Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ།
   


 
previousསྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ།next

སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ།

༄༅། །སིདྡྷི་དྭཱིཥྚལཱསྱཏུཥྚཔནནཱམསཱནྟཔརཾབརྱཙབཛྲསྲྀཥྚགམྦྷཱིརབྱཱཥྱཱནཾཀརྞྞིཀེཏྶདནབིཧརཏིསྨ།
༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། །
ༀ་སྭསྟི་སིདྡྷཾ། ངོ་བོ་ཀ་དག་སྤྲོས་པ་བྲལ་དབྱིངས་སུ། །རང་བཞིན་ལྷུན་གྲུབ་འོད་གསལ་ཆེན་པོའི་མདངས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱའི་གར། །སྤྲོ་མཛད་བླ་མ་ཧེ་རུ་ཀ་དེས་སྐྱོངས། །མཁས་གྲུབ་རིག་འཛིན་བྱེ་བའི་དགོངས་ཉམས་ཕུལ། །རྒྱུད་ལུང་མན་ངག་ཟབ་དགུའི་སྙིང་པོའི་བཅུད། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་མ་ཡལ་བ། །ཟབ་གསང་སྙན་བརྒྱུད་གདམས་པའི་གསེར་ཆོས་རྨད། །དེ་སླད་བླ་མའི་བཀའ་དང་རང་ཉིད་ཀྱི། །མོས་པའི་དབང་གིས་རྣམ་པར་བཤད་བགྱི་ན། །བརྒྱུད་གསུམ་བླ་མས་དབྱིངས་ནས་བྱིན་རློབས་ལ། །ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩོལ། །དེ་ལ་འདིར་ཆོས་རྒྱལ་ཁྲི་ལྡེའི་ཡང་སྲིད་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་ལུང་བསྟན་པ་ལྟར་རིམ་པར་བྱོན་པ་ཀུན་གྱི་ཕྱི་མ་བཅུ་གསུམ་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ། ངོ་མཚར་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་སྙན་བརྒྱུད་དུ་སྩལ་པས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་ཆོས་སྡེ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཕྱུང་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་བདེ་བླག་ཏུ་འགྲུབ་པར་བྱེད་པའི་མྱུར་ལམ། ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་སྒྲུབ་ཐབས་ཀྱི་རྣམ་བཤད་སྙིང་པོར་དྲིལ་ཏེ་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་བཞིན་མདོ་ཙམ་བཤད་པ་ལ་གསུམ། གང་བསྒྲུབ་པའི་གཞི། གང་གིས་སྒྲུབ་པའི་ཐབས། དེ་ལྟར་གྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། སྙན་བརྒྱུད་ཡང་དག་ཟབ་ཏིག་ལས། ཡང་དག་གྲུབ་པ་གཅིག་པུ་ནི༔ སེམས་ཉིད་ལྷན་སྐྱེས་ཡེ་ཤེས་ཏེ༔ དེ་ཉིད་མངོན་དུ་བྱ་བའི་ཕྱིར༔ ཐབས་གྲོལ་ལམ་གྱི་རིམ་པར་འཇུག༔ ཅེས་གསུངས་པས། དེ་ལ་གང་དམིགས་པའི་ཡུལ་ཡང་དག་གྲུབ་པ་ནི། གཞི་ལམ་འབྲས་གསུམ་དབྱེར་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། རྒྱུད་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་ཏེ། དེ་ཡང་ཆོས་ཀྱི་དབྱིངས་གློ་བུར་གྱི་དྲི་མས་རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡུལ་ཡང་དག་པ་ཉིད། ཡུལ་ཅན་ཡེ་ཤེས་ཀྱིས་རྟོགས་པའི་སྒོ་ནས་མངོན་དུ་གྲུབ་པ་གང་ཞིག དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་ཆ་མེད་གཅིག་པུ་ཉིད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པའི་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་པའི་བདེ་བ་ཆེན་པོ་ཀུན་འདུས་པའི་རང་བཞིན་ཡིན་ལ། ཆོས་ཀུན་གྱི་དེ་བཞིན་ཉིད་མཉམ་པ་ཆེན་པོར་སྙོམས་པར་ཞུགས་ཤིང་དེ་ལས་མི་གཡོ་བའི་རྣལ་འབྱོར་ཟབ་མོ་དེ་ལྟ་བུ་ལ་འབྲས་བུ་སྐུ་གསུམ་རྫོགས་པར་གནས་པ་ནི་རང་དོན་ཕུན་ཚོགས་དང་། ཡེ་ཤེས་དང་ཐུགས་རྗེ་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ནམ་མཁའ་རབ་འབྱམས་ཀྱི་ཁམས་ཁྱབ་པར་འགྲོ་ཞིང་རྟག་ཏུ་གདུལ་བྱའི་དོན་མཛད་པ་སྒྱུ་མ་ལྟ་བུའི་རྣམ་པར་རོལ་པར་སྟོན་པ་སྟེ། དེ་ཡང་རྒྱུ་ལས་སྐྱེས། མཐུན་པར་སྣང་། དོན་བྱེད་ནུས། བརྟགས་ན་དབེན་པའི་རྒྱུ་མཚན་བཞིས་སྒྱུ་མ་དང་མཛད་པ་ཆོས་མཐུན་ཏེ། ཆོས་དབྱིངས་སྐྱེ་བ་མེད་པ་ལས་ཐུགས་རྗེ་ཆེན་པོའི་རྐྱེན་གྱི་རྒྱུ་ལས་སྐྱེས། ཇི་ལྟར་འདུལ་བ་དེ་ལྟར་སྣང་། གདུལ་བྱ་ཐབས་ཀྱི་སྤྱོད་པས་རེ་འདོད་སྐོང་བའི་དོན་བྱེད་ནུས། བཏགས་པ་ཙམ་དུ་སྣང་གིས་ཡང་དག་པར་སྐུ་གསུང་ཐུགས་ཀྱི་ངོ་བོ་ལ་བརྗོད་དུ་མེད་པས་བརྟགས་ན་དབེན་པའི་ཕྱིར་རོ། །བླང་དོར་མེད་པའི་ཆོས་ཉིད་ལ་དབང་འབྱོར་བས་འདོད་ཡོན་མ་སྤངས་གྲོགས་སུ་ཁྱེར་བས་ཉན་ཐོས་སོགས་ལམ་དམན་པ་ལ་ལྟོས་ནས་བདེ་ཞིང་། ཇི་ལྟར་སྤྱོད་ཀྱང་ཉོན་མོངས་པས་མི་གོས་པར་དེ་ཉིད་ལམ་དུ་གྱུར་པས་ལྷ་ཆེན་པོ་སོགས་ལས་མཆོག་དུ་གྱུར་ལ། ཀློང་དུ་{ཀློངས་སུ} སུ་གྱུར་ནས་མཐར་ཕྱིན་འགྱུར་མེད་མཆོག་གི་བདེ་བ་ལ་འགྲོ་ཀུན་འགོད་པའི་དཔལ་མངའ་བ་ནི་གཞན་དོན་ཕུན་སུམ་ཚོགས་པའི་བདག་ཉིད་དེ། དེ་ལྟར་དོན་གཉིས་ལྷུན་གྱིས་གྲུབ་པས་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསམ་མི་ཁྱབ་པར་སྟོན་པའི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་ཉིད་ཡིན་ཏེ། འདི་ལ་དབྱེ་ན་ལྷ་དང་། དཀྱིལ་འཁོར་དང་། སྒྲུབ་པ་པོ་ཡང་དག་གྲུབ་པ་གཅིག་པུ་གསུམ་ལས། དང་པོ་ལྷ་ཡང་དག་གྲུབ་པ་གཅིག་པུ་ཉིད་ནི། ངོ་བོ་དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་སོ། །ངེས་ཚིག་ཆོས་ཀྱི་དབྱིངས་དང་ཐ་མི་དད་པ་ལ་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀུན་གཞི་ཆོས་ཀྱི་དབྱིངས་སུ་འདུས། ཀུན་གཞི་ཡེ་ནས་སྤྲོས་པ་དང་བྲལ་ཏེ་མ་སྐྱེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ངེས་ལ། དེ་ལྟར་ངེས་པ་དང་མི་ནོར་བས་ཡང་དག་པར་ཆོས་ཉིད་ཀྱི་དོན་དེ་གྲུབ་པ་དེ་ཁོ་ན་ཐིག་ལེ་ཉག་གཅིག་པུ་ཉིད་ཡིན་པས་དེ་སྐད་ཅེས་བྱའོ། །གཉིས་པ་དཀྱིལ་འཁོར་ཡང་དག་པར་གྲུབ་པ་གཅིག་པུ་ཉིད་ནི། ངོ་བོ་ཕྱོགས་བཅུའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པའི་ཐུགས་འདི་ལ་འདུས་པའོ། །ངེས་ཚིག་བདེ་བར་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་ལ་དཔལ་ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་གྲུབ་པ་དེ་ཡང་། རང་བྱུང་གི་ཡེ་ཤེས་གཅིག་པུ་ཉིད་ལ་འདུས་པས་དེ་སྐད་ཅེས་བྱའོ། །གསུམ་པ་སྒྲུབ་པ་པོ་ཡང་དག་པར་གྲུབ་པ་གཅིག་པུ་ཉིད་ནི། ངོ་བོ་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་པོ་ཡེ་ནས་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་གྲུབ་པའོ། །ངེས་ཚིག་བདག་གི་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་མ་སྐྱེས་ཤིང་མི་འགག་པ་ནི་ཡང་དག དེ་རིག་ཅིང་རྟོགས་པ་ནི་གྲུབ་པ། དེ་གཉིས་རང་བཞིན་གཉིས་སུ་མེད་པ་ནི་གཅིག་པུ་ཉིད་དོ། །ཞེས་སྒྲུབ་པ་བཀའ་བརྒྱད་ཀྱི་གཞུང་ནས་གསུངས་ཏེ། དེའི་དོན་ཅུང་ཟད་བཤད་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཡིན་ནོ། །ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རང་གི་སེམས་ཀྱི་ཆོས་ཉིད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོང་ཆ་ནས་ཆོས་སྐུ་དང་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་ཐམས་ཅད་མེ་དང་ཚ་བ་དང་ཆུ་དང་རླན་གཤེར་གྱི་ཚུལ་དུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པ་ལ་བདེ་གཤེགས་སྙིང་པོའམ་ཟབ་གསལ་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་སོགས་སུ་ངེས་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་ནས་ཇི་སྐད་བསྟན་པ་སྟེ། རིག་འཛིན་འཇིགས་མེད་གླིང་པས་ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པའི་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པས་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །ཞེས་དང་། རྗེ་དེ་ཉིད་ཀྱི་རིགས་ཀྱི་བདག་པོ་ཤནྟ་པུ་རི་བས། ཁམས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཉིད། །ཐོག་མའི་མགོན་པོ་ཡེ་ཤེས་སྐུར་བཞུགས་ཀྱང་། །ཕྲ་རགས་རྡུལ་གྱི་ཆོས་ཉིད་ལས་འདས་ཤིང་། །ས་བཅུའི་དབང་ཕྱུག་གིས་ཀྱང་མཐོང་མི་ནུས། །དུས་གསུམ་རྒྱལ་བ་ཁོ་ནའི་རང་བཞིན་ནོ། །དེ་དོན་འདས་དང་མ་འོངས་ད་ལྟར་གྱི། །སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཚུལ་ཡང་། །མཁའ་ཁྱབ་རྡོ་རྗེ་ཆོས་ཀྱི་སྐུར་གྲགས་པས། །ཆོས་ཉིད་དེ་བཞིན་ཉིད་སྐུར་རོ་གཅིག་སྟེ། །ནམ་མཁའི་ཁམས་ཀུན་དབྱིངས་སུ་གཅིག་དང་མཚུངས། །ཞེས་གསུངས། འདི་ལ་མཚན་གྱི་རྣམ་གྲངས་ཀྱང་། ཀུན་མཁྱེན་ཆེན་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་འདས་འབྱུང་བས་དབྱིངས་ཞེས་རབ་བརྗོད་ཅིང་། །ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཅེས། །དྲི་མས་སྒྲིབ་ཕྱིར་སྙིང་པོའི་ཁམས་དང་ནི། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པ་དང་། །གདོད་ནས་དག་ཕྱིར་འོད་གསལ་དྲི་མེད་ཉིད། །མཐའ་གཉིས་གནས་བསལ་དབུ་མའི་རང་བཞིན་དང་། །སྤྲོས་ལས་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །སྟོང་གསལ་རྣམ་དག་བདེན་པ་དབྱེར་མེད་དང་། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད། །ལ་སོགས་མིག་ལྡན་མཁས་པ་རྣམས་བཞེད་དོ། །ཞེས་གསུངས་ཏེ། དེ་ཡང་རྟོགས་ན་མྱང་འདས་དང་མ་རྟོགས་ན་འཁོར་བ་འབྱུང་བའི་ཆ་ནས་དབྱིངས། ཡེ་ནས་འདུས་མ་བྱས་པར་རང་ཆས་སུ་ཡོད་པའི་ཆ་ནས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས། སངས་རྒྱས་ཀྱི་ཆོས་ཀུན་ཚང་བར་ཡོད་པས་བདེ་གཤེགས་སྙིང་པོ། དྲི་མས་སྒྲིབ་པའི་ཆ་ནས་ཁམས། གནས་ལུགས་ཡིན་པས་དོན་དམ་པའི་བདེན་པ། གདོད་ནས་དག་པས་འོད་གསལ་བའི་ཡེ་ཤེས། ཡེ་ནས་སྒྲོ་སྐུར་གྱི་མཐའ་ལས་འདས་པས་ཟབ་མོ་སྟོང་པ་ཉིད་དམ་དབུ་མའི་རང་བཞིན། སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་གྲོལ་བས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྟོང་གསལ་གཉིས་སུ་མེད་པས་བདེན་པ་དབྱེར་མེད། འཕོ་འགྱུར་མེད་པས་དེ་བཞིན་ཉིད་དང་སོགས་སྒྲས། སྐྱོན་རྣམས་སྦྱང་དུ་ཡོད་པས་བྲལ་ཤེས་པས་སྟོང་ལ། ཡོན་ཏན་དབྱེར་མེད་པས་མི་སྟོང་པས་ན་བླ་ན་མེད་པའི་ཆོས་ཉིད་དེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། གཞན་ཡང་། སྔགས་ཕྱི་རྒྱུད་རྣམས་སུ་བདག་གི་དེ་ཁོ་ན་ཉིད་དང་། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སོགས་དང་། ནང་རྒྱུད་དུ། མ་ཧཱ་ཡོ་གས་རང་རིག་པ་བྱང་ཆུབ་སེམས་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ། ཨ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏི་ཡོ་གས་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་ཏེ། དེ་ལྟ་བུའི་ཐ་སྙད་གང་ལ་འཇུག་པའི་གཞི་གནས་ལུགས་ཟབ་མོ་འཆིང་གྲོལ་ལས་འདས་པ་དེ་ནི་གང་བ སྒྲུབ་བྱའི་ལྷ་དཔལ་ཆེན་པོ་ཧེ་རུ་ཀཿཉིད་ཡིན་ཏེ། རྒྱུད་གལ་པོ་ལས། བདེ་དང་སྟོང་པ་ཟུང་འཇུག་སྐུ། །ཧེ་རུ་ཀ་ཡི་རང་བཞིན་ཡིན། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་དང་། བརྟག་གཉིས་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་དང་། ཐུན་མོང་གི་ཐེག་པར་ཡང་། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ། །ཞེས་དང་། སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། དཔལ་ཕྲེང་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། དབུ་མ་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་སོ་གའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་སྟེ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས། དེ་ལྟ་བུའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་ཡེ་ནས་སྤྲོས་པ་དང་བྲལ་བའི་རང་བཞིན་མཉམ་པ་ཆེན་པོ་ལས་ཤར་བའི་རྩལ་སྣང་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་ཀྱང་ཡེ་ནས་དག་པ་ལྷ་ཡི་ཕྱག་རྒྱ་ལས་མི་འདའ་སྟེ། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་གསུངས། དེར་མ་ཟད་ཐུན་མོང་གི་ཐེག་པ་ཆེན་པོའི་སྡེ་སྣོད་དུའང་། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་གསུངས། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས། ཁྱད་པར་རྣལ་འབྱོར་ཆེན་པོ་སྔགས་བླ་མེད་ཀྱི་སྐབས་སུ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་ལེགས་པར་གཏན་ལ་ཕབ་ནས་སྒོམ་སྤྱོད་འབྲས་བུའི་ཆོས་ཀུན་དེར་ལ་བཟླ་དགོས་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། རྣལ་འབྱོར་ཆེན་པོ་ཆོས་ཀུན་མཉམ་པའི་ངང་། །དབུ་མ་ཆེན་པོ་རོ་མཉམ་དག་པ་ལས། །ཁྱད་པར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །དཀྱིལ་འཁོར་གཅིག་ཏུ་ཤེས་པས་རྣམ་བསྒོམས་ཏེ། །གང་ཡང་ཐབས་མཆོག་རྒྱལ་པོའི་གྲོགས་སུ་བསྒྱུར། །བསྐྱེད་རྫོགས་ཟུང་འཇུག་བདེན་པ་དབྱེར་མེད་ཉིད། །བསྒོམས་པས་ཚེ་འདིར་དངོས་གྲུབ་ཐོབ་པར་བཞེད། །ཅེས་དང་། དཔལ་རོང་ཟོམ་པ་ཆེན་པོས་དཀོན་མཆོག་འགྲེལ་ལས་ཀྱང་། དེ་ལ་དཀྱིལ་འཁོར་ལྡན་པའི་ཞེས་བྱ་བ་ནི། ཐུན་མོང་དུ་གྲགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་གྱི་ལམ་གྱིས་བསྒྲུབ་པ་ནི་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་ཀྱང་། ཡིན་པ་ཙམ་གྱིས་གང་ཟག་རྣམས་ལ་ཕན་ཐོགས་པར་སྣང་བར་མི་འགྱུར་ཏེ། དེ་ཡང་རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེས་པར་བྱས། དེ་ཉིད་ལ་མཚན་ཉིད་གསུམ་གྱིས་དོན་མཐར་དབྱུང་། བསྙེན་སྒྲུབ་ཡན་ལག་བཞིས་དོན་ལྷུན་གྱིས་གྲུབ་པར་བྱས་ན། དེ་ལྟ་བུར་སྣང་བར་གྱུར་པས། དེའི་ཕྱིར། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམས། །ཞེས་གསུངས་པ་ཡིན་ཏེ། དཀྱིལ་འཁོར་ལྡན་པ་དེ་ཉིད་ཀྱིས། ཡེ་ནས་ཡིན་པའི་དོན་ལ་ཡེ་ནས་ཡིན་པའི་རིགས་པས་རྣལ་འབྱོར་དུ་བསྒོམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་གསུངས་ཏེ། ཡེ་ཡིན་པའི་དཀྱིལ་འཁོར་དང་། དེ་བཞིན་དུ་མཉམ་པར་སྦྱོར་བའི་དཀྱིལ་འཁོར་ལས་འབྱུང་བ་ནི་དོན་མ་ནོར་བར་རྟོགས་པ་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཏུ་བཤད་དོ། །དེ་ལྟར་གཞི་དང་ལམ་དང་འབྲས་བུ་གསུམ་དུ་བཤད་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་དོན་ལས་ནི་གཡོས་པ་དང་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་དེ། ཐམས་ཅད་སེམས་ཀྱི་དབྱིངས་སུ་ཟད་པས། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་གསུངས་པ་ཡིན་ནོ་ཞེས་གསུངས། དེས་ན་རྒྱུ་གཅིག་པ་དང་། ཡིག་འབྲུའི་ཚུལ་དང་། བྱིན་གྱིས་བརླབས་པ་དང་། མངོན་སུམ་པའི་གཏན་ཚིགས་ཆེན་པོ་བཞིས། ཆོས་ཐམས་ཅད་རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་དུ་གཏན་ལ་འབེབས་པའི་ཚུལ་སོགས་ནི་ཞིབ་པར་སྒྱུ་འཕྲུལ་རྩ་བཤད་ཀྱི་གཞུང་སོགས་ལས་ཤེས་པར་བྱ་ལ། དེ་ཡང་ཕྱི་འགྱུར་པའི་མཁས་པ་ཕལ་ཆེ་བ་ཞིག བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་གྱིས། །ཞེས་པའི་དགོངས་པ་འགྲེལ་ཚུལ་ལས་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལས་ཐབས་ཁྱད་པར་དུ་འཕགས་པས་དབྱེ་བའོ་ཞེས་བཞེད་མོད། འདིར་སྔ་འགྱུར་གྱི་རང་སྐད་དུ་ཐབས་བཞིན་དུ་ལྟ་བའང་ལྷག་སྟེ། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ་དབུ་མ་དང་མཐུན་ནའང་། སྔགས་ཀྱི་ཁྱད་པར་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུ་དེ་ཡང་ཡོངས་སུ་དག་པའི་ལྷ་ཡི་མཚན་ཉིད་དུ་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་ཁྱད་པར་དུ་བྱས་པའོ། །དེ་ལྟར་ཡང་ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་དུ། དེ་ལ་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་ཁང་ཡིན། །ཞེས་གསུངས། ཀུན་རྫོབ་ཏུ་ལྷར་ལྟ་བའང་། བྱ་རྒྱུད་པས་དག་པ་ཆོས་ཉིད་ཀྱི་ལྷ་དང་། ཡོ་ག་པས་དེའི་སྟེང་དུ་མི་གནས་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པའི་ལྷ་དང་། རྣལ་འབྱོར་བླ་མེད་པས་དེ་གཉིས་ཀའི་སྟེང་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བའི་ཕྱིར་ན་བདེན་པ་ཐ་དད་དུ་འཛིན་པ་དོར་ནས། དོན་དམ་བདེན་ངོར་མ་ཟད་ཀུན་རྫོབ་ཏུ་ཡང་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབས་པས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཞེས་རྒྱུའི་བླ་མེད་ཀྱི་ཐེག་པ་དབུ་མ་ལས་ཐབས་ཀྱི་ཐེག་པ་སྔགས་ཀྱི་ལྟ་བ་འདི་ཉིད་ཆེས་འཕགས་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པའི་རྒྱུད་ཚིག་སངས་རྒྱས་གསང་བའི་ལམ་རིམ་དུ་དྲངས་པ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་ངྷ་རྨ་ཤྲཱིས་གསུངས། འདིར་ལྷ་དང་རྟོག་པ་སྦྱར་བའི་དབང་དུ་བྱས་ན། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཡང་དག་སྙིང་པོའི་གཏེར་གཞུང་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་ལས། མན་ངག་རྫོགས་པ་ཆེན་པོའི་གཞུང་གིས། རྒྱུད་ལུང་གཉིས་ཀྱི་དགོངས་པ་དེ་ཉིད་ཀྱང་སོ་སོ་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་གྲུབ་པའི་གྲུབ་ལུགས་ཀྱི་བདེན་པ་གཉིས་དབྱེར་མེད་པས། ཐམས་ཅད་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ། ལྷ་བཞི་ཅུ་རྩ་གཉིས་སུ་ཡེ་གདོད་མ་ནས་གནས་པ་ཡིན་ཏེ། དེ་ཡང་ཇི་ལྟར་བསྒོམ་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཀྱི་རང་བཞིན་ལ། བྱ་བྱེད་ནུས་པའི་སྒྱུ་མ་བདེ་བར་གཤེགས་པ་ཡབ་ཡུམ་བཅུའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཡེ་ནས་མྱ་ངན་ལས་འདས་ཏེ། དེ་ཡང་ཇི་ལྟར་འདས་ཞེ་ན། ཕུང་པོ་རིགས་ལྔའི་སངས་རྒྱས། འབྱུང་ལྔ་ཡུམ་ལྔའི་རང་བཞིན། རྣམ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའི་རང་བཞིན། དེའི་ཡུལ་བཞི་ནི་ལྷ་མོ་བཞིའི་རང་བཞིན། དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའི་རང་བཞིན། དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་ཡུལ་དང་། དེ་ལས་བྱུང་བའི་རེག་པ་བཞི་ནི་ཁྲོ་བོ་བཞིའི་རང་བཞིན། རྟག་ཆད་མུ་བཞི་སྒོ་མ་བཞི། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་བཟང་པོ། དེའི་ཡུལ་ནི་ཀུན་ཏུ་བཟང་མོ། ཕྱིན་ཅི་ལོག་དྲུག་ཐུབ་པ་དྲུག་གི་རང་བཞིན། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་པས། ད་ལམ་གྱིས་སྒྲུབ་པའི་གནས་གཞན་མ་ཡིན་བྱ་བའི་དོན་ནོ། །ཞེས་དང་། དེ་ཉིད་ཀྱི་དབང་གཞུང་ལས། སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་སྐྱེས་མ་འགགས་པར་ཤར་བའི་རྟགས། བཅོམ་ལྡན་འདས་དཔལ་ཀུན་བཟང་ཧེ་རུ་ཀ་ཡེ་ཤེས་ཀྱི་སྐུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ་གཅིག་ཏུ་གསལ་ཏེ། དེ་ལྟར་གསལ་བའི་སྐུ་དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ། རང་གི་སེམས་ཀྱི་གཟུགས་བརྙན་ལྷར་གསལ་བ་ཡིན་ནོ། །དེ་ཡང་གཡས་གཡོན་གྱི་ཞལ་དང་ཕྱག་དྲུག་ནི་ཀ་རཱི་སོགས་ལྷ་མོ་བརྒྱད། གདན་ཟླ་བའི་དཀྱིལ་འཁོར་ནི་སེངྷ་སོགས་ཕྲ་མེན་མ་བརྒྱད། ཞབས་བཞི་སྒོ་མ་བཞིའོ། །དེ་རྣམས་ཀྱང་ལོགས་ན་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཀ་རཱི་མ་བརྒྱད། ཡུལ་བརྒྱད་ཕྲ་མེན་མ་བརྒྱད། རྟག་ཆད་ཡོད་མེད་མཐའ་བཞི་སྒོ་མ་བཞི། དེ་ལྟ་བུ་དེ་རྟག་པ་ཐེར་ཟུག་མ་ཡིན་ཏེ། མ་སྐྱེས་པའི་དབྱིངས་སུ་གསལ་བས་ཡབ་ཡུམ་དབྱིངས་ཡེ་ཤེས་གཉིས་མེད་ཐིག་ལེ་ཆེན་པོའི་ངང་དུ་གཅིག་པས། ཡང་དག་གྲུབ་པ་གཅིག་པུ་ཉིད། །ཅེས་བྱའོ། །རང་གི་སེམས་ཉིད་དཔལ་ཆེན་པོའི་སྐུར་གསལ་བ་དེ་ལ་ལྷ་ཚོགས་ཐམས་ཅད་འདུས་པས། སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ཞེས་བྱ། དེ་ཁོ་ན་དཔལ་ཆེན་པོའི་ཐུགས་རྣམ་པར་མི་རྟོག་པས་ཆོས་སྐུ། རང་བྱུང་ཡེ་ཤེས་རང་ལ་གསལ་བས་ལོངས་སྐུ། ལྷའི་དཀྱིལ་འཁོར་རྣལ་འབྱོར་པའི་ལུས་ལ་རྫོགས་པས་སྤྲུལ་སྐུ་སྟེ། རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཞེས་བྱ་བར་ངོ་སྤྲད་དོ། །ཞེས་གསུངས་ཤིང་། གཞུང་འདི་ཉིད་ལས་ཀྱང་། མཚོན་བྱ་བདག་ཉིད་རྩ་བའི་ལྷ༔ རྡོ་རྗེའི་རང་བཞིན་སྟོང་པ་སྟེ༔ གཞོན་ནུ་ཡེ་ཤེས་སྒྱུ་མའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པ༔ ཆོས་སྐུའི་ཡོན་ཏན་ཐམས་ཅད་ཉིད༔ གཟུགས་ཀྱི་རྣམ་པར་ཤར་བ་ནི༔ ཞེས་དང་། ཕུང་པོ་སྲས་མཆོག་རིགས་ལྔ་སྟེ༔ འབྱུང་བ་དེ་ཡི་ཡུམ་དང་རོལ༔ དགེ་དང་མི་དགེའི་ཆོས་རྣམས་ཀུན༔ ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ༔ དེ་ལས་ཉོན་མོངས་རྟོག་པའི་རྩལ༔ ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་ཚོགས༔ མ་འདྲེས་ཉི་དང་འོད་བཞིན་དུ༔ ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར༔ ཞེས་གསུང་། སྐབས་འདིར་རོང་ཟོམ་པ་ཆེན་པོས་དཀོན་མཆོག་འགྲེལ་དུ། ཁ་ཅིག་ན་རེ། དོན་དམ་པར་རང་བཞིན་མེད་པས་སངས་རྒྱས་ཡིན་པ་དང་། ཀུན་རྫོབ་ཏུ་སངས་རྒྱས་སུ་འགྱུར་དུ་རུང་བའི་རྒྱུ་ཡིན་པས་སངས་རྒྱས་སུ་བཞག་གི། དངོས་པོའི་མཚན་ཉིད་ནི་མ་དག་པའི་སྣང་བ་ལྟར་བདེན་ནོ་ཞེས་ཟེར་ཏེ། དེ་ལྟར་བསྒྲུབ་པར་མི་བྱ་ཡི་ཀུན་རྫོབ་ཙམ་དུ་ཡང་ཕུང་པོ་ལྟ་བུར་སྣང་ཙམ་ཉིད་ནས་སངས་རྒྱས་གྲངས་མེད་པ་ཡོངས་སུ་དག་པའི་ཞིང་ཁམས་དང་བཅས་པའི་རང་བཞིན་ཉིད་ཀྱང་ཡིན་ལ། སྣང་བ་དེ་གཉིས་ཀྱང་ཕན་ཚུན་ལྟོས་ནས་དག་པའི་སྣང་བ་ལྟར་བདེན་པར་གྲུབ་བོ་ཞེས་བཞག་པར་བྱའོ། །དེ་ལྟ་བས་ན་ཕུང་པོའི་བྱེ་བྲག་ཏུ་གྱུར་པ་མིག་གི་ཡུལ་ཁ་དོག་ལྟ་བུ་གཅིག་ཀྱང་སངས་རྒྱས་གྲངས་མེད་པའི་རང་བཞིན་ནོ། །ཞེས་གསུངས། མདོར་ན་སྙིང་འགྲེལ་གསང་བདག་དགོངས་རྒྱན་ལས། གལ་ཏེ་དེ་ཉིད་རྟོགས་ཤིང་གོམས་ན་སངས་རྒྱས་ཡིན་མོད། གནས་པ་ཙམ་གྱིས་སངས་རྒྱས་སུ་ཇི་ལྟར་འགྱུར་སྙམ་ན། རྟོགས་རུང་མ་རྟོགས་རུང་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་ཏེ། འདུས་བྱས་རྣམས་རྟོགས་རུང་མ་རྟོགས་རུང་མི་རྟག་པ་ཡིན་པ་བཞིན་ནོ། །ཞེས་དང་། རོང་ཟོམ་པའི་སྣང་བ་ལྷར་སྒྲུབ་ལས་ཀྱང་། བླུན་པོས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ངོ་མ་ཤེས་ཏེ་རང་གར་བཞག་པས་ཡོན་ཏན་གྱི་ཁྱད་པར་མ་མཐོང་བ་ལ། དེད་དཔོན་མཁས་པས་ངོ་སྤྲད་ནས། དེས་བྱི་དོར་བྱས་ཤིང་མཆོད་པས། ཡོན་ཏན་གྱི་ཁྱད་པར་མཐོང་ནས་ནོར་བུ་རིན་པོ་ཆེར་ངེས་པ་དཔེར་མཛད་ནས། ཐ་མལ་པའི་ལུས་ངག་ཡིད་ཀྱང་ལྷར་མ་ཤེས་ཤིང་མ་བཀུར་ན། ཡོན་ཏན་མི་དམིགས་ཏེ། ཤེས་ཤིང་བཀུར་བས་གཞི་དེ་ཉིད་ལས་ཡོན་ཏན་དམིགས་པའི་ཕྱིར་རོ། །ཞེས་སོགས་རིགས་པའི་སྒོ་དུ་མས་སྒྲུབ་པར་མཛད་པ་ལྟར་གནས་ཚུལ་ལ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལྟ་བས་ཐག་ཆོད་པར་བྱ་བ་ཤིན་དུ་གཅེས་སོ། །དེར་མ་ཟད་བླ་མེད་ཀྱི་རྒྱུད་རྣམས་སུ་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་ཀྱི་ཕོ་བྲང་དུ་རྒྱུ་རྒྱུད་ཀྱི་རྟེན་དྭངས་མ་ལྔ་འདུས་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ལ་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་བདག་ཉིད་བདེ་བར་གཤེགས་པའི་སྙིང་པོའམ་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་བཞུགས་པར་གསུངས་ཤིང་། འབྱུང་ལྔ་སེམས་དང་བཅས་པའི་དྭངས་མ་དྲུག་ཀྱང་གཉིས་གཉིས་རོ་གཅིག་ཏུ་འཇུག་པའི་དོན་གྱིས་ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་ལྷའི་བདག་ཉིད་དུ་གནས་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཡེ་ཤེས་ཟག་མེད་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དཔེ་ཆུང་རང་གནས་ལས། མི་ཤིགས་ཐིག་ལེ་ཡེ་ཤེས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་དང་། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་དང་། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །དེ་ཡང་ཙིཏྟའི་དཀྱིལ་དུ་གནས། །ཡུངས་འབྲུའམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཞེས་དང་། དཔལ་དུས་ཀྱི་འཁོར་ལོ་ལས། སྲིད་གསུམ་ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་གཤེགས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་ཞིག་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། དོ་ཧ་ལས། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པའི་ཚེ། །ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཞེས་གསུངས། འདི་ལ་གསར་རྙིང་གི་རྒྱུད་དང་མན་ངག་གི་དབྱེ་བ་སོགས་ཀྱིས་རྩ་རླུང་ཐིག་ལེ་སྐུ་དང་ཡིག་འབྲུ་སོགས་ཀྱི་ཁྱད་པར་འདོད་ཚུལ་མང་ཡང་། དོན་ལ་དེ་ཐམས་ཅད་ཟབ་གསལ་གཉིས་མེད་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རང་གདངས་འབའ་ཞིག་ཡིན་དགོས་པའི་ཕྱིར་དོན་གྱི་གནད་གཅིག་པས། རྩ་ཐིག་སོགས་ཡིན་པས་རུང་རྒྱུ་དང་། སྐུ་སོགས་ཡིན་པས་མི་རུང་བའི་ཤེས་བྱེད་ཅིའང་མེད་དོ། །དེས་ན་སྐབས་འདིར་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱོན་པའི་ཡང་དག་སྙིང་པོ་ལྟར་བཤད་ན་འབྲེལ་ཆེ་བས། དེ་ལྟ་ན་རང་ལུས་ཀྱི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཀྱི་གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ་སྟེ། དེ་རྣམས་སུ་མ་དག་པ་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་དང་དག་པ་སྐུ་དང་ཡེ་ཤེས་སུ་འཆར་བའི་རྟེན་བྱེད་དེ། དེ་ཡང་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ། དེའི་ནང་ན་ཁྲག་གི་དྭངས་མ་མཚལ་ཁུ་ལྟ་བུ། དེའི་ནང་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ། དེའི་ནང་དུ་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ། དེའི་ནང་ན་ནམ་མཁའི་དྭངས་མ་རྩ་སྦུབས་སྟོང་པ་བར་སྣང་སང་སེང་གོ་འབྱེད་པའི་ཚུལ་དུ་གནས་ཏེ། དེ་ཐམས་ཅད་ཀྱི་དབུས་ན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཧེ་རུ་ཀ་ཚོན་གང་བ་ཞིག་རང་བྱུང་འོད་ཀྱི་གཞལ་ཡས་ཁང་ན་ཡེ་ནས་ལྷུན་གྲུབ་དུ་གནས་ཏེ། འཇའ་ཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པར་འོད་གསལ་བར་བཞུགས་སོ། །དེའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་རྡོ་རྗེ་ནས་ཙམ་པ། དེའི་བུམ་པར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ཧཱུྃ་ལྗང་དམར། རིན་པོ་ཆེའི་རྩིབས་ལ་ཧ་བརྒྱད། དེའི་མཐའ་ནི་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་ནས་བཞུགས་པར་གསུངས་ཏེ། དྭངས་མ་ལྔ་ལྡན་འབྱུང་བ་འོད་ཀྱི་དཀྱིལ༔ ཁ་དོག་ལྔ་ལྡན་ཡེ་ཤེས་རིགས་ལྔའི་སྐུ༔ དུག་ལྔ་རྣམ་དག་འགྲོ་དྲུག་དབྱིངས་སུ་གསལ༔ ཡེ་ཤེས་རྣམ་དག་ཐིག་ལེ་ཆོས་ཀྱི་སྐུ༔ རྒྱུ་རྐྱེན་མི་མང འ་ཚོན་གང་རིག་པའི་སྐུ༔ རྟག་པ་མ་ཡིན་དངོས་མེད་ཆོས་ཀྱི་སྐུ༔ ཆད་པ་མ་ཡིན་འོད་གསལ་རིག་པའི་སྐུ༔ གཅིག་པུ་མ་ཡིན་ལྷུན་གྱིས་རྫོགས་པའི་སྐུ༔ དུ་མར་མ་ཡིན་བདག་ཉིད་ཆེན་པོའི་ངང་༔ བག་ཆགས་རྟོག་སྒྲིབ་དྲི་མ་མི་མངའ་སྟེ༔ གསལ་ལ་དག་པ་ཉི་མའི་སྙིང་པོ་འདྲ༔ གཞན་ན་མེད་དེ་ཀུན་གཞིའི་དབྱིངས་སུ་གསལ༔ རང་བྱུང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། གཞུང་འདི་ཉིད་ལས་ཀྱང་། དེ་ལས་ཡེ་ཤེས་ཏི་ལ་ཀ༔དྭངས་མ་ལྔ་འདུས་སྙིང་པོའི་སྲོག༔ བླ་མ་རྡོ་རྗེ་འཆང་ཆེན་པོ༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ ཞེས་གསུངས། འདི་ནི་ཕྲ་ཐིག་སོགས་སྔགས་གསར་རྙིང་གི་རྫོགས་རིམ་མཚན་བཅས་མཚན་མེད་བསྒོམ་པ་རྣམས་ཀྱི་གནད་མཐར་ཐུག་པ་སྟེ། དེ་ལ་འཛིན་པ་བརྟས་པའི་དབང་གིས་རགས་པའི་ལུས་མངོན་པར་གྲུབ་པའི་ཚེ། སྙིང་ག་ན་བཅུད་ཀྱི་ཚུལ་དུ་གནས་པར་སྣང་བའང་ཡོད་མོད་ཀྱི་དེ་ནི་ལུས་ལས་མ་སྐྱེས་ཤིང་ལུས་ལ་གནས་ཀྱི་གཞན་ལ་མ་ཁྱབ་པའང་མིན་ལ། དབྱིབས་དང་ཁ་དོག་ཆེ་ཆུང་ལྟ་བུར་སྣང་ཡང་ངོ་བོ་ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་ཀྱི་རྣམ་པ་ལྟ་བུ་ཡིན་པས། དོན་ལ་ཆེ་ཆུང་དང་ཕྱོགས་ཆར་ཡང་མ་གྲུབ་ཅིང་འདི་ལ་གནད་དུ་བསྣུན་པས་འོད་གསལ་གྱི་རྟགས་སྣང་མུ་མེད་པར་འཆར་བས་མཚོན་ལམ་གྱི་ཡོན་ཏན་གསར་དུ་སྐྱེ་བ་ལྟ་བུར་སྣང་ཡང་། ཡེ་ཤེས་རང་གི་ངོ་བོ་ནི་འཇིག་འབྲལ་མེད་པའི་རྡོ་རྗེ་ལྟ་བུ་དུས་གསུམ་མཉམ་པ་ཉིད་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། བུམ་པའི་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་ན་དེ་བཞིན་ནོ། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དུས་འཁོར་དབང་མདོར་བསྟན་དུ་གསེར་འགྱུར་གྱི་རྩི་ལ་དཔེ་མཛད་དེ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། དྲི་མེད་ཉིད་ཀྱི་ཡང་དག་གནས། །ཞེས་དང་། བརྟག་གཉིས་ལས། ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་སོགས་ཀྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་དང་། ཨིནྡྲ་བྷོ་ངྷིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་གསུངས་ཤིང་། དེར་མ་ཟད་ཐུན་མོང་གི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ནས་ཀྱང་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཡིན་པ་དང་། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དང་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་ཆེན་པོ་ཉིད་སོགས་སུ་སྟོན་པར་མཛད་དེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་རྐང་པ་དང་པོ་གཏན་ཚིགས། ཆོས་རྣམས་ཐམས་ཅད་ཅེས་པ་ཆོས་ཅན། བདེ་བར་གཤེགས་པ་དང་འདྲ་ཞེས་པ་མཐུན་དཔེ། བསྒྲུབ་བྱ་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཡིན་པར་བསྒྲུབས་ནས། ཚིག་ཕྱི་མ་གཉིས་ཀྱིས་དེ་ལ་འཇིག་རྟེན་པའི་མངོན་སུམ་ཚད་མས་མི་གནོད་པར་བསྟན་པ་དང་། ཤེར་ཕྱིན་ལས། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་དང་། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་པ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་དང་། འཕགས་པ་ཀླུས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཇི་ལྟར་རང་ལུས་བུམ་པ་ཉིད། །དེ་ཉིད་མར་མེ་ལྟ་བུ་སྟེ། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་དང་། མདོ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་སོ། །མདོར་ན། ཆོས་ཀྱི་རྒྱལ་པོ་རིགས་ལྡན་འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་པ་བཞིན་ཤེས་པར་བྱ་དགོས་ལ། དེ་ལྟ་བུའི་སྙིང་པོ་དེ་ཉིད་ཀྱང་རྟེན་པའི་བྱེ་བྲག་གིས་སྣང་ཚུལ་དུ་དྲི་མ་མ་དག་པའི་སྐབས་སུ་སེམས་ཅན་དང་། དག་མ་དག་གཉིས་ལྡན་གྱི་སྐབས་སུ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་དག་གི་སྐབས་སུ་དེ་བཞིན་གཤེགས་པ་ཞེས་གནས་སྐབས་གསུམ་དུ་རྣམ་པར་གཞག་སྟེ། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས། འདི་ལ་གཞི་ལམ་འབྲས་གསུམ་དང་རྒྱུད་གསུམ་གྱི་ཐ་སྙད་ཀྱང་མཛད་དེ། གཞི་ཡེ་ནས་དག་པའི་ཤྲཱི་ཧེ་རུ་ཀ་ནི་འཆིང་གྲོལ་མེད་པའི་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པའི་དོན་ཏེ་གསང་སྙིང་ལས། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །འདི་ལ་ཀུན་གཞི་རྒྱུ་ཡི་རྒྱུད་ཅེས་བྱའོ། །ལམ་མངོན་པར་སྒྲུབ་པའི་ཧེ་རུ་ཀ་ནི། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་ཐབས་ཤེས་ཟུང་འཇུག་གི་བྱེད་རྩོལ་དང་བཅས་པའི་ལམ་བསྒོམ་པ་སྟེ་འདི་ལ་ཐབས་སམ་ལམ་གྱི་རྒྱུད་ཅེས་བྱ་སྟེ། རྒྱུད་དེ་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས། འབྲས་བུ་ལྷུན་གྱིས་གྲུབ་པའི་ཧེ་རུ་ཀ་ནི། ཐབས་དེ་ལ་བརྟེན་ནས་གཞི་རྒྱུད་ལ་རྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་སྣང་གསུམ་འཕོ་བའི་སྒྲིབ་པ་ཤིན་ཏུ་ཕྲ་བ་དང་བཅས་ལེགས་པར་སྦྱངས་པས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ་འདི་ལ་མཐར་ཕྱིན་འབྲས་བུའི་རྒྱུད་ཅེས་བྱ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་གསུངས། དེ་ལྟར་ཐ་སྙད་ཙམ་དུ་གསུམ་དུ་དབྱེ་ནའང་། དོན་ལ་གཞི་འབྲས་གཉིས་སུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས་ལས་གཡོས་པ་མེད་དེ། ཉང་གཏེར་བདེ་གཤེགས་འདུས་ཆེན་ལས། མདོར་ན་རྒྱུད་ཅེས་བྱ་བའི་དོན༔ དངོས་པོའི་གནས་ལུགས་གཞི་ཡིན་ཏེ༔ གཞི་ལས་གཞན་པའི་འབྲས་བུ་མེད༔ འབྲས་བུའི་ཚུལ་ལས་འདས་པ་ཡི༔ ལམ་གྱི་དགོས་པ་ག་ལ་མཆིས༔ དེ་བས་རྒྱུ་དང་འབྲས་བུ་དང༔ ལམ་ཞེས་གྲགས་པ་གདགས་པ་ཙམ༔ ཞེས་གསུངས། དེ་ལྟར་གཞི་ལ་མེད་ན་ལམ་དུ་དེ་སྒྲུབ་པར་ཡང་མི་རིགས་པ་དང་། གསར་རྙིང་ཀུན་ལ་གྲགས་པའི་ལུས་དཀྱིལ་སོགས་དེ་ཐམས་ཅད་དོན་མེད་པར་འགྱུར་བ་དང་། སྒྲུབ་ཀྱང་དེ་གྲུབ་མི་སྲིད་པའི་སྐྱོན་སོགས་ཉེས་པ་མང་པོ་དང་ལྡན་ཏེ། དབུ་མ་ཆོས་དབྱིངས་བསྟོད་པར། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེད་པར་བྱེད། །ཅེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས་ཀྱང་། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་བརྗོད་ཀྱང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པས་ན། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་ཀྱང་རུང་། །ཞེས་གསུངས། ཚུལ་འདི་ལྟར་ངེས་དོན་འཁོར་ལོ་ཐ་མ་ནས་རིགས་གཉིས་ལ་སྐུ་གསུམ་ཚང་ཚུལ་སོགས་དང་སྔགས་ཀྱི་ལྟ་གྲུབ་སྦྱོར་ཚུལ་འདི་གསར་དུ་བློ་བཟོར་བྱས་པ་མིན་ཏེ། ཀུན་མཁྱེན་ཆེན་པོས། ངེས་དོན་ཤིང་རྟ་ཆེན་མོར། འདི་ལྟར་བཀའ་ཐ་མ་ལས་ཁམས་རང་བཞིན་གྱིས་དག་པ་ཡོན་ཏན་ཡེ་ལྡན་དུ་ཡོད་ལ། ལམ་ཉམས་སུ་བླང་དུས་ཡོན་ཏན་སྐྱེ་བ་ལྟར་སྣང་བར་ཁས་ལེན་པ་དང་། སྔགས་ལས་རང་བཞིན་གྱི་དཀྱིལ་འཁོར་འགྲོ་བ་ཀུན་ལ་གནས་པར་འོག་ཏུ་འཆད་པ་གཉིས་ཁྱད་མེད་པས་གཞི་ག ཅིག་ལ། ལམ་ཡང་ཐབས་ཤེས་ཚོགས་གཉིས་སུ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་གཅིག་པས་སྔོན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པས་ཕྱི་ནང་དུ་བཤད་པ་མཛད་པ་ཡིན་ནོ། །ཞེས་གསུངས་པ་འདི་སྔ་འགྱུར་གྱི་བརྒྱུད་པ་འཛིན་པ་རྣམས་ཀྱིས་གོ་དགོས་པའི་གནད་གལ་པོ་ཆེ་ཡིན་ཞིང་། རིག་འཛིན་འཇིགས་མེད་གླིང་པས་བདེན་གཉིས་ཤིང་རྟར་ཡང་འདི་བཞིན་དུ་འགོད་པར་མཛད་དོ། །དེ་ལྟར་ལེགས་པར་ཤེས་པའི་དགོས་པ་དང་ཕན་ཡོན་ཀྱང་ཡིད་བཞིན་མཛོད་ལས། ཡང་ཟབ་ལྟ་བའི་མཐར་ཐུག་འདི་ཤེས་པས། །གོལ་སྒྲིབ་ལས་གྲོལ་རྟག་ཆད་ཀུན་དང་བྲལ། །སྒྲུབ་པ་དོན་ཡོད་མྱུར་དུ་འཚང་རྒྱ་ཞིང་། །མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན། །དེ་ཕྱིར་གནས་ལུགས་འོད་གསལ་མཁྱེན་པར་མཛོད། །ཅེས་སོ། །མདོར་ན་ཕྱི་ཕུང་ཁམས་སྐྱེ་མཆེད། ནང་རྩ་རླུང་ཐིག་ལེ། གསང་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡེ་ནས་རྡོ་རྗེ་གསུམ་མམ་སྐུ་གསུམ་གྱི་ངོ་བོར་གནས་པ་སྟེ། དེ་ཡང་རྟོག་ཚོགས་ལྷར་དག་ལ། ལྷ་ཡེ་ཤེས་སུ་དག་པས། ཡེ་ཤེས་ནི་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་ཕྱིར་གང་བསྒོམས་ཤིང་བསྒྲུབ་བྱའི་ལྷ་ནི་རང་གི་སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །དེས་ན་འཁོར་བའི་ཆོས་ཐམས་ཅད་ཐག་ཁྲའི་སྦྲུལ་ལྟར་མེད་པ་གསལ་སྣང་ཙམ་ལས་རང་བཞིན་མེད་པའི་ཆོས་ཉིད་དུ་མཉམ་པར་ཤེས་ན་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དོན་ལ་ངེས་པ་རྙེད་པ་ཞེས་བྱ་སྟེ། སྒྱུ་འཕྲུལ་ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་དང་། དགྱེས་རྡོར་ལས། དེ་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང་། བདག་ཉིད་ཆེན་པོ་ས་སྐྱ་པས་ཀྱང་། རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལས་ཀྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ས་ལ་ངོ་བོ་གཅིག །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཞེས་དང་། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་གྱུར་ཡིན། །དེས་ན་ལྷུན་གྲུབ་གནས་གྱུར་མི་འགལ་བ། །མཐར་ཕྱིན་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཞེས་གསུངས། དེ་ལྟ་བུའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་ངེས་པ་མ་རྙེད་ན། སྔགས་ལམ་དུ་ཞུགས་པའི་ཚེ་རང་བཞིན་དག་པའི་ཆོས་ལ་ངེས་པར་ཐེ་ཚོམ་ཟ་བར་འགྱུར་བས། རྩ་ལྟུང་དགུ་པ་ཕོག་པར་གདོན་མི་ཟ་བའི་ཕྱིར། ཅི་ནས་ཀྱང་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྙེད་པའི་ཐབས་ལ་འབད་པར་བྱའོ་ཞེས་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་སྐུ་མཆེད་ཀྱིས་རྗེས་སུ་གདམས་པར་མཛད་པ་ཡིན་ནོ། །དེ་ལྟར་ངེས་པར་བྱས་ནས་ལམ་ལྟ་སྒོམ་སྤྱོད་འབྲས་བཞིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཡང་། ཡང་དག་སྙིང་པོའི་གཞུང་ལས། ལྟ་བ་སྟོང་གསལ་ཀུན་གྱི་དངོས་གཞི་འགྱུར༔ སྒོམ་པ་རང་གྲོལ་རྒྱུན་ཆད་མེད་པར་གནས༔ སྤྱོད་པ་རང་བྱུང་རེ་དོགས་མེད་པར་ཤར༔ སྐྱེ་མེད་འགག་མེད་རྩོལ་བ་མེད་པར་འབྱུང༔ འབྲས་བུ་འགྱུར་མེད་ཡོན་ཏན་ལྷུན་གྱིས་གྲུབ༔ དབུ་མཇུག་དོན་རྣམས་དེ་ལྟར་ཤེས་པར་བྱ༔ བྱར་མེད་དོན་དེ་ཉམས་སུ་བླངས་ཐབས་ཀྱང༔ བདག་ཉིད་ཀུན་བཟང་ཧེ་རུ་ཀ་ཡི་སྐུ༔ སྣང་ལ་རང་བཞིན་མེད་པ་ཡེ་ཤེས་སྒྱུ་མའི་སྐུ༔ རུ་ལུ་མ་འགགས་སྒྲ་གྲགས་རང་བྱུང་ཡེ་ཤེས་གསུང༔ སེམས་ཉིད་རང་བྱུང་ཡེ་ཤེས་སྟོང་གསལ་ཡེ་ཤེས་ཐུགས༔ སྐུ་གསུང་ཐུགས་སུ་དབྱེར་མེད་ཡང་དག་གྲུབ་པ་ཡིན༔ སེམས་ཉིད་ཐིག་ལེ་ཉག་གཅིག་མི་འགྱུར་རང་གནས་གཅིག་པུ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་བདེ་ཆེན་འགྱུར་མེད་ཀུན་འདུས་པ༔ རྣལ་འབྱོར་ཡང་རབ་བློ་ལ་སྐུ་གསུམ་མ་བསྒྲུབས་ཡེ་ནས་རྫོགས༔གཉིས་མེད་ཡེ་ཤེས་རང་བྱུང་མཁའ་འགྲོ་སྒྱུ་མ་ལྟ་བུར་རང་བཞིན་བདེ༔ ཞེས་གསུངས་པ་དང་གཞན་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས། འདི་ལྟར་སེམས་ཉིད་སྣ་ཚོགས་སུཿ སྣང་ཞིང་སྲིད་པའི་དངོས་པོ་ཀུན༔ རང་བཞིན་རྣམ་དག་ལྷ་ཡི་དབྱིངས༔ ལྷ་ཡི་རོལ་པ་ལྷ་ཡི་སྐུ༔ དེ་བཞིན་དངོས་གཞན་མ་ལུས་པ༔ ཡེ་ནས་ལྷ་ཡི་རང་བཞིན་ལས༔ ལྷ་ཡི་གཞི་ཞེས་རབ་ཏུ་བརྗོད༔ ཅེས་དང་། ཀུན་བྱེད་ལས། ཀྱཻ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པ་ཆོས་དབྱིངས་ངང་ལ་བཀོད། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་གི་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཀྱཻ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་སྟོན་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་གསུངས་པས། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་ངོ་བོར་གནས་པས། དེའི་རྩལ་ལས་ཤར་བའི་རོལ་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཡེ་ནས་ལྷའི་ཕྱག་རྒྱ་ལས་མི་འདའ་བས་ན། གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ། སྒྲ་རུ་གྲགས་པ་ཐམས་ཅད་སྙིང་པོ་སྔགས་ཀྱི་དབྱངས། སེམས་ཀྱི་འགྱུ་འཕྲོའི་དྲན་རྟོག་ཐམས་ཅད་ཐུགས་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་ཤེས་པར་བྱས་ནས་གཉུག་མ་རྡོ་རྗེའི་སྲོག་སྒྲུབ་པ་ནི་ལམ་གྱི་ནང་ནས་ཉེ་ལམ་ཟབ་པའི་མཐར་ཐུག་ཏུ་ཤེས་པར་བྱ་སྟེ་ཞིབ་པར་འོག་ཏུ་སྟོན་ནོ། །མདོར་ན་འདི་ལྟར་སྣང་ཞིང་ཞེན་པའི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་པ་ལྷ་ཡི་འཁོར་ལོར་གནས་པ་ནི་སྒྲུབ་གཞི་དམ་ཚིག་སེམས་དཔའ། དག་པ་མཐར་ཕྱིན་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་མཉམ་པ་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་གནས་པ་ནི་ཡེ་ཤེས་སེམས་དཔའ། དེ་གཉིས་ཀའང་གནས་ཚུལ་དུ་ངོ་བོ་གདོད་མ་ནས། དབྱེར་མི་ཕྱེད་པའི་རང་བཞིན་དག་མཉམ་བདེན་པ་དབྱེར་མེད་སྣང་སྟོང་ཟུང་འཇུག་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ངོ་བོར་གནས་པ་ནི་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའམ་གཞི་འབྲས་དབྱེར་མེད་པའི་དོན་དེ་དྲི་མ་སྦྱང་བའི་གཞི། དེ་ལྟར་མ་རྟོགས་པའི་དབང་གིས་རང་བཞིན་ཐ་དད་དུ་བཟུང་བའི་ཞེན་རྟོག་མེད་སྣང་འཁྲུལ་པའི་བག་ཆགས་སྣང་གསུམ་འཕོ་བའི་སྒྲིབ་པ་ཕྲ་བ་དང་བཅས་དྲི་མ་གློ་བུར་བའི་ཆོས་རྣམས་ནི་སྦྱང་བྱ། དེ་སྦྱོང་བྱེད་ཀྱི་ཐབས་སམ་ལམ་ནི་འཁྲུལ་པ་ཀུན་བཏགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་རིམ་གྱིས་སྦྱོང་བར་བྱེད་པ་ཡིན་ཞིང་། ཇི་ལྟར་སྦྱང་ན་འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བ་བྱེད་པ་ཡིན་ལ། བསྒྱུར་ཚུལ་ཡང་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས་གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ་རྒྱུ་མཚན་དེས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན་མཚན་ཉིད་ཀྱི་ཐེག་པས་གཞི་སྤང་འགེགས་སྦྱོང་བའི་ལམ་ལས་ཁྱད་པར་དུ་འཕགས་པའི་གནད་ཤེས་པར་བྱའོ། །གཉིས་པ་གང་གིས་སྒྲུབ་པའི་ཐབས་སྒོམ་དོན་སྙིང་པོར་དྲིལ་ཏེ་རྣམ་པར་བཤད་པ་ལ་གསུམ། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་བསྐྱེད་བཟླས་བསྙེན་སྒྲུབ་སྐྱི་རྣལ་འབྱོར། རྗེས་ཆོ་གའི་ཡན་ལག་གཞན་བཤད་པའོ། །དང་པོ་ལ། སྦྱོར་བ་ཡོ་བྱད་ཀྱི་ཤོམ་དང་། སྔོན་འགྲོ་དངོས་གཉིས་ལས། དང་པོ་ནི། སྤྱིར་མངའ་བདག་ཉང་གི་གཏེར་བྱོན་པདྨའི་ལམ་རིམ་ཆེན་མོ་ལས། ཕུན་སུམ་ཚོགས་ལྔས་སྒྲུབ་གཞི་བཟུང་བ་ནི། །བྲག་ནག་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་རྩི། །ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག །དད་གུས་དབང་ངམ་ཤེས་རབ་གདེང་དང་ལྡན། །ཟས་སྨན་མཆོད་བསྐང་སྒྲུབ་པའི་རྫས་རྣམས་བསགས། །མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ། །ཞེས་གསུངས་པས། གང་དུ་སྒྲུབ་པའི་གནས་བྲག་དང་ནགས་ཚལ་དང་ས་ཕུག་དང་དུར་ཁྲོད་སོགས་གནམ་ས་བར་གྱི་དཔྱད་ལེགས་ཤིང་ཁྱད་པར་ཡིད་དུ་འོང་བས་ཉམས་དགའ་བ། སྔོན་བསྒྲུབས་པས་བཀྲ་ཤིས་པ། འཕགས་པའི་ཞབས་ཀྱིས་བཅགས་པས་བྱིན་ཆེ་བ། རང་རང་གི་རིགས་དང་མཐུན་པས་སྒྲུབ་ཐག་ཉེ་བ་སྟེ་མཚན་ཉིད་བཞི་དང་ལྡན་པར། ནམ་སྒྲུབ་པའི་དུས་ཚེས་གྲངས་གཅིག་གསུམ་བརྒྱད་དམ་བཅོ་ལྔ་སོགས་ཟླ་བ་ཡར་གྱི་ངོ་། སྐར་མ་རྒྱལ་དང་གཟའ་ཕུར་བུ་དར་བ་སོགས་འཕྲོད་སྦྱོར་དགེ་ཞིང་ཤིས་པའི་དུས་ཚོད་སྔ་དྲོའི་ཆ་ལའོ། །གང་སྒྲུབ་པ་པོ་དད་པ་ཆེ་བས་དཀར་པོའི་ཆོས་ལ་འཇུག་ནུས་པ། མོས་གུས་ཆེན་པོས་བླ་མ་སངས་རྒྱས་སུ་མཐོང་བས་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། དབང་བཞི་ཐོབ་པས་མན་ངག་ཟབ་མོ་སྒོམ་སྒྲུབ་ཀྱི་སྣོད་དུ་རུང་བ། དམ་ཚིག་གཙང་བས་སྒྲུབ་པའི་གཞི་ཐེངས་པ། ཤེས་རབ་ཆེ་བས་ངེས་པའི་དོན་གོ་ནུས་པ། ལྟ་བའི་གདེང་དང་ལྡན་པས་ཉམས་ང་དང་འཁུ་འཕྲིག་མེད་པ་སྟེ་ཆོས་དྲུག་དང་ལྡན་པས། མཁོ་བའི་ཡོ་བྱད། འཚོ་བའི་ཟས། ནད་བཟློག་སྨན། དགྲ་བཟློག་མཚོན་ཆ། བགེགས་བཟློག་ཡུངས་ཀར། མཆོད་པ་བསྐང་རྫས་ཚོགས་ཀྱི་ཡོ་བྱད། སྒྲུབ་པའི་རྟེན་སོགས་གཞུང་ནས་ཇི་སྐད་བསྟན་པ་བཞིན་ཚོགས་པར་བྱས་ནས། སྒྲུབ་པའི་ཐབས་ཐོག་མ་ནས་བློ་མ་དྲེད་པར་དཀའ་ཐུབ་ཀྱིས་སྡེ་བཙུགས་ནས་གང་བསྒྲུབ་བྱའི་ལྷ་སྔགས་ཆོས་ཉིད་ཟབ་མོ་ལ་དམིགས་པ་རྩེ་གཅིག་པས་དངོས་གྲུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་སྙིང་རུས་ཆེན་པོས་སྒྲུབ་པར་མཐར་འདོན་པར་བྱའོ། །དེ་ལྟར་ངེས་པར་བྱས་ནས་མཚམས་སོགས་ཀྱི་སྐབས་སུ་ཇི་ལྟར་བྱ་བའི་རིམ་པ་རྣམས་ནི་རིག་འཛིན་སྔ་མ་རྣམས་ཀྱི་གསུང་། གསང་བ་སྤྱི་འགྲེལ་ལྟར་ཤེས་པར་བྱ་ཞིང་། འདིར་དགོས་ཆོས་བྱེ་བྲག་པའི་ཆོས་རྣམས་བཤད་ན། གནས་ཁང་ཕྱག་དར་དང་རྒྱན་གྱིས་བརྒྱན་པའི། རང་མདུན་དུ་མཚན་ཉིད་དང་ལྡན་པའི་ཐོད་སྐུའམ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་དུ་སྟེགས་བུ་ལ་འཛོམས་ན་རས་བྲིས་ཀྱི་ལྟེ་བར་འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར་སྒྲུབ་ཕུར་ཚད་ལྡན་དར་མཐིང་ནག་གི་ཅོད་པཎ་ཅན་བདུག་བྲབ་བྱུག་གསུམ་གྱིས་གཟི་བྱིན་བསྐྱེད་པ་ཨེ་ཁྲོམ་ལ་གཟུག་པའི་སྟེང་དུ། དཔལ་གཏོར་རཀྟའི་ཐིག་ལེ་དགུས་མཚན་པ་སྐུ་རྟེན་དར་གདུགས་དང་བཅས་པ་བཀོད། མདུན་དུ་སྨན་གཏོར་རཀྟ་དང་། ཆུ་གཉིས་ཉེར་སྤྱོད་སོགས་ཀྱི་མཆོད་པའི་ཡོ་བྱད་ཅི་འཛོམས་དང་། ཚེ་སྒྲུབ་དང་འབྲེལ་ན། སྒྲུབ་རྟེན་གྱི་མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་རྣམས་ཀྱང་བཀོད། རང་དོན་སྤྲོས་མེད་རྒྱུན་གྱི་ཉམས་ལེན་དང་ཕྲིན་ལས་དཀྱུས་ཙམ་ལ་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་ཙམ་བཤམས་པས་ཆོག གང་ལྟར་ཡང་སྔོན་གཏོར་ཚོགས་ཀྱི་ཡོ་བྱད། ཆད་བརྟན་གཏོར་འབུལ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྔོན་འགྲོ་དངོས་ལ། ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ལ་གཉིས། ལམ་གྱི་རྟེན་གཞི་སྐྱབས་སེམས། བསགས་སྦྱང་གི་སྙིང་པོ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། སྙན་བརྒྱུད་ཡང་དག་ཟབ་ཏིག་ལས། དལ་འབྱོར་རྙེད་དཀའ་དོན་ཆེ་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ཡིད་འབྱུང་དྲག་ཏུ་བསྐྱེད༔ རང་གཞན་སྡུག་བསྔལ་ལས་སྒྲོལ་ཕྱིར༔ སྐྱབས་སོང་བྱང་ཆུབ་སེམས་མཆོག་བཟུང༔ ཞེས་གསུངས་པ་ལྟར་ཞིབ་ཏུ་འཆད་འོས་ཀྱང་འདིར་ཡི་གེས་འཇིགས་ལ། ས་ཁོངས་ཙམ་དུ་འདི་ལྟར་ངོ་བོ་རྒྱུ་རྐྱེན་དཔེ་གྲངས་ཚུལ་གང་ལ་བསམས་ཀྱང་ཡང་ཡང་རྙེད་དཀའ་ཞིང་། རྙེད་ན་དོན་ཆེན་པོ་དང་ལྡན་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་ཆེས་ལྷག་པའི་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ། ད་རེས་ལན་གཅིག་སྔོན་བསགས་བཟང་པོའི་མཐུས་རྙེད་པ་འདི་ཆུད་ཟོས་སུ་མ་སོང་བར་གཏན་དུ་ཕན་པའི་ཆོས་གཤའ་མ་ཞིག་བསྒྲུབས་ནས་སྙིང་པོ་ལེན་པར་བྱ་དགོས་ཏེ། ཨོ་རྒྱན་ཆེན་པོས། དལ་འབྱོར་རྙེད་དཀའ་ཨུ་དུམ་བཱ་ར་འདྲ། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་སྒྲོལ་བར་མཛོད། །ཅེས་གསུངས་སོ། །དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན། སྔར་སྐྱེས་པ་རྣམས་ལུས་པ་མེད་པའི་ཕྱིར་དང་། ཚེ་ལ་སྣོན་མ་མེད་ཅིང་འབྲིད་པ་ཡོད་པའི་ཕྱིར་དང་། ལུས་སེམས་འདུས་བྱས་ཀྱི་ཚོགས་པ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་གྱིས་ངེས་པར་འཆི། དེ་བཞིན་དུ་ཚེ་ལ་དུས་བཏབ་མེད་པའི་ཕྱིར་དང་། འཚོ་བའི་རྐྱེན་ཉུང་ཞིང་འཆི་རྐྱེན་མང་བའི་ཕྱིར་དང་། ལུས་འདུས་བྱས་ཆུ་བུར་བཞིན་དུ་སྐད་ཅིག་གིས་གཡོ་ཞིང་མི་བརྟན་པའི་ཕྱིར་ནམ་འཆི་ཆ་མེད། འཆི་བའི་ཚེ། བསགས་པའི་ནོར། འབྲེལ་བའི་གཉེན། བརྩིགས་པའི་མཁར། གང་གིས་ཀྱང་མི་ཕན་པར། ཐ་ན་གཅེས་པར་བསྐྱངས་པའི་ལུས་ཀྱང་བཞག་ནས་འགྲོ་དགོས་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་སོ། །དེ་ལྟར་ཤི་ནས་ཀྱང་ཅང་མེད་དུ་མི་འགྲོ་སྟེ། སྐྱེ་བ་ལེན་དགོས། དེའི་ཚེ་ནའང་ལས་དགེ་སྡིག་གཉིས་པོ་ནི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་ལྷན་ཅིག་ཏུ་འགྲོགས་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་མངའ་ཐང་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། དེས་ན་ཀུན་སློང་དུག་གསུམ་གྱིས་བསྐྱེད་པའི་ལས་སྦྱོོར་བ་གཞན་གནོད་རང་འབྲས་སྡུག་བསྔལ་སྐྱེད་བྱེད་མི་དགེ་བའི་ལས་རྣམས་སྲོག་ལ་བབས་ཀྱང་སྤངས་ཤིང་། ཀུན་སློང་དུག་གསུམ་མེད་པ། སྦྱོར་བ་གཞན་ཕན། རང་འབྲས་བདེ་བ་སྐྱེད་བྱེད་དགེ་བའི་ལས་ལ་ཅི་ནུས་སུ་བརྩོན་ཞིང་དེ་ཡང་དམ་པ་གསུམ་གྱིས་རྩིས་ཟིན་པ་གལ་ཆེའོ། །གལ་ཏེ་མི་དགེ་བའི་ལས་ཀྱིས་འབྲས་བུ་ངན་སོང་གསུམ་དུ་སྐྱེས་ན་ནི་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས་སྡུག་བསྔལ་བཟོད་གླགས་མེད། ཟག་བཅས་དགེ་བའི་ལས་ཀྱིས་མཐོ་རིས་རྣམས་སུ་སྐྱེས་ཀྱང་འགྱུར་དང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས། ཁམས་གསུམ་གྱི་འཁོར་བའི་གནས་འདི་ནི་མེ་ཡི་འོབས་སམ་སྲིན་མོའི་གླིང་ལྟ་བུར་ཤེས་པའི་ངེས་འབྱུང་གི་བློ་ཡང་དག་པ་རྒྱུད་ལ་བསྐྱེད་པར་བྱ་སྟེ་མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་གསུངས། དེ་ལྟ་བུའི་འཇིགས་པ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་གསུམ་མ་གཏོགས་གཞན་གང་ཡང་མེད་དེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཕ་མ་ཁྱེད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །འཇིགས་གྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་དང་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ལྷ་དང་དྲི་ཟ་མི་རྣམས་ལས། །གང་དག་དེ་ལ་སྐྱབས་སོང་བ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །བདེ་བ་རྙེད་པ་དཀའ་བ་མིན། །ཞེས་སོ། །དེས་ན་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱི་ལྟར་ན། སངས་རྒྱས་ཆོས་དང་དགེ་འདུན་གསུམ། ནང་ལྟར་ན། བླ་མ་ཡི་དམ་མཁའ་འགྲོ་གསུམ། གསང་བ་ལྟར་ན། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྟེ་སློབ་དཔོན་བཱི་མ་ལས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་ལས། གནས་གསུམ་བསྟན་པའི་ཡུལ་དེ་ལ། །ཞེས་སོ། །དེ་ཐམས་ཅད་ཀྱང་རང་གི་རྩ་བའི་བླ་མར་འདུ་སྟེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་སོ། །དེ་ལ་སྐྱབས་སུ་འགྲོ་བའི་རྒྱུའམ་ཐབས་ནི། དཀོན་མཆོག་གི་ཡོན་ཏན་དང་། འཁོར་བའི་འཇིགས་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་གསུམ་གྱིས་འགྲོ་སྟེ། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །ཞེས་དང་། མདོ་རྒྱན་ལས། དེ་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིགས་བྱ། །ཞེས་སོ། །དུས་ཇི་ཙམ་དུ་འགྲོ་བ་ནི། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟེ། འདི་ནས་བྱང་ཆུབ་ཐོབ་བར་རོ། །ཞེས་སོ། །ཚུལ་ཇི་ལྟ་བུས་འགྲོ་བ་ནི་གནས་སྐབས་སུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དང་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་རང་རྒྱུད་ལ་ཐོབ་པར་འདོད་པ་མཚན་ཉིད་རྒྱུའི་སྐྱབས་འགྲོ་དང་། ད་ལྟ་ནས་རང་སེམས་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གྲུབ་པར་ཤེས་པས་སྐྱབས་སུ་འགྲོ་བ་ནི་རྡོ་རྗེ་ཐེག་པའི་ལུགས་ཏེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་ནི། ཐུན་མོང་དུ་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་གསུམ་ལས། དང་པོ་དགག་པའི་བསླབ་བྱ་གསུམ་ནི། པཎ་ཆེན་བི་མ་ལས། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོད་སྦྱིན་མི་བསྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤངས་ཤིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །ཞེས་སོ། །གཉིས་པ་སྒྲུབ་པའི་བསླབ་བྱ་གསུམ་ཡང་། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལའང་། །དད་མོས་སྒོ་ནས་སྟོན་པར་བརྟག །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་བ་མི་གདབ་སྤྱི་བོར་བླང་། །གང་ཟག་དག་དང་མ་དག་ལ། དམ་པར་བལྟ་བར་བྱ་བ་ཡིན། །ཞེས་སོ། །གསུམ་པ་ཆ་མཐུན་གྱི་བསླབ་བྱ་ཡང་། ལུས་སྲོག་ཕྱིར་ཡང་གསུམ་མི་སྤོང་། །དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཆེ་བའི་ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཅིང་མཆོད་པ་ཡིན། །རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །ཞེས་སོ། །འབྲས་བུའི་བསླབ་བྱ་དེའི་སྟེང་དུ་མཆོད་འོས་མི་བསླུ་ཞིང་དམ་པ་རྣམས་ལ་སྐུར་འདེབས་སྤངས་པ་དང་། ཆོས་མཉམ་པ་ཉིད་ཀྱི་ཚུལ་ལ་ནན་ཏན་བྱ་བ་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། བླ་མར་སྐྱབས་སོང་མཆོད་འོས་མི་བསླུ་ཞིང་། །དམ་པ་རྣམས་ལ་སྐུར་འདེབས་མི་སྙན་སྤངས། །ཞེས་དང་། འབྲས་བུའི་བསླབ་བྱ་མཉམ་ཉིད་ནན་ཏན་བྱ། །བཟང་ངན་མི་རྟོག་མཆོག་དམན་བླང་དོར་མིན། །སྤྲོས་ལ་མི་བརྟེན་ཆོས་ཉིད་གཉུག་མར་སྦྱང་། །ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་ཏུ་སྤྱད། །ཅེས་སོ། །དེ་ལྟར་སྐྱབས་སུ་སོང་བའི་དགོས་པ་དང་ཕན་ཡོན་གྱི་ཁྱད་པར་ཡང་། བི་མ་ལས། མུ་སྟེགས་སྤྱོད་པ་ལས་ལོག་ཡིན། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་དང་ནད་ཉུང་རིང་། །བྱང་ཞིང་སོག་པའི་ཕན་ཡོན་ནོ། །ཞེས་རྣམ་གྲངས་བརྒྱད་དུ་གསུངས་པས་མཚོན་མཐའ་ཡས་ཏེ། མདོར་ན་དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། དེ་ལྟར་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་སུ་སོང་བའི་རྗེས། །ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་འཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པས། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་སྟེ་ཟུར་གཉིས་དང་ལྡན་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་ལྟར་བསྐྱེད་ཅིང་སྒོམ་པའི་ཚུལ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་གཟུང་འཛིན་གྱི་འཁྲུལ་པ་ལུ་གུ་རྒྱུད་དུ་འཕྱན་ནས་འདུ་བྱེད་ཟག་བཅས་ཀྱི་ལས་བསགས་པའི་དབང་གིས། མེད་སྣང་སྲིད་པའི་གནས་སུ་འཕྱན་ཞིང་སྡུག་བསྔལ་མུ་མཐའ་མེད་པ་ལ་ལོངས་སྤྱོད་པ་འདི་ཐམས་ཅད་ཚེ་རབས་ཐོག་མ་མེད་པའི་དུས་ནས་འཁོར་བ་ན་འཁོར་བའི་ཚེ་རང་གི་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པས། འདི་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་ལ་གནས། ཉེ་རིང་ཆགས་སྡང་སོགས་ཀྱི་བློ་དང་བྲལ་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེད་ཐོབ་ན་ཅི་མ་རུང་དེ་ལ་བདག་གིས་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཐོག་མར་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དང་། དེའི་ཆེད་དུ་དཔལ་ཧེ་རུ་ཀའི་བསྙེན་སྒྲུབ་ཟབ་མོ་ལ་ཚུལ་བཞིན་དུ་འཇུག་པར་བགྱིའོ་སྙམ་དུ་དམ་བཅས་ཤིང་སྦྱོར་བ་ལག་ལེན་གྱིས་ཁྱབ་པ་ནི་འཇུག་པ་སེམས་བསྐྱེད་དེ། བྱང་ཆུབ་ཀྱི་སེམས་འདི་ལ་དབྱེ་སྒོ་མང་ཡང་བསྡུ་ན་འདི་གཉིས་ཀྱི་ནང་དུ་མ་འདུས་པ་གང་ཡང་མེད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་གཉིས་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པར་ཤེས་པར་བྱ། །ཞེས་དཔེ་དང་བཅས་སྟེ་གསུངས་པ་བཞིན་ནོ། །དེའི་བསླབ་བྱ་ལ་དབྱེ་ན་དཔག་ཏུ་མེད་ཀྱང་བསྡུ་ན་སྨོན་འཇུག་གི་བསླབ་བྱ་གཉིས་སུ་འདུ་སྟེ། སྨོན་པའི་བསླབ་བྱ་ནི་ཚད་མེད་བཞི་ལ་བློ་སྦྱོང་བ་དང་། དཀར་ནག་ཆོས་བཞིར་བླང་དོར་བྱ་བ་ཡིན་ཏེ། སེམས་ཉིད་ངལ་གསོ་ལས། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམ། །དེ་ཡི་མི་མཐུན་ཕྱོགས་སྤང་སེམས་བསྲུང་བྱ། །ཞེས་དང་། མདོར་ན་ནག་པོའི་ཆོས་བཞི་སྤང་བྱ་ཞིང་། །དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། །ཞེས་སོ། །འཇུག་པའི་བསླབ་བྱ་ནི། མོས་བསྔོ་ཡི་རང་སོགས་ཐབས་ལ་མཁས་པས་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་བསླབས་ཤིང་དེའི་མི་མཐུན་ཕྱོགས་རྣམས་སྤངས་པ་ཡིན་ཏེ། དེ་ཉིད་ལས། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱད། །དེ་ཡི་མི་མཐུན་ཕྱོགས་སྤངས་བརྩོན་པར་བྱ། །ཞེས་སོ། །དེ་ལྟར་སེམས་བསྐྱེད་པའི་ཕན་ཡོན་ཡང་། བྱམས་སྨོན་ལས། ངན་འགྲོ་ལས་ནི་ཟློག་བྱེད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། གནས་སྐབས་སུ་ངན་འགྲོའི་འཇིགས་པ་མཐའ་དག་ལས་གྲོལ་བ་དང་། མཐོ་རིས་ཀྱི་བདེ་བའི་ཁྱད་པར་མཐའ་དག་འཐོབ་པ་དང་། མཐར་ཐུག་རྒ་ཤི་མེད་པ་ཐར་པ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པ་སོགས་ཕན་ཡོན་གྱི་ཁྱད་པར་ཚད་མེད་པ་དང་ལྡན་ཏེ། མདོར་ན་དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་གོ་དོན་རྣམ་པར་བཞག་པ་བློ་ལ་ངེས་པར་བྱས་ནས་སྐབས་ཀྱི་བསྒོམ་དོན་དངོས་ནི། གནས་ཁང་ཡེ་ཤེས་རོལ་པའི་གཞལ་མེད་ཁང་དག་པའི་ཞིང་གི་འབྱོར་པ་ཚད་མེད་པས་མངོན་པར་འཕགས་པའི་ནང་ཁོངས་སུ། རང་ཉིད་གཉུག་མའི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་མ་ཚང་བ་མེད་པ་བསམ་གྱིས་མི་ཁྱབ་པ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་བཞིན་དུ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་མོས་ལ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་འགྲོ་བ་དང་། འགྲོ་རྣམས་བསྒྲལ་འདོད་ཀྱི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཅས་ཚིག་རྗེས་སུ་དོན་དྲན་བཞིན་པའི་ངང་ནས། ན་མོ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ ཞེས་སོགས་བརྒྱ་སྟོང་ཁྲི་འབུམ་ཅི་འགྲུབ་བྱ་ཞིང་དོན་བློ་ཡུལ་དུ་འདྲེས་ངེས་བྱའོ། །མཐར་ཚོགས་ཞིང་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས། སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཡོན་ཏན་ཐམས་ཅད་ཐོབ་པར་མོས་ལ། མཐར་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཉམ་པར་བ ཞག་གོ །གཉིས་པ་ལ། ཐུན་མོང་དུ་རྟེན་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱང་བ་དང་། མཐུན་རྐྱེན་ཚོགས་བསགས་པ་དང་། བྱིན་རླབས་བླ་མའི་རྣལ་འབྱོར་ཏེ་བཞི་ལས། དང་པོ་ནི། ཨཱཿ རང་གི་མདུན་གྱི་ནམ་མཁའ་རུ༔ ཞེས་སོགས་ཏེ། དེ་ཡང་། ཨ་ནི་སྐྱེ་བ་མེད་པའི་དོན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གཉུག་མའི་ངོ་བོར་དག་པའི་རང་མདངས། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་དག་པའི་ཞིང་གི་འབྱོར་པ་ཚད་མེད་པས་བརྒྱན་པ། ཡེ་ཤེས་ལྔ་ཡི་རང་བཞིན་འོད་ལྔའི་ཟེར་ཕྲེང་འཕྲོ་བའི་ཀློང་དུ། མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ། ངོ་བོ་རང་ལ་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པའི་རྩ་བའི་བླ་མ་ཉིད། རྣམ་པ་རིགས་རྣམས་ཀུན་གྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་སྐུ་མདོག་དཀར་པོ། ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག་པ། ཐབས་ཤེས་ཟུང་དུ་འབྲེལ་བའི་ཕྱག་གཉིས་ཀྱི། གཡས་པས་ཐབས་བདེ་བ་ཆེན་པོའི་རང་བཞིན་མཐའི་རྟོག་པས་མི་ཕྱེད་པའི་བརྡར་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པས་ཤེས་རབ་སྐྱེ་བ་མེད་པ་དབྱིངས་སྟོང་པ་ཉིད་མཚོན་བྱེད་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། རང་འོད་ཀྱི་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་བདེ་སྟོང་གཉིས་སུ་མེད་པར་སྦྱོར་ཞིང་། སྲིད་ཞིའི་མཐའ་ལ་མི་གནས་པའི་ཞབས་གཉིས་ཡབ་རྡོ་རྗེ་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། དེ་ཡང་ང་རྒྱལ་མ་སྤངས་གནས་སུ་དག་པས་སྐུ་ཤ་དང་ཕྱག་ཞབས་མཉེན་པ། དེ་བཞིན་དུ་ཞེ་སྡང་དག་པས་ཡན་ལག་ལྕུག་པའམ་དཀུ་སྐབས་ཕྱེད་ཅིང་འཚམ་པ། འདོད་ཆགས་དག་པས་ཐབས་ཤེས་ཕན་ཚུན་འཁྲིལ་བའམ་འཁྲིལ་བག་ཆགས་པས་ལྷོད་པོར་མ་གྱུར་པ། ཕྲག་དོག་དག་པས་སྐུ་དྲངས་ཤིང་ཚིགས་མཚམས་སོགས་འཕྲུལ་ལྡེམ་ཆགས་པ། གཏི་མུག་དག་པས་སྐུ་ལ་གཞོན་ཤ་ཆགས་པ། མ་རིག་པ་སྤངས་པས་སྐུ་གཙང་ཞིང་ཁ་དོག་མ་འདྲེས་པར་གསལ་བ་ཡེ་ཤེས་རྒྱས་པས་བཀྲག་ཅིང་མུ་མེད་པའི་འོད་ཟེར་འཕྲོས་པས་འཚེར་བ། མཚན་དང་དཔེ་བྱད་རྫོགས་པས་བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྡུག་པ། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་དང་ལྡན་པ་སྟེ། རྒྱུད་ལས། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །ཞེས་གསུངས་པས་སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །ཡབ་ཀྱི་སྐུ་ལ་དུག་ལྔ་དང་ཕུང་ལྔ་དག་པ་མཚོན་བྱེད་དར་གྱི་ཆས་གོས་ལྔ་སྟེ། དར་མཐིང་ཁྲིའི་ཟི་ལྡིར་ཏེ་རྒྱབ་འཕན། དར་སྣ་ལྔ་ཡི་ཅོད་པཎ། གར་གྱི་ཕུ་དུང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུ་ནི་ཁྲ་བོའི་མིང་ཡིན་པས་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་རྣམས་སོ། །རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའམ་ཆེ་བའི་ཡོན་ཏན་རྫོགས་པའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན་ནོར་བུའི་རྩེ་ཕྲན་ཅན། དེ་བཞིན་དུ་རིན་པོ་ཆེའི་སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ་ཏེ་རིན་པོ་ཆེ་སྣ་ཚོགས་སྤེལ་བའི་ཕྲེང་བ་ལྟེ་འོག་ཏུ་སླེབ་པ། སེན་མོ་དོ་སྟེ་དེ་ལས་ཐུང་བ་ནུ་སྟེང་དུ་སླེབ་པ། ཕྱག་གདུབ། ཞབས་གདུབ། སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པ་སྟེ། རྒྱན་ཆས་འདི་རྣམས་ལ་ངོས་འཛིན་ཅུང་མི་འདྲ་བ་འགའ་སྣང་མོད་འདིར་ནི་སྨིན་ལུགས་ལྟར་བཀོད་པའོ། དེ་ལྟར་རྒྱན་ཆས་བཅུ་གསུམ་རྫོགས་པ། ཡུམ་ལ་རུས་པའི་འཁོར་ལོ་ཆོས་དབྱིངས་ཡེ་ཤེས། དེ་བཞིན་དུ། རྣ་ཆ་སོར་རྟོགས། མགུལ་རྒྱན་མཉམ་ཉིད། གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་ཡེ་ཤེས་ལྔ་མཚོན་པའི་རུས་པའི་ཕྱག་རྒྱ་ལྔ་སྟེ། འདི་ལ་ཕར་ཕྱིན་དང་སྦྱར་བའི་དག་སྦྱོར་ཡང་ཡོད་དོ། །གཞན་ཡང་དར་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་འཛེས་པར་སྤྲས་པ། ཡབ་ཡུམ་བདེ་བ་ཆེན་པོ་མཆོག་ཏུ་རྒྱས་པའི་རང་རྩལ། ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་གམ་རྟོག་ཚོགས་ཁྲོ་བོ་ཁྲོ་མོ་སྟེ་གདན་གསུམ་ཡོངས་རྫོགས། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་ཡི་དམ་ཞི་བ་དང་ཁྲོ་བོ། ཡོན་ཏན་དཔའ་བོ་དང་རྣལ་འབྱོར་མ། ཕྲིན་ལས་ཆོས་སྐྱོང་སྲུང་མ་སྟེ། ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་སྐུ་གསུམ་སྟེ་སྐྱབས་ཀུན་འདུས་པའི་ངོ་བོ། དྲན་པ་ཙམ་གྱིས་སྲིད་ཞིའི་རྒུད་པ་སེལ་ཞིང་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་བསྐྱེད་ནུས་པའི་བདག་ཉིད་ཅན་དུ་བཞུགས་པར་བསམ་པའོ། །གཉིས་པ་དངོས་གཞིའི་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བའི་གེགས་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བཟླས་སྒོམ་ནི། བླ་མ་རྡོ་རྗེ་སེམས་དཔའ་ལ༔ ཞེས་སོགས་ཏེ། དེ་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་སྡིག་པ་བཤགས་པ་ལ་གཉེན་པོ་སྟོབས་བཞི་ཚང་དགོས་པས། སྨོས་མ་ཐག་པ་ལྟར་མདུན་མཁར་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་ཀུན་འདུས་པའི་བདག་ཉིད་དུ་གསལ་བའི་སྐུ་ཡི་གནས་གསུམ་དུ། པད་ཟླའི་གདན་ལ་ༀ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་རང་མདོག་དང་མཚུངས་པའི་ཡི་གེ་བརྒྱ་པའི་སྔགས་ཕྲེང་གིས་གཡས་སུ་བསྐོར་བར་གསལ་བ་ནི་རྟེན་གྱི་སྟོབས། སྔར་བྱས་ཀྱི་ལས་སྤྱི་དང་ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་འགལ་འཁྲུལ་བྱུང་བ་ལ་གནང་འགྱོད་ཀྱི་བསམ་པ་དྲག་པོས་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན། ཁྱེད་ལ་སྐྱབས་མཆིའོ། །ཐུགས་རྗེས་དགོངས་ཏེ་བདག་གཞན་གྱི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྩད་ནས་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་དངོས་སུ་ལྟ་ཅི། རྨི་ལམ་དུའང་མི་བགྱིད་དོ་སྙམ་པ་སྡིག་པ་ལས་ལྡོག་པའམ་སོར་ཆུད་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིའི་དམིགས་གནད་དང་ལྡན་པའི་ངང་ནས་ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླ་ཞིང་། དེ་ལྟར་སྔགས་ཟླ་བའི་ཚེ་བླ་མ་རྡོ་རྗེ་སེམས་དཔའི་སྐུ་ཡི་གནས་གསུམ་ལས་འོད་ཟེར་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཆར་བབས་པ་ལྟར་བྱུང་བ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་ལ་ཐིམ་པས། ཚེ་རབས་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱིས་བསགས་པའི་ལས་དང་རྣམ་སྨིན་གྱི་སྒྲིབ་པ་བྱང་། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་སོར་ཆུད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དངོས་གཞིའི་ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན་རྣམས་རྒྱུད་ལ་སྐྱེ་རུང་དུ་བྱས་པར་མོས་ལ། མཐར་སྡིག་ལྟུང་རང་བཞིན་མེད་པར་ཤེས་པའི་ངང་ནས་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག་སྟེ། ཐར་པ་ཆེན་པོ་ཕྱོགས་བཅུ་རྒྱས་པའི་མདོ་ལས། དྲང་{དྲག} པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེས་སྡིག་སྒྲིབ་དག་པའི་ཤེས་བྱེད་ཀྱང་བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་དང་། མདོ་ལས། གང་གིས་བསྐལ་པ་དུ་མ་རུ། །སྡིག་པ་ཤིན་དུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་སོ། །དེ་ལྟར་རྡོར་སེམས་བསྒོམས་བཟླས་བགྱིས་པའི་ཕན་ཡོན་ཡང་། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་སོ། །གསུམ་པ་ལམ་གྱི་ཡོན་ཏན་རྒྱུད་ལ་བསྐྱེད་པའི་ཐབས་སམ་མཐུན་པའི་རྐྱེན་ཚོགས་བསགས་པ་ལ། རྒྱུན་བཤགས་དང་། མཎྜལ་འབུལ་བ་གཉིས་ལས། དང་པོ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཡན་ལག་བརྒྱད་པ་སྟེ། དེ་ཡང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་མངོན་དུ་མཛད་ཅིང་གཞན་དག་ཀྱང་ཚུལ་དེ་ལ་བཀྲི་བར་མཛད་པའི་རྡོ་རྗེ་སློབ་དཔོན་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་དཔལ་ཡིན་པས་ཐོག་མར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་རྡུལ་དུ་སྤྲུལ་ནས་སྒོ་གསུམ་འཇུག་པ་གཅིག་པས་ཕྱག་འཚལ་བ་དང་། དཀོན་མཆོག་གསུམ་ནི་ལམ་གྱི་གནས་སྐབས་ན་དད་པས་བསྟེན་ཞིང་བསྙེན་པར་བྱ་བའི་ཞིང་གི་དམ་པར་གྱུར་ལ། མཐར་ཐུག་རང་བཞིན་གཉིས་སུ་མེད་པར་ཤེས་པའི་ཡིད་ཀྱིས་དོན་དམ་པའི་སྐྱབས་སུ་འགྲོ་བ་དང་། དངོས་སུ་འབྱོར་པའི་མཆོད་པ་བླ་ན་ཡོད་པ་དང་། ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་མཚུངས་པར་ཏིང་ངེ་འཛིན་གྱིས་རྣམ་པར་སྤྲུལ་པ་བླ་ན་མེད་པའི་མཆོད་པ་སྟེ་ཞིང་བསམ་སྦྱོར་བ་དག་པའི་མཆོད་པ་འབུལ་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་ཆུ་བོའི་རྒྱུན་གཅོད་པར་བྱེད་པ་སྟེ་གེགས་སུ་གྱུར་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་སོགས་སྒོ་གསུམ་གྱི་ཉེས་བྱས་མ་ལུས་པ་བཤགས་པ་དང་། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་རྣམ་པར་དག་པའི་ཆོས་ཏེ། མ་ཆགས་པར་སྤྱོད། མ་ཞེན་པར་གོམས་པ་ཀུན་ལ་རྗེས་སུ་ཡི་རང་བ་དང་། ཀུན་རྫོབ་ཏུ་ཚངས་པའི་གནས་པ་བཞིའི་དྲི་མ་དག་པ་ཚད་མེད་བཞིའི་སྒོ་ནས་སེམས་བསྐྱེད་པའམ་དོན་དམ་པར་ཡོད་མེད་རྟག་ཆད་ཀྱི་མཐའ་བཞིའི་དྲི་མ་དང་བྲལ་བའི་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་དང་། འདས་པའི་བདེ་བར་གཤེགས་པ་སངས་རྒྱས་རྣམས་ལ་ལུས་ཕུལ་བས་དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་མངོན་དུ་འགྱུར་བའི་དགོས་པ་དང་། ད་ལྟའི་དབང་ཕྱུག་སྟེ་དཀྱིལ་འཁོར་གྱི་བདག་པོ་བླ་མ་སངས་རྒྱས་ཉིད་ལ་ལུས་ཕུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དམ་པའི་སྣོད་དུ་རུང་ཞིང་དབང་དང་བྱིན་རླབས་ལ་བརྟེན་ནས་འབྲས་བུ་ཐོབ་པའི་དགོས་པ་དང་། མ་འོངས་པ་ན་འཚང་རྒྱ་འགྱུར་གྱི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་ཡིན་པས་དེ་ལ་ལུས་ཕུལ་བས་གཞན་དོན་མཐར་ཕྱིན་པའི་རྟེན་འབྲེལ་སྒྲིག་པ་སྟེ་དགོས་པ་གསུམ་གྱིས་ལུས་འབུལ་བར་རྡོ་རྗེ་ལས་རིམ་ལས་གསུངས་པ་ལྟར་རམ། ཡང་ན། ཞིང་དག་པ་བདེ་བར་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་ལ། དངོས་པོ་དག་པ་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ། བསམ་སྦྱོར་དག་པ་འཁོར་གསུམ་ཞེན་པ་དང་བྲལ་བའི་ཚུལ་གྱིས་ཏེ། དག་པ་གསུམ་གྱིས་ལུས་འབུལ་བ་སྟེ། འདི་ལ་ཚིག་འདྲ་མིན་གཉིས་འབྱུང་བ་གང་ལྟར་ཡང་ཁྱད་པར་མེད་དོ། །ཚེ་རབས་ཐོག་མ་མེད་པ་ནས་བཟུང་། ད་ལྟའི་བར་དུ་བགྲངས་པའི་བསམ་པ་ཡིད་ཀྱི་ལས་དང་། དེས་བསྐྱེད་ལུས་ངག་གི་ལས་ལ་བརྟེན་ནས་དཀར་པོ་རྣམ་པར་འཕེལ་བའི་ལས་ཇི་སྙེད་པ་དེ་ཐམས་ཅད་ཐབས་ལ་མཁས་པའི་ཤེས་རབ་ཀྱིས་བསྡུས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་བ་སྟེ། ཕན་ཡོན་གྱི་ཁྱད་པར་ཡང་དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །བསྐུལ་ཞིང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། །སྐབས་འདིར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ཆོས་འཁོར་བསྐོར་བར་བསྐུལ་བར་གཉིས་མི་འབྱུང་བ་ནི། སྔགས་ཀྱི་སྟོན་པ་ངེས་པ་ལྔ་ལྡན་ཡིན་པའི་ཕྱིར་མྱ་ངན་ལས་མི་འདའ་བ་དང་། ཆོས་དུས་གསུམ་དུས་མེད་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པས་བསྐུལ་བ་སོགས་ལ་མི་ལྟོས་པའི་ཕྱིར་རོ། །གཉིས་པ་མཎྜལ་འབུལ་བ་ནི། ༀ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་རབ་འབྱམས་དང༔ ཞེས་སོགས་ཏེ། འདི་ལ་སྤྲོ་ན་སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་སོགས་སྤྱི་ལྟར་འདུ་བྱ་སྟེ། གང་ལྟར་ཡང་། རྒྱུ་རིན་པོ་ཆེ་སོགས་ལས་བྱས་པའི་དངོས་སུ་འབྱོར་པའི་མཎྜལ་ཉིད་དམིགས་རྟེན་དུ་བྱས་ཏེ། ཕྱི་ལྟར་ན། དབང་ཆེན་གསེར་གྱི་ས་གཞི་ལ་རྟེན་པའི་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་བྱེ་བ་ཕྲག་བརྒྱ་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ལྷ་མིའི་འབྱོར་པ་རབ་འབྱམས་རྒྱ་མཚོ་མ་ཚང་བ་མེད་པས་ཡོངས་སུ་གང་བ་དང་། ནང་ལྟར་ན་བདག་གིས་ཡོངས་སུ་བཟུང་བའི་ལོངས་སྤྱོད་དཔལ་འབྱོར་དང་བཅས་པ་སྟེ། དེ་ཡང་ཡུལ་སྣང་གསེར་གྱི་ས་གཞི། དེར་ཞེན་དྲིས་བྱུག་པ། ཁང་པ་དང་ཁང་ཕྲན་སོགས་རི་རབ་གླིང་བཞི་གླིང་ཕྲན། སྐར་ཁུང་ཉི་མ་དང་ཟླ་བ། བུ་དང་ཆུང་མ་བྲན་གཡོག་སོགས་གཅེས་དགུའི་ལོངས་སྤྱོད་མཐའ་ཡས་པས་བརྒྱན་པ་དང་། གསང་བ་ལྟར་ན་བདག་གི་ལུས། པགས་པ་གསེར་གྱི་ས་གཞི། ཁྲག་སོགས་དྲིའི་བྱུག་པ། སྒལ་ཚིག་ལྕགས་རི་འཁོར་ཡུག མགོ་བོ་རི་རབ། ཡན་ལག་དང་ཉིང་ལག་གླིང་བཞི་གླིང་ཕྲན། རྩ་རོ་རྐྱང་ངམ་མིག་གཉིས་ཉི་མ་དང་ཟླ་བ། བྱང་ཆུབ་ཀྱི་སེམས་སོགས་ལྷ་མིའི་འབྱོར་ཚོགས་སུ་དམིགས་པ་དང་། དེ་ཁོ་ན་ཉིད་ལྟར་ན། ཀུན་གཞི་གསེར་གྱི་ས་གཞི། སྙིང་རྗེ་དྲིའི་བྱུག་པ། རྒྱ་མ་ཆད་པ་ལྕགས་རི་མུ་ཁྱུད། རང་བྱུང་གི་ཡེ་ཤེས་རི་རབ། ཡེ་ཤེས་བཞི་གླིང་ཆེན་བཞི་དེ་ལས་ཚད་མེད་བཞི་སོགས་འཆར་བར་གླིང་ཕྲན། ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ། ཚོགས་བརྒྱད་ཡུལ་དང་བཅས་པ་འདོད་ཡོན་གྱི་བཀོད་པ་ལ་སོགས་པར་ལྷུན་གྱིས་གྲུབ་པའམ། གཟུང་འཛིན་རྣམ་པར་དག་པ་དེ་ཉིད་འོད་གསལ་གྱི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་འབྱོར་པ་ཚད་མེད་པས་མངོན་པར་བརྒྱན་པ་འདི་ཉིད། བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་རྩ་གསུམ་འདུས་པའི་བདག་ཉིད་ཆེན་པོར་གུས་པས་འབུལ་ན་ཐུགས་བརྩེ་བ་ཆེན་པོས་དགྱེས་པར་བཞེས་ནས། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཏེ། འབྲས་བུ་སྐུ་གཉིས་ཀྱི་དཔལ་ལ་ལོངས་སྤྱོད་པར་བྱིན་གྱིས་བརླབས་ཏུ་གསོལ་སྙམ་པས་སྔགས་ཚིག་དང་བཅས་ཏེ་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་སུ་འབུལ་ལ། མཐར་འཁོར་གསུམ་ཡང་དག་དམིགས་མེད་འཛིན་བྲལ་གྱི་ངང་དུ་མཉམ་པར་བཞག་ལ་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པར་བྱའོ། །དེ་ལྟར་ཕུལ་བའི་ཕན་ཡོན་ཡང་། ཀ་མ་ལ་ཤཱི་ལས། གླིང་བཞི་ཕུལ་བའི་བསོད་ནམས་ཀྱིས། །བདུད་བཞི་མ་ལུས་ཞི་བར་འགྱུར། །གླིང་ཕྲན་ཕུལ་བའི་བསོད་ནམས་ཀྱིས། །ཚད་མེད་བཞི་དང་ལྡན་པར་འགྱུར། །རིན་ཆེན་སྣ་བདུན་ཕུལ་བ་ཡིས། །འཕགས་པའི་ནོར་བདུན་འཐོབ་པར་འགྱུར། །གཏེར་ཆེན་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར། །ཉི་ཟླ་ཕུལ་བའི་བསོད་ནམས་ཀྱིས། །ལྟ་སྒོམ་སེམས་ལ་གསལ་བར་འགྱུར། །རིན་ཆེན་ཕུལ་བའི་བསོད་ནམས་ཀྱིས། །རང་བྱུང་ཡེ་ཤེས་འཐོབ་པར་འགྱུར། །མཎྜལ་གཅིག་ཕུལ་དྲུག་དང་ལྡན། །བསོད་ནམས་ཚོགས་ཆེན་བསམ་མི་ཁྱབ། །དེས་ནི་དེ་ལ་བརྩོན་པར་བྱ། །ཞེས་སོ། །བཞི་པ་ལམ་གྱི་རྩ་བ་བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ལའང་། ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་དང་། དངོས་གཞི་དབང་བླང་བ་གཉིས་ལས། དང་པོ་ནི། ཐེག་པ་ཆེན་པོའི་ལམ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་བདག་རྐྱེན་བླ་མ་དགེ་བའི་བཤེས་གཉེན་ཁོ་ན་ལ་རག་ལས་ཏེ། ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་། །ཞེས་དང་། དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་དང་། ཀླུ་སྒྲུབ་ཀྱིས་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་སོ། །དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུར་བལྟ་དགོས་པའི་ཚུལ་མདོ་རྒྱུད་མན་ངག་ཀུན་ནས་རྒྱ་ཆེར་གསུངས་པའི་དོན་སྙིང་པོར་དྲིལ་ན། ཆོས་དབྱིངས་དག་པ་གཉིས་ལྡན་སངས་རྒྱས་ཆོས་ཀྱི་སྐུའི་རང་རྩལ་འགགས་པ་མེད་པ་ལས། འོག་མིན་ཆེན་པོ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་དཀྱིལ་འཁོར་རྟག་པ་རྒྱུན་གྱི་འཁོར་ལོར་འཕེལ་འབྲི་མེད་པར་བཞུགས་པ་ལས། གདུལ་བྱ་གཞན་སྣང་དུ་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་གར་ཚད་མེད་པར་སྣང་བར་མཛད་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་དུ་སྣང་། །ཞེས་དང་། གསང་སྙིང་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །སྟོང་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་དང་། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་སོ། །དེ་ལས་ད་ལྟའི་དུས་སུ་རང་རེ་རྣམས་ཀྱི་ངོར་སྣང་བ་ནི་བླ་མ་རྡོ་རྗེ་འཛིན་པ་ཉིད་ཡིན་ཏེ། ཏིང་འཛིན་མཆོག་དམ་པའི་མདོ་ལས། རིགས་ཀྱི་བུ། དེ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་སྟོན་པར་འགྱུར་རོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས་ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བསྟེན་ཅིང་རིམ་གྲོ་དང་བཀུར་སྟི་གྱིས་ཤིག ཅེས་དང་། རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་ཀྱིས་གནས་པའོ། །ཞེས་དང་། གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །དེས་ན་དོན་གྱི་དགོངས་པ་དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁྱད་པར་ཅུང་ཟད་མ་མཆིས་ཏེ། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོ། །རང་རེ་ལ་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་¡eལས་ཞུ་མཆན། ¡fཀྱང་ལྷག་པར་མངོན་སུམ་གྱིས་གྲུབ་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི་དགེ་བའི་བཤེས་གཉེན་ནི་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག ཅེས་དང་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །བླ་མ་སངས་རྒྱས་ཀུན་དང་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་དང་། ལམ་ཟབ་ལས། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་སོ། །དེར་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པར་ཡང་། འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་དང་། ཀུན་དུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་མ་ལུས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །བླ་མའི་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་དང་། གསང་སྙིང་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །ཞེས་སོ། །གཞན་ཡང་ཕྱི་ལྟར་ན་རྡོ་རྗེ་སློབ་དཔོན་གྱི་ཕུང་ཁམས་སྐྱེ་མཆེད་དག་པ་ལྷ་ཡི་རང་བཞིན་དང་། ནང་ལྟར་ན་རྩ་རླུང་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷན་སྐྱེས་བདེ་བ་ཆེན་པོ་གཉུག་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར། གསང་བ་ལྟར་ན་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་ཡེ་ནས་གནས་ཏེ། གསང་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྐུ་ཉིད་ལ། །བདེ་གཤེགས་རྒྱལ་བའི་སྐུ་རྣམས་རྫོགས། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ཆེན་ཧེ་རུ་ཀཿ། །ཀུན་གྱི་རྒྱལ་པོ་བླ་མ་ཡིན། །ཞེས་གསུངས་པས། རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཐག་ཆོད་པས། ཅི་མཛད་འགྲོ་བ་འདུལ་བའི་ཕྲིན་ལས་སུ་མཐོང་བ། ཚེ་གཅིག་སངས་རྒྱས་ལག་ཏུ་གཏོད་པ་ལ་བྱས་པ་གཟོ་བའི་བཀའ་དྲིན་རྗེས་སུ་དྲན་པ་དང་། བློ་སྣ་མོས་གུས་ཀྱིས་འཕྲོག་པས་གདུང་ཤུགས་ཀྱིས་རིག་པ་སྒྱུར་ནུས་པ། ཡང་ཡང་མ་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་ནུས་པ་སྟེ་ཁྱད་པར་བཞི་ལྡན་གྱི་མོས་གུས་གདུང་ཤུགས་དྲག་པོས་དཀོན་མཆོག་རྩ་གསུམ་འདུས་པའི་བདག་ཉིད་བླ་མ་རིན་པོ་ཆེ་ལ་སྙིང་ཁུང་རུས་བའི་གཏིང་ནས་གསོལ་བ་འདེབས་སོ། །བདག་ལ་བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དབང་མཆོག་སྟན་ཐོག་འདི་ཉིད་དུ་བསྐུར་བ་མཛད་དུ་གསོལ། ལུས་ངག་ཡིད་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པ་བྱང་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས་པ་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ་སྙམ་པས། བླ་མ་དཀོན་མཆོག་གསུམ་གྱི་དངོས༔ ཞེས་སོགས། གསོལ་འདེབས་ཀྱི་ཚིག་བརྒྱ་སྟོང་ཁྲི་འབུམ་སོགས་ཇི་ནུས་དང་། སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་ཡང་ཡང་བྱའོ། །གཉིས་པ་ནི། བླ་མའི་གནས་གསུམ་འབྲུ་གསུམ་ལས༔ ཞེས་སོགས་ཏེ། དེ་ཡང་བླ་མའི་སྐུ་ཡི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་དཀར་དམར་སྔོ་བའི་འོད་ཟེར་གསུམ་རིམ་དང་ཅིག་ཆར་དུ་འཕྲོས་ཏེ་བདག་གི་གནས་དེ་དང་དེར་ཐིམ་པས་བུམ་དབང་ལ་སོགས་པའི་དབང་བཞི་ཐོབ་ནས་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་བཞི་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་སྐུ་གཞིའི་གོ་འཕང་མངོན་དུ་གྱུར་པར་བསམ། སླར་ཡང་མོས་གུས་ཀྱིས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་དཀར་དམར་གྱི་རྣམ་པར་བྱུང་། རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། བདེ་སྟོང་དགའ་བཞིས་དྲངས་པའི་དཔེ་དོན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས། མཐར་བླ་མ་ཡབ་ཡུམ་བདེ་སྟོང་གི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པ་མོས་ལ། དུས་གསུམ་གྱི་སྤྲོས་པ་བཅད་པའི་ཤེས་རིག་མ་བཅོས་ཀ་དག་གི་ངང་དུ་ཅི་གནས་སུ་མཉམ་པར་བཞག དེ་ནི་རང་རིག་དོན་གྱི་བླ་མའི་རྣལ་འབྱོར་ཏེ། དེ་ལྟར་སྒོམ་པའི་ཕན་ཡོན་ཀྱང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་གསུངས་སོ། །གཉིས་པ་ཁྱད་པར་ཅན་གྱི་སྔོན་འགྲོ་ལ། འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་སྒྲུབ་པ་གཉིས་ཀྱི། དང་པོ་ནི། གལ་ཕྲེང་ལས། ངོ་བོ་བདག་གཞན་གཉིས་མེད་ཀྱང་། །དང་པོའི་ལས་ཅན་རྣལ་འབྱོར་པའི། །ཏིང་འཛིན་ཉམས་ལེན་བར་གཅོད་དག །ངེས་པར་བསལ་ཕྱིར་མཚམས་གཅོད་བྱ། །ཞེས་གསུངས་པས། འདི་ལ་གཉིས། བགེགས་བསྐྲད་པ་དང་། མཚམས་བཅད་པའོ། དང་པོ་ལ་བགེགས་གཏོར་བསྔོ་བ་དང་། བཀའ་བསྒོ་བ་གཉིས་ལས། དང་པོ་ནི། བགེགས་གཏོར་བཤམས་ལ། རྃ་ཡྃ་ཁྃ་ཡིད་མཐུན་སྣོད་དུ་ཞེས་སོགས་ཏེ། དེ་ཡང་ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ལས་གཞན་དུ་མ་གྲུབ་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་དུག་ལྔའི་རང་གཟུགས་ཕྱི་རོལ་དུ་ཤར་བའི་ལན་ཆགས་འབྱུང་པོའི་ཚོགས་ལ་ཚད་མེད་པའི་སྙིང་རྗེ་དང་གནས་ལུགས་རྟོགས་པའི་ལྟ་བ་ཟུང་དུ་འཇུག་པའི་རང་རྩལ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་དངོས་འཛིན་གྱི་དྲི་མ་སྦྱངས། སྟོང་པའི་དང་ལས་བྷཱུྃལས་རིན་པོ་ཆེ་ལ་སོགས་པ་ཡིད་དང་མཐུན་པའི་སྣོད་དུ་ༀ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལན་ཆགས་བགེགས་ཀྱི་གཏོར་མ་འདོད་དགུའི་ལོངས་སྤྱོད་ཟད་མི་ཤེས་པའི་རྒྱ་མཚོ་ཆེན་པོར་དམིགས་ལ། ནང་གི་རྩ་ཁམས་ཀྱི་རྟེན་འབྲེལ་དང་ནམ་མཁའ་ལྡིང་གིས་ཀླུའི་དུག་བདུད་རྩིར་བྱེད་པའི་རྟེན་འབྲེལ་གྱིས་ལག་གཉིས་མཁའ་ལྡིང་གི་ཕྱག་རྒྱ་དང་བཅས་འབྲུ་གསུམ་གྱི་སྔགས་བརྗོད་པས། ༀ་གྱིས་དྲི་མ་སྦྱངས། ཨཱཿས་མང་པོར་སྤེལ། ཧཱུྃ་གིས་གང་འདོད་དུ་འཆར་བའི་ཟག་མེད་ཀྱི་བདུད་རྩིའི་ངོ་བོར་བསྒྱུར་བ་སྟེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་གསང་སྔགས་ལུང་གི་སྒོ་བཞིར་གྲགས་པ་བཞིན་འོག་མ་རྣམས་ལའང་ཅི་རིགས་པར་སྦྱོར་ཤེས་པར་བྱའོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་སྔགས་བརྗོད་པས། ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བགེགས་རྣམས་བཀུག་ནས་མདུན་དུ་འཁོད་པ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཅི་འདོད་པའི་དངོས་པོར་སྤྲུལ་ནས་བསྔོའོ། །གཉིས་པ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཞེས་སོགས་ཏེ། དེ་ཡང་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་དང་། །སྲིད་པའི་འཇིགས་པ་འཇོམས་པར་བྱེད། །གདུག་པ་སྔངས་ཤིང་གསོད་བྱེད་དཔལ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པ་ལྟར། ཧཱུྃ་ནི་གདུག་ཅན་སྔངས་བར་བྱེད་པའི་ཡི་གེ་ཡིན་པས་དེ་ཉིད་ཀྱིས་མགོ་དྲངས་ནས། ཉོན་ཅིག་བགེགས་དང་ལོག་འདྲེན་གྱི་ཚོགས་གསང་སྤྱོད་ལྟ་བར་མི་དབང་ཞིང་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་གདུག་པའི་བསམ་སྦྱོར་དང་ལྡན་པ་རྣམས། རྡོ་རྗེ་གསང་བ་སྟེ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་ཁྲོ་བོའི་རྒྱལ་པོ་བདག་གི་བཀའ་ལས་མ་འདའ་བར། ལན་ཆགས་གླུད་གཏོར་བཟང་པོ་འདི་ཡིས་མགུ་ཞིང་ཚིམས་པར་བྱོས་ལ་འདིར་མ་གནས་པ་གཞན་དུ་དེངས་ཤིག གལ་ཏེ་བདེན་པའི་ཚིག་ལ་མི་ཉན་ཞིང་བསྒོ་བའི་བཀའ་ལས་འདའ་བར་བྱེད་ན། སྔོན་གྱི་དམ་ཚིག་ཆེན་པོར་ཕྱོགས་བཅུའི་བགེགས་ཚོགས་འདུལ་བར་མཛད་པའི་སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས་སྡིག་ཅན་ཁྱེད་རྣམས་ཀྱི་མགོ་བོ་ཀླད་པ་ཚལ་བ་བརྒྱར་འགེམས་ཤིང་ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟའོ། །ཞེས་བཀའ་བསྒོས་ལ་དྲག་སྔགས་བཟླ། གུ་གུལ་བདུག་ལ་ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས། ཐུགས་ཀ་ནས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་དང་བཅས་པས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་པར་བསམ་མོ། །གཉིས་པ་ནི། ཧཱུྃ། སྟེང་འོག་ཕྱོགས་མཚམས་ཞེས་སོགས་ཏེ། དེ་ཡང་རྐུན་པོ་ཕྱིར་ཕྱུང་ནས་སྒོ་བཅད་པ་དང་མཚུངས་པར། མཚོན་ཆ་རྣམས་ཚུར་འདུས་ཤིང་བཞུ་ལུགས་སུ་འདྲེས་པ་ལས། འོག་གཞི་ཐམས་ཅད་རྡོ་རྗེའི་ས་གཞིར་བརྡལ་ཞིང་། ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྱེན་ལངས་ཀྱི་བརྩིགས་པའི་ར་བ་ཟླུམ་པོ་མཐོ་ཞིང་ཡངས་པ་ལྕགས་རི་ལྟ་བུས་གཏམས་པ། དེའི་སྟེང་དུ་དབུས་མཐོ་ཞིང་མཐའ་བགས་ཀྱིས་གཞོལ་བ་ཕྱིར་འཕྱར་བའི་རྣམ་པ་ཅན་གྱི་རྡོ་རྗེའི་གུར་ཕུབ་ཅིང་། རྭ་གུར་སྦྲེལ་མཚམས་ནས་ནང་དུ་རྡོ་རྗེའི་དྲྭ་བས་སྟེང་ཁེབ་པར་བྲེས་པ་བླ་རེ་དང་། རྭ་གུར་གྱི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་ཞིང་སྦྲེལ་བ་རྡོ་རྗེའི་དྲྭ་བ། གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་དང་ར་བའི་ཕྱི་རོལ་གྱི་སྐེད་པར་རྡོ་རྗེའི་ཕྲེང་བས་བཅིང་བ། རྡོ་རྗེ་ཐམས་ཅད་ཁ་དོག་སྔོན་པོ་ཤ་སྟག་ལ་རྡོ་རྗེ་ཆེ་བ་རྣམས་ཀྱི་བར་མཚམས་རྡོ་རྗེ་ཕྲ་མོས་གང་བ་ཞུན་ཐེབས་པའི་རྣམ་པ་ཅན། དེ་དག་གི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཀུན་ཏུ། འཁོར་ལོ་དང་རལ་གྲི་ཕུར་བུ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པའི་གུར་དང་། དེ་ལས་ཡེ་ཤེས་ཀྱི་མེ་འབར་ཞིང་རྡོ་རྗེ་ཁྲོ་བོའི་སྤྲིན་རབ་འབྱམས་འཕྲོ་བས་གནོད་བྱེད་བགེགས་ཀྱི་སྦྱོར་བ་མཚམས་བཅད་དེ་བསྐལ་པའི་རླུང་ཡང་མི་ཐར་བར་བསྒོམ་པ་སྟེ། དེ་ཡང་ཆོས་དབང་གཏེར་བྱོན་ཡང་དག་སྙིང་པོར། ཕྱི་ལྟར་ན་ལོག་འདྲེན་སྔགས་གྱི་འོད་ཟེར་གྱིས་བསྲེག་པར་བསམ། ནང་ལྟར་ན་བགེགས་དང་ལྷ་གཉིས་སུ་མེད་པར་བསམ། གསང་བ་ལྟར་ན་བགེགས་རྣམ་རྟོག རྣམ་རྟོག་སེམས། སེམས་སྐྱེ་མེད་དུ་ལྷང་ངེར་བསམ་མོ་ཞེས་གསུངས་པས། ཕྱི་མ་འདི་གཉིས་ནི་དོན་དམ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་བསྲུང་བ་རྣམས་ཀྱི་མཆོག་ཏུ་འགྱུར་ཏེ། བཀའ་བརྒྱད་བདེར་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་དང་། །བགེགས་སུ་རྟོག་པ་གང་ཡང་མེད། །བསྲུང་བར་བྱ་དང་སྲུང་བྱེད་མེད། །ཅེས་དང་། གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་མཐུན་རྐྱེན་སྒྲུབ་པ་ལ་གསུམ། བྱིན་དབབ་པ། མཆོད་རྫས་བརླབ་པ། བླ་ན་མེད་པའི་དམ་ཚིག་བཟུང་བའོ། །དང་པོ་ནི། ཧཱུྃ། ཆོས་སྐུའི་དབྱིངས་ལས་ཞེས་སོགས་ཏེ། དེ་ལ་དབབ་བྱ་ཡེ་ཤེས་ལྷའི་འབྲས་ཆོས་ཉེར་ལྔའི་གཟི་བརྗིད་བྱིན་རླབས་ཆེན་པོ། དབབ་པའི་ཡུལ་བདག་སྒྲུབ་པ་པོ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་ལ། འབེབས་པའི་ཚུལ་དད་མོས་གདུང་ཤུགས་དྲག་པོས་སྔགས་དང་ཏིང་ངེ་འཛིན་དང་ཁྱད་པར་གྱི་སྦྱར་སྤོས་ཡི་དྭགས་ཀྱི་མེར་བསྲེག་པ་དང་ཅང་ཏེའུ་དྲིལ་བུ་སོགས་ཀྱི་སྒྲས་བསྐུལ་ཏེ། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་མཁའ་ཁྱབ་ཏུ་སད་པའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ཐིམ་པས་བྱིན་གྱིས་བརླབ་པར་མོས་པ་སྟེ། དེ་ཡང་། རྡོ་རྗེ་རྩེ་མོ་ལས། ཧཱུྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། རྡོ་རྗེ་ཐུགས་ནི་ཐོབ་བྱེད་པའོ། །ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེས་མགོ་དྲངས་ཏེ། རང་བྱུང་གདོད་མའི་གནས་ལུགས་ཟབ་གསལ་གཉིས་མེད་བདེ་བ་ཆེན་པོ་ངོ་བོ་ཀ་ནས་དག་པ་ཉིད་གློ་བུར་དྲི་མའི་སྦུབས་ལས་གྲོལ་བའི་དག་པ་གཉིས་ལྡན་སྤྲོས་པ་དང་བྲལ་བ་ཆོས་སྐུའི་དབྱིངས་ནང་གསལ་ཆེན་པོ་ལས། རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་འབྱམས་སུ་ཀླས་པའི་རང་རྩལ་ཐུགས་རྗེའི་རོལ་རྩེད་འགག་པ་མེད་པས་གདུལ་བྱ་གཞན་སྣང་དུ་གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་འཕྲུལ་ཚད་མེད་པར་ཅིར་ཡང་སྟོན་པའི་ཞི་ཁྲོ་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སྒྲུབ་པ་པོ་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་མཆོག་དམ་པ་བསྐུར་བ་དང་། སྒོ་གསུམ་ལ་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་ཆེན་ཕོབ་ལ་སྒྲུབ་པའི་རྟགས་དང་མཚན་མ་བཟང་པོ་དུས་ད་ལྟ་ཉིད་དུ་སྟོན་པར་མཛོད་ཅིག་པ་སྟེ། ཕྱི་ལྟར་ན་བདེ་བར་གཤེགས་པ་རྣམས་མདུན་གྱི་ནམ་མཁར་བྱོན་ནས་བདག་ལ་བྱིན་གྱིས་བརླབ་པར་བསམ་པ་དང་། ནང་ལྟར་ན་བདག་ལྷ་དང་གཉིས་སུ་མེད་པར་བསམ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་མེད་ཀྱི་དོན་བདེ་བར་གཤེགས་པའི་དགོངས་པ་ལྷང་ངེར་རྟོགས་པར་བསམ་པའོ། །གཉིས་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་སྐད་ཅིག་གིས༔ ཞེས་སོགས། དེ་ཡང་རྒྱུད་ཧེ་རུ་ཀ་གལ་པོ་ལས། མི་དམིགས་ཆོས་ལ་བློ་བརྟན་ཅིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །ཅེས་གསུངས་པའི་དོན་ཐོག་མར་མཉམ་པར་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་རློབས་པ་ཉིད་གཞིར་བྱ་དགོས་ཏེ། དེའང་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ། སེམས་ཉིད་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུར་རྟོགས་པའི་དགོངས་པ་ལས་མ་གཡོས་ཤིང་། འཛིན་རྟོག་ཕྲ་རགས་ཀྱིིས་མ་བསླད་པར་གསལ་ལ་རྟོག་པ་མེད་པའི་ངང་ལས་ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་གྱིས་མཆོད་རྫས་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས་པས། རྃ་ལས་མེ་བྱུང་མཆོད་རྫས་ཀྱི་མ་དག་པའི་ཉེས་སྐྱོན་བསྲེགས། ཡྃ་ལས་རླུང་གཡོས་མཚན་འཛིན་གྱི་ཞེན་རྟོག་གཏོར། ཁྃ་ལས་ཆུ་བྱུང་བག་ཆགས་ངན་པའི་དྲི་མ་བསྐྲུས་ཏེ་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཕྱི་རོལ་གྱི་གནས་ཁང་དང་ཡུལ་དུ་སྣང་བ་ཐམས་ཅད་རང་བྱུང་དུར་ཁྲོད་དྲག་པོའི་ཞིང་ཁམས། ནང་བཅུད་ཀྱི་འབྱོར་ཚོགས་མཐའ་དག་ཕྱི་ནང་གསང་བའི་མཆོད་རྫས་ཐམས་ཅད་ཀྱང་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་གཙང་དམེ་གཉིས་འཛིན་གྱི་རྟོག་པས་མ་བསླད་པའི་བླ་ན་མེད་པའི་མཆོད་སྤྲིན་ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་ཁྱབ་པར་སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྤེལ་བསྒྱུར་བྱ་བ་སྟེ། དེ་ཡང་ཉེར་སྤྱོད་སོགས་ཕྱིའི་མཆོད་པ་རྣམས་ཕྱི་ལྟར་ན་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་ལྷ་རྫས་ཀྱི་མེ་ཏོག་སོགས་ཕྱིའི་ཉེར་སྤྱོད་དང་། དབང་ལྔའི་མེ་ཏོག་སོགས་རང་བྱུང་ནང་གི་མཆོད་རྫས། གཞན་ཡང་འདོད་ཡོན་ལྔ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་སོགས་འདོད་དགུའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ། ནང་ལྟར་ན་མཆོད་རྫས་དེ་རྣམས་ཀྱང་སྒེག་སོགས་ལྷ་མོའི་རོལ་བས་ལྷ་དང་གཉིས་སུ་མེད་པར་ཐུགས་དམ་བསྐང་བ། གསང་བ་ལྟར་ན་ཐམས་ཅད་ཆོས་ཉིད་སྐྱེ་མེད་ཀྱི་ངང་དུ་རང་གསལ་བར་བསམ་པའོ། །དེ་བཞིན་དུ་ནང་མཆོད་རྣམས་ཀྱང་། བདུད་རྩི་ཕྱི་རང་བྱུང་བྷཉྫའི་སྣོད་དུ་དམ་རྫས་རྩ་བརྒྱད་ཡན་ལག་སྟོང་སྦྱར་བདེ་གཤེགས་རིག་ལྔ་མཉམ་པར་སྦྱོར་བའི་བྱང་སེམས་ཀྱི་རྒྱུན། ནང་རང་ལུས་རྩ་རླུང་ཐིག་ལེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་གནས་པ། གསང་བ་རང་གཞན་གྱི་རྒྱུད་ཀྱི་ཕུང་པོ་ལྔ་དང་དུག་ལྔ་དག་པ་ཡེ་ཤེས་ལྔའི་རང་བཞིན་དུ་བསམ། རཀྟ་ཕྱི་ལྟར་ན་དུང་ཆེན་གྱི་སྣོད་དུ་རཀྟའི་རྒྱ་མཚོ་འཁྱིལ་བ། ནང་རཀྟའི་ཟེགས་མ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བས་ལྷ་རྣམས་མཉེས་པར་བྱེད་པ། གསང་བ་རཀྟའི་ཆོས་ཉིད་སྐྱེ་བ་མེད་པ་ལས་འཁོར་བའི་གནས་སྟོང་པར་བསམ། གཏོར་མ་ཕྱི་ལྟར་ན་སྣོད་ས་གཞི་དང་མཉམ་པར་བཅུད་ཀྱི་གཏོར་མ་རི་རབ་ཙམ། ནང་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་ལས་འདོད་ཡོན་གྱི་རོལ་པ་འཕྲོ་བས་ལྷ་རྣམས་མཉེས་པར་བྱེད་པ། གསང་བ་གཏོར་མའི་ཆོས་ཉིད་སྐྱེ་བ་མེད་པ་ལ་འདོད་པའི་ཞེན་པ་མེད་པས་གཏོར་མ་ཐེངས་བར་ལྷང་གིས་བསྒོམ་པའོ། །དེ་ལྟར་ཡང་། རྒྱུད་ལས། སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །དེ་བས་རྣམ་པ་ཐམས་ཅད་ཀུན། །སྟོང་པ་ཉིད་དུ་དྲན་པར་བྱ། །ཞེས་གསུངས་སོ། །གསུམ་པ་ནི། ༀ། ཀུན་བཟང་བླ་ན་མེད་པ་ཡི། །ཞེས་སོགས་ཏེ། དེ་ཡང་རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཅིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ཞེས་དོན་དུ་མ་ལ་འཇུག་པ་ལས་འདིར་དམ་བཅའ་བའི་དབང་དུ་བྱས་ཏེ། དེ་ཉིད་ཀྱིས་མགོ་དྲངས་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ནི་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པའི་ཡོན་ཏན་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དམ་ཚིག་དང་སྡོམ་པའི་ཆིངས་བླ་ན་མེད་པ་སྟེ། དེ་གང་སྙམ་ན། གོང་དུ་སྨོས་པ་བཞིན་རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་དོན་དམ་བདེན་པ་དང་། དེའི་རྩལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་རེ་བ་མ་ཡིན་པར་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་གནས་པ་ནི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བྱ། དེ་ཡང་ཐ་སྙད་ཙམ་དུ་དབྱེར་མེད་ཅེས་བརྗོད་ཀྱང་དེར་འཛིན་གྱི་བསམ་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པས་སྤྱོད་ཡུལ་དང་བྲལ་བ་ཞེས་གདགས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུ་བདེ་བར་གཤེགས་པའི་སྙིང་པོ་སྟེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་གསེར་བཟང་པོའི་ཁམས་ལྟར་རང་བཞིན་འགྱུར་བ་མེད་པར་བཞུགས་པ་ནི་གནས་ལུགས་ཡང་དག་པའི་དཀོན་མཆོག་གསུམ་གྱི་རང་བཞིན་ཡིན་ལ་གང་བསྒྲུབ་བྱའི་ལྷ་ཡང་དེ་ལས་མི་འདའ་སྟེ། དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །ཞེས་གསུངས། དེ་ཉིད་རྟོགས་པ་དང་ཐོབ་པ་ལས་གོང་དུ་གྱུར་པའི་ལམ་དང་འབྲས་བུའི་ཆོས་གཞན་མི་སྲིད་པའི་ཕྱིར་བླ་ན་མེད་པའི་སྒྲས་བསྟན་ཏེ། དེ་ལྟ་བུའི་བདེན་གཉིས་དབྱེར་མེད་བྱང་ཆུབ་ཀྱི་སེམས་དེ་ཤེས་འཇུག་གི་སྦྱོར་བས་རང་རྒྱུད་ལ་བཟུང་ཞིང་མི་སྤོང་བར་དམ་བཅའ་བ་ནི་འབྲས་བུ་རྡོ་རྗེ་ཐེག་པ་སྔགས་བླ་མེད་ལུགས་ཀྱི་སེམས་བསྐྱེད་ཚུལ་ཏེ། རིན་ཆེན་དྲྭ་བ་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས། གནས་ལུགས་ལྟ་བའི་སེམས་བསྐྱེད་ཚུལ་འདི་ལྟ་བུ་ལ་ཡིད་ཆེས་རྙེད་ནས་དེ་ལྟར་ཡེ་ནས་ཡིན་པའི་ཕྱིར་ད་སྤང་དུ་མེད་པར་ཐག་ཆོད་ན་གཞི་ལམ་འབྲས་བུའི་དཀོན་མཆོག་གསུམ་དང་བསྒྲུབ་བྱའི་ལྷ་དང་བླ་མ་སྔགས་དང་ཕྱག་རྒྱ་སོགས་ཀྱང་ངོ་བོ་ཉིད་ཀྱིས་སྤོང་བར་མི་འགྱུར་ཏེ་ཐམས་ཅད་གནས་ལུགས་དེའི་རང་བཞིན་ལས་མ་འདས་པའི་ཕྱིར། དེས་ན་ཚུལ་དེས་དོན་དམ་དང་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་གཉིས་པོའང་ཚུལ་བཞིན་དུ་བསྐྱེད་ཅིང་གཟུང་བར་འགྱུར་ཏེ། དོན་དམ་མཐར་ཐུག་གནས་ལུགས་དག་མཉམ་བདེན་པ་དབྱེར་མེད་དུ་བཟུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་རྒུད་པ་ལས་སྐྱོབ་པའི་དོན་དུ་བདག་ཉིད་སངས་རྒྱས་སུ་བསྒྲུབ་པའི་བསམ་སྦྱོར་མི་གཏོང་བ་ནི་ཀུན་རྫོབ་སེམས་བསྐྱེད་ཡིན་ལ། འདིར་མཐའ་ཡས་པའི་སེམས་ཅན་གྱི་དོན་རྟག་ཁྱབ་ཏུ་མཛད་པའི་སངས་རྒྱས་ཉིད་དུ་འགྲུབ་ངེས་པར་མཐོང་ནས། དེ་ལས་བློ་ཕྱིར་ཕྱོགས་པ་དང་སེམས་ཞུམ་པ་དང་འཁོར་བར་སྐྱོ་བ་སོགས་དམ ན་ལམ་ཡིད་བྱེད་ཀྱི་དྲི་མ་གཏན་ཁེགས་སུ་གྱུར་པས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སེམས་བསྐྱེད་སོགས་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལྟ་བུའི་ཚུལ་གྱིས་དམ་བཅའ་བ་ནི་དམ་ཚིག་དང་སྡོམ་པ་ཀུན་གྱི་ཆིངས་དངོས་གཞིའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནམ་རྩ་བར་གྱུར་པ་སྟེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། སྤྱི་མདོ་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་བུ་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །ཞེས་གསུངས། དེའི་ཕྱིར་ལྟ་བ་དེ་ལྟ་བུ་དང་ལྡན་པ་ལ་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ལྟ་བུ་རང་རྒྱུད་ལ་བཟུང་ནས་སྲིད་ཞིའི་རྒུད་པ་ཀུན་གྱི་ཕྱོགས་འཇོམས་པའི་ནུས་པ་དང་ལྡན་པའི་ཕྱིར། སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པའི་གང་ཟག་ལས་དང་པོ་པའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིག །གསང་ཆེན་ཐེག་པ་འདི་རུ་ནི། །གཞུག་པ་གང་དང་གང་ཡིན་པ། །དེ་ནི་རྒྱལ་སྲས་ས་པའོ། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔའ་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུས་ལུང་ཐོབ་པའོ། །ཞེས་སོ། །དེ་ལྟར་འགལ་སྤོང་མཐུན་སྒྲུབ་ཀྱི་སྔོན་འགྲོ་དེ་རྣམས་ཀྱིས་སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱོང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་བསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་། ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོས་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་སོགས་དང་མཐུན་པས་འབྲས་བུ་གཞི་ལ་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གཉིས་པ་དངོས་གཞི་བསྐྱེད་བཟླས་ཀྱི་རྣལ་འབྱོར་ལ་གཉིས། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར་དང་། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། སྤྱིར་རྒྱུད་སྡེ་ཆེན་པོ་རྣམས་སུ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་དང་གང་ཟག་གི་བློ་རིམ་དང་བསྟུན་པའི་བསྐྱེད་ཆོག་རྒྱས་བསྡུས་ཇི་སྙེད་གསུངས་ནའང་། དེ་ཐམས་ཅད་ཀྱི་དགོངས་པའི་སྐྱེལ་སོ་མཐར་ཐུག་པ་ནི། གོང་དུ་སྨོས་པ་བཞིན་རང་གི་སེམས་ཉིད་རྡོ་རྗེ་མི་ཤིགས་པའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་གྲུབ་པ་ཉིད་མཚན་གཞིར་བྱས་ནས། རྟོག་ཚོགས་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་ཤེས་རབ་ཀྱིས་ངེས་པར་བྱས་ཏེ་གནས་ཚུལ་དང་མཐུན་པར་སྒྱུ་མ་ལྟ་བུའི་བསྐྱེད་རིམ་བསྒོམས་པས་ཐ་མལ་གྱི་སྣང་ཞེན་སྦྱོང་བ་ནི་བསྐྱེད་རྫོགས་ཟུང་འབྲེལ་གྱི་ལམ་སྟེ། དེ་ཡང་རྟོག་ཚོགས་ལས་གཞན་པའི་ལྷ་གུད་ན་བཙལ་དུ་མེད་དེ། ཆོས་ཐམས་ཅད་ཡེ་ཇི་བཞིན་པའི་ལྷར་རྣམ་པར་དག་པས་ན་དེ་ལས་གཞན་མ་དག་པའི་ཆོས་མཚན་མར་གྲུབ་པ་རྡུལ་ཙམ་ཡང་མ་དམིགས་པའི་ཕྱིར་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས། དེ་བས་ན་རྟོག་ཚོགས་དེ་དག་གདོད་མ་ནས་ལྷར་དག་པས་ལམ་རྐྱེན་དང་འཕྲད་ན་དེར་སྣང་ལ། མ་ཕྲད་ན་མི་སྣང་བ་ནི། དཔེར་ན་དངུལ་ཆུ་བསྡུས་པའི་གསེར་ཕྱེ་ཉིད་མར་གསར་གྱི་གོང་བུ་ལྟ་བུ་དང་། མིག་སྐྱོན་ཅན་ལ་དུང་སེར་པོར་སྣང་བ་གཉིས། རྐྱེན་མེ་དང་། མིག་ནད་སྦྱོང་བའི་སྨན་དང་འཕྲད་ན་གསེར་དང་དུང་གི་རང་མདོག་སེར་པོ་དང་དཀར་པོ་སྣང་དུ་རུང་ལ། མ་འཕྲད་ན་དེ་དང་དེར་མི་སྣང་བ་བཞིན་དང་། སྣང་བ་གཉིས་པོ་དེ་གང་བདེན་པར་འཇོག་ཅེ་ན། མར་གསར་གྱི་གོང་བུ་དང་དུང་མདོག་སེར་པོ་སྣང་བ་འཁྲུལ་པ་ཡིན་པས་མེད་སྣང་ཙམ་སྟེ་མི་བདེན་ལ། གསེར་གྱི་ཁ་དོག་སེར་པོ་དང་དུང་གི་ཁ་དོག་དཀར་པོར་སྣང་བ་ནི་མ་འཁྲུལ་པས་བདེན་པར་འཇོག་པ་ལྟར། རྟོག་ཚོགས་མ་དག་པའི་ཆོས་སུ་སྣང་བ་འདི་དག་མེད་པ་གསལ་སྣང་ཙམ་སྟེ་བདེན་པར་མ་གྲུབ་ཅིང་། རྟོག་ཚོགས་ཀྱི་རང་བཞིན་ལྷར་ཡེ་ནས་དག་པ་ནི་མ་འཁྲུལ་ཞིང་མི་བསླུ་བས་གནས་ལུགས་ཏེ་མཐར་ཐུག་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་ཐམས་ཅད་དང་བྲལ་བས་དེ་ལྟར་དུ་གཟིགས་པའི་ཕྱིར། དཔེར་ན་ཤཱ་རིའི་བུས་སངས་རྒྱས་ཀྱི་ཞིང་འདི་མ་དག་པར་མཐོང་ཞིང་ཚངས་པ་རལ་པ་ཅན་གྱིས་དག་པར་མཐོང་ནས་བརྩད་པ་ན། སངས་རྒྱས་ཀྱིས་ཞིང་དག་པར་ཐམས་ཅད་ཀྱིས་མཐོང་བར་མཛད་ནས་ངའི་ཞིང་ནི་རྟག་ཏུ་འདི་ལྟར་དག་ཀྱང་ཁྱེད་རྣམས་ཀྱིས་མ་མཐོང་ངོ་ཞེས་གསུངས་པས་མཚོན་ཏེ། མདོ་དགོངས་འདུས་ལས། འཁོར་བར་འཁྲུལ་པའི་སྒྱུ་མ་དང་། །རྣམ་དག་རྣམ་བྱང་སྒྱུ་མ་གཉིས། །སེམས་ཅན་སངས་རྒྱས་ཐ་དད་ཀྱང་། །དེ་བཞིན་ཉིད་ལ་ཡོང་ཡེ་མེད། །ཅེས་དང་། འཁོར་བའི་སྡུག་བསྔལ་རྨི་འདྲ་བས། །དབུགས་ཆེན་འབྱིན་ནས་རྨི་སངས་ལྟར། །ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས། །མཁའ་ལྟར་ཁྱབ་བདག་ཉིད་དུ་སྣང་། །ཞེས་དང་། འདི་ལྟར་སྣང་བའི་ཆོས་ཐམས་ཅད། །ཡེའམ་ངང་གིས་སངས་རྒྱས་ལ། །མིན་ལ་ཡིན་པར་འགྱུར་མ་ཡིན། །ངོ་བོ་ཉིད་ཀྱིས་དེ་ཉིད་ལ། །ཡིན་དང་མིན་ཞེས་ཅི་བྱར་ཡོད། །ཅེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་པ་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས། དེས་ན་པདྨའི་ལམ་རིམ་ཆེན་མོར། ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད། །ཅེས་པ་འདི་ལ་ལྔ་སྟེ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། འབྲས་བུ། སྦྱོང་ཚུལ་ལོ། །དང་པོ་ནི། སྣོད་བཅུད་བརྟན་གཡོའི་དངོས་པོ་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་གནས་པའོ། །གཉིས་པ་ནི། དེ་ལྟར་ངོ་མ་ཤེས་པར་སྣོད་བཅུད་རང་རྒྱུད་དུ་འཛིན་པ་ཀུན་བརྟགས་གློ་བུར་གྱི་དྲི་མ་འདིའོ། །གསུམ་པ་ནི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ་རུ་བསྒོམས་པའོ། །བཞི་པ་ནི་ཀུན་བརྟགས་གློ་བུར་གྱི་དྲི་མ་དག་ནས་དོན་རང་མཚན་མངོན་དུ་གྱུར་པའོ། །ལྔ་པ་སྦྱོང་ཚུལ་ནི། སྟོང་པའི་ངང་ལས་འགགས་མེད་ཀྱི་སྙིང་རྗེ་གཉིས་མེད་ཡི་གེའི་རང་བཞིན་ལས་སྣོད་གཞལ་ཡས་ཁང་བཅུད་རང་གཞན་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒོམས། དེ་ལ་དམ་ཚིག་ཡེ་ཤེས་གཉིས་ལས། རང་གཞན་གྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་གནས་པ་སྟེ། དེ་ལས་མི་འདའ་བའི་དམ་ཚིག་གི་ལྷར་གསལ་ཞིང་ཐ་མལ་གྱི་ལོག་རྟོག་མེད་པས་སེམས་པའོ། །དེ་ལྟར་གདོད་ནས་གནས་ཤིང་ཡེ་ནས་ཡོད་པ་དེ་ཉིད་ཤེས་པས་ན་ཡེ་ཤེས། གཉིས་འཛིན་གྱི་དྲི་མ་མེད་པས་ན་སེམས་དཔའ་སྟེ་དམ་ཚིག་ཡེ་ཤེས་དབྱེར་མེད་པའོ། །དེས་ན་ཡེ་ནས་ཡོད་པ་ལ་ངོ་ཤེས་བྱས་པ་ཙམ་ལས། རང་བཞིན་གྱི་གནས་ནས་སྤྱན་དྲངས་བསྟིམ་ཞེས་བྱ་བ། ཡུལ་ཡུལ་ཅན་གཞན་དུ་གྲུབ་པ་ནི་མེད་དོ། །རང་བཞིན་དབྱེར་མེད་དཀྱིལ་འཁོར་ལ། །ཞེས་སོ། །ཞེས་རང་འགྲེལ་དུ་གསུངས་སོ། །ཚུལ་དེ་ལྟར་ཤེས་ན་བསྐྱེད་ཆོག་གི་རིམ་པ་རྒྱས་བསྡུས་གང་དང་ཅི་བསྒོམས་ཀྱང་གྱ་ནོམ་ལྷར་ཞེན་གྱི་གོལ་ས་མི་འབྱུང་ཞིང་། དོན་ལ་བསྐྱེད་རྫོགས་ཟུང་འབྲེལ་ཡང་དག་པའི་ཉེ་ལམ་དུ་འགྱུར་ཏེ། དེ་ཉིད་ལས། བསྐྱེད་རྫོགས་གཉིས་མེད་ཀྱི་དོན་ནི། ཀུན་རྫོབ་ལམ་དུ་བྱེད་པ་བསྐྱེད་རིམ། དོན་དམ་མངོན་དུ་བྱེད་པ་རྫོགས་རིམ། དེ་གཉིས་ཐ་དད་གཉིས་སུ་མེད་པས་བསྐྱེད་རྫོགས་དབྱེར་མེད་ཟུང་འཇུག་ཡིན་ནོ། །དེ་ཡང་སྣོད་བཅུད་ཐམས་ཅད་གདངས་མ་འགགས་པར་གསལ་བ་ནི་གཟུགས་སྐུ། གཤིས་སྟོང་པར་གནས་པ་ནི་ཆོས་སྐུ། ངོ་བོ་ཅིར་ཡང་མི་རྟོག་པ་ནི་གཉིས་མེད་ཡིན་ཏེ། གདངས་གཟུགས་སྐུ་ཡིན་ཙ་ན་གཤིས་ཆོས་སྐུ་ལས་འོས་མེད། གཤིས་ཆོས་སྐུར་གནས་པ་ལས་གདངས་གཟུགས་སྐུ་ལས་འོས་མེད། དེའི་གནད་ཀྱིས་དབྱེར་མེད་ལས་འདས་པ་མེད་དོ། །ཞེས་དང་། གྲོལ་ཏིག་ཡང་དག་གཏེར་གཞུང་ལས། རང་ཉིད་སྟོང་པར་བསྒོམས་པ་ནི༔ སྣང་བཞིན་སྟོང་པ་ཆུ་ཟླ་འདྲ༔ བརྗོད་ཅིང་སྟོང་པ་བྲག་ཆ་འདྲ༔ གསལ་ཞིང་སྟོང་པ་འཇའ་ཚོན་འདྲཿ མེད་བཞིན་སྟོང་པ་ནམ་མཁའ་འདྲཿ མྱོང་བཞིན་སྟོང་པ་རྨི་ལམ་འདྲ༔ དེ་ལྟར་གསལ་ཞིང་གོམས་པའི་ཚེ༔ བསྐྱེད་པའི་རིམ་པ་བརྟན་པ་ཡིན༔ སྣང་སྲིད་རྣམ་དག་རང་གི་སེམས༔ སྟོང་གསལ་འཛིན་མེད་ངང་དུ་བཞག༔ རང་བྱུང་རིག་པ་ཟང་ཐལ་བསྐྱང༔ སྣང་ལ་རང་བཞིན་མེད་པ་ཡིན༔ རྫོགས་པའི་རིམ་པ་ཨེ་མ་ཧོ༔ བསྐྱེད་རྫོགས་ཟུང་འཇུག་ལམ་དུ་ཁྱེར༔ བསྐྱེད་རྫོགས་གོམས་པས་སངས་རྒྱས་ཡིན༔ སྒྱུ་ལུས་བརྟན་པར་གྱུར་ནས་ནི༔ བར་དོར་ཡི་དམ་བཞད་ཅིང་བྱོན༔འདི་ལ་ཐེ་ཚོམ་ཅུང་ཟད་མེདཿ རྡོ་རྗེ་འཆང་གི་ས་ཐོབ་ནས༔ གཟུགས་སྐུ་གཉིས་ཀྱི་འགྲོ་དོན་མཛད༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ རྟོག་མེད་ངང་ལ་ཐུགས་ཀྱིས་འཆང༔ ཞེས་དང་། སྣང་བའི་དངོས་པོ་འདི་རྣམས་ཀུན༔ གཟུགས་སུ་སྣང་བ་ལྷ་ཡི་སྐུ༔ རྩི་ཤིང་ནགས་ཚལ་བཅས་པ་དང༔ ས་རྡོ་རི་བྲག་ལ་སོགས་ཀུན༔ དཔལ་ཆེན་སྐུ་ཡི་ཆོ་འཕྲུལ་ལོ༔ འགྲོ་བའི་སྒྲ་སྐད་ཐམས་ཅད་ནི༔ རུ་ལུའི་སྒྲ་རུ་ཤེས་པར་བྱ༔ ས་སྒྲ་མེ་སྒྲ་ཆུ་སྒྲ་དང༔ རླུང་སྒྲ་ལ་སོགས་འབྱུང་བའི་སྒྲཿ རུ་ལུའི་སྒྲ་རུ་ཤེས་པར་བྱ༔ འགྲོ་འཆག་ཉལ་འདུག་ཐམས་ཅད་ནི༔ རུ་ལུའི་ངང་དུ་ཤེས་པར་བྱ༔ འདས་དང་མ་འདས་ད་ལྟར་གྱི༔ རྣམ་རྟོག་རི་དྭགས་རྒྱུ་བ་འདི༔ རུ་ལུའི་རྒྱ་རུ་འཛུད་པར་བྱ༔ ཡིད་ཀྱིས་ཅི་བསམ་ཅི་མནོ་བའི༔ དུག་ལྔ་གང་སྐྱེས་ངོ་བོ་ཀུན༔ རུ་ལུའི་ངོ་བོ་ཤེས་པར་བྱ༔ མིག་གིས་གཟུང་ཡུལ་ཐམས་ཅད་ཀུན༔ རུ་ལུར་ཀྲོང་གིས་ཤེས་པར་བྱ༔ སྣང་སྲིད་རུ་ལུར་འཛིན་པ་ཡིན༔ ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། རྡོ་རྗེ་སེམས་དཔའ་སྒྲུབ་འདོད་པས། །རྟག་ཏུ་མཉམ་པའི་དོན་རྟོགས་ལ། །སྐུ་ནི་འཇའ་ཚོན་ཚུལ་འདྲ་བར། །སྣང་ལ་རང་བཞིན་མེད་པར་བསྒོམས། །འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར། །གསལ་ལ་རང་བཞིན་མེད་པར་བསྒོམས། །ལྷ་ཡི་སྐུ་ནི་གསལ་བསྒོམ་ན། །བསོད་ནམས་ཚོགས་ཆེན་འཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འཐོབ་པར་འགྱུར། །ཞེས་གསུངས། མདོར་ན་བཅོས་མའི་བློ་ངོར་སྣང་སྲིད་དག་པ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་འཆར་བའི་བར་དུ་བསླབས་པས་བསྐྱེད་རིམ་མཐར་ཕྱིན་ཏེ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་བྱའོ། །དེ་ལ་སྤྱིར་བསྐྱེད་རིམ་རྐྱང་པས་འོག་མིན་བར་གྱི་འཇིག་རྟེན་པའི་དངོས་གྲུབ་ཀུན་སྒྲུབ་ནུས་ཀྱི་འདས་ལམ་མངོན་དུ་བྱེད་མི་ནུས་ནའང་། བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ཟབ་མོ་འདི་ལྟ་བུས་རྫོགས་རིམ་ངང་གིས་དྲངས་ནས་བདེན་དོན་མཐོང་བ་ཡང་ཡོད་པ་ལ་རིགས་པས་གནོད་པ་མེད་དེ་མདོ་ལམ་གྱིས་ཀྱང་རིང་མོ་ཞིག་ན་བདེན་དོན་མཐོང་བ་འདྲེན་ཐུབ་པ་བཞིན་ནོ་ཞེས་སྤྱི་དོན་འོད་གསལ་སྙིང་པོར་གསུངས་ལ། དེ་ལྟ་བུའི་མཉམ་པ་ཉིད་ཀྱི་ལྟ་དགོངས་ཀྱིས་ཟིན་ན། བསྐྱེད་རིམ་གྱི་ཆོ་གའི་ཡན་ལག་གཞན་ཕྲ་མོ་རྣམས་ཉམས་ཀྱང་དེས་ཉེས་སྐྱོན་དུ་མི་འགྱུར་བར་མཆོག་ཐུན་གྱི་དངོས་གྲུབ་ཆེན་པོ་རྣམས་བདེ་བླག་ཏུ་འབྱིན་ནུས་པར་གསུངས་ཏེ། གསང་སྙིང་ལས། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ནའང་། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། ཆོས་ཉིད་དག་པའི་རྣལ་འབྱོར་པས། །བསྐྱེད་པའི་ཆོ་ག་ལས་རབ་དག །ལྷག་དང་མ་ཚང་ཉེས་བྲལ་ཞིང་། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །ཞེས་སོ། །དེ་ལྟར་གོ་དོན་གྱི་རྣམ་གཞག་སྤྱིར་ངེས་པར་བྱས་ནས། བྱེ་བྲག་སྒོམ་དོན་དམིགས་རིམ་རྒྱས་པར་བཤད་པ་ལ་བཞི། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ། གཉིས་མེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ལ་གསུམ། རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། བྱིན་གྱིས་བརླབས་ཤིང་དབང་བསྐུར་བའོ། །དང་པོ་ནི། ཨཱཿགདོད་ནས་ཀ་དག་སོགས་ནས། འཇའ་ལྟར་ཤར༔ ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་གསུམ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མ་བཅོས་མི་གནས་དམིགས་དང་བྲལ། །བསམ་དཔྱོད་ཡོད་འཛིན་རྟོག་ལས་འདས། །ཅི་ཡང་འདུ་ཤེས་མི་འཇུག་པ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམས། །ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་སྐྱེ་བ་མེད་པ་ལས་སྐྱེ་སོགས་ཀྱི་རོལ་པ་འགག་པ་མེད་པར་སྣང་ཡང་སྣང་བའི་དུས་ཉིད་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་གི་སྤྲོས་པའི་མཚན་མ་རྡུལ་ཆ་ཕྲ་བ་ཙམ་ཡང་དོན་ལ་གྲུབ་མ་མྱོང་བའི་ཆོས་ཉིད་དེ་བཞིན་ཉིད་གདོད་ནས་དག་པའི་རང་སེམས་ཀ་དག་བསམ་བརྗོད་དང་བྲལ་བའི་དབྱིངས་སུ་མ་བཅོས་པར་མཉམ་པར་འཇོག་པ་སྟེ། དེ་ཡང་ཕྱི་ལྟར་ན། ཆོས་ཐམས་ཅད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་བསམ། ནང་ལྟར་ན། ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པ་རང་རྒྱུད་ལ་སྐྱེས་པར་བསམ། གསང་བ་ལྟར་ན། ཆོས་ཉིད་སྐྱེ་བ་མེད་པ་འོད་གསལ་དུ་ལྷང་གིས་རྟོགས་པར་བསམས་ལ། འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་བཟུང་། འདིས་མར་འཁོར་བའི་དྲི་མ་འཆི་སྲིད་དང་རྟག་ལྟ་གཟུགས་མེད་ཀྱི་ཁམས་སྦྱང་ཞིང་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་ཐེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག ལམ་གོང་མ་རྫོགས་རིམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ལུང་སྔ་མའི་འཕྲོར། སྟོང་ཉིད་ཡེ་ཤེས་རང་གསལ་བའི། །ཕྱོགས་མེད་ནམ་མཁའི་རང་བཞིན་ལྟར། །སྙིང་རྗེ་ཆེན་པོས་ཁྱབ་པ་ལ། །ཀུན་ཏུ་སྣང་བ་བསྒོམ་པར་བྱ། ཞེས་པས། སྟོང་ཉིད་དེའི་ངང་ལས་ཡེ་ཤེས་ཀྱི་རིག་པའི་རྩལ་མ་འགགས་པར། དེ་ལྟར་མ་རྟོགས་པའི་དབང་གིས་མེད་སྣང་སྒྱུ་མ་ལྟ་བུའི་སྲིད་པར་འཁྲུལ་སྣང་མུ་མེད་དུ་འཕྱན་ཞིང་སྡུག་བསྔལ་གསུམ་ལ་ལོངས་སྤྱོད་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རང་གནས་གདོད་མའི་གཤིས་ལུགས་ཆོས་ཉིད་མཉམ་པ་ཆེན་པོའི་ཚུལ་ལ་འགོད་པར་བགྱིའོ་སྙམ་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་རྩོལ་བ་མེད་པར་ཀུན་ལ་ཁྱབ་པར་རང་སྣང་བའི་ཚུལ་དུ་བསྒོམ་པ་སྟེ། ཕྱི་ལྟར་ན་ཁམས་གསུམ་གྱི་སེམས་ཅན་ཆོས་ཉིད་ཀྱི་དོན་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་ཁྱབ་པར་བསྒོམ། ནང་ལྟར་ན་རང་གི་སེམས་རང་ལ་གསལ་བ་ལ་སྙིང་རྗེ་རང་བྱུང་དུ་ཤར་བར་བསྒོམ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་འཁོར་འདས་གཉིས་མེད་དུ་ལྷང་གིས་རྟོགས་པར་བསམ་པའོ། །བར་དོ་དག་པ་ལོངས་སྐུའོ་སྙམ་དུ་ང་རྒྱལ་འཛིན། འདིས་བར་སྲིད་དང་ཆད་ལྟ་གཟུགས་ཁམས་དག་པར་བྱེད། འབྲས་བུ་ལོངས་སྐུར་རྫོགས་པའི་རྟེན་འབྲེལ་སྒྲིག འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་བའི་སྨིན་བྱེད་དུ་འགྲོའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། རྒྱུད་སྔ་མའི་འཕྲོར། གཉིས་མེད་རིག་པ་རང་སྣང་བའི། །མ་ལུས་སྐྱེ་རྒྱུ་ཧཱུྃ་བསྒོམ་བྱ། །ཞེས་པས། རང་སེམས་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ལས། མཚོན་བྱ་དབྱིངས་དང་ཡེ་ཤེས་གཉིས་མེད་དཔལ་ཆེན་པོ་ཉིད། མཚོན་བྱེད་ཐབས་ཆེན་ཡི་གེའི་རྣམ་པར་ཤར་བ་ཧཱུྃ་ཡིག་སྔོན་པོ་འོད་འབར་བ་ཞིག་ནམ་མཁའི་དཀྱིལ་ནས་འཇའ་ཚོན་ཤར་བ་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ་པ་ནི་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ་བསྐྱེད་པའི་རྒྱུ་ཡིན་པས་རྒྱུ་ཡི་ཏིང་ངེ་འཛིན་ཏེ། ཕྱི་ལྟར་ན་སེམས་ཉིད་ཧཱུྃ་ཡིག་ཐམས་ཅད་བསྐྱེད་པའི་རྒྱུ་རུ་བསྒོམ། ནང་ལྟར་ན་རང་གི་སེམས་བྱུང་རང་ཤར་དུ་འདུག་པ་འདི་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པར་བསྒོམ། གསང་བ་ལྟར་ན་སྐྱེ་བ་མེད་པའི་དོན་ལྷང་ངེར་རྟོགས་པ་དེ་ཐམས་ཅད་སངས་རྒྱས་ཀྱི་རྒྱུ་རུ་བསྒོམ་པའོ། །དེས་སྐྱེ་གནས་དག་པ་སྤྲུལ་སྐུའོ་སྙམ་པའི་ང་རྒྱལ་བསྐྱེད། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་དང་འདོད་ཁམས་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་བདེ་ལུང་ལས་བྱུང་བའི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་ནི། དེ་ལས་རོལ་པའི་ཆོ་འཕྲུལ་གྱི༔ ཞེས་པ་ནས། རྡོ་རྗེ་ཁྲོ་བོའི་ཕྱག་རྒྱར་རྫོགས༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་རྣལ་འབྱོར་པའི་བློ་ཡི་རྩལ་འཕང་དང་སྦྱར་ཏེ། ལས་དང་པོ་པས་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་དང་། རིམ་གྱིས་གོམས་པ་ནི། རྫོགས་པ་ཨ་ནུ་ཡོ་ག་ལྟར་དོན་དམ་པར་དབྱིངས་སྐྱེ་བ་མེད་པ་ལས་མ་གཡོས་པར་ཀུན་རྫོབ་དུ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་སྙིང་པོ་བརྗོད་པ་ཙམ་གྱིས་ལྷའི་དཀྱིལ་འཁོར་དུ་སད་པར་མོས་པ་དང་། མན་ངག་རྫོགས་པ་ཆེན་པོའི་ལུགས་ཀྱིས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་དུ་གྲུབ་བསལ་མེད་པར་གནས་པའི་ཕྱིར་རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ཡེ་ནས་ཡིན་པ་ལ་ད་ལམ་གྱིས་བསྒྲུབ་མི་དགོས་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ་ཡི་དཀྱིལ་འཁོར་དུ་རྫོགས་པའི་ཚུལ་གྱིས་བསྒོམ་པ་དང་བསྒོམ་པ་ཚུལ་གསུམ་ཨོ་རྒྱན་དུས་གསུམ་མཁྱེན་པས་ཡང་དག་གསང་བའི་འགྲེལ་ཆེན་དུ་གསུངས་པ་ལས། འདིར་ལྟ་བའི་གནད་དང་གོ་དོན་ཕྱི་མ་ལྟར་གཙོ་བོར་བཟུང་ནས། བསྒོམ་ཚུལ་གྱི་རིམ་པ་ཐུན་མོང་སྤྱི་དང་མཐུན་པར་འཆད་པ་ལ། ཐོག་མར་རྟེན་གཞི་འབྱུང་བ་རིམ་བརྩེགས་སོགས་བསྒོམ་པ་ནི། ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་དེ་ལས་རོལ་པའི་ཆོ་འཕྲུལ་ཡེ་ཤེས་ཆེན་པོའི་འོད་ཟེར་ཀུན་ཏུ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་དབྱིངས་སུ་སྦྱངས་ནས་སྟོང་པར་བྱས། སྟོང་པའི་ངང་ལས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བའི་བཀོད་པ་ཆེན་པོའི་རོལ་པ་ནི། གདོད་མ་ནས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་མཚོན་བྱེད་ཡི་གེ་ཨེ་ཡྃ་རྃ་སུྃ་ཀེཾ་རྃ་རྣམས་ཆད་པ་ཡོངས་སུ་གྱུར་པ་ལས། ཨེ་ལས་ནམ་མཁའ་མཐིང་ནག་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གཞུ་ཡི་དབྱིབས་ཅན། ར་ལས་རཀྟའི་རྒྱ་མཚོ་དམར་ཟླུམ་རྦ་ཀློང་འཁྲུགས་པ། སུྃ་ལས་ཞིང་ཆེན་གྱི་ས་གཞི་སེར་ནག་གྲུ་བཞི་པ། ཀེཾ་ལས་ཀེང་རུས་ཀྱི་རི་རབ་དཀར་སྔོ་བང་རིམ་བཞི་པ་འཛིང་ཐབས་སུ་བརྩེགས་པ་སྟེ། དེ་ལྟར་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྃ་ལས་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་ཏུ་འབར་ཞིང་འཁྲུགས་པའི་ཀློང་དུ་རྡོ་རྗེ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་ཁོང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལྟེ་བར་སྣ་ཚོགས་པདྨ་ཉི་མ་རྡོ་རྗེ་རྒྱ་གྲམ་གྱི་གདན་དང་བཅས་པ་བསྒོམས་པ་སྟེ། དེ་ཡང་ཕྱི་ལྟར་ན་འབྱུང་བ་རིམ་བརྩེགས་ཀྱི་དལ། ནང་ལྟར་ན་རང་གི་ལུས་ཀྱི་འབྱུང་ཁམས། གསང་བ་ལྟར་ན་འབྱུང་བ་རང་ཤར་རང་གྲོལ་དུ་ལྷང་གིས་རྟོགས་པར་སྒོམ། ཕྱི་ནང་གི་འབྱུང་ལྔའི་དག་སྦྱོར་ཡང་། སྒྱུ་འཕྲུལ་བཤད་རྒྱུད་ལས། ཕྱི་རོལ་འབྱུང་སོགས་ཡུམ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀཱི། །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་སོ། །དེ་ལྟར་འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་ང་རྒྱལ་བསྐྱེད། འདིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་དྲུག་པོ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་དང་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་མཉེན་ཅིང་དུལ་བའི་གཞི་འདིང་བའོ། །དེའི་སྟེང་དུ་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི། སླར་ཡང་རྒྱུའི་ཧཱུྃ་ལས་ཅིར་ཡང་འགྱུར་བའི་ཡི་གེ་བྷྲཱུྃ་ཁ་དོག་ལྔ་ལྡན་འཕྲོས་པ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་གློ་འབུར་སོགས་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པ། རྒྱུ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཐོད་པ་སྐམ་རློན་རྙིང་གསུམ་གྱི་རྩིག་པ་རིམ་པ་ལྔ་པ་ཁ་ནས་མེ་འབར་ཞིང་སྣ་ནས་དུད་པ་འཐུལ་བ། མིག་ནས་ཁྲག་འཛག་པ། ཐམས་ཅད་ཀྱང་རཀྟས་སྤྱིན་ཐབས་སུ་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་བུས་བཏབ་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་སྤྲོ་བ། རྩིག་པའི་སྟེང་དུ་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་སྟབས་སུ་བཀོད་པའི་མཐར་རྒྱུ་མ་དང་སྙིང་གི་འགུལ་འཁོར་འཕྱང་བ། དེ་ཡི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུར་སྦྲུལ་སྦྲམ་དང་ཐོད་ཕྲེང་གི་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པ། དེ་དག་གི་བར་མཚམས་སུ་ཉི་ཟླའི་འོད་ཟེར་འཕྲོ་བས་བརྗིད་པ། བྱ་འདབ་ལས་འཕྱང་བའི་རྐང་ལག་གི་ཤར་བུ། སྟེང་ངོས་སུ་རྒལ་ཚིགས་ཀྱི་མདའ་ཡབ། བར་བར་དུ་ཞིང་ཆེན་གྱི་གདུགས་དང་རྒྱལ་མཚན། ལག་པའི་འཕན། ལྕང་ལོའི་རྔ་ཡབ་རྣམས་ཀྱི་སྤྲས་པ། ནང་ཚངས་པའི་གདུང་བཞི་ལྷ་ཆེན་བརྒྱད་ཀྱི་ཀ་བས་བཏེག་པ། རུས་སྦལ་གྱི་ཀ་གདན། གཟའ་བརྒྱད་ཀྱི་ཀ་ཞུ། ཀླུ་ཆེན་བརྒྱད་ཀྱི་ཕྱམ། རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་མ། སྟེང་ཞིང་ལྤགས་ཀྱི་ཐོག་ཕུབ་ཉི་མ་དང་ཟླ་བའི་མཐོང་དཀར་དང་བཅས་པའི་དབུས་ཕྱུར་བུར་ལྷ་ཆེན་གྱི་ཐོད་པས་ཕུབ་པའི་རྩེ་མོར་ཅིཏྟའི་ཏོག་གིས་བརྗིད་པ། སྒོ་བཞིར་དྲག་པོའི་ཀ་བ་བཞི་བཞིའི་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་མའམ་བཞི་པ། དེའི་སྟེང་དུ་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་རྔམ་བརྗིད་དུར་ཁྲོད་དྲག་པོའི་རྒྱན་གྱི་བཀོད་པ་ཡོངས་སུ་རྫོགས་པར་གསལ་གདབ་སྟེ། དེའི་དོན་རྟགས་ཀྱི་ཁྱད་པར་ཡང་། ཧེ་རུ་ཀ་གལ་པོ་ལས། གཞལ་མེད་ཁང་ཆེན་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་པ། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་ཐར་བརྒྱད་ལྡན་རྟ་བབས་སོ། །རིན་ཆེན་སྒོ་སྟེང་ཐུགས་རྗེའི་ངང་། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱམས་དང་། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་འཆིང་གཅོད་གྲི་གུག་ཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། །ཞེས་སོ། །དེ་ཡང་ཕྱི་ལྟར་ན། ཕྱི་རིན་པོ་ཆེ་ལ་ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། ནང་ལྟར་ན་བདག་གི་ཁོག་པ་དུར་ཁྲོད་དམ་གཞལ་ཡང་ཁང་དུ་ཡེ་ནས་གནས་པ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷང་གིས་རྟོགས་པར་མོས་པའོ། །དེ་ནས་གདན་བསྐྱེད་པ་ནི། འོག་ཏུ་ཁྲོ་བཅུ་སོགས་བསྐྱེད་ཆོག་རྒྱས་པར་སྤྲོ་ན། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུའི་ལྟེ་བར་གཙོ་བོ་དང་། རྩིབས་ལ་ཁྲོ་བཅུའི་གདན་སོགས་སྤྱི་ལྟར་བསྒོམ་པ་ཡིན་ལ། དེ་ལྟར་མི་སྤྲོ་ན་རྩ་བའི་དངོས་བསྟན། དཀྱིལ་འཁོར་གྱི་དབུས་སུ་པདྨ་ཟླ་ཉི་ལྷ་ཆེན་ཕོ་མོ་བསྣོལ་བའི་གདན་བཅས་གསལ་བ་སྟེ། གང་ལྟར་ཡང་། ཕྱི་ལྟར་ན་དྲེགས་པ་ཉི་ཟླ་པདྨའི་གདན་རང་བྱུང་དུ་གྲུབ་པར། ནང་ལྟར་ན་མ་རིག་པ་དང་བདུད་བགེགས་ཡེ་ཤེས་ཀྱི་ཉི་ཟླ་དང་བཅས་པར། གསང་བ་ལྟར་ན་ཆོས་ཉིད་སྐྱེ་མེད་ཀྱི་དོན་དེས་ཉོན་མོངས་རྣམ་རྟོག་ཟིལ་གྱིས་གནོན་པར་བསྒོམ་པ་སྟེ། ཡུལ་དང་ཁང་ཁྱིམ་སོགས་རྣམ་པར་དག་པ་སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་ངོ་སྙམ་དུ་ང་རྒྱལ་བཟུང་། འདིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། གདན་པདྨ་ཉི་ཟླས་མའི་མངའ་ཁུ་ཁྲག་དང་བཅས་པ་དང་། གནས་ལུས་ལ་སྲེད་ལེན་གྱི་བར་ཆད་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་གྲུབ་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གིས་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་གི་བདེ་བའི་ཆ་དང་། གདན་པདྨ་ནི་རྩ་འཁོར། ཟླ་བ་ནི་སྤྱི་བོའི་ཧྃ་ཡིག ཉི་མ་ནི་གཏུམ་མོའི་མེ་སྟེ། འབར་འཛག་གི་ཞུ་བདེས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་བའོ། །དེ་ནས་བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་ནི། ནམ་མཁར་གནས་པའི་མཚོན་བྱེད་རྒྱུའི་ཡི་གེ་ཧཱུྃ་མཐིང་ག་ཉིད། དཀྱིལ་འཁོར་དབུས་ཀྱི་གདན་སྟེང་དུ་བབས་པ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། མཚོན་བྱ་བདག་ཉིད་རྩ་བའི་ལྷ་རྡོ་རྗེའི་རང་བཞིན་དབྱིངས་སྟོང་པ་ཉིད་དང་། གཞོན་ནུ་ཡེ་ཤེས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་ཅིང་སྒྲིབ་པ་མཐའ་དག་དང་བྲལ་བས་ཤིན་ཏུ་རྣམ་པར་དག་པ། ཆོས་ཀྱི་སྐུའི་ཡོན་ཏན་ཐམས་ཅད་རྣམ་པ་རྟགས་ཀྱི་ཕྱག་རྒྱ་གཟུགས་ཀྱི་སྐུའི་རྣམ་པར་ཤར་བ་ནི། རྣམ་ཐར་གསུམ་མཚོན་པའི་དབུ་གསུམ་ལས། ཐུགས་ཆོས་ཉིད་འགྱུར་བ་མེད་པའི་བརྡར་སྐུ་དང་རྩ་ཞལ་སྟོན་གནམ་དྭངས་པ་བཞིན་དུ་མཐིང་ལ་རྔམས་པ། སྐུ་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་གཡས་ཞལ་དཀར་པོ་བཞད་པ། གསུང་འགྲོ་ལ་རྗེས་སུ་ཆགས་པའི་བརྡར་གཡོན་ཞལ་དམར་པོ་གཤེ་བ། སྲིད་གསུམ་ཟིལ་གྱིས་གནོན་པའི་རྟགས་སུ་དབུ་སྐྲ་རལ་པ་གྱེན་དུ་འབར་བ། ས་དགུའི་རྟོག་པ་འཇོམས་པའི་རྟགས་སུ་སྤྱན་དགུས་ལྡང་མིག་གཟིར་ཞིང་། བདུད་བཞི་རྩད་ནས་གཅོད་པའི་མཆེ་བ་བཞི་བཞི་གཙིགས་པ། ཡེ་ཤེས་དྲུག་གིས་འགྲོ་དོན་མཛད་པའི་ཕྱིར་ཕྱག་དྲུག་གིས། གཡས་དང་པོས་ཐེག་པ་རིམ་དགུ་རྫོགས་པའི་རྡོ་རྗེ་རྩེ་དགུ་པ་དང་། བར་པས་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ལས་མཚོན་ཆའི་ཆར་འབེབས་པ། གཡོན་དང་པོས་ཉོན་མོངས་པའི་བུད་ཤིང་སྲེག་པའི་ཡེ་ཤེས་ཀྱི་མེ་ཕུང་སྡིགས་པའི་མཛུབ་མོའི་རྩེ་ནས་སྤྲོ་བ། གཉིས་པས་དུག་གསུམ་རྩད་ནས་གཅོད་པའི་ཁ་ཊྭཱྃ་རྩེ་གསུམ་པ་ཐབས་ཤེས་གཉིས་སུ་མེད་པའི་ཅང་ཏེའུ་དང་དྲིལ་བུའི་སྒྲ་སྙན་པར་འཁྲོལ་བ། ཕྱག་ཐ་མ་གཉིས་ཀྱི་དབྱིངས་དང་ཡེ་ཤེས་དབྱེར་མེད་པས་ཁམས་གསུམ་པོའི་ཉོན་མོངས་པའི་དུག་ཆེན་སྦྱང་བའི་ཕྱིར་རི་རབ་ལྟ་བུའི་ཕུར་བུ་འདྲིལ་བ། ཆེ་བཙན་འགྲན་ཟླ་དང་བྲལ་བའི་རྟགས་སུ་དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྗིད་པ་སྟེ། དེ་ཡང་དཔལ་གྱི་ཆས་བརྒྱད་ནི། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་ཕྱིར་དཔལ་གྱི་ཆས་ཏེ། རྟོག་པ་ལྷ་རྒྱུད་ལས། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་ཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པར་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་དོན་རྟགས་བཅས་གསལ་བར་གསུངས་པ་བཞིན་ལ། གཞན་ཡང་འདི་ལ་ངོས་འཛིན་འདྲ་མིན་གྱི་བཞེད་པ་ཅི་རིགས་སྣང་ངོ་། །དུར་ཁྲོད་ཀྱི་ཆས་བརྒྱད་ནི། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཏེ། སྔོན་བྱུང་རུ་ཏྲ་བསྒྲལ་པའི་ལོངས་སྤྱོད་ཀྱི་ཆས་རྣམས་དཔལ་ཆེན་པོའི་སྐུའི་རྒྱན་དུ་བཞེས་པས། དུར་ཁྲོད་ན་གནས་པའི་མ་སྲིང་མཁའ་འགྲོ་འབུམ་གྱིས་ཚོགས་རྣམས་དང་དགྱེས་དགུར་རོལ་བའི་ཡ་མཚན་ཆེན་པོ་དང་ལྡན་པ་རྡོ་རྗེའི་སྐུ་ཡི་དབྱིངས་སུ་རྫོགས་པ་སྟེ། དེ་ཡང་སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་ཆེན་གྱི་ཀོ་རློན་དང་། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱིས་སྟོད་གཡོགས་ཤིང་། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ་སྟེ་བགོ་བའི་གོས་གསུམ་མོ། །ཡེ་ཤེས་ལྔས་དུག་ལྔ་བཅོམ་པའི་རྟགས་སུ། ཀླུ་རྒྱལ་རིགས་དཀར་པོས་སྐྲ་འཆིང་། རྗེ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུར་ཆུ་{ཆིངས}། དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ། གདོལ་པ་ནག་པོས་གདུ་བུ་སྟེ་ཐམས་ཅད་ཀྱང་གདུག་པ་སྦྲུལ་གྱི་རྣམ་པ་ཅན་གྱི་སྦྲུལ་རྒྱན་དང་། སྐུ་གསུམ་མཚོན་བྱེད་ཐོད་རྒྱན་ཏེ། སྐམ་པོ་ལྔ་ཡི་དབུ་རྒྱན། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ། ཚལ་བུའི་དཔུང་རྒྱན་ཏེ་གདགས་པའི་རྒྱན་གཉིས་སོ། །དུག་གསུམ་མ་སྤངས་གནས་སུ་དག་པའི་བརྡར། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ་གྱིས་བརྒྱན་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཕྱིར་ཞབས་བཞི་གྱད་ཆེན་པོའི་དོར་སྟབས་ཀྱི་མ་ཧཱ་རུ་ཏྲའི་སྤྱི་བོ་ནས་བརྫིས་པ། སྟོང་པ་ཉིད་ཀྱི་རང་བཞིན་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་མ། གཡས་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་ཨུཏྤལ་དང་། གཡོན་རྒྱུད་དྲུག་ཉོན་མོངས་དབྱིངས་སུ་བསྒྲལ་ཞིང་སྟོབས་པའི་བརྡར་དུང་ཆེན་དམར་གྱིས་གང་བ་འཛིན་པ་དང་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་ཞིང་འཁྱུད་པ། གཟིག་ཤམ་དང་རུས་རྒྱན་སོགས་སྣ་ཚོགས་པའི་ཁྲོ་མོའི་རྒྱན་གྱིས་སྒེག་པ། གཉིས་ཀའང་གདུལ་བྱ་མ་རུངས་པ་རྣམས་རྗེས་སུ་འཛིན་པའི་ཕྱིར་ཆགས་ཁྲོ་རྔམས་པའི་ཉམས་འགྱུར་ཐམས་ཅད་རྫོགས་པ་སྟེ། དེ་ལྟར་མཐར་ཕྱིན་འབྲས་བུའི་ཆོས་རྣམས་རྟགས་ཀྱི་ཕྱག་རྒྱར་གསལ་བའི་ཡེ་ཤེས་ཀྱི་སྐུ། ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་གར་མཁན། སྤྲོས་པའི་སྤྱོད་ཡུལ་ལས་འདས་པས་རང་བཞིན་ཅིར་ཡང་མ་དམིགས་བཞིན་དུ། ཐབས་ལ་མཁས་པའི་སྤྱོད་པ་རྨད་དུ་བྱུང་བས་འགྲོ་བ་མ་ལུས་པ་གདུལ་བར་བྱ་བའི་ཕྱིར། རྒྱུ་དམིགས་པ་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོས། གང་ལ་གང་འདུལ་གྱི་རྣམ་འཕྲུལ་ཚད་མེད་པས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དུས་གཅིག་ལ་རྫོགས་པར་བྱ་བའི་ཕྱིར། ཟག་བཅས་ཀྱི་ཕུང་པོ་ལྔ་གནས་སུ་དག་པ་སྲས་མཆོག་རིགས་ལྔ་སྟེ། གཟུགས་ཕུང་དང་གཏི་མུག་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་བུངྔྷ་ཀཱི་ལ་ཡ། དེ་བཞིན་དུ་རྣམ་ཤེས་དང་ཞེ་སྡང་དག་པ་མེ་ལོང་ཡེ་ཤེས་བཛྲ་ཀཱི་ལ་ཡ། ཚོར་ཕུང་དང་ང་རྒྱལ་དག་པ་མཉམ་ཉིད་ཡེ་ཤེས་རཏྣ་ཀཱི་ལ་ཡ། འདུ་ཤེས་དང་འདོད་ཆགས་དག་པ་སོར་རྟོགས་ཡེ་ཤེས་པདྨ་ཀཱི་ལ་ཡ། འདུ་བྱེད་དང་ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་ཀརྨ་ཀཱི་ལ་ཡ་རྣམས། ནམ་མཁའ་རྣམ་པར་དག་པ་བུངྔྷ་ཀྲོ་ཏི་ཤྭ་རི་མ་སོགས་འབྱུང་བ་ལྔ་པོ་རྣམ་པར་དག་པ་ཡུམ་ལྔ་དང་རང་བཞིན་གཉིས་སུ་མེད་པར་རོལ་ཞིང་། དེ་བཞིན་དུ་མི་དགེ་བ་བཅུ་གནས་སུ་དག་ཅིང་དགེ་བཅུ་ཕར་ཕྱིན་བཅུ་སོགས་ཀྱི་ངོ་བོ་ཁྲོ་ཆེན་ཡབ་ཡུམ་བཅུ་དང་། ཉེ་ཉོན་ཉི་ཤུའི་རྟོག་པ་གནས་སུ་དག་པ་ཕྲ་ཕྱག་ཉི་ཤུ། ཕྱིན་ཅི་ལོག་བཞིའི་རྟོག་པ་གནས་སུ་དག་པ་སྒོ་སྐྱོང་གདོང་ཅན་བཞི། ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པ་ཕུར་སྲུང་བཅུ་གཉིས་སོགས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རང་བྱུང་ཡེ་ཤེས་གཅིག་གི་རོལ་རྩལ་དུ་ཅིར་ཡང་སྣང་ཞིང་ཅིར་ཡང་འཕྲུལ་བ་སྟེ། དོན་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བདག་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་བསྐྱེད་ཙམ་གྱིས་དེ་ལས་ཤར་བའི་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་ཀྱང་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པས་ན། ཐ མས་ཅད་བྱང་ཆུབ་སེམས་ཀྱི་རང་རྩལ་དུ་ཤེས་པའི་དག་དྲན་ལ་བསླབས་པས་དོན་གྱི་གནད་ཚང་བ་ཡིན་ཏེ། གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟོངས་དཔྱལ་བསྒོམས། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་དང་། སྤྱི་མདོ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་དང་། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མ་སྐྱེས་གྲངས་ལས་འདས་པའི་རང་བཞིན་ལ། །རྣམ་རྟོག་གྲངས་ལས་འདས་པའི་ཕྱག་རྒྱ་ཤར། །མཁའ་ལ་གཟའ་སྐར་ཆུ་ཡི་ཆུ་བུར་ལྟར། །ཇི་ལྟར་སྣང་ཡང་སྐྱེ་བ་མེད་པར་གཅིག །ཅེས་དང་། སྐུ་གསུང་ཐུགས་ཀྱི་མཚན་མ་ཇི་སྙེད་པ། །སེམས་ཅན་མོས་པའི་ཁྱད་པར་སྣང་བ་ཡིས། །ནུས་མཐུ་བྱིན་རླབས་སོ་སོར་སྣང་བ་ཡང་། །མ་སྐྱེས་སེམས་ཀྱི་ངང་ལས་གཞན་མ་མཐོང་། །ཞེས་སོ། །གལ་ཏེ་སྤྲོས་པ་ལ་དགའ་ན། བདག་རྩ་བའི་དཀྱིལ་འཁོར་གྱི་སྐུའི་གནས་ལྔ་ལ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་ཀཱི་ལ་ཡ་རིགས་ལྔ་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་འཁོར་ལོའི་རྩིབས་བཅུ། སྒོ་བཞིར་སྒོ་སྐྱོང་། མུ་རན་ལ་ཕུར་སྲུང་སོགས་སྤྱི་ལྟར་བསྒོམ་པར་བྱ་སྟེ། དེ་ལྟ་ན་དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དོན་རྟགས་དགོས་ཆེད་སོགས་ཞིབ་པར་ཁོ་བོས་བྱས་པའི་ཕུར་པ་ཡང་གསང་སྤུ་གྲིའི་རྣམ་བཤད་དུ་བལྟ་བར་བྱའོ། །གང་ལྟར་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་ཙམ་དུ་ཟད་པས། ཆོས་ཀུན་གྱི་དྭངས་མའི་སྲོག་གམ་སྙིང་པོའམ་བཅུད་ལྟ་བུར་གྱུར་པ་རང་བྱུང་གི་ཡེ་ཤེས་ཟག་མེད་བདེ་བ་ཆེན་པོ་དོན་གྱི་ཨེ་ཝཾ་ཟུང་འཇུག་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་རང་གི་སེམས་ཉིད་ཀ་དག་རིག་སྟོང་རྗེན་པ་འདི་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་བླ་མ་རྡོ་རྗེ་འཆང་ཆེན་པོ་དངོས་ཉིད་ཡིན་ཏེ། བདེ་འདུས་རྩ་སྒྲུབ་ལས། སེམས་ཉིད་སྐྱེ་བ་མེད་པ་འདི༔ རིགས་ཀྱི་བདག་པོ་བླ་མ་ཡིན༔ ཞེས་དང་། ཀུན་བྱེད་ལས། སེམས་ལས་མ་གཏོགས་པ་ཡི་སངས་རྒྱས་ནི། །ཀུན་བྱེད་རྒྱལ་པོས་སྔོན་ཡང་ལུང་མ་བསྟན། །ཕྱིས་ནས་མི་སྟོན་ད་ལྟ་སྟོན་མི་མཛད། །དེ་བས་སངས་རྒྱས་སེམས་སུ་ཤེས་པར་བྱ། །ཞེས་དང་། གསང་འདུས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །དེ་ལྟ་བུའི་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་གནས་ལུགས་ཡང་དག་པའི་ཡེ་ཤེས་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱའི་རོལ་པར་ཤར་བ་ནི་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་ཉིད་ཡིན་ཏེ། གལ་པོ་ལས། བདེ་དང་སྟོང་པ་ཟུང་འཇུག་སྐུ། །ཧེ་རུ་ཀ་ཡི་རང་བཞིན་ཡིན། །ཞེས་དང་། ཧེ་རུ་ཀ་འདུས་པའི་རྒྱུད་ལས། ཧེ་ནི་བརྡལ་ཁྱབ་སྟོང་པའི་ངང་། །རུ་ནི་གཉིས་མེད་བདེ་བ་ཆེ། །ཀ་ནི་ཅིར་ཡང་རོལ་པ་ཉིད། །ཅེས་སོ། །དེ་ལྟར་ངེས་པར་བྱས་ནས། བདག་ཉིད་རྩ་བའི་ལྷ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་པདྨ་ཟླ་ཉི་དྲེགས་པ་ཁྱོ་ཤུག་བསྣོལ་བའི་གདན་གྱི་སྟེང་དུ། ཤྲཱི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། ཕཊ་ཀྱིས་རྐན་སྒྲ་རྡེབ་ཅིང་ཤངས་ནས་ཧཱུྃ་གི་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་བ་ཁམས་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། ཡེ་ཤེས་ཆེན་པོའི་ཕྱག་དྲུག་གི་གཡས་དང་པོས་རྡོ་རྗེ་རྩེ་དགུ། བར་བས་ཁ་ཊྭཱྃ། ཐ་མས་གསང་བའི་རྔེའུ་ཆུང་འཛིན་པ། གཡོན་དང་པོས་དྲིལ་བུ། བར་བས་བྷནྡྷ་ཁྲག་བཀང་། ཐ་མས་རྒྱུ་ཞགས་འཕེན་པ། ཞབས་བཞི་གཡོན་བརྐྱང་བའི་སྟབས་ཀྱིས། ཡུམ་དབྱིངས་ཕྱུག་ཀྲོ་ངྷི་ཤྭ་རི་མ་སྔོ་སྐྱ་གཡས་རྡོ་རྗེ་དང་གཡོན་དུང་ཁྲག་སྟོབས་པ་དང་མཉམ་པར་སྦྱོར་བ་སྟེ་གཉིས་ཀའང་། ཆགས་ཉམས་ཀྱིས་སྒེག་པ། ཁྲོ་ཉམས་ཀྱིས་དཔའ་བ། རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་སྐུ་ཡི་གར་གསུམ། བཞད་པའི་གད་མོ་འབྱིན་པས་དགོད་པ། བསྡིག་པའི་ང་རོ་སྒྲོགས་པས་གཤེ་བ། སྒྲ་གདངས་ཆེ་ཞིང་བཟོད་པར་དཀའ་བས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ། རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུངས་པའི་སེམས་ཅན་ཁྲོ་བས་འདུལ་བའི་རྔམས་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པའི་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་བཅས་གར་དགུའི་ཉམས་དང་ལྡན་ཞིང་། དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ་སྟེ། དེ་ཉིད་ཀྱི་དོན་རྟགས་ཀྱི་ཁྱད་པར་ཐུན་མོང་བ་ལྟར་ན་གཏེར་གསར་ཡང་དག་ཐུགས་ཀྱི་སྙིང་པོ་ལས། སྐུ་གསུམ་མཚོན་པའི་ཞལ་གསུམ་བསྟན༔ ཕྱག་དྲུག་རྣམ་པར་འགྱུར་བ་ཅན༔ རྡོ་རྗེ་སྙིང་པོའི་དོན་རྟོགས་ཏེ༔ ཁ་ཊྭཱྃ་དུག་གསུམ་དབྱིངས་སུ་བསྒྲལ༔ ཐོད་རྔ་རྣལ་འབྱོར་ཡེ་ཤེས་སྐྱེད༔ དྲིལ་བུའི་སེམས་ཅན་སད་པར་བྱེད༔ ཐོད་ཁྲག་འཁོར་བ་གནས་ནས་སྤོར༔ རྒྱུ་ཞགས་ཐུགས་རྗེའི་དཔྱང་ཐག་ཅན༔ ཚད་མེད་བཞི་ཡི་ཞབས་བཞི་བགྲད༔ བདེ་སྟོང་གཉིས་མེད་ཡུམ་དང་སྦྱོར༔ ཞེས་སོ། །ཐུན་མོང་མ་ཡིན་པ་ལྷ་རྟོག་སྦྱར་བའི་དབང་དུ་བྱས་ན། གཡས་ཞལ་དཀར་བ་སྐུའི་རང་བཞིན་དང་མིག་ཤེས་དག་པ་ཀ་རི་མ། གཡོན་ཞལ་དམར་བ་གསུང་གི་རང་བཞིན་དང་ལྕེ་ཤེས་དག་པ་པྲ་མོ་ཧཱ། དབུས་མཐིང་ག་ཐུགས་ཀྱི་རང་བཞིན་དང་དཔལ་ཆེན་པོ་ཉིད་ཡིན་ལ། ཕྱག་དྲུག་གི་གཡས་དང་པོ་རྣ་ཤེས་དག་པ་ཙ་རི་མཱ། གཉིས་པ་སྣ་ཤེས་དག་པ་བཻ་ཏཱ་ལི། ཐ་མ་ཉོན་ཡིད་དག་པ་པུཀྐ་སཱི། གཡོན་གྱི་དང་པོ་ཀུན་གཞི་དག་པ་གྷསྨཱ་རི། བར་པ་ཡིད་ཤེས་དག་པ་སྨ་ཤ་ནི། ཐ་མ་ལུས་ཤེས་དག་པ་ཙནྡ་ལཱི། ཞབས་བཞི་སྒོ་མ་བཞི། ཡབ་ཡུམ་དབྱིངས་ཡེ་ཟུང་འཇུག གདན་སེང་ཧ་མ་བརྒྱད། རྒྱན་རྣམས་མཆོད་པའི་ཡོ་བྱད་དང་སྦྱར་བ་སྟེ། ཚུལ་འདི་ནི་ཡང་དག་སྙིང་པོའི་དགོངས་པ་ལྟར་ཡིན་གྱི། གཞན་བཀའ་བརྒྱད་སོགས་ལས། ཚོགས་བརྒྱད་ཀྱི་དག་པ་སྦྱོར་ཚུལ་འདི་ལ་ཁྱད་པར་ཅུང་ཟད་སྣང་ཡང་གང་ལྟར་ཡང་གནད་ཀྱིས་མི་འགལ་ལོ། །དེ་ལྟར་ཡབ་ཡུམ་མཁའ་གསང་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོའི་གཟི་བྱིན་བཟོད་མེད་དུ་འབར་བའི་རང་རྩལ། འཇའ་ཟེར་ཐིག་ལེ་འོད་ཕུང་འབར་ཞིང་འཁྲུགས་པའི་ཀློང་དུ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་དུ་ཡོངས་སུ་སད་པ་ཀུན་ཀྱང་། ཤིན་ཏུ་བཟོད་པར་དཀའ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཉམས་འབར་བས། ཨ་ཧྃ་དང་ཧཱུྃ་ཕཊ་སོགས་ཀྱི་སྔགས་སྒྲ་འབྲུག་སྟོང་ལྟ་བུར་སྒྲོག་པ། མདོར་ན་གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་སྒྱུ་མ་ལྷ་སྐུའི་ཕྱག་རྒྱ། སྒྲ་རུ་གྲགས་པ་ཐམས་ཅད་གྲགས་སྟོང་སྐྱེ་མེད་སྙིང་པོའི་ཛབ྄་དབྱངས། སེམས་ཀྱི་དྲན་རྟོག་ཐམས་ཅད་རིག་སྟོང་ཀ་དག་ཆོས་སྐུའི་རོལ་པ། གང་ཤར་ཚོགས་དྲུག་གི་སྣང་བ་ཐམས་ཅད་གསལ་སྟོང་འཛིན་མེད་རྒྱ་ཡན། ཉམས་མྱོང་གི་ཚོར་བ་ཐམས་ཅད་བདེ་སྟོང་ཟག་མེད་དེ་ཡོ་ལང་། སྣང་བའི་དུས་ན་ཅིར་ཡང་སྣང་། རིག་པའི་དུས་ན་ཅིར་ཡང་རིག བདེ་བའི་དུས་ན་ཅིར་ཡང་བདེ། སྟོང་པའི་དུས་ནི་ཅིར་ཡང་སྟོང་། ཀུན་ཀྱང་གདོད་མའི་གཤིས་ལུགས་ཟབ་གསལ་གཉིས་མེད་བདེ་བ་ཆེན་པོའི་རང་རྩལ། གདུག་པ་ཅན་རྣམས་རྗེས་སུ་འཛིན་པའི་ཕྱིར་དུ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱར་རྫོགས་པ་སྟེ། རྒྱུད་ལས། སྟོང་དང་སྟོང་མིན་ཧེ་རུ་ཀ །བདེ་ཆེན་ཆོ་འཕྲུལ་སྣ་ཚོགས་གཟུགས། །ཞི་ལ་ཞི་དང་ཁྲོ་ལ་ཁྲོ། །ཆགས་ལ་ཆགས་དང་རྨོངས་ལ་རྨོངས། །ཞེས་དང་། སྐུ་ནི་སྣང་བ་ཐམས་ཅད་དེ། །གསུང་ནི་བརྗོད་པ་ཀུན་ཉིད་དོ། །དྲན་རྟོག་ཐུགས་ལ་དབྱེར་མེད་པའི། །མ་ལུས་སྐུ་གསུང་ཐུགས་སུ་རྫོགས། །ཆོས་རྣམས་མ་ལུས་སེམས་ཀྱི་རང་བཞིན་ཏེ། །དེ་ཉིད་རྟོག་དང་དཔྱོད་པ་ལས་འདས་ཤིང་། །ཀུན་གྱི་ཡུལ་ལས་འདས་ཤིང་བརྗོད་དཀའ་བས། །གང་དུ་མ་མཐོང་མཚོན་པའི་ཡུལ་ལས་འདས། །ཞེས་དང་། རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་སོ། །མདོར་ན་ཧེ་རུ་ཀ་གལ་པོ་ལས། རྒྱུ་ནི་ཁམས་གསུམ་སེམས་ཅན་ལ། །ཉོན་མོངས་པ་ཡི་སྣང་བ་དང་། །ལམ་དུས་རྣལ་འབྱོར་པ་རྣམས་ལ། །ཉམས་ཀྱི་སྣང་བ་འཆར་བ་དང་། །འབྲས་བུ་བདེ་གཤེགས་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་སྣང་། །སྣང་བ་གསུམ་གྱི་བདག་ཉིད་དུ། །ཆོས་རྣམས་ཐམས་ཅད་སྣང་བ་ཡིན། །ཞེས་གསུངས་པ་ལྟར། རྒྱུ་སེམས་ཅན་གྱི་དུས་ན་ལས་ཉོན་གྱི་རྟོག་ཚོགས། ལམ་རྣལ་འབྱོར་པའི་དུས་ན་ཉམས་དང་འཆར་སྒོའི་བྱེ་བྲག འབྲས་བུ་སངས་རྒྱས་ཀྱི་དུས་སུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། སྣང་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ཙམ་ལས་གཞན་དུ་མ་གྲུབ་པས། རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་འཁོར་འདས་ཀྱི་ཆོས་ཀུན་དབྱེར་མེད་རོ་མཉམ་པས་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་རང་སེམས་ཀྱི་སྣང་ཆར་ཤར་བ་མ་གཏོགས་གཞན་གུད་ན་ལྷ་ཞེས་རང་མཚན་པར་གྲུབ་པ་མེད་པར་ཐག་བཅད་ནས་གསལ་སྟོང་འཛིན་མེད་དུ་བསྒོམ་པར་བྱ་བ་ནི་གནད་གལ་པོ་ཆེ་སྟེ། བདེ་འདུས་རྩ་སྒྲུབ་ལས། མ་རྟོགས་འཁྲུལ་པ་འཁོར་བ་ཡིན༔ དེ་ཤེས་རྟོགས་པ་མྱ་ངན་འདས༔ ལྷ་སྐུ་སེམས་ཀྱི་རང་རྩལ་ཏེ༔ དངོས་པོར་བཟུང་ན་འཁྲུལ་པའི་ཕྱིར༔ ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ༔ ཞེས་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་བཅོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ཡེ་ནས་གནས། །ཞེས་སོ། །དེས་ན་ཕྱི་ལྟར་ན་ལྷ་སྐུ་རང་བྱུང་དུ་ལྷང་ངེར་ཤར་བ། ནང་ལྟར་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷར་ཤར་བ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་མེད་ཀྱི་ངང་ལས་རིག་པ་རང་བྱུང་དུ་ལྷང་གིས་ཤར་བར་བསྒོམ། ཕུང་ཁམས་སྐྱེ་མཆེད་དག་པ་ལྷའི་རང་བཞིན་ནོ་སྙམ་དུ་ང་རྒྱལ་བཟུང་། འདིས་བྱིས་པ་དེ་མ་ཡི་མངལ་སོགས་སུ་ལུས་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པ་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པ་ན་ལྷུམས་སུ་བཞུགས་པ་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་རླུང་སེམས་ངྷཱུ་ཏཱིར་ཐིམ་ནས་ཞུ་བདེས་དྲངས་པའི་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །གསུམ་པ་བྱིན་གྱིས་རློབ་ཅིང་དབང་བསྐུར་བ་ནི། རྡོ་རྗེའི་སྐུ་དང་ནཱ་དའི་གསུང༔ ཞེས་སོགས་ཏེ། འདི་ལ་གཉིས། གནས་གསུམ་བྱིན་གྱིས་རློབ་པ་དང་། དབང་བསྐུར་བའོ། །དང་པོ་ནི། གོང་དུ་སྨོས་པ་ལྟར་དྭངས་མ་ལྔ་སེམས་དང་བཅས་པ་གཉིས་གཉིས་ཟུང་དུ་སྡེབ་པ་རྣམ་པར་དག་པའི་ངོ་བོ་ནི་འབྲས་བུ་རྡོ་རྗེ་གསུམ་གྱི་རང་བཞིན་ཏེ། ཇི་སྐད་དུ། ས་ཆུའི་ཁམས་དག་ལུས་ཀྱི་སྡུག་བསྔལ་ལས། །རྣམ་གྲོལ་བདེ་བ་སྐྱེ་འཆི་བྲལ་བ་ནི། །ཆེན་པོའི་སྐུ་སྟེ་སྐུ་ཡི་རྡོ་རྗེའོ། །རླུང་མེའི་ཁམས་དག་ངག་གི་སྡུག་བསྔལ་ལས། །རྣམ་གྲོལ་བདེ་བ་འགྲོ་འོང་རྩོལ་བྲལ་བ། །གཞོམ་མེད་གསང་སྔགས་སྒྲ་ཆེན་གསུང་རྡོ་རྗེ། །ནམ་མཁའི་ཁམས་དག་ཡིད་ཀྱི་སྡུག་བསྔལ་ལས། །རྣམ་གྲོལ་བདེ་བ་གཟུང་འཛིན་བྲལ་བ་ཡི། །གཉུག་མ་རང་རིག་རང་བཞིན་སྤྲོས་བྲལ་གྱི། །ཡེ་ཤེས་དེ་ལས་འབྲས་བུའི་ཡོན་ཏན་རྣམས། །རང་སྣང་དག་པ་རབ་འབྱམས་འཆར་བ་ནི། །ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར་བའོ། །ཞེས་གསུངས་པ་ལྟར། རྡོ་རྗེའི་སྐུ་སྐྱེ་འཆི་མེད་པ། གསུང་གཞོམ་མེད་ནཱ་དའི་སྒྲ་དབྱངས། ཐུགས་སྤྲོས་བྲལ་ཐིག་ལེ་ཆེན་པོ་སྟེ་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གྱིས། རང་གི་གཉུག་མའི་སྒོ་གསུམ་ལ་ཇི་ལྟར་གནས་པའི་དོན་བཞིན་རྒྱས་གདབ་པ་སྟེ། གདབ་ཚུལ་ཡང་། བདག་དམ་ཚིག་འཁོར་ལོའི་སྤྱི་བོར་ༀ་དཀར་པོ། མགྲིན་པ་ཨཱཿ དམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བསྒོམ་པ་སྟེ། འདི་དག་ལྷའི་གཟུགས་སུ་མི་བྱེད་པ་ནི་ཡི་གེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ། རྡོ་རྗེ་གསུམ་ཡང་ཡེ་ཤེས་དྲུག་གི་བདག་ཉིད་ཡིན་པས་ན་ཞལ་ཕྱག་སོགས་ལྷའི་གཟུགས་སུ་མ་བྱས་ཀྱང་དེ་དང་དེའི་ཕྱག་རྒྱར་འགྱུར་བ་ཡིན་ཞིང་། རྡོ་རྗེ་གསུམ་ཞེས་པའང་རིགས་ལྔའི་ནང་མཚན་གྱི་རྣམ་སྣང་སོགས་གསུམ་ཁོ་ན་མ་ཡིན་ཏེ། འདིར་སྐུ་རྡོ་རྗེ་ནི་ཡབ་ལ་སྣང་མཛད་དང་རིན་འབྱུང་འདྲེས་མ་དང་། ཡུམ་ལ་སྤྱན་མ་དང་མཱ་ཀི་འདྲེས་པའི་བདག་ཉིད་ཡིན་ཞིང་། དེ་བཞིན་དུ་དཔག་མེད་དོན་གྲུབ་གཉིས་དང་། གོས་དཀར་སྒྲོལ་མ་གཉིས་འདྲེས་པ་ནི་གསུང་རྡོ་རྗེ། མི་བསྐྱོད་རྡོར་སེམས་གཉིས་དང་། དབྱིངས་ཕྱུག་བཟང་མོ་གཉིས་འདྲེས་རོ་གཅིག་པའི་བདག་ཉིད་ཅན་གྱི་ཐུགས་རྡོ་རྗེའོ། །དེས་ན་ལྷའི་སྐུ་གསུང་ཐུགས་ཉིད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་རྒྱས་འདེབས་པས་བྱིན་གྱིས་རླབས་པ་སྟེ། ཕྱི་ལྟར་ན་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར། ནང་ལྟར་ན་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་དང་བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ལྷང་གིས་རྟོགས་པར་བསྒོམ་པའོ། །ལུས་ངག་ཡིད་གསུམ་རྣམ་པར་དག་པ་རྡོ་རྗེ་གསུམ་གྱི་རང་བཞིན་ནོ་སྙམ་དུ་ང་རྒྱལ་བཟུང་། འདིས་བྱིས་པ་དེ་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་། དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགགས་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་ནི། གསང་སྙིང་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འཕྲུལ། །ཞེས་གསུངས་པ་ལྟར། སྣོད་ཀྱི་འབྱུང་བ་ལྔ། བཅུད་ཀྱི་ཕུང་པོ་ལྔ། རྒྱུད་ཀྱི་ཉོན་མོངས་པ་དུག་ལྔ་དང་བཅས་ཡེ་ནས་སྐུ་ལྔ་དང་ཡེ་ཤེས་ལྔ་ཡི་ངོ་བོར་གནས་པའི་དོན། དཔེ་རྒྱལ་བུ་དམངས་འཁྱམས་ཉིད་བློན་པོ་རྒྱུས་ཅན་དང་འཕྲད་པས་རང་རིགས་ཀྱི་རྒྱལ་སར་དབང་བསྐུར་བ་ལྟར་རྟོག་ཚོགས་རྣམས་སྐུ་དང་ཡེ་ཤེས་སུ་ངོ་འཕྲོད་པས་འཁོར་འདས་གཉིས་སུ་མེད་པའི་རྒྱལ་སྲིད་ཆེན་པོ་ལ་དབང་བསྐུར་བ་སྟེ། བསྐུར་ཚུལ་བདག་དམ་ཚིག་པའི་སྤྱི་བོ་སོགས་མགོ་བོའི་གནས་ལྔར། མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་གྱུར་པའི་བདེ་གཤེགས་རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩི་ལྔ་ཡི་ཆུ་རྒྱུན་བབ་པས་དབང་བསྐུར་བས་ལུས་ཐམས་ཅད་གང་། ཕུང་ཁམས་སྐྱེ་མཆེད་དུ་འཛིན་པའི་དྲི་མ་དག རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གནས་གྱུར། ཆུ་ཡི་ལྷག་མ་ཡར་ལུད་པ། སྤྱི་བོར་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པར་མོས་ལ་སོ་སོར་སྔགས་དང་ཕྱག་རྒྱས་ཀྱང་བརྟན་པར་བྱ་བ་སྟེ། དེ་ཡང་ཕྱི་ལྟར་ན་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱི་དབང་བསྐུར་བར། ནང་ལྟར་ན་རང་གི་ཕུང་པོ་ལྔ་རིགས་ལྔ་ཡེ་ཤེས་ལྔར་ཡེ་ནས་དབང་བསྐུར་བར། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པ་ལས་རིག་པའི་རྩལ་མ་འགགས་པར་ཤར་བ་ལྷང་གིས་རྟོགས་པར་བསྒོམས། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན། འདིས་བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་པ་ལྔ་ཡི་རྣམ་རྟོག་རགས་པར་གྱུར་བ་དེ་སྦྱོང་། འབྲས་བུ་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པས་དུག་ལྔ་ཡེ་ཤེས་ལྔར་དབང་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོའོ། །གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་བ སྒྲུབ་པ་ལ་གཉིས། སྤྱན་འདྲེན་པ་དང་། བཞུགས་སུ་གསོལ་བའོ། །དང་པོ་ནི། གོང་དུ་པདྨའི་ལམ་རིམ་གྱི་ལུང་དྲངས་པ་ལྟར་གདོད་ནས་དམ་ཡེ་དབྱེར་མེད་ཀྱི་དོན་དེ་ཉིད་ལེགས་པར་རྟོགས་ན་སྤྲོས་བཅས་ཀྱི་ཆོ་ག་གཞན་ལ་ལྟོས་མི་དགོས་པར་དེ་ཉིད་སྤྱན་འདྲེན་པ་སོགས་ཀྱི་མཆོག་ཏུ་འགྱུར་ཏེ། ཀུན་མཁྱེན་བླ་མས་སེམས་ཉིད་ངལ་གསོར། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་དང་། རྫོགས་པ་ཆེན་པོ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ལྟ་བ་ངེས་པའི་གདེང་ཟིན་ནས། །མི་རྟོག་ཡེ་ཤེས་བགེགས་གསལ་བས། །རྣམ་པར་རྟོག་པའི་གེགས་མེད་ཕྱིར། །ཕྱི་ནང་མཚམས་གཅོད་དེ་ལ་རྫོགས། །ཡེ་ནས་ངོ་བོ་ཉིད་སྐུའི་དབྱིངས། །བསྒྲུབ་ཏུ་མེད་པའི་ཆོས་ཉིད་ལ། །མ་རིག་རྣམ་རྟོག་སྒྲིབ་པ་མེད། །དོན་གྱི་བཤགས་པ་དེ་ལ་རྫོགས། །སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར། །ཡུལ་དང་དབང་པོ་མི་འབྱེད་པ། །གཉིས་མེད་དོན་གྱི་ཀློང་ཁྱབ་པས། །བྱིན་ཆེན་དབབ་པ་དེ་ལ་རྫོགས། །ཞེས་དང་། ངོ་བོ་ཉིད་ཀྱི་སྙིང་པོ་ལ། །སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར། །ཆེད་དུ་བྱ་མེད་རང་རིག་པ། །སྤྱན་དྲངས་རིམ་པ་དེ་ལ་རྫོགས། །ཞེས་དང་། ཐམས་ཅད་འདྲེས་པ་ཆེན་པོ་ལ། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །རིག་པའི་དོན་འདི་གསལ་ཐེབས་པས། །ནན་ཏན་ཕྱག་རྒྱ་དེ་ལ་རྫོགས། །ལུས་ངག་ལས་ཀྱི་རྣམ་པ་ལས། །དྲན་པའི་དོན་གྱིས་ཟིན་པའི་ཕྱིར། །བསྒུལ་སྐྱོད་ཐམས་ཅད་ཡེ་ཤེས་ལ། །ཕྱག་རྒྱའི་མཆོད་པ་དེ་ལ་རྫོགས། །ཞེས་དང་། འཁོར་དང་མྱ་ངན་འདས་པའི་ཆོས། །ཐིག་ལེ་གཅིག་ཏུ་འདུས་པའི་ཕྱིར། །ཅི་སྤྱོད་རང་གི་ལུས་ངག་ལ། །དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས། །ཞེས་དང་། རྨད་བྱུང་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལ། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་དང་། བརྟག་གཉིས་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་སེམས་བླ་མ་ལྷ་རུ་གནས། །ཞེས་དང་། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས། འོན་ཀྱང་དེ་ལྟར་མ་རྟོགས་པའི་གཉིས་འཛིན་ཅན་གྱི་ངོར། དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དེ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་ཆེད་དུ་སྤྱན་འདྲེན་བཞུགས་གསོལ་བྱ་བ་སྟེ། དེ་ཡང་རང་དམ་ཚིག་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་པར་གཟུགས་སྐུ་ཤྲཱི་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྒོམས་པ་དང་འདྲ་བའི་སྐུར་བཞེངས་ནས་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་སྤྱན་དྲངས་པར་མོས་པ་སྟེ། ཧཱུྃ། སྲིད་པའི་ཁྲག་འཐུང་ཞེས་སོགས་ཏེ། དེ་ཡང་རྒྱུ་ཅིའི་སླད་དུ་སྤྱན་འདྲེན་ན། ཕྱི་འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་མམ་ནང་སྒྲུབ་པ་པོའི་ལུས་སྣང་བ་འདོད་ཁམས་ངག་ཕྱེད་སྣང་གཟུགས་ཁམས་སེམས་མི་སྣང་བ་གཟུགས་མེད་ཁམས་ཏེ་སྒོ་གསུམ་གྱི་སྲིད་པ་གསུམ་པོ། དཔལ་ཁྲག་འཐུང་ཆེན་པོ་ཤྲི་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ངོ་བོར་ཡེ་ནས་གནས་པའི་དོན་བཞིན་བསྒྲུབ་པ་དང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་དང་། དངོས་གྲུབ་ཀྱི་ཁྱད་པར་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས་དངོས་གྲུབ་ཀྱི་སྐལ་བ་ཅི་དང་ཅི་འཚལ་བ་ཐམས་ཅད་བླང་བའི་ཕྱིར་དུ། གང་སྤྱན་འདྲེན་ན། ཞི་བ་ཆོས་ཉིད་ཀྱི་ཁྲོ་བོ་དངོས་པོ་དང་མཚན་མ་མེད་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བ། དེའི་ངང་ལས་འོག་མིན་དུ་ཧེ་རུ་ཀའི་དཀྱིལ་འཁོར་དུ་སྣང་བ་ལོངས་སྤྱོད་རྫོགས་པ་རང་བཞིན་དོན་གྱི་གནས་ལུགས། དེའི་ཐུགས་རྗེ་ལྷུན་གྱིས་གྲུབ་པའི་གང་འདུལ་གྱི་ཁྲོ་བོར་སྣང་བ་མཛད་པ་ཕྲིན་ལས་ཀྱི་རང་བཞིན་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱིས་བསྡུས་པའི་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་རྣམས། གང་དུ་སྤྱན་འདྲེན་ན་གནས་ཚུལ་དང་མཐུན་པར་ཇི་ལྟར་བསྒོམ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ། དེ་ལྟར་སྤྱན་དྲངས་པ་བཞིན་གཤེགས་ནས་ཅི་ཞིག་མཛད་ན། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་དང་སྒྲུབ་པའི་མཚན་མ་བཟང་པོ་མྱུར་དུ་བསྟན་པ་དང་། ཁྲག་འཐུང་ཆེན་པོའི་དངོས་གྲུབ་ནི། ཧེ་རུ་ཀ་ཞེས་པའི་འབྲུ་གསུམ་རྒྱུ་འབྲས་ངོ་བོས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་སྟེ་ཐུགས་མཁྱེན་པའི་ཡེ་ཤེས་དང་། ཡང་ན་ཁྲག་ནི་དམར་བ་དང་བརླན་པར་གྱུར་པ་སོགས་ཀྱིས་མཚོན་པ་གདུལ་བྱའི་འགྲོ་ལ་ལྷག་པར་རྗེས་སུ་ཆགས་ཤིང་བརྩེ་བའི་རང་བཞིན་དང་། ཡང་ན་ཐུགས་མཁྱེན་བརྩེའི་ཡེ་ཤེས་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བས་ཤིན་ཏུ་འདུལ་བར་དཀའ་བའི་བདུད་དང་ལོག་འདྲེན་ཀུན་གྱི་སྙིང་ཁྲག་འཐུང་བར་མཛད་པ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་སྟེ། མདོར་ན་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གྱི་དངོས་གྲུབ་ཟབ་མོ་སྩོལ་ཅིག་པ་སྟེ། དེ་ཡང་ཕྱི་ལྟར་ན། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར། ནང་ལྟར་ན་རང་གི་རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ཤར་བ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པ་ལ་རང་བྱུང་གི་ཡེ་ཤེས་ལྷང་ངེར་ཤར་བར་བསྒོམ་པའོ། །གཉིས་པ་ནི། ཧཱུྃ། ཆགས་སྡང་འདུལ་བའི་སོགས་ཏེ། གདུལ་བྱ་མ་རུངས་པའི་སེམས་ཅན་རྩ་བ་ཆོས་དང་གང་ཟག་ལ་བདག་ཏུ་ལྟ་བའི་དབང་གིས་ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་པ་ལྷག་པར་རྒྱས་པའི་རང་གཟུགས་ཤིན་ཏུ་གདུལ་དཀའ་བའི་བདུད་དང་རུ་ཏྲ་ལ་སོགས་པ་ལོག་པར་འདྲེན་པའི་ཚོགས་རྣམས་འདུལ་བའི་ཕྱིར། ཇི་སྐད་དུ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣམ་འབྱོར་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་བཞིན། ཐུགས་དམིགས་མེད་ཞི་བ་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། རྣམ་པ་འཇིགས་རུང་སྲིན་པོའི་གཟུགས་ཅན་རྔམས་བརྗིད་གར་དགུའི་ཉམས་ཀྱིས་རོལ་བའི་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་དང་། དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ཕྲིན་ལས་འདུས་པའི་སྤྱི་གཟུགས་ཤྲཱི་བཛྲ་ཀུ་མཱ་རིའི་སྐུ་གསུང་ཐུགས་མཆོག་བདག་དམ་ཚིག་སེམས་དཔའི་སྒོ་གསུམ་ལ་རང་བཞིན་གཉིས་སུ་མེད་པར་བརྟན་པར་བཞུགས་ནས། ཆེ་བའི་ཡོན་ཏན་དང་གང་ལ་གང་འདུལ་གྱི་ཕྲིན་ལས་མ་ལུས་པ་རྫོགས་པར་མཛོད་ཅིག་པ་སྟེ། ཕྱི་ལྟར་ན་དམ་ཚིག་པ་དང་ཡེ་ཤེས་གཉིས་སུ་མེད་པར་བསྟིམ། ནང་ལྟར་ན་བདག་དང་ཡེ་ཤེས་གཉིས་སུ་མེད་པར། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པ་ལས་རང་བྱུང་ཡེ་ཤེས་འདུ་འབྲལ་མེད་པར་བསྒོམ་པའོ། །འདི་རྣམས་ཀྱིས་བྱིས་པ་དེ་རང་དང་རིགས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པའི་ཞེན་པ་སྦྱོང་། འབྲས་བུ་འཚང་རྒྱ་བའི་ཚེ་སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གསུམ་པ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་བ་ལ་གསུམ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བའོ། དང་པོ་ནི། ཧཱུྃ། སྟོང་པ་ཉིད་ཀྱི་ཞེས་སོགས་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་རྡོ་རྗེ་ལྟར་བརྟན་པ་ཉིད་འདུས་བྱས་མཚན་མའི་སྤྲོས་པ་དང་ངང་གིས་མི་མཛའ་བས་ཆོས་ཉིད་ཀྱི་ཁྲོ་བོ་དང་། དེ་རྟོགས་པའི་རང་བཞིན་འཕོ་འགྱུར་བགྲེས་རྒུད་མེད་པའི་གཞོན་ནུ་ཡེ་ཤེས་ཆེན་པོར་ཤར་བའམ་རྒྱས་ནས་མ་རིག་པ་དང་ཕྱིན་ཅི་ལོག་གི་གནས་མེད་པས་སྤང་བྱ་ལ་ལྟོས་ནས་ངང་གིས་ཁྲོ་བ་དང་། ཐུགས་རྗེས་འགྲོ་བ་སྐྱོབ་པ་ན། འབད་རྩོལ་མེད་པར་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པས་ན་ཤུགས་ཀྱིས་ཁྲོ་བ་དང་། གདུལ་བྱའི་དབང་གིས་ཁྲོ་བོར་བཅོས་པ་ལྟར་སྣང་བ་སྟེ་མཁའ་མཉམ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ལ། རང་བཞིན་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པའི་ཚུལ་དུ་རྟོགས་པའི་བརྡ་ཡིས་འཚལ་བ་སྟེ། དེ་ཡང་ཕྱི་ལྟར་ན་ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་ཐ་དད་དུ་མི་དམིགས་པའི་ཚུལ་གྱིས་ཕྱག་འཚལ། ནང་ལྟར་ན་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་རང་གི་རྟོག་ཚོགས་ལྷ་དང་དབྱེར་མེད་པར་བསྒོམ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་རིགས་པ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ཕྱག་འཚལ་ཏེ། ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་དང་། གནུབས་ནམ་མཁའི་སྙིང་པོས། ལྷ་དང་བདག་ཏུ་མི་གཉིས་པའོ། །དོན་ཉིད་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་མར་ལ་མར་བཞིན་དུ། །གཉིས་མེད་རིག་པས་ཕྱག་འཚལ་ལོ། །ཞེས་གསུངས། གཉིས་པ་ནི། ༀ་ཨཱཿཧཱུྃ༔ བླ་ན་མེད་པའི་ཞེས་སོགས་ཏེ། དེ་ཡང་མཆོད་པ་ནི་པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པར་བྱ་བའམ། ཡང་ཡང་དགྱེས་པར་བསྐྱེད་པའམ། བཀུར་བའི་དོན་ཅན་ཏེ། སྤྱིར་འཇིག་རྟེན་ལས་འདས་མ་འདས་དང་བླ་ན་ཡོད་མེད་སོགས་ཀྱི་དབྱེ་སྒོ་མང་དུ་ཡོད་ཀྱང་། །སྐབས་འདིར་ནི་སྣོད་བཅུད་དག་པ་དང་མ་དག་པའི་དངོས་པོ་ཐམས་ཅད་ཡེ་ནས་དག་མཉམ་བདེ་བ་ཆེན་པོར་གནས་པའི་ཕྱིར་སྣང་སྲིད་ཐམས་ཅད་བདེ་སྟོང་མཆོད་པའི་ཕྱག་རྒྱར་འབུལ་བ་སྟེ། འདི་ལ་སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པའམ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་མཆོད་པ་ཞེས་བྱ་སྟེ། ཐེག་པ་འོག་མ་ཀུན་ལས་འཕགས་པས་བླ་ན་མེད་པའི་མཆོད་པ་དམ་པར་སྦྱར་བ་ཡིན་ཏེ། དེ་ལ་བྱེ་བྲག་ཏུ་དབྱེ་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་ལས། དང་པོ་ནི། ཕྱི་ཉེར་སྤྱོད་ཀྱི་མཆོད་པ་སྟེ། དེ་ལ་ཡང་ཡང་དག་གསང་བའི་འགྲེལ་ཆེན་དུ་ཕྱི་ནང་གསང་གསུམ་གྱིས་བསྟན་ཏེ། ཨརྒྷཾ་ཕྱི་ལྟར་དབྱིངས་མཐའ་དབུས་མེད་པར་བདུད་རྩིའི་རྒྱུན་དཀར་པོར་འཁྱིལ་བ་དང་། ནང་ལྟར་སྣང་སྲིད་རཀྟས་དམར་ཚོམ་གྱིས་གང་བ་དང་། གསང་བར་ཡུམ་གྱི་བྱང་སེམས་དཀར་དམར་དུ་བསམ་ལ་མཆོད། དེ་བཞིན་དུ་མེ་ཏོག་ཕྱི་ལྟར་ན་མདོག་སྣ་ཚོགས་ཀྱི་མེ་ཏོག་མཛེས་པས་སྟོང་གསུམ་གང་བ། ནང་ལྟར་མཛེས་པའི་ལྷ་མོ་མང་པོ། གསང་བ་བདག་གི་ཚོགས་བརྒྱད་ཡེ་ཤེས་སུ་དག་པ་དང་། བདུག་སྤོས་ཕྱི་ལྟར་དྲི་ཡེ་ལྷ་མོ་སྤོས་ཕོར་ཐོགས་པས་དུད་སྤྲིན་སྤྲོ་བ་ནང་དུ་ཚིལ་ཆེན་གྱི་དུད་པ་དང་ཞིང་ཆེན་གྱི་ངད་ལྡང་བ་གསང་བ་བྱང་སེམས་དཀར་དམར་གྱི་དྲི་བསུང་འཐུལ་བ་དང་། མར་མེ་ཕྱི་ལྟར་སྣོད་སྟོང་གསུམ་ཙམ་ལ་མར་ཁུ་རྒྱ་མཚོ་ཙམ་གྱིས་མེ་ལྕེའི་འོད་ཀྱིས་སྲིད་གསུམ་ཁྱབ་པ་ནང་ལྟར་སྣོད་དུར་ཁྲོད་ཀྱི་གཞལ་ཡས་མར་ཁུ་ངོ་བོ་ཞི་གནས་ཏེ་རྣམ་པ་ཚིལ་ཆེན་རྒྱ་མཚོ་ཙམ་ལ་མེ་ལྕེ་ལྷག་མཐོང་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བ་དང་གསང་བར་བདག་གི་བྱང་ཆུབ་སེམས་ཡེ་ཤེས་ཀྱི་མར་མེ་སྟོང་ཕྲག་དུ་མར་འཆར་བའི་གཞིར་བསམ་པ་དང་། དྲི་ཆབ་ཕྱི་ལྟར་ལྷ་མོ་དུང་ཕོར་ཐོགས་པ་མང་པོས་ཙན་དན་གྱི་འདེ་གུས་བྱུག་པ་དང་ནང་ལྟར་བྱང་ཆུབ་སེམས་ཀྱི་རླན་གྱིས་ཉོན་མོངས་པའི་ལྗན་ལྗིན་གནས་སུ་དག་པ་གསང་བ་ཞི་གནས་ཀྱི་རླན་དང་བཅས་པའི་ལྷག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསམ་པ་དང་། ལྷ་བཤོས་ཕྱི་ལྟར་རོ་བརྒྱ་ལྡན་རི་རབ་ལས་ཆེ་བ་ནང་ལྟར་འདོད་ཡོན་ལྔའི་ལྷ་མོ་གསང་བར་བྱང་ཆུབ་སེམས་འོད་ཀྱི་ཐིག་ལེ་རིན་པོ་ཆེ་འབར་བ་ཞིག་ཏུ་བསམ་པ་དང་། རོལ་མོ་ནི་ཕྱི་ལྟར་ན་བརྡབ་བརྡུང་འབུད་དཀྲོལ་སོགས་སྒྲ་དབྱངས་སྣ་ཚོགས་ནང་དུ་ལྷ་མོ་པི་ཝཾ་མ་མང་པོས་ཆོས་སྒྲ་སྒྲོགས་པ་གསང་བར་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་རང་སྒྲ་སེ་གོལ་དང་ཧ་སིད་སོགས་ཀྱིས་མཆོད་པར་བསམ་མོ། །གཉིས་པ་ནི། ནང་སྨན་རག་གཏོར་གསུམ་གྱི་མཆོད་པ། ཕྱི་ལྟར་དམ་རྫས་རྣམས་ཞལ་དུ་སིབ་སིབ་གསོལ་བ་ནང་ལྟར་རང་གི་དུག་གསུམ་ཤ་རུས་གནས་སྦྱང་བ་གསང་བ་ཆོས་ཉིད་སྐྱེ་མེད་ལས་རིག་པའི་ཡེ་ཤེས་རྟོགས་ཏེ་ཉོན་མོངས་དང་རྣམ་རྟོག་སྟོང་ཞིང་ཟད་པར་བསྒོམ་པའམ་ཡང་ན་གོང་དུ་བྱིན་གྱིས་བརླབ་པ་བཞིན་དབུལ་ལོ། །གསུམ་པ་ནི། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་སྟེ་དོན་དབྱིངས་ཡེ་རྟགས་ཡབ་ཡུམ་མཁའ་གསང་ཐབས་ཤེས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་ཆེན་པོ་འཕྲོ་བས་འདོད་པའི་ཡོན་ཏན་ལྔ་ཡི་རོལ་མོ་བསམ་ཡས་པ་སྤྲོ་བས་རྩ་ཁམས་སོགས་ཀྱི་ལྷ་རྣམས་མཉེས་པར་བྱེད་པ་དང་། དེ་ལས་དགའ་བཞི་ལུགས་འབྱུང་ལྡོག་གི་སྦྱོར་བས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་མཐའ་དག་འཕོ་མེད་སྒྲ་གཅན་གྱི་དབྱིངས་སུ་གསོད་པར་བྱེད་པ་རྟོགས་པས་བདག་དང་ཐུགས་རྗེས་གཞན་སྒྲོལ་བ་སྟེ། ཐབས་ཆེན་གསང་བའི་མཆོད་པ་རྨད་དུ་བྱུང་བའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། སྣང་སྲིད་དག་མཉམ་བདེ་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ལ་མཆོད་བྱ་མཆོད་ཡུལ་མཆོད་བྱེད་མ་དམིགས་པར་རང་བཞིན་མཉམ་པ་ཉིད་དུ་ཤེས་པ་ནི་ཡུལ་དང་བདེ་ཆེན་ཟུང་འཇུག་རྒྱན་གྱི་མཆོད་པ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་མཆོད་པའི་རྒྱལ་པོ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། མཆོད་པའི་ཕྱག་རྒྱ་ཆེ་མཆོག་ནི། །སེམས་ཀྱི་རྟོག་ཚོགས་ཀུན་བསྒྲལ་ཏེ། །མཆོད་དང་མཆོད་བྱ་མི་དམིགས་པའི། །རང་བཞིན་ནམ་མཁའི་ངང་དུ་བསྒོམ། །ཞེས་དང་། མདོ་ལས། གང་ལ་མཆོད་པ་ནམ་མཁའ་འདྲ་ཤེས་ཤིང་། །གང་གིས་མི་དམིགས་གང་དུའང་འཛིན་པ་མེད། །དེ་ནི་མཆོད་པ་ཀུན་གྱི་དམ་པ་སྟེ། །ཡེ་ཤེས་གཞལ་མེད་བསམ་ཡས་འཐོབ་པར་འགྱུར། །ཞེས་གསུངས། དེས་ན་མཆོད་ཚོགས་དེ་ཐམས་ཅད་ཀྱང་དབང་བཞི་དང་རྗེས་སུ་འབྲེལ་བར་ལྟ་སྒོམ་དམ་ཚིག་དང་མཐུན་པར་འཇུག་པ་ཡིན་ནོ། །གསུམ་པ་ནི། ཧཱུྃ། སྒེག་དཔའ་འཇིགས་རུང་སོགས་ཏེ། དེ་ཡང་། ཇི་སྐད་དུ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟར། གནས་ལུགས་ཡང་དག་པའི་ཡེ་ཤེས་མཉམ་པ་ཉིད་མངོན་དུ་གྱུར་པས། ཐུགས་དམིགས་མེད་ཀྱི་བྱམས་པ་དང་སྙིང་རྗེ་ཆེན་པོས་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བའི་རང་བཞིན་ལས་དགྲ་ཟུན་གྱི་རྟོག་པ་ཆ་ཙམ་ཡང་མི་མངའ་མོད། གདུལ་དཀའ་བའི་གདུལ་བྱ་གདུག་པ་ཅན་བདུད་དང་རུ་ཏྲ་ལ་སོགས་པ་རྣམ་སྨིན་རྩུབ་མོས་འཕང་བ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བ་ནི་ཆོས་ཉིད་ཀྱིས་ཡིན་པས། གདུག་པ་ཅན་དེ་དག་འདུལ་བའི་ཕྱིར་དུས་ལས་ཡོལ་བ་མེད་པའི་ཐུགས་རྗེའི་ཤུགས་ཆེན་པོ་དང་ལྡན་པ་འཇིགས་བྱེད་ཆེན་པོ་དཔལ་ཧེ་རུ་ཀའི་སྐུ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་སྐུ་ལུས་མཐོང་ན་མི་མཐུན་པ་མེད་པ་མཛེས་ཤིང་རྒྱན་གྱིས་བརྒྱན་ཏེ་ཡུམ་དང་འཁྲིལ་བ་སོགས་འཆོར་སྒེག་གི་རྣམ་པས་སྒེག་པ། རིན་འབྱུང་གི་ངོ་བོ་སྐུ་སྟོབས་དང་ལྡན་ཞིང་ཐུབ་པར་དཀའ་ལ་བདུད་བཞི་གདན་དུ་བཏིང་བས་དཔའ་བ། མི་བསྐྱོད་པའི་ངོ་བོ་སྐུ་ཆེ་ཞིང་ཡན་ལག་རགས་པ་མཐོང་བ་ཙམ་གྱིས་འཇིགས་པའི་ཁྲོ་ཉམས་ཀྱི་མི་སྡུག་པ་སྟེ་ཤིན་ཏུ་བཟོད་པར་དཀའ་བའི་གཟི་བྱིན་ཉི་མ་འབུམ་ལས་ཀྱང་ཆེས་ལྷག་པར་འབར་བ། གསུང་ནི་འོད་དཔག་མེད་ཀྱི་ངོ་བོ་ཆགས་དགྱེས་དྲེགས་པའི་རྒྱུ་ལས་བྱུང་བའི་ཧ་ཧ་དང་ཧི་ཧི་ལ་སོགས་པའི་བཞད་མོ་རྒོད་པ། དོན་གྲུབ་ཀྱི་ངོ་བོ་གདུག་པ་ཅན་རྣམས་ཟུངས་ཤིག་དང་རྒྱོབ་ཅིག་ལ་སོགས་པ་ཚིག་རྩུབ་མོས་གཤེ་བ། ཡུམ་མཱ་མ་ཀཱིའི་ངོ་བོ་འབྲུག་སྟོང་དུས་གཅིག་ལ་ལྡིར་བའམ་ཐོག་སྟོང་དུས་གཅིག་ལ་ལྷུང་བ་ལྟ་བུས་ང་རོ་དྲག་པོ་སྒྲོགས་པ་དྲག་ཤུལ་ལམ་འཇིགས་རུང་གི་ཉམས་དང་ལྡན་ཞིང་གཞན་ཡང་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་པ་མཐའ་ཡས་པའི་སྔགས་ཚིག་ཀྱི་སྒྲ་སྒྲོགས་པ། ཐུགས་ནི་དམ་ཚིག་སྒྲོལ་མའི་ངོ་བོ་དམིགས་པ་མེད་པའི་ཐུགས་རྗེས་འགྲོ་བ་དྲུག་གི་སེམས་ཅན་རྣམས་རྗེས་སུ་འཛིན་ཅིང་སྲིད་ལས་སྒྲོལ་བར་མཛད་པའི་བརྩེ་བའི་སྙིང་རྗེ་དང་། གོས་དཀར་མོའི་ངོ་བོ་རྔམས་པའམ་ངམ་པ་ནི་ཨུརྦྷུ་ཏའི་སྒྲ་ལས་ངོ་མཚར་བ་ཡ་མ་ཟུང་གི་དོན་ཡིན་པས་ཁྲོ་ཆགས་ཀྱི་ཐུགས་ཚོམ་པ་ལྟ་བུས་ཅི་ཡང་ནུས་པ་དང་། སྤྱན་མའི་ངོ་བོ་ཆོས་ཀྱི་སྐུ་སྤྲོས་པ་དང་མཚན་མའི་སྤྱོད་ཡུལ་ལས་འདས་པ་རྣམ་པར་མི་རྟོག་པའི་རང་བཞིན་ཐུགས་ཞི་བ་ཆེན་པོ་དང་ལྡན་ཞིང་ཇི་ལྟ་ཇི་སྙེད་སོགས་མཁྱེན་པའི་ཡེ་ཤེས་ཆེན་པོའི་སྲོག་དང་ལྡན་པ་སྟེ། གར་དགུའི་ཉམས་ལྡན་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་ལ་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་རྡོ་རྗེའི་གླུས་བསྟོད་པ་སྟེ། གློག་གི་ཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་དང་། རཏ་གླིང་གཏེར་བྱོན་ཕུར་པ་ཡང་གསང་བླ་མེད་ཀྱི་གཞུང་ལས། བདུད་བཞི་གདན་དུ་བཏིང་བས་དཔའ་དཔའ་འདྲ༔ རྒྱན་དང་ཆ་ལུགས་རྫོགས་པས་སྒེག་སྒེག་འདྲ༔ སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ༔ མཚན་དང་དཔེ་བྱད་ལྡན་པས་བརྗིད་བརྗིད་འདྲ༔ཞལ་གཡས་དཀར་ལ་འཛུམ་པས་བཞད་བཞད་འདྲ༔ གཡོན་ཞལ་དམར་ལ་གདངས་བས་གཤེ་གཤེ་འདྲཿ དབུས་ཞལ་མཐིང་ལ་རྔམས་པས་ཁྲོ་ཁྲོ་འདྲ༔ དུག་གསུམ་ཞལ་དུ་གསོལ་བས་རྔམས་རྔམས་འདྲ༔ རྒྱུད་དྲུག་ཐུགས་རྗེས་སྒྲོལ་བས་བརྩེ་བརྩེ་འདྲ༔ ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ༔ འབར་བའི་གར་དགུ་ལྡན་ལ་ཕྱག་འཚལ་བསྟོད༔ ཅེས་གསུངས། དེ་ཡང་ཕྱི་ལྟར་ན་ལྷ་རྣམས་ཀྱི་སྐུ་གསལ་གདབ་པ། ནང་ལྟར་ལྷ་དང་གཉིས་སུ་མེད་པར་བསྟོད་པ། གསང་བ་ཆོས་ཀྱི་སྐུ་སྐྱེ་བ་མེད་པར་ཆོས་ཉིད་ཀྱི་སྐུ་ལྷང་ངེར་རྟོགས་པར་བསྒོམ་པའོ། །དེ་རྣམས་ཀྱིས་བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་འགྱུར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །བཞི་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ནི། གཏེར་གཞུང་རྩ་བར། དེ་ལྟར་ལས་ཀྱི་རིམ་པ་ཡིས༔ དཔལ་ཆེན་འཁོར་བཅས་གསལ་བཏབ་ནས༔ གྱད་དུ་གྱུར་པའི་ཏིང་འཛིན་བརྟན༔ ང་རྒྱལ་གཅིག་པུ་ཟླ་མེད་པ༔ ཡེ་ཤེས་མཆོག་གི་གཟི་བསྐྱེད་ནས༔ གཅིག་པུ་གཉིས་སུ་མ་ཡིན་པའི༔ གོམས་པ་མི་འཕྲོག་གྱུར་པ་ན༔ གཞི་ལམ་འབྲས་གསུམ་དབྱེར་མེད་པའི༔ དག་པ་དྲན་པས་མཚམས་སྦྱར་ཏེ༔ བསྐྱེད་རིམ་རབ་ཏུ་བརྟན་པར་བྱ༔ ཞེས་གསུངས་པས། འདི་ལ་དབྱེ་ན་བཞི། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ། ཞར་བྱུང་སྲོག་སྡོམ་གཟེར་བཞིའི་གནད་བསྟན་པའོ། །དང་པོ་ནི། པདྨའི་ལམ་རིམ་ཆེན་མོ་ལས། ཐ་མལ་གྱི་ཞེན་པ་སྦྱང་བ་ལ། རྣམ་པ་གསལ་བར་བསྒོམས་པས་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་སྟེ། གདན་ཆེ་ལ་བརྟན་པས་ཚེ་རིང་། ཞབས་བགྲད་ཁམ་ཆེ་བས་སྡོད་ཚུགས། སྐུ་ལང་ཚོ་རྒྱས་ཤིང་ཡིད་དུ་འོང་བ་བསྒོམས་པས་ནད་ཉུང་ཁམས་བཟང་། ཕྱག་མཚན་གསལ་བས་བསམ་པ་འགྲུབ། རྒྱན་ཚང་བས་འབྱོར་པ་ལྡན། ཞལ་དང་མཆེ་བ་སྐུ་མདོག་གསལ་བར་བསྒོམས་པས་ཐམས་ཅད་བཀའ་ཉན་ཅིང་སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་ལོ། །དེས་ན་གཙོ་འཁོར་སྐུ་མདོག་ཞལ་ཕྱག་ཐམས་ཅད་མ་ལུས་ཤིང་གསལ་བར་བསྒོམས་པས་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་། གསལ་བ་གང་ཡང་མེད་ན་ཡོན་ཏན་གང་ཡང་མི་འབྱུང་ངོ་། །ཞེས་གསུངས་པས། ཐ་མལ་སྣང་ཞེན་རགས་པ་སྦྱོང་བའི་ཕྱིར། གོང་དུ་སྨོས་པ་ལྟར་གྱི་ལས་ཀྱི་རིམ་པས་དཔལ་ཆེན་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པ་སྤྱི་ལ་སེམས་འཛིན། དེ་གོམས་པ་ན་ཐ་མལ་གྱི་རྣམ་རྟོག་ཕྲ་བ་འཇོམས་པའི་ཕྱིར་སྐུ་ཡི་ཆ་ཤས་ནས་རྒྱན་ཆ་ཕྲ་མོའི་བར་དུ་སེམས་བཟུང་ནས་རིམ་ཅན་དུ་གསལ་བཏབ། བྱིང་རྒོད་ཀྱི་སྐྱོན་བསལ་བ་སོགས་ཏིང་ངེ་འཛིན་གྱི་ཡན་ལག་རྣམས་ཚོགས་པའི་སྒོ་ནས་རིམ་གྱིས་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པའི་བར་བསྒོམས་ཏེ། དེ་ལ་གསལ་བའི་ཚད་བཞི་ནི། སྤྱན་ཀྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་ས་{སལ}ལེ། རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པ་གསལ་སྟོང་སིང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སིང་ངེ་། སེམས་མེད་བེམ་པོའི་རྣམ་པ་ལྟ་བུ་མ་ཡིན་པར་བ་སྤུའི་ཁུང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པའི་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ལྷག་གེ། དེ་ལྟ་བུའི་སྐུ་དེ་ཡང་ཡིན་ནོ་དང་ཡོད་དོ་ཙམ་གྱི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་ངེས་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོས་ཀྱང་མི་བརྫི་པས་མངོན་པར་མི་འགྱུར། སྐུ་མདོག་དང་ཞལ་ཕྱག་བྱོན་བཞུགས་འོད་ཟེར་སྤྲོ་བསྡུ་སོགས་ཇི་ལྟར་བསྒོམ་ཡང་དེ་ལྟར་འགྱུར་བ་ཅི་ཡང་བསྒྱུར་དུ་བཏུབ་པ་སྟེ་བཞིའོ། །དེ་ལྟར་ཡང་ཡང་གོམས་པས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་རྫོགས་ནས་ཡུལ་གསུམ་གྱད་དུ་གྱུར་ཏེ་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པར་འགྱུར་ཏེ། དང་པོ་ཡིད་ཀྱི་ཡུལ་དུ་གང་བསྒོམ་པའི་ལྷ་སྐུ་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་ལ་མ་འདྲེས་པར་མེ་ལོང་གི་གཟུགས་བརྙན་ལྟར་འཆར་བའི་གསལ་སྣང་རྫོགས། གཉིས་པ་སེམས་ཤིན་ཏུ་སྦྱངས་པའི་མཐུ་ལས་ཡིད་དཔྱོད་མ་ཡིན་པར་མིག་སོགས་དབང་པོའི་སྤྱོད་ཡུལ་དུ་ལྷའི་ཕྱག་རྒྱ་མངོན་སུམ་དུ་ཤར། གསུམ་པ་སེམས་ཀྱིས་ལུས་འབྱོངས་ཏེ་ལྷ་ཉིད་རགས་པ་ལུས་ཀྱི་ཡུལ་དུ་གསལ་བས་ལུས་ཤིན་ཏུ་སྦྱངས་པ་ཐོབ་པའི་ལྟས་རེས་གཞན་ངོར་ལྷ་སྐུར་སྣང་བ་དང་། གཞན་སྣང་ཟིལ་གྱིས་གནོན་ཅིང་རང་སྣང་དབང་དུ་བསྒྱུར་བས་ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་ནུས་པ་སོགས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་འཆར་ཞིང་སྐུ་ཡི་སྲོག་འཕྲོག་པས་མཐར་ཐུག་དཔལ་ཆེན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དཔལ་ཆེན་ཞལ་ལུང་ལས། ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐར། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱིས། །ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་སུམ་གསལ། །ཞེས་དང་། ལམ་རིམ་ཡེ་ཤེས་སྙིང་པོ་ལས། དེ་ལྟར་ཏིང་འཛིན་གཟེར་ལ་བརྟེན་ནས་ཀྱང་༔ ཡིད་ཀྱི་ཡུལ་དུ་མ་འདྲེས་གསལ་སྣང་རྫོགས༔ དབང་པོའི་ཡུལ་དུ་ཕྱག་རྒྱ་མངོན་སུམ་ཤར༔ ལུས་ཀྱི་ཡུལ་དུ་ཤིན་སྦྱངས་ཐོབ་པའི་ལྟས༔ གཞན་སྣང་དབང་བསྒྱུར་ཆོ་འཕྲུལ་ཅིར་ཡང་འཆར༔ ཧེ་རུ་ཀ་དཔལ་སྐུ་ཡི་དངོས་གྲུབ་ཐོབ༔ ཅེས་གསུངས་སོ། །གཉིས་པ་ནི། པདྨའི་ལམ་རིམ་ལས། གསལ་རུང་མི་གསལ་རུང་ལྷ་རང་ཡིན་ནོ་སྙམ་པའི་བསམ་པ་བྱ་ཞིང་། ཐ་མལ་གྱི་སྣང་བ་མེད་པར་བྱའོ། །ཞེས་གསུངས་པས། ཐ་མལ་གྱི་འཛིན་ཞེན་ལྡོག་པའི་དོན་དུ་ང་རྒྱལ་ལ་བསླབ་པར་བྱ་སྟེ། བདག་ལྷ་དངོས་མིན་གྱི་བདག་གིས་ལྷ་དེ་བསྒོམ་པ་ཡིན་སྙམ་པ་དང་། ལྷ་དེ་དངོས་མ་ཡིན་གྱི་དེའི་རྣམ་པ་ཙམ་ཞིག་བདག་གི་ཡིད་ཡུལ་དུ་བྱས་པ་ཡིན་ནོ་སྙམ་པ་ལྟ་བུ་མ་ཡིན་པ། རང་གི་སེམས་ཉིད་གདོད་མ་ནས་དབྱིངས་ཡེ་སྣང་སྟོང་ཟུང་འཇུག་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ཟག་མེད་འབྲས་ཆོས་ལྔ་དང་འདུ་འབྲལ་སྤང་བ་ལྷག་པ་དོན་དམ་པའི་བ དེན་པ་ཉིད་ཡེ་ནས་ཆོས་ཉིད་དོན་གྱི་ལྷ་ཡིན་ཞིང་། དེའི་རང་རྩལ་འགག་པ་མེད་པར་རྟེན་དང་བརྟེན་པའི་འཁོར་ལོ་ཤར་བ་ཡིན་པས་ན། སེམས་ཉིད་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་ཉིད་མེད། སེམས་ཉིད་དང་ལྷ་སྐུ་གཉིས་མེད་གཞི་དུས་ཀྱི་དཔལ་ཆེན་པོ་ཉིད་ལམ་བསྐྱེད་རྫོགས་ཟབ་མོས་མངོན་དུ་བྱས་ཏེ། འབྲས་དུས་ཀྱི་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། སྲིད་ཞིའི་རྒུད་པ་མཐའ་དག་འཇོམས་པའི་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཤྲཱི་ཧེ་རུ་ཀ་དངོས་ཉིད་ངའོ་སྙམ་པའི་ངེས་ཤེས་བརྟན་པོས་ང་རྒྱལ་བཟུང་བ་སྟེ། གོང་འོག་ཏུ་བསྟན་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་འཛིན་ཚུལ་རྣམས་ཀྱི་དོན་ཡང་འདིར་ཚང་ལ། དེ་ཉིད་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། པདྨའི་ལམ་རིམ་ཆེན་མོར་རྟགས་དང་དོན་གྱི་རྣམ་དག་གཉིས་གསུང་པའི་དང་པོ་ནི་གཞུང་དེ་ཉིད་ལས། དབུ་གསུམ་ཕྱག་དྲུག་ཞབས་བཞི་ལ་སོགས་པར་བསྒོམས་པ་ན། དབུ་གསུམ་ནི་སྐུ་གསུམ། ཕྱག་དྲུག་ནི་ཡེ་ཤེས་དྲུག ཞབས་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དྲན་པར་བྱའོ། །སྐུ་མདོག་ནི་དཀར་པོ་སྐྱོན་གྱིས་མ་གོས་པ། སེར་པོ་ཡོན་ཏན་རྒྱས་པ། དམར་པོ་ཐུགས་རྗེས་ཆགས་པ། ལྗང་གུ་ཕྲིན་ལས་ཐོགས་མེད། མཐིང་གའམ་ནག་པོ་ཆོས་ཉིད་མི་འགྱུར་བའོ། །ཕྱག་མཚན་ནི། རྡོ་རྗེ་འདུས་མ་བྱས། འཁོར་ལོ་ཉོན་མོངས་གཅོད་པ། རིན་པོ་ཆེ་ཡོན་ཏན་འབྱུང་བ། པདྨ་སྐྱོན་གྱིས་མ་གོས་པ། རྒྱ་གྲམ་མམ་རལ་གྲི་ཕྲིན་ལས་ཐོགས་པ་མེད་པའོ། །དེ་བཞིན་དུ་རང་རང་གི་སྒྲུབ་ཐབས་གང་ཡིན་པའི་གཞུང་བཞིན་བྱས་པས་ཡོན་ཏན་འབྱུང་ངོ་། །ཞེས་གསུངས་པས། དོན་དམ་པར་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གཟུང་འཛིན་མཚན་མའི་སྤྱོད་ཡུལ་ལས་འདས་པ་ཡིན་པས། དེ་ལ་ཞལ་ཕྱག་སོགས་རང་མཚན་པར་གྲུབ་པ་རྡུལ་ཙམ་མི་མངའ་མོད་ཀྱི་ཤེས་རབ་དང་སྙིང་རྗེ་ཆེན་པོ། ཐབས་མཁས་ཀྱི་སྤྱོད་པས་འགྲོ་བ་འདུལ་བའི་ཕྱིར་གོང་དུ་སྨོས་པ་ལྟར་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་པར་འཆར་བའི་ཚུལ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་དེ་དང་དེར་ཤར་བ་སྟེ། དེ་ཡང་གཉུག་མ་ཆོས་ཉིད་ཀྱི་སྟེང་དུ་གདོད་ནས་སངས་རྒྱས་ཀྱི་ཡོན་ཏན་དེ་རྣམས་གཞི་ལམ་འབྲས་བུའི་ཚུལ་དུ་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པའོ་སྙམ་དུ་དག་པ་དྲན་པར་བྱའོ། །གཉིས་པ་དོན་གྱི་རྣམ་དག་ཀྱང་། དེ་ཉིད་ལས། དེ་དག་ཀྱང་བདེན་དངོས་སུ་གྲུབ་པ་མེད་པས། རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱའོ། །དེས་ན་གདངས་མ་འགགས་པ་ལྷ་རུ་ལམ་མེ། གཤིས་མ་གྲུབ་པར་སྟོང་པར་ཆམ་མེ། ངོ་བོ་གསལ་སྟོང་གཉིས་མེད་དུ་ལྷང་ངེ་། དེ་ལྟར་གཉིས་མེད་དུ་བསྒོམས་པས་ཚོགས་གཉིས་རྫོགས་ནས་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ། །ཞེས་གསུངས། བཞི་པ་ནི། སྤྱིར་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞིས་མ་ཐེབ་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པ་ཡིས་ཀུན་སྲོག་ཐོབ། །ཅེས་སོགས་གསུངས་པ་ལྟར། བསྐྱེད་རིམ་སྤྱིའི་ཆིངས་སུ་སྲོག་སྡོམ་གཟེར་བཞིས་གདབ་པ་གལ་ཆེ་སྟེ། དེའང་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་ཏིང་ངེ་འཛིན་དམིགས་པའི་གཟེར། གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏད་པ་སྙིང་པོ་སྔགས་ཀྱི་གཟེར། ཐུགས་སྟོང་གསལ་འགགས་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་རྟག་རྟག་པོ་གུད་ན་མེད་པར་ཤེས་པར་ཤེས་པ་དགོངས་པ་མི་འགྱུར་བའི་གཟེར། ཕྲིན་ལས་རྣམ་བཞི་སོགས་དམིགས་པའི་མདེ་ཁའམ་རྣོ་སོ་གང་ལ་གང་དགོས་སུ་སྒྱུར་བ་འཕྲོ་འདུ་སྣ་ཚོགས་པའི་གཟེར་དང་བཞིའི་མན་ངག་གནད་ཐོག་ཏུ་ཁེལ་ན་སྐུ་དངོས་སུ་མཐོང་། ངག་ལ་བདེན་པ་འགྲུབ། ཆོས་ཉིད་ལ་རང་དབང་ཐོབ་སྟེ་གསང་བ་གསུམ་གྱི་སྲོག་འཕྲོག རིག་པའི་རྩལ་འབྱུང་། ཕྲིན་ལས་རྣམ་བཞིར་རང་དབང་བསྒྱུར་བར་གསུངས་པས། མོས་སྒོམ་གྱི་སྐབས་འདིར་གསལ་སྣང་ཇི་བཞིན་པ་འགྲུབ་དཀའ་ཡང་། ཐོག་མ་ནས་བློ་མ་དྲེད་པ་གལ་ཆེ་བས་བརྩོན་འགྲུས་བསྐྱེད་ལ་ནན་ཏན་དུ་གོམས་འདྲིས་བྱ། རྩལ་སྦྱང་བའི་ཕྱིར་སྣང་སྲིད་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་གང་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ངོ་བོ་སྟོང་པ། རང་བཞིན་བདེ་བ། རྣམ་པ་གསལ་བ་ལ་ཡང་ཡང་བསླབ། ཁྱད་པར་དུའང་ལྟ་དགོངས་ཀྱི་གཟེར་ནི་ཤིན་ཏུ་གཅེས་ཏེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབ་གྱུར་ཀྱང་༔ མཆོག་དང་ཐུན་མོང་འབྲས་བུ་གང་༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང་༔ དེ་ཉིད་མ་རྟོག་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབ་གྱུར་ཀྱང་༔ གནས་སྐབས་བདེན་འབྲས་ཕྲའུ་ལས༔ ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས་པས་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བརྟགས་པ་ཁོ་ན་ཡིན། དེ་ཡང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ངང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པས་སླར་སྟོང་པས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་ལ་སྐྱེ་འགག་གནས་གསུམ་གྱི་མཐའ་ཐམས་ཅད་དང་བྲལ་བས་ཅིར་ཡང་མ་ཡིན་པ་ལ་ཅིར་ཡང་འཆར་བ། ཤར་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་སྣང་ངོ་ལ་དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་པ་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གིའང་སྙིང་པོ་སྟེ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུངས་ལས། སྣང་གྲགས་གསལ་ཆའི་གདངས་ཀུན་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་སྤངས་པ་རྫོགས་རིམ་ཉིད། །ཡེ་ནས་དབྱེར་མེད་ཡིན་ལ་ཡིན་བཞིན་ཀློང་། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡེངས་མེད་འབུངས། །ཞེས་གསུངས་པ་ལྟ་བུའི་གནད་གསང་མ་རྟོགས་ན་ནམ་དུ་ཡང་བསྐྱེད་རྫོགས་ལ་མཚན་རྟོག་གི་གོལ་ས་ཆོད་པའི་དུས་མེད་པས་རབ་རྟོགས་པ། འབྲིང་ཉམས་མྱོང་། ཐ་མ་གོ་བ་ཕྱིན་ཅི་མ་ལོག་པས་ངེས་ཤེས་རྙེད་པ་ཙམ་ཅི་ནས་གལ་ཆེའོ། །ཞེས་རྗེ་བླ་མ་རྡོ་རྗེ་འཆང་ཡོངས་རྫོགས་བསྟན་པའི་ཉི་མ་གཅིག་པུར་གྱུར་པ་དེས་བསྙེན་སྒྲུབ་སྤྱིར་གཅེས་སུ་འདོམས་པར་མཛད་པ་ཡིན་ལ། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་བདེ་འདུས་རྩ་སྒྲུབ་ལས། དེ་ལྟར་སེམས་ཀྱི་ངོ་བོ་དེ༔ མ་རྟོགས་འཁྲུལ་པ་འཁོར་བ་ཡིན༔ དེ་ཤེས་རྟོགས་པ་མྱ་ངན་འདས༔ ལྷ་སྐུ་སེམས་ཀྱི་རང་རྩལ་ཏེ༔ དངོས་པོར་བཟུང་ན་འཁྲུལ་བའི་ཕྱིར༔ ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ༔ སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར༔ ཕྱི་ནང་རླུང་གི་རྒྱུ་བ་ཡང༔ སྨྲས་ཚད་གྲགས་སྟོང་བརྗོད་མེད་ཡིན༔ གདོད་ནས་དག་པའི་རིག་པ་འདི༔ ཡེ་ནས་ཆོས་སྐུར་གནས་པ་ལ༔ དབུལ་པོའི་ཁྱིམ་གྱི་ས་འོག་ན༔ གནས་པའི་ནོར་བུ་རིན་ཆེན་བཞིན༔ ངོ་མ་ཤེས་པར་འཁོར་བར་འཁྲུལ༔ ངོ་སྤྲོད་དེ་ངོ་ཤེས་པ་ནི༔ ཆོས་དབྱིངས་ཡེ་ཤེས་རྟོགས་པ་སྟེ༔ སངས་རྒྱས་ཞེས་སུ་གྲགས་པའོ༔ ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་གྱི་རྣལ་འབྱོར་ལ་གསུམ། རིགས་བདག་བླ་མ་ཧེ་རུ་ཀ་ལ་བརྟེན་ནས་བསྙེན་པ། ཡི་དམ་ཁྲོ་བོ་ལ་བརྟེན་ནས་སྒྲུབ་པ། གཉིས་ཀ་ལ་བརྟེན་ནས་ཚེ་སྒྲུབ་པའི་ལས་སྦྱོར་རོ། དང་པོ་ལ་གཉིས། བསལ་བའི་སྔོན་དུ་ལམ་དབང་བླང་བ་དང་། ཇི་ལྟར་བསྙེན་པའི་ཚུལ་ལོ། །དང་པོ་ནི། སྤྱིར་དབང་གི་ངོ་བོ་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས། ངེས་ཚིག་ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་འཁྲུད་པའམ་གཏོར་ཞིང་ལམ་སྒོམ་རུང་དང་། འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར་ཏེ་དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་རྒྱུ་དང་ལམ་དང་འབྲས་བུའི་དབང་གསུམ་སྟེ། དང་པོ་སློབ་མ་གང་ཞིག་སྔོན་ཆད་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་ཞུགས་མ་མྱོང་བ་ཞིག རྡོ་རྗེ་སློབ་དཔོན་མཚན་ལྡན་གྱིས་དང་པོར་དཀྱིལ་འཁོར་དུ་བཅུག་ནས་དེའི་རྒྱུད་སྨིན་པར་བྱས་པའོ། །གཉིས་པ་དེ་ལྟར་ཞུགས་ཤིང་ཐོབ་ནས་བཟུང་ས་བཅུའི་རྒྱུན་མཐའ་ལ་ཐུག་གི་བར་དུ་རྡོ་རྗེ་སློབ་དཔོན་ལས་སམ་བདག་འཇུག་སོགས་ལ་བརྟེན་པ་གང་ཡིན་ཡང་འདྲ་སྟེ་བར་སྐབས་དེ་དག་ཏུ་དབང་ནོད་པ་ཐམས་ཅད་དོ། །གསུམ་པ་རྒྱུན་མཐའི་གནས་སྐབས་སུ་འོག་མིན་ཆེན་པོར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལས་གསང་བ་ཟབ་མོའི་དབང་གསུམ་ནོད་པ་ལ་བརྟེན་ནས་སྐབས་དེར་སྟོན་འཁོར་དགོངས་པ་དབྱེར་མེད་དུ་བྱེད་པའོ། །དེ་ལ་སྐབས་འདིར་ནི་ལམ་དབང་ཟབ་མོ་ཏིང་ངེ་འཛིན་གྱིས་ལེན་པ་སྟེ། དེ་ལ་རྒྱུད་སྡེ་སོ་སོའི་དགོངས་པས་དབང་བསྐུར་གྱི་བབས་མི་འདྲ་བ་དུ་མ་འབྱུང་ཡང་སྔགས་བླ་མེད་ཀྱི་སྐབས་འདིར་གནས་སྐབས་བཞིའི་དྲི་མ་སྦྱོང་ཞིང་། ལམ་བཞི་ཉམས་སུ་ལེན་པ་དང་། སྐུ་བཞིའམ་རྡོ་རྗེ་བཞིའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ངོ་བོ་ནི་དབང་བཞིར་འདུ་བ་ཡིན་ཞིང་། དེ་ལའང་གཞི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཕུང་ཁམས་སྐྱེ་མཆེད་ཀྱི་འཆར་གཞི་བདེ་གཤེགས་སྙིང་པོའི་རང་བཞིན་གཉུག་མའི་སྒོ་གསུམ་ཡེ་ཤེས་དང་བཞི་བུམ་དབང་སོགས་བཞིའི་ངོ་བོར་ཡེ་ནས་གནས་པ་ཉིད་སྔར་རྒྱུ་དབང་ཟབ་མོས་སྨིན་པར་བྱས་པ་གང་ཞིག སྐབས་འདིར་ལམ་དབང་ཏིང་ངེ་འཛིན་གྱིས་གསོས་བཏབ་ནས་བསྙེན་སྒྲུབ་ཡན་ལག་བ ཞི་སོགས་ལ་བརྩོན་པས་ཡེ་ཤེས་གོང་དུ་འཕེལ་ཏེ་མཐར་འབྲས་སྐུ་བཞིར་སྦྱོར་བར་བྱེད་པས་གཞི་ལམ་འབྲས་བུའི་དབང་ཞེས་གནས་སྐབས་སུ་བཏགས་པ་ཙམ་ལས་རང་བཞིན་ཆོས་ཉིད་གཅིག་གི་ངོ་བོར་དབྱེར་མེད་པར་གདོད་ནས་གྲུབ་པ་ཡིན་ཏེ་དབང་མཆོག་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་འཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་གསུངས། དེ་ལྟར་སྤྱིར་ངེས་པར་བྱས་ནས། ལེན་ཚུལ་དངོས་ནི། གཞུང་རྩ་བར། ཁྱད་པར་ལམ་དབང་བླང་བ་ནི༔ བཟླས་པས་རྒྱུད་བསྐུལ་དབང་བླང་སྟེ༔ སྤྱི་བོའི་གཙུག་ན་བཞུགས་པ་ཡི༔ བླ་མ་ཧེ་རུ་ཀ་དཔལ་ལ༔ རྩེ་གཅིག་གདུང་བས་འདི་སྐད་གསོལ༔ ཞེས་གསུངས་ཏེ། དེ་ཡང་སྤྱི་བོའི་བླ་མ་ཧེ་རུ་ཀ་ཉིད་དབང་ལེན་པའི་ཡུལ་དང་། བདག་གི་རྟོག་ཚོགས་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུས་པོར་བྱས་ཏེ་རྩེ་གཅིག་གདུང་བའི་དབྱངས་ཀྱིས། ༀ། སྒྲིབ་པའི་གདུང་བ་ཞེས་སོགས་ཏེ། སད་རྨི་གཉིད་དང་སྙོམས་འཇུག་གི་གནས་སྐབས་བཞི འམ་སྒོ་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པའི་གདུང་བ་ཀུན་བཅོམ་པར་མཛད་པའི་བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་དཔལ་ཁྲག་འཐུང་ཆེན་པོ་བདག་ལ་དགོངས་སུ་གསོལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དབང་གིས་སྐལ་ལྡན་བདག་ཡོངས་སུ་སྨིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས། རྒྱུད་སྦྱང་བྱང་ཆུབ་སེམས་གསུམ་བསྐྱེད༔ སྨིན་པའི་འོས་སུ་གྱུར་པ་ན༔ ཞེས་པས། གོང་དུ་བསྟན་པ་ལྟར་གྱི་དམིགས་རྣམ་དང་ལྡན་པས། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་རྒྱུད་སྦྱང་། ༀ། ཀུན་བཟང་སོགས་ཀྱི་སྨོན་འཇུག་དོན་དམ་པའི་སེམས་གསུམ་བསྐྱེད་ནས། དབང་བཞི་ཏིང་ངེ་འཛིན་གྱིས་རིམ་པར་ལེན་པ་ལས། དང་པོ་བུམ་དབང་ནི། བླ་མ་ཧེ་རུ་ཀ་དཔལ་གྱིས༔ སོགས་ཀྱིས་བསྟན་ཏེ་དེ་ཡང་སྐུ་བཞིའི་དབང་ཕྱུག་སྤྱི་བོའི་བླ་མ་ཧེ་རུ་ཀའི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་རྣམས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་བཞིན་དུ་མདུན་གྱི་ནམ་མཁར་མངོན་སུམ་དུ་སད་པ་ཐབས་ཤེས་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་རང་གི་སྤྱི་བོ་ནས་དབང་བསྐུར་བར་མོས་ལ། ༀ། ནམ་མཁའ་གང་བའི་སོགས་བརྗོད་ཅིང་། དབང་དོན་གྱི་ཡེ་ཤེས་ཡུལ་སྣང་སྟོང་ཆུ་ཟླ་ལྟ་བུའི་ཉམས་བསྐྱངས་ལ་རུ་ལུའི་ཛབ྄་དབྱངས་བྱ། གཉིས་པ་ནི། སླར་ཡང་སོགས་ཏེ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སླར་ཡང་སྙོམས་པར་ཞུགས་པའི་བྱང་སེམས་ཀྱི་རྒྱུན་བླ་མ་ཧེ་རུ་ཀའི་སྐུའི་སྤྱི་བོ་ནས་ཞུགས། ཡབ་ཡུམ་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་དང་རོ་གཅིག་ཏུ་འདྲེས་པ་མཁའ་གསང་ནས་བྱུང་བ་རྡོ་རྗེའི་ལྕེར་བཞག་པར་མོས་ལ། ཨཱཿདཀར་དམར་སོགས་དང་། ཡུལ་ཅན་སེམས་ཉིད་གསལ་སྟོང་རྣམ་པར་མི་རྟོག་པའི་ཉམས་བསྐྱངས་ལ། ཛབ྄་དབྱངས་བྱ། གསུམ་པ་ནི། ཡུམ་ལས་སོགས་ཏེ་བླ་མ་རྒྱལ་བའི་འཁོར་ལོའི་ཡུམ་ལས་རིགས་མ་གཟུགས་དང་ལང་ཚོས་བརྒྱན་པ་སྤྲོས་འཛུམ་པ་ལ་སོགས་པའི་འདོད་པའི་སྒྱུ་རྩལ་སྣ་ཚོགས་ཀྱིས་བདེ་བ་བསྐུལ་ཏེ། རང་ཡབ་ཡུམ་ལྷར་གསལ་བ་ལྷའི་འདུ་ཤེས། མཁའ་གསང་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། ལམ་འདི་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱར་བས་རྗེས་ཆགས་ཀྱི་མེས་སྤྱི་བོའི་ཧཾ་བཞུ་བའི་བྱང་སེམས་ཀྱི་རྒྱུན་སྤྱི་བོ་ནས་མགྲིན་པར་བབས་པ་དགའ་བ། སྙིང་གར་བབས་པ་མཆོག་དགའ། ལྟེ་པའི་དགའ་བ་རྣམས་མྱོང་། དེར་ཐིག་ལེ་འཛག་མེད་དུ་བཅིངས་ནས་སླར་ཡང་གྱེན་དུ་བཟློག་པའི་སྦྱོར་བས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་སྤྱི་བོར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉམས་སུ་མྱོང་བར་མོས་ལ། ཧཱུྃ་དགའ་མཆོག་སོགས་དང་། ཞུ་བདེའི་རྐྱེན་གྱིས་རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས་པའི་ཉམས་བསྐྱངས་ལ་ཛབ྄་དབྱངས་བྱ། བཞི་པ་ནི། དེ་ཡི་དོན་ལ་ངོ་སྤྲད་བྱ༔ ཞེས་པས། གསུམ་པའི་དུས་སུ་དཔེ་ལས་སྐྱེས་པའི་ཡེ་ཤེས་ཉིད་མཚོན་བྱེད་དུ་བྱས་ཏེ། མཚོན་བྱ་དོན་གྱི་ཡེ་ཤེས་རྣམ་མཆོག་གི་སྟོང་ཉིད་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་རང་བཞིན་འདུས་མ་བྱས་ཆེན་བསམ་བརྗོད་བློ་འདས་ཀ་དག་ཟང་ཐལ་ཆེན་པོར་རྡོ་རྗེའི་ཚིག་གི་ངོ་སྤྲད་པར་མོས་ལ། ཧོཿ གདོད་ནས་སོགས་དང་། རིག་སྟོང་ཟུང་འཇུག་བློ་བྲལ་ཆེན་པོའི་དགོངས་པའི་ཉམས་བསྐྱང་ཞིང་ཛབ྄་དབྱངས་བྱའོ། །དེ་རྣམས་ཀྱིས་རིམ་པ་བཞིན་བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དབང་བཞི་ཐོབ། སྒོ་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པ་བཞི་དག ལམ་བསྐྱེད་རིམ་གཏུམ་མོ་གཞན་ལུས་རྫོགས་ཆེན་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་སྟེ། གནས་སྐབས་སུ་ཡང་སྔགས་སྡོམ་ཉམས་པ་གསོ་ཞིང་ཡེ་ཤེས་གོང་དུ་འཕེལ་བས་བྱིན་རླབས་ཀྱི་དྲོད་ཚད་གསུམ་འབྱུང་ཞིང་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་ཐོབ་པར་བྱེད་པའི་ཐབས་མཆོག་ཡང་ཟབ་བླ་ན་མེད་པ་སྟེ། སྨིན་གཏེར་བདེ་འདུས་དབང་ཆོག་ལས། དེ་ལྟར་དབང་བསྐུར་ཡོན་ཏན་གྱི༔ བྱིན་རླབས་མཚན་མ་དང་པོ་ནི༔ རྩོལ་མེད་མོས་གུས་རྒྱུད་ལ་སྐྱེ༔ བྱིན་རླབས་ཡ་མཚན་གཉིས་པ་ནི༔ གང་གཏད་དམིགས་པ་གསལ་ཞིང་བརྟན༔ བྱིན་རླབས་མཚན་མ་གསུམ་པ་ནི༔ རང་བྱུང་ཡེ་ཤེས་རྟོགས་པ་འཆར༔ ཞེས་དང་། ཧེ་རུ་ཀ་མངོན་འབྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ལ་གཉིས། ལྷ་སྔགས་དབྱེར་མེད་ཀྱི་ཚུལ་ལ་ངེས་ཤེས་བསྐྱེད་པ་དང་། ཇི་ལྟར་བཟླ་ཚུལ་དངོས་སོ། །དང་པོ་ནི། མ་དག་རྣམ་ཤེས་ཚོགས་བརྒྱད་སོགས་ཀྱིས་བསྟན་ཏེ། དེ་ཡང་སྤྱིར་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་དག་མཉམ་དུ་གནས་པའི་ཕྱིར། གནས་ཚུལ་ལ་སྒྲར་གྲགས་པ་མཐའ་དག་གྲགས་སྟོང་བརྗོད་མེད་གསུང་གི་དཀྱིལ་འཁོར་ལས་མ་འདས་ཏེ། ཀུན་བྱེད་ལས། ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་གི་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཞེས་དང་། ནམ་མཁའ་ཆེ་ལས། མི་གསུང་མཉམ་བཞག་སྔགས་ཀྱི་ཚིག །ཅེས་གསུངས། དེའི་ཕྱིར་ཆོས་ཐམས་ཅད་བརྗོད་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྫོགས་པར་རྟོགས་ན་ངག་ཏུ་བརྗོད་པ་ཐམས་ཅད་སྔགས་སུ་མི་འགྱུར་བ་གང་ཡང་མེད་དེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། མཉམ་ཉིད་ངང་ལ་གནས་པ་ཡི། །ཡན་ལག་བསྐྱོད་པ་ཇི་སྙེད་དང་། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་གསང་སྔགས་ཕྱག་རྒྱ་ཡིན། །ཞེས་སོ། །ཁྱད་པར་བཟླ་བྱའི་སྔགས་རྣམས་ནི་ཐབས་ཤེས་ཀྱི་ཡི་གེ་རྣམས་འདུས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་བརྗོད་བྱར་གཏན་ལ་འབེབས་ཀྱང་། དོན་དམ་པར་བརྗོད་བྱེད་ལས་འདས་པའི་རང་བཞིན་མཉམ་པ་ཆེན་པོ་བདེན་གཉིས་ཟུང་འཇུག་སྔགས་ཀྱི་དེ་ཁོ་ན་ཉིད་ཐབས་ཆེན་སྤྲུལ་སྐུ་བཟླ་བྱའི་སྔགས་ཀྱི་རྣམ་པར་འཕྲུལ་བ་ཡེ་ནས་གྲུབ་པ་བཞི་ལྡན་གྱི་ངོ་བོ་སྟེ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ་རང་རང་གི་ངོ་བོ་ཐུན་མོང་མིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ་ཆོས་ཀུན་ལ་མངའ་དབང་འབྱོར་པ་སངས་རྒྱས་རྣམས་ཀྱིས་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་སུ་ཡེ་ཤེས་ཉིད་རྣམ་པར་འཕྲུལ་བ་བསྟན་པས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གྲུབ་པ། ནུས་པའི་མཐུས་གྲུབ་པ་སྨན་དང་ནོར་བུ་བཞིན་དུ་སྔགས་དེ་དག་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་མེད་མི་བསླུ་བར་ཡོད་པའོ། །འདི་ལ་འཆད་ཚུལ་གཞན་ཡང་། ཆོས་ཉིད་གཉུག་མའི་ཡེ་ཤེས་གཞོམ་དུ་མེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་རང་ལ་གདོད་ནས་རང་ཆས་སུ་གནས་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། རྩ་རླུང་ཐིག་ལེའི་རྟོག་ཚོགས་ཀྱི་རྣམ་པ་ཐམས་ཅད་ཡི་གེ་དང་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོར་རང་ཆས་སུ་ཤར་བ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་གཉིས་སྐྱེ་འགག་མེད་པའི་ཡེ་ཤེས་སུ་རང་སྣང་བས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་པ་བྱིན་གྱིས་བརླབས་ཀྱིས་གྲུབ་པ། སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པའི་སྦྱོར་བས་མཆོག་ཐུན་མོང་གི་དངོས་གྲུབ་མཐའ་དག་ལ་དབང་འབྱོར་པ་ནུས་པའི་མཐུས་གྲུབ་པ་དང་བཞིར་ཡང་གསུངས་སོ། །དེ་ལྟར་གྲུབ་པའི་སྔགས་དེ་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པར་མི་ནུས་པ་མེད་དེ་སྔགས་རྣམས་ལྷ་ཡི་ངོ་བོ་ཡིན་པའི་ཕྱིར། བྱེ་བྲག་ཏུ་སྐབས་འདིར་བསྟན་གྱི་བཟླ་བྱའི་སྔགས་རུ་ལུ་འབྲུ་བརྒྱད་ནི། དཔལ་ཆེན་པོའི་ཐུགས་ཡང་དག་པའི་ཡེ་ཤེས་ཉིད་རྣམ་པ་ཐབས་ཆེན་སྔགས་ཀྱི་ཚུལ་དུ་འཕྲུལ་བ་སྟེ། འདིས་གཞི་དུས་སུ་ཡེ་ཤེས་ཀློང་བརྒྱད་དང་དེ་ཐམས་ཅད་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་ཉག་གཅིག་དང་། འཁྲུལ་པ་བརྟག་པའི་གཞི་ཚོགས་བརྒྱད་ཀུན་གཞི་དང་བཅས་པ། ལམ་གྱི་སྐབས་སུ་གང་བསྒོམ་ཞིང་བསྒྲུབ་བྱའི་ལྷ་དགུ་ཐུགས་སྲོག་དང་བཅས་པ་དང་། བསྐྱེད་རིམ་གྱི་བསྙེན་སྒྲུབ་ཡན་ལག་བཞི་དང་རྫོགས་རིམ་གྱི་དགའ་བཞི་དང་སྟོང་བཞི་སྦྱར་བའི་ཡེ་ཤེས་བཞི་སྟེ་བརྒྱད། འབྲས་དུས་སུ་ཡེ་ཤེས་ཀློང་བརྒྱད་དེ་དེ་ཀུན་གཅིག་ཏུ་འཁྱིལ་བའི་ཐུགས་ཡང་དག་པའི་ཡེ་ཤེས་འབྲས་བུའི་དཔལ་ཆེན་པོ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མཐའ་དག་མཚོན་པར་བྱེད་པ་ཡིན་ལ། གཞན་ཡང་གདུལ་བྱ་འདུལ་བྱེད་ཀྱི་དབང་དུ་བྱས་ན། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཚེ་དེའི་སྙིང་པོ་ཕྲོགས་ཏེ་ཡེ་ཤེས་ཀྱི་སྙིང་པོར་བྱིན་གྱིས་བརླབས་ཅིང་གཞན་ཡང་དེའི་ལུས་སེམས་དང་ཡོ་བྱད་འཁོར་རྣམས་ཐམས་ཅད་ཕྲོགས་ཏེ་བྱིན་གྱིས་བརླབས་པའི་སྟོབས་དང་རྫུ་འཕྲུལ་རྨད་དུ་བྱུང་བ་དག་ཀྱང་རུ་ལུ་འབྲུ་བརྒྱད་ཀྱིས་གྲུབ་པ་སྟེ། ཐུགས་ཞི་ལས་མ་གཡོས་པར་སྐུ་འབར་བའི་ཆ་ལུགས་སུ་བྱུང་ནས་འཁོར་བ་ཉིད་མྱང་འདས་དུག་ཉིད་བདུད་རྩིར་བསྒྱུར་པའི་དོན་གྲུབ་ཅིང་ཡེ་ཤེས་གྱི་སྒྱུ་འཕྲུལ་སྔགས་ཀྱི་གཟུགས་སུ་རོལ་བས་ལས་ཐམས་ཅད་བྱེད་པ་འདི་ལྟ་བུ་ནི་ཡ་མཚན་ཆེ་བ་སྔགས་ཀྱི་མཐུ་ཡིན་པས། རྒྱུད་ལས། རུ་ལུ་འདི་ནི་ཡ་མཚན་ཆེ། །ཞེས་དང་། མཚན་མ་ཅན་གྱི་སྐུར་བསྒོམས་ནས་མཚན་མའི་སྔགས་བཟླས་པའི་མཐུས་མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་ཆོས་ཉིད་སྐྱེ་བ་མེད་པའི་དོན་གྱི་རྟོགས་པ་རྒྱུད་ལ་སྐྱེ་བར་བྱེད་པས། རུ་ལུ་འདི་ནི་རྟོགས་པ་བསྐྱེད། །ཅེས་དང་། ལྷ་བསྒོམས་ཤིང་སྔགས་བཟླས་པའི་མཐུས་ཉོན་ཤེས་ཀྱི་སྒྲིབ་ཚོགས་ཚེ་འདི་ཉིད་ལ་སྦྱོང་བར་བྱེད་པས། རུ་ལུ་འདི་ནི་སྒྲིབ་པ་སྦྱོང་། །ཞེས་དང་། ལུང་བཞིན་དུ་བཟླས་པས་རབ་ཕྱག་རྒྱ་ཆེན་པོ། འབྲིང་མངོན་ཤེས་ལྔ། ཐ་མས་ཀྱང་ཌཱ་ཀི་རྣམས་དབང་དུ་འདུ་ཞིང་ལས་བཞི་འགྲུབ་པའི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པས་ན། རུ་ལུ་འདི་ནི་དངོས་གྲུབ་ཐོབ། །ཅེས་ཡོན་ཏན་བཞིར་གསུངས་པ་དང་། བྱེ་བྲག་ཤེས་པ་བརྒྱད་ཀྱི་སྒོ་ནས་ཕྲིན་ལས་ལག་ལེན་དུ་བསྟན་པའི་ཚུལ་སོགས་ནི་ཡང་དག་གསང་བའི་འགྲེལ་ཆེན་དང་བཀའ་བརྒྱད་རྣམ་བཤད་སོགས་ལས་ཤེས་པར་བྱ་ལ། འདིར་ལྷ་དང་སྙིང་པོ་སྦྱོར་ཚུལ་ཙམ་སྨོས་ན། རྒྱུད་ལས། ༀ་ནི་གནས་ལུགས་ཆོས་ཀྱི་དབྱིངས། །རུ་ལུ་སྣང་ལུགས་ལོངས་སྤྱོད་རྫོགས། །རུ་ལུ་འོག་མ་སྤྲུལ་པའི་སྐུ། །ཧཱུྃ་བྷྱོ་ཧཱུྃ་ནི་དབྱེར་མེད་དོ། །ཞེས་སྤྱིར་བསྟན་ནས་བྱེ་བྲག་ཏུ་ཡི་དམ་ཞི་བའི་དབང་དུ་བྱས་ཏེ། ཡང་དག་སྙིང་པོར། ཞི་བ་སངས་རྒྱས་བཞི་བཅུ་གཉིས༔ རུ་ལུ་འབྲུ་བརྒྱད་ཉིད་དུ་འདུས༔ ༀ་ནི་རིགས་ལྔ་ཡབ་ཡུམ་བཅུ༔ རུ་ལུ་གོང་མ་སེམས་དཔའ་བརྒྱད༔ རུ་ལུ་འོག་མ་སེམས་མ་བརྒྱད༔ ཧཱུྃ་ནི་སྒོ་བ་ཁྲོ་བོ་བཞི༔ བྷྱོ་ནི་སྒོ་མ་ཁྲོ་མོ་ཉིད༔ ཧཱུྃ་ནི་སྤྲུལ་སྐུ་ཐུབ་པ་དྲུག༔ ཡིད་དང་ཆོས་གཉིས་རང་བྱུང་གནས༔ ༀ་ནས་ཧཱུྃ་ལ་རྣམ་བསྐུལ་བས༔ ཞི་བ་བཞི་བཅུ་རྩ་གཉིས་སྨིན༔ ཞེས་དང་། དེ་ཉིད་གནས་གྱུར་ཁྲོ་བོ་ལྟར་ན། རྒྱུད་ཧེ་རུ་ཀ་མངོན་འབྱུང་ལས། ༀ་ནི་རྒྱལ་བ་ཡབ་ཡུམ་བཅུ། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ཧཱུྃ་ནི་ཕྱག་རྒྱ་སྒོ་མ་བཞི། །བྷྱོ་ནི་བྲན་མོ་ཉི་ཤུ་བརྒྱད། །ཧཱུྃ་ནི་བྱང་ཆུབ་སེམས་ཀྱི་ངང་། །འབར་བའི་དཀྱིལ་འཁོར་མ་ལུས་པའི། །བཟླས་པ་མཆོག་ནི་འདི་ལས་མེད། །ཅེས་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང་། ཡང་ཧཱུྃ་ཕྱི་མ་ཁྲོ་བཅུའི་ས་བོན་བྱས་ཏེ་ཟླ་གམ་རེ་བརྒྱད་པའི་ལྷར་སྦྱར་བ་རྒྱས་པ་དང་། བསྡུས་པ་ཟླ་གམ་དགུ་མའི་དབང་དུ་བྱས་ཏེ། ཡང་དག་གསང་འགྲེལ་ལས། ༀ་ནི་དཀར་མོ་ཀོའུ་རཱི་མ། །རུ་ནི་རྐུན་མོ་ཙོའུ་རཱི་མ། །ལུ་ནི་སྦོས་མོ་པྲ་མོ་ཧཱ། །རུ་ནི་ཐལ་བྱེད་བཻ་ཏཱ་ལཱི། །ལུ་ནི་རྒན་བྱེད་པུཥྐ་སཱི། ཧཱུྃ་ནི་གཏུམ་མོ་གྷསྨ་རཱི། །བྷྱོ་ནི་སྨེ་ཤ་སྨ་ཤ་ནི། །ཧཱུྃ་ནི་མ་ཚོགས་ཙནྡྷ་ལཱི། །ཀུན་འདུས་དཔལ་ཆེན་སྙིང་པོ་སྟེ། །ཡང་དག་དོན་གྱི་ལྷ་དགུར་གསལ། །ཞེས་དང་། བཀའ་སྡོད་དང་སྦྱར་ནི། ཡང་དག་སྙིང་པོར། ༀ་ནི་བཛྲ་ཧེ་རུ་ཀ༔ མགོན་པོ་ནག་པོའི་ངོ་བོར་གནས༔ རུ་ལུ་གོང་མ་ཀོའུ་རཱི་བརྒྱད༔ སྲིན་མོ་བརྒྱད་ཀྱི་ངོ་བོར་གནས༔ རུ་ལུ་འོག་མ་ཕྲ་མེན་བརྒྱད༔ ལྷ་སྲིན་སྡེ་བརྒྱད་ངོ་བོར་གནས༔ ཧཱུྃ་ནི་རྟ་གདོང་སྒོ་མ་བཞི༔ རོ་ཀ་ནམ་གྲུ་ཙནྜི་ཀ༔ རེ་མ་ཏི་ཡི་ངོ་བོར་གནས༔ བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད༔ ཧཱུྃ་ནི་ལྷ་ཆེན་ཉི་ཤུ་བརྒྱད༔ དྲེགས་པ་རུ་ཏྲ་འཁོར་བཅས་གསལ༔ ལྷ་སྲིན་ཟིལ་གྱིས་མ་ནོན་པར༔ སངས་རྒྱས་ཐོབ་པར་མ་བཤད་དོ༔ མ་རིག་གཟུང་འཛིན་རུ་ཏྲ་ལ༔ ཚོགས་བརྒྱད་མ་དག་སྡེ་བརྒྱད་ཡིན༔ དབང་སྡུད་ཟིལ་གནོན་བྱ་བའི་ཕྱིར༔ རྡོ་རྗེ་སྲིན་པོའི་ངུར་སྒྲ་ཡིས༔ རུ་ལུ་བཟླ་ཞིང་སྐུ་ལ་བསྟིམ༔ ཞེས་སོགས་གསུངས་པ་བཞིན་དང་། དེ་བཞིན་དུ་ཀཱི་ལ་ཡ་འབྲུ་བཅུ་བཞི་པའང་། ༀ་ནི་རིགས་ལྔ་ཁྲག་འཐུང་ཡེ་ཤེས་ལྔ། བཛྲ་དཔལ་ཆེན་ཡབ་ཡུམ་གཉིས་སུ་མེད། །ཀཱི་ནི་སྤྲུལ་པ་ཕོ་བཅུ་སྟོབས་བཅུའི་བདག །ལི་ནི་སྤྲུལ་པ་མོ་བཅུ་ཕར་ཕྱིན་བཅུ། །ཀཱི་ནི་ཡང་སྤྲུལ་ཟ་བྱེད་ཕ་བཅུ་སྟེ། ལ་ནི་གསོད་བྱེད་མ་བཅུ་སྲིད་གསུམ་སྒྲོལ། །ཡ་ནི་སྲས་མཆོག་ཉེར་གཅིག་སྐུ་གསུང་ཐུགས། སྐབས་འདིར་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་སྲས་མཆོག་རིགས་ལྔའོ། །མཆན། སརྦ་ཡང་སྤྲུལ་ཕུར་སྲུང་ཐམས་ཅད་འདུས། །བིག་ནི་ཤྭ་ན་སྲོག་བདག་ལྕམ་དྲལ་ཏེ། །ནན་ནི་རེ་ཏི་མཆེད་བཞི་མགོ་ཉགས་སྲས། །བྃ་ནི་ས་བདག་བསེ་མོ་སྐྱེས་བུར་བཅས། །ཧཱུྃ་ནི་ཁྲོ་འདུས་དཔལ་གྱི་ཡེ་ཤེས་ཐུགས། །ཕཊ་ཀྱིས་དགྲ་འགེགས་དམ་སྲི་ཐལ་བར་བརློག །ཅེས་གསུངས། དེས་ན་ཤེས་རབ་ཟབ་མོས་སྔགས་ལ་ཡིད་ཆེས་བསྐྱེད་པ་གལ་ཆེ་སྟེ། དོན་དམ་པར་ཆོས་ཐམས་ཅད་དག་མཉམ་ཆོས་སྐུ་ཆེན་པོའི་ཀློང་ན་རིས་སུ་མ་ཆད་པ་དང་། ཀུན་རྫོབ་ཏུ་ལྷ་ཡི་སྐུ་དངོས་དང་སྔགས་གཉིས་ཀ་གདུལ་བྱའི་དོན་དུ་ཡེ་ཤེས་རྣམ་པར་འཕྲུལ་བ་ཙམ་ལ་ཁྱད་མེད་པར་རྟོགས་པས་སྔགས་ཉིད་ལྷར་འཛིན་པར་བྱ་སྟེ། བདེ་མཆོག་འབྱུང་བའི་རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་ན། །དེ་གཉིས་དབྱེ་བར་མི་བྱའོ། །ཞེས་གསུངས། དེ་ལྟ་བུའི་ལྷ་སྔགས་དབྱེར་མེད་དུ་རྟོགས་པའི་ངེས་ཤེས་ཟབ་མོ་ཐེ་ཚོམ་གྱི་སྨག་དང་བྲལ་བ་ལ་སྔགས་ཀྱི་དངོས་གྲུབ་མྱུར་དུ་འབྱུང་སྟེ། གཤིན་རྗེ་གཤེད་ཀྱི་རྟོག་པ་གསུམ་པ་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཞེས་གསུངས། དེ་ལྟར་མ་ཤེས་ཀྱང་ལུང་ལས་གསུང་པ་བཞིན་སངས་རྒྱས་རྣམས་རང་ངོར་སྔགས་ཀྱི་རྣམ་པར་བྱོན་ནས་གནས་སྐབས་མཐར་ཐུག་གི་དོན་སྒྲུབ་པར་མཛད་པ་ཡིན་ནོ། །སྙམ་དུ་སོམ་ཉི་མེད་པ་དད་པ་རྩེ་གཅིག་གིས་བཟླས་ན་ཡང་འགྲུབ་སྟེ། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས། དེ་གཉིས་གང་ཡང་མེད་པའི་ཐེ་ཚོམ་དང་རྟོག་དཔྱོད་མཁན་རྣམས་ལ་དངོས་གྲུབ་མི་འབྱུང་སྟེ། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །བླ་མས་མན་ངག་བསྟན་བྱས་ཀྱང་། །སློབ་མ་ཡིད་གཉིས་ཡོད་པ་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང་། །སློབ་མ་ཡིད་གཉིས་མི་ཟ་ཞིང་། །བླ་མའི་མན་ངག་དམ་པ་ཞེས། །གཅེས་སྤྲས་བྱས་ན་འགྲུབ་པར་ངེས། །ཞེས་དང་། སྔགས་དང་རྫས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་སྟེ། །གལ་ཏེ་ཡིད་གཉིས་ཟ་འགྱུར་རམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །ཞེས་གསུངས། དེས་ན་སྔགས་བཟླ་བ་ལ་དད་པ་ཤིན་ཏུ་གལ་ཆེ་སྟེ། དད་པ་བརྟན་པོས་བསྒྲུབ་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས། མདོར་ན། སངས་རྒྱས་ཀྱི་ཡེ་ཤེས་ནི་གདུལ་བྱའི་བློ་ངོར་རྣམ་པ་ཐམས་ཅད་པར་འཆར་རུང་བ་ཡིན་ལ། དེའང་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་དངོས་སུ་སྣང་བ་དང་། ཕལ་པས་འདུལ་བ་ལ་ཕལ་པར་སྣང་བ་གཉིས་སངས་རྒྱས་གཅིག་གི་ཡེ་ཤེས་ཀྱི་རོལ་པར་ཁྱད་མེད་པས་དོན་ལ་བཟང་ངན་མེད་པ་ལྟར། འདི་ཡང་སངས་རྒྱས་ཉིད་ཕལ་པའི་ངོར་སྔགས་ཀྱི་རྣམ་པར་བསྟན་པ་ཡིན་ལ། སྔགས་གྲུབ་པས་ལྷ་མངོན་སུམ་དུ་བྱོན་པ་ཡང་ལྷ་ཉིད་སྔགས་སུ་འཕྲུལ་བ་བསྒྲུབས་པས་སྔགས་ཉིད་ལྷར་འཕྲུལ་བའི་ཚུལ་གྱིས་གདུལ་བྱ་ལ་དངོས་གྲུབ་སྩོལ་བ་ཙམ་དུ་ཟད་པར་ཤེས་པར་བྱ་ལ། དངོས་གཞི་ཏིང་ངེ་འཛིན་གྱི་སྐབས་སུའང་། སྐུ་དང་ཐུགས་སྲོག་སྔགས་ཕྲེང་འཕྲོ་འདུའི་ཚུལ་རྣམས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་རྣམ་པ་ཤིན་ཏུ་གསལ་བ་དང་། དེ་ཡང་རང་གི་ཡིད་ངོར་ཤར་བ་ཙམ་དུ་མི་རྟོག་པར་ལྷ་དང་གཉིས་སུ་མེད་པར་བདག་ཉིད་ལྷ་ཡི་ང་རྒྱལ་དུ་བྱ་བ་དང་། ལྷ་དེ་ཡང་རང་རྒྱུད་པ་མིང་གཟུགས་མཚན་མའི་རྣམ་པ་ཉི་ཚེ་བ་ཅན་དུ་མི་བཟུང་བར་སྤངས་རྟོགས་མཐར་ཐུག་པ་འབྲས་བུའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་ལྷ་སྔགས་ཀྱི་རྣམ་པར་ཤར་བའི་དག་པ་དྲན་པ་དང་། དེ་ཐམས་ཅད་ཀྱང་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་ཚུལ་ལས་མ་འདས་པར་ཤེས་པར་བྱས་ནས་དམིགས་པ་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་ཏུ་གནས་པར་བྱའོ། །ཞེས་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོར་གསུངས་ལ། གཞན་ཡང་རྗེ་དེ་ཉིད་ཀྱིས་ཕྱི་ནང་གསང་བའི་བསྙེན་སྒྲུབ་ཀྱི་གོ་དོན། བསྒྲུབ་བྱའི་ལྷ་ནི་ཆོས་ཉིད་དོན་གྱི་ལྷ་རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དེའི་ངང་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་ཀྱང་དེ་ལྟར་མ་རྟོགས་པའི་འགྲོ་བ་ལ། རང་དང་ལྷ་རྒྱུད་ཐ་དད་པའི་ཚུལ་ཅན་དུ་སྣང་བའི་ཚེ་བདག་འཆིང་བ་ཀུན་ལྡན་ལས་ཉོན་གྱི་སྦུབས་སུ་འཐུམ་པ། ལྷ་ནི་རྣམ་གྲོལ་ཡེ་ཤེས་ཀྱི་སྐུ་ཅན། ཆོས་ཉིད་ཀྱི་དོན་མངོན་དུ་མཛད་ནས་རང་དོན་མཐར་ཕྱིན་ལ། གཞན་དོན་དུ་མཁྱེན་བརྩེ་ནུས་པ་ཚད་མེད་པའི་སྒོ་ནས་སྨོན་ལམ་དང་ཡེ་ཤེས་ཐུགས་རྗེ་ཆེན་པོས་རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྣང་བ་བསྒྲུབ་བྱའི་ལྷ་ཞི་ཁྲོ་གང་ཞིག་སྤྲུལ་པའི་འཁོར་ལོ་དང་བཅས་པ་དེ་ཉིད། སྐུའི་མཚན་མ་དང་། གསུང་རིག་སྔགས་དང་། ཐུགས་ཏིང་ངེ་འཛིན་གྱི་འཇུག་པའི་སྒོ་ནས་དངོས་གྲུབ་ཡིད་བཞིན་སྩོལ་ཞིང་རྣམ་གྲོལ་གཏན་དུ་བའི་གོ་འཕང་ལ་ངེས་པར་འགོད་པའི་ཕྲིན་ལས་བསླུ་མེད་མཛད་པ་སྟེ། རྣམ་པ་རྟགས་ཀྱི་ལྷ་དེ་ཉིད་བསྐྱེད་བཟླས་མཆོད་སྒྲུབ་བྱེད་པ་ནི་ཕྱི་ལྟར་སྒྲུབ་པའི་ཚུལ་ལོ། །དེ་ལྟར་སྒྲུབ་ན་ཐུགས་རྗེ་ཆེན་པོས་འབྲེལ་བའི་ཕྱིར་དང་། སྨོན་ལམ་དང་ཡེ་ཤེས་ཀྱི་དབང་གིས་ངེས་པར་རྗེས་སུ་འཛིན་ཅིང་བྱིན་གྱིས་རློབ་པར་འགྱུར་རོ། །ནང་ལྟར་སྒྲུབ་པ་ནི་ལྷ་དེ་དག་རང་གི་དབུ་མའི་གྲོང་ཁྱེར་དུ། སྙིང་པོ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེའི་དྭངས་མ་ཡིན་ལ། རང་གི་མ་དག་པའི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ནི། གཡོ་བྱེད་ལས་རླུང་གི་ཆོ་འཕྲུལ་ཙམ་ཡིན་པས། རྩ་གནས་སུ་རང་བཞིན་གྱིས་བཞུགས་པའི་ལྷའི་འཁོར་ལོ་གསལ་བཏབ་སྟེ། རླུང་སྔགས་དབྱེར་མེད་ཀྱིས་བསྒྲུབ་ལ། དེ་ཐམས་ཅད་ཀྱི་རྩ་བ་ཙིཏྟ་འོད་ཀྱི་གུར་ཁང་བྱང་ཆུབ་སེམས་ཀྱི་ཐིག་ལེ་བདེ་ཆེན་འགྱུར་བ་མེད་པ་འདུས་མ་བྱས་པའི་རང་སྣང་ལ་དམིགས་ཏེ་སྒྲུབ་པས་མྱུར་དུ་འགྲུབ་བོ། །གསང་བ་ལྟར་ན། འཁོར་འདས་ཐམས་ཅད་ཡེ་ནས་མཉམ་པའི་དབྱིངས་རང་སེམས་གདོད་ནས་མ་སྐྱེས་པ་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས་ན། བསྒྲུབ་བྱའི་ལྷ་ལོགས་སུ་ཅུང་ཟད་ཀྱང་མེད་དེ། རྩོལ་མེད་ལྷུན་གྲུབ་ཏུ་གྲུབ་པ་ཡིན་ལ། འཁོར་འདས་གཉིས་དབྱིངས་དེ་ལས་སྣང་བའི་ཆོ་འཕྲུལ་ཙམ་དུ་ཟད་དོ། །དེས་ན་རང་རིག་པ་ཡེ་ནས་རྩོལ་སྒྲུབ་མེད་པའི་དོན་ལ་མཉམ་པར་བཞག་པས་སྒྲུབ་པ་ནི་ཆེས་ཟབ་མོའི་མཐར་ཐུག་སྟེ། དེ་དག་གདམས་པ་ཐེབས་ཚུལ་གྱི་རྣལ་འབྱོར་པའི་ཉམས་དང་བསྟུན་ཏེ་བསྒྲུབས་པས་ཀུན་གྱི་མཐར་རང་སེམས་གདོད་ནས་དབྱེར་མེད་ཆེན་པོའི་གྲུབ་མཐའ་བསྙེགས་ནས་གྲུབ་པ་ཆེན་པོར་འགྱུར་རོ། །ཞེས་གསུངས་པས་བསྙེན་བསྒྲུབ་སྤྱིའི་གཅེས་གནད་གལ་པོ་ཆེར་མཐོང་ནས་མ་སྦས་པར་བྲིས་པ་ལ་བླ་མ་དང་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད་ཅིག །གཉིས་པ་ནི། ཐོག་མར་ཛབ྄་བསྐུལ། ༀ། སྔོན་གྱི་ཐུགས་དམ་སོགས་ཏེ། དེ་ཡང་སྔོན་གྱི་དུས་སུ་དགེ་སློང་ཐར་པ་ནག་པོ་སྔགས་ཀྱི་ལྟ་སྤྱོད་ལོག་པའི་དབང་གིས་དབང་ཕྱུག་དང་ཨུ་མ་གཉིས་ཀྱི་བུ་བདུད་རུ་ཏྲ་ཞེས་བྱ་བར་སྐྱེས་ནས་འབྲས་བུ་ཆེ་མན་ཆོད་མཐུ་དང་རྫུ་འཕྲུལ་གྱིས་དབང་དུ་བསྡུས་ནས་གནས་པ་ལ། སྔོན་རྟེན་ཅིང་འབྲེལ་བའི་སྟོབས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་དཔལ་ཧེ་རུ་ཀར་བསྟན་ནས་རུ་ཏྲ་འཁོར་དང་བཅས་པ་བརྟུལ་ཅིང་འབྲས་བུ་གསང་སྔགས་ཀྱི་བསྟན་པ་སྣང་བར་མཛད་པ་སོགས་སྔོན་གྱི་ཐུགས་དམ་ཆེན་པོ་རྗེས་སུ་དགོངས་པར་མཛོད་ལ། དེང་འདིར་ཡང་ཆོས་དང་གང་ཟག་བདག་རྟག་པར་འཛིན་པའི་རྒྱུ་ལས་ཕྱི་ཡུལ་ལམ་ལུས་ལ་མངོན་པར་བཟུང་བ་མ་ཏྲྃ་ཀ་རུ་ཏྲ། ནང་སེམས་ལ་དངོས་པོར་ཞེན་པ་ཁ་ཊྃ་ཀ་རུ་ཏྲ། ལས་འབྲས་མེད་ཅིང་དངོས་པོ་ཀུན་མཐར་ཆད་པར་སྨྲ་བའི་ངག་ནི་ཨ་ཀར་ཤ་རུ་ཏྲ་སྟེ། ཕྱིན་ཅི་ལོག་གི་རྟོག་པ་དེ་གསུམ་ལ་བརྟེན་ནས་དུག་ལྔ་ལྷག་པར་རྒྱས་པའི་རང་གཟུགས་ཕྱི་ནང་དུ་ཤར་བ་བདུད་མ་ཏྲྃ་རུ་ཏྲ་འཁོར་སྲིན་པོ་གཤིན་རྗེ་བདུད་དང་གནོད་སྦྱིན་གྱི་རུ་ཏྲ་བཞི་ཕྱག་བརྙན་དམ་སྲིའི་ཚོགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ནང་གི་རྟོགས་ཚོགས་དང་མཐུན་པར་དཔག་ཏུ་མེད་པར་འཕྲུལ་བས། གནས་སྐབས་སུ་དངོས་གྲུབ་སྒྲུབ་པ་དང་མཐར་ཐུག་ཐར་པ་ལ་བར་དུ་གཅོད་པས་དེ་མ་བརྟུལ་ན་གཞན་དོན་དུ་བྱང་ཆུབ་ཆེན་པོའི་འབྲས་བུ་མི་ཐོབ་པས། ཕྱི་ནང་གི་ཆོས་ཐམས་ཅད་བདེན་མེད་དུ་ཤེས་ཤིང་ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་བ་མི་འགོག་ལ་དེ་ཉིད་ལྷར་སྣང་སྒྱུ་མ་ལྟ་བུའི་ཆོ་འཕྲུལ་རྒྱུན་མི་འཆད་པར་ཤེས་པའི་སྔགས་ཀྱི་ལྟ་སྤྱོད་ཟབ་མོས་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་བའི་ཐབས་མཁས་ཀྱི་སྤྱོད་པས་རྩ་བའི་རུ་ཏྲ་གསུམ་པོ་དེ་ཐུལ་ན། དེས་བསྐྱེད་པའི་བདུད་རུ་ཏྲ་འཁོར་ཕྱག་བརྙན་དང་བཅས་པ་ཀུན་ཀྱང་ཐུལ་བར་འགྱུར་བའི་ཕྱིར། དེ་ལྟ་བུའི་ལྟ་སྤྱོད་རྨད་དུ་བྱུང་བས་བདུད་དང་རུ་ཏྲ་འཁོར་དང་བཅས་པ་བསྒྲལ་བ་དང་། སྐལ་བ་དང་ལྡན་པའི་གདུལ་བྱ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དུ། ཐབས་མཁས་གསང་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེའི་ཕྲིན་ལས་ཟབ་མོ་དེང་འདིར་རྗེས་སུ་བསྐུལ་བ་ལགས་ན། སྲིད་པ་ཇི་སྲིད་བར་དུ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅིར་ཡང་སྟོན་པར་མཛད་པའི་འབར་བ་ཆེན་པོ་རྡོ་རྗེ་སྐུ་ཡི་གཟི་བྱིན་མཆོག་ཏུ་བསྐྱེད་པ་དང་། གྲགས་སྟོང་གཞོམ་མེད་ནཱ་དའི་སྒྲ་དབྱངས་གང་འདུལ་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྒོ་བསམ་ལས་འདས་པར་སྟོན་པའི་རྡོ་རྗེའི་གསུང་གིས་ཟབ་མོ་སྔགས་ཀྱི་སྒྲ་གདངས་སྒྲོགས་པ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་ཆེན་པོ་སྲོག་དང་ལྡན་པའི་རྡོ་རྗེའི་ཐུགས་མཁྱེན་བརྩེའི་རང་བཞིན་གྱིས་ལྷག་པར་རྗེས་སུ་དགོངས་ནས་བདག་སྒྲུབ་པ་པོ་ལ་ཕྱག་རྒྱ་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་པོ་སླད་མའི་དུས་ལ་མི་ལྟོས་པར་མྱུར་བ་ད་ལྟ་ཉིད་དུ་སྩལ་བར་མཛོད་ཅིག ཅེས་དེ་སྐད་དད་མོས་གདུང་བ་དྲག་པོས་བསྐུལ་ཞིང་གསོལ་བ་བཏབ་པས་དེ་མ་ཐག་པར། སྤྱི་བོའི་བླ་མ་ཧེ་རུ་ཀ་ཉིད་སྐུ་དགྱེས་པའི་གར་དགུར་ཤིག་ཤིག་ཏུ་གཡོས་ཤིང་ཁྱད་པར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མཛད། གསུང་སྔགས་ཀྱི་སྒྲ་ཆེན་པོ་དང་ཁྱད་པར་ཨ་ཧྃ་ལ་སོགས་པ་སྙོམས་འཇུག་བདེ་བའི་སྒྲ་གདངས་ཀུན་དུ་ཁྱབ་པར་སྒྲོག་པ་དང་། ཐུགས་དམིགས་མེད་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་བཞིན་དུ་བཟོད་དུ་མེད་པའི་བདེ་སྟོང་གི་ཡེ་ཤེས་ཆེན་པོར་མཉམ་པར་ཞུགས་ཤིང་། ཆེ་བའི་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་གང་ལ་གང་གིས་འདུལ་བར་དེ་དང་དེར་སྟོན་པའི་རྣམ་འཕྲུལ་ཚད་མེད་པས། ཐུན་མོང་དུ་སྐུ་ཡི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས་དཀར་དམར་མཐིང་བའི་སྔགས་འབྲུ་འོད་ཟེར་དང་བཅས་པ་ཆར་བབས་པ་བཞིན་དུ་བྱུང་ནས་རང་ལྷར་གསལ་བའི་སྒོ་གསུམ་ལ་གཉིས་མེད་དུ་ཐིམ་པས། བདག་དང་བདག་གིར་འཛིན་པའི་རྣམ་རྟོག་གི་རྒྱུད་དང་སྒོ་གསུམ་འཁྲུལ་རྟོག་བག་ཆགས་དང་བཅས་པ་ཀུན་སྦྱངས་ནས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དབྱིངས་སུ་ཡེ་ཤེས་ཆེན་པོར་རོ་གཅིག་ཏུ་གྱུར་པར་མོས་པ་དང་། ཐུན་མོང་མིན་པའི་དབང་དུ་བྱས་ན། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་བླ་མ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་སྤྱན་དྲངས། དེ་ཐམས་ཅད་རྗེས་ཆགས་ཀྱི་སྙོམས་པར་ཞུགས་པ་བདེ་སྟོང་ཟུང་འཇུག་གི་ངོ་བོར་འོད་དུ་ཞུ་བ་བླ་མ་ཡབ་ཡུམ་གྱི་སྤྱི་བོ་ནས་ཞུགས་སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་དཀར་དམར་མཐིང་གསུམ་གྱི་རྣམ་པས་བྱུང་། རང་རྡོ་རྗེ་གཞོན་ནུར་གསལ་བའི་སྤྱི་བོ་ནས་ཞུགས། རིམ་གྱིས་རྩ་འཁོར་ཐམས་ཅད་གང་བས་དབང་བཞི་ཐོབ། སྒྲིབ་བཞི་བྱང་། ལམ་བཞིའི་རྟོགས་པ་མངོན་དུ་གྱུར་ནས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་རང་གི་སྒོ་གསུམ་གཉིས་སུ་མེད་པར་གྱུར་པར་མོས་ལ། རིག་སྟོང་ཀ་དག་བསམ་བརྗོད་དང་བྲལ་བའི་དབྱིངས་སུ་མཉམ་པར་བཞག་ནས། བཟླ་བྱའི་སྔགས་རུ་ལུ་འབྲུ་བརྒྱད་པ་ཉིད་གྲགས་སྟོང་སྐྱེ་མེད་ཀྱི་ངང་དུ་བཟླས་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་མྱུར་དུ་ཞུགས་པ་ཏེ་མཆོག་ཐུན་གྱི་གྲུབ་པ་མཐའ་དག་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་འགྱུར་ཏེ། གཏེར་གཞུང་རྩ་བར། བར་མེད་ཆུ་བོའི་རྒྱུན་བཞིན་དུ༔ བསྙེན་དང་སྒྲུབ་པ་འདི་ཉིད་ལ༔ བདུན་ཕྲག་བདུན་དུ་སུས་བརྩོན་པ༔ ཐུན་མོང་དངོས་གྲུབ་ལྟ་ཅི་སྨོས༔ དཔྱིད་ཀྱི་ས་རློན་དྲོས་པ་ན༔ རྩ་བ་མྱུ་གུ་མེ་ཏོག་སོགས༔ རྩོལ་མེད་ངང་གིས་འབྱུང་བ་བཞིན༔ སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས༔ བདག་དང་ཕུང་པོ་རྣམ་རིག་གི༔ གཟུང་འཛིན་རྟོག་པས་མ་གོས་པ༔ བདེ་བས་ཐབས་བྱས་སྟོང་པ་ཉིད༔ ནམ་མཁའ་གང་བ་འཕེལ་བ་ཡིས༔ རྣམ་པ་ཀུན་ཏུ་ཟུང་འཇུག་པ༔ འཇིག་རྟེན་ཀུན་ན་སྒྲ་ཆེ་བ༔ ནམ་མཁའི་མཐའ་ལ་ལོངས་སྤྱོད་པའི༔ ཡང་དག་ཟླ་མེད་དེ་བཞིན་ཉིད༔ མཆོག་གི་གོ་འཕང་ཚེ་འདི་རུ༔ དཀའ་བ་མེད་པར་མངོན་བགྱིད་པའི༔ ལམ་གྱི་མཆོག་ནི་འདི་ཉིད་དོ༔ ཞེས་གསུངས་སོ། །དེ་ལྟར་བཟླས་པའི་གྲངས་ཀྱི་ཚད་ནི་བདུན་འབུམ་ཁ་སྐོང་བཅས་དང་། དུས་ཀྱི་ཚད་ནི་ཞག་བདུན་ཕྲག་བདུན་དང་། རྟགས་ཀྱི་ཚད་ནི་བྱིན་རླབས་ཀྱི་མཚན་མ་མངོན་སུམ་དུ་མཐོང་བའི་བར་རོ། །གཉིས་པ་ཡི་དམ་ཁྲོ་བོའི་བཟླས་པ་ལ་གཉིས། ཛབ྄་ཁང་དབྱེ་བ་དང་། དངོས་སོ། །དང་པོ་ནི། དབྱེ་གཞི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་སླར་ཡང་གསལ་སྣང་འདོན་སྐྱོར་ཞིག་བྱས་ནས། བསྙེན་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་པའི་རྐྱེན་གྱིས་བདག་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེས་ནས་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་པའོ། །གཉིས་པ་ཛབ྄་དགོངས་དངོས་ནི། བདག་མདུན་རྡོ་རྗེ་གཞོན་ནུ་སོགས་ཏེ། འདི་ལ་གསུམ། སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ཡེ་ཤེས་ཆེན་པོར་དམིགས་པའོ། །དང་པོ་ནི། བདག་དམ་ཚིག་པ་དང་མདུན་གྱི་ཛབ྄་ཁང་གི་ལྷ་རྡོ་རྗེ་གཞོན་ནུར་གསལ་བ་དེ་གཉིས་ཀའི་ཐུགས་ཀར། ཡེ་ཤེས་སེམས་དཔའ་རྡོར་སེམས་ཞི་བ་ཡབ་རྐྱང་གི་རྣམ་པ་ཚོན་གང་བ། སྐུ་མདོག་དཀར་པོ་གསལ་ཞིང་འཚེར་བ་འོད་ཀྱི་རང་བཞིན་ཅན། ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆ་ཅན། ཞབས་གཉིས་ཕྱེད་སྐྱིལ་གྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། དེའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ནང་དབུས་སུ། པདྨ་དང་ཉི་མའི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་གའི་མཐའ་བསྐོར་དུ་མདུན་ནས་བརྩམས་ཏེ། གཡས་བསྐོར་དུ་ཡིག་ངོ་ནང་བསྟན་གྱིས། འབར་བའི་སྔགས་ཀྱི་ཕྲེང་བ་ཀཱི་ལ་ཡ་འབྲུ་དགུས་བསྐོར་བ་བསམ་ལ། གོང་དུ་བསྟན་པ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བརྟན་དག་གསུམ་རྫོགས་པའི་བསྐྱེད་པ་ལྷའི་གཟེར་ལ་དམིགས་པ་རྩེ་གཅིག་པས་མ་ཡེངས་པར་གསལ་སྟོང་འཛིན་མེད་ཀྱི་ངང་དུ་བཟླ་བ་ནི་ཡི་དམ་གྱི་སྐུའི་སྲོག་ལ་དབང་བྱེད་པའི་ཐབས་སོ། །གཉིས་པ་ནི། གོང་གི་གསལ་སྣང་ལ་གནས་བཞིན་པར། སྔགས་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་ལས་འོད་མཐིང་ནག་གམ་ལས་མཐུན་ཉི་མའི་ཟེར་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་དབྱིངས་ཁྱབ་པར་འཕྲོས། སྤྱི་བོའི་རིགས་བདག་བླ་མ་ཧེ་རུ་ཀ་དང་། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་རྣམས་སྨིན་གྱི་སྒྲིབ་པའི་ཚོགས་མ་ལུས་པ་སྦྱངས། ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ། སླར་ཡང་སྔ གས་ཀྱི་འོད་ཟེར་སྐུ་དང་སྔགས་འབྲུ་ཕྱག་མཚན་འབར་བའི་མེ་དཔུང་རྡོ་རྗེའི་ཚྭ་ཚྭ་འཕྲོ་བཞིན་པ་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཐམས་ཅད་ལ་ཁྱབ་པས། དམ་ཅན་སྲུང་མའི་ཚོགས་ལས་ལ་བསྐུལ། སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་ཚར་བཅད། བར་ཆད་བྱད་ཕུར་ཐམས་ཅད་རྡུལ་དུ་བརླག གཞན་ཡང་ཞི་སོགས་ལས་གང་འདོད་ཀྱི་དམིགས་པའི་ཁ་བསྒྱུར་དང་བཅས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་ཞལ་ཕྱག་རྫོགས་པ། སྒྲ་རུ་གྲགས་པ་ཐམས་ཅད་སྙིང་པོ་ཀཱི་ལ་ཡ་ཡི་སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ། སེམས་ཀྱི་འགྱུ་དྲན་གྱི་རྟོག་ཚོགས་ཐམས་ཅད་ཐུགས་འོད་གསལ་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་པར་མོས་ལ་གྲགས་སྟོང་གཞོམ་མེད་ཀྱི་ངང་དུ་བཟླ་བ་ནི་བཟླས་པ་སྔགས་དང་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་གཉིས་ཀྱི་དགོངས་པ་སྟེ་གསུང་གི་སྲོག་དབང་དུ་བྱེད་པའི་གནད་དོ། །གསུམ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་དག་མཉམ་ཆོས་སྐུའི་རང་བཞིན་སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། གང་ཤར་གྱི་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་ལྷའི་སྐུ་གསལ་སྟོང་འཛིན་མེད་དུ་ཤར་བ་མེ་ལོང་ཡེ་ཤེས། སྒྲར་གྲགས་པ་ཐམས་ཅད་གྲགས་སྟོང་གཞོམ་མེད་ནཱ་དའི་སྒྲ་དབྱངས་སྙིང་པོ་སྔགས་ཀྱི་རང་སྒྲར་གྲགས་པ་སོར་རྟོག་ཡེ་ཤེས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་དམིགས་པའི་འཕྲོ་འདུ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པ་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་རང་གི་རིག་པའི་ངང་དུ་དབྱེར་མེད་རོ་གཅིག་པ་མཉམ་ཉིད་ཡེ་ཤེས། རིག་པ་དཔལ་ཆེན་པོའི་ཐུགས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཐིག་ལེ་ཉག་གཅིག་ཏུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཏེ། ཅིར་སྣང་ཡེ་ཤེས་ཆེན་པོའི་དགོངས་པའི་གཟེར་གྱིས་འཁོར་འདས་ཀྱི་ཆོས་ཀུན་གྱི་སྲོག་ལ་དབང་བསྒྱུར་པས་དཔལ་ཆེན་པོའི་ཐུགས་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སྔ་འགྱུར་རིག་འཛིན་བརྒྱུད་པའི་དགོངས་པ་ཟབ་མོའོ། །དེ་ལྟར་ཛབ྄་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་རེ་ཙམ་ཆ་བརྩིས་ཏེ་གསལ་བཏབ་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བཟླ་བར་གསུངས། བཟླ་བྱའི་སྔགས་ནི་ཀཱི་ལ་ཡ་འབྲུ་བཅུ་བཞི་པ་སྟེ་སྔགས་དོན་ནི་གོང་དུ་སྨོས་པ་བཞིན་ནོ། །ཇི་ལྟར་བཟླ་ན་ཧ་ཅང་སྔགས་མྱུར་བ་དང་། བུལ་བ་དང་། སྒྲ་དྲག་པ་དང་། ཞན་པ་དང་། གཉིད་རྨུགས་སོགས་བྱིང་བ་དང་། སེམས་འཕྲོ་རྒོད་སོགས་སྔགས་དང་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ཏེ། ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྔགས་སྒྲ་གསལ་ཞིང་དག་པར་བཟླ་སྟེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པས་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་སྐྱོན་བཅུ་སྤང་བར་བཤད་ཅིང་། ཁྱད་པར་ཐུན་སྒང་སོགས་སུ་སྨྲ་བ་བཅད་པ་དང་ཏིང་འཛིན་གསལ་བ་གལ་ཆེ་སྟེ། དགེ་སློང་སོ་ཁྱ་དེ་བའི་ཞལ་ནས། སྨྲ་བ་ཐམས་ཅད་སྤངས་ནས་སུ། །གསང་སྔགས་སྨྲ་བར་བརྩམ་པར་བྱ། །བདེ་བའི་ལྷ་ཡང་བསྒྲུབ་པས་ན། །སྔགས་ཀྱི་མཐུ་ནི་ཤིན་ཏུ་ཆེ། །ཞེས་དང་། སྨིན་གཏེར་དྲག་དམར་གཏེར་གཞུང་ལས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས། དེས་ན། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་གསུངས་པ་ལྟར་བཟླས་གྲངས་ཙམ་ལ་གཙོ་བོར་མི་བྱ་བར་ལྷ་སྔགས་ཀྱི་དམིགས་པ་ལ་ཡིད་རྩེ་གཅིག་ཏུ་གཏད་པ་གནད་དོ། །ཚད་སྤྱི་དང་མཐུན་པར་གསུངས་པས། དུས་ནི་དགོངས་རྒྱུད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིངས། །ཞེས་པས་རང་གི་ནུས་པ་དང་སྦྱར་ཏེ་ལོའམ་ཟླ་བའི་གྲངས་འདི་ཙམ་ཞེས་ཇི་ལྟར་དམ་བཅས་པ་ལས་མི་འདའ་བ་སྟེ་ཟླ་བ་དྲུག་ལ་སོགས་པའོ། །གྲངས་ནི། སྔ་མ་ལས། བསྙེན་སྒྲུབ་ཆོ་ག་ཚར་བྱས་ནས། །ཛབ྄་གྲངས་བདུན་འབུམ་ཉི་ཁྲི་འདོན། །ཞེས་གསུངས་པས་བདུན་འབུམ་ཉི་ཁྲི་ཡན་ཆོད་དེ། སྤྱི་ལྟར་འབྲུ་འབུམ་ཁ་སྐོང་དང་བཅས་པ་ཉིད་ལེགས་སོ། །མཚན་མའི་བསྙེན་པ་ནི། ནང་གི་ཏིང་ངེ་འཛིན་གྱི་མཚན་མའམ་ཕྱི་རོལ་གྱི་རྟགས་མ་མཐོང་གི་བར་ཏེ། དེ་ཡང་ཆོས་དབང་གཏེར་བྱོན་སྤུ་གྲིའི་གཏེར་གཞུང་ལས། དེ་ལྟར་བསྙེན་པའི་དྲོད་དམ་རྟགས་ཚད་ནི། ཉམས་རྟོགས་འབར་བ། སེམས་རྩེ་གཅིག་པའི་ཏིང་འཛིན་ཐོབ་པ། རྨི་ལམ་དུ་མཆོད་རྟེན་གྱི་རྩེ་དང་། རི་བོའི་རྩེར་འདུག་ཅིང་དར་ཕྱར་བ་ཉི་ཟླའི་སྟེང་ན་འདུག་གམ་ཉི་ཟླ་ལུས་ལ་ཤར་བ་དང་། དངོས་སུ་ལྷ་ཉིད་གྱད་དུ་གྱུར་པ་དང་ཞལ་མཇལ་ལམ་བཞད་པ་དང་། རྨི་ལམ་དུ་རྔ་ཆེན་བརྡུང་བ། དུང་འབུད་པ། འོད་དང་ལྷ་མོས་གཟུགས་སྟོན་པ། འགྲོ་བའི་དེད་དཔོན་བྱེད་པ་རྨི་བ་སོགས་མཚན་མ་བཟང་པོ་རང་ཉམས་ཀྱི་རིག་པ་ཕྱོགས་མེད་དུ་འབྱུང་ངོ་། །ཞེས་གསུངས། དེ་ལྟར་བསྙེན་པ་རྫོགས་ནས་གཞི་སྙིང་གཅིག་དྲིལ་ཡང་བཟླ་བར་གསུངས་པས། བཟླས་དམིགས་བསྙེན་རྐྱང་ཙམ་ལ་གོང་དུ་བསྟན་པས་འཐུས་ཤིང་། ཐུན་མིན་སྨད་ལས་དང་སྦྲེལ་ན། ཕྲིན་ལས་ལ་དམིགས་པ་དྲག་པོའི་བཟླས་པ་བྱེ་བྲག་ཏུ་བྱ་བའི་ཚུལ་སོགས་ནི་ལམ་འདིའི་སྙན་བརྒྱུད་ཀྱི་བཀའ་བབ་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་ཕྲིན་ལས་ཀྱི་རྣམ་འཕྲུལ་མཚུངས་བྲལ་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་བསྩལ་པའི་གཏོར་བཟློག་བདུད་ལས་རྣམ་རྒྱལ་ལས་ཤེས་པར་བྱའོ། །གསུམ་པ་གཉིས་ཀ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་ལས་ཀྱི་སྦྱོར་བ་ལ་བཞི། ཛབ྄་བཟླ་བ། ཚེ་འགུགས་པ། ཚེ་སྦ་ཞིང་རྒྱས་གདབ་པ། ཐུན་མོང་དུ་སྟོང་ཚིག་བྱ་བའོ། །དང་པོ་ནི། བདག་མདུན་དཔལ་ཆེན་སོགས་ཏེ། དེ་ཡང་བདག་མདུན་རྡོ་རྗེ་གཞོན་ནུ་དང་སྤྱི་བོའི་བླ་མ་ཡང་དག་ཧེ་རུ་ཀ་གཉིས་ཀའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ། རང་སྔགས་ཚེའི་རིག་པས་བསྐོར་བ་གསལ་བཏབ། སྔགས་བཟླས་ཤིང་ཐུགས་དམ་བསྐུལ་བའི་ཚེ། དངོས་གཅིག་དུ་མར་འཆར་བའི་ཚུལ་གྱིས་བླ་མ་ཡང་དག་ཧེ་རུ་ཀའི་སྐུ་ལས་ཀ་རཱི་ལ་སོགས་གནས་ཡུལ་གྱི་མ་མོ་རྣམས་དང་། རྡོ་རྗེ་གཞོན་ནུའི་སྐུ་ལས་ཕུར་སྲུང་བཅུ་གཉིས་ལ་སོགས་པ་ཡེ་ཤེས་ཆེན་པོའི་རོལ་པ་ཚད་མེད་པར་འཕྲུལ་བ་ལ་ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་སྤྲུལ་པ་དང་ཡང་སྤྲུལ་འཇིག་རྟེན་གྱི་ཁམས་གང་བར་སྤྲོས་ནས་རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། སྡེ་བརྒྱད་གདུག་པ་ཅན་རྣམས་ཀྱིས་བརྐུས་དང་འཕྲོག་པ། བརྟན་གཡོ་འཁོར་འདས་སྲིད་ཞིའི་ཚེ་ཡི་དྭངས་བཅུད་མ་ལུས་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསྡུས་ཤིང་སྤྱན་དྲངས་ནས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་འཆི་བ་མེད་པ་ཚེ་ཡི་རིག་འཛིན་འགྲུབ་པར་མོས་ལ། སྔགས་ཚན་གཉིས་པོ་ཅི་འགྲུབ་བཟླ་ཞིང་ཚེ་བཅུད་བསྡུ་སྟིམ་གྱི་དམིགས་པ་ཡང་ཡང་བྱའོ། །གནས་སྐབས་འདི་དག་ཏུ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་ཅི་ཡང་མ་གྲུབ་པས་ཅིར་ཡང་འཆར་དུ་རུང་བ་དང་། ཀུན་རྫོབ་རྟེན་འབྱུང་གི་ཆོས་ཉིད་མི་བསླུ་བའི་གནད་ཀྱིས་རྡོ་རྗེའི་ཚེ་ཡི་སྲོག་སྒྲུབ་པར་ནུས་པའི་སྔགས་ཀྱི་ཐབས་མཁས་ཀྱི་ཚུལ་ལ་ཡིད་ཆེས་པ་གལ་ཆེ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། རིག་སྔགས་དང་། སྨན་དང་། འཁྱུད་དཔྱད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་དང་། འཕགས་པ་ཀླུས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཅིར་ཡང་རུང་བ་ཡིན། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། ཐུན་མཐར་གོང་སྨོས་ཀྱི་དམིགས་པ་གསལ་བཞིན་དུ་མདའ་དར་གཡབ་ལ་ཚེ་འགུགས་པ་ནི། ཨོཾ། འཆི་མེད་རྟག་པ་སོགས་ཏེ། དེ་ཡང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་རྒ་ན་འཆི་སོགས་འགྱུར་བཅས་ཀྱི་ཟུག་རྔུ་མཐའ་དག་སྤངས་པའི་རང་བཞིན་འདུས་མ་བྱས་པའི་ཡེ་ཤེས་མངོན་དུ་མཛད་པས་འཆི་མེད་རྡོ་རྗེ་ལྟ་བུར་རྟག་པ་དམ་པའི་སྐུ་བརྙེས་པའི་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་དང་། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་སྔོན་གྱི་ཚེ་སྐྱེ་བ་མང་པོའི་གོང་རོལ་ནས་རྟེན་ཅིང་འབྲེལ་བའི་ཡི་དམ་གྱི་ལྷ་ལགས་པས། དེང་གི་དུས་འདིར་ཡང་རྩེ་གཅིག་ཏུ་བསྙེན་ཅིང་སྒྲུབ་པ་ཟབ་མོ་ལ་བརྩོན་ལགས་ན་རང་དོན་ཉི་ཚེ་ཙམ་གྱི་ཆེད་དུ་མ་ཡིན་པར་ཐེག་ཆེན་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དུས་གསུམ་གྱི་རྒྱལ་བ་རིག་པ་འཛིན་པ་རྣམས་ཀྱི་གདུང་འཚོབ་པར་འདོད་པའི་རིག་འཛིན་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་ལྷག་པའི་ལྷ་མཆོག་ཁྱེད་རྣམས་ཀྱིས་སྔོན་གྱི་ཐུགས་དམ་ཆེན་པོ་རྗེས་སུ་དགོངས་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྤྱི་དང་ཁྱད་པར་སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་ཡི་དངོས་གྲུབ་དམ་པ་དེང་འདིར་སྩོལ་བའི་དུས་ལ་བབས་པས། གནས་ཡུལ་གྱི་མ་མོ་ཕུར་སྲུང་དམ་ཅན་ལྕམ་དྲལ་ལ་སོགས་པའི་སྤྲུལ་པའི་ཕོ་ཉ་མང་པོའི་འདུ་འཕྲོ་ཡིས། བདག་དང་སྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་དགེ་མཚན་ཅི་དང་ཅི་མཆིས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་སྡུད་པའམ་བུང་བས་པདྨའི་ཚལ་ནས་སྦྲང་རྩི་ལེན་པ་བཞིན་ཏུ་ལྷ་སྔགས་རྟེན་འབྲེལ་ཟབ་མོའི་སྦྱོར་བས་གཅིག་ཏུ་བསྡུས་ནས་བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་བསྟིམས་པས། རྒས་པ་མེད་པ་རྡོ་རྗེ་ལྟ་བུའི་ལུས། ནད་མེད་བདེ་བའི་གཟི་བྱིན། འཆི་བ་མེད་པ་རྟག་པའི་ཚེ། གཞོམ་གཞིག་དང་བྲལ་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་མ་ལུས་སྩོལ་བར་མཛོད་ཅིག ཅེས་ཐུགས་དམ་བསྐུལ་ལ་ཚེའི་རིག་པ་བཟླ་ཞིང་ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྣམ་པས་མེར་གྱིས་གང་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ལ། སྤྲོ་ན་ཚེ་རིལ་ཆང་སོགས་ཀྱང་ལོངས་སྤྱོད་པར་བྱའོ། །གསུམ་པ་ནི། ཨཱཿ འཁོར་འདས་དྭངས་བཅུད་སོགས་ཏེ། སྨོས་མ་ཐག་པ་ལྟར་གྱི་འཁོར་འདས་བརྟན་གཡོའི་དྭངས་མས་ལུས་ཀྱི་ནང་ཐམས་ཅད་གང་བའི་སྙིང་པོ་ཚེ་ཡི་བཅུད་མཐའ་དག་གཅིག་ཏུ་འདྲིལ་བ་ཉི་ཟླའི་གའུ་ཁ་ཅུང་ཟད་བྱེ་བའི་བར་ནས་ཡེ་ཤེས་ཀྱི་རླུང་བྱུང་ནས་འུབ་ཀྱིས་བསྡུས་ཏེ་ཐུགས་སྲོག་མི་ཤིགས་པའི་ཐིག་ལེ་ཧཱུྃ་ཡིག་ལ་ཐིམ་པས་བཀྲག་མདངས་དང་གཟི་བརྗིད་འབར་ཉི་ཟླའི་གའུ་ཁ་སྒྲིག་ཞུན་ལུགས་སུ་སོང་བས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་རྟག་པ་དམ་པའི་ཚེ་ལ་དབང་འབྱོར་བར་མོས་ལ་སེམས་འཛིན། མཐར་དེ་ཡང་བརྗོད་བྲལ་ཀ་དག་གི་ཀློང་དུ་ཐིམ་ནས་འཆི་མེད་གཉུག་མའི་ངོ་བོར་རྒྱས་བཏབ་སྟེ་མཉམ་པར་འཇོག་པ་ནི་སྟོང་ཉིད་ཀྱི་གོ་ཆ་ཆོས་ཉིད་ཀྱི་སྲུང་བ་སྟེ་རྒྱས་གདབ་དང་སྲུང་བ་ཀུན་གྱི་མཆོག་བླ་ན་མེད་པ་ཡིན་ཏེ། གསང་འགྲེལ་ལས། ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་། །ཐམས་ཅད་མྱུར་དུ་རྒྱལ་བར་འགྱུར། །ཞེས་དང་། མིང་དང་མཚན་མར་མ་གྲུབ་པའི། །མི་གནས་མ་བྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱིས་བསྲུང་བས་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཞེས་སོ། །བཞི་པ་ནི། རྒྱུད་ལས། བསྙེན་པ་མ་ཐོན་པར་དག་ཏུ། །མ་ཡེངས་ཛབ྄་ནི་ཤིབ་ཤིབ་བཟླས། །བར་བར་བསྟོད་དང་མཆོད་པ་བྱ། །ཞེས་གསང་འགྲེལ་དུ་ལུང་དྲངས་པ་ལྟར། སྤྱིར་སྟོང་ཚིག་ཞེས་པ་བསྙེན་པ་སྟོང་ཕྲག་རེ་སོང་མཚམས་མཆོད་བསྟོད་འབུལ་བ་ཡིན་ཡང་། དེ་ཙམ་མི་ལྕོགས་ན་སྔགས་བཟླས་པའི་ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་གསུམ་གསུམ་བརྗོད་པས་སྔགས་ཀྱི་ནུས་པ་ཉམས་པ་གསོ་ཞིང་བརྟན་པར་བྱས་ནས། སྐབས་འདིར་མཆོད་བསྟོད་བྱ་བ་སྟེ་གོ་དོན་སོགས་ནི་སྔར་བསྟན་ཟིན་ཏོ། །དེ་རྣམས་ཀྱིས་འཁོར་བར་མིང་ཚིག་གི་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་སྒྲ་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་གནས་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་བའོ། །གསུམ་པ་རྗེས་ཆོ་གའི་ཡན་ལག་གཞན་བཤད་པ་ལ་བཞི། ཚོགས་མཆོད་འབུལ་བ། གཏོར་སྐྱོང་བྱ་བ། དངོས་གྲུབ་བླང་བ། དཀྱིལ་འཁོར་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་བྱ་བའོ། །དང་པོ་ནི། སྤྱིར་ཚོགས་ཀྱི་ངོ་བོ་ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཁྱད་པར་ཅན། ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས་བདེ་བ་ཆེན་པོའི་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པའོ། །དབྱེ་ན། སྐལ་ལྡན་མི་ཡི་ཚོགས་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་འདུས་པ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཕྱི་ནང་གསང་བའི་མཆོད་རྫས་དང་ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཅའ་ལྡག་མྱོང་གི་རིགས་དམ་རྫས་སུ་འོས་པ་རྣམས་ཚོགས་པ། དགྱེས་ལྡན་ལྷའི་ཚོགས་སྒྲུབ་རྟེན་གཟུག་ཅིང་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པ་བཀའ་སྡོད་སྲུང་མའི་ཚོགས་བཅས་བསྒོམས་ཤིང་སྤྱན་དྲངས་པ། དེ་གསུམ་འདུས་ནས་མཉམ་པ་ཉིད་ཀྱི་ལྟ་དགོངས་ལ་གནས་པས་ཚུལ་བཞིན་ལོངས་སྤྱོད་པ་ལས་ཐོབ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ་བཞིར། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་གསུངས། ཇི་ལྟར་བྱ་བའི་རིམ་པ་ནི། གཞུར་རྩ་བར། དང་པོ་ཕྱི་ཡི་ཚོགས་འཁོར་ནི༔ ཐབས་ཀྱི་ཤ་དང་ཟན་ཡིན་ཏེ༔ ཤེས་རབ་ཉིད་ནི་མ་དཱ་ཱན༔ ཟུང་འཇུག་ཀུན་ཏུ་རུ་ཉིད་ཀྱིས༔ ཡེ་ཤེས་རྒྱས་པར་སྤེལ་བའི་སླད༔ ཡིད་དུ་འོང་བའི་བུ་མོ་ནི༔ གཟུགས་དང་ལང་ཚོས་བརྒྱན་པ་བཞག༔ ཅེས་སོགས་ཀྱིས་བསྟན་ཏེ། དེ་ཡང་། མཉམ་སྦྱོར་ལས། ཤ་ནི་སྨན་གྱི་མཆོག་ཡིན་ཏེ། །ཆང་ནི་རཱ་ས་ཡཱ་ནར་བཤད། །ཟན་ནི་ཚེ་ཞེས་བྱ་བར་བཤད། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །ཤ་དང་ཆང་དུ་ལྡན་པ་དག །དགའ་བའི་ལོངས་སྤྱོད་སྐལ་བཟང་པོ། །ཚེ་ཡི་དམ་པ་ཡིན་པར་བཤད། །ཅེས་དང་། ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་ནི། །ཐམས་ཅད་ནམ་མཁར་འགྲོ་བ་སྟེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་གསུངས། འོན་ཀྱང་གཏེར་གཞུང་རྩ་བ་དུམ་བུ་ཙམ་ལས་རྫོགས་པར་གཏན་ལ་འབེབས་མ་གནང་བས་ནང་གསང་གི་ཚོགས་དང་ཐབས་ལ མ་གྱི་སྐོར་བཞུགས་པར་སྣང་མོད་ད་ལྟ་དངོས་སུ་མི་བཞུགས་ལ། དེར་མ་ཟད་ལས་རྒྱ་ལ་བརྟེན་པའི་ཚོགས་འཁོར་མཚན་ཉིད་པ་ལ་དངོས་སུ་སྤྱོད་ནུས་པའི་གང་ཟག་ཀྱང་དཀོན་པས་འདིར་ཡེ་རྒྱ་ཙམ་ལ་བརྟེན་པས་དོན་ཚང་ལ། ཤ་ལ་སོགས་པའང་། རྒྱུད་ལས། མཁའ་འགྲོ་ལ་སོགས་སེམས་ཅན་ལྔ། །སྒྲུབ་པའི་རྫས་སུ་གསུངས་པའང་། །སྡིག་པའི་ཉེན་དང་མ་འབྲེལ་བའི། །སྲོག་མེད་ཤ་ཁྲག་མཆོད་སྟོན་བྱ། །ཞེས་གསང་འགྲེལ་དུ་འདྲེན་པར་མཛད་ལ། དེ་བཞིན་དུ་གསང་འདུས་ལས། ཤ་ལ་སོགས་པ་མེད་ནའང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་གསུངས་ཤིང་། བྱང་གཏེར་ལས་ཀྱང་། དུས་མཐའ་མར་སེམས་ཅན་ཤ་ཁྲག་ལ་གཅན་གཟན་ལྟ་བུར་རྔམས། སྲོག་སྲིན་པོ་ལྟར་འཕྲོག ཆོས་བྱེད་དུ་མིང་བཏགས་པ་རྣམས་ཀྱང་། ཤ་ཁྲག་དཔག་མེད་ཟ་བའི་དུས་འོངས། གསང་སྔགས་པ་རྣམས་ཀྱང་གསང་སྔགས་ཀྱི་དམ་རྫས་ཤ་མེད་པར་མི་འོང་ཟེར། ཐ་སྙད་བཏགས་ཏེ་ཤ་ཁྲག་དམར་པོ་སྐྱིལ་ནས་སྲིན་པོའི་ཆ་བྱད་བྱེད། ཤ་ཁྲག་དམར་ལ་བག་མེད་དུ་སྤྱོད་ནས་མཐར་ལས་ཀྱི་ཤ་ཟ་ནག་པོར་སྐྱེ་བར་འགྱུར་རོ། །དེའི་དུས་སུ་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ་ལམ་ལ་གནས་པ་རྣམས་འདི་ལྟ་བུར་གྱིས་ཤིག གསང་སྔགས་དམ་རྫས་ཤ་ལྔ་དང་། བདུད་རྩི་ལྔ་ནི་སྒྲུབ་ཆེན་གྱི་སྨན་ལ་འདུས། ནང་རང་གི་ལུས་ལ་ཚང་བའོ། །བསད་པ་དང་མི་གཙང་བའི་ལག་ནས་བྱུང་བ་ནི་ཉམས་པ་ཡིན་པས་རྫས་སུ་མི་རུང་སྟེ། སོ་སོའི་སྐྱེ་བོས་མཐོང་བའམ་ཚོར་བའི་གནས་སུ་ཤ་ཁྲག་གིས་མ་མོ་མཁའ་འགྲོ་མཆོད་ན། ཡ་ག་ངན་པ་ཕོག་ནས་གསང་བའི་དམ་ཚིག་ཉམས་པར་འགྱུར་རོ། །དེའི་ཕྱིར་ཤ་ཁྲག་དྲི་ཚོར་ཙམ་བྱིན་གྱིས་བརླབས་ཏེ་སྤྱད་དུ་རུང་། མངོན་པར་ཚོལ་བའི་ཤ་ཁྲག་མ་བརྟེན་ཅིག༔ ཅེས་གུ་རུ་བཀའ་དྲིན་ཅན་གྱིས་རྗེས་སུ་འདོམས་པར་མཛད་པ་བཞིན་སྡིག་དང་མ་འདྲེས་པའི་གཙང་མ་ཉིད་སྦྱར་བ་གལ་ཆེ་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་གསུངས། སྤྱིར་ཡང་གཞན་ལ་འཚེ་བའི་བདག་ཉིད་ཅན་གྱི་མཆོད་སྦྱིན་སོགས་ཇི་ལྟར་རྒྱ་ཆེ་ཡང་རྒྱལ་བ་དགྱེས་པའི་ཐབས་སུ་ནི་མི་འགྱུར་ཏེ། མདོ་ལས། གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན་པས་ན། །སེམས་ཅན་དག་ལ་ཕན་ན་དེ་ནི་ཆུང་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འགྱུར་བ་ཡིན། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ཞེས་དང་། སེམས་ཅན་རྣམས་ལ་མཆོག་ཏུ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ཅན་གནོད་བྱེད་དེ་ནི་ང་ལ་ཇི་ལྟར་མོས། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་དག་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅད་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་པའི་ཚུལ་འདི་ལ་ནམ་ཡང་དྲན་པ་ཉེ་བར་བཞག་པར་བྱ་ཞིང་། ཆང་ཡང་དམ་ཚིག་གི་རྫས་སུ་རན་ཙམ་ལས་སྲེད་ཞེན་གྱིས་མྱོས་པར་མི་བཏུང་སྟེ། རྒྱུད་ལས། སྔགས་པ་ཆང་གིས་མྱོས་གྱུར་ན། །ངུ་འབོད་གནས་སུ་འཚེད་པར་འགྱུར། །ཞེས་སོ། །དེ་ལྟར་སྤྱིར་ངེས་པར་བྱས་ནས། བྱེ་བྲག་ཏུ། ཀུན་མཁྱེན་ཆོས་རྗེས། ཉ་དང་གནམ་སྟོང་ཚེས་བརྒྱད་ཉི་ཤུ་དགུ། །ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །ཞེས་གསུངས་པ་ལྟ་བུའི་དུས་གཉན་ཁྱད་པར་དུ་འཕགས་པར། དུར་ཁྲོད་དམ་ཚོགས་ཁང་སོགས་གནས་དབེན་པར། ཁ་ན་མ་ཐོ་བ་མེད་པའི་དམ་ཚིག་གི་རྫས་རྣམས་ཇི་ལྟར་འོས་པ་ཚོགས་པར་བྱས་ནས་ཡེ་རྒྱ་ཙམ་ལ་བརྟེན་པའི་སྒྲུབ་པ་པོ་ཐབས་ཤེས་གྲངས་མཉམ་པ་ཚོགས་ནས་ལས་ཀྱི་གཞུང་བསྲངས་ཏེ་སྐབས་འདིར་ཚོགས་མཆོད་དངོས་བྱ་བ་ལ། ཐོག་མར་བྱིན་གྱིས་བརླབས་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་དང་གསོལ་གདབ་སྔོན་དུ་འགྲོ་བས། རྫས་རྣམས་ལ་ཆུ་ཆང་ནང་གསུམ་གྱིས་བྲན་ལ། རྃ་ཡྃ་ཁྃ༔ ཡེ་ཤེས་རླུང་དང་ཞེས་སོགས་ཏེ། འདི་ལ་རྣལ་འབྱོར་པའི་ཉམས་དང་སྦྱར་ཏེ་སྤྱི་སྦས་ཇི་ལྟར་སྦྱོར་ཀྱང་ཆོག་མོད། སྐབས་འདིར་ཐུན་མོང་ཙམ་དུ། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྣོད་བཅུད་ཀྱི་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱང་། སྟོང་པའི་ངང་ལས་སྣོད་རང་བྱུང་བྷནྫ་འབར་བའི་ནང་དུ་བཅུད་བྱང་ཆུབ་སེམས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དུ་ཡེ་ནས་དག་མཉམ་ཆེན་པོར་གནས་པའི་དགོངས་པས། གཙང་དམེ་གཉིས་འཛིན་གྱི་ཀུན་རྟོག་དང་བླང་དོར་སྤངས་ཏེ་འཕེལ་འགྲིབ་དང་བྲལ་བའི་རྡོ་རྗེའི་དམ་ཚིག་ཆེན་པོར་ལྷུན་གྱིས་གྲུབ་པའི་ཚུལ་དུ་བྱིན་གྱིས་བརླབས་པའོ། །དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི། བདུད་རྩི་ལྔ་ཡི་སྤོས་བསྲེག་ཅིང་། ཅང་ཏེའུ་ལ་སོགས་རོལ་མོའི་སྒྲ་དང་བཅས། ཧཱུྃ་ཧཱུྃ། པདྨར་རྡོ་རྗེ་སོགས་ཏེ། རང་ཉིད་རྩ་བའི་ལྷ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་མཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་དང་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བཀའ་སྡོད་སྤྲུལ་པ་དང་བཅས་པ་རབ་འབྱམས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་སྤྱན་དྲངས་པར་མོས་པའོ། །མཆོད་པ་དངོས་ལ་ཧེ་རུ་ཀ་གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབས། །ཞེས་པས་མཆོད་བཤགས་སྟོབས་གསུམ་སྟེ། ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་འདོད་ཡོན་དུ་དམིགས་ཏེ་མཆོད་པ་ནི། ཧཱུྃ། བྱང་ཆུབ་སེམས་ནི་སོགས་ཏེ། ལྷག་པའི་བདེན་པ་དབྱེར་མེད་བྱང་ཆུབ་སེམས་ཀྱི་བཀོད་པ་བླ་ན་མེད་པའི་མཆོད་ཚོགས་སུ་ལྷུན་གྱིས་གྲུབ་པ་ནི། ཕྱི་ལྟར་ན་དབང་པོའི་ཡུལ་དུ་སྣང་བའི་ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི་ཁམས་རྣམས་གཟུགས་རྡོ་རྗེ་མ་ནས་ཆོས་རྡོ་རྗེ་མའི་བར་གྱི་འདོད་ཡོན་གྱི་ལྷ་མོའི་རོལ་བར་རང་ཤར་བ་དང་། ནང་ཡབ་ཡུམ་སྙོམས་པར་ཞུགས་པ་ན། ཕན་ཚུན་དགྱེས་པས་ལྟ་བ་གཟུགས་དང་། སྦྱོར་བ་ཧ་སིའི་སྒྲ་དང་། བདེ་བས་ཚིམ་པའི་དྲི་དང་། ཞུ་བདེ་མྱོང་བའི་རོ་དང་། མཁའ་གསང་དང་ཁམས་དཀར་དམར་རྣམས་ཕན་ཚུན་རེག་པའི་རེག་བྱ་དང་། དེས་ཕྱི་ནང་གི་ཆོས་ཐམས་ཅད་བདེ་སྟོང་དུ་འཆར་བའི་ཆོས་ཀྱི་མཆོད་པ་རྣམས་དང་། གསང་བ་དེ་ལྟར་རོལ་བ་ལས་བྱུང་བའི་དགའ་བ་བཅུ་དྲུག་གི་བདེ་བ་ཆེན་པོའི་རོས་རང་བྱུང་གདོད་ནས་གྲུབ་པའི་ལུས་དཀྱིལ་གྱི་ལྷ་རྣམས་མཉེས་པར་བྱེད་པ་དང་། ཡང་གསང་དེ་ཁོ་ན་ཉིད་ཡུལ་ཡུལ་ཅན་མཆོད་བྱ་མཆོད་བྱེད་སོགས་གཉིས་ཆོས་ཀྱི་སྤྲོས་པ་མཐའ་དག་གཉིས་མེད་མཉམ་པ་ཆེན་པོའི་ཀློང་དུ་རོ་གཅིག་པའི་ཟུང་འཇུག་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཟབ་མོའི་ངང་དུ་མཆོད་པའོ། །བར་བ་བཤགས་པ་ནི། ཆ་གཉིས་པ་བདུད་རྩི་ལྟར་དམིགས་ཏེ་ཕུལ་ལ། ཧོ༔ རྩ་བ་ཡན་ལག་སོགས་ཏེ། དེ་ཡང་། ཀུན་འདུས་ལས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །ཞེ་གསུངས་པས། ཐུན་མོང་སྤྱི་ཡི་དམ་ཚིག་ནི་བདེ་འདུས་ཞི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །ཁྱད་པར་གྱི་དམ་ཚིག་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། དང་པོ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་སྟེ། བླ་མ་མཆེད་ལ་བཀུར་བ་སྐུ། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་གསུང་། བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་གསང་བཅུ་མི་བསྟན་པ་ཐུགས་ཀྱི་དམ་ཚིག་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་དང་། དེ་དག་གི་ནང་ཚན་དབྱེ་ན། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ནི་ལྔ་ཚན་ལྔ་སྟེ། འདུས་མདོ་ལས། སྤྱད་དང་མི་སྤང་དང་དུ་བླང་། །ཤེས་དང་བསྒྲུབ་བྱ་རྩ་ལྔར་བསྲུང་། །ཞེས་པས། སྤྱད་བྱ་ལྔ་ནི། སྲོག་གཅོད་མ་བྱིན་ལེན་མི་ཚང་སྤྱོད་རྫུན་དང་བརླང་ཚིག་སྨྲ་བ་རྣམས་ཞིང་བཅུ་སྒྲོལ་བ་སོགས་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་བ་དང་། སྦས་དོན་དུ། གཟུང་འཛིན་གྱི་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པ། བཙུན་མོའི་ཤུ་དྲ་མ་བྱིན་པར་ལེན་པ། ཞུ་བདེའི་ཡེ་ཤེས་སྒྲུབ་པ་འདོད་སྤྱོད། འཁོར་བ་མེད་སྣང་ལས་སྒྲོལ་བའི་རྫུན་ཚིག བརྗོད་མེད་ཀྱི་དོན་རྟོགས་པས་གབ་སྦས་མེད་པར་སྨྲ་བའི་བརླང་ཚིག་རྣམས་སོ། །མི་སྤང་བ་ལྔ་ནི་དུག་ལྔ་ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་བས་མི་སྤང་ཞིང་། སྦས་དོན་གཉིས་མེད་ཀྱི་ལྟ་སྤྱོད་ལ་འབྱེད་པ་མེད་པའི་གཏི་མུག དམིགས་མེད་ཀྱི་སྙིང་རྗེ་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་གྱི་ལྟ་བ་རྟོགས་པའི་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་སོ། །དང་དུ་བླང་བ་ལྔ་ནི། བྱང་སེམས། རཀྟ། དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ་རྣམས་གཙང་དམེའི་ཞེན་རྟོག་སྦྱང་ཕྱིར་དང་དུ་བླང་བྱ་ཡིན་ལ། སྦས་དོན་ཕུང་ལྔའི་དྭངས་མ་འཛག་མེད་དུ་བཅིང་བའོ། །ཤེས་བྱ་ལྔ་ནི། ཕུང་ཁམས་རྣམ་ཤེས་དང་བཅས་པ་སྐུ་ལྔ་ཡེ་ཤེས་ལྔར་ཤེས་རབ་ཀྱིས་གཏན་ལ་འབེབས་པའོ། །བསྒྲུབ་པར་བྱ་བ་ལྔ་ནི། ཤེས་བྱའི་དམ་ཚིག་ལྔ་པོ་དེ་རྟོགས་གོམས་ཀྱིས་སྒྲུབ་པར་བྱེད་པ་རྣམས་སོ། །ལྷག་པའི་དམ་ཚིག་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པ་གཞིར་བཞག་ནས། དེའི་སྟེང་དུ་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བྱ་ལྷག་པར་སྟོན་པ་སྟེ། གཅན་གཟན་རྒྱལ་པོའི་ཁྲི་མི་བཤིག་པ་སོགས་བརྡའི་སྒོ་ནས་བསྟན་པ་ཉི་ཤུའོ། །དེ་ལྟར་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་ཡན་ལག་དང་བཅས་པ་སྤྱིའི་དམ་ཚིག་ལས་ཉམས་པ་དང་། རང་ལུས་ཐབས་ལྡན་དང་གཞན་ལུས་ཕོ་ཉའི་ལམ་གང་རུང་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་ལམ་དུ་མ་བསླངས་པ་སོགས་ནང་གི་ཉམས་ཆག་དང་འགལ་འཁྲུལ་གྱི་ནོངས་པ་ཅི་མཆིས་པ་ཐམས་ཅད་ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་པས་བྱང་ཞིང་དག་པ་དང་། གསང་བ་གསང་མཆོག་རྒྱལ་པོའི་དམ་ཚིག་བཞི་ལས། ཀ་དག་ཁྲེགས་ཆོད་ཀྱི་དམ་ཚིག་མེད་པ་དང་ཕྱལ་བ་གཉིས་ནི། འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣོད་བཅུད་ཕྱི་ནང་གི་ཆོས་ཐམས་ཅད་གཞི་མེད་པར་རྟོགས་པས་དགག་སྒྲུབ་ཀྱི་མཚན་མ་རང་སར་གྲོལ་བ་དང་། ཡུལ་དབང་ཤེས་གསུམ་གྱིས་བསྡུས་པའི་རྟོགས་ཚོགས་ཀྱི་ཆོས་ལ་བླང་དོར་དང་འཛིན་ཞེན་མེད་པར་ཆོས་ཉིད་བྱ་བ་དང་བྲལ་བའི་ངང་དུ་ཕྱལ་བར་བཞག་པའོ། །ལྷུན་གྲུབ་ཐོད་རྒལ་གྱི་དམ་ཚིག་ལྷུན་གྲུབ་དང་གཅིག་པུ་གཉིས་ནི། རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་སྣང་བ་དང་བཅས་པ་རྩོལ་བྲལ་ལྷུན་གྱིས་གྲུབ་པར་རྟོགས་པ་དང་། འཁོར་འདས་ཀྱི་ཆོས་སོ་ཅོག་རྩ་བ་རིག་པའི་ཡེ་ཤེས་གཅིག་པུའི་ངང་ལས་བྱུང་། ངང་ལ་གནས། ངང་དུ་གྲོལ་བ་ལས་གཞན་མེད་པར་ཐག་བཅད་པའོ། །དེ་བཞིའི་ངང་ལས་མི་འདའ་བ་ནི་དམ་ཚིག་སྟེ་དེའི་ངང་ལ་མཉམ་པར་བཞག་པས་འགལ་ཉམས་འདས་རལ་སོགས་ཉེས་པའི་སྐྱོན་ཐམས་ཅད་ཡེ་ནས་མ་བྱུང་མ་སྐྱེས་པར་རྟོགས་པས་ངོ་བོ་བཤགས་བྱ་བཤགས་བྱེད་དང་བྲལ་བས་ཀུན་ནས་ཀུན་ཏུ་མི་ཕྱེད་པའི་རྡོ་རྗེའི་དམ་ཚིག་ཆེན་པོ་རྣམ་པར་དག་པར་གྱུར་ཅིག་པར་སྨོན་པའོ། །ཐ་མར་བསྒྲལ་སྟོ བ་ནི། སྒྱུ་འཕྲུལ་དྲྭ་བ་ལས། ཐོག་མར་བདག་ཉིད་རྟོག་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་གསུངས་པ་ལྟར་མཉམ་པ་ཉིད་ཀྱི་དགོངས་སྤྱོད་རྒྱ་མཚོ་གདེང་དུ་གྱུར་པས་རྟོགས་པས་བདག་བསྒྲལ་ཟིན་པའི་གང་ཟག་ཁྱད་པར་ཅན་གྱིས་ཐུགས་རྗེས་གཞན་སྒྲོལ་བ་ལ། ཀུན་སློང་བདག་མེད་རྟོགས་པའི་ལྟ་བ་དང་ཚད་མེད་པའི་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རང་རྩལ་རྣམ་པ་ཞེ་སྡང་ལྟར་སྣང་བས། གང་ལ་བྱ་བའི་ཡུལ་གདུལ་བྱ་མ་རུངས་པ་ཞི་བས་མི་ཐུལ་བའི་རིགས་ཅན་སྤྱི་དང་བྱེ་བྲག་གཞུང་འདིར་དམིགས་སུ་བསྟན་པ་བསྟན་དང་འགྲོ་ལ་འཚེ་བའི་དགྲ་བགེགས་ཀླ་ཀློ་སོགས་གཟུགས་ཅན་གྱི་མི་དང་། ཐེ་ཚོམ་རྟོག་པའི་བྱུར་འདྲེ་གཟུགས་མེད་བགེགས་རིགས། སྒོ་གསུམ་ལ་གཟུང་འཛིན་གྱི་མངོན་པར་ཞེན་པའི་བདུད་རུ་ཏྲ་ནག་པོ་འཁོར་ཕྱག་བརྙན་དང་བཅས་པ་རྣམས། ཐབས་ཆེན་སྔགས་ཀྱི་ལྟ་སྤྱོད་ཟབ་མོས་རྣམ་སྨིན་ལས་ཉོན་གྱི་སྐྱེ་རྒྱུན་བཅད་ནས། རྣམ་ཤེས་བདེ་བ་ཆེན་པོར་སྦྱར་བས། གནས་སྐབས་སུ་བར་ཆད་ཞི་ཞིང་བསྟན་འགྲོའི་དོན་འགྲུབ། མཐར་ཐུག་ཚོགས་གཉིས་རྫོགས་ནས་རྣམ་མཁྱེན་གྱི་ཉེ་རྒྱུ་བླ་ན་མེད་པར་འགྱུར་ཏེ། དུད་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ལས། སྙིང་ནས་སློབ་དཔོན་དམོད་པ་དང་། །སངས་རྒྱས་བསྟན་ལ་གནོད་པ་དང་། །ཐེག་པ་ཆེན་པོར་དམོད་པ་དང་། །སེམས་ཅན་ཡོངས་ལ་གནོད་བྱེད་དང་། །རྣལ་འབྱོར་སྤྱི་དགྲར་གྱུར་པ་ནི། །མྱུར་དུ་བསྒྲིམས་ཏེ་མ་བསྒྲལ་ན། །རྡོ་རྗེའི་དམ་ཚིག་ཉམས་པས་ན། །བསྒྲིམས་ཏེ་ཤུགས་ཀྱིས་བསྒྲལ་བར་བྱའོ། །དམ་ཚིག་འདི་ནི་རྨད་པོ་ཆེ། །སངས་རྒྱས་འགྲུབ་པའི་རྒྱུ་དང་གཞི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དམ་ཚིག་གནས་རྣམས་མི་གཏོང་བར། །ལེགས་པའི་ཡོན་ཏན་བརྗོད་མི་ལང་། །སངས་རྒྱས་རྨི་དང་འདྲ་བས་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་བས་ནན་ཏན་བསྐྱེད་དེ་སྲུངས། །ཞེས་དང་། སྒེག་རྡོར་གྱི་དམ་ཚིག་གསལ་བཀྲ་ལས། ལྟ་སྤྱོད་ཏིང་འཛིན་འབྲེལ་བསྒོམས་པས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣམ་འབྱོར་ཀུན་གྱི་དང་དུ་བླངས། །གྲངས་ནི་རྩ་བ་བཅུ་གཉིས་སོ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་དུ་བསྒྲལ་བར་བྱ། །སྔགས་དང་ཕྱག་རྒྱས་བག་ཆགས་སྦྱངས། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་རླབས་མཆོད་པར་བསྔོ། །བསོད་ནམས་ཚོགས་སུ་འདི་འགྱུར་རོ། །དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། །བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་ལ་དམ་བསྐོང་ཞིང་། །ལས་ངན་བག་ཆགས་སྡུག་ཡུན་བསྟུངས། །རང་གིས་བསགས་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་གསུངས། ཐབས་ཤེས་དེ་ལྟ་བུས་ཟིན་ན་ཉེས་པས་གོས་པར་མི་འགྱུར་ཏེ། །གསང་སྙིང་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པ་ལས། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་བའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་གསུངས་སོ། །དེ་ལྟར་ངེས་པར་བྱས་ནས། སྐབས་འདིར་དགྲ་བགེགས་ཀྱི་ལིངྒ་ཟུར་དུ་བཅས་པའམ་བྱིན་རླབས་མ་གྲུབ་པའི་སྔོན་དུ་ཚོགས་ཟན་ལས་ཟུར་དུ་བཅད་པ་ཡོད་ན་དེ་དང་། མེད་ན་ཧཱུྃ་ཞེས་བརྗོད་པས། ཚོགས་ཕུད་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གི་རྣམ་པས་རང་ལ་བསྡུས་ནས། རང་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཡེ་ཤེས་ཀྱི་རོལ་པ་ལས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་ལ་སོགས་པ་ཐོགས་པའི་ལས་བྱེད་ཀྱི་དམག་ཚོགས་སྐར་མདའ་འཁྲུགས་པ་བཞིན་ཐོགས་མེད་དུ་འཕྲོས། བདུད་དང་ལོག་པར་འདྲེན་པ་ཐམས་ཅད་རང་དབང་མེད་པར་བཀུག གཟུགས་རྟེན་ལ་དབྱེར་མེད་དུ་བསྟིམ་པའི་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས། ན་མོ། དཀོན་མཆོག་གསུམ་ལ་སོགས། སྔགས་དང་ཕྱག་རྒྱས་དགུག་གཞུག་{བཞུགས}བཅིངས་ཏེ་མྱོས་པར་བྱས་ལ། དེ་ནས་ཐལ་མོའི་བར་དུ་ཕུར་པ་བཟུང་སྟེ། རང་གི་ལག་སོར་རིགས་ལྔ་ཡབ་ཡུམ་ཏུ་གསལ་བ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་ཕུར་བུ་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་ཞལ་གསུམ་ཕྱག་དྲུག་པ། སྐུ་སྨད་ཆུ་སྲིན་གྱི་ཁ་ནས་ཐོན་པའི་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུར་བསྐྱེད་པ་དམིགས་བྱའི་སྙིང་གར་བཏབ་པས། ཁོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་བཀྲག་དང་གཟི་མདངས་སྟོབས་ནུས་ཐམས་ཅད་ཨ་དཀར་པོའམ་ཐིག་ལེའི་རྣམ་པས་བསྡུས་ནས་རང་ལ་བསྟིམ། རང་གི་ཚེ་སྲོག་དང་གཉིས་སུ་མེད་པར་བྱས་པས་ཞི་བ་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པར་བསམ་པ་ཚེ་ལུང་དང་། ཁོའི་ཀུན་གཞིའི་བག་ཆགས་ཀྱི་རྟེན་ནྲི་ཡིག་གི་རྣམ་པ་ཅན་དེ་ཉིད་ཕུར་རྩེའི་ཧཱུྃ་གིས་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་བླངས་ནས་ཕུར་བུའི་ཁོང་གསེང་བརྒྱུད། རྒྱ་མདུད་ཀྱི་རྩེར་ཐོན་པས་གློ་བུར་གྱི་དྲི་མ་མ་ལུས་པ་སྦྱངས། རྣམ་ཤེས་ཀྱི་དྭངས་མ་ཧཱུྃ་ཡིག་གི་རྣམ་པར་གྱུར་པ། ཕཊ་ཅེས་བརྗོད་པས་དེ་ཉིད་སྐར་མདའ་འཕངས་པ་ལྟར་འོག་མིན་གྱི་ཞིང་དུ་སོང་། དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་སྟེ། ཐབས་ཞགས་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །གཙོ་བོ་དང་ནི་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེས་གསུངས། དེ་ལྟ་བུའི་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས། ཧཱུྃ་བྷྱོཿ བསྟན་དང་འགྲོ་ལ་སོགས་ཀྱིས་ཕུར་བུས་གདབ་སྟེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་རྗེས། རྣམ་སྣང་སྒྱུ་དྲྭ་ལས། མཁས་པས་རྐང་པ་ནས་བརྩམས་ཏེ། །མཚོན་ཆ་རྣོན་པོས་བཅད་ནས་ནི། །ཞེས་དང་། རྔམ་གློག་ལས། ཕོ་ནི་རྐང་པ་གཡས་ནས་གཏུབ། །མོ་ནི་རྐང་པ་གཡོན་ནས་གཏུབ། །ཞེས་པས། རིམ་པ་ལྟར་མཚོན་ཆས་གཏུབས་ཅིང་ཐོ་བས་བརྡུང་སྟེ་ཕུང་པོ་དུར་ཁྲོད་དུ་བསྒྲལ་བར་བྱའོ། །དེ་ནས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་རྣམས་ངོ་བོ་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་སྦར་ཏེ་ཕུལ་བས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་གནམ་ས་ཙམ་དུ་གདངས་ནས། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་གྱུར་པ་དང་། །འདོད་པར་གྱུར་པས་ཉམས་པ་བདུན། །བསྒྲལ་བའི་དམིགས་ཀྱི་དམ་པར་བཤད། །ཅེས་རྒྱུད་ལས་བསྒྲལ་ཞིང་དམིགས་སུ་བསྟན་པའི་ཉམས་པ་བདུན་ལྡན་དགྲ་བགེགས་དམ་སྲིའི་ཚོགས་རྣམས་དགྱེས་པའི་སྐན་སྒྲ་དང་བཅས་ཏེ་ལྷག་མེད་དུ་གསོལ་བས་ཡེ་ཤེས་ཆེན་པོའི་གཟི་བྱིན་མཆོག་ཏུ་བསྐྱེད་པར་མོས་ལ། བྷྱོཿ གནམ་ས་ཙམ་གྱི་སོགས་ཀྱིས་དབུལ་ལ། ཟུང་འཇུག་བདེ་བ་ཆེན་བོའི་རྩལ་དང་བཅས་པའི་དབྱིངས་རིགས་གཉིས་སུ་མེད་པའི་ངང་དུ་གཟུང་འཛིན་མཚན་མའི་རྟོག་ཚོགས་སྒྲོལ་བ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པར་མཛོད་ཅིག་ཅེས་ཕྲིན་ལས་གསོལ་ལོ། །དེ་ནས་ཚོགས་ལ་རོལ་བ་ནི། ལས་ཀྱི་རྡོ་རྗེས་འདུས་པའི་གཙོ་བོ་ལ་ཕྱག་བྱས་ནས་ཐབས་ཤེས་ཀྱི་རྫས་རྣམས་བརྡ་དང་བརྡ་ཡི་འབུལ་ལེན་བྱས་རྗེས་འདུས་པ་གཞན་རྣམས་ལའང་རྒན་གཞོན་གྱི་རིམ་པ་བཞིན་བྲིམས་ལ། ཚོགས་གྲལ་དུ་རྩོད་པ་དང་། ཀུ་ཅོ་དང་། ཐ་མལ་གྱི་སྣང་བའི་བདེན་ཞེན་སོགས་སྤངས་ཏེ། ཚིམ་པ་དང་། དགའ་བ་དང་། འཛིན་ཞེན་མེད་པའི་སྒོ་ནས། རང་ལུས་ཀྱི་རྩ་ཁམས་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པ་རྣམས་ནང་གི་བསྲེག་བླུགས་ཀྱིས་མཉེས་པར་བསམས་ལ་ལོངས་སྤྱོད་དོ། །དེ་ནས་རྡོ་རྗེའི་གླུ་དང་གར་དང་བདེ་སྟོང་སྦྱོར་བའི་མཆོད་པ་ལ་སོགས་པ་ཉམས་དང་སྦྱར་ལ་ཅི་རིགས་པར་བྱ་སྟེ་མདོར་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཡོངས་སུ་རྫོགས་པར་བྱ་བ་ཡིན་ནོ། །དེ་ནས་ལྷག་མ་སྦྱིན་པ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ། ལས་ཀྱི་རྡོ་རྗེས་ཕྱག་བྱས་ནས་བྱིན་གྱིས་རློབས་པར་བསྐུལ། སློབ་དཔོན་གྱིས་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་ཀྱི་བདུད་རྩི་ཕབ་པར་བསམས་ལ། མཁའ་དབྱིངས་ཀྱི་རྒྱས་ཁ་བཀབ་ནས། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ཛ་གད་ཀྱི་ཁ་ཕྲུ་བཏབ་པས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་སྤེལ་ཏེ་དཀྱིལ་འཁོར་གྱི་བྱང་ཤར་རམ་ཤར་ལྷོར། ཞིང་ལྤགས་ལ་དྲི་དང་རཀྟས་ཆོས་འབྱུང་ཟླ་གམ་གསུམ་དང་བཅས་པ་བྲིས་པའི་སྟེང་དུ་བཀོད་ཅིང་མར་མེ་བཙུགས་ལ། ཨ་ར་ལའི་སྔགས་དང་འབར་བའི་ཕྱག་རྒྱས་ལྷག་བསྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་སྤྲིན་གཏིབས་པ་བཞིན་བྱོན་པར་མོས་ལ། མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ་བྷྱོཿ གནས་དང་ཡུལ་དང་སོགས་ཏེ་གནས་ནི། ཧེ་རུ་ཀ་གལ་པོ་ལས། ཧེ་རུ་ཀ་ཡི་གནས་བཅུ་ནི། །གནས་དང་ཉེ་བའི་གནས་གཉིས་དང་། །ཡུལ་ནི་རོལ་བ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་བ་ཉེ་བའི་འདུ་བ་དང་། །ཚནྡྷོ་ཉེ་བའི་ཚནྡྷོ་ཡིན། །ཞེས་གསུངས། ཡུལ་ནི་དེའི་བྱེ་བྲག་སྟེ། པུལླི་ར་དང་། ཛ་ལནྡྷ་ར། ཨུ་རྒྱན་སོགས་ཉེར་བཞི་སྟེ། གཞན་ཡང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་ཞིང་རྣམས་སྐྱོང་བའི་མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། དབང་ཕྱུག་ཉི་ཤུ་རྩ་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས་ཏེ། ཇི་སྐད་དུ། ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་སྦྲོན་ལ་སྩོལ། །ཞེས་པ་ལྟར་གིང་ལང་ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་གྱི་རིགས་ལྷག་མའི་དམ་ཚིག་ལ་གཏོགས་པ་ཀུན་ལ་འབུལ་ཞིང་རྣལ་འབྱོར་པའི་ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་རྩ་རླུང་ཐིག་ལེའི་ཁམས་རྣམས་ཡེ་ཤེས་ཆེན་པོར་སྨིན་པའི་གྲོགས་བཅོལ་ལ། སྒྲུབ་ཁང་ནས་ཕྱི་རོལ་དུ་གོམས་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ། །དེ་ནས་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་དཀྱིལ་འཁོར་གྱི་མཐའ་ནས་བསྐོར་ཏེ་གདུང་བ་རྩེ་གཅིག་པ། ཧོ༔ ཆོས་དབྱིངས་རྣམ་པར་དག་པའི་སོགས་ཏེ། དེ་ཡང་མཎྜལ་ནི་སྙིང་པོའམ་བཅུད་དང་། ལ་ནི་ལེན་ཅིང་འཛིན་པ་སྟེ་སྙིང་པོའི་ཡོན་ཏན་འཛིན་པའི་གཞིར་གྱུར་པས་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་ནས་རྣམ་པར་དག་པ་གནས་ལུགས་གཞི་ཡི་དཀྱིལ་འཁོར་དང་། གློ་བུར་གྱི་དྲི་མ་བྲལ་ནས་གཞི་ཇི་བཞིན་པ་མངོན་དུ་གྱུར་པ་མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་རོ། །དེ་གཉིས་དོན་ལ་དབྱེར་མེད་སྣོད་བཅུད་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གདོད་ནས་དག་མཉམ་ཆེན་པོར་གནས་པ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། རྒྱུད་གསང་སྙིང་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྦྱོང་། །ཞེས་སོ། །དེ་ལྟར་རྟོགས་ཤིང་གོམས་པ་ནི་ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་ཏེ། དེར་བཅུག་ཅིང་སྨིན་གྲོལ་ཟབ་མོའི་ལམ་གྱིས་འབྲེལ་བའི་རྡོ་རྗེ་སློབ་དཔོན་མཆོག་ནི་ཡུལ་ཆེས་གཉན་པ་སྟེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ནི་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་རྣམ་པར་སྤོང་། །ཞེས་སོ། །དེས་ན་དཔྲལ་བའི་མིག་དང་ཁོང་པའི་སྙིང་ལྟར་རྟག་ཏུ་བསྟེན་པར་བྱ་བ་ཡིན་ལ། དེ་བཞིན་དུ་རྡོ་རྗེའི་གཟུངས་མ་དང་། དམ་ཚིག་གི་སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་རྣམས་ཀྱང་། དུས་འདི་ནས་བཟུང་ཏེ་ནམ་བྱང་ཆུབ་སྙིང་པོར་ཚོམ་བུ་གཅིག་ཏུ་མ་གྲོལ་བར་དེ་སྲིད་དུ་ནམ་ཡང་མི་འབྲལ་བར་གདུང་སེམས་རྩེ་གཅིག་པས་འགྲོགས་ཤིང་། ཚེ་རབས་ཀུན་ཏུ་ངན་འགྲོ་ལོག་པར་ལྟུང་བ་དང་མི་ཁོམ་སོགས་ཀྱི་སྒྲ་ཙམ་ཡང་མི་གྲགས་ཤིང་། གང་དང་གང་དུ་སྐྱེས་པ་དེར། སྤྱིར་ཐེག་པ་ཆེན་པོ་དང་སྒོས་རྡོ་རྗེ་ཐེག་པ་ལ་སྤྱོད་པའི་རིགས་སུ་སྐྱེ་བ་དང་། རྟེན་དེར་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ལས། སད་རྨི་གཉིད་དང་སྙོམས་འཇུག་གི་སྒྲིབ་པ་བཞི་སྦྱང་ཞིང་རང་གནས་སྐུ་བཞིར་སྨིན་བྱེད་བུམ་གསང་ཤེས་རབ་ཡེ་ཤེས་དང་དབང་བཞི་པ་ཚིག་དབང་རིན་པོ་ཆེས་ཡོངས་སུ་སྨིན་པའི་སྐལ་བ་མཆོག་དང་ལྡན་པར་གྱུར་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་། བྱེ་བྲག་ཏུ་སྣོད་བཅུད་ལྷར་ལྟ་བ། སྒྲ་གྲགས་སྔགས་སུ་ཤེས་པ། དྲན་རྟོག་བདེ་བ་ཆེན་པོར་སྡོམ་པ། ཅིར་སྣང་ཆོས་ཉིད་དུ་ཁྱེར་བ་སོགས་དབང་བཞི་སོ་སོའི་དམ་ཚིག་དང་སྡོམ་པ་རྣམས་རྣམ་པར་དག་པ་དང་། བུམ་དབང་གི་ལམ་ཁྱེར་སྐུ་རྡོ་རྗེ་བསྐྱེད་པའི་རིམ་པས་ཐ་མལ་གྱི་སྣང་ཞེན་དག་ནས་ལུས་ལྷ་སྐུར་གྲོལ་བ་དང་། གསང་ཤེར་གྱི་ལམ་བདག་བྱིན་གྱིས་བརླབ་པ་དང་། གཞན་ལུས་ཕོ་ཉའི་ལམ་ལ་བརྟེན་པའི་རྫོགས་པའི་རིམ་པས་རྩ་རླུང་ཐིག་ལེའི་ཁམས་རྣམས་དབུ་མར་དག་ནས་ངག་གསུང་རྡོ་རྗེར་རྫོགས་པ་དང་། བཞི་པའི་ལམ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ལ་བརྟེན་ནས་ཡིད་ཡེ་ཤེས་ཆེན་པོར་སྨིན་ནས་སྤངས་ཐོབ་དང་བྲལ་བའི་འབྲས་བུ་གཞི་ལ་རྫོགས་ཏེ། མཐར་ཐུག་གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྒྱལ་ཐབས་ཆེན་པོ་ལ་ལོངས་སྤྱོད་པར་ཤོག་ཅིག་ཅེས་སྨོན་པའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །གེགས་དང་བར་ཆད་ཞི་བ་དང་། །ཕྱི་མར་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་གཏོར་སྐྱོང་བྱ་བ་ལ། སྤྱིར་གཏོར་མའི་ངོ་བོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ་ཆོས་ཉིད་སྟོང་པའི་རྩལ་ཆོས་ཅན་གཏོར་མར་ཤར་བའོ། །ངེས་ཚིག་ནི། འཛིན་པ་མེད་པས་གཏོར། ཀུན་ལ་ཁྱབ་པས་མ་སྟེ་རྟོག་མེད་ཡེ་ཤེས་ཀྱི་རོལ་པས་མགྲོན་རྣམས་ཚིམ་པར་བྱེད་པའོ། །དབྱེ་ན་ལྔ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་འཛིན་མེད་དུ་རྟོགས་ནས་ཉོན་མོངས་པ་ཡེ་ཤེས་སུ་ཤར་བ་ནི་འགྱུར་མེད་ཡེ་ཤེས་ཀྱི་གཏོར་མ། ཆོས་ཐམས་ཅད་རང་སྣང་གཉིས་མེད་དུ་རྟོགས་ནས་སྡུག་བསྔལ་བདེ་བར་ཤར་བ་ནི་བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏོར་མ། ཕྱི་ནང་སྣོད་བཅུད་སེམས་ཀྱིས་ཁྱབ་ཚད་ཆོས་ཉིད་ཀྱིས་ཁྱབ་པ་ནི་ཡོངས་སུ་ཁྱབ་པའི་གཏོར་མ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་བྱུང་མ་སྐྱེས་པ་ནི་དག་པ་ཆོས་ཉིད་ཀྱི་གཏོར་མ། ཐམས་ཅད་ཡང་དག་གཉིས་མེད་གྱི་ལམ་དུ་འགྲོ་བ་ནི་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་རྣམས་སོ། །གཞན་ཡང་། དོན་དང་རྟགས། དགོངས་པ་དང་སྤྱོད་ལམ། ལས་དང་རིམ་པ། སྐྱོན་དང་ཡོན་ཏན་གཏོང་ཐབས་སོགས་རྒྱ་ཆེར་གསུངས་པ་ནི་པདྨའི་ལམ་རིམ་ཆེན་མོ་སོགས་ལས་ཤེས་པར་བྱ་ལ། འདིར་ཐུན་མཚམས་ཀྱི་བྱ་བ་དང་འབྲེལ་བར་འཕྲལ་གཏོར་གཏོང་ཞིང་ཆད་ཐོ་བསྒྲགས་པ་ནི། སྲུང་མའི་གཏོར་མ་རྣམས་གཏོར་གྲལ་ནས་བཏེགས་ལ་སྨན་རཀ་སྦྲན། གཏོར་རྫས་རྣམས་ངོ་བོ་དགྲ་བགེགས་གྱི་ཤ་ཁྲག་རུས་གསུམ་ལ་རྣམ་པ་ཟག་མེད་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཡང་དག་སྙིང་པོའི་གཏེར་གཞུང་ལས། ལྷ་སྲིན་དྲེགས་པ་འདི་དག་ཀྱང༔ བདེ་གཤེགས་ལྷ་ཡི་ཞལ་མཐོང་ནས༔ དགོངས་པ་མྱ་ངན་འདས་མོད་ཀྱང༔ སྤྱོད་པ་འཇིག་རྟེན་དྲེགས་པའི་ཚུལ༔དམ་ལ་བཏགས་པའི་ཚུལ་གྱིས་ནི༔ སངས་རྒྱས་བསྟན་པ་སྲུང་བར་བྱེད༔ ལེགས་ཉེས་སྟངས་འཛིན་བྱ་ར་བྱེད༔ ཅེས་གསུངས་པ་ལྟར། སྐྱེ་མེད་ཀྱི་དབྱིངས་ལས་འགགས་མེད་ཀྱི་རོལ་པར་ཤར་པའི་རྡོ་རྗེ་སྲིན་པོའི་གཟུགས་ཅན། ཡེ་ཤེས་དང་འཇིག་རྟེན་པའི་ཚུལ་སྣ་ཚོགས་སུ་འཕྲུལ་ཞིང་ཅིར་ཡང་སྟོན་པའི་དཔལ་མགོན་ཕོ་རྒྱུད། སྔགས་སྲུང་མོ་རྒྱུད། མ་ནིང་གཉིས་མེད་ཀྱི་རྒྱུད་དེ། རྒྱུད་གསུམ་དམ་ཅན་རྒྱ་མཚོ་སྣང་སྲིད་དྲེགས་པའི་དཔུང་ཚོགས་སྡེ་དང་བཅས་པ་ལ་ཕུལ་བས། རང་རང་གི་སྔོན་གྱི་དམ་ཚིག་གཉན་པོ་ཉེ་བར་དགོངས་ནས་ལས་བཞི་སྤྱི་དང་། བྱེ་བྲག་སངས་རྒྱས་བསྟན་པ་དང་རྣལ་འབྱོར་པའི་འཁོར་སྲུང་ཞིང་བར་ཆད་ཀྱི་འཚེ་བ་བཟློག་པ་དང་། བསྟན་འཛིན་གྱི་སྐྱེས་བུའི་སྐུ་ཚེ་དང་མཛད་ཕྲིན་འཕེལ་ཞིང་རྒྱས་ལ་གཞན་དོན་རླབས་པོ་ཆེ་འགྲུབ་པའི་སྡོང་{གདོང } གྲོགས་གཡེལ་བ་མེད་པར་མཛད་པར་མོས་ལ། ཧཱུྃ་ཨེ༔ སྐྱེ་བ་མེད་པ་སོགས་ཀྱི་འབུལ་ཞིང་ཕྲིན་ལས་བཅོལ་ལོ། །དེ་ནས་བརྟན་མ་སྐྱོང་བ་ནི། ཆད་ཐོའི་གཏོར་གཞོང་བཤལ་བའི་ཆུ་དང་སྨན་རཀ་གཏོར་མར་སྦྲན་ལ་བྱིན་གྱིས་བརླབས་ཏེ། རྟེན་འབྲེལ་བཅུ་གཉིས་བདེན་དོན་བཅུ་གཉིས་སུ་དག་པའི་རང་རྩལ། འཇིག་རྟེན་སྤྱི་དང་བྱེ་བྲག་བོད་ཁ་བ་ཅན་གྱི་ལྗོངས་སུ་བརྟན་ཞིང་ཆགས་པའི་བརྟན་མ་ཆེན་མོ་ནག་མོ་སྨུག་མོ་དཀར་མོ་སྟེ་བདུད་དང་གནོད་སྦྱིན་སྨན་གྱི་རིགས་ཀྱི་མ་མོ་བཞི་བཞི་སོ་སོའི་འཁོར་གཡོག་འབུམ་ཕྲག་དུ་མ་དང་བཅས་པ་ལ་རང་རང་གི་ཐུགས་ལ་དགྱེས་དགུའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པའི་གཏོར་མ་བདུད་རྩིའི་རང་བཞིན་དུ་ཕུལ་བས་དགྱེས་ཤིང་ཚིམ་ནས། སྔོན་ཨོ་རྒྱན་ཆེན་པོའི་སྤྱན་སྔར་ཇི་ལྟར་ཁས་བླངས་པ་བཞིན་དུ་བོད་ཁམས་མཐའ་དབུས་སྲུང་ཞིང་མཐའ་དམག་གདུག་པའི་གཡོ་འཁྲུག་བཟློག་པའི་ཕྲིན་ལས་མཛད་པར་མོས་ལ། ཧཱུྃ་བྷྱོ༔ འཇིག་རྟེན་སྤྱི་དང་སོགས་ཀྱི་གཏོར་མ་ཕྱི་རོལ་གྱི་གཙང་སར་འབུལ་ལོ། །དེ་ནས་རྟ་བྲོ་ནི། གཏོར་གཞོང་ཁ་སྦུབ་པ་རྡོ་རྗེས་རྒྱས་གདབ་ཅིང་། རྣམ་ཐར་གསུམ་ལྡན་གྱི་ཨེ་ཁང་གྲུ་གསུམ་པར་དུག་གསུམ་གྱི་རང་གཟུགས་དགྲ་བགེགས་དམ་སྲི་རུ་ཏྲ་ཀླ་ཀློའི་དཔུང་ཚོགས་སྡེ་དང་བཅས་པ་བཀུག་ནས་སྟེང་དུ་དཔལ་ཆེན་པོ་སྐུ་གསུམ་རོལ་བའི་ཁྲོ་བོའི་ཚོགས་ཀྱིས་ཐབས་ཤེས་གཉིས་སུ་མེད་པར་རྡོ་རྗེའི་བྲོ་བརྡུང་བས་རྣམ་རྟོག་དུག་ལྔའི་དགྲ་བོ་མཐའ་དག་ལྡང་མེད་དུ་མནན་པར་མོས་ལ། ཨེ་ཧཱུྃ༔ རྣམ་པར་ཐར་པ་སོགས་ཀྱི་བྲོ་བརྡུང་བྱའོ། །གསུམ་པ་དངོས་གྲུབ་བླང་བ་ནི། སྨིན་སློབ་ཀྱི་ཚེ་དངོས་གྲུབ་ཀྱི་མཚན་མ་ཇི་ལྟར་རིག་པ་མཐོང་བའམ། གཞན་དུ་དུས་གྲངས་ཙམ་གྱི་བསྙེན་པ་གང་ཡིན་ཀྱང་རུང་སྟེ་མཐར་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དངོས་གྲུབ་ལེན་པ་སྟེ། ཡང་དག་གྲུབ་པ་ལས། སྟོན་པས་བསྟན་པའི་ལུང་བཞིན་དུ། །ཞག་གྲངས་དུས་ནི་བརྟག་པའམ། །མཚན་མ་བརྟན་པོར་བྱུང་བ་ན། །བསྒྲུབ་པ་ཆེན་པོ་བརྩམ་པར་བྱ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། །རྫས་ལ་ཧཱུྃ་དབྱངས་མཆོད་བསྟོད་ཀྱིས། །དངོས་གྲུབ་བསྡུས་ཏེ་སྐུ་གསུང་ཐུགས། །ཐོབ་དང་བྱིན་རླབས་དབང་བསྐུར་བྱ། །ཞེས་དང་། གཞུང་རྩ་བར་ཡང་། དེ་ལྟ་བུ་ཡི་ཐབས་མཁས་ལ༔ བརྟེན་ནས་དངོས་སྒྲུབ་ལྷུར་བླང་ཕྱིར༔ མཆོད་བསྟོད་དམ་ཚིག་ཉམས་ཆག་བཤགས༔ དེ་ནས་དངོས་གྲུབ་བསྐུལ་བའི་ཕྱིར༔ རྩེ་གཅིག་གདུང་བས་འདི་སྐད་གསོལ༔ ཞེས་པས་བསྟན་ཏེ། སྤྱིར་སྨིན་སློབ་ཀྱི་ཚེ་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བའི་བར་གྱི་མཚན་གཅིག་ལ། སྲོད་ལ་འཕྲོ་འདུ་ལམ་དུ་བྱས་ཏེ་ལྷ་ལས་དངོས་གྲུབ་ལེན་པ་དང་། ནམ་གུང་སྒྲོལ་བ་ལམ་དུ་བྱས་ཏེ་དགྲ་ལས་དངོས་གྲུབ་ལེན་པ་དང་། ཐོ་རེངས་སྦྱོར་བ་ལམ་དུ་བྱས་ཏེ་ཡུམ་ལས་དངོས་གྲུབ་ལེན་པ་དང་གསུམ་གྱི་ཚུལ་དུ་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བར་གསུངས་ཀྱང་། འདིར་མོས་སློབ་ཙམ་གྱི་དབང་དུ་བྱས་ཏེ། ནམ་དུས་ལ་བབས་པ་ན་མཆོད་གཏོར་སོགས་བཟང་དུ་བཤམས། ལས་གཞུང་གི་དབུ་ནས་བརྩམས་མཐར་ཆགས་ཀྱིས་གཏོང་བའི་བསྙེན་པའི་སྐབས་སུ་བདག་དང་སྒྲུབ་རྫས་ལ་དངོས་གྲུབ་བསྡུ་སྟིམ་གྱི་དམིགས་པ་ཡང་ཡང་བྱ། ཚོགས་མཆོད་ཀྱི་སྐབས་སུ་གྲུབ་ན་སྨད་ལས་ལས་འབྱུང་བ་ལྟར་གྱི་གདབ་ཁ་རྒྱས་པ་བྱ། ཚོགས་ལྷག་གཏོར་སྐྱོང་རྟ་བྲོ་བར་སོང་རྗེས་མཆོད་བསྟོད་བྱ། སླར་ཡང་བགེགས་སྐྲད། སྲུང་འཁོར་སྒོམ། འཁོན་བཅུག་སྦྱོང་བའི་བཤགས་པ་དང་ཡིག་བརྒྱ་བཟླ། འགྲོ་དོན་མཐར་དབྱུང་ཕྱིར་དམ་བཅའ། གཟི་བྱིན་བསྐྱེད་ཕྱིར་བྱིན་དབབ། སྨན་གཏོར་རཀྟ་སོགས་ཀྱིས་མཆོད། དེ་ནས་སྔར་གྱི་ཛབ྄་ཁང་གི་དལ་མ་བསྡུས་པར་ཡོད་ན་དེ་ཉིད་གསལ་འདོན་སྐྱོར་དང་། བཟླས་པའི་མཇུག་ཛབ྄་ཁང་རང་ལ་བསྡུ་ཟིན་ན་སྐབས་འདིར། བདག་དམ་ཚིག་པ་ལས་མདུན་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ་རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་ཞིང་། སྔགས་ཚན་གཉིས་ཀྱི་མཐར་སརྦ་སིངྔྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཟླ། རྒྱུན་གྱི་ཚོགས་མཆོད་སོགས་དཀྱུས་མ་ལ་གོང་གི་མཆོད་བསྟོད་ཟིན་རྗེས་སྒྲུབ་གཏོར་ལྷར་ལམ་གྱིས་གསལ་བའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པས་བདག་གིས་གནས་གསུམ་དུ་སིབ་སིབ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལུས་པ་མེད་པར་སྩལ་ཞིང་ཐོབ་པར་མོས་ཏེ། གང་ལྟར་ཡང་དངོས་གྲུབ་བསྐུལ་བ་ནི། མཆོག་ཏུ་གུས་པའི་གདུང་ཤུགས་དྲག་པོས་ཐལ་མོ་སྦྱར་བས་བཏུད་དེ། ༀ་ཨཱཿ ཧཱུྃ་ཧོཿ བླ་མ་ཡང་དག་སོགས་ཏེ། རྡོ་རྗེ་གསུམ་གྱི་བྱིན་རླབས་བསྐུལ་བའི་སྔགས་ཚིག་གིས་མགོ་དྲངས་ནས། དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་བླ་མ་ཡང་དག་ཧེ་རུ་ཀ་དང་ཚེ་རབས་སྔོན་ནས་འབྲེལ་བའི་ཡི་དམ་ལྷག་པའི་ལྷ་མཆོག་དཔལ་རྡོ་རྗེ་གཞོན་ནུ་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་ནི། བདག་ཅག་སྒྲུབ་པ་པོས་དད་མོས་རྩེ་གཅིག་པས་བསྙེན་ཅིང་སྒྲུབ་ནས་ཐུགས་དམ་གཉེན་པོ་བསྐུལ་བའི་ཐབས་ལ་བརྟེན་ནས། དེང་གི་དུས་འདིར་ཡིད་ལ་བརྣག་པའི་དོན་དངོས་གྲུབ་རྣམ་པ་གཉིས་སྩོལ་བའི་དུས་ལ་བབས་པ་ལགས་ན། གནས་སྐབས་སུ་མེ་དང་ཆུ་དང་དུག་དང་མཚོན་དང་དམག་དང་དགྲ་དང་མུ་གེ་དང་དུས་མིན་འཆི་བ་སྟེ་འཇིགས་པ་ཆེན་པོ་བརྒྱད་ཞི་བ་དང་། ཚེ་རིང་བ་དང་དབང་ཆེ་བ་དང་བཀྲ་ཤིས་པ་དང་གཟི་མདངས་ཆེ་བ་དང་འཁོར་མང་བ་དང་ལོངས་སྤྱོད་ཆེ་བ་སྟེ་འབྱོར་པ་དྲུག་རྒྱས་པ་དང་། ཕ་མ་དང་རྗེ་རྒྱལ་དང་གཙོ་བོ་དང་སློབ་དཔོན་ལྟར་མོས་པ་སྟེ་མོས་པ་རྣམ་བཞིའི་དབང་དུ་འདུ་བ་དང་། དགུག་པ་དང་བསྐྲད་པ་དང་དབྱེ་བ་དང་ལྐུག་པ་དང་སྨྱོ་འབོག་དང་བསད་པ་དང་མནན་པ་སྟེ་དྲག་པོའི་ལས་བདུན་སོགས་ཕྲིན་ལས་རྣམ་པ་བཞི་དང་། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལ་མྱུར་དུ་ཐོབ། །ཅེས་གསུངས་པའི་གྲུབ་པ་བརྒྱད་དང་གཞན་ཡང་། ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ་ལྟར་གྱི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་། ཚེ་དང་སེམས་དང་ཡོ་བྱད་དང་། །ལས་དང་སྐྱེ་བ་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་དང་། །ཆོས་ལ་དབང་བ་དབང་བཅུའོ། །ཞེས་པ་ལྟར་དབང་བཅུ་དང་དེ་ཡང་སའི་ཁྱད་པར་གྱི་ཕྱི་ནང་གཉིས་སུ་དབྱེ་བ་སོགས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་གྲུབ་པ་དང་། མཐར་ཐུག་གི་འབྲས་བུ་འགྱུར་བཅས་ཀྱི་མཚན་མ་མཐའ་དག་འགྱུར་མེད་ཀྱི་དབྱིངས་སུ་བསྡོམས་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཁ་སྦྱོར་བདུན་ལྡན་དཔལ་ཆེན་པོའི་གོ་འཕང་ཆེན་པོ་ཚེ་འདི་ཉིད་དུ་སྩལ་བར་མཛད་དུ་གསོལ། ཞེས་དང་། དངོས་གྲུབ་བསྐུལ་བའི་ཛབ྄་དབྱངས་དང་བཅས་ཏེ་སྒྲུབ་རྟེན་གཏོར་མ་སོགས་གནས་གསུམ་དུ་བཞག་ལ་དབང་ནོད་ཅིང་། མཐར་མདུན་བསྐྱེད་ཛབ྄་ཁང་གི་ལྷ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་སྟེ་རང་གི་སྒོ་གསུམ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏེ་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ཏེ། གཏོར་རྫས་སོགས་དངོས་གྲུབ་ཀྱི་བདུད་རྩིར་མོས་ལ་རེ་དོགས་མེད་པའི་སེམས་ཀྱིས་མྱོང་བས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་བར་བསམ་ཞིང་མཉམ་པར་བཞག་ལ་རྗེས་དངོས་གྲུབ་ཀྱི་མཚན་མའང་བརྟག་པར་བྱ་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མཚན་མ་བརྟན་པོ་བྱུང་བ་ན། །འཇིགས་དང་དགའ་བྲོད་ཀུན་སྤངས་ཏེ། །གླུ་དང་གར་དང་རོལ་མོ་དང་། །གཡབ་མོ་གདུང་བའི་དབྱངས་དང་བཅས། །བཤགས་དང་མཆོད་ཅིང་བསྐུལ་བ་སྟེ། །དངོས་གྲུབ་འདོད་པར་གསོལ་གདབ་ཅིང་། །དམ་ཚིག་ཏིང་འཛིན་དྲག་བསྐུལ་བ། །ཐ་མའི་དུས་སུ་ཤེས་བྱ་སྟེ། །རྫས་ནི་སྐུ་ཡི་དངོས་གྲུབ་སྟེ། །རུ་ལུ་འོད་བཅས་གསུང་གི་དོན། །དཔལ་བེའུ་སེམས་དཔའ་ཐུགས་ཀྱི་མཆོག །ཁ་ཟས་ལོངས་སྤྱོད་བདུད་རྩི་ཆེ། །ཞེས་སོ། །དེ་ཡང་ཕྱི་ལྟར་ན་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་བསྡུས་པར་བསྒོམ། ནང་ལྟར་ན་རང་གི་ལུས་ངག་ཡིད་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་གྲུབ་པར་བསམ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པ་ལས་རིག་པར་རང་བྱུང་གི་ཡེ་ཤེས་ལྷང་ངེར་རྟོགས་པར་བསྒོམ་པའོ། །དེ་ནས་ནོངས་པ་བཤགས་པ་ནི། རྣལ་འབྱོར་པ་རྣམས་ནུས་པ་དབེན་པས་དགོངས་སྤྱོད་རྒྱ་མཚོ་གདེང་དུ་མ་གྱུར་པ་དང་། ཏིང་ངེ་འཛིན་མ་གསལ་ཞིང་ཛབ྄་བཟླས་མ་དག་པ་དང་། ཆོ་གའི་ཡན་ལག་ལྷག་ཆད་དུ་གྱུར་པ་དང་། རྫས་དང་ཡོ་བྱད་མ་འབྱོར་ཞིང་མ་ཚང་བ་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་ཞིང་ཉམས་པའི་ཉེས་སྐྱོན་གྱི་ནོངས་པ་ཅི་དང་ཅི་མཆིས་པ་དེ་ཐམས་ཅད་བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཆེད་ལྕམ་འདུས་པ་རྒྱ་མཚོའི་སྤྱན་སྔར་མཐོལ་བཤགས་བཟོད་པར་གསོལ་ན་འཕྲལ་ཡུན་གྱི་སྒྲིབ་པར་མི་འགྱུར་བར་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པས། མ་རྙེད་ཡོངས་སུ་སོགས་དང་། ཨ་བྷི་ངྷ་ན་ལས། ཡི་གེ་བརྒྱ་པས་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་གི་མིང་དང་ལྡན་པར་ནི། །གཅིག་ཏུ་སྤེལ་ནས་བཟླས་པར་བྱ། །ཞེས་པས་ཧེ་རུ་ཀའི་ཡིག་བརྒྱའམ། ཡང་ན་རྣལ་འབྱོར་རྒྱུད་ལས། རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཅེས་གསུངས་པས་རྡོར་སེམས་ཀྱི་ཡིག་བརྒྱ་ཉིད་བཟླ་བར་བྱའོ། །དེ་ཡང་ཕྱི་ལྟར་ན་བདག་གི་དམ་ཚིག་ཉམས་པ་ཐམས་ཅད་ལྷ་ལ་བཤགས་པར་བསམ། ནང་ལྟར་ན་དམ་ཚིག་ཉམས་ཆག་སྐྱོན་གྱིས་མ་གོས་པར་དག་པར་བསམ། གསང་བ་ལྟར་ན་ཆོས་ཉིད་སྐྱེ་བ་མེད་པ་སྐྱོན་དང་བག་ཆགས་ཀྱིས་མ་གོས་པར་ལྷང་ངེར་རྟོགས་པར་བསམ་མོ། །བཞི་པ་དཀྱིལ་འཁོར་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་བྱ་བ་ནི། ཚོགས་མགྲོན་དང་མདུན་བསྐྱེད་ཡོད་ན་ཡེ་ཤེས་པ་རྟེན་ལ་བསྟིམ་པའམ་དམ་ཡེ་དབྱེར་མེད་དུ་བསྡུ་བར་བྱ་བ་ནི་སྔགས་བླ་མེད་ཀྱི་ཁྱད་ཆོས་ཐུན་མིན་ཏེ། གང་ལྟར་ཡང་། ཨ་ཨ་ཨ༔ འཁོར་འདས་ཆོས་ཀུན་སོགས་ཀྱིས་བསྟན་ཏེ། དེ་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། རྗེས་ལ་ཞེན་པ་ཡོད་ན་རིམ་གྱིས་བསྡུ། །གང་དུའང་མི་དམིགས་སྤྲོས་དང་བྲལ་བར་བཞག །མེད་ན་སྒྱུ་མ་ཆུ་ཟླའི་ངང་ཉིད་ནས། །དགེ་བ་སེམས་ཅན་དོན་དུ་བསྔོ་བར་བྱ། །ཞེས་གསུངས་པས་གོང་དུ་བསྐྱེད་རིམ་གྱི་དུས་སུ་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་མེད་ན། སྐབས་འདིར་ཡང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྐད་ཅིག་གིས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་ཐིམ་པར་མོས་ལ་དམིགས་མེད་ཀ་དག་གི་ཀློང་དུ་འཇོག་པ་རིལ་འཛིན་དང་། ཡོད་ན་རྗེས་གཞིག་གིས་བྱ་བར་གསུངས་པས། རིམ་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་། དེ་འཁོར་རྣམས་ལ། འཁོར་རྣམས་གཙོ་བོ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ། དེ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག ཧཱུྃ་ནཱ་དར་ཡལ་བའི་ངང་དུ་མཉམ་པར་བཞག་སྟེ། དེ་གཉིས་གང་ལྟར་རུང་། སེམས་སྔར་འདས་པའི་རྗེས་མི་གཅོད། ཕྱིས་མ་འོངས་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་ལ་བཟོ་བཅོས་གང་ཡང་མི་བྱེད་པར་རང་བབས་སོ་མར་བཞག་པས་རིག་པ་གསལ་ལ་དེར་འཛིན་མེད་པ་ཞིག་འཆར་བས་དེའི་ངང་ལ་རང་བབས་སུ་བཞག་སྟེ། དེའི་ཚེ་ཕྱི་ཚོགས་དྲུག་གི་ཡུལ་སྣང་ཡང་འཛིན་པ་མེད་པར་རང་གསལ་རྗེན་པར་ལྷག་གེ། ནང་རང་སེམས་ལ་རྟོག་དཔྱོད་ཀྱི་སྤྲོ་སྡུ་མེད་པར་རང་བབས་སུ་རྗེན་ནེ། བར་རང་སར་གནས་ཀྱང་གཉེན་པོས་མ་བཅིངས་པར་བར་མེད་དུ་ཧ་རེ་བ་སྟེ། ཕྱི་གཟུང་བའི་ཡུལ་གྱིས་མ་གོས་ཤིང་། ནང་འཛིན་པའི་སེམས་གྱི་མ་བསླད། བར་སྤང་གཉེན་གྱི་བློ་མ་ཞུགས་པའི་ཆོས་ཉིད་རིག་སྟོང་རྗེན་པར་བསྐྱང་བ་ནི་དུས་གསུམ་གྱི་རྒྱལ་བའི་དགོངས་པ་ཐུགས་རྡོ་རྗེ་རྫོགས་རིམ་གྱི་ལམ་ཁྱེར་མཐར་ཐུག་པ་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པས། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པས་རྟོག་པས་མ་བསླད་པར། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་རྡོ་རྗེའི་ཚིག་གིས་ངོ་སྤྲོད་སྙིང་པོར་གདམས་པ་བཞིན་ནོ། །དེ་ཡང་ཕྱི་ལྟར་ན་ལྷ་ཐམས་ཅད་འོད་དུ་ཞུ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་ཧཱུྃ་ལ་ཐིམ་ནས་སྟོང་པར་བསྒོམ། ནང་ལྟར་ན་ལྷ་སེམས་ཀྱི་ངང་དུ་ཐིམ་པར་བསྒོམ། གསང་བ་ལྟར་ན་སྐྱེ་བ་མེད་པ་སྟོང་གསལ་མ་འགགས་རང་བྱུང་དུ་འདུག་པ་དེ་ལ་རྒྱུན་དུ་གནས་པར་བསྒོམ་མོ། །དེས་རྟག་མཐའ་སེལ། ཆད་མཐའ་བསལ་བ་ནི། དེ་ལས་ལྡང་བ་ན། སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་སྣང་སྟོང་ཟུང་འཇུག་སྒྱུ་མ་དང་ཆུ་ཟླ་ལྟ་བུའི་ལྷན་སྐྱེས་ཀྱི་སྐུར་ལྡང་སྟེ། ལྷན་སྐྱེས་ཀྱི་དོན་ནི་རང་གི་གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་ལྷན་སྐྱེས་སུ་གནས་པའི་དོན་བཞིན་ལམ་དུ་ཁྱེར་བ་སྟེ། སྔ་འགྱུར་བསྟན་པའི་ཉི་མ་གཅིག་པུ་རྗེ་རིག་འཛིན་གཏེར་བདག་གླིང་པས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པའི། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་འདའ་ཁ་ཞལ་ཆེམས་སུ་སྩལ་བ་བཞིན། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་ཤེས་པའི་ངང་ནས་རྒྱུན་སྤྱོད་དུ་འཇུག་པར་བྱ་སྟེ། དེ་ཡང་ཕྱི་ལྟར་ན། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས། བཟའ་བཏུང་བདུད་རྩིར་རོལ་པར་བསྒོམ། ནང་ལྟར་ན་ཕུང་པོ་འབྱུང་བ་རྟོག་ཚོགས་ལྷའི་རང་བཞིན་དུ་བསྒོམ། གསང་བར་ལྟར་ན། ཆོས་ཉིད་སྐྱེ་བ་མེད་པ་ཆོས་སྐུ། མ་འགགས་གསལ་བར་ཤར་བ་ལོངས་སྐུ། སྣ་ཚོགས་རིས་མེད་དུ་ཤར་བར་སྤྲུལ་སྐུར་ལྷང་གིས་རྟོགས་ཏེ། དེའི་ངང་ལ་གནས་པར་བྱའོ་ཞེས་ཨོ་རྒྱན་དུས་གསུམ་མཁྱེན་པས་ཡང་དག་དྲིལ་སྒྲུབ་རྒྱུན་ཁྱེར་ལས་གསུངས་སོ། །འདིས་འདུ་བྱེད་ཀྱི་ཐ་མ་འཇིག་སྟེ་འཆི་བ་དང་དེ་ལས་བར་སྲིད་དུ་ལྡང་བ་སྦྱང་སྟེ། སྣོད་བཅུད་སྲུང་འཁོར་གཞལ་ཡས་ཁང་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་ནི་ས་ཆུ་སོགས་འབྱུང་བ་རགས་པ་ཐིམ་པ། སེམས་དཔའ་སུམ་བརྩེགས་ས་བོན་ལ་བསྡུ་བའི་བར་སྣང་མཆེད་ཐོབ་གསུམ། དེ་ཡང་བསྡུ་བ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་དེ་ལས་ལྡང་བས་བར་དེ་སྦྱང་ཞིང་དག འབྲས་དུས་སུ་གཟུགས་སྐུ་ཆོས་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་སྲིད་པ་ཇི་སྲིད་པར་རྒྱུན་མི་ཆད་པར་འཆར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་དུས་སུ་དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་འདིང་བར་བྱེད་པར་ཡིན་ནོ། །དེ་ནས་བསྔོ་སྨོན་བྱ་བ་ནི། ཧོཿ དགེ་བ་འདིས་མཚོན་སོགས་ཏེ། དེ་ལྟར་བསྙེན་སྒྲུབ་ཟབ་མོའི་ཚུལ་ལ་རྩེ་ག ཅིག་ཏུ་བརྩོན་པའི་དགེ་བ་འདི་ཉིད་ཀྱིས་མཚོན་ཏེ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་གང་ཇི་སྙེད་གཅིག་མཆིས་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་གནས་ལུགས་ཟབ་མོ་འདུས་བྱས་མཚན་མའི་སྤྲོས་པ་མཐའ་དག་དང་བྲལ་བའི་ཀློང་ཆེན་པོར། བསྔོ་བྱ་སྔོ་བྱེད་བསྔོ་བ་གསུམ་ཀ་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས་སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་ཡོངས་སུ་བསྔོ་བ་དང་། དེའི་མཐུ་ལ་བརྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་ཁྲག་འཐུང་ཆེན་པོའི་གོ་འཕང་དཀའ་བ་མེད་པར་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་དུ་སྨོན་པ་སྟེ། དགོས་པའང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་སོ། །དེ་ནས་ཤིས་པ་བརྗོད་པ་ནི། ལམ་རིམ་ཡེ་ཤེས་སྙིང་པོ་ལས། ཤིས་བརྗོད་གླུ་དང་མེ་ཏོག་ཆར་འབེབས་པས༔ ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་སྤེལ༔ ཞེས་གསུངས་པས། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་དཀྱིལ་འཁོར་གྱི་ལྷ་ཆོས་སྐུ་ཡང་དག ལོངས་སྐུ་བཛྲ་ཀུ་མ་རཱ། སྤྲུལ་སྐུ་གང་ལ་གང་འདུལ་དུ་སྟོན་པའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་གནས་སྐབས་སུ་མི་ཤིས་པའི་མཚན་མའི་མིང་ཡང་མི་གྲགས་ཤིང་བདེ་ལེགས་ཀྱི་དཔལ་ཕུན་ཚོགས་པས་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་། མཐར་ཐུགས་སྐུ་གསུམ་དབྱེར་མེད་ལྷུན་གྱིས་གྲུབ་པའི་དོན་གཉིས་ཀྱི་དཔལ་ཟད་པ་མེད་པ་ལ་ལོངས་སྤྱོད་པའི་བདེན་ཚིག་ཤིས་པའི་གླུ་དབྱངས་དང་བཅས་ཏེ་མེ་ཏོག་མནྡ་རའི་ཆར་ཆེན་པོ་འབེབས་པར་མོས་ལ། ༀ་ཆོས་སྐུ་ཡང་དག་སོགས་ཇི་ལྟར་རིགས་པའི་ཤིས་པ་བརྗོད་པས་མཐའ་བརྒྱན་ཏེ་དགེ་ལེགས་སུ་བྱའོ། །རྩ་བའི་གསུམ་པ་དེ་ལྟར་གྲུབ་པའི་འབྲས་བུ་བསྟན་པ་ནི། གཞུང་རྩ་བར། དེ་ལྟ་བུ་ཡི་གདམས་པ་ནི༔ རྒྱུད་དང་ལུང་དང་མན་ངག་དོན༔ གྲུབ་པའི་སློབ་དཔོན་ཆེན་པོ་ཡི༔དགོངས་ཉམས་གཅིག་ནས་གཅིག་དྲིལ་བ༔ མ་འོངས་ང་ལ་མོས་པ་ཡི༔ སློབ་དཔོན་དང་ནི་སློབ་མ་དང་༔ དེ་ཡི་རྗེས་འབྲང་དང་བཅས་པར༔ ཤིན་ཏུ་བརྩེ་བའི་བསམ་པ་ཡི༔ སྙན་བརྒྱུད་ངེས་པའི་བརྡ་སྦྱར་ཏེ༔ སྣོད་ལྡན་དང་ནི་སྐལ་ལྡན་ལ༔ བསྣན་དང་ཕྲི་བ་མེད་པ་རུ༔ བྱིན་གྱིས་བརླབས་པའི་གཟི་བྱིན་གྱིས༔ པདྨ་བདག་གི་བཀའ་བརྒྱུད་དང༔ དེ་ལས་གཞན་པའི་སྒྲུབ་བརྒྱུད་སྲོག༔ ནམ་ཡང་ནུབ་པ་མེད་པ་རུ༔ འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན༔ ཞེས་རྡོ་རྗེའི་གསུང་གིས་བསྔགས་པའི་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་ཞིང་དམ་ཉམས་དང་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་སྙན་རྒྱུད་ཟབ་མོ་འདི་ལྟ་བུ་ལ་ཚུལ་བཞིན་དུ་བསྙེན་སྒྲུབ་ཡན་ལག་བཞི་དང་། བསྐྱེད་རྫོགས་ཟུང་འབྲེལ་གྱིས་གོམས་པར་བྱས་ན། གནས་སྐབས་སུ་ཞི་རྒྱས་ལ་སོགས་པའི་ཕྲིན་ལས་བཞི་དང་། རལ་གྲི་ལ་སོགས་པའི་གྲུབ་པ་བརྒྱད་དེ་ཐུན་མོང་གི་དངོས་གྲུབ་རྣམས་དང་། མཆོག་གི་གྲུབ་པ། གསང་བའི་དགྲ་གསུམ་སོད་དེ། ང་བདག་གི་ཞེན་པ་ལོག་པས་གསང་དགྲ་བསད། དེས་ཕུང་པོའི་ཞེན་པ་བཅོམ་སྟེ་ནང་དགྲ་བསད། དེ་ཙ་ན་རྩོལ་བ་མེད་པའི་ཕྲིན་ལས་དྲག་པོས་ཕྱི་དགྲ་གསོད་པའོ། །དེ་ལྟར་དགྲ་གསུམ་སོད་པས་བདུད་བཞི་ཡང་ཆོམ་སྟེ། ཕུང་ལྔ་ལྷར་དག་པས་ཕུང་པོའི་བདུད་བཅོམ། རང་རིག་པའི་རྩལ་གྱིས་ཉོན་མོངས་པ་ཡེ་ཤེས་ལྔར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་ལ་འདོད་ལྷའི་བར་ཆོད་ཀྱིས་མི་ཚུགས་པས་ལྷའི་བུའི་བདུད་བཅོམ། དེའི་ཚེ་སེམས་ཉིད་སྐྱེ་ཤི་ལས་གྲོལ་བས་འཆི་བདག་གི་བདུད་བཅོམ། དུས་དེར་འགྲོ་དྲུག་གི་སྡུག་བསྔལ་ཡང་རང་སེམས་ཀྱི་ཆོ་འཕྲུལ་དུ་རྟོགས་པས་འགྲོ་དྲུག་གི་གཡང་ས་ཆོད་ཅིང་རིག་རྩལ་འབྱོངས་པས་མཚན་མ་ཐམས་ཅད་ཟིལ་གྱིས་ནོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་ཞིང་། མཐར་ཐུག་གི་འབྲས་བུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་ཡང་དག་པའི་དབྱིངས་ཉིད། གློ་བུར་གྱི་སྒྲིབ་པའི་སྦུབས་ལས་གྲོལ་ནས། དབྱིངས་དང་ཡེ་ཤེས་གཉིས་མེད་སངས་རྒྱས་ཐམས་ཅད་ཀྱི་ཉམས་སུ་མྱོང་བྱའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་སྐུ་གསུམ་གྱི་ངོ་བོར་རྫོགས་པ་དེ་ལས། དམིགས་པ་མེད་པའི་རྩལ་སྣང་ཡེ་ཤེས་ཀྱི་སྒྱུ་མ་རྣམ་པ་ཐམས་ཅད་པར་འཆར་བའི་གཞི་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཟག་མེད་འབྲས་ཆོས་ཉེར་ལྔའི་བདག་ཉིད་དཔལ་ཆེན་པོའི་གོ་འཕང་རབ་ཚེ་འདི་ཉིད། འབྲིང་བར་དོ། ཐ་མ་སྐྱེ་བ་བརྒྱུད་ནས་ཐོབ་པར་འགྱུར་ཏེ། རྒྱུད་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་དང་། ཡང་དག་གསང་བའི་ཐུགས་མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་འཚང་རྒྱ། །ལུས་མ་བོར་བར་ལྷ་སྐུར་འགྱུར། །ཞེས་གསུངས། འབྲས་ཆོས་ཉེར་ལྔར་ནི། ཞི་བ་ལྷ་རྒྱུད་ཆེན་པོར། ཆོས་སྐུ་དྲི་མ་མེད་པ་དང་། །ལོངས་སྐུ་འཁོར་ལོས་སྒྱུར་རྒྱལ་འདྲ། །སྤྲུལ་པས་རོལ་པ་མཐར་ཕྱིན་ཅིང་། །སྐྱེ་འཇིག་བྲལ་བ་རྡོ་རྗེའི་སྐུ། །ཡུལ་མེད་རབ་གསལ་མངོན་བྱང་ཉིད། །སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། །ལོངས་སྤྱོད་དགོངས་པ་བརྡ་ཡིས་སྟོན། །སྤྲུལ་པ་ཚངས་པའི་གསུང་དབྱངས་སྙན། །མངོན་བྱང་རིག་པ་བྱིན་གྱིས་རློབས། །འཇིགས་མེད་དབྱེར་མེད་རྡོ་རྗེའི་གསུང་། །གསུང་ལྔ་ཉིད་དུ་ལྷུན་གྱིས་གྲུབ། །སོ་སོར་སྣང་བ་གདུལ་བྱའི་བློ། །ཐ་དད་བྱ་བ་ག་ལ་ཡོད། །བདེ་བ་ཆེན་པོའི་ཐུགས་དང་ནི། །རྣམ་པར་མི་རྟོག་ཐུགས་ཉིད་དང་། །འགྲོ་བ་ཐམས་ཅད་སྒྲོལ་བ་དང་། །མཉམ་པ་ཆེན་པོ་མཆོག་གནས་དང་། །དབྱེར་མེད་རྡོ་རྗེའི་ཐུགས་ལྔར་ཤར། །ཐ་དད་འདོད་ན་ཐ་དད་སྣང་། །དབྱེར་མེད་འདོད་ན་དབྱེར་མེད་སྣང་། །ཞིང་ཁམས་དང་ནི་གཞལ་ཡས་ཁང་། །འོད་ཟེར་དང་ནི་གདན་ཁྲི་རྒྱན། །ལོངས་སྤྱོད་ལྔ་ནི་ཡོན་ཏན་ཏེ། །བདེ་བར་གཤེགས་པ་རྩོལ་མེད་སྣང་། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན། །ཞེས་གསུངས། དེ་དག་བསྡུ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཏེ་གསུམ་དུ་འདུ་ལ། རྒྱས་པར་ཕྱེ་ན་ཆོས་ཀྱི་དབྱིངས་ཀུན་ནས་འགེང་བའི་ཤེས་བྱའི་རྣམ་པ་ཐམས་ཅད་དང་མཚུངས་པར་ཡོན་ཏན་གྱི་ཁྱད་པར་ཚད་དཔག་ཏུ་མེད་པའི་སྒོ་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་མཛད་པ་ནམ་མཁའ་ཇི་སྲིད་དུ་རྟག་ཁྱབ་ལྟུན་གྱིས་གྲུབ་པར་འཇུག་པ་སྟེ། མདོར་ན་རིགས་ཁམས་ལ་ཡོད་པའི་ཟག་མེད་ཀྱི་ཡོན་ཏན་མཐའ་དག་མངོན་གྱུར་དུ་སྣང་བ་ཡིན་ནོ། །སླར་སྨྲས་པ། དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་གྲུབ་པ་ཡོངས་ཀྱིས་ཕྱག་བྱས་ཤིང་། །བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་ཀུན་སྙིང་ཁྲག་ཐང་ལ་གཟག་བྱེད་པའི། །ཡེ་ཤེས་སྐུ་ཅན་དྲན་པས་གདུང་སེལ་ཕན་བདེའི་དངོས་ཀུན་འཇོ་བའི་གཏེར། །ལྷག་པའི་ལྷ་མཆོག་ཁྱོད་དང་མི་འབྲལ་བྱང་ཆུབ་བར་དུ་མགོན་མཛོད་ཅིག །འཁོར་འདས་ཆོས་ཀུན་གདོད་ནས་རྣམ་དག་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ཀློང་། །བདེན་གཉིས་དབྱེར་མེད་གྲུབ་བསལ་འཕོ་འགྱུར་མཚན་མའི་གཟེབ་བྲལ་རྡོ་རྗེའི་སེམས། །བརྟན་གཡོ་དངོས་པོ་ཀུན་གྱི་སྲོག་གྱུར་རང་བཞིན་འདུས་མ་བྱས་པའི་བདག །དམིགས་མེད་སྙིང་རྗེས་འགྲོ་ལ་རྗེས་ཆགས་ཧེ་རུ་ཀ་དེ་ཅིས་མི་བསྟེན། །རྒྱུད་ལུང་མན་ངག་ཤིན་ཏུ་རྒྱ་ཆེ་ཟབ་མོ་ཕལ་གྱིས་བརྒལ་དཀའི་མཚོ། །གྲུབ་པའི་རིག་འཛིན་དེད་དཔོན་རྐྱལ་གྱིས་ལེགས་པར་བ གྲོད་ལས་རྙེད་པའི་ནོར། །ས་གསུམ་སྐྱེ་དགུའི་དབུལ་བ་འཕྲོག་བྱེད་སྙན་བརྒྱུད་འཇོག་པོའི་གཙུག་གི་རྒྱན། །དད་བསོད་རྒྱལ་མཚན་རྩེ་མོར་ཐོབ་ཚེ་བློ་དང་ལྡན་རྣམས་ཅིས་མི་མཆོད། །བཀའ་བབས་རིན་ཆེན་བདུན་གྱིས་མདུན་བརྡར་ཡོངས་རྫོགས་ཐུབ་བསྟན་གླིང་བཞིའི་མཁར། །བསྐྱེད་ལ་བསྙིང་བྲལ་ཐེག་མཆོག་སྙིང་པོའི་རྒྱལ་ཐབས་ལ་རོལ་མཁྱེན་བརྩེའི་གཏེར། །གང་གི་གསང་བའི་མཛོད་འཛིན་གསང་བདག་དངོས་སྣང་རྒྱལ་བས་ལུང་བསྟན་ཞབས། །མགོན་དེའི་བཀའ་དྲིན་གཟུགས་སུ་གྲུབ་ན་ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །དེ་སླད་མགོན་པོ་ཟུང་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཕྱིར་དང་། །མཚུངས་བྲལ་སྤྲུལ་པའི་ཟློས་གར་མཆོག་གི་ཐུགས་ཀྱི་དགྱེས་པ་སྐོང་ཕྱིར་དུ། །ཚུལ་འདིར་བརྩོན་པར་བྱས་ཀྱི་གཞན་དུ་སྔོན་བྱོན་འཕགས་དང་མཁས་པའི་གཞུང་། །ཕལ་ཆེར་དེང་དུས་རྩྭ་བཞིན་འདོར་ན་བདག་ལྟའི་བརྗོད་པས་སུ་ལ་ཅི། །ཚུལ་འདིར་ལེགས་པར་བཤད་གང་སྔོན་བྱོན་དམ་པའི་ཞལ་ལུང་བཅུད་ཡིན་གྱི། །རང་གི་མཐུས་མིན་མ་རྟོགས་ལོག་རྟོགས་ཉེས་བཤད་དྲི་མའི་ཆ་གང་མཆིས། །བདག་གི་ནོངས་པ་ལགས་པས་འཕགས་དང་མཁས་པའི་སྤྱན་སྔར་མི་འཆབ་མཐོལ། །འཕྲལ་ཡུན་སྒྲིབ་པར་མི་འགྱུར་དག་ཚངས་མཆོག་གི་དངོས་གྲུབ་སྩལ་བར་མཛོད། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་སྟོན་ཀའི་ཟླ་ལྟར་ཆེས་དཀར་བ། །གང་ཞིག་ཐོབ་པ་དེ་ཡང་འཁོར་ལོའི་མགོན་གྱི་ཐུགས་དགོངས་རྫོགས་ཕྱིར་དང་། །མཆོག་གི་ཟློས་གར་ཆེ་རྣམས་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་ཕྱོགས་མཐར་རྒྱས། །མ་ལུས་འགྲོ་རྣམས་སྒྲིབ་གསུམ་ལས་གྲོལ་རྣམ་མཁྱེན་གོ་འཕང་ཐོབ་ཕྱིར་བསྔོ། །གྲོགས་དག་སྲིད་པའི་ཕུན་ཚོགས་ཐམས་ཅད་མི་བརྟན་སྟོན་ཀའི་སྤྲིན་བཞིན་གཡོ། །འཚོ་བ་ཆུ་ཡི་ཆུ་བུར་འདྲ་སྟེ་འདི་ལ་ཡིད་བརྟན་རུང་བ་ཅི། །གཏན་དུ་ཕན་པ་དམ་པའི་ཆོས་ལས་སྐྱབས་དང་གཉེན་གྱུར་གཞན་མ་མཆིས། །དེ་ཕྱིར་སྙིང་ནས་བརྩོན་པས་སྒྲུབས་ལ་ཐར་མཆོག་ཞི་བའི་གླིང་བགྲོད་འཚལ། །རྒྱལ་བསྟན་ཉིན་བྱེད་ནུབ་རིའི་རྩེར་གཞོལ་ལྷ་མིན་འབྱུང་བྱའི་གད་མོ་སྒྲོགས། །མི་རྣམས་ཕལ་ཆེར་ཆོས་མིན་ལ་གཞོལ་ཆོས་ལྟར་སྤྱོད་རྣམས་ཐབས་ཀྱིས་སྨོད། །འདི་འདྲའི་དུས་སུ་བདེ་བའི་སྐབས་ཅི་གཅིག་པུར་ནགས་ཀྱི་ནང་འདུག་སྟེ། །རྩེ་གཅིག་སྒྲུབ་ལ་གཞོལ་རྣམས་སྐལ་བཟང་འདུན་མ་ལེགས་པའི་རྩེ་མོ་ལགས། །བདག་ཀྱང་སྐྱེ་ཀུན་རྣམ་གཡེང་འདུ་འཛིའི་དགྲ་ཡི་དབང་དུ་འགྱུར་མིན་པར། །ནགས་མཐོང་རི་དྭགས་རྒྱུ་བའི་སྨན་ལྗོངས་དམ་པ་རྣམས་ཀྱིས་སྨོན་གནས་དེར། །རང་དབང་དམ་པའི་ཆོས་སྤྱོད་ངེས་དོན་སྙིང་པོའི་ཆོས་མཛོད་ཀུན་འཛིན་ཅིང་། །མཁའ་ཁྱབ་ཞིང་དུ་སྲས་བཅས་རྒྱལ་བའི་ཕྲིན་ལས་སྒྲུབ་པའི་བྲན་གྱུར་ཅིག །བཀྲ་ཤིས་གང་ཞིག་གཞི་རྒྱུད་གདོད་ནས་དག་པའི་ཆོས་ཉིད་བཻཌཱུཪྱ། །བཀྲ་ཤིས་གང་ཞིག་ལམ་རྐྱེན་སྨིན་གྲོལ་ཐབས་མཁས་ཁྲུས་རས་ཀྱིས་སྦྱོང་བས། །བཀྲ་ཤིས་གང་ཞིག་འབྲས་རྒྱུད་སྐུ་དང་ཡེ་ཤེས་སྣང་བ་འབྱམས་ཀླས་པའི། །བཀྲ་ཤིས་གང་ཞིག་མི་འགྱུར་རྟག་པ་དམ་པའི་དཔལ་གྱིས་མཛེས་གྱུར་ཅིག །ཅེས་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་སྒྲུབ་ཐབས་རྣམ་པར་བཤད་པ་སྙིང་པོར་དྲིལ་བ་འདི་ནི། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཕྲིན་ལས་གྱི་རྣམ་པར་འཕྲུལ་བ་རིས་མེད་བསྟན་འགྲོ་ཡོངས་ཀྱི་དཔུང་གཉེན་འཇམ་དབྱངས་དགའ་བའི་གོ་ཆའམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ཞེས་སྙན་པའི་བ་དན་སྲིད་ན་གསལ་བ་གང་གིས་ལྷ་རྫས་གསེར་གྱི་མེ་ཏོག་དང་བཅས་བཀའ་སྩལ་སྤྱི་བོར་ཕེབས་པ་དང་། རང་གམ་ན་གནས་པའི་མཆོག་སྤྲུལ་རིན་པོ་ཆེ་རྒྱལ་སྲས་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང་། གཅུང་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་གཉིས་ནས་ཀྱང་མྱུར་དུ་གྲུབ་ན་ལེགས་པའི་བསྐུལ་མ་གནང་བ་ལ་བརྟེན། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་ཚད་མེད་པའི་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས་ཤིང་། ཁྱད་པར་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱིས་ལམ་འདི་ཉིད་ཀྱི་སྨིན་གྲོལ་ཟབ་མོས་རྗེས་སུ་བཟུང་ཞིང་། སྔར་བགྲང་བྱ་དྲུག་པའི་གུང་དུ་སོན་པ་ན་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོར་གཏུག་པའི་ཚེ་མེ་ཏོག་ཤར་ཐུགས་རིགས་ལ་བབས་པའི་ཚེ་གསང་བའི་མིང་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་དུ་གནང་ནས་དབུགས་དབྱུང་ཐོབ་པའི་ཀུ་སཱ་ལི་མིང་གཞན་རྒྱལ་སྲས་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སུ་འབོད་པའི་སྙོམ་ལས་པ་རྒན་པོས། རང་ལོ་ལྔ་བཅུ་པ་དྲག་པོ་ལྕགས་སྤྲེལ་གྱི་ལོ་མཇུག་ཏུ། རང་གནས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དབེན་སྤྱིིལ་བཀྲ་ཤིས་འཆི་མེད་འོད་སྣང་དུ་ལམ་འདིའི་བསྙེན་སྒྲུབ་ལ་གནས་པའི་ཐུན་གསེང་རྣམས་སུ་བྲིས་ནས་གྲུབ་པར་བགྱིས་བ་སྟེ་འདི་ལ་གསང་བ་བསྒྲགས་པ་སོགས་ཀྱི་ནོངས་པ་གང་མཆིས་བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་འཁའ་འགྲོའི་ཚོགས་དང་བཅས་པའི་སྤྱན་སྔར་བཤགས་ཤིང་དགེ་བས་བདག་དང་འགྲོ་ཀུན་ཤྲཱི་ཧེ་རུ་ཀའི་གོ་འཕང་དཀའ་བ་མེད་པར་མངོན་དུ་བྱེད་པར་གྱུར་ཅིག བླ་མ་མཆོག་དང་དཔལ་ཆེན་ཧེ་རུ་ཀ༔ གྲུབ་པའི་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས། །འདི་འཛིན་རྣམས་ཀྱི་སྒོ་གསུམ་བྱིན་རློབས་ལ། །རང་གཞན་དོན་གཉིས་བསམ་ཀུན་འགྲུབ་པར་མཛོད། །ཅེས་ཀྱང་སྨྲས་སོ།། །།


previousསྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ།next