ། །དེ་སངས་རྒྱས་ལ་དགའ་བཞིན་དུ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་སྐྱེས་ཏེ་དེའི་ལུས་ཀྱི་འོད་ཀྱིས་དཔག་ཚད་གཅིག་ཚུན་ཆད་སྣང་བར་གྱུར་པས་ལྷའི་དབང་པོ་ངོ་མཚར་ནས་དེ་ལ་རྒྱུ་དྲིས་པ་དང་། ལྷ་མོས་སྨྲས་པ། འཇིག་རྟེན་གསུམ་མགོན་འགྲོ་བའི་སྒྲོན་གཅིག་པུ། །མཚན་མཆོག་རྣམས་ཀྱིས་ཕྱུག་པའི་སངས་རྒྱས་མཐོང་། །སྨྲ་མཆོག་ཉོན་མོངས་མུན་པ་སེལ་དེ་ལ། །མུན་པ་སེལ་བའི་མར་མེ་ཡོན་དུ་ཕུལ། །ཟླ་བའི་འོད་ཟེར་མདོག་དང་འདྲ་བའི་འོད། །མཐོང་ནས་ཐུབ་ལ་སྙིང་ནས་དད་པ་སྐྱེས། །འོད་ཟེར་མཐོང་ནས་དགའ་བར་གྱུར་པ་ཡིས། །སྟོན་པ་སྨྲ་བའི་མཆོག་ལ་ཕྱག་ཀྱང་བགྱིས། །དེར་བརྒྱ་བྱིན་གྱིས་གོང་ལྟར་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་དེ་ཉིན་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་རང་གི་ལུས་ཀྱི་འོད་ཀྱིས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་མཚན་མོའང་ཉིན་མོ་བཞིན་སྣང་བར་བྱས་ཏེ་ཆོས་ཉན་པས་བདེན་པ་མངོན་དུ་རྟོགས་ནས་དགའ་བའི་ཚིག་བརྗོད་ནས་རང་གནས་སུ་སོང་ངོ་། །ཕྱིར་ནངས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དཔལ་ལྡན་མ་ཞེས་བྱ་བས་རང་གི་སྲོག་དང་བསྡོས་ཏེ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་དངར་ནས། རྒྱལ་པོ་མ་སྐྱེས་དགྲ་ཁྲོས་པས་བསད་དེ། དེ་ང་ལ་སེམས་དགའ་བའི་སེམས་བསྐྱེད་ནས་ཤི་སྟེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་པས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །ཞེས་གསུངས་སོ། །


previousསྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ།next