Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
   
   
   
   
ན་མོ་གུ་རུ་བཛྲ་དྷཱ་ར་ཡ། དེ་ཡང་འཁོར་བ་མཐའ་དག
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ་བཛྲ་དྷཱ་ར་ཡ། དེ་ཡང་འཁོར་བ་མཐའ་དགnext

ན་མོ་གུ་རུ་བཛྲ་དྷཱ་ར་ཡ། དེ་ཡང་འཁོར་བ་མཐའ་དག

༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡ། དེ་ཡང་། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པའི་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་གཉིས་རྒྱུད་ལ་མེད་ན་བསྐྱེད་རྫོགས་བསྒོམ་ལོ་དང་བཟླས་བརྗོད་བྱས་ལོ་གང་དང་ཅི་བྱེད་ཀྱང་ཡང་དག་པའི་ལམ་དུ་འགྲོ་མི་སྲིད་ཅིང་། དུས་རྒྱུན་དུ་འཆི་བ་མི་རྟག་པ་དྲན་པའི་བློ་སྣ་ཐུང་ངེ་བ་ཞིག་མ་བྱུང་ཕྱིན་ཅི་བྱེད་ཚེ་འདིའི་འདུན་མར་སོང་ནས་ཆོས་གཤའ་མ་ཞིག་འགྲུབ་པའི་དུས་མི་ཡོང་བས་ཐོག་མར་བློ་ཙབ་ཙུབ་མང་པོ་མི་བྱེད་པར་སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་གནད་དུ་འགྲོ་བ་རེ་ཅི་ནས་གལ་ཆེ་ཞིང་། དེ་ཉིད་སྟོན་པའི་གཞུང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་། དེའི་དགོངས་འགྲེལ་འཕགས་བོད་མཁས་པ་རྣམས་ཀྱིས་མཛད་པའི་ལེགས་བཤད་ཀྱི་གཞུང་སྤྱི་དང་། ཁྱད་པར་ཞི་ལྷའི་སྤྱོད་འཇུག དྭགས་པོའི་ཐར་རྒྱན། བློ་སྦྱོང་དོན་བདུན་མ་སོགས་ལ་ལྟ་རྟོག་ཐེམ་པར་བྱ་དགོས། ཐ་ནའང་ཀློང་སྙིང་སྔོན་འགྲོའི་ཁྲིད་ཡིག་དེ་ལས་དང་པོ་པ་ལ་ཤིན་ཏུ་སྨན་པའི་ཞལ་གསལ་དུ་བཞུགས་འདུག་པས་གོ་བ་ལོང་ངེས་ཀྱི་ལྟ་རྟོག་དང་རང་རྒྱུད་ལ་ཅི་འབྱོར་གྱི་ཉམས་ལེན་ལག་ཏུ་ལོན་པ་ཞིག་ཅིས་ཀྱང་གལ་ཆེ། སྐྱབས་འགྲོ་ནས་བཟུང་རྡོ་རྗེ་ཐེག་པའི་བར་གྱི་ཁས་བླངས་ཀྱི་བསླབ་སྡོམ་རྣམས་བློ་ནུས་དང་བསྟུན་གནང་བཀག་གི་གནས་རྣམས་ཞིབ་མོར་བསྲུང་ཅི་ནུས་སུ་བསྲུང་། གལ་ཏེ་སྲུང་མ་ནུས་པ་རྣམས་འཕྲལ་དང་འཕྲལ་དུ་བཤགས་སྡོམ་གྱི་སོར་ཆུད་པར་བྱ། དུས་རྒྱུན་དུ་སྟོབས་བཞི་དང་ལྡན་པའི་སྒོ་ནས་བྱང་ཆུབ་ལྟུང་བཤགས། བཤགས་རྒྱུད་རྒྱས་བསྡུས། ཡིག་བརྒྱ་རྣམས་ཅི་འགྲུབ་བྱ། བཅོམ་ལྡན་འདས་ཀྱིས་ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་བཟུང་གསུངས་པས་ཆོས་དང་གང་ཟག་སུ་ལའང་སྐྱོན་རྟོག་དང་དཔྱས་གདབ་མི་བྱ་བར་དད་པ་དང་དག་སྣང་ཕྱོགས་མེད་དུ་སྦྱངས། སྦྱིན་སོགས་དགེ་བའི་དངོས་པོ་ཆེ་ཕྲ་ཅི་སྒྲུབ་ཀྱང་གཞི་བསམ་སྦྱོར་བ་རྣམ་པར་དག་པས་རྒྱལ་བ་དགྱེས་པའི་ལམ་དུ་འགྲོ་ངེས་བྱ། གཞན་ཕན་རྒྱ་ཆེན་འབྱུང་བའི་མཁོས་ཀས་དབེན་ནའང་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ངོས་དགེ་བ་གང་བྱེད་སྦྱོར་རྗེས་དག་པས་འགྲོ་ལ་བསྔོ་བ་གལ་ཆེ། བསྐྱེད་རིམ་གྱི་སྐོར་ངེས་རྫོགས་མཚན་ཉིད་པ་འབྱུང་དཀའ་ཡང་མོས་སྒོམ་ཙམ་ནི་ཅིས་ཀྱང་མེད་ཐབས་མེད་པས་དེ་དག་གི་གནད་དགེ་རྩེའི་ཟུང་འཇུག་སྙེ་མ་དེ་རང་ལུགས་ཆོ་གའི་འགྲོས་སྦྱར་ཞལ་གསལ་བལྟ་བདེར་འདུག་པས་དེར་གཟིགས། ངག་སྒྲིབ་སྦྱོང་བྱེད་རྡོར་བཟླས་དང་ངག་བཟླས་ཅི་འགྲུབ་ལ་འཕྲོ་འདུ་དམིགས་པའི་བསྒྱུར་ཁ་རྣམས་ཀྱང་བསྙེན་གཞུང་ལྟར་བློས་གང་འཆུན་གལ་ཆེ། རྫོགས་རིམ་མཚན་བཅས་ཀྱི་སྐོར་རྣམས་ཁེ་ཡང་ཆེ་ལ་ཉེན་ཡང་ཆེ་བས་གེགས་སེལ་སོགས་གནད་དུ་མ་སོང་ན་སྐྱོན་མང་ལྡང་ཕྱིར་བློས་འཆུན་དཀའ་བར་སྣང་། མཚན་མེད་རྫོགས་རིམ་ཕྱག་རྫོགས་ཀྱི་སྐོར་རྣམས་ཁྲིད་ཡིག་ཁུངས་མ་ཞིག་ལ་གཞི་བཅོལ་ནས་ཉམས་ལེན་མགོ་རྐང་ཚང་བ་རེ་བྱ་དགོས། དེ་ཡང་རྫོགས་ཆེན་སྐོར་ལ་རིག་འཛིན་གོང་མ་རྣམས་ཀྱིས་མཛད་པའི་ཡིག་ཆ་ཤིན་ཏུ་མང་ནའང་། གཙོ་བོར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུངས་རྣམས་ཀུན་བཟང་རྡོ་རྗེ་འཆང་གི་བཀའ་དང་ཁྱད་པར་མེད་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། ཟབ་གནད་མན་ངག་གི་ཆེ་བ་དུ་མས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་དག་ལམ་གྱི་སྲོག་ཏུ་གཟུང་། གཞན་དཔེ་ཉོབ་མང་པོ་ཀློག་ན་གྲུབ་མཐའ་སོ་སོའི་ཆོས་སྐད་འདྲ་མིན་དང་གདུལ་བྱའི་བློ་ཁྱད་ཀྱིས་སློབ་དཔོན་སོ་སོས་དགོངས་པ་ཅན་དུ་གསུངས་པའི་ཚིག་མང་པོས་སྒྲོ་འདོགས་མི་ཆོད་པའི་ཁར་སླར་ཡང་རྣམ་རྟོག་གི་འཚུབ་མ་ལྡང་ཉེན་འདུག་པས། དེང་སང་ལས་དང་པོ་པའི་སྐབས་འདིར་ཚད་ཐུབ་ཀྱི་གདམས་པའི་བེ་བུམ་གཅིག་ལ་བསྟེན་ཞིང་བླ་མའི་མན་ངག་ཁོ་ན་གཙོ་བོར་བྱས་ན་ཁེ་ཆེ་བར་མངོན། དེ་ཡང་བླ་མ་རྣམས་ཀྱིས་ཁྲིད་ཚུལ་ཕྱག་བཞེས་འདྲ་མིན་མང་ནའང་། དོན་དུ་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ། ད་ལྟ་དགེ་སྦྱོར་འཕེལ་ན་དགའ་བ་དང་། བུལ་ན་མི་དགའ་བ་སྐྱེ་མཁན་འདི། དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གར་འགྲོ། གཟུགས་ཁ་དོག་གཅིག་ཐ་དད་སོགས་གོ་ཡུལ་ཙམ་དུ་མ་སོང་བར་ལེགས་པར་བརྟགས་ཤིང་བཙལ་བས་ཅི་ཡང་མ་རྙེད། གང་དུའང་མ་གྲུབ་པའི། སྐྱེ་འགག་གནས་གསུམ་མཚན་མའི་ཆོས་ལས་འདས་ཤིང་དང་པོ་ངོ་བོ་ངོས་བཟུང་དང་བྲལ་བ་འདི་ལ་ངོ་བོ་སྟོང་པ་ཟེར། སྟོང་པ་དེའང་ཕྱང་ཆད་ནམ་མཁའ་ལྟ་བུར་མ་གྱུར་པར་སྣང་བཏགས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་གསལ་བའི་ཆ་འདི་ལ་རང་བཞིན་གསལ་བ་ཟེར། དེའི་རྩལ་ལས་དགེ་མི་དགེའི་རྟོག་ཚོགས་ཅི་དང་ཅི་ཤར་ཡང་ཤར་མཁན་གྱི་རིག་ངོར་བལྟས་པས་རང་ཞི་རང་གྲོལ་དུ་གྱུར་པའི་རིག་ཆ་སིང་ངེ་བ་དེ་ལ་ཐུགས་རྗེ་རིག་པའི་རྩལ་ཟེར། དེ་གསུམ་ཡང་སོ་སོ་བ་མ་ཡིན་པར་ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་བཏགས་པ་ཡིན་ཞིང་། མདོར་ན་དུས་གསུམ་གྱི་རྟོག་པས་མ་བསླད་པའི་བཞི་པའི་ཆ་རང་བྱུང་གི་ཡེ་ཤེས་ས་{སལ}ལེ་སིང་ངེ་ཡེ་རེ་ཝལ་ལེ་ཁྱུག་གེ་བ་འདི་ཀ་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་ཡིན་པས་འདི་ཉིད་ངོ་ཤེས་པར་བྱས་ནས་རང་བབས་སུ་སྐྱོང་བ་ཡིན། འདི་ལ་ཕྱག་ཆེན་པས་ཐ་མལ་གྱི་ཤེས་པ་དང་། དབུ་མ་པས་དོན་དམ་གྱི་བདེན་པ་དང་། ཞི་བྱེད་པས་ཐུག་ཕྲད་ཀྱི་ཤེས་པ་སོགས་མིང་གི་འདོགས་ཚུལ་མང་ཡང་དོན་དུ་གཅིག སེམས་རྣམ་རྟོག་མི་འཕྲོ་བར་ཀྱི་ལེར་གནས་པ་ལ་གནས་པ་དང་། ཡུལ་ལ་རྣམ་རྟོག་ཁྲོལ་གྱིས་འཕྲོ་བ་འགྱུ་བ་སྟེ། གནས་འགྱུ་གང་གི་སྐབས་སུ་ཡང་དེ་ཉིད་རིག་པའི་རིག་ཆ་ཟང་མ་ཞིག་ཡོང་བས་དེ་ངོས་ཟིན་པར་བྱས་ལ་དེའི་ངང་དུ་ཅེར་གྱིས་བལྟས་ནས་རང་བབས་སུ་འཇོག་པ་ལ་ཉམས་ལེན་སྐྱོང་བ་ཞེས་བྱ། དེའི་ཚེ་གཉེན་སོགས་འདོད་པའི་ཡུལ་ལ་གདུང་བའི་འདོད་ཆགས། དགྲ་ལ་སོགས་པ་ལ་སེམས་མི་བཟོད་པའི་ཞེ་སྡང་། ཅི་ཡང་དྲན་མེད་ནག་ཐམ་བླང་དོར་ལ་རྨོངས་པའི་གཏི་མུག་སྟེ་དུག་གསུམ་གྱི་རྟོག་པ་གང་ཤར་ཡང་སྤང་བླང་གཉེན་པོས་མ་བསླད་པར་དེ་ཁའི་རང་ངོ་ལ་ཅེར་གྱིས་བལྟས་པས་རང་ཡལ་རྗེས་མེད་དུ་སོང་ནས་གསལ་བདེ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན། དེ་བཞིན་དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་ཅེས་པའང་དུག་ལྔ་གང་སྐྱེས་ཀྱི་རང་ངོར་བལྟས་པས་རང་ཡལ་རྗེས་མེད་དུ་གྲོལ་བ་འདི་ལ་ཟེར། མིག་གི་ཡུལ་དུ་གཟུགས་སོགས་ཚོགས་དྲུག་གི་སྣང་བ་ཅི་ཤར་ཡང་དགག་སྒྲུབ་རེ་དོགས་མི་བྱེད་པར་མཐོང་མཁན་གྱི་རིག་པ་སོ་མའི་ངང་དུ་ཀློད་པས་འཛིན་ཞེན་རང་སར་གྲོལ་བ་ལ་ཚོགས་དྲུག་རང་གྲོལ་གྱི་ཐ་སྙད་བཏགས་པ་ལགས། དེ་འདྲའི་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་ཅི་ཤར་ཡང་། ཡང་གཉེན་ལྟ་བུས་དགག་ཀྱང་མི་དགག ངན་པ་བཟང་པོར་བསྒྱུར་པ་ལྟ་བུས་བསྒྱུར་ཀྱང་མི་བསྒྱུར། ཐ་མལ་པ་ལྟར་རྗེས་སུ་ཡང་མི་འབྲང་བར། རྣམ་རྟོག་ཁོ་རང་གི་སྟེང་དུ་རང་སར་ཀློད་པས་སྦྲུལ་མདུད་རང་གིས་རང་གྲོལ་བ་བཞིན་དུ་གང་ཤར་གཉེན་པོ་མེད་པར་རྒྱ་གྲོལ་དུ་སོང་བས་གཤིས་ལ་ཕན་གནོད་དང་བྲལ་བར་གདེང་ཆོས་པ་ནི་རྫོགས་པ་ཆེན་པོ་གྲོལ་ལུགས་རྟོགས་པའི་གདེང་ཞེས་ཐེག་རྩེ་བླ་ན་མེད་པའི་མན་ངག་གི་གནད་དོ། །དེ་དག་གི་སྐབས་སུ་དབུ་མར་ལས་རླུང་འདུས་པའི་རྟགས་སུ་བདེ་གསལ་མི་རྟོག་པ་ལ་སོགས་པའི་སྣང་ཉམས་དང་ཤེས་ཉམས་མཐའ་ཡས་པ་ཞིག་འབྱུང་བས་དེ་དག་གང་ལའང་མཆོག་འཛིན་དང་རློམ་སེམས་མི་བྱེད་པར་བློ་བྲལ་རིག་སྟོང་རྗེན་པའི་ངང་དུ་ཡང་ཡང་བཤིགས་ཀྱིན་སྒོམ་པས་ཉམས་རྣམས་རྫོགས་ཏེ་མཐར་ཐུག་རྟོགས་པ་དོན་གྱི་ཡེ་ཤེས་མཐོང་ལམ་གྱི་བདེན་པ་མངོན་དུ་འགྱུར་བར་གསུངས་སོ། །དེ་ལྟར་ཉམས་སུ་ལེན་པའི་སྐབས་ཀུན་ཏུ་གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོ་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་དང་མ་འབྲལ་བར་གསོལ་འདེབས་དབང་བཞི་ལེན་ཅིང་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་ལམ་གྱི་སྲོག་ཏུ་བཟུང་ཞིང་། སྐབས་སྐབས་སུ་མཁྱེན་བརྩེའི་སྒོམ་ཕྱོགས་དྲིས་ལེན་སྐོར་ལའང་ལྟ་རྟོག་ཞིབ་ཏུ་བྱ། ཉམས་མཐོ་དམན་ཅི་བྱུང་ཡང་དགག་སྒྲུབ་མི་བྱེད་པར་རེ་དོགས་ཁོང་ནས་ལྷོད། བརྩོན་འགྲུས་རྒྱུན་བསྲིང་། མཉམ་བཞག་གི་སྒོམ་པ་དེ་རྗེས་ཐོབ་སྤྱོད་པ་དང་བསྲེ་ཅི་ནུས་བྱ། ཡུལ་རྐྱེན་དྲག་པོ་འཕྲད་ཚེ་སྒྲིམ་སྟེ་གཉུག་མའི་རང་ཚུགས་བཟུང་། སྐབས་སྐབས་སུ་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པས་འགག་བསྡམས་པ་དང་རིག་པ་རྐྱང་དེད་ཀྱིས་ལ་བཟླ་བ་སོགས་གནད་དུ་གང་འགྲོ་བྱ། མདོར་ན་རྩོལ་མེད་ཡང་དག་གི་དྲན་པ་ཆུ་བོའི་རྒྱུན་བཞིན་དུ་བརྟེན་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུན་དུ་གོམས་པ་ཅི་ནས་གལ་ཆེའོ། །དེ་ལྟར་མཛད་ན་བླ་མའི་བྱིན་རླབས་དང་། རང་གི་སྒོམ་སྟོབས་ལྷན་ཅིག་ཏུ་འཚོགས་པས་ཇི་ཞིག་ན་གོ་མྱོང་རྟོགས་གསུམ་ནང་ནས་ཤར་བས་སྒྲོ་འདོགས་ཡིན་ལུགས་སུ་ཆོད་པས་སུ་ལའང་འདྲིི་མི་དགོས་པའི་ངེས་ཤེས་བློ་བདེ་ཁོང་ནས་རྙེད་པ་ཞིག་འབྱུང་ཞེས་མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དངོས་དེའི་ཞལ་སྔ་ནས་ཐོས་པ་ལགས་སོ། །རང་བྱུང་རྒྱལ་པོ་པདྨའི་བསྟན་དང་མཇལ། །རང་དབང་དམ་པའི་ཆོས་ལ་སྤྱོད་དུས་འདིར། །རང་གྲོལ་རྟོགས་པའི་གནད་ལ་གོམས་བྱས་པས། །རང་གཞན་གདོད་མའི་རྒྱལ་སར་དབང་འབྱོར་ཤོག །ཅེས་པའང་ཡིད་ནོར་དམ་པ་གང་གི་བཞེད་སྐོང་དུ་སྙོམ་ལས་པ་དེས་འཕྲལ་མར་བྲིས་ཏེ་ཕུལ་བ་དགེ། །།


previousན་མོ་གུ་རུ་བཛྲ་དྷཱ་ར་ཡ། དེ་ཡང་འཁོར་བ་མཐའ་དགnext