Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
ན་མོ་གུ་རུ་བུདྡྷ་ངྷརྨ་ཀ་ཡ་ཡ། ལགས། ཉིད་ནས་རྗེས་ཐོབ་ཀྱི་ཉམས་ལེན།
   
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ་བུདྡྷ་ངྷརྨ་ཀ་ཡ་ཡ། ལགས། ཉིད་ནས་རྗེས་ཐོབ་ཀྱི་ཉམས་ལེན།next

ན་མོ་གུ་རུ་བུདྡྷ་ངྷརྨ་ཀ་ཡ་ཡ། ལགས། ཉིད་ནས་རྗེས་ཐོབ་ཀྱི་ཉམས་ལེན།

༄༅། །ན་མོ་གུ་རུ་བུདྡྷ་ངྷརྨ་ཀ་ཡ་ཡ། ལགས། ཉིད་ནས་རྗེས་ཐོབ་ཀྱི་ཉམས་ལེན་དང་སྤྱོད་པ་སྐྱོང་ཚུལ་དགོས་ཕེབས་པར། སྤྱིར་མདོ་སྔགས་ཀྱི་གཞུང་རྣམས་ནས་ལམ་གྱི་བགྲོད་ཚུལ་དང་། མཉམ་རྗེས་ཀྱི་ཉམས་ལེན་སྐྱོང་ཚུལ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ཐུགས་ལ་མངའ་བཞིན་ལ། དེ་ཐམས་ཅད་ཀྱང་རྩ་བ་རང་རྒྱུད་ཀྱི་བདག་འཛིན་དང་ཉོན་མོངས་པའི་གཉེན་པོར་ཅི་འགྲོ་བྱ་བ་ལ་དགོངས་པ་མཐུན་མོད། མདོ་ལམ་དུ་ཕྱི་རོལ་གྱི་ཡུལ་ལ་བདེན་མེད་ཤེས་པས། ནང་བདེན་འཛིན་གྱི་བློ་འགོག་པའི་ཚུལ། དཔེར་ན་ཆགས་ཡུལ་བུད་མེད་མཛེས་མ་ལྟ་བུ་ལ་བརྟེན་ནས། ཚུལ་མིན་ཡིད་བྱེད་ཀྱི་རྒྱུའམ་བློ་དེས་ཆགས་པ་སྐྱེད་པས་ན། དེའི་གཉེན་པོར་ཕྱི་རོལ་གྱི་ཡུལ་བུད་མེད་དེ་ལ་བརྟགས་ཏེ་མི་སྡུག་པ་བསྒོམ་པའམ་སྒྱུ་མ་ལྟ་བུར་སྦྱངས་ནས་བདེན་སྟོང་དུ་བསྒོམ་པའི་ལམ་མམ་ཐབས་ཙམ་བསྟན་ཀྱང་། ད་ལྟའི་རང་སེམས་སྐད་ཅིག་མ་འདིའི་སྟེང་དུ་ཡུལ་མེད་རང་གསལ་ཆགས་སྡང་རང་གྲོལ་དུ་འགྲོ་བའི་ལམ་གནད་མ་བསྟན་པས་རིང་བའི་ལམ་ཞེས་བྱ་སྟེ། དཔེ་ཁྱིས་རྡོ་དེད་པའི་ཚུལ་གསུངས་པ་དང་མཐུན། རྒྱུ་དེས་ཉོན་མོངས་རང་མཚན་པ་སོགས་ལམ་དུ་ཁྱེར་མི་ནུས་པས་ཐབས་ལ་རྨོངས་པའི་ཆ་ཡོད། སྔགས་སྤྱི་དང་བྱེ་བྲག་བླ་མེད་ཐུན་མིན་ཕྱག་རྫོགས་ཀྱི་སྐབས་སུ། སྣང་བ་སེམས། སེམས་སྟོང་ཉིད། སྟོང་ཉིད་སྤྲོས་བྲལ། སྤྲོས་བྲལ་ཟུང་འཇུག ཟུང་འཇུག་བརྗོད་བྲལ་ལམ་བློ་འདས་སུ་གཏན་ལ་ཕབ་ནས་མངོན་སུམ་ལམ་དུ་བྱེད་པས་ཁྱད་པར་དུ་འཕགས་ཏེ། དཔེ་སེང་གེས་རྡོ་འཕེན་པ་ལ་བསྙེགས་པའི་དཔེ་གསུངས་པ་དང་དོན་གཅིག འདིས་ཉོན་མོངས་ཡེ་ཤེས། སྡུག་བསྔལ་བདེ་ཆེན། འཁོར་བ་མྱང་འདས་སུ་ཤེས་ཤིང་ལམ་དུ་ཁྱེར་ནུས་པས་ཐབས་ལ་མ་རྨོངས་ཤིང་དཀའ་བ་མེད་པ་སོགས་ཀྱིས་ཁྱད་པར་དུ་བྱས་པས་མྱུར་བའི་ལམ་ཡིན། དོན་ལ་ཁ་ཕྱིར་བལྟས་དང་ནང་བལྟས་ཀྱི་ཁྱད་ཡོད། འོན་ཀྱང་རང་རྒྱུད་ལ་མ་སྦྱར་ན་གོ་བ་ཙམ་གྱིས་མི་ཕན་ཏེ་ཁ་ཕྱིར་བལྟས་སུ་སོང་ན་གཉིས་ཀ་འདྲ། དེ་ཡང་སྣང་བ་སེམས་ཡིན་མིན་དང་། སྣང་སྣང་ཡུལ་གཅིག་ཐ་དད། སེམས་སེམས་ཉིད་དམ་སེམས་རིག་གི་དབྱེ་བའི་ཁྱད་པར་སོགས་ལ། ཕྱག་རྫོགས་གཉིས་ཀྱི་སྐབས་ཚིག་གི་བརྗོད་སྒྲོས་རྩིང་ཞིབ་ཕྲན་བུ་ཙམ་ལས། དོན་གྱི་གནད་ལ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་ཀུན་འགལ་མེད་གནད་གཅིག་པར་ཤེས་དགོས་ཏེ། སྣང་བ་སེམས་ཡིན་མིན་དང་སྣང་སྣང་ཡུལ་གྱི་དབྱེ་བའི་ཐད། བྱེ་མདོ་དབུ་སེམས་སོགས་གཞུང་ཆེན་སོ་སོའི་བཞེད་ཚུལ་དང་དགག་སྒྲུབ་སོགས་ཀྱི་སྤྲོས་པ་ནི་སྐབས་འདིར་འཆད་བྱ་མ་ཡིན་ལ། ཕྱག་རྫོགས་གཉིས་ཀྱི། ཕྱག་ཆེན་སྐབས། རྗེ་རྒོད་ཚང་བས། རང་གི་སེམས་ལ་སྣང་བ་དེ་རང་སེམས་སུ་ཁས་བླངས་ཀྱི། གཞན་ལ་སྣང་བ་དེ་རང་གི་སེམས་སུ་ཁས་བླང་བ་མིན་གསུངས་པ་དང་། རྫོགས་ཆེན་སྐབས། ཀུན་མཁྱེན་ཆེན་པོས། སྣང་བ་སེམས་ཡིན་གྱི་སྣང་ཡུལ་སེམས་མ་ཡིན་གསུངས་པ་དོན་གྱི་གནད་གཅིག་པས། ཕྱི་དོན་ནམ་ཀུན་ལ་མཐུན་པར་སྣང་བའི་ཡུལ་འདི་ནི། བག་ཆགས་ཀྱི་དབང་གིས་མེད་བཞིན་སྣང་བ་སྐྲ་ཤད་དམ་རྨི་ལམ་ལྟ་བུ་ཡིན་པས་སེམས་དང་སེམས་ལས་གཞན་དུ་གྲུབ་པ་ཅུང་ཟད་ཀྱང་མེད་དེ། འཇུག་པར། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་དང་། མདོ་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་གསུངས། དེས་ན། བལྟ་བྱ་ཐུན་མོང་བ་ཞེས་པའང་ལས་མཐུན་པར་བསགས་པ་རྣམས་ཀྱི་བག་ཆགས་སེམས་སམ་ཀུན་གཞི་ལ་བཞག་པ་ཉིད་རྐྱེན་གྱིས་ཕྱི་རོལ་དུ་ཡུལ་གྱི་ངོ་བོར་སད་པ་ཉིད་ཡིན་གྱི་དོན་ལ་ཐུན་མོང་དུ་གྲུབ་པའི་བལྟ་བྱ་རང་མཚན་པར་གྲུབ་པ་ནི་མེད་དེ། ཆུ་གཅིག་ལའང་ལས་སྣང་དག་མ་དག་གི་དབང་གིས་སྣ་ཚོགས་སུ་སྣང་བ་བཞིན་ནོ། །རང་ལ་སྣང་བ་དེ་ནི་རང་སེམས་ལས་གཞན་དུ་མ་གྲུབ་པ་ནི་འོག་ནས་འཆད་པར་འགྱུར་ལ། དེ་བཞིན་སེམས་སེམས་ཉིད་དང་སེམས་རིག་གི་ཁྱད་པར་ཡང་དོན་གྱི་གནད་གཅིག་སྟེ། ཕྱག་ཆེན་པས་ཁམས་གསུམ་གྱི་སེམས་སེམས་བྱུང་མཐའ་དག་འཁྲུལ་སེམས་མ་རིག་པ་འཁོར་བའི་བག་ཆགས་ཀྱི་གཞི་འཛིན་པ་ཡིན་ལ། དེའི་ཆོས་ཉིད་མ་འཁྲུལ་པའི་གཤིས་ལུགས་སམ་དག་པའི་སེམས་ཉིད་རང་བཞིན་ལྷན་ཅིག་སྐྱེས་པ་ལ་ཆོས་སྐུ་ཕྱག་རྒྱ་ཆེན་པོར་བཞེད་པར་རྫོགས་ཆེན་གྱི་སྐབས་སུ། རང་ངོ་རང་གིས་མ་རིག་པའི་འཁྲུལ་སེམས་གཟུང་འཛིན་གྱི་རྟོག་པ་ལ་སེམས་དང་། རང་ངོ་རང་གིས་རིག་པའི་ཡེ་ཤེས་ཟུང་འཇུག་འདུས་མ་བྱས་ལ་རིག་པར་བརྟགས་ཤིང་ངོ་སྤྲད་པས་མི་མཐུན་པ་ཅིའང་མེད་དོ། །དེས་ན་གནས་ལུགས་ཟབ་མོའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་ཆོད་པའམ། བླ་མའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གནས་ལུགས་ལ་རྡོ་རུས་འཕྲོད་པའི་ཉམས་མྱོང་ཁོ་ཐག་ཆོད་པ་ཞིག་མེད་ན་དབུ་ཕྱག་རྫོགས་གསུམ་གང་ལྟར་བཤད་ཀྱང་མི་ཕན་ཏེ་ཡིད་དཔྱོད་ཀྱི་ལྟ་བ་ལས་མ་འདས་ཤིང་ལམ་མཚན་ཉིད་པར་ཡང་མི་འགྱུར་རོ། །དེ་ལྟར་ལེགས་པར་རྟོགས་ཤིང་ཡང་དག་པའི་གནས་ལུགས་ཀྱི་དོན་ལ་ཐེ་ཚོམ་གྱི་སྒྲོག་དང་བྲལ་བའི་ངེས་ཤེས་ཟབ་མོ་སྐྱེས་ན། དབུ་ཕྱག་ཞེས་མར་འཕེན་རྒྱུ་དང་། རྫོགས་ཆེན་ཞེས་ཡར་བསྙེགས་ནས་བླང་རྒྱུ་གཉིས་མེད་དེ་ཆོས་ཉིད་མཉམ་པ་ཉིད་ཡིན། དེར་མ་ཟད་མ་ཀི་མུ་སྟེགས་རྟག་ཆད་ནས་ཡ་ཀི་ཨ་ཏི་ཡོ་གའི་བར་གྱི་ཐེག་པ་ཐམས་ཅད་རང་བྱུང་ཡེ་ཤེས་ཉག་གཅིག་གི་རྩལ་ལམ་ངོ་བོར་རྫོགས་པ་ལ་རྫོགས་པ་ཆེན་པོ་ཞེས་སྒྲ་དོན་སྦྱོར་ཏེ་བརྗོད་དགོས་ན་གྲུབ་མཐའི་བློས་བཏགས་ཀྱི་ལྟ་སྒོམ་གྱི་འཆིང་བས་སྲིན་བུའི་ཁ་ཆུ་བཞིན་རང་གིས་རང་ཉིད་བཅིངས་པ་ནི་ངལ་བ་ཙམ་དུ་ཟད་དེ། དེ་ལྟར་ཤེས་ནས་ལམ་ཁྱེར་ཉམས་སུ་ལེན་ཚུལ་དངོས་ལ། སྤྱིར་པཎྜི་ཏའི་དཔྱད་སྒོམ་དང་། ཀུ་སཱ་ལི{སུ་ལུ}འི་འཇོག་སྒོམ་གཉིས་གང་ཟག་གི་བློ་རིམ་དང་བསྟུན་ནས་གསུངས་པ་ལས། སྔ་མའི་དབང་དུ་བྱས་ན་གཞུང་ལུགས་ཆེན་པོ་རྣམས་སུ། ཡུལ་མངོན་ལྐོག་དང་ཤེས་པས་རང་རིག་མི་རིག་སོགས་ཐ་སྙད་ཀྱི་འཇོག་མཚམས་དང་། གཅིག་དུ་བྲལ་སོགས་དབུ་མའི་རིགས་ཆེན་བཞིའམ་ལྔ་གསུངས་པ་སོགས་ཡོད་ཀྱང་། རང་རེ་ཀུ་སཱ་ལི་པ་རྣམས་ཀྱིས་དོན་གནད་སྙིང་པོ་བླ་མའི་མན་ངག་བཞིན་འདི་ལྟར་གཟུང་བར་བྱ་སྟེ། ཆགས་ཡུལ་གྱི་བུད་མེད་དང་སྡང་ཡུལ་གྱི་དགྲ་བོ་ལྟ་བུས་མཚོན་ཚོགས་དྲུག་གི་ཡུལ་སྣང་བཟང་ངན་གང་དང་ཅི་སྣང་ཡང་། རྣམ་པ་དེ་རང་གི་སེམས་ལས་གཞན་དུ་མ་གྲུབ་སྟེ། ཡུལ་དེའི་རྣམ་པ་རང་སེམས་ལ་མ་སྣང་ན་ནི་ཡུལ་དེ་ཡོད་པའི་སྒྲུབ་བྱེད་ཀྱང་མེད་ལ། དེས་ཆགས་སྡང་སོགས་ཕན་གནོད་གང་ཡང་མི་བསྐྱེད་དེ་རང་རེ་ལ་སྒྲ་མི་སྙན་པའི་མི་བཞིན་ནོ། །དེས་ན་རང་སེམས་སུ་སྣང་བ་དེ་ལ་དགག་སྒྲུབ་ཏུ་ཞེན་པས་ལས་བསགས་ཤིང་འཁོར་བར་འཁྱམས་པ་ཡིན་ཏེ། དེ་ལྟར་མ་བཟུང་ཞིང་མི་ཞེན་ན་སྣང་ཙམ་པོ་དེས་ཕན་གནོད་གང་ཡང་མེད་དེ། འདིར་ནི་སྣང་ཙམ་དགག་མིན་ཏེ། །བདེན་པར་རྟོག་པ་བཟློག་པར་བྱ། །ཞེས་དང་། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །ཞེས་དང་། ཨོ་རྒྱན་ཆེན་པོས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི། །ཞེས་སོགས་ཚོགས་དྲུག་ལམ་ཁྱེར་གྱི་གནད་གསུངས་པ་རྣམས་དོན་གནད་གཅིག་ཏུ་འབབ་པར་ཤེས་དགོས། དེས་ན་མ་ཀི་དམྱལ་བར་ལྟུང་སྟེ་ཚ་གྲང་གི་སྡུག་བསྔལ་མྱོང་ཡང་རང་སེམས་དེའི་རྣམ་པར་སྣང་བ་ཙམ་ཡིན་གྱི། དེ་ལྟར་རང་སེམས་ལ་མ་སྣང་ན་ཚ་གྲང་དང་དམྱལ་སྲུང་སོགས་ཡོད་པར་གང་གིས་ཤེས། དེ་བཞིན་ཡ་ཀི་སངས་རྒྱས་ཀྱི་འབྲས་བུ་ཐོབ་སྟེ་སྐུ་དང་ཞིང་ཁམས་ཡེ་ཤེས་ཡོན་ཏན་མཛད་པ་ཕྲིན་ལས་སོགས་ཀྱང་རང་སེམས་རྣམ་པར་དག་པའི་སྣང་བ་ཙམ་ལས་གཞན་དུ་གྲུབ་པ་ནི་ཅི་ཡང་མེད་དེ། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་འདི་ལའང་རང་སེམས་དག་མ་དག་དབང་གིས་སྣང་ཚུལ་སྣ་ཚོགས་སུ་གསུངས་པ་བཞིན་ནོ། །དེའི་ཕྱིར་ད་ལྟའི་དུས་ཀྱི་དགྲ་གཉེན་བདེ་སྡུག་སོགས་དག་མ་དག་གི་སྣང་བ་དགག་སྒྲུབ་ཀྱི་ཞེན་པའི་ཡུལ་དུ་གྱུར་པ་འདི་ཐམས་ཅད་རང་སེམས་ཀྱི་འཆར་ཆ་ཙམ་ལས་དོན་གཞན་དུ་གྲུབ་པ་མེད་དེ་དཔེ་ཆུ་དང་ཟླ་གཟུགས་བཞིན་ནོ། །དེས་ན་བདེ་སྡུག་སོགས་སེམས་ལ་ཅི་ཤར་ཅི་སྣང་དེ་ཐམས་ཅད་སེམས་ལས་རྫས་ཐ་དད་དུ་གྲུབ་པ་མེད་ལ། གལ་ཏེ་སེམས་ལས་གཞན་དངོས་པོ་ཐ་དད་དུ་གྲུབ་པ་ཞིག་ན་དེ་ནམ་ཡང་མྱོང་བར་མི་ཤེས་ཤིང་དེ་བཟློག་པའི་ཐབས་ཀྱང་མེད་ལ་བཟློག་ཀྱང་མི་ནུས་སོ། །དེ་གང་ལ་སྣང་བའི་གཞི་རང་གི་སེམས་ཉིད་ལ་བརྟགས་ན་དུས་གསུམ་དུ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད་སྟོང་པ་ཡིན། སྟོང་པ་དེ་ཡང་གསར་དུ་བྱས་པའི་སྟོང་པ་མིན། ཡེ་ནས་གནས་པའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་སྤྲོས་མཚན་ཀུན་བྲལ་རང་བཞིན་འདུས་མ་བྱས་ཡིན། དེ་ལྟ་བུའི་སེམས་ཉིད་དམ་སྤྲོས་བྲལ་ལམ་སྟོང་ཉིད་དེ་ཡང་བེམ་སྟོང་ཕྱོགས་གཅིག་པའི་འདུས་མ་བྱས་ནམ་མཁའམ་མོ་གཤམ་གྱི་བུ་ལྟ་བུ་ཅི་མེད་ཅང་མེད་མིན། ཀུན་ཤེས་ཀུན་རིག་གི་མཚན་ཉིད་རང་རིག་རང་གསལ་སྟོང་པའི་རང་རྩལ་ཅིར་ཡང་འཆར་ཤེས་པ་འདི་ཡིན་ཏེ། དེ་ལྟར་མིན་ན་མཐར་ཕྱིན་སངས་རྒྱས་ཀྱི་ཐུགས་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་ཡེ་ཤེས་ཀྱང་ཇི་ལྟར་འཆར། དེས་ན་སྣང་སྟོང་གསལ་སྟོང་རིག་སྟོང་དབྱེར་མེད་ཟུང་འཇུག་བརྗོད་བྲལ་བློ་འདས་ཡེ་ཤེས་ཆེན་པོ་དུས་བཞི་མཉམ་པ་ཉིད་ཡིན། དེ་ལྟར་ཤེས་ནས་ལེགས་པར་བརྟགས་ན། ཆགས་ཡུལ་ལྷ་ཡི་བུ་མོ་དང་། སྡང་ཡུལ་ཕ་བསད་ཀྱི་ཤན་པ་གཉིས་ཀའང་རང་སེམས་ཀྱི་སྣང་ཆ་ཙམ་ལས་གཞན་དུ་གྲུབ་པ་མེད་ལ་དེ་གཉིས་གང་ལ་སྣང་བའི་གཞི་སེམས་ཉིད་དམ་གཤིས་རང་གི་ངོ་བོ་ནི་ཟུང་འཇུག་སྤྲོས་བྲལ་སྟོང་ཉིད་ཡིན་པའི་གནད་ཀྱིས་དེ་གཉིས་ཀས་ཕན་གནོད་དུ་བྱ་བ་རྡུལ་ཙམ་ཡང་མི་དམིགས་ཏེ། དཔེ་ནམ་མཁའ་ཚོན་རྩི་མི་ཆགས་པའམ་མེ་ལོང་དྭངས་པའི་ངོས་སུ་ཞི་བ་དང་ཁྲོ་བོའི་གཟུགས་བརྙན་སོགས་རྣམ་འགྱུར་ཇི་ལྟར་ཤར་ཡང་དེས་མེ་ལོང་རང་གི་ངོ་བོ་ལ་ཕན་གནོད་སོགས་ཀྱི་ཁྱད་པར་གང་ཡང་བྱར་མེད་པ་བཞིན་ནོ། །དེ་ལྟར་མ་ཤེས་ཏེ་བདེན་པར་བཟུང་ན་འཁྲུལ་པས་འཁོར་བ་ཞེས་བྱ། མ་རིག་པ་ཞེས་བྱ། ལུང་མ་བསྟན་ཞེས་བྱ། ཀུན་གཞི་ཞེས་བྱ། བདེན་པར་མ་བཟུང་ན་གཉེན་པོ་གཞན་མེད་པར་རང་གྲོལ་བས་མྱང་འདས་ཞེས་བྱ། རིག་པ་ཞེས་བྱ། ཡེ་ཤེས་ཞེས་བྱ། ཆོས་སྐུ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་འབྲུག་སྨྱོན་ཀུན་དགའ་ལེགས་པས། རིག་པ་ཀ་དག་མ་རིག་ལུང་མ་བསྟན། །ཀུན་ལེགས་བདག་ལ་བསྒོམ་བྱ་དེ་ལས་མེད། །ཅེས་དང་། རྒྱུད་ལས། མ་རིག་ཡེ་ཤེས་ཐ་དད་མེད། །ཅེས་གསུངས། དེས་ན་རང་སེམས་སྐད་ཅིག་མ་འདིའི་སྟེང་ནས་འཁོར་འདས་ཀྱི་ཤན་འབྱེད་དགོས། དེ་ལྟར་ཤེས་ན་ཕྱི་ཚོགས་དྲུག་གི་སྣང་བ། ནང་དགག་སྒྲུབ་ཀྱི་ཞེན་ཆ། གསང་བ་ཉོན་མོངས་པ་རྣམ་རྟོག་སོགས་གང་དང་ཅི་ཤར་ཡང་། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ། ཆོས་ཉིད་ཀྱི་རང་རྩལ། བྱུང་ཡང་ཆོས་ཉིད་སྐྱེ་མེད་ཀྱི་ངང་ལས་བྱུང་། གནས་ཀྱང་ཆོས་ཉིད་སྐྱེ་མེད་ཀྱི་ངང་དུ་གནས། འགགས་ཀྱང་ཆོས་ཉིད་སྐྱེ་མེད་ཀྱི་ངང་དུ་འགག་པས། འཁྲུལ་ཡང་ཆོས་ཉིད་ཀྱི་ངང་ལས་འཁྲུལ། གྲོལ་ཡང་ཆོས་ཉིད་ཀྱི་ངང་དུ་གྲོལ་ཏེ། ཆོས་ཉིད་ལས་གཞན་པའི་ཆོས་ཞེས་བྱ་བ་རྡུལ་ཆ་ཙམ་ཡང་བཙལ་བས་མི་རྙེད་ལ། ཆོས་ཉིད་རང་གི་ངོ་བོ་ནི་བློ་དང་སྒྲ་རྟོག་མཚན་མའི་ཞེན་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་སྟེ། ཏི་ལི་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏི་ལི་ངས་ནི་ཅི་ཡང་བསྟན་དུ་མེར། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས། ཆོས་ཉིད་དེའི་ངང་དུ་བཟང་ངན་ཀྱི་རྟོག་ཚོགས་སོགས་གང་ཤར་ཡང་ཆུ་རླབས་རྒྱ་མཚོར་ཐིམ་པ་བཞིན་ཐམས་ཅད་ཆོས་སྐུའི་རོལ་པར་ཤར་བས་ཕན་གནོད་སོགས་གང་ཡང་མེད་དེ། དོ་ཧ་ལས། གཉུག་མའི་ཡིད་ནི་རྟག་ཏུ་སྡོད་དང་རྣལ་འབྱོར་ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། །ཞེས་གསུངས། དེ་ལྟར་ཤེས་ན། ཚོགས་དྲུག་ལམ་ཁྱེར། སྐྱིད་སྡུག་ལམ་ཁྱེར། ན་ཚ་ལམ་ཁྱེར། དུག་ལྔ་ལམ་ཁྱེར། རྣམ་རྟོག་ལམ་ཁྱེར་སོགས་ལམ་ཁྱེར་ཐམས་ཅད་ཀྱི་རྩ་བའི་གནད་འདི་རང་ལ་ཐུག དེས་ན་ཕྱི་རོལ་ཡུལ་གྱི་སྟེང་དུ་ཕར་མི་དཔྱད་པར་ཡུལ་སྣང་སེམས་ཀྱི་ཐོག་ཏུ་ཐག་བཅད་ནས་དེའི་ངང་དུ་བསལ་བཞག་སྤང་གཉེན་མེད་པར་བཞག་པས་དྲན་སྣང་ཆོས་ཉིད་དུ་འཆར་བར་འགྱུར་ཏེ། གླིང་རྗེ་རས་པས། མ་བཅོས་སོ་མ་བཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་སྐྱོང་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། །རྟག་ཏུ་མཉམ་པར་ཞོག་ཅིག་རྣལ་འབྱོར་པ། །ཞེས་གསུངས། འདི་ཀ་རྩོལ་མེད་ཡང་དག་གི་དྲན་པ་ཡིན་ཏེ། རྗེ་གྲུབ་ཆེན་ཤེར་ཡས། ནམ་དྲན་ཡང་འཇོག་མ་བྱས་ན། །གཉུག་མའི་དྲན་པ་ཡིན་པར་གོ །ཞེས་གསུངས། དེས་ན་རྗེས་སྣང་ཡེ་ཤེས་སུ་འཆར་བའི་ཐབས་ལའང་འདི་ལས་ཟབ་པ་གཞན་མེད་དེ། བསྒོམ་དོན་དྲུག་པ་ལས། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །ཞེས་གསུངས། འོན་ཀྱང་གང་ཟག་བློ་ཆུང་ཁ་ཅིག་མྱོང་བ་གནད་དུ་མ་སྨིན་པས་གོ་ཡུལ་དང་སྟོང་ཕྱོགས་ལ་འཛིན་པ་ཞུགས་ནས། སེམས་ནང་དུ་ཆད། སྣང་བ་ཕྱི་རོལ་དུ་ལུས་པ་ལྟ་བུ་གཟུང་འཛིན་རྒྱང་ཆད་དང་སྟོང་ཐོག་ཏུ་བསྒོམ་པ་དེ་ཡང་སྣང་ཐོག་ཏུ་བསྒོམ་མི་བཏུབ་པ་སོགས་འདུ་བྱེད་སེམས་ཀྱི་ཀུན་རྟོག་གིས་དཀྲུགས་པའི་ཉམས་མཐོ་དམན་སྣ་ཚོགས་འབྱུང་ཤེས་ཆེ་བས། དེ་ལྟར་བྱུང་ན་ནང་སེམས་ཀྱི་སྟོང་ཐོག་དེར་མི་བཞག་པར་ཕྱི་རོལ་གྱི་ཡུལ་ཆགས་སྡང་ཉོན་མོངས་བདེ་སྡུག་སོགས་གང་སྐྱེ་བ་དེའི་སྣང་ཐོག་ཏུ་བཞག་སྟེ་རྩལ་སྦྱང་ཞིང་བོགས་འདོན། འདི་སྤྲོས་བྲལ་རོ་གཅིག་ཏུ་ན་འཕར་བའི་ཐབས་སུའང་གསུངས། ཡང་རང་སེམས་ངོ་མ་འཕྲོད་པ་ཁ་ཅིག བླ་མ་ལ་མོས་གུས་མེད་པས་ནང་གི་མྱོང་བ་ནི་མ་ཤར། ཕྱི་རོལ་གྱི་དཔེ་ཆའི་གོ་བ་ཙམ་ལ་གདེང་དུ་བཟུང་སྟེ། རིག་པའམ་སེམས་ཉིད་རང་བབས་སུ་སྐྱོང་བ་ལ་བློ་མ་ཚིམས་པར། སེམས་ཞེས་ངན་པ་ཞིག་ཕར་བསལ་བའི་ཤུལ་དུ། རིག་པ་ཞེས་དྭངས་དྭངས་གསལ་གསལ་ཞིག་ཚུར་བསྒྲུབ་རྒྱུ་ཡོད་པར་རློམ་ནས། རྣམ་རྟོག་སྔ་ཕྱིའི་བར་གྱི་རྣམ་ཤེས་གསལ་རིག་གི་ཆ་ཙམ་ལ་འཛིན་པ་ཞུགས་ནས་ཁ་གནམ་དུ་གདང་། མིག་བར་སྣང་དུ་བགྲད་ནས། ཡིད་མིག་རླུང་གི་ཁུར་བཀལ་བཀལ་བས། མཐར་རྫོགས་ཆེན་མ་འགྲུབ་སྲོག་རླུང་གྲུབ་ནས། ཅི་ཡིན་འདི་ཡིན་དང་། ཅི་ཤེས་དེ་ཤེས་མེད་དང་། བསྒོམ་ན་སྙིང་མ་བདེ། བསྐྱུར་ན་བློས་མ་ཐེབས། ཅི་བྱས་ཀྱང་མ་ཡོང་བར། ཐ་མར་སྨྱོ་འཁྲུལ་དུ་འགྲོ་བ་ནི་དེང་སང་ཤིན་ཏུ་མང་འདུག་པས། ཧ་ཅང་གི་ཞི་ལྷག་དང་སེམས་རིག་སོགས་འདུ་བྱེད་སེམས་ཀྱི་ཀུན་རྟོག་གི་སྤྲོས་པའི་བརྟག་དཔྱད་དང་སེམས་འཛིན་གྱི་རྩོལ་བ་དྲག་པོ་མི་བྱེད་པར། གཙོ་བོར་བླ་མའི་མོས་གུས་ལ་གནད་དུ་བསྣུན་ནས་ད་ལྟའི་ཐ་མལ་གྱི་ཤེས་པ་སོ་མ་འདི་ཀ་རང་བབས་རང་འགྲོས་སུ་བཏང་ནས། ཉམས་གང་ཤར་རྩིས་མེད་དུ་བོར་ཐུབ་ན་དེ་རང་ཟབ་པར་མྱོང་གྲུབ་ལགས། མདོར་ན་བློ་ལ་ཡུལ་སྣང་ངམ་ཡུལ་ལ་བློ་སྣང་བ་གང་ཡིན་ཡང་འདྲ་སྟེ་དེའི་སྟེང་དུ་རྩོལ་མེད་ཡང་དག་གི་དྲན་པ་བསྟེན་ཏེ་གང་ཤར་དགག་སྒྲུབ་མེད་པར་དེའི་ཐོག་ཏུ་བཞག་ན། མཐར་སྣང་སེམས་དབྱེར་མེད་དུ་མ་རོ་གཅིག་ཏུ་རྟོགས་ཤིང་རྟོགས་བྱེད་ཀྱི་མཁན་པོ་དེ་ཡང་གཞི་མེད་རྩ་བྲལ་དུ་སོང་བས་བསྒོམ་བྱ་ཆོས་ཉིད་དང་སྒོམ་བྱེད་ཀྱི་བློ་གཉིས་མེད་དུ་གྲོལ་ནས་བསྒོམ་མེད་ཆོས་སྐུའི་རྒྱལ་སར་དབང་བསྒྱུར་ནུས་ཏེ། དེའི་གནད་ཀྱང་། ཆོས་རྗེ་རྒོད་ཚང་པས། ཧྲིལ་གྱིས་དྲིལ་ན། བདེ་སྡུག་སྐྱོན་ཡོན། ཕན་གནོད་གང་བྱུང་བ་དེའི་སྟེང་དུ་སྤང་བླང་མེད་པར་ལྷན་གྱིས་སྡོད། དེ་ཡང་རང་སེམས་ལ་སྣང་བ་ལས་ཡུལ་དངོས་པོར་མ་གྲུབ་པ་ཡིན། དེ་ལ་ཉམས་སུ་ལེན་ལུགས་ནི་དྲན་པས་མ་ཡེངས་པར་སྐྱོང་བ་སྟེ། དེ་ཡང་རྣལ་འབྱོར་བཞིའི་སྐབས་སུ། རྩེ་གཅིག་ཏུ་གཟུང་དྲན་གཙོ་ཆེ། སྤྲོས་བྲལ་གྱི་སྐབས་སུ་སྟོང་ཉིད་དྲན་པ་སྟེ། ཆགས་སྡང་སྐྱེས་པ་དང་སྟོང་ཉིད་དྲན་ཡོང་། སྤྲོས་བྲལ་དངོས་པོ་སྟོང་དགོས་པས་སྟོང་པའི་ཁ་ཟིན་ཆེ། རྩོལ་བའི་རྣམ་པ་ཡོད། རོ་གཅིག་དུས་རྟོག་ཆོས་ཡང་དག་རྩོལ་མེད་དྲན་པ་འབྱུང་། རྣམ་རྟོག་རང་སྒོམ་དུ་ཤར་བས་རྩོལ་བ་མེད། རྟོག་པ་ཆོས་ཉིད་དུ་གསལ་འདེབས་མི་དགོས། རྗེས་སྣང་སྒྱུ་མ་ཙམ་སྟེ། སྟོང་ཉིད་རྒྱུ་འབྲས་སུ་ཤར། རྒྱུ་འབྲས་སྟོང་ཉིད་དུ་ཤར་བའི་དུས་སུ་བློ་འདས་ཀྱི་དྲན་པ་དང་ཐག་ཉེ། སྒོམ་མེད་དུ་བློ་འདས་ཀྱི་དྲན་པ་འབྱུང་། འདིའི་སྐབས་སུ་གཟུང་ཡུལ་དུ་སྣང་བ་སྒྱུ་མ་ཙམ་ཡང་མེད་དོ། །ཉམས་སུ་ལེན་དུས་འདིར་གང་ཤར་གྱི་རྟོག་པ་རང་སེམས་གཞི་རྩ་ཆོད་པ་བླ་མའི་དྲིན་གྱིས་རྟོགས་པ་ན། དེའི་ངང་སྐྱོང་བ་ཡིན། རྟོག་པ་བྱུང་ན་རང་ངོ་ཤེས་པའི་སྟེང་དུ་སྡོད། དེ་ལྟར་རྒྱུན་དུ་སྐྱོང་བ་ལས་མེད་དོ། །དེའི་ཚེ་གཟུང་འཛིན་མཁའ་ལྟར་དག་པའི་སེམས་དེ་ལ་བདག་ཏུ་འཛིན་པ་མི་འདུག་པས་སྦྱིིན་པ་ཚང་། ཉེས་ལྟུང་གི་དྲི་མས་མ་གོས་པས་ཚུལ་ཁྲིམས་ཚང་། བདེ་སྡུག་གི་རྟོག་པའི་ཟུག་རྔུ་མེད་པས་བཟོད་པ་ཚང་། དེ་ལ་མ་ཡེངས་པར་གནས་པས་བརྩོན་འགྲུས་ཚང་། མཉམ་རྗེས་མེད་པས་བསམ་གཏན་ཚང་། འཁྲུལ་པ་མེད་པས་ཤེས་རབ་ཚང་། རོ་སྙོམས་སྐོར་དྲུག་ཀྱང་ཚང་སྟེ། རྟོག་པ་ཆོས་སྐུར་ཤར་བས་རྣམ་རྟོག་ལམ་ཁྱེར། དུག་ལྔ་ཡེ་ཤེས་སུ་གྲོལ་བས་ཉོན་མོངས་ལམ་ཁྱེར། ལྷ་འདྲེའི་བར་ཆད་རང་སེམས་སུ་ཤེས་པས་འཇིགས་པ་མེད་པ་ལྷ་འདྲེ་ལམ་ཁྱེར། གང་ཤར་བདེ་ཆེན་དུ་ཤར་བས་སྡུག་བསྔལ་ལམ་ཁྱེར། གང་ལའང་ཟུག་རྔུ་མེད་པས་ན་ཚ་ལམ་ཁྱེར། དེ་ལ་མཉམ་རྗེས་མེད་པས་སྐྱེ་འཆིའི་རྟོག་པ་མེད་པ་དེ་འཆི་བ་ལམ་ཁྱེར་ཡིན་གསུངས། དེ་བཞིན་ཞེ་ཆེན་གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱིས། སེམས་སྤྲོས་བྲལ་རྟོགས་ན་དབུ་མ་ཡིན། །ཆོས་རོ་གཅིག་རྟོགས་ན་ཕྱག་རྒྱ་ཆེ། །གཤིས་སྒོམ་མེད་རྟོགས་ན་རྫོགས་ཆེན་ནོ། །ཡང་ཆེན་པོ་གསུམ་གྱི་གྲོལ་ཚུལ་བཤད། །རིག་ཐོག་ནས་གྲོལ་ན་རྫོགས་པ་ཆེ། །འཛིན་པ་དང་འབྲེལ་ན་ལྟ་བ་མིན། །གནས་ཐོག་ནས་གྲོལ་ན་ཕྱག་ཆེན་ཏེ། །གཟུང་དྲན་དང་འབྲེལ་ན་སྒོམ་པ་མིན། །འགྱུ་ཐོག་ནས་གྲོལ་ན་དབུ་མ་ཡིན། །ཞེན་པ་དང་འབྲེལ་ན་སྤྱོད་པ་མིན། །ཞེས་དང་། དྲང་པོར་བརྗོད་ན་འདི་ལྟར་གནས། །ཤེས་རབ་ཅན་ལ་ལྟ་བ་མེད། །ས་མཐར་སོན་ལ་སྒོམ་པ་མེད། །དེ་གཉིས་འདས་ལ་སྤྱོད་པ་མེད། །གསུམ་མེད་འབྲས་བུ་ག་ལ་ཡོད། །བཞི་པོ་ཡོད་ན་མཐར་ཐུག་མིན། །བྱིས་པ་ཉེར་སྤྱོད་ས་ཞེས་སྨྲ། །ལྟ་སྒོམ་སྤྱོད་འདོད་རེ་བ་དེ། །ཚི་ཆད་ནད་དུ་ཆེ་ཞེས་གསུངས། །ལྷོད་ཉམས་ཁོང་ཡངས་ཨེ་མ་ཧོ། །མཐའ་དབུས་མེད་པའི་ལྟ་བ་ལ། །གཟའ་ལྟད་མེད་པ་སྒོམ་པའི་མཆོག །འདི་སྡོད་མེད་པའི་སྤྱོད་པ་ལ། །ཐོབ་བྱ་མེད་པ་འབྲས་བུའི་མཆོག །ལྟ་བ་མེད་པ་ལྟ་བའི་མཆོག །སྒོམ་པ་མེད་པ་སྒོམ་པའི་མཆོག །སྤྱོད་པ་མེད་པ་སྤྱོད་པའི་མཆོག །མཆོག་གསུམ་དབྱེར་མེད་འབྲས་རྩེར་འདོད། །ཕྱོགས་རིས་མེད་པ་ལྟ་བའི་རྩེ། །དམིགས་མེད་གསལ་ཆ་སྒོམ་པའི་རྩེ། །འདུ་བྱེད་ཞིག་པ་སྤྱོད་པའི་རྩེ། གཉིས་མེད་དག་གསལ་འབྲས་རྩེར་འདོད། །འཛིན་པ་མེད་པའི་ལྟ་བ་ལ། །གཏད་སོ་མེད་པ་སྒོམ་པའི་མཆོག །འདི་བྱ་མེད་པར་སྤྱོད་པ་ལ། །ཐོབ་ཤོར་མེད་པ་འབྲས་བུའི་མཆོག །ཡེ་སྟོང་རྩ་བྲལ་ལྟ་བ་ལ། །མཚན་མ་རང་གྲོལ་སྒོམ་པའི་མཆོག །ཡིད་སྨོན་མེད་པར་སྤྱོད་པ་ལ། །མངོན་འདུ་མི་བྱེད་འབྲས་བུའི་མཆོག །རང་རྒྱུད་མེད་པ་ལྟ་བའི་མཆོག །འདུ་ཤེས་ཡུལ་མེད་སྒོམ་པའི་མཆོག །བྱེད་པོ་མེད་པ་སྤྱོད་པའི་མཆོག །བསལ་བཞག་དག་པ་འབྲས་བུའི་མཆོག །ཡེ་སྟོང་ཆོས་ཉིད་དྲན་པ་ལ། །ཚུར་མཐོང་འདུ་ཤེས་ཞིག་པ་མཆོག །གནས་ལུགས་སྒོམ་ཡེངས་མེད་ཤེས་ན། །བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད། །ལྟ་འདོད་སྒོམ་འདོད་སྤྱོད་འདོད་གསུམ། །ནམ་སླེབས་ཚེ་ན་འཁྲུལ་ཞེས་གསུངས། །དེ་དོན་འགྲེལ་ན་འདི་ཡིན་ཏེ། །གནས་ལུགས་རང་ཤུགས་ལྟ་བ་སོགས། །ཡོད་པ་ཙམ་གྱིས་མི་སྐྱོན་ཏེ། །སེམས་ཉིད་ངང་གིས་གནས་སྐབས་ཡིན། །ལྟ་འདོད་སླེབས་ཚེ་གློ་བུར་དུ། །བདག་འཛིན་རྣམ་རྟོག་སྐྱེས་པ་ཡིན། །དེ་བཞིན་རང་བབས་སྒོམ་པ་པོ། །ཡོད་པ་ཙམ་གྱིས་མི་སྐྱོན་ཏེ། །སེམས་ཉིད་རང་བཞིན་གནས་སྐབས་ཡིན། །སྒོམ་འདོད་སླེབས་ཚེ་གློ་བུར་དུ། །སྒོམ་འཛིན་རྣམ་རྟོག་ཞུགས་པ་ཡིན། །ལྟ་སྒོམ་རང་ཡན་སྤྱོད་པ་པོ། །ཡོད་པ་ཙམ་གྱིས་མི་གནོད་དེ། །སེམས་ཉིད་གཉིས་སུ་མེད་སྐབས་ཡིན། །སྤྱོད་འདོད་བྱུང་ཚེ་གློ་བུར་དུ། །གཉིས་འཛིན་ཀུན་རྟོག་བདོ་སྐབས་ཏེ། །འཁྲུལ་སྣང་འཁྲུལ་འཛིན་རྒྱུན་ཆད་མེད། །མདོར་ན་ལྟ་སྒོམ་སྤྱོད་པ་གསུམ། །ཤུགས་འབྱུང་ཐམས་ཅད་བཟང་བ་ཡིན། །ལྟ་བསམ་སྒོམ་བསམ་སྤྱོད་བསམ་སོགས། །རྗེས་སླེབས་ཐམས་ཅད་ངན་པར་གོ །རང་རྒྱུད་ཅན་དེ་ཡིད་དཔྱོད་ཡིན། །ཡེ་ཤེས་བློ་འདས་ཡིན་ཕྱིར་རོ། །སེམས་ཉིད་དྲན་པ་སྐད་ཅིག་མར། །གཟུང་འཛིན་མི་དགོས་སྒོམ་སྤྱོད་བདེ། །སྐད་ཅིག་གཉིས་པར་ཤེས་གསལ་གྱི། །རྒོད་ནས་བདེ་སྟོང་དཀའ་མོར་འགྱུར། །ཇི་སྲིད་གཉིས་འཛིན་ཡོད་ཕྱིན་ཆད། ཆོས་རྣམས་འདི་དང་འདིའོ་ཞེས། །རྣམ་པར་རྟོག་ལས་འདའ་བ་མེད། །ཡང་ན་བྱིང་རྨུགས་འཐིབ་གསུམ་གྱིས། །དྲན་སྣང་མི་གསལ་བན་བུན་འགྱུ། དེ་ལ་གོམས་ཀྱང་ཐར་པ་མེད། ཇི་སྲིད་གནས་ལུགས་ཤེས་མཐོང་གི། །རེ་དོགས་ཡོད་པ་དེ་སྲིད་དུ། །སྣང་སྟོང་རྣལ་མ་ག་ལ་མཐོང་། །ཇི་སྲིད་ཀུན་གཞི་ཡོད་རིང་ལ། །རང་ངོ་རྣམ་དག་མི་མཐོང་གིས། །ནམ་ཞིག་རང་སའི་ལྟ་བ་དེ། །རྡོ་རྗེ་ལྟ་བུས་ཆོམ་ཕྱིན་ཆད། །དབྱིངས་རིག་གཉིས་སུ་སྣང་བ་མེད། །དེ་ལྟར་བསམ་ན་འདི་དགོས་ཏེ། །རང་སེམས་གཉིས་མེད་སོར་རྟོག་གིས། །མཚན་འཛིན་བདག་བློ་ཡང་ཡང་བཤིག །ནམ་ཞིག་ལྟ་བ་རྟོགས་ཙ་ན། །མ་བཅོས་བཞག་ན་ཤར་གྲོལ་མཉམ། །སྣང་བ་སྐད་ཅིག་ཐད་ཀར་ཆོད། །སྒོམ་ཡུན་ཐུང་ཡང་བོགས་སྐྱེད་ཆེ། །གཞན་ཡང་སྒོམ་གནད་ལ་གཅེས་པའི། །ཤེས་བྱ་ཐམས་ཅད་མདོར་བསྡུ་ན། །རང་སྣང་གསལ་བའི་ཤེས་རབ་ཀྱིས། །ཡིན་མིན་ལ་ཤན་མི་འབྱེད་ན། །གཉིས་འཛིན་སྣང་བ་ཀུན་ནུབ་ཀྱང་། །ཧྭ་ཤང་ཡིན་གྱིས་སོར་རྟོག་མེད། །ས་མཐར་སླེབས་པའི་གང་ཟག་ལ། །དྲན་པ་ཡིད་བྱེད་མེད་ལགས་ཀྱང་། །སོར་རྟོག་ཡེ་ཤེས་མེད་མི་འགྱུར། ཕྱི་སྤྱོད་ཚུལ་གནས་ཐོས་བསམ་རེམ། །ནང་སྤྱོད་མཚམས་ནང་བསྐྱེད་རྫོགས་སྒོམས། །གསང་སྤྱོད་རྫོགས་ཆེན་ལུགས་སུ་གྱིས། །ཡང་གསང་ཁྲེགས་ཆོད་ཐོད་རྒལ་འཕགས། །དེ་ལས་ལྷག་པའི་ཞལ་གདམས་མེད། །ཅེས་དང་། རྩེ་གཅིག་ཉམས་མྱོང་སྦུབས་ཡིན་ཏེ། །སྟོང་གསལ་ངང་སྒོམ་བྱས་བྱས་ནས། །སྐྱོན་ཡོན་གང་འགྲོ་ངེས་པ་མེད། །མཚན་ལྡན་བླ་མ་བསྟེན་པ་མཆོག །སྤྲོས་བྲལ་ཉམས་སྦུབས་ནས་ཐོན་ཏེ། །སྐྱེ་མེད་སྟོང་པའི་ཆོས་རྣམས་ལ། །སྒྲོ་སྐུར་དབེན་པའི་དུས་ཡིན་ཡང་། །སྣང་སྟོང་བསྲེ་བ་མཆོག་ཏུ་གོ །རོ་གཅིག་སྣང་སེམས་གཉིས་འདྲེས་ཏེ། །བཟང་ངན་དབྱེ་བ་མེད་པ་ལ། །བསལ་བཞག་མི་དགོས་སྒོམ་སྤྱོད་བདེ། །ཆོས་རྣམས་ལ་ཤན་འབྱེད་པ་མཆོག །སྒོམ་མེད་དྲི་མ་འདག་སྐབས་ཏེ། །ལྟ་སྒོམ་བྱ་རྩོལ་ཀུན་བྲལ་ཡང་། །རང་རིག་དག་གསལ་སྤྲོས་བྲལ་གྱི། །རང་ཚུགས་འཛིན་པ་མཆོག་ཏུ་གོ །སེམས་དོན་རྣམ་པ་མང་བཤད་ཀྱང་། །རྣམ་རྟོག་སྔ་ཕྱི་མ་འདྲེས་པར། །ཐད་ཀར་ཤེས་རབ་བཅར་ཕོག་ཏུ། །ངོས་ཟིན་རང་བྱུང་ཡེ་ཤེས་ཡིན། །རེ་དོགས་མེད་པར་ཁོང་ལྷོད་ཅིང་། །རང་བབས་རང་ཡན་བྱེད་དགོས་ལགས། །ཡང་ན་སྣང་བ་ཕྱིར་མ་ལུས། །རང་སེམས་ནང་དུ་མ་ཆད་པར། །སྣང་ཐོག་ཤེས་པ་དེ་ཀར་འཇིག །སྣང་སྟོང་གཉིས་ལ་སྔ་ཕྱི་མེད། །དེ་ལ་བདེན་གཉིས་ཟུང་འཇུག་ཟེར། །སེམས་ཉིད་རྣམ་དག་དེ་ན་ཡོད། །སྣང་སེམས་འཕྲད་ལ་མ་འདྲེས་བཟང་། །རང་སེམས་སྒོམ་བྱེད་ནང་ན་བདོག །བསྒོམ་བྱའི་སྣང་བ་གཞན་ཡོད་ཕྱིན། །འཚོལ་རྟོག་དཔྱོད་ཀྱི་ཞི་གནས་མེད། །ཡེངས་དྲན་འཐབ་པ་ལྷག་མཐོང་མིན། །སྣང་སེམས་གཉིས་པོ་དབྱེར་མེད་པར། །གནས་འགྱུ་རིག་གསུམ་བྱེད་ན་གྱིས། །ཞེས་དང་། ཨེ་མ་ཉམས་མྱོང་རྟོགས་པའི་གླུ། །རྣམ་ཐར་ངེས་པ་ཅན་བརྗོད་ན། །རང་རིག་དབྱིངས་སུ་ནམ་སྤར་ཚེ། །ཆོས་སྐུ་ཕྱིར་གསལ་ཀུན་གཞི་ནང་། ཆ་གཉིས་མཐོང་སྟེ་ངོ་མཚར་སྐྱེས། །རང་བབས་ངང་དུ་ལྷོད་དེར་བཞག །རེས་འགའ་ཀུན་གཞིའི་རྣམ་ཤེས་ཀྱི། །འོད་གསལ་དྭངས་སང་ཝལ་ལེར་མཐོང་། །ལྟ་བ་མཐར་ཐུག་མིན་པར་གོ །ཐ་མལ་ཤེས་པའི་རང་མདངས་བསྐྱངས། །རེས་འགའ་བྱིང་རྨུགས་ཆེ་དུས་སུ། །ཀུན་གཞིར་འཐུམ་ནས་དྲན་ཤེས་ཉམས། །ལྟ་སྒོམ་སྤྱོད་པ་མོག་པོར་སོང་། །རིག་གདངས་གསལ་ཆ་ལམ་ཁྱེར་བྱས། །རེས་འགའ་རང་བཞིན་ཤུགས་འབྱུང་ངམ། །ཡང་ན་ལམ་དུ་ཁྱེར་ཤེས་དུས། །ཀུན་གཞི་ཆོས་སྐུའི་བག་ལ་ཞ། །མཐར་ཐུག་ལྟ་བ་དེ་རུ་རྟོགས། །སྐབས་རེར་ཡེངས་པ་ཡོད་ན་ཡང་། །རྒྱ་མཚོར་འཕར་བའི་རྦ་རླབས་བཞིན། །ཆོས་ཉིད་ངང་ལས་འདའ་བ་མེད། །ངོ་བོ་མཐོང་བའི་གནད་གཅིག་རྟོགས། །མདོར་ན་དུས་རྣམས་ཐམས་ཅད་དུ། །ནམ་མཁའ་སྤར་འཛིན་བྱས་པ་འདྲ། །ངེས་མེད་ལྟ་སྒོམ་སྣ་ཚོགས་མཐོང་། །ངང་སྒོམ་ཤེས་འདོད་མ་སྐྱེས་དུས། །གཤིས་ལུགས་འགྱུར་མེད་ཡོངས་གྲུབ་མཐོང་། གཉིས་སྣང་མཚན་མའི་གོས་ཕུད་དུས། །རང་རིག་གཅེར་བུར་འཕྱོ་བ་མཐོང་། །རང་བབ་རང་ཡན་ནམ་གཏུབ་ཚེ། །ཚོགས་དྲུག་ལྷུག་འཆར་ཇི་སྙེད་མཐོང་། །ནམ་དྲན་ཡང་འཇོག་མ་བྱས་ན། །གཉུག་མའི་རང་ས་ཟིན་པར་གོ །རེ་དོགས་བཟོ་བཅོས་མ་བྱས་ན། །འཛིན་མེད་རྗེན་ཅེར་མཐོང་བར་གོ །རང་ངོ་ཤེས་ཤིང་གློད་ཐུབ་ན། །གདོད་ནས་རྣམ་དག་ཡིན་པར་གོ །ཧ་ཅང་སྒྲིམ་ན་རྗེས་ཐོབ་འགག །བདེན་གཉིས་མཐོང་དུས་དཀའ་འོ་བུ། །ཧ་ཅང་གློད་ན་མཉམ་བཞག་ཉམས། །ལུང་མ་བསྟན་དུ་འགྲོ་ངེས་ཨང་། །སྒྲིམ་གློད་བྱེད་བློ་མ་རྩོམ་པར། །ཐ་མ ལ་ཤེས་པ་སྐྱོངས་ཤིག་བུ། །བསམ་སྒོམ་མ་བྱེད་རང་སར་ཞོག །རྒྱ་ཡན་ལྷོད་ཟིན་གཅེས་སོ་ཨང་། །མ་ཡེངས་དྲན་པས་རྒྱང་སོ་ཚུགས། །ལམ་བདེན་མཐར་ཐུག་ཡིན་ནོ་བུ། །དེ་ལྟར་གོམས་འདྲིས་བྱེད་མཁས་ན། །འགོག་བདེན་ཆོས་སྐུར་གདོན་མི་ཟ། །ནམ་དྲན་མ་བཅོས་སོ་མར་སྐྱོངས། །རང་བྱུང་ཡེ་ཤེས་དེ་དུས་རིག །རྣམ་རྟོག་སྔ་ཕྱི་མ་མཐུད་ན། །འཆར་སྒོ་མང་ཡང་ཡོན་ཏན་ལགས། །ཞེས་དང་། ཚེ་གཅིག་དམ་ཆོས་སྤྱོད་པའི་གང་ཟག་རྣམས། །ངན་སོང་གསུམ་དུ་སྐྱེས་ཀྱང་འགྱོད་མེད་ཡིན། །ཅི་ཡོད་ཆོས་ཕྱོགས་བཏང་བའི་གང་ཟག་རྣམས། །འཁྱག་གྲི་ལྟོགས་གྲིར་ཤི་ཡང་འགྱོད་མེད་ཡིན། །ཚེ་འདིར་འདོད་དགུར་མ་ཆགས་ཆོས་སེམས་ན། །བར་དོར་སྡུག་བསྔལ་མྱོང་ཡང་འགྱོད་མེད་ཡིན། །མཚན་ལྡན་བླ་མ་མཉེས་པའི་གང་ཟག་རྣམས། །ཚེ་མཐར་སྨྱོ་འཁྲུལ་བྱུང་ཡང་འགྱོད་མེད་ཡིན། །སྤྱི་སྒོས་དོན་དུ་ཚོགས་ངན་མ་བསགས་ན། །ཕོ་སྒོ་མ་བཟང་ཟེར་ཡང་འགྱོད་མེད་ཡིན། །ཚེ་འདིར་དགྲ་གཉེན་གཉིས་ལ་མ་ཞེན་ན། །འཆི་དུས་ཆགས་སྡང་སྐྱེས་ཀྱང་འགྱོད་མེད་ཡིན། །བདེ་སྡུག་འབྱོར་རྒུད་སྔོན་ལས་ཡིན་བསམ་ན། །ཕྱིན་ཆད་སྡུག་པོར་སོང་ཡང་འགྱོད་མེད་ཡིན། །ཆོས་སེམས་འདྲེས་ན་ཅི་བྱས་དགེ་བར་འགྱུར། །དགེ་སྦྱོར་གྲངས་མང་མ་སོག་འགྱོད་མེད་ཡིན། །བློ་ཕུག་དཀོན་མཆོག་གསུམ་ལ་རྒྱུན་གཏད་ན། །འཆི་བདག་གློ་བུར་སླེབས་ཀྱང་འགྱོད་མེད་ཡིན། །ལོངས་སྤྱོད་འཁོར་གཉེན་ཆགས་ཞེན་ཤས་ཆུང་ན། །ཤེས་མེད་ཐབས་རྡུགས་{སྡུག} བསམ་ཀྱང་འགྱོད་མེད་ཡིན། །རང་སེམས་ཆགས་སྡང་བདེ་སྡུག་བཏུལ་མཁས་ན། །དགྲ་འདུལ་གཉེན་སྐྱོང་ཞན་ཡང་འགྱོད་པ་མེད། །ཡོད་བསྐྱངས་མེད་བཙལ་སྲིད་ལེན་དབེན་བྱས་ན། བསོག་འཇོག་མ་ཤེས་ཟེར་ཀྱང་འགྱོད་མེད་ཡིན། །ཆོས་ཀྱིས་ཚིམ་མེད་སྡིག་ལ་འཛེམ་མཁས་ན། །བློ་གྲོས་ལུགས་བཟང་བྱས་པ་འགྱོད་མེད་ཡིན། །དེ་བཞིན་བྱས་པས་འགྱོད་མེད་ཀུན་བསམ་ན། །རྣམ་དཀར་ལས་ལ་དགའ་སྤྲོ་འཕེལ་བར་འགྱུར། །དགེ་སྦྱོར་བྱེད་དུས་ལུས་ལ་ན་ཚ་དང་། །སེམས་ལ་བཟོད་མེད་སྡུག་བསྔལ་ཅི་བྱུང་ཡང་། །ལས་ངན་འཛད་རྟགས་ཡིན་གྱིས་དགའ་བ་སྒོམས། །ལས་འཕྲོ་མེད་ན་དམ་ཆོས་མི་དྲན་གསུངས། །ཡོད་ཀྱང་བདུད་ཀྱི་བར་ཆད་སྣ་ཚོགས་འཇུག །སྤྱིར་ན་ལོ་བརྒྱ་ལོན་པའི་རྒས་འཁོགས་ཀྱང་། །གང་འདོད་ཚེ་འདིར་བསམ་པ་མ་གཏོགས་པར། །འཆི་བསམ་དགེ་སྦྱོར་སྐད་ཅིག་བྱེད་མཁན་དཀོན། །ཁྱད་པར་ལས་ཀྱིས་གཅིག་ཏུ་མ་ངེས་ཏེ། །ལ་ལ་ཆུང་དུས་འཛིན་ཞེན་ཆུང་ན་ཡང་། །རྒས་ནས་འཛིན་ཆགས་ཞེན་པ་ཇེ་ཆེར་འགྲོ། །ལ་ལ་ལས་ངན་བརྡོལ་ཏེ་འཆི་སེམས་མེད། །ཚེ་འདིའི་དོན་དུ་སྡིག་པ་སྣ་ཚོགས་སོག །ལ་ལ་འཁོར་བར་མི་སྐྱོ་ངེས་འབྱུང་བྲལ། །ལོག་ལྟས་ཁེངས་ཏེ་དད་པ་གཏན་ནས་མེད། །ལ་ལ་རྒྱུན་པར་བདུད་ཀྱི་དབང་དུ་འཆོར། །དུག་ལྔ་ཆེར་འཁྲུགས་དགེ་སྡིག་ངོ་མི་ཤེས། །རང་མཐོང་ང་རྒྱལ་ཆོས་མིན་འདྲེས་པ་སོགས། །བསམ་འདས་བརྗོད་དཀའ་ཐམས་ཅད་བརྟག་དཔྱད་ཀྱིས། །ཡང་སྒོས་དགོན་སྡེར་གྲྭ་ཁྱུར་ཞུགས་ལགས་ཀྱང་། དང་པོ་ཟབ་ཆོས་ཐོས་ཚེ་སྐྱོ་ཤས་སྐྱེ། །ཕྱིས་ནས་ཐོས་པས་གོ་དྲེད་ཕན་པ་མེད། །མི་ནག་ཕོ་མོའི་རྗེས་སྙེག་{སྙོགས} ཟིན་མེད་ཀྱི། །བྱ་བ་སྣ་ཚོགས་འགྲན་སེམས་མ་གཏོགས་པ། །ཆོས་མཐུན་བསམ་སྦྱོར་སྐད་ཅིག་སྐྱེ་བར་དཀའ། །མདོར་ན་ཕོ་མོ་མཆོག་དམན་ཐམས་ཅད་ཀྱིས། ཚེ་འདིར་ཕོངས་རྒུད་འཛད་དོགས་མ་གཏོགས་པ། །ཕྱི་མའི་འགྲོ་དོན་བྱེད་བསམ་གཅིག་ཀྱང་དཀའ། །གལ་ཏེ་ལས་ཀྱིས་དམ་ཆོས་དྲན་ན་ཡང་། །དགེ་སྦྱོར་ཕྱིས་བྱ་བསམས་ཏེ་བསླུས་པ་མང་། །ཞེས་དང་། ཀ་ཡེ་རང་དོན་ཆོས་སྐུ་རྟོགས་ནས་གཞན་དོན་བྱེད་པ་ལ། །ཐབས་མཁས་བསྡུ་བ་རྣམ་བཞི་ཚད་མེད་དགོས་པར་གསུངས་པས་ན། །འུ་ཅག་རང་སེམས་མ་དུལ་གོང་ནས་གཞན་རྣམས་འདུལ་འདོད་ལ། །མཛུབ་མོ་ནང་དུ་བཀུག་ནས་རང་རྒྱུད་བརྟག་ཚེ་ནོངས་པར་འགྱུར། །རྟོགས་གྲོལ་མེད་བཞིན་གོང་ནས་རྟོགས་པ་ལྡན་རློམ་སེམས་པ་ནི། །སྦལ་བ་རང་ཉིད་སེང་གེ་ཡིན་རློམ་བྱས་འདྲ་འདི་ཀོ་མཚར། །ང་རྒྱལ་ཅན་གྱིས་མཉམ་ཉིད་ལྟ་བ་ཀློང་དུ་མི་ཕེབས་གསུངས། །ནང་རྟགས་ཕྱི་ལ་མ་ཤར་བར་དུ་སྐུ་ཁམས་བདེ་མོར་བཞུགས། །ད་དུང་ངོ་མཚར་ལྟད་མོ་བལྟ་རྒྱུ་མང་སྟེ་ཡ་རེ་ཆ། །གསུངས། དེ་བཞིན་ཞེ་ཆེན་སྒྲུབ་ཆེན་བསྟན་འཕེལ་གྱིས་ཀྱང་། ཕྱི་ནོར་རྫས་ལོངས་སྤྱོད་འགྱུར་བར་མཐོང་། །ནང་གང་ལའང་དགོས་མེད་ཤེས་པ་ན། །དེ་སྦྱིན་པ་ཀུན་གྱི་རྒྱལ་པོ་ཡིན། །ད་གསོག་ནས་སྦྱིན་པ་གཏོང་མི་དགོས། །ཕྱི་སྣང་བ་མི་རྟག་འགྱུར་བར་མཐོང་། །ནང་ཞེན་ཆགས་འཛིན་པ་གཅོད་ནུས་ན། །དེ་ཉམས་ལེན་རྒྱལ་པོ་ཞེས་སུ་གྲགས། །ད་ཙུག་ཙུག་བྱེད་ནས་སྒོམ་མི་དགོས། །ཕྱི་གནད་དོན་ཟབ་མོའི་ཐབས་ཀྱིས་ཟིན། །ནང་རང་རིག་ངང་དུ་སྤྱོད་ཤེས་ན། །དེ་གསང་སྔགས་ཟབ་མོའི་ཉམས་ལེན་ཡིན། །ད་ཤ་ཆང་མ་སྤངས་ན་ཡང་རུང་། །ཕྱི་འཁོར་འདས་ཆོས་ཀུན་བདེན་མེད་ཤེས། །ནང་སྒོམ་དུ་མེད་པའི་དོན་རྟོགས་ན། །དེ་མདོ་རྒྱུད་ཟབ་མོའི་དགོངས་དོན་ཡིན། །ད་དཔེ་ཆ་གཅེས་པོ་མེད་ཀྱང་རུང་། །ཕྱི་འགྲོ་དྲུག་ཕ་མའི་རང་བཞིན་ཤེས། །ནང་ཅི་ཕན་ཐབས་ལ་བརྩོན་ནུས་ན། །དེ་བྱང་ཆུབ་སེམས་དཔའི་བློ་སྦྱོང་ཡིན། །ད་སྙིང་རྗེ་ཁ་སྤྱང་སྒྲུབ་དོན་མེད། །ཕྱི་སྣང་བ་སྒྱུ་མའི་རང་བཞིན་ཤེས། །ནང་སྐྱེ་མེད་གནས་ལུགས་སྐྱོང་ཤེས་ན། །དེ་རང་རིག་དོན་གྱི་བླ་མ་ཡིན། །ད་བླ་མ་གཞན་ནས་འཚོལ་མི་དགོས། །ཕྱི་བརྗོད་བྱའི་ཆོས་རྣམས་བྲག་ཆ་འདྲ། ནང་བརྗོད་དུ་མེད་པའི་དོན་རྟོགས་ན། །དེ་ཤེས་པ་ཀུན་གྱི་རྒྱལ་པོ་ཡིན། །ད་ཤེས་བྱའི་སློབ་གཉེར་མེད་ཀྱང་རུང་། །ཕྱི་རང་ལུས་རི་ཁྲོད་དབེན་པ་མཐོང་། །ནང་སེམས་ཉིད་རྐྱེན་ཁར་མ་ཤོར་ན། །དེ་དབེན་པ་ཀུན་གྱི་མཆོག་ཅིག་ཡིན། །ད་དབེན་གནས་ཕྱི་ནས་བཙལ་མི་དགོས། །ཕྱི་སྤྲོས་བཅས་དགེ་བའི་ཞེན་པ་བྲལ། །ནང་རེ་དོགས་འཁྲུལ་པ་ཟད་པ་ན། །དེ་མཚན་མེད་དོན་གྱི་དགེ་སྦྱོར་ཡིན། །ད་གྲངས་ཀྱི་དགེ་སྦྱོར་བྱེད་དོན་མེད། །ཕྱི་སྣང་གྲགས་ཆོས་ལ་ཞེན་པ་སྤངས། །ནང་སྟོང་ཉིད་ཆོས་སྐུའི་ཉམས་ལེན་བརྩོན། །དེ་སྒོམ་པ་ཀུན་གྱི་རྒྱལ་པོ་ཡིན། ད་སྡུག་སྒུར་མཚམས་བཅད་བྱ་མི་དགོས། །ཕྱི་སྣང་བ་གཞལ་ཡས་ཁང་དུ་ཤེས། །ནང་བཅུད་གྱི་སེམས་ཅན་སངས་རྒྱས་བསྒོམ། །དེ་བསྐྱེད་རྫོགས་ཐབས་ཀྱི་མན་ངག་ཡིན། །ད་ཞིང་ཁམས་ལོགས་སུ་བསྒོམ་དུ་མེད། །ཕྱི་ཅིར་སྣང་སྐུ་གསུམ་ཞིང་ཁམས་མཐོང་། །ནང་སེམས་ཉིད་དོན་དང་སྦྱོར་ཤེས་ན། །དེ་སྐུ་གསུམ་ཞིང་ཁམས་དངོས་ཡིན་པས། །ད་ཆོས་སྐུ་ལོགས་ནས་བསྒོམ་དུ་མེད། །ཅེས་དང་། སྐྱབས་མེད་པའི་ཉམ་ཆུང་སྤྲང་པོ་ངས། །མགོན་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །དུས་ནམ་ཡང་མ་བརྗེད་གསོལ་འདེབས་བགྱིས། །རང་སྐྱིད་ཀྱང་སྐྱིད་པ་འགྲོ་ལ་བསྔོས། །སྐྱིད་བདེ་བའི་ཆོས་ལ་ཆགས་ཞེན་སྤང་། །རང་སྐྱིད་མེད་སྡུག་ཟད་ངང་ལ་བསྡད། །སེམས་སྡུག་ཀྱང་སྔོན་གྱི་ལས་ཡིན་བསམ། །མ་འགྲོ་དྲུག་སྡུག་བསྔལ་བྱང་བར་སྨོན། །ལས་ཆོས་སུ་ཤེས་པའི་སྤྲང་སྨྱོན་ང་། །དུས་དེང་སང་ཅི་བྱས་ཆོས་སུ་སོང་། །ཞེས་དང་། བདག་སྤྲང་པོ་དགའ་བའི་སྐྱིད་གླུ་འདི། །ཁྱེད་དད་པ་ཅན་གྱི་སེམས་རྟེན་མཛོད། །སེམས་བལྟས་པས་མཐོང་བ་མ་བྱུང་སྟེ། །ད་མ་བལྟས་ན་ཡང་སལ་སེར་གདའ། །དོན་སྨྲ་བརྗོད་བྲལ་བའི་ངང་དུ་ཉལ། །འདི་སྤྲང་པོ་ང་ཡི་ལྟ་བ་ཡིན། །སེམས་གསལ་ལ་འཛིན་མེད་རང་གི་སེམས། །གང་བསམས་ཀྱང་སེམས་ཀྱི་ངང་དུ་གདའ། །སེམས་ཡེངས་སུ་མེད་ལ་སྒོམ་དུ་མེད། །འདི་སྒོམ་མེད་བདག་གི་སྒོམ་པ་ཡིན། །རང་བྱ་བྱེད་ཆོས་མིན་ཐམས་ཅད་བཞག །ལས་ཅི་བྱས་ཆོས་སུ་འགྲོ་བར་བྱས། །དོན་བྱར་མེད་ངང་དུ་ཅི་བདེར་འདུག །འདི་སྨྱོ་རྒན་ང་ཡི་སྤྱོད་པ་ཡིན། །སེམས་གཡོ་སྒྱུ་མེད་ཅིང་གུས་ལྡན་པས། རང་བསྟན་ལ་རབ་དགའ་ལྷག་བསམ་ལྡན། །ཚེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས། །འདི་སྒྲུབ་ཆེན་བདག་གི་དམ་ཚིག་ཡིན། །མ་འགྲོ་དྲུག་རྒྱལ་བའི་ཞིང་དུ་སྦྱངས། །རང་སྒོ་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ད་རེ་དོགས་མེད་པའི་ངང་དུ་ཉལ། །འདི་རྟོགས་ལྡན་ང་ཡི་འབྲས་བུ་ཡིན། །ལར་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ལ། །དོན་བརྟགས་ན་སེམས་ལས་གཞན་དུ་མེད། །སེམས་སྐྱེ་མེད་ཆོས་སྐུའི་ངང་ཉིད་ནས། །རང་རིག་པ་ཀུན་ཏུ་བཟང་པོར་ཤར། །དེས་མ་རྟོགས་འགྲོ་བའི་དོན་མཛད་སྣང་། །ཨེ་ཧེ་ཧེ་བྱ་དང་བྱེད་པོ་ཀུན། །བདག་རང་ལས་གཞན་ཞིག་ཅང་ཡོད་དམ། །ད་གཏད་མེད་ངང་དུ་ཅི་བདེར་ཉལ། །སེམས་ཁོང་གྲོལ་སྒྲུབ་པའི་རྒྱལ་མཚན་འཛུགས། །ཆོས་ཅི་སྐྱེལ་ཆོས་ཀྱིས་འདའ་བར་མཛོད། །གཞན་སུ་མ་མགུ་ཡང་ཞེ་བློ་བདེ། །ཁྱེད་སྙིང་གཅེས་གྲོགས་ལ་སྙིང་གཏམ་ཡིན། །སྙིང་དམར་པོར་བཏོན་ཀྱང་འདི་ལས་ཅི། །མ་མཁའ་འགྲོ་སྟོང་གི་སྙིང་ཁྲག་ཡིན། །ཁྱེད་འདི་ལ་ཉམས་བཞེས་མཛད་པར་ཞུ། །གསུངས། མདོར་ན་ཞེ་ཆེན་པ་ཆེན་པོ་ཆོས་རྗེ་ངྷརྨ་རཱ་ཛས། དངོས་གཞི་རང་སེམས་གཉུག་མ་འདི། །བློས་བྱས་ཆོས་དང་མ་འདྲེས་པས། །བལྟ་བྱ་ལྟ་བྱེད་དང་བྲལ་བའི། །ཐ་མལ་ཤེས་པའི་རང་ངོ་སྐྱོངས། །སྒོམ་རྒྱུ་རྡུལ་ཙམ་ལོགས་ན་མེད། །རྣམ་རྟོག་འཕྲོ་འདུ་གང་ཤར་ཡང་། །ཤར་གྲོལ་ཆུ་རླབས་ཆུར་ཐིམ་འདྲ། །གང་ཤར་རིག་པས་ཟིན་ཙམ་ན། །རྣམ་རྟོག་ཆུ་ལ་རི་མོ་འདྲ། །བལྟ་བྱ་ལྟ་བྱེད་ཤེས་པ་ཡང་། །གཉིས་ཀ་གཞི་མེད་རྩ་བྲལ་དུ། །སོང་ན་ཉམས་ལེན་བྱས་པའི་རྟགས། །དེ་ལ་འཛིན་ཞེན་བཟང་འཛིན་སོགས། །མ་ཞུགས་སྐྱོང་བ་གནད་འགག་ཡིན། །དེ་ལ་ཡང་ཡང་གོམས་པ་ན། །སྒོམ་མེད་རང་མདངས་འབྲལ་མི་ཤེས། །སྒོམ་མེད་ཡེངས་མེད་བློ་འདས་པའི། །ཆོས་ཉིད་དོན་གཅིག་རྟོགས་ནས་འོང་། །རྣམ་རྟོག་དྲི་མ་མ་དག་པར། །རང་རིག་ཡེ་ཤེས་རྟོགས་མི་སྲིད། །སེམས་དང་རིག་པ་དབྱེ་ཤེས་པ། །ཆོས་རྫོགས་པ་ཆེན་པོའི་ཁྱད་ཆོས་ལགས། །བལྟས་པས་མཐོང་རྒྱུ་ཅང་མེད་པས། །ལྟ་མཁན་རང་གི་ངང་ལ་ཞོག །སྒོམ་མེད་རང་མདངས་ཤེས་པ་སྐྱོངས། །སྤྱོད་པ་ཚུལ་འཆོས་དགག་སྒྲུབ་སྤོངས། །འབྲས་བུ་རྩོལ་མེད་རང་ལ་རྫོགས། །ལྟེམ་རྐྱང་མེད་པའི་མོས་གུས་ཀྱིས། །བླ་མར་གསོལ་གདབ་དབང་བཞི་ལོངས། །ཐུགས་ཡིད་བསྲེས་ལ་མཉམ་པར་ཞོག །བློ་འདས་ཆོས་སྐུ་ནང་ནས་འཆར། །གནད་ཀྱི་མདོ་འགག་སྙིང་གཏམ་ཡིན། །ཞེས་དང་། གནས་དབེན་པར་གཅིག་པུར་འདུག་པའི་ཚེ། །བུས་བག་མེད་སྤྱོད་པ་མ་བྱེད་པར། །གནས་འཁོར་བར་ཞེན་པ་གཏིང་ནས་ལོག །ལྷ་དཀོན་མཆོག་གསུམ་ལ་བློ་རྩེ་གཏོད། །བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་སྦྱོངས། །ཕ་བླ་མ་ལ་གསོལ་བ་སྙིང་ནས་ཐོབ། །སེམས་གར་འགྲོ་འདིར་འགྲོར་མ་བཏང་བར། །དྲན་ཤེས་བཞིན་གཉིས་ཀྱི་ཐག་པས་ཟུངས། །རི་ཁྲོད་དུ་མ་ཚུགས་གྲོང་ཡུལ་འགྲིམ། །བཟང་བརྫུ་ཞིག་དགོས་པས་རི་ཁྲོད་འགྲོ། །འགྲོ་འདུག་གི་ངང་ལ་མི་ཚེ་ཟད། །དེ་འདྲ་ཡི་བྱ་བྱེད་མ་མང་ལགས། །ཆོས་ཀུན་གྱི་རྩ་བ་སེམས་ལ་ཐུག །དེ་རང་ངོ་བལྟས་པས་སྟོང་པ་ཡིན། །འགྱུ་བ་ནི་སྟོང་གསལ་ངང་དུ་གྲོལ། །གནས་འགྱུ་ལ་དགག་སྒྲུབ་མ་མཛད་པར། །གང་ཤར་ལ་བཟོ་བཅོས་མེད་པར་ཞོག །ཚོགས་དྲུག་གི་ཡུལ་སྣང་གང་ཤར་ཡང་། །དགག་སྒྲུབ་དང་ཆེད་འཛིན་མ་བྱེད་པར། །རང་ས་རུ་ཞོག་དང་སྒྱུ་མར་འཆར། །སྨིག་རྒྱུ་ལ་ཆུ་རགས་བྱེད་པ་འཁྲུལ། །རྐྱེན་བཟང་ངན་གྱི་བར་ཆད་བྱུང་ཙ་ན། །ཕ་བླ་མ་ལ་གསོལ་བ་ཡང་ཡང་ཐོབ། གེགས་སེལ་དང་བོགས་འདོན་དགོས་ཙ་ན། །རྗེ་བླ་མའི་གདམས་ངག་དཔེ་ཆར་ལྟོས། །དབེན་པ་རུ་སྐྱོ་སྣང་བྱུང་གྱུར་ན། །གྲུབ་ཐོབ་གོང་མའི་རྣམ་ཐར་ལྟོས། །ད་རང་དབང་རང་ལ་ཡོད་དུས་འདིར། །དམ་ཆོས་ཤིག་རྒྱུད་ལ་སྐྱེ་ངེས་མཛོད། །ན་བ་དང་འཆི་བ་བྱུང་ཙ་ན། །སེམས་འཇིགས་སྐྲག་མེད་པའི་གདེང་ཐོབ་དགོས། །མི་ཚེ་སྐད་ཅིག་ཡུད་ཙམ་ལ། །གཏན་གྱི་འདུན་མ་མི་སྒྲུབ་པར། །འཇིག་རྟེན་བྱ་བས་གཡེང་བྱེད་པ། །ཕུང་ལ་དེ་བས་ཆེ་བ་མེད། །བླ་མ་སངས་རྒྱས་མཇལ་དུས་འདིར། །དད་པ་རྩེ་གཅིག་མི་བྱེད་པར། །སྐུར་འདེབས་ལོག་ལྟ་བྱེད་པ་རྣམས། །སྡིག་ལ་དེ་བས་ཆེ་བ་མེད། །དལ་འབྱོར་ལན་གཅིག་ཐོབ་དུས་འདིར། །དཀར་པོ་དགེ་བ་མི་སྒྲུབ་པར། །སྡིག་ལ་མི་ཚེ་བསྐྱལ་བ་ཀུན། །གྲོས་ལ་དེ་བས་ཉེས་པ་མེད། །ཚེ་ལ་ལོང་མེད་དུས་འདི་ལ། །ཉིན་མོ་ཁ་ཡེངས་མིག་ཡེངས་དང་། །མཚན་མོ་གཉིད་ལ་བསྐྱལ་བྱེད་པ། །ནོར་ཚབས་དེ་ལས་ཆེ་བ་མེད། །རང་མགོ་རང་གིས་འདོན་དུས་འདིར། །འགྱོད་མེད་གྲབས་སུ་མི་བྱེད་པར། །མི་ཚེ་སྟོང་ཟད་བྱེད་པ་ཀུན། །གྱོང་ལ་དེ་བས་ཆེ་བ་མེད། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ལན་གཅིག་སྐྱེས་པའི་ཐ་མ་དེར། །འཆི་བ་མ་གཏོགས་འགྲོ་ས་མེད། །དེ་ཚེ་ཕན་པ་ཆོས་ལས་མེད། །འདུས་བྱས་ཆོས་ལ་སྙིང་པོ་མེད། །འཁོར་བའི་ལས་ལ་ཟིན་པ་མེད། །ཇི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །འདོད་པའི་བློ་ལ་ཟད་པ་མེད། །བསགས་ཀྱང་ཤི་དུས་ཁྱེར་ཐབས་མེད། །ངན་སོང་སྡུག་བསྔལ་བཟོད་ཐབས་མེད། །བླ་མ་མ་གཏོགས་རེ་ས་མེད། །དེ་ཕྱིར་སྙིང་ལ་རུས་པ་སྐྱེད། །གཏན་བདེ་ཚགས་སུ་ཚུད་པར་མཛོད། །ཅེས་གསུངས། དེས་ན་ཨོ་རྒྱན་དུས་གསུམ་མཁྱེན་པས། ལྟ་བའི་ཕྱོགས་སུ་སྤྱོད་པ་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བ་གལ་ཆེ་བར་གདམས་པ་བཞིན། མཉམ་བཞག་ཏུ་ལ་བཟླ་བ་དང་། རྗེས་ཐོབ་སྤྱོད་པས་ཤན་འབྱེད་ཚུལ་ཇི་སྙེད་ཅིག་གསུངས་པ་རྣམས་ནང་རང་ཉམས་དང་དཔགས་ཏེ། གཙོ་བོར་གཞི་ཚུལ་ཁྲིམས་ཀྱིས་བཟུང་། ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། བོགས་མོས་གུས་ཀྱིས་འདོན། གེགས་རེ་དོགས་དང་བདེན་ཞེན་བསལ། གྲོགས་རོ་སྙོམས་ཀྱི་སྤྱོད་པ་ལམ་དུ་ཁྱེར། དུས་རྒྱུན་དུ་ངེས་འབྱུང་དང་འཆི་བ་མི་རྟག་པ་བསམས་ཏེ་ཆོས་ལ་སྐུལ་ལྕག་འདེབས། རྟག་ཏུ་དྲན་ཤེས་བག་ཡོད་དང་མ་བྲལ་བར་སྟོང་ཉིད་སྙིང་རྗེ་ཐབས་ཤེས་བསྐྱེད་རྫོགས་སོགས་ཟུང་དུ་འཇུག་པའི་ལམ་ཚང་ལ་མ་ནོར་བར་བསླབ་སྟེ། རང་རྒྱུད་ཀྱི་བདག་འཛིན་ཉོན་མོངས་ཀྱི་གཉེན་པོར་ཅི་འགྲོ་བྱ། སྤངས་བསྒྱུར་ཁྱེར་གསུམ་རང་གི་བློ་ནུས་དང་བསྟུན། རྟག་པར་ཆོས་བརྒྱད་མགོ་སྙོམས་ཏེ་དམན་པའི་ས་བཟུང་། ཆོས་དང་གང་ཟག་གང་ལའང་སྐུར་བ་མི་གདབ། བཟང་ངན་འབྲིང་གསུམ་སྤྱི་བོར་བཀུར་བདེ་སྡུག་ན་ཚ་སོགས་སྐྱིད་སྡུག་གང་བྱུང་ཡང་སྔོན་ལས་སུ་ཤེས་པས་ལམ་དུ་ཁྱེར། རྐྱེན་ཅི་བྱུང་ཡང་རྐྱེན་ཐོག་ཏུ་ཆོས་མ་ཤོར་བར་བྱ། འགྲོ་དོན་སེམས་བསྐྱེད་བཟང་པོ་དང་ལྡན་པས་གཞན་ཕན་གྱི་སྨོན་ལམ་རྒྱ་ཆེན་པོ་གདབ། ཕྱི་ཚུལ་གཞན་གྱིས་མ་མཐོང་བར་ནང་དུ་རང་རྒྱུད་ཀྱི་ཉོན་མོངས་ཅི་ཐུལ་དང་ཉམས་ལེན་གྱི་བོགས་ཅི་ཐོན་མཛད་ན་དོན་གྱི་གནད་ཐམས་ཅད་ཚང་ཁུལ་ལགས། རང་ལ་མེད་པའི་ཟོབ་གཏམ་ཟང་མ་འདིས། །གཞན་ལ་ཕན་པའི་དོན་དུ་འགྱུར་བ་ཅི། །རྒྱུས་ཤེས་རྣམས་གྱིས་མཐོང་ན་ཁྲེལ་བའི་རྒྱུ། །འོན་ཀྱང་མང་ཐོས་ཆོས་ཀྱི་སྤྱན་ལྡན་པའི། །གསུང་གིས་བསྐུལ་དོན་རྔ་ལ་དབྱུ་གུ་བཞིན། །ཕུལ་འདི་དད་དམ་གཙང་མའི་ནང་མཆོད་དུ། །བཞེས་ནས་ནོངས་གྱུར་གཟིགས་ན་བཟོད་པར་གསོལ། །དགེ་བས་གོང་མའི་རྒྱལ་ས་ཟིན་པར་སྨོན། །ཞེས་པའང་བསླབ་གསུམ་སྦྱངས་ཡོན་གྱིས་མངོན་པར་མཐོ་བའི་དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་སྒྲ་དབྱངས་ཀྱི་བཞད་ངོར། ཞེ་ཆེན་བན་རྒན་པདྨ་རྣམ་རྒྱལ་གྱིས་རང་དགོན་གྱི་བླ་མ་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་ལས་ཅུང་ཟད་བཏུས་ཏེ་ཕུལ་བ་དགེ། །།


previousན་མོ་གུ་རུ་བུདྡྷ་ངྷརྨ་ཀ་ཡ་ཡ། ལགས། ཉིད་ནས་རྗེས་ཐོབ་ཀྱི་ཉམས་ལེན།next