Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
   
དགེ་བའི་བཤེས་གཉེན་ཉིད་ནས་དྲི་བ་གནང་སྐོར།
   
   
   
   
   
   
   
   
   
   
   
   
   


 
previousདགེ་བའི་བཤེས་གཉེན་ཉིད་ནས་དྲི་བ་གནང་སྐོར།next

དགེ་བའི་བཤེས་གཉེན་ཉིད་ནས་དྲི་བ་གནང་སྐོར།

༄༅། །དགེ་བའི་བཤེས་གཉེན་ཉིད་ནས་དྲི་བ་གནང་སྐོར། །ན་མོ་མཉྫུ་ཤྲཱི་ཡེ། དགེ་བའི་བཤེས་གཉེན་ཉིད་ནས་དྲི་བ་གནང་སྐོར། ཡེ་ཐོག་གདོད་མའི་སྤྱི་གཞིའི་སྐབས་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་ཡིན་ཡང་། ཡིན་པ་ཙམ་གྱིས་མངོན་གྱུར་དུ་རྟོགས་དགོས་པའི་ཁྱབ་པ་མེད་དེ། དཔེ་སྐྱེས་བུ་ལ་བྱད་གཟུགས་རང་ཆས་སུ་ཡོད་ཀྱང་རྐྱེན་མེ་ལོང་སོགས་དང་མ་འཕྲད་ཀྱི་བར་དུ་མངོན་སུམ་སྒྲོ་འདོགས་མི་ཆོད་པ་བཞིན། དེས་ན་འདིའི་སྐབས་སུ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་མ་སྤངས་ལ་མི་ལྡན་པའི་ཚུལ་གྱིས་གནས་པ་དང་། ཆོས་ཉིད་རང་གིས་རང་ལ་བྱེད་པ་འགལ་བའི་ཕྱིིར་རང་རིག་པའི་ཚུལ་གྱིས་མངོན་གྱུར་དུ་རྟོགས་པ་མེད་ལ། གལ་ཏེ་ཐུགས་རྗེའི་རྩལ་ཡེ་ཤེས་ཀྱིས་གནས་ལུགས་མངོན་དུ་གྱུར་པའམ་རྟོགས་ཟིན་དུ་ཡོད་ན་གཞི་དང་འབྲས་བུའི་གནས་སྐབས་ཀྱི་ཁྱད་པར་གང་གིས་འབྱེད། གཞི་ལས་གཞི་སྣང་ཤར་བའི་སྐབས་སུ་གྲོལ་འཁྲུལ་གྱི་སྒོ་གཉིས་འབྱུང་བའི་འཐད་པ་ནི། རྐྱེན་མེ་ལོང་དང་འཕྲད་པའི་ཚེ་དེར་བཞིན་གྱི་རྣམ་པ་ཤར་བ་ན་རྒན་པོ་རྣམས་ཀྱིས་རང་གི་བྱད་དུ་རྟོགས་ནས་འཇིགས་དངངས་སོགས་མི་སྐྱེ་ལ། བྱིས་པས་དེ་ལྟར་མ་ཤེས་ཏེ་འཇིགས་སྐྲག་སོགས་སྐྱེ་བ་བཞིན་ནོ། །དེས་ན་རང་ངོར་སྣང་གཞི་ལས་འཕགས་བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ་སོགས་གསུངས་པའི་གནད་ཀྱང་དེ་ཡིན་པས། དེའི་ཚེ་ཐུགས་རྗེའི་རྩལ་ཡེ་ཤེས་ཆེན་པོས་གཞི་སྣང་གི་བཀོད་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཀུན་བཟང་ཆོས་སྐུའི་རོལ་པར་ངོ་ཤེས་ཐག་ཆོད་གདེང་དང་ལྡན་པས་ཆོས་ཉིད་རང་ས་ཟིན་ཏེ་དེ་ལས་མི་གཡོ་བ་ནི། བློ་ནི་དེ་ཕྱོགས་འཛིན་པའི་རིགས་པས་ཀྱང་གྲུབ་ནུས་ཤིང་། དེའི་ཚེ་ཤེས་རབ་རང་བྱུང་གི་ཡེ་ཤེས་ཀྱིས། རྒྱུ་བདག་ཉིད་གཅིག་པ་དང་། རྐྱེན་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པའི་ས་བོན་མཐའ་དག་གཏན་བཅོམ་ཏུ་སོང་བས་སླར་འཁྲུལ་གཞི་བྱེད་མི་སྲིད་དོ། །མདོར་ན་གཞི་འབྲས་གཉིས་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་ཆོས་ཉིད་ཙམ་དུ་འདྲ་ཡང་། སྔ་མའི་སྐབས་སུ་རང་ངོ་རང་གིས་མ་ཤེས་པས་འཁྲུལ་གཞི་ཡང་བྱེད་སྲིད་པས་གཞི་དབྱིངས་ལུང་མ་བསྟན་ཞེས་བྱ། འཁོར་འདས་གཉིས་ཀའི་སྤྱི་གཞི་ཡིན་པས་དྲི་བཅས་དེ་བཞིན་ཉིད་དང་དོན་གཅིག ཕྱི་མའི་སྐབས་སུ་ཐུགས་རྗེའི་རང་རྩལ་ཡེ་ཤེས་ཆེན་པོའམ་སོ་སོར་རྟོགས་པའི་ཤེས་རབ་ཟག་མེད་ཀྱིས་རང་ངོ་རང་གིས་ཤེས་པས་མ་དག་འཁྲུལ་པའི་སྒོ་འགགས་ཤིང་། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་ལ་ཐིམ་པས་ཆོས་ཉིད་རང་ས་ཟིན་ཏེ། ནང་གསལ་ཀ་དག་གཞོན་ནུ་བུམ་སྐུར་གྲོལ་བས་སླར་མི་ལྡོག་པ་མཐར་འབྲས་དག་པ་གཉིས་ལྡན་གྱི་ཆོས་སྐད་དངོས་ཡིན་པས་འདི་གཉིས་ཀྱི་ཁྱད་པར་ལགས། གཞི་ལས་གཞི་སྣང་འཆར་ཚུལ་འདི་ཐུན་མོང་བ་ལྟར་ན་ཤིན་ཏུ་ཕྲ་བའི་རྟེན་འབྲེལ་གྱི་ཆ་སྟེ། མཐར་གྱིས་གཏུགས་ན་ཆོས་ཉིད་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་གནད་ཀྱིས། གྲོལ་འཁྲུལ་སོགས་ཐམས་ཅད་ཀྱི་མཐའ་ཆོས་ཉིད་ལ་ཐུག་པས་ཆོས་ཉིད་ཀྱི་རིགས་པ་ལས་མ་འདས་ཀྱང་ཐ་སྙད་ཙམ་དུ་དཔྱད་ན། གཞི་འཁྲུལ་མ་མྱོང་བའི་སངས་རྒྱས་དང་། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་གཉིས། ཆོས་ཉིད་གནས་ཚུལ་དབང་བཙན་དུ་བྱས་ན། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་གསུངས་པ་བཞིན་ངོ་བོ་དབྱེར་མེད་པས་སྔར་འཁྲུལ་མ་མྱོང་། ཕྱིས་འཁྲུལ་པ་མི་སྲིད། ད་ལྟ་གཞི་ལ་འཁྲུལ་པ་མི་གནས་པས་མཉམ་ཡང་། ཆོས་ཅན་སྣང་ཚུལ་དབང་བཙན་དུ་བྱས་ན། སྔ་མ་གཞིའི་སྐབས་སུ། གཞི་ཀ་དག་གི་ངོས་ན་འཁྲུལ་པ་མེད་ཀྱང་ལྷུན་གྲུབ་ཀྱི་ལྡོག་ཆ་ནས་འཁྲུལ་པའི་ས་བོན་མ་སྤངས། ཐུགས་རྗེའི་འཆར་གཞིར་ཡེ་ཤེས་རང་ལ་ཡོད་ཀྱང་མངོན་དུ་རྟོགས་ཟིན་མིན་པས་འཁྲུལ་གྲོལ་གཉིས་ཀའི་གཞི་བྱེད་པར་འཐད་ལ། ཕྱི་མ་འབྲས་བུའི་སྐབས་སུ། རང་གནས་ཀྱི་ཡེ་ཤེས་མངོན་སུམ་དུ་རྟོགས་ཟིན་པས་འཁྲུལ་པའི་ས་བོན་གཏན་དུ་བཅོམ་པ་དཔེ་འབྲུམ་ནད་བྱང་བའི་སྐྱེས་བུ་བཞིན་ནོ། །དེས་ན་ཆོས་ཉིད་འདུས་མ་བྱས་ཡིན་ཀྱང་དེའི་ངང་ངམ་རྩལ་ལས་ཆོས་ཅན་གྱི་སྣང་བ་ཐམས་ཅད་འཆར་རུང་བ་ནི་གཤིས་སྟོང་ཉིད་སྤྲོས་བྲལ་ཡིན་པའི་གནད་ཀྱིས་ཏེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཅིར་ཡང་རུང་བ་ཡིན། །ཞེས་གསུངས་པ་བཞིན། དེའི་ཕྱིར་གཞི་དབྱིངས་སྟོང་པ་ཕྱང་ཆད་མིན་པར་གསལ་བ་རིག་པའི་སྙིང་པོ་ཅན་ཡིན་པས་གྲོལ་འཁྲུལ་སོགས་ཐམས་ཅད་འཐད་པ་ཡིན་གྱི། དེ་ལས་གཞན་དུ་སྟོང་རྐྱང་འདུས་མ་བྱས་ཀྱི་ཕྱོགས་ཁོ་ནར་ཆད་ན་ནི། དེ་ལས་འཁོར་འདས་ཀྱི་ཆོས་སམ་སྣང་བ་གང་ཡང་འཆར་མི་རུང་བས་མཐར་ཆད་མཐའ་ལས་མ་འདས་ཤིང་དོན་བྱེད་ཀྱིས་སྟོང་མོད། འདིར་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་གནད་ཀྱིས་འཁོར་འདས་ལམ་གྱི་ཆོས་ཐམས་ཅད་འཆར་རུང་བས་ཁྱད་ཆེ་སྟེ། དངོས་དང་དངོས་མེད་འདུས་བྱས་ཉིད། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་གདགས་གཞི་ཡང་འདི་ཡིན་ཏེ། དེ་ལས་གཞན་དུ་ན་གང་ཞིག་གང་དུ་མྱ་ངན་ལས་འདས། དེས་ན་ཟུང་འཇུག་འདུས་མ་བྱས་འདིའི་ངོར་གཞི་ལམ་འབྲས་བུའི་ཆོས་ཀུན་འཆར་རུང་ཞིང་འཁྲུལ་གྲོལ་གྱི་བྱ་བ་བྱེད་ནུས་པས། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་གསུངས། དེས་ན་གཞི་ལམ་འབྲས་གསུམ་དུ་སྣང་སྟོང་ཟུང་དུ་འཇུག་པ་འདི་གལ་ཆེ། གཞི་སྣང་སོགས་ཀྱི་འཆར་ཆ་འདི་ཐམས་ཅད། དཔེ་མན་ཤེལ་ལ་རྐྱེན་དང་འཕྲད་ན་འཇའ་ཚོན་སོགས་འཆར་རུང་མ་འགགས་པ་བཞིན་དུ། འཆར་གཞི་ཀ་དག་སྟོང་པ་ཆེན་པོའི་དབྱིངས་སུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཡེ་ནས་འབྲལ་མེད་དུ་ཡོད་དགོས་ཀྱི། དེ་ལྟ་མིན་ན། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པའི་སྐྱོན་དུ་འགྱུར། འཆར་གཞིའི་དབྱིངས་ལ་དེ་ལྟར་ཡོད་པས། གཞི་ཉིད་དེ་དང་དེའི་ཕྱོགས་སུ་ལྷུང་བར་མི་འགྱུར་ཏེ། ངོ་བོ་སྟོང་ཉིད་ལས་མ་འདས་ཤིང་རྒྱ་ཆད་ཕྱོགས་ལྷུང་སོགས་སྤྲོས་པ་གང་གིས་ཀྱང་བསླད་དུ་མེད་པའི་ཕྱིར། དེ་ལས་ཤར་བའི་གཞི་སྣང་སོགས་འོད་གསལ་གྱི་རྟགས་སྣང་རྣམས། སྣང་ཚུལ་ལ་ལྟོས་ན་སྔར་ཕྱིར་གསལ་དུ་མི་སྣང་བ་ཉིད། ཕྱིས་སྣང་བས་གློ་བུར་དུ་བྱུང་བ་ལྟ་བུར་སྣང་ནའང་། གནས་ཚུལ་དོན་དམ་གྱི་ངོས་ན་རྟགས་སྣང་འདི་རྣམས་གཞི་ཆོས་ཉིད་མཉམ་པ་ཆེན་པོའི་རང་མདངས་འབའ་ཞིག་ཏུ་ཟད་པས། གཞི་ཆོས་ཉིད་མཉམ་པ་ཆེན་པོ་ནི་གསར་བྱུང་དང་གློར་བུ་བ་མིན་པའི་ཕྱིར། དེ་ལས་ཤར་བའི་རྟགས་སྣང་སོགས་ཀྱང་དེ་དང་ངོ་བོ་ཐ་དད་དུ་དབྱེར་མེད་པས་རང་བྱུང་འདུས་མ་བྱས་རྟག་པ་ཆེན་པོར་གྲུབ་པའི་ཚུལ་ཞིབ་པར་གཉུག་སེམས་སྐོར་དུ་གཟིགས། དེས་ན་འོད་གསལ་གྱི་རྟགས་སྣང་འདི་རྣམས་རང་བྱུང་ཡེ་ཤེས་ཆེན་པོའི་རང་མདངས་རྩོལ་མེད་དུ་ཤར་བ་ཤེས་པར་བྱ་དགོས་ཀྱི། འདུས་བྱས་མཚན་མའི་ཆོས་སུ་གཟུང་བར་མི་བྱ་སྟེ། དེ་ལྟར་བཟུང་ན་ངེས་གསང་འབྲས་བུའི་ལམ་གྱི་གནད་ཐམས་ཅད་སྟོར་པར་འགྱུར་བའི་ཕྱིར། ཀུན་གཞི་དང་ཆོས་སྐུ། རྣམ་ཤེས་དང་ཡེ་ཤེས། སེམས་དང་རིག་པ་སོགས་དབྱེ་དགོས་པའི་གནད་འདི་ལ་ཐུག མདོར་ན་མ་དག་རླུང་སེམས་ཀྱི་འཆར་ཆ་རྩ་རླུང་གི་བྱེད་བཅིང་སོགས་ལས་སྣང་བ་དང་། སྦྱོར་རྫོགས་ཀྱི་ཐབས་ཟབ་མོ་ལ་བརྟེན་ནས་རང་བྱུང་རྩོལ་བ་མེད་པར་རང་ཤར་བའི་ཡེ་ཤེས་ཀྱི་རང་གདངས་འོད་གསལ་བའི་རྟགས་སྣང་གཉིས་ལ། དག་མ་དག་སོགས་ཀྱི་ཁྱད་པར་གནམ་ས་ཙམ་ཡོད་པར་གསུངས་པས་ཤེས་སོ། །གདོད་མའི་གཞི་ལས་གཞི་སྣང་ཐོག་མར་ཤར་བའི་ཚེ་གྲོལ་མི་གྲོལ་གྱི་ཁྱད་པར་ནི། གཞིའི་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཏེ། མདོ་དགོངས་འདུས་དང་། ཀུན་བྱེད་སོགས་ལས་གསུངས་པ་བཞིན་ཆོས་ཉིད་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་ཕྱིར། ལྕགས་ཀྱི་རྣོ་རྟུལ་དང་འབྲུའི་ཤང་ལྕུག་བཞིན། དེས་གཞི་བཟང་ངན་ཅན་དུ་མི་འགྱུར་ཏེ། གཞི་ཉིད་སྤྲོས་པ་གང་གིའང་མཐར་མ་ལྷུང་བའི་གནད་ཀྱིས་ཏེ། ཞིབ་པར་ཀཿཐོག་ཤཱཀ་རྡོར་གྱིས་མཛད་པའི་ཐེག་པའི་སྤྱི་མཛོད་དུ་གཟིགས། དེས་ན་ཆོས་ཉིད་འདུས་མ་བྱས་རང་གི་ངོ་བོ་ལ་གཟུང་འཛིན་སོགས་མེད་ཀྱང་། དེ་ལས་ཤར་བའི་རྩལ་སྣང་ལ་བདག་ཏུ་བཟུང་བའི་རྐྱེན་གྱིས། ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན། འཁྲུལ་པ་འདི་གློ་བུར་དུ་བྱུང་བ་ཡིན་ལ། འཁྲུལ་པ་དེ་ཡང་གཞི་སྣང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པས་མཐར་གྱིས་དེད་ན་དག་མཉམ་ཆོས་སྐུའི་རོལ་པ་ལས་མི་འདའ་འོ། །དེས་ན་འཁྲུལ་གྲོལ་གཉིས་པོ་འདི་གཞི་ཆོས་ཉིད་ཀྱི་ངང་ནས་མི་བཞག་སྟེ་ཆོས་ཉིད་ལ་གྲོལ་འཁྲུལ་གཉིས་མེད་པས་སོ། །གཞི་སྣང་གི་སྟེང་ནས་འཇོག་སྟེ་དེ་ཉིད་ཡང་རྩལ་དུ་རིག་མ་རིག་གིས་གྲོལ་འཁྲུལ་གཉིས་བྱུང་བའི་ཕྱིར་རོ། །དེའི་ཕྱིར་གཞི་ལ་འཆར་གཞིའི་ཡེ་ཤེས་ཡོད་ཀྱང་དེ་ལས་ཤར་བའི་ཤེས་རབ་རང་བྱུང་ཉིད་མེད་པས་གཞི་ཉིད་འབྲས་བུར་མ་སྨིན་ལ། འབྲས་བུའི་སྐབས་རང་རྩལ་ཤེས་རབ་རང་བྱུང་གིས་རང་ངོ་རང་གིས་རིག་པས་གཞི་ཉིད་འབྲས་བུར་སྨིན་ཟིན་ཏེ། འདིའི་སྨིན་མ་སྨིན་ཆོས་ཉིད་དོན་དམ་དཔྱོད་ངོས་ནས་མིན་ལ། ཐ་སྙད་ཀུན་རྫོབ་ཀྱི་དབང་གིས་ཏེ་ཐེག་པ་ཐུན་མོང་བ་ལྟར་ན་གནས་གྱུར་དུ་བཏགས་པ་དང་འདྲ། ལྷུན་གྲུབ་སྒོ་བརྒྱད་འཆར་ཚུལ་སོགས་སྤྱིར་རྒྱུད་གཞུང་དགོངས་འགྲེལ་བཅས་དང་། ཁྱད་པར་ལམ་པ་ལ་ཇི་ལྟར་འཆར་ཚུལ་དང་ངོ་སྤྲོད་སྐོར། མཁའ་འགྲོ་སྙིང་ཐིག་གི་མཐོང་སྣང་འོད་དྲྭ་སོགས་ལས་གསལ་བར་གསུངས་པ་བཞིན་ཏེ། དོན་ལ་འཆར་ཚུལ་སྔ་མ་དྲུག་པོ་རང་རྩལ་ཡེ་ཤེས་ཆེན་པོར་རྟོགས་ནས་རང་བཞིན་མཉམ་པ་ཆེན་པོའི་དོན་ལ་དབང་འབྱོར་ན་དག་པ་ཡེ་ཤེས་ཀྱི་སྒོ་དང་། དེ་ལྟར་མ་ཤེས་པར་གཟུང་འཛིན་བདག་ཏུ་ཞེན་པའི་དབང་གིས་དགག་སྒྲུབ་རང་མཚན་པར་ཤོར་ན་མ་དག་འཁྲུལ་པའི་སྒོ་ཡིན་པས། དོན་ལ་རིག་པ་ཡེ་ཤེས་དང་། མ་རིག་འཁྲུལ་སེམས་གཉིས་ལ་རྩ་བ་ཐུག་པས། ད་ལྟའི་རང་སེམས་ཀྱི་འཆར་ཆ་སྐུ་དང་ཡེ་ཤེས་སོགས་དག་མ་དག་གི་ཆོས་འདི་ཐམས་ཅད་ཇི་ལྟར་ཤར་གནས་གྲོལ་བའི་ཚུལ་ལ་རྩད་གདར་ལེགས་པར་གནང་ན་གོ་བའི་གནད་ཟབ་པར་མཐོང་། དགའ་རབ་རྡོ་རྗེ་ལ་རྡོ་རྗེ་སེམས་དཔས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་དུས་དང་མཐར་ཟག་ཟད་འོད་སྐུར་གཤེགས་དུས་གཉིས་གང་དུ་གྲོལ་གསུངས་པ། སྤྱིར་ཐེག་ཆེན་ངེས་དོན་ཟབ་མོ་ཐམས་ཅད་ཞལ་འཆམས་པར། མཆོག་གི་སྤྲུལ་སྐུ་ཐུབ་པ་ཆེན་པོ་ཡང་གཟོད་མ་ཉིད་ནས་མངོན་པར་བྱང་ཆུབ་པས། གདུལ་བྱའི་ངོ་སྐལ་དུ་སེམས་དང་པོ་བསྐྱེད་པ་ནས་བཟུང་། མཐར་སངས་རྒྱས་ནས་ཆོས་འཁོར་བསྐོར་ཞིང་སྤྲུལ་པ་སྡུད་པའི་བར་དེ་ཐམས་ཅད་སངས་རྒྱས་ཉག་གཅིག་གི་རྣམ་འཕྲུལ་དུ་གསུངས་པ་བཞིན། ངེས་གསང་མཐར་ཐུག་པའི་སྐབས་འདིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་འཆང་དང་། ལྷའི་བུ་སེམས་ལྷག་ཅན་དང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སོགས་གང་ལ་གང་འཚམ་གྱི་རྣམ་འཕྲུལ་སྒྱུ་མ་ལྟ་བུ་ཡིན་པས་ཚུལ་མཐོང་གི་བློ་དང་སྒོ་བསྟུན་ནས་འདིའི་ཚེ་གྲོལ་དང་མ་གྲོལ་གྱི་ཐ་སྙད་དང་བློས་བསམ་དུ་མེད་དོ། ལམ་མས་སྦྱོང་གི་གང་ཟག་རང་མཚན་པ་དང་སྒོ་བསྟུན་ན་ནི། ཐོག་མར་རྒྱལ་ཐབས་སྤྱི་བླུགས་སམ་རིག་པ་རྩལ་གྱི་དབང་གི་བརྡ་ཐབས་སོགས་ལ་བརྟེན་ནས། ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་རང་ཐོག་ཏུ་ཕབ་ནས་ངོ་སྤྲད་པས་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཞིང་། མཐོང་ཟིན་སྒོམ་པའི་རྣལ་འབྱོར་གྱིས་ཉམས་སྣང་གོང་དུ་འཕེལ་ཞིང་རིག་པ་ཚད་ལ་ཕེབས་ནས། མཐར་ཆོས་ཟད་གདོད་མའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རྩལ་གཞི་ཐིམ་དུ་སོང་ནས་ནང་དབྱིངས་ཀ་དག་གི་གྲོལ་སར་མི་སློབ་པའི་ཟུང་འཇུག་མངོན་དུ་མཛད་པར་སེམས། རྒྱལ་ཐབས་སྤྱི་བླུགས་ཀྱི་དོན། དཔེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་དབང་བསྐུར་བའི་ཚེ་ལྷའི་གླང་པོ་ཆེ་ས་སྲུང་གི་བུའི་སྣས་གསེར་གྱི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་ཁྲུས་བྱས་ཤིང་རྒྱལ་སར་དབང་བསྐུར་བ་ལྟར། ཡེ་ཤེས་རང་གནས་ཀྱི་དགོངས་པ་མངོན་སུམ་དུ་ངོ་སྤྲད་ནས་རང་རྩལ་ཡེ་ཤེས་ཆེན་པོར་དབང་བསྐུར་བས་ཅིར་སྣང་ཡེ་ཤེས་ཆེན་པོར་གྲོལ་བའི་རྒྱལ་ཐབས་ལ་དབང་འབྱོར་པར་བྱེད་པའི་དོན་ལ་གསུངས་ཡོད་ཚོད་ཨེ་ཡིན་སྙམ། སྣང་བཞི་མཐར་ཕྱིན་ནས་འཕོ་ཆེན་གྱི་སྐུར་བཞེངས་པ་དང་། གཞི་སྣང་ཀ་དག་གི་དབྱིངས་སུ་ཐིམ་ནས་སླར་གང་འདུལ་གཟུགས་སྐུར་བཞེངས་པ་གཉིས་དོན་གནད་གཅིག་པས་གཉིས་ཀ་མི་སློབ་པའི་ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུར་བསྡུ་དགོས་སམ་སྙམ། མཐོང་བའི་རྗེས་ལ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པ་གང་ཡིན་ཡང་དོན་གྱི་གནད་གཅིག་ཏུ་འབབས་པས། རང་བབས་གཉུག་མའི་གཤིས་ལུགས་སམ་རིག་པ་རང་གནས་ཀྱི་བསམ་གཏན་ཀ་དག་བློ་འདས་ཀྱི་ཡེ་ཤེས་སྐྱོན་ཡོན་གྲུབ་བསལ་ལས་འདས་པའི་ཆོས་ཉིད་མཉམ་པ་ཆེན་པོ་ཉིད་ངོས་ཟིན་པར་བྱས་ཏེ། དེའི་ངང་དུ་བསལ་བཞག་མེད་པར་སྐྱོང་བ་ལ་དོན་གྱི་གནད་འདུ། ཅིར་སྣང་ཡེ་ཤེས་སོགས་ཀྱི་དོན་ཉིད་ཀྱི་གསུང་བཞིན་ལགས། གསལ་སྟོང་གུད་བཅད་ནི། ཐོག་མར་དབང་དུས་སུ་བཞི་ཆ་གསུམ་བྲལ་གྱི་རིག་པ་ངོ་སྤྲོད་ཚུལ་གྱི་བརྡ་ཐབས་དུ་མ་དང་། ནམ་མཁའ་སུམ་ཕྲུགས་སོགས་ལ་བརྟེན་ནས། རིག་པ་གསལ་སྟོང་གི་ཉམས་མྱོང་སྤྲིན་བར་གྱི་ཉི་ཞུར་ཙམ་བྱུང་བ་ལ་མཐར་ཐུག་གི་དོན་ལ་རློམ་ནས། དུས་གསུམ་གྱི་རྟོག་པ་སེམས་སེམས་བྱུང་མཐའ་དག་ཆོས་ཉིད་མཉམ་པ་ཆེན་པོར་མ་ཤེས་པར། གསལ་སྟོང་ལ་འཛིན་པ་ཞུགས་ནས་ཡང་ཡང་གུད་དུ་བཅད་དེ། ཡིད་མིག་རླུང་གི་ཁུར་བཀའ་བས། བློ་བྲལ་བློས་བྱས་དང་། འཛིན་མེད་འཛིན་བཅས་སུ་སོང་སྟེ། མཐར་རྫོགས་ཆེན་མ་གྲུབ་སྲོག་རླུང་གྲུབ་སྟེ་མི་མིན་རོ་མིན་དུ་སོང་བ་ནི་དེང་སང་ཤིན་ཏུ་མང་བར་འདུག་པ་འདི་ལགས་པས། དོན་ལ་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བའི་བསྒོམ་པ་མ་བཅོས་ཆུ་བོའི་རྒྱུན་བཞིན་སྐྱོང་བ་ལས་བཅས་བཅོས་དང་དགག་སྒྲུབ་མང་པོ་གོལ་རྒྱུ་ལས་མ་འདས། ནག་ཐམ་ལུང་མ་བསྟན་ནི་ངོ་བོ་ཀུན་གཞིའི་སྟེང་ཅི་ཡང་དྲན་མེད་ཐམ་མེ་བ་དེའི་ངང་ལས། གནས་ལུགས་ཡང་དག་པའི་དོན་ལ་སྒྲོ་འདོགས་མ་ཆོད་ཅིང་ལྷག་མཐོང་རང་བྱུང་གི་ཡེ་ཤེས་ཁོང་ནས་མ་ཤར་བས། འདི་ཡིན་དེ་ཡིན་དང་འདི་ཤེས་དེ་ཤེས་མེད་པའི་སྨྲ་བརྗོད་མེད་པ་ཙམ་གྱི་ངང་དེར་གོམས་པ་སྟེ། ངོ་བོ་མ་རིག་པ་འཁོར་བའི་ས་ལ་བརྟེན་པ་ཡིན། འདི་དང་ལྷག་མཐོང་ཤེས་རབ་རང་རྩལ་རྫོགས་ཏེ་གནས་ལུགས་ཟབ་མོའི་དོན་ཇི་བཞིན་པ་མངོན་དུ་གྱུར་པའི་སྨྲ་བསམ་བརྗོད་མེད་ཀྱི་ཡེ་ཤེས་གཉིས། སྨྲ་བརྗོད་མེད་པ་ཙམ་དུ་འདྲ་ཡང་། གནས་ལུགས་ཀྱི་དོན་ལ་ངེས་ཤེས་སྐྱེས་མ་སྐྱེས་དང་། ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་མ་ཆོད་སོགས་མིག་ཕྱེ་བཙུམ་གྱི་ཁྱད་ལྟ་བུ་ཡོད་པ་ནི་ནང་གི་མྱོང་བས་ཤེས་ནུས་པ་འདི་ལགས། ཕྱི་མ་འདི་རིག་པ་རང་བྱུང་གི་ཡེ་ཤེས་ཟག་མེད་འཕགས་པའི་ས་ལ་བརྟེན་པ་འདི་ཡིན། འདིའི་ངང་གོམས་ན་རིགས་རྩལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀུན་གྱི་རང་སྤྱིའི་མཚན་ཉིད་འབྱེད་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་རྣམས་ཀྱང་རྩོལ་མེད་དུ་འཆར་ནུས། དེས་འདི་གཉིས་ཤན་འབྱེད་དགོས་ཀྱང་། གང་ཟག་སྔོན་སྦྱངས་ཅན་དང་ཉམས་མྱོང་ནང་ནས་ཤར་བ་ལས་ཕལ་གྱིས་རྟོགས་དཀའ་ཞིང་ནོར་སོ་ཆེ་བས། ལས་དང་པོ་པ་རྣམས་ཀྱིས་མཉམ་བཞག་གི་སྐབས་སུ། ངའི་འདི་སེམས་ཡིན་ནམ་རིག་པ་ཡིན། རྣམ་ཤེས་ཡིན་ནམ་ཡེ་ཤེས་ཡིན། ཀུན་གཞི་ཡིན་ནམ་ཆོས་སྐུ་ཡིན་སྙམ་དུ་ཧ་ཅང་དཔྱད་ཆེས་ན་སེམས་གཡེངས་ཤིང་འཁྲུགས་པའི་རྒྱུ་བྱེད་དེ། གང་ཡང་ཡིད་དཔྱོད་ཀྱི་ས་ལས་མ་འདས་པས་གནས་ལུགས་རྟོགས་པ་ལ་ཕན་གོ་ཆུང་། དེས་ན་རང་བབས་བཅོས་མེད་ཉིད་སྒོམ་གྱི་ངོ་ཏིར་བཟུང་ན་ལེགས་ཏེ། རྣམ་རྟོག་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བཙལ་མི་དགོས། །ཞེས་དང་། རྗེ་མི་ལས། བསམ་དུ་མེད་པ་བསྒོམ་ཤེས་ན། །ཉོན་མོངས་གྲི་ཟད་བརྡར་ཟད་ཡིན། །བསམ་མནོ་མང་པོ་བཏང་ཕྱིན་ཆད། །ཇི་ལྟར་བསྒོམས་ཀྱང་འཁྲུལ་པའི་གཟེབ། །ཅེས་གསུང་། དེས་ན་ནང་མྱོང་བས་རིམ་པར་གཏན་ལ་ཕབ་དགོས་ཀྱི། ཕྱི་རྟོག་གེའི་དཔྱད་སྐམ་ཙམ་གྱིས་ནི་གར་ཡང་མི་ཕྱིན་ནོ། །མི་མཇེད་ཀྱི་སྒྲ་བཤད། ལས་ཉོན་སྡུག་བསྔལ་ལས་མི་མཇེད་པའམ་བསྲན་ཐུབ་པ་སྟེ་བཟོད་བསྲན་ཆེ་བའི་དོན་དུ་མཛོད་འགྲེལ་པད་དཀར་དུ་བཤད་པ་དེ་ལས་གཞན་མ་མཐོང་། མཐར་ཐུག་འབྲས་དབྱིངས་ཟག་མེད་སྒྲིབ་བྲལ་དུ་སོན་པའི་ཚེ། སྣང་སྟོང་ཟུང་དུ་འཇུག་པའི་ཆོས་དབྱིངས་ཀྱི་གནས་ལུགས་མཐར་ཐུག་པ་མངོན་དུ་གྱུར་པའི་ཕྱིར། དབྱིངས་ཀ་དག་གི་ལྡོག་ཆ་ནས་ནང་གསལ་ཆོས་སྐུ་དང་། དེའི་སྣང་ཆ་མ་འགགས་པ་རང་སྣང་ལྷུན་གྲུབ་ཀྱི་ལྡོག་ཆ་ནས་ལོངས་སྐུའི་ཞིང་བཀོད་སོགས་ཡིན་པས། དོན་ལ་དེ་གཉིས་དུས་ལ་སྔ་ཕྱི་སོགས་ཀྱི་ཁྱད་པར་དབྱེར་མེད་པར་ཟུང་འཇུག་མཉམ་པ་ཉིད་དུ་གོ་ན་བདེའམ་སྙམ། དེས་ན་ཆོས་ཉིད་ངོ་བོའི་བཞུགས་ཚུལ་ལ་གཟིགས་བྱ་གཟིགས་བྱེད་གཉིས་མ་གྲུབ་པས་རང་བཞིན་མཉམ་པ་ཉིད་ལས་མ་འདས་ཀྱང་། དེ་ལས་ཤར་བའི་ཞིང་སྐུའི་བཀོད་པ་སོགས་ཀྱང་མ་འགགས་ཤིང་མ་འདྲེས་པར་འཆར་བས་དེ་དང་དབྱེར་མེད་དུ་གཟིགས་པ་མི་འགལ་ཏེ་རྟོགས་བྱ་མཐར་ཐུག་བདེན་གཉིས་དབྱེར་མེད་དུ་གཟིགས་པའི་ཡེ་ཤེས་ཉིད་དག་པ་མཐར་ཐུག་པའི་ཕྱིར་རོ་སྙམ། ལར་འདི་སྐོར་རང་བློར་འཕྲལ་ཤར་ཙམ་ལས། གཞུང་འགྲེལ་སོགས་དང་བསྟུན་ནས་དཔྱད་པ་མ་གྲུ བ་ཅིང་། ཡིད་ངོར་སྣང་བ་མ་ངེས་པ་ཤིན་ཏུ་མང་སྟབས་ཞིབ་པར་ཁ་ཚོན་མི་ཆོད་ཅིང་ནོར་འཁྲུལ་ཡང་མང་དུ་ཡོད་མཆི་བས་ཉིད་ཀྱི་ཆོས་སྤྱན་རྣམ་པར་དག་པས་གཟིགས་ཤིང་། ཀུན་མཁྱེན་ཆེན་པོའི་གསུང་སོགས་དགོངས་འགྲེལ་ཚད་མ་རྣམས་དང་བསྡུར་ནས་ནོར་བའི་གནས་རྣམས་དོར་བར་མཛོད་ཅིག ཅེས་པའང་མདོ་རྒྱུད་ལུང་རིགས་སྨྲ་བའི་སྤོབས་པ་ཅན་མཁན་འཇིགས་མེད་སྒྲ་དབྱངས་ཀྱི་གསུང་ལན་དུ་རྨོངས་པ་པད་རྣམ་གྱིས་ཡིད་ངོར་གང་ཤར་ནད་མལ་ནས་བྲིས་ཏེ་ཕུལ་བར་དགེ། །།


previousདགེ་བའི་བཤེས་གཉེན་ཉིད་ནས་དྲི་བ་གནང་སྐོར།next