Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང་།


 
previousགྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང་།no next

གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང་།

༄༅། །གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ངྷཱ་ར་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་རྡོ་རྗེ་གྲོ་ལོད་དང་། །དབྱེར་མེད་བླ་མ་མཆོག་གིས་སྐྱོངས། །ཟབ་དང་རྒྱ་ཆེའི་གདམས་པའི་སྲོལ། །ཇི་བཞིན་འགྲོ་ལ་དབང་མིན་ཡང་། །རང་སྐལ་མཉམ་ལ་སྨན་འདོད་བློས། །ཕྱོགས་ཙམ་འབྲི་ལ་གནང་བ་སྩོལ། །དེ་ཡང་གཏེར་གཞུང་རྩ་བར། རྣལ་འབྱོར་སྒྲུབ་པའི་སྲོག་གི་གོ༔ བར་ཆད་ལོག་འདྲེན་སྐྱོབ་པའི་རྫོང༔ སྙིགས་དུས་དམ་འགོང་གདུག་པ་ཅན༔ འདུལ་བའི་གཉེན་པོ་ཟླ་མེད་པ༔ དྲག་པོ་འཆོལ་བའི་གསང་སྒྲུབ་བསྟན༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་དུ༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ཞེས་དང་། བདག་ཉིད་རྡོ་རྗེ་གྲོ་ལོད་ཀྱིས༔ རང་གི་སྒྲུབ་ཐབས་གྲངས་མེད་བརྩམས༔ཀུན་གྱི་ཡང་ཟབ་སྙིང་ཁྲག་ཐིགས༔ བརྩེ་བས་བཻ་རོ་ཉིད་ལ་གདམས༔ གསང་འཛིན་མཁའ་འགྲོས་གཏེར་དུ་སྦོས༔ མ་འོངས་དྲག་སྤྱོད་རྩུབ་འགྱུར་དུས༔ ལྷ་མིན་ཀླ་ཀློ་འཇུག་པའི་ལྟས༔ ནག་ཕྱོགས་བདུད་རིགས་ཤུགས་བརྡོལ་ཚེ༔ འཕྲད་ཆོག་གཉེན་པོ་བླ་ན་མེད༔ རྡོ་རྗེ་ཕ་ལམ་གོ་དང་མཚུངས༔ ལོ་ཙཱ་ཆེན་པོའི་སྨོན་ལམ་མཐུས༔ སྤྲུལ་པ་ཞིག་གིས་སྣང་བར་བྱེད༔ རང་གཞན་མང་པོའི་དོན་དུ་འགྱུར༔ ས་མ་ཡ༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། ཕྱིས་དུས་ལ་བབས་པའི་ཚེ། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་མེ་དཀར་མོ་སྟག་ཚང་ནས། སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་པར་འཕྲུལ་བ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གསང་བའི་གཏེར་དུ་སྤྱན་འདྲེན་པར་མཛད་པའི་ཆོས་སྡེ་ཟབ་གཉན་ཁྱད་པར་དུ་འཕགས་པའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས། ལམ་འདིའི་སྨིན་བྱེད་ཀྱིས་རྒྱུད་སྨིན་པར་བྱས་ཏེ་དམ་ཚིག་ལ་གནས་པ་གཞིར་བཞག་ནས། དབེན་པའི་གནས་སུ་བསམ་གཏན་གྱི་སྤྱོད་ལམ་དང་མཐུན་པར་སྟན་བདེ་བར་འཁོད་ལ། ཐོག་མར་ཁ་ནང་དུ་ཕྱོགས་ཏེ་འདི་ལྟར། བདག་ད་རེ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་མཇལ། རྒྱལ་བསྟན་སྤྱི་དང་ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་འདི་ལྟ་བུ་དང་མཇལ་ཞིང་ལམ་ཉམས་སུ་ལེན་དུ་ཡོད་པ་འདི་ནི་སྔོན་བསྐལ་པར་གོམས་པའི་ལེགས་བྱས་ཀྱི་འབྲས་བུ་ཡིན་པས་ཕྱིས་ཡང་ཡང་རྙེད་པར་དཀའ། ད་རེས་ལན་གཅིག་ཐོབ་པ་དོན་མེད་དུ་མ་སོང་བར་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱ། དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན་སྣོད་བཅུད་གང་ལ་བསམས་ཀྱང་རྟག་ཐུབ་པ་ནི་གཅིག་ཀྱང་མི་འདུག ཁྱད་པར་སྐྱེས་བུའི་ཚེ་སྲོག་ནི་རླུང་གསེབ་ཀྱི་མར་མེ་དང་འདྲ་སྟེ་ནམ་འཆི་དང་འདིས་འཆིའི་ངེས་པ་མེད། ཐ་ན་དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་བཟུང་བྱར་མེད་པ་ལ་སྔར་ཕན་མ་དྲན་པས་རེ་བསླུས། འཆི་བ་དེ་ཐོག་བབས་སུ་བྱུང་བའི་ཚེ་མཛའ་བཤེས་གཉེན་འདུན་ནོར་རྫས་སོགས་གང་གིས་ཀྱང་མི་ཕན་པར་རང་ཉིད་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་དུ་འཁྱམས་དགོས་པར་འདུག དེ་དུས་ཕན་པ་དམ་པའི་ཆོས་ཉག་གཅིག་ཀྱང་རང་གིས་མ་བསྒྲུབས་ན་གཞན་ནས་ཁྱེར་རྒྱུ་ནི་མེད། སྡིག་པས་གནོད་ཀྱང་བྱས་ཟིན་སྐྱུར་དབང་ནི་མེད། ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གི་སྐྱེ་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། དེས་ན་ད་རེས་ནམ་བཞག་གཏན་གྱི་འདུན་མ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེན་དེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཟབ་མོ་ལ་བརྩོན་པར་བྱའོ་སྙམ་དུ་བཅོས་མིན་གྱི་ངེས་འབྱུང་དྲག་པོ་རྒྱུད་ལ་བསྐྱེད་ནས་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་དངོས་ལ། གཞུང་རྩ་བར། དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ ཞེས་གསུངས་པ་ལྟར། སྔོན་དངོས་རྗེས་གསུམ་ལས། དང་པོ་ལ། ཐོག་མར་མི་ཕྱེད་དད་པ་ཡིས༔ སྐྱབས་སུ་འགྲོ་ཞིང་སེམས་མཆོག་བསྐྱེད༔ ཅེས་པས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཞར་བྱུང་ཚོགས་བསགས་པས་རྒྱུད་སྦྱང་བ་དང་གསུམ་ལས། དང་པོ་ནི། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ས་ཕྱོགས་འདི་ཉིད་འོག་མིན་གསང་ཆེན་རོལ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་མདུན་གྱི་ནམ་མཁའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་གུ་རུ་རྡོ་རྗེ་གྲོ་བོ་ལོད་དུ་གསལ་བའི་སྟེང་གི་ཆར་རྩ་བརྒྱུད་བླ་མ་རྣམས་དང་། མཐའ་བསྐོར་དུ་ཡི་དམ་སངས་རྒྱས་དམ་ཆོས་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་ཕུང་གཏིབས་པ་བཞིན་མངོན་སུམ་དུ་བཞུགས་པར་མོས་པའི་སྤྱན་སྔར། གང་སྐྱབས་སུ་འགྲོ་བ་པོ་རང་གཞན་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོར་བའི་བྱང་རང་ཉིད་ཀྱིས་དྲངས་ཏེ། ཚུལ་ཇི་ལྟར་འགྲོ་ན། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ལྟོས་ཁྱེད་རྣམས་ལས་མེད་པས། དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་ཀྱི་བློས་སྐྱབས་སུ་འགྲོ་བར་མོས་ལ། ན་མོ༔ ཕྱོགས་དུས་རྒྱལ་བ་སོགས་ཀྱི་ཚིག་ཅི་ནུས་བརྗོད་ཅིང་མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སེམས་ཅན་ཐམས་ཅད་བྱེའུ་ཁྱུ་འུར་རྡོས་དེད་པ་ལྟར་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ། སྐྱབས་སུ་འགྲོ་བྱ་འགྲོ་བྱེད་མི་དམིགས་པའི་ངང་ལ་དལ་ཅིག་བཞག་རྗེས་དགེ་བ་བསྔོ་བར་བྱའོ། །གཉིས་པ་ནི། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་ཡིན་ནའང་དེ་ལྟར་མ་རྟོགས་པའི་དབང་གིས་གཟུང་འཛིན་གྱི་འཁྲུལ་པ་ལུ་གུ་བརྒྱུད་དུ་འཕྱན་པས་ཕྱིན་ཅི་ལོག་ཏུ་ཞེན་པའི་གནོད་བྱེད་བདུད་བགེགས་ལོག་པར་འདྲེན་པ་འདི་རྣམས་ཀྱི་གཙོས་མཁའ་ཁྱབ་ཀྱི་སེམས་ཅན་མུ་མེད་པ་འདི་རྣམས་ཀྱི་སྔོན་ཆད་བདག་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པར་བྱས་ཤིང་། ཕན་ཚད་མེད་པ་བཏགས། གནོད་པ་དུ་མ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན། འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་རྗེ་བའི་སར་བཞག་པས་ཅི་ཕན། བདག་གིས་ལམ་ཟབ་མོ་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ་ཕ་མ་སེམས་ཅན་འདི་རྣམས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་ཚོགས་ཞིང་དཔང་པོའི་ཚུལ་དུ་བྱས་ཏེ་སྙིང་རྗེ་ཚུགས་ཐབས་མེད་པའི་སྒོ་ནས། གཟུང་འཛིན་བདུད་བགེགས་སོགས་ཅི་ནུས་སེམས་རྒྱུད་དང་འདྲེས་ངེས་སུ་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་བའི་བདེ་སྡུག་གཏོང་ལེན་བྱས་རྗེས། སེམས་བསྐྱེད་བྱ་སྐྱེད་བྱེད་མི་དམིགས་པར་བསམ་ལ་མཉམ་པར་བཞག་ཅིང་བསྔོ་བ་བྱའོ། །གསུམ་པ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་རང་བཞིན་གཉིས་སུ་མེད་པར་རྟོགས་པས་སྐྱབས་སུ་འགྲོ་བ། དངོས་འབྱོར་ཡིད་སྤྲུལ་གྱི་དག་པའི་མཆོད་པ་འབུལ་ཞིང་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་གེ གས་ཉེས་བྱས་བཤགས་པ། ཕྱོགས་བཅུ་དུས་གསུམ་གྱི་དགེ་བ་ལ་རྗེས་སུ་ཡི་རངས་ཤིང་གནས་ལུགས་མཐའ་བྲལ་མཉམ་པ་ཆེན་པོར་སེམས་བསྐྱེད་པ་དང་། རང་གི་ལུས་འབུལ་ཞིང་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་བཅས་ཀྱི་དོན་ཡིད་ལ་བསམ་བཞིན་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཅི་ནུས་བརྗོད། ཚོགས་ཞིང་རྣམས་འོད་དུ་ཞུ་བ་ཚངས་བུག་ནས་སྙིང་དབུས་སུ་ཐིམ་པར་བསམ་སྟེ། འཁོར་གསུམ་ཡོངས་དག་བརྗོད་བྲལ་མི་རྟོག་པའི་ངང་དུ་མཉམ་པར་བཞག་རྗེས་དགེ་བ་བསྔོ། ཆོ་གའི་དཀྱུས་སུ་གོང་གི་ཚོགས་ཞིང་ཉིད་མ་བསྡུས་པར་སེམས་བསྐྱེད་དང་ཚོགས་བསགས་ཀྱི་རྟེན་དུ་བྱས་པས་གྲུབ་བོ། །གཉིས་པ་དངོས་གཞི་ལ། དངོས་གཞི་བསྐྱེད་བཟླས་རྫོགས་གསུམ་ལས༔ ཞེས་པས། སྐུ་བསྐྱེད་པ་ལྷ་ཡི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་གསུམ་ལས། དང་པོ་ནི། ལྷ་བསྐྱེད་དམ་ཡེ་གཉིས་མེད་པར༔ གདོད་ནས་རང་བྱུང་རང་གསལ་གདབ༔ ཅེས་པས་དམ་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་གསལ་གདབ་པ་སྟེ། དེ་ཡང་། ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་སྣང་ཆོས་རྣམས་ཀ་ནས་དག༔ སོགས་ཏེ། དེ་ཡང་གཟུང་འཛིན་གཉིས་སུ་སྣང་ཞིང་ཞེན་པའི་ཕྱི་ནང་གི་ཆོས་འདི་ཐམས་ཅད་དོན་དམ་པར་ཡེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པ་མེད་པའི་དབྱིངས་སྤྲོས་བྲལ་ཀ་དག་འདུས་མ་བྱས་རང་བཞིན་རྫོགས་པ་ཆེན་པོའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཀུན་དབྱེར་མེད་རོ་མཉམ་པའི་རང་བྱུང་གདོད་མའི་གཤིས་ལུགས་འཆིང་གྲོལ་ལས་འདས་པའི་ངང་དུ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྟོང་ཉིད་དེའི་ངང་ལས་མ་གཡོས་བཞིན་དུ་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་ཀུན་ཁྱབ་སྒྱུ་མ་ལྟ་བུའི་རང་རྩལ་འགགས་པ་མེད་པ་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་ཀུན་ལ་ཁྱབ་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་གསལ་སྟོང་འཛིན་བྲལ་དུ་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེའམ་དབྱིངས་རིག་ཟུང་དུ་འཇུག་པའི་རང་བྱུང་གདོད་མའི་གཤིས་ལུགས་མ་བཅོས་གཞིར་གནས་ཀྱི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཕྲོ་གཞིའམ་རྩ་བ་ལྟ་བུར་གྱུར་པ་ནི་རྒྱུ་ཡི་ཏིང་ངེ་འཛིན་ཏེ། དེའི་ངང་ལས་བློ་སྟོབས་ཆེ་ཞིང་སྔར་བསྐྱེད་རིམ་ལ་གོམས་པ་བསྟན་པ་ཡིན་ན། འདིར་སྤྲོས་མེད་ཨ་ཏི་ཡོ་ག་ལྟར་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་འདེབས་པ་ཡིན་ལ། དེ་ལྟར་མི་ནུས་པའི་ལས་དང་པོ་པ་དག་གིས་རྒྱུའི་ཏིང་ངེ་འཛིན་རང་སེམས་ཧཱུྃ་ཡིག་དམར་པོར་གསལ་བ་གདན་གྱི་སྟེང་དུ་བབས་པ་གསུང་ཡིག་འབྲུ། དེ་ལས་ཕྱག་མཚན་རྡོ་རྗེར་གྱུར་པ་ཐུགས་ཕྱག་མཚན། དེ་ཉིད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་རྫོགས་སུ་བསྐྱེད་པ་སྟེ་རྡོ་རྗེའི་ཆོ་ག་སུམ་བསྐྱེད་ལྟར་བྱས་ཀྱང་མི་འགལ་སྙམ། གང་ལྟར་ཡང་སྤྲོས་པ་ལ་དགའ་ན་སྲུང་གུར་གྱི་ནང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་པད་ཉི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རང་བྱུང་དྲག་པོའི་གཞལ་མེད་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་འདེབས་པའམ། བསྡུ་ན་སྲུང་གུར་ཙམ་བསྒོམ་པའི་ལྟེ་བར་དྲེགས་པ་སྡེ་བརྒྱད་བསྣོལ་བའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་གེ་སར་ཟི་ཕོལ་དང་བཅས་པ། དེའི་སྟེང་དུ་ཉི་དཀྱིལ་ཁ་དོག་དམར་པོ་འོད་འབར་བ། དེའི་ཁར་གསར་བྱུང་གི་རྒྱལ་བསེན་དམ་སྲིའི་ཚོགས་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་སྡེར་མོས་བཟུང་ཞིང་གཟིར་བའི་ཡེ་ཤེས་ཀྱི་སྟག་མོ་དྲུས་མའི་སྟེང་དུ། ཐོག་མར་རྒྱུ་ཡིས་མ་བསྐྱེད། ཐ་མ་རྐྱེན་གྱིས་མི་འཇིག་པའི་མཐའ་གྲོལ་རང་བྱུང་གི་ཡེ་ཤེས་ཧེ་རུ་ཀ་རྩོལ་བྲལ་ལྷུན་གྱིས་གྲུབ་པའི་རྡོ་རྗེའི་སྐུ་འཆོལ་བའི་ཆས་ཅན་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། སྐུ་མདོག་སྨུག་ནག་བསྐལ་པའི་མེ་ལྟར་འབར་བ་ཁྲོ་གཏུམ་གར་དགུའི་ཉམས་ལྡན། དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་ཅིང་ཆོས་གོས་གསོལ་བ། ཞལ་གཅིག ཕྱག་གཉིས། སྤྱན་གསུམ་པ། ཕྱག་གཡས་ཀྱིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་དབྱིངས་སུ་འཕྱར་བའི་ཡར་མར་གྱི་རྩེ་ལས་ཧཱུྃ་དགུ་དང་རྃ་དགུའི་ཚྭ་ཚྭ་འཕྲོ་བས་སྟེང་གདོན་རྣམས་འཇོམས་པ། ཕྱག་གཡོན་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་རྣོ་དབལ་དང་ལྡན་པ་ལོག་འདྲེན་བགེགས་ཀྱི་སྙིང་ལ་གཟིར་ཞིང་། སྡིགས་མཛུབ་ཀྱི་རྩེ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ། དེ་ལས་ལྕགས་སྡིག་གི་ཕོ་ཉ་གྲངས་མེད་པ་འགྱེད་པས་གསར་བྱུང་གི་རྒྱལ་འགོང་མ་རུངས་པ་རྣམས་ཆེམ་ཆེམ་ཟ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིངས་ཤིང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་སྤྲུལ་པའི་བྱ་ཁྱུང་དམར་ནག་གནམ་ལྕགས་ཀྱི་མཆུ་སྡེར་ཅན་མེ་ཡི་གཤོག་པ་གཡོབ་པ། དེ་ལས་སྤྲུལ་པའི་བྱ་ཁྱུང་རིགས་ལྔ་གྲངས་མེད་པ་སྤྲོ་བས་འོག་གདོན་ཀླུ་དང་ས་བདག་གི་ཚོགས་འཇོམས་པ། ཐུགས་དབུས་སུ་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་གུ་རུ་ཞི་བ་ཟ་ཧོར་གྱི་ཆ་བྱད་ཅན་ཚོན་གང་བ་དཀར་ལ་དམར་བའི་མདངས་དང་ལྡན་པ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་དམར་པོ་ཡུངས་འབྲུ་ཙམ་འོད་འབར་བ། སྐུ་ཡི་གནས་ལྔ་ན། སྤྱི་བོར་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་སེར་ནག་གཡས་ཐོད་དབྱུག་དང་གཡོན་འཁོར་ལོ་འཛིན་པ། མགྲིན་པར་རྟ་མགྲིན་དམར་ནག་གཡས་བེ་ཅོན་དང་གཡོན་ཞགས་པ་འཛིན་པ། ཐུགས་ཀར་གསང་བདག་ཕྱག་ན་རྡོ་རྗེ་མཐིང་ནག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། ལྟེ་བར་པདྨ་འདབ་བཞིའི་ལྟེ་བར་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་མཐིང་ནག པད་འདབ་བཞི་ལ་ཤར་ནས་རིམ་པ་བཞིན་རྡོ་རྗེ་མཁའ་འགྲོ་དཀར་མོ། རིན་ཆེན་མཁའ་འགྲོ་སེར་མོ། པདྨ་མཁའ་འགྲོ་དམར་མོ། ལས་ཀྱི་མཁའ་འགྲོ་ལྗང་ཀུ་རྣམས་གཅེར་མོ་ལང་ཚོ་རྒྱས་པའི་ཉམས་ཅན། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པ། ཐོད་སྐམ་གྱི་དབུ་རྒྱན་དང་རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་ཅན། ཞབས་བརྐྱང་བསྐུམ་གྱི་གར་སྟབས་ཀྱིས་རོལ་བ། གསང་བར་ཡཀྴ་མེ་དབལ་སྐུ་མདོག་སྨུག་ནག་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ། ཁྲོ་བོ་བཞི་ཀའང་ཁྲོ་ཚུལ་གར་དགུའི་ཉམས་ཀྱིས་སྒེག་ཅིང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ་ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་པད་ཉིའི་གདན་ལ་རོལ་བ། གཞན་ཡང་སྐུའི་གནས་རྣམས་སུ་གོ་ཆའི་ལྷ། དཔྲལ་བར་ཧཱུྃ་ཀཱར་ཡབ་ཡུམ་སྔོན་པོ། དེ་བཞིན་དུ་མགྲིན་པར་རྟ་མགྲིན་དམར་པོ། ཐུགས་ཀར་གཤིན་རྗེ་སྔོན་པོ། ལྟེ་གོང་དུ་བདུད་རྩི་འཁྱིལ་བ་ལྗང་སེར། ལྟེ་བར་མི་གཡོ་བ་ལྗང་ནག གསང་གནས་སུ་སྟོབས་ཆེན་སྔོན་པོ། དཔུང་གཡས་སུ་རྣམ་རྒྱལ་དཀར་པོ། དཔུང་གཡོན་དབྱུག་སྔོན་སྔོན་པོ། བརླ་གཡས་འདོད་རྒྱལ་དམར་སྐྱ། བརླ་གཡོན་ཁམས་གསུམ་རྣམ་རྒྱལ་སེར་ནག་སྟེ་ཁྲོ་བཅུ་ཡབ་ཡུམ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཕྱག་མཚན་སོགས་སྤྱི་ལྟར་དང་། ཟ་གསོད་ཁྲ་ཐབས་ཕྱག་བརྙན་དང་བཅས་པས་བ་སྤུའི་བུ་གའི་མཐར་ཐུག་གི་བར་དུ་ཁྱབ་པར་གཏམས་པ། སྐུའི་ཕྱི་རོལ་དུ་སྤྲུལ་པའི་ཁྲོ་བོས་གནམ་ས་གང་ཞིང་། ཡང་སྤྲུལ་ཁྱུང་སྡིག་གི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཀུན་གཡོ་བ། མེ་མཚོན་རྡོ་རྗེའི་ཚྭ་ཚྭ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་དུ་གཟི་བརྗིད་བཟོད་པར་དཀའ་བའི་ཉམས་ཅན་འཁོར་འདས་ཀྱི་ཞིང་ཀུན་ལ་མངའ་དབང་མཛད་པའི་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་སྟེ། དེ་ཡང་རང་གི་གཉུག་མའི་སྒོ་གསུམ་གདོད་མ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པས་དམ་ཡེ་ཐ་དད་དུ་འཛིན་པའི་ཞེན་རྟོག་མཐའ་དག་ཕྲལ་ཏེ་གསལ་སྟོང་འཛིན་བྲལ་གྱི་ཚུལ་དུ་བསྒོམས། དེ་ཡང་ཐ་མལ་གྱི་སྣང་ཞེན་རགས་པ་ཟློག་པའི་ཕྱིར་རང་ལྷ་སྐུའི་རྣམ་པ་ཆ་བྱད་ཡོངས་རྫོགས་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་ལམ་གྱིས་གསལ་བཏབ་སྟེ་སྐུའི་རྣམ་པ་སྤྱི་ལ་སེམས་འཛིན། དེ་ལ་སེམས་ཟིན་པ་ན་ཕྲ་བ་སྦྱོང་བའི་ཕྱིར་སྐུའི་ཆ་ཤས་སྤྱན་སོགས་རེ་རེ་ནས་དང་། དེ་བཞིན་དུ་ཕྱག་མཚན་དང་རྒྱན་ཆས་ལུས་དཀྱིལ་དང་གོ་ཆའི་ལྷ་སོགས་རེ་རེ་ནས་གསལ་འདེབས། དེ་གསལ་བ་དང་ཡང་གཅིག་ཅར་དུ་གསལ་འདེབས་ཤིང་བྱིང་རྒོད་སོགས་ཀྱི་སྐྱོན་བསལ། སྐབས་འགར་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བའི་ཞུ་བདེས་དྲངས་པའི་ལྷ་སྐུ་བཅོས་མིན་བདེ་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསླབ་ལ་བོགས་དབྱུང་། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། ཕྱོགས་དུས་ཀྱི་རྒྱལ་བ་མ་ལུས་པ་འདུས་པའི་བདག་ཉིད་གུ་རུ་རྡོ་རྗེ་གྲོ་བོ་ལོད་ནི་ཡེ་གདོད་མ་ཉིད་ནས་ངའོ་སྙམ་དུ་ང་རྒྱལ་བཟུང་ཞིང་ལྷ་སྐུ་རང་གི་རིག་རྩལ་དུ་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ། དེ་ནས་དག་དྲན་ལ་བསླབ་པའང་། དོན་དམ་པར་ན་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་གཟུང་འཛིན་གྱིས་སྤྲོས་པའི་ཞལ་ཕྱག་སོགས་རང་མཚན་པ་མེད་ཀྱང་མཐའ་ཀླས་པའི་གདུལ་བྱའི་འགྲོ་བ་རྣམས་འདུལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཉིད་མཚན་མ་རྟགས་ཀྱི་ཕྱག་རྒྱར་བཞེངས་པར་མོས་པ་སྟེ། དེ་ཡང་ཆོས་ཉིད་འགྱུར་བ་མེད་པའི་བདེ་བ་ཆེན་པོའི་རང་མདངས་སྐུ་མདོག་སྨུག་ནག་བསྐལ་པའི་མེ་ལྟར་འབར་བ་ནི་གདུལ་བྱ་ལ་རྗེས་སུ་ཆགས་ཤིང་དབང་དྲག་སོགས་ལས་རབ་འབྱམས་ལ་མངའ་དབང་འབྱོར་བའི་བརྡའོ། །དེ་བཞིན་དུ་ཞལ་གཅིག་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་སྐུ་དང་ཡེ་ཤེས་དབྱེར་མེད་རོ་གཅིག་པའོ། །ཕྱག་གཉིས་ནི་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་པའོ། །སྤྱན་གསུམ་སྡང་མིག་ཏུ་གཡོ་བ་ནི་གནས་ལུགས་རྣམ་ཐར་སྒོ་གསུམ་དུ་མཚོན་པའོ། །ཕྱག་གཡས་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་བསྣམས་པ་ནི་ཆོས་ཉིད་འགྱུར་བ་མེད་པའི་ཡེ་ཤེས་ཀྱིས་ཁམས་གསུམ་ས་དགུའི་རྟོག་པ་འཇོམས་པའོ། །རྩེ་མོ་ནས་སྔགས་ཀྱི་ཚྭ་ཚྭ་འཕྲོ་བ་ནི་ལོག་འདྲེན་རྣམས་སྐྱེ་མེད་ཀྱི་དབྱིངས་སུ་སྒྲོལ་བར་བྱེད་པའོ། །ཕྱག་གཡོན་ན་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་དབལ་དང་ལྡན་པ་འཛིན་པ་ནི་དུག་གསུམ་སྐུ་གསུམ་གྱི་ཀློང་དུ་སྒྲོལ་ཞིང་སྲིད་གསུམ་ཐལ་བར་འབྱིན་པའོ། །རྩེ་ལས་གནམ་ལྕགས་སྡིག་པའི་ཕོ་ཉ་འགྱེད་པ་ནི་བདག་ལྟའི་ཉོན་མོངས་ཀྱི་སྲོག་དབུགས་བདག་མེད་རྟོགས་པས་རྔམས་ཟས་སུ་བྱེད་པའོ། །ཞབས་གཉིས་གྱད་ཆེན་པོའི་སྟབས་ཀྱི་སྤྲུལ་པའི་སྟག་མོ་དྲུས་མའི་སྟེང་ན་འགྱིང་བ་ནི་ཐབས་ཤེས་ཟུང་དུ་འཇུག་ཅིང་འགྲོ་བའི་དོན་ལ་བཞེངས་པའོ། །སྟག་གི་སྦར་མོས་རྒྱལ་བསེན་གཟིར་བ་ནི་བདུད་བཞི་ཟིལ་གྱིས་གནོན་པའོ། །སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ཆོས་གོས་གསོལ་བ་ནི་ཚོགས་བརྒྱད་རྣམ་པར་དག་ཅིང་ཐེག་གསུམ་ཡོངས་སུ་རྫོགས་པའོ། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་ནི་ཉོན་མོངས་པའི་བུད་ཤིང་བསྲེགས་པའོ། །གཞན་ཡང་སྤྱི་བོར་སྤྲུལ་པའི་བྱ་ཁྱུང་རིགས་ལྔ་དང་། སྐུ་མཆོག་འཇམ་དཔལ་གཤིན་རྗེ་སོགས་གནས་ལྔའི་ལྷ་དང་མཁའ་འགྲོ་རྣམས་ནི། ཕུང་ཁམས་ཉོན་མོངས་རྟོགས་ཚོགས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་དག་ཅིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་པའི་གསང་བ་ལ་མངའ་དབང་འབྱོར་པ་དང་ཤེས་རབ་སྟོང་ཉིད་ཀྱི་ཕྱག་རྒྱའོ། །ཁྲོ་བཅུ་ཕྲ་ཕྱག་སོགས་གོ་ཆའི་ལྷ་རྣམས་ཀྱང་མི་དགེ་བཅུ་དང་ཉེ་ཉོན་ཉི་ཤུའི་རྟོག་པ་རྣམ་པར་དག་ཅིང་དགེ་བཅུ་ཕར་ཕྱིན་བཅུ་དང་སྟོབས་བཅུ་དབང་བཅུ་སོགས་ཡང་དག་པའི་དོན་དང་ལྡན་པས་མཚོན། སྤྲུལ་པ་དང་ཡང་སྤྲུལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོ་གཅིག་གི་རང་རྩལ་དུ་ཤེས་པར་བྱ་བ་སྟེ། རིན་ཆེན་དྲྭ་བའི་མཛོད་ལས། སྣང་སྲིད་རྣམ་དག་རང་བཞིན་དཀྱིལ་འཁོར་ན། །རང་བྱུང་མ་བཅོས་རྡོ་རྗེ་སྙིང་པོའི་སྐུ། །དུས་གསུམ་འགྱུར་བ་མེད་པར་རྟག་པར་བཞུགས། །བདེ་བ་ཆེན་པོ་བདེ་བ་རྟག་སྤྱོད་པ། །ཞེས་དང་། ཀྱེ་རྡོ་རྗེ་ལས། རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུའང་། །སངས་རྒྱས་གཞན་དུ་རྙེདམི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཅེས་དང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དངོས་པོ་རོ་མཉམ་མཐའ་ཡས་པའི། །སེམས་ཀྱི་དེ་ཉིད་ལ་གནས་པའི། །བཞི་པའི་དཔལ་ལྡན་ཧེ་རུ་ཀ །ཞེས་གསུངས་པ་ལྟར་དོན་གྱི་མདོ་འགག་ནི། རང་སེམས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཉིད་འགྱུར་བ་མེད་པའི་སྟེང་དུ་སངས་རྒྱས་ཀྱི་ཆོས་རྣམས་ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་གནས་པ་ཉིད་དེ་དང་དེར་སྣང་བར་ཤེས་པར་བྱ་བ་སྟེ། རྩ་གསུམ་དགོངས་འདུས་ལས། གཞི་དུས་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་འགག་ལམ་གྱི་ལྷ་སྐུར་ཤར༔ འབྲས་བུ་རང་བཞིན་ཆོས་ཀྱི་སྐུ༔ གཟུགས་སུ་བཞེངས་པའི་དཀྱིལ་འཁོར་དང༔ མི་ཕྱེད་དག་པ་དྲན་པ་ཡིས༔ བསྐྱེད་རིམ་མཆོག་གི་ཉེ་རྒྱུར་བསྒྱུར༔ ཞེས་གསུངས། དོན་ལ་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་དབྱེར་མེད་དུ་ཐག་བཅད་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཇི་སྲིད་མི་སྐྱོའི་བར་དེ་སྲིད་དུ་སྒོམ་པར་བྱའོ། །སྐྱོན་བཟླས་པ་ལ་འཇུག་པའམ། ཡང་ན་ངལ་གསོས་ཏེ་ཡུན་ཐུང་གྲངས་མང་བའི་ཚུལ་གྱིས་རྩེ་གཅིག་ཏུ་གོམས་པར་བྱས་པས། རིམ་གྱིས་ཉམས་ལྔ་མཐར་ཕྱིན་ནས་རྣམ་སྨིན་རིག་འཛིན་གྱི་ས་ལ་སྦྱོར་བར་བྱེད་དེ། དེ་ཉིད་ལས། རང་སེམས་ལྷ་སྐུར་ཤར་བ་ན༔ གསལ་དྭངས་རྙོགས་པ་མེད་པའི་ངང༔ ཡུན་ཐུང་གྲངས་མང་རྩེ་གཅིག་བསྒོམ༔ གོམས་ནས་བསྒོམ་ཡུན་ཇེ་རིང་བྱ༔ དེ་ལྟར་བརྩོན་པས་ཡིད་ཀྱི་ཡུལ༔ མ་འདྲེས་ཡོངས་རྫོགས་གསལ་སྣང་འཆར༔ བར་དུ་རླུང་སེམས་ཟིན་པ་ལས༔སྟོང་གཟུགས་ལྷ་སྐུ་དབང་པོར་གསལ༔ ཐ་མ་རླུང་སེམས་ལྷ་ཡི་སྐུ༔ རྣམ་སྨིན་རིག་འཛིན་གྲུབ་པའི་རྟགས༔ ལུས་ཉིད་ལྷ་སྐུར་རང་ཤར་འབྱུང༔ ལྷ་དང་སེམས་འབྱུང་ཆོས་ཉིད་གསུམ༔ དབྱེར་མེད་དགོངས་པའི་གདེང་ཐོབ་ནས༔ བསྐྱེད་རིམ་མཐའ་རུ་ཕྱིན་པར་འགྱུར༔ཞེས་གསུངས་པ་བཞིན་ནོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། བཟླས་པ་ཡང་གསང་འབྲུ་གཅིག་གིས༔ བསྙེན་ཅིང་སྒྲུབ་སྟེ་ལས་ལ་སྦྱར༔ ཞེས་གསུངས་པ་ལྟར། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། བསྙེན་པས་བླ་མའི་བྱིན་རླབས་བསྐུལ༔ ཞེས་པས། ཁ་ཙམ་ཚིག་ཙམ་མིན་པར་སྙིང་ཁུང་རུས་པའི་གཏིང་ནས། རྗེ་བཙུན་ཨོ་རྒྱན་ཆེན་པོ་བདུད་འདུལ་དྲག་པོ་རྩལ་གྱི་གསང་བ་གསུམ་གྱི་རྣམ་ཐར་ཆེ་བའི་ཡོན་ཏན། མཛད་པའི་འཕྲིན་ལས། ནུས་པའི་མཐུ་སྟོབས། སྔོན་གྱི་ཞལ་བཞེས་ཐུགས་དམ་དང་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་ཉིད་ལས་སྐྱབས་དང་རེ་ས་གཞན་ན་མེད་པའི་གདུང་ཡུས་མཆི་མ་འཁྲུགས་པའི་སྒོ་ནས། ཧཱུྃ་ཧཱུྃ་ཧཱུྃ༔ བདག་གི་བླ་མ་བདུད་འདུལ་དྲག་པོ་རྩལ༔ སོགས་ཀྱིས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ཅིང་། སྙིང་པོ་ཧཱུྃ་བུམ་སྦྲེལ་དུ་བཟླས་པས། ཕྱོགས་བཅུ་དུས་བཞིའི་ཞིང་རབ་འབྱམས་དང་། ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་ཞིང་ཁམས་ནས་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་བླ་མ་རྡོ་རྗེ་གྲོ་བོ་ལོད་ཀྱི་རྣམ་པས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་འོད་དང་འོད་ཟེར་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། སྒོ་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པ་དག དབང་བཞི་ཐོབ། ལམ་བཞིའི་ཡེ་ཤེས་བསྐྱེད། སྐུ་བཞི་གོ་འཕང་རྒྱུད་ལ་བཞག འཁྲུལ་རྟོག་ཉོན་མོངས་ཞི། ཚེ་དབང་ཡེ་ཤེས་རྒྱས། ལུས་ལ་བདེ་བ་འབར། ངག་ལ་བདེན་ཚིག་གྲུབ། སེམས་ལ་རྟོགས་པ་འཆར། རང་སྣང་དབང་དུ་འདུ། གཞན་སྣང་ཟིལ་གྱིས་ནོན། མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་སྟན་ཐོག་འདི་ཉིད་དུ་ཐོབ་སྟེ། མདོར་ན་ཁྲོ་རྒྱལ་ཆེན་པོའི་གསང་བ་གསུམ་དང་དབྱེར་མེད་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་ལྷ་དང་བླ་མ་རང་སེམས་གསུམ་དབྱེར་མེད་པའི་ངང་དུ་མཉམ་པར་བཞག་ཅིང་བྱིན་རླབས་ཀྱི་མཚན་མ་མ་མཐོང་གི་བར་དུ་བཟླ་བར་བྱའོ། །གཉིས་པ་ནི། སྒྲུབ་པས་མཆོག་ཐུན་དངོས་གྲུབ་བསྡུ༔ ཞེས་གསུངས་ཏེ། འདི་ལ་བཟླས་པའི་གཞི་འགོད་པ། དོན་གྱི་དགོངས་པ་གསལ་འདེབས་པ། བཟླས་དམིགས་དངོས་སོ། །དང་པོ་ནི། རང་བྱུང་ཁྲོ་རྒྱལ་ཆེན་པོ་ཡི༔ སོགས་ཏེ། དེ་ཡང་རང་དམ་ཚིག་སེམས་དཔའི་ཐུགས་དབུས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་དམར་པོ་གསལ་བ་དེ་ལས། ཧཱུྃ་གིས་སྔགས་ཕྲེང་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཐམས་ཅད་གང་། ལས་ཉོན་བག་ཆགས་རྟོག་སྒྲིབ་ནད་གདོན་ཐམས་ཅད་བསྲེགས་ཤིང་སྦྱངས། ཐུགས་ཀ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་ཕྱིར་འཕྲོས། སྣོད་བཅུད་བརྟན་གཡོ་འཁོར་འདས་ཐམས་ཅད་ལ་ཁྱབ་པས། ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ཐམས་ཅད་གཟུགས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་འོད་གསལ་བདེ་བ་ཆེན་པོར་གྱུར་ཏེ། མཆོག་གི་དངོས་གྲུབ་མ་ལུས་པ་ཚེ་འདིར་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་མོས་པའོ། །གཉིས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པའི་ཧེ་རུ་ཀ༔ སོགས་ཏེ་འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་མ་འཁྲུལ་དོན་གྱི་ཧེ་རུ་ཀ་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་བླ་མ་རྡོ་རྗེ་གྲོ་ལོད་ཉིད་དོན་དམ་འདུས་མ་བྱས་པའི་དབྱིངས་སུ་གཤེགས་བཞུགས་འཕོ་འགྱུར་སོགས་ཀྱི་སྤྲོས་པའི་མཚན་མ་མཐའ་དག་ལས་ཡེ་གདོད་མ་ནས་གྲོལ་ནའང་། ཀུན་རྫོབ་ཙམ་དུ་ལྷ་སྐུ་ཐིག་ལེ་ཞལ་ཕྱག་མཚན་མ་རྟགས་ཀྱི་སྐུར་བཞེངས་ཤིང་། ཆོས་ཉིད་ཀྱི་རང་སྒྲ་གཞོམ་དུ་མེད་པ་ཧཱུྃ་གི་ཛབ྄་དབྱངས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་བཞིན་དུ་གཤེགས་ནས། དབྱིངས་རིག་འདུ་འབྲལ་མེད་པ་རང་སེམས་གཉུག་མའི་ངོ་བོར་བརྟན་པར་བཞུགས་སུ་གསོལ་བ་དང་། ཡིད་དཔྱོད་མཚན་འཛིན་དང་བྲལ་བར་རང་བབ་མཉམ་པ་ཆེན་པོའི་ཕྱག་འཚལ་བ་དང་། ཅིར་སྣང་འདོད་ཡོན་མ་སྤངས་ཆོས་ཉིད་ཀྱི་རྒྱན་དུ་ཁྱེར་ཞིང་དུག་ལྔ་ཡེ་ཤེས་ཆེན་པོའི་རང་མདངས་སྣང་སྲིད་བདེ་བ་ཆེན་པོར་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་པ་དང་། ཆོས་དབྱིངས་འོད་གསལ་མཉམ་པ་ཆེན་པོའི་ཀློང་དུ་རང་གསལ་ལྷུན་གྱིས་རྫོགས་པའི་སྐུ་དང་ཞིང་ཁམས་སོགས་དབྱི བས་དང་རྒྱན་བཀོད་ཚད་མེད་པའི་ཡེ་ཤེས་ཀྱི་རང་སྣང་བསམ་གྱིས་མི་ཁྱབ་པའི་ཆེ་བའི་ཡོན་ཏན་ལ་བསྟོད་པ་དང་། འཁྲུལ་རྟོག་ཉོན་མོངས་སྒྲིབ་པའི་ཚོགས་རྣམས་གདོད་མ་ནས་མ་བྱུང་མ་སྐྱེས་པས་ངོ་བོ་བཤགས་བྱ་བཤགས་བྱེད་ལས་འདས་པའི་རང་སེམས་ཆོས་ཟད་ཟང་ཐལ་རྗེན་པའི་ངང་དུ་བཤགས་པ་དང་། རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཆེན་པོའི་རིག་རྩལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་འཁོར་བའི་འཁྲུལ་འཁོར་རྩ་བ་གཟུང་འཛིན་གྱི་ས་བོན་གཏིང་ནས་ཟློག་ཅིང་། གཞི་སྣང་འཁོར་བའི་འཁྲུལ་རྟོག་སེམས་དང་སེམས་བྱུང་རྣམ་ཤེས་རླུང་གི་བཞོན་པ་བཅས་པ་ཐོག་མར་གང་ནས་བྱུང་བའི་གཞི་གདོད་མའི་འོད་གསལ་ཆེན་པོར་རྩལ་གཞི་ཐིམ་དུ་སོང་ནས་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རང་ས་ཟིན་ནས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་མཛོད་ཅིག ཅེས་ཧཱུྃ་ལྔ་སྦྲེལ་དབྱངས་སུ་ལེན་ཞིང་དོན་གྱི་དགོངས་པ་གསལ་གདབ་པར་བྱའོ། །གསུམ་པ་ལ་གསུམ། སྤྱི་དང་། བདེ་ཆེན། ཁྱད་པར་རོ། །དང་པོ། རིགས་གསུམ་ཁྲོས་པའི་ཐུགས་ཀར་ཧཱུྃ༔ སོགས་ཀྱིས་བསྟན་པ་སྟེ། དེ་ཡང་སྤྱི་བོར་འཇམ་དཔལ་ཁྲོས་པ་སོགས་གནས་གསུམ་གྱི་རིགས་གསུམ་ཁྲོ་བོའི་ཐུགས་ཀར་རིམ་པ་བཞིན། ཧཱུྃ་ཡིག་དཀར་དམར་མཐིང་གསུམ་གསལ་བ་ལས་རང་མདོག་དང་མཐུན་པའི་འོད་ཟེར་འཕྲོས། རང་གི་ལུས་ནང་ཐམས་ཅད་གང་། སྡིག་སྒྲིབ་ཉོན་མོངས་ཐམས་ཅད་སྦྱངས། ཕྱིར་འཕྲོས་ཞིང་ཁམས་ཐམས་ཅད་ཁྱབ། ཕྱོགས་དུས་ཀྱི་བླ་མ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་འབུལ། གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འབྲུ་གསུམ་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་གནས་གསུམ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་མཐའ་དག་ཐོབ་པར་མོས་ལ་ཧཱུྃ་ལྔ་སྒྲིལ་ཉིད་དབྱངས་སུ་ལེན་ཞིང་བཟླའོ། གཉིས་པ་ནི། ལྟེ་བའི་དབྱིངས་ཕྱུག་གཙོ་འཁོར་གྱི་ཐུགས་ཀར་རང་མདོག་དང་མཐུན་པའི་ཧཱུྃ་ཡིག་གསལ་བ་ལས་སྔགས་ཕྲེང་འོད་ལྔའི་མདངས་ལྡན་འཕྲོས་ཞལ་ནས་ཐོན་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཞལ་ནས་བརྒྱུད་གསང་བ་རྡོ་རྗེའི་ལམ་ནས་ཚུར་འཁོར་ཏེ་མཁའ་གསང་ནས་ཞུགས་ས་བོན་ལ་ཐིམ་པས་སྙོམས་འཇུག་གི་སྒྲིབ་པ་སྦྱོང་། ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་མཐར་ཐུག་པ་འཕོ་མེད་ལྷན་ཅིག་སྐྱེས་པ་དོན་གྱི་འོད་གསལ་ཉིད་རྒྱུད་ལ་སྐྱེས་པར་མོས་ལ་བཟླས་པ་བྱའོ། །གསུམ་པ་ཁྱད་པར་གྱི་སྒྲུབ་པའི་དམིགས་པ་ལ། སྐུ་མཆོག་གཤེད་པོའི་དཔྲལ་བར་ཟླ་བའི་སྟེང་ཧཱུྃ་དཀར་པོ་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོ་བར་གསལ་བཏབ་ལ། དེ་ལས་ཧཱུྃ་ཡིག་དང་འོད་ཟེར་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་དུས་ཀྱི་བདེ་གཤེགས་རྩ་བ་གསུམ་ལ་སྐུ་མཉེས་པའི་མཆོད་པ་འབུལ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ལ་བར་དུ་གཅོད་ཅིང་འཚེ་བའི་བདུད་བགེགས་ལོག་འདྲེན་སོགས་དུས་མིན་འཆི་བའི་རྐྱེན་དང་བར་ཆད་ཐམས་ཅད་བསལ། རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། ཕྱོགས་སྐྱོང་སྡེ་བརྒྱད་གདུག་པ་ཅན་རྣམས་ཀྱིས་བརྐུས་འཕྲོག་ཁྱེར་བ་དང་། གཞན་ཡང་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་དྭངས་བཅུད། ནང་ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་འོད་དང་འོད་ཟེར་གྱི་རྣམ་པས་ཚུར་བསྡུས་རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་། དྭངས་མའི་དྭང ས་མ་ཐམས་ཅད་ཧཱུྃ་ཡིག་ལ་ཐིམ་པས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་འགྲུབ་པར་མོས་ལ་བཟླས་པ་བྱ། ཡང་རྟ་མགྲིན་གྱི་ལྗགས་སྟེང་དུ་པདྨ་དམར་པོའི་ལྟེ་བར་ཧཱུྃ་ཡིག་དམར་པོ་འོད་འབར་བ་གསལ་བ་ལས། ཧཱུྃ་ཡིག་དམར་པོ་རང་སྒྲ་སྒྲོགས་བཞིན་པའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། ངག་མནན་ངག་སྐྱོན་ཐམས་ཅད་དག བདེ་བར་གཤེགས་པ་ཐམས་ཅད་ལ་གསུང་མཉེས་པའི་མཆོད་པ་ཕུལ། གསུང་གི་བྱིན་རླབས་བསྡུས་གསང་སྔགས་རིག་སྔགས་དྲང་སྲོང་བདེན་ཚིག་སྨྲ་བ་རྣམས་ཀྱི་བདེན་མཐུ་ནུས་སྟོབས་དང་། བརྟན་གཡོའི་སྒྲ་དབྱངས་དྭངས་མ་ཐམས་ཅད་སྔགས་ཕྲེང་དང་དབྱང་གསལ་འོད་ཟེར་གྱི་རྣམ་པས་བསྡུས་ནས་ཧཱུྃ་ཡིག་ལ་ཐིམ་པས་ངག་ལ་བདེན་ཚིག་གྲུབ། མཐུ་སྟོབས་དང་ནུས་པ་མེ་ལྟར་འབར། གསུང་གསང་བ་བས མ་མི་ཁྱབ་པ་ལ་དབང་འབྱོར། སྨྲ་བའི་དབང་ཕྱུག་ཆེན་པོ་འགྲུབ་པར་བསམས་ལ་བཟླ། ཡང་གསང་བདག་གི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ག་གསལ་བ་ལས། འོད་ཟེར་སྔགས་ཕྲེང་དང་བཅས་པ་འཕྲོས་པས་ཆགས་སོགས་ཉོན་མོངས་པ་སྦྱངས། མ་དག་གཟུང་འཛིན་སྒོ་ལྔའི་བག་ཆགས་ཀྱི་རྒྱུ་ལམ་བཅད། དག་པ་ཡེ་ཤེས་ཀྱི་རྩ་སྒོ་ཕྱེས། བདེ་བར་གཤེགས་པ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་མཁྱེན་བརྩེའི་ཡེ་ཤེས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ་པས། མི་བརྗེད་པའི་གཟུངས་དང་། ཐོགས་པ་མེད་པའི་ཤེས་རབ། མི་འཇིགས་པའི་སྤོབས་པ། མངོན་པར་ཤེས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སོགས་བདེ་བར་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པ་ལ་དབང་འབྱོར་བར་མོས་ལ་བཟླས་པ་བྱ་སྟེ། དེ་དག་རྣམས་ཀྱི་བར་མཚམས་སུ༔ བཟླས་པ་ལྔ་སྒྲིལ་དབྱངས་སུ་ལེན༔ ཡི་དམ་དངོས་གྲུབ་སྒྲུབ་པའོ༔ཞེས་གསུངས་སོ། །གསུམ་པ་ནི། ལས་སྦྱོར་གང་འདོད་ལྡེ་ཁ་བསྒྱུར༔ ཞེས་གསུངས་ཏེ། དེ་ལའང་ལས་བཞི་སྤྱིར་སྒྲུབ་པ་དང་། བྱེ་བྲག་དྲག་པོའི་ཁ་བསྒྱུར་གཉིས་ལས། དང་པོ་ནི། ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས༔ ཞེས་སོགས་ཏེ། དེ་ཡང་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་ལྟེ་གསང་བ་ལྔར། ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་འོད་ཟེར་འཕྲོ་བར་གསལ་བཏབ་སྟེ། དེ་ལས་འཕྲོས་པའི་འོད་ཟེར་གྱི་རྩེ་ལས་སྔགས་ཕྲེང་དང་ཁྲོ་བོ་འཆོལ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས། སྐྱེ་འགྲོ་རྩི་ཤིང་ནགས་ཚལ་སོགས་སྣོད་བཅུད་ཐམས་ཅད་ཀྱང་རྡོ་རྗེ་ཁྲོ་བོའི་སྐུར་གྱུར་ཏེ། ཞལ་དང་སྔགས་ཕྲེང་ལས། ཧཱུྃ་ཡིག་གི་སྒྲ་གདངས་ཀྱིས་སྟོང་གསུམ་གཡོ་བར་བྱེད་ཅིང་། བྱེ་བྲག་ཏུ་ཞི་བ་ལ་སྐུ་དང་སྔགས་ཕྲེང་དཀར་པོ་རང་སྒྲ་སྙན་ལ་འཇེབས་པའི་སྤྲོ་བསྡུས་སྦྱོར་བས་རང་གཞན་གྱི་སྒྲིབ་གཉིས་བག་ཆགས་ནད་གདོན་ཐམས་ཅད་ཞི་བ་དང་། རྒྱས་པ་ལ་སྐུ་དང་སྔགས་ཕྲེང་སེར་པོ་རང་སྒྲ་བརྗིད་ཅིང་ཡིད་དུ་འོང་བས་བདག་གཞན་ཀྱི་ཚེ་བསོད་དཔལ་འབྱོར་རིག་རྩལ་གྱི་ཡོན་ཏན་ཐམས་ཅད་རྒྱས་པར་མོས་པ་དང་། དབང་ལ་སྔགས་ཕྲེང་ཁ་དོག་དམར་པོ་དང་རྔམས་པའི་སྒྲ་ཡིས་ཕྱི་ནང་སྣོད་བཅུད་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུས་པ་དང་། དྲག་པོ་ལ་སྔགས་ཕྲེང་སོགས་མཐིང་ཁ་ཚ་ཞིང་རྩུབ་པ་དང་མེ་མཚོན་སོགས་ཀྱི་ཆར་དང་གཏུམ་དྲག་རི་རབ་འབུམ་ཉིལ་བ་ལྟ་བུའི་སྐད་ཀྱིས། དགྲ་བགེགས་འབྱུང་པོ་ལོག་པར་འདྲེན་པའི་ཚོགས་རྣམས་བཅོམ་ཞིང་རྣམ་ཤེས་བདེ་བ་ཆེན་པོར་སྦྱར་བ་དང་། ཐུན་མོང་དུ་འོད་ཟེར་སོགས་ཁ་དོག་སྣ་ཚོགས་པ་དང་སྔགས་ཀྱི་སྒྲ་གདངས་ཀྱིས་སྒྲིབ་གཉིས་བྱང་། ཡེ་ཤེས་རྒྱས། འགྲོ་ཀུན་རྣམ་གྲོལ་གྱི་དཔལ་ལ་སྦྱོར་ཞིང་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོ་སྦྱང་བར་མོས་ཏེ། དེ་ཡང་བློ་ཆེན་ཅིག་ཅར་རམ་གསལ་དཀའ་ན་རིམ་གྱིས་དམིགས་པ་དང་བྱེ་བྲག་ལས་གང་འདོད་སྐབས་དང་སྦྱར་ཏེ། ཧཱུྃ་བདུན་སྒྲིལ་ཉིད་བཟླ་བར་བྱ་བ་སྟེ། བཟླས་པ་བདུན་བསྒྲིལ་ལས་མཐུན་དབྱངས༔ སྙན་བརྗིད་རྔམས་གཏུམ་སྐབས་བཞིན་སྦྱར༔ ཕྲིན་ལས་སོ་སོར་གཙོར་སྒྲུབ་ན༔ དེ་དང་དེ་ཡི་དམིགས་བཟླས་དབྱེ༔ ཞེས་གསུངས། གཉིས་པ་ནི། མེ་དབལ་ཐུགས་ལས་འབར་བའི་ཧཱུྃ༔ སོགས་ཏེ། དེ་ཡང་། གསང་བའི་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་ཐུགས་སྲོག་ཧཱུྃ་ལས། ཧཱུྃ་ཡིག་ཐོག་ལྟ་བུ་རྣོ་ངར་གཅོད་པའི་ངར་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས། གསར་བྱུང་གི་མི་བསྲུན་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་ཚར་བཅད། སྲོག་གི་སྙིང་པོ་འཕྲོག ཀུན་ཀྱང་བཀའ་ཉན་གསུང་སྡོད་དུ་བྱེད་པར་བསམ་ལ་ཧཱུྃ་བདུན་སྦྲེལ་བཟླ། ཡང་ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་གི་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས། ཕྱོགས་སྐྱོང་ལྷ་ཀླུ་གདོན་བགེགས་ཀྱི་ཚོགས་རྣམས་གཟིར་ཞིང་ཚར་བཅད། སྟོབས་བཅུའི་ཡེ་ཤེས་རྫོགས་ཤིང་། དབང་བཅུའི་དངོས་གྲུབ་བརྙེས་པར་བསམས་ལ་བཟླ། ཡང་གྲོ་ལོད་ཀྱི་ཕྱག་མཚན་རྡོ་རྗེ་རྩེ་དགུ་པ་ལས། ཧཱུྃ་ཡིག་མེ་འབར་བ་དཔག་ཏུ་མེད་པ་མཁའ་དབྱིངས་ཁྱབ་པར་འཕྲོས། སྟེང་གདོན་གཟའ་གདོང་རྒྱུ་སྐར་གྱི་ཚོགས་ཐམས་ཅད་བཏུལ་ཞིང་། ནད་དང་གནོད་པ་ཀུན་ཞི་བར་བསམས་ལ་བཟླ། ཡང་སྤྱི་བོའི་ཡེ་ཤེས་ཁྱུང་ཆེན་གྱི་ཐུགས་ལས་སྤྲོས་པའི་ཧཱུྃ་གི་ཚོགས་ཀྱིས་ས་འོག་ཀུན་གང་། འོག་གདོན་ཀླུ་དང་ས་བདག་གི་ཚོགས་བཅོམ། ཕ་རོལ་གྱི་བྱད་གཏད་དང་ངན་སྔགས་ཀྱི་སྦྱོར་བ་ཐམས་ཅད་བཤིག ཀླུ་གཉན་ས་བདག་གི་ནད་རིགས་ཐམས་ཅད་བསལ་བར་བསམས་ལ་བཟླ། ཡང་ཕྱག་མཚན་ཕུར་བུའི་དབལ་ལས་ཧཱུྃ་གི་སེར་ཐུན་ཆར་ལྟར་བབས་པས། དམ་སྲིའི་སྡེ་རིགས་དཔུང་དང་བཅས་པ་ལྷག་མེད་དུ་བཅོམ་ནས་རྣམ་ཤེས་ཆོས་དབྱིངས་སུ་བསྟིམ་པར་མོས་ལ་བཟླ། ཡང་ལྕགས་སྡིག་ལས་སྤྲོས་པའི་ཧཱུྃ་གི་ཐོག་གནམ་ས་གང་བས་རྒྱལ་བསེན་ཚོགས་རྣམས་གནད་ནས་གཟིར་ཞིང་རང་རང་གི་གནས་རྟེན་བཤིག་པས། ཐམས་ཅད་འཁུ་མི་ནུས་ཤིང་བཀའ་དང་དམ་ལས་ནམ་ཡང་འདའ་བ་མེད་པར་བསམས་ལ་བཟླ། ཡང་ཞབས་ཀྱི་རྒྱ་སྟག་ཁྲོས་པའི་སྐུ་ལས་ཧཱུྃ་ཡིག་གྲངས་མེད་པ་སྤྲོས་པས་གསར་བྱུང་གི་འབྱུང་པོའི་ཚོགས་ཐམས་ཅད་རང་དབང་མེད་པར་བཀུག་ནས་ཞབས་ཀྱི་གདན་དུ་བྱས་ཏེ་གནམ་ལྕགས་ཀྱི་སྡེར་མོས་གཅུན་{གཅུམ}པས་བཀའ་ཉན་གསུང་སྡོད་དུ་དམ་ལ་བཏགས་པར་མོས་ཏེ། ཐམས་ཅད་ལ་རྟགས་མ་མཐོང་གི་བར་དུ་ཀུན་ལ་གཏུམ་ཆོད་དུ་ཧཱུྃ་བདུན་སྦྲེལ་ཉིད་བཟླ་བར་བྱ་ཞིང་གཞན་ཡང་ཇི་ལྟར་འདོད་པའི་ལས་རབ་འབྱམས་ལ་དེ་དང་མཐུན་པའི་དམིགས་པའི་ཁ་བསྒྱུར་གྱི་གནད་ལ་མཁས་པར་བྱ་སྟེ། ཀུན་ལ་བདུན་སྦྲེལ་གཏུམ་ཆོད་དུ༔ ངེས་པའི་རྟགས་མཐོང་བར་དུ་འབད༔ གཞན་ཡང་ཇི་ལྟར་འདོད་པའི་ལས༔ འདུན་སྟངས་ཏིང་འཛིན་ཁ་བསྒྱུར་བས༔ སྣ་ཚོགས་ནོར་བུའི་རྒྱལ་པོ་བཞིན༔ ཐམས་ཅད་འབྲུ་གཅིག་བཟླས་པས་འགྲུབ༔ ལས་ཀྱི་སྦྱོར་བ་མཐར་ཐུག་གོ༔ ཞེས་གསུངས། དེ་ཐམས་ཅད་ཀྱང་དབྱིངས་སུ་སྐྱེལ་ཞིང་དགོངས་པ་མི་འགྱུར་བའི་གཟེར་གྱིས་རྒྱས་ཐེབས་པ་གལ་ཆེ་སྟེ། རྩ་གསུམ་དགོངས་འདུས་ལས། མདོར་ན་གསལ་བ་རྣམ་གསུམ་ལ༔ བརྟེན་ནས་སྐུ་ཡི་ཏིང་འཛིན་སྒྲུབ༔ སྙིང་པོ་སྔགས་ཀྱི་གཟེར་གདབ་པས༔ གསུང་གི་ནུས་པ་རྒྱུད་ལ་ཞུགས༔ འཕྲོ་འདུས་དགོངས་པ་སྣ་ཚོགས་ཀྱིས༔ཡོན་ཏན་ཕྲིན་ལས་འདོད་རྒུར་འཆར༔ མཐར་ཐུག་ལྷ་ནི་སེམས་ཀྱི་གཤིས༔ སེམས་ཉིད་རོལ་རྩལ་ལྷ་སྐུར་སྣང༔ ལྷ་དང་རང་སེམས་དབྱེར་མེད་པ༔ དགོངས་པ་མི་འགྱུར་གདེང་བསྐྱེད་ལ༔ དུས་གསུམ་རྟོག་པས་མ་བསླད་པའི༔ ཐུགས་དགོངས་མ་བཅོས་ངང་དུ་བཞག༔རྩ་གསུམ་ཡེ་ཤེས་ཚེ་འདིར་འགྲུབ༔ ཅེས་གསུངས་པ་གཞིན་ཤེས་པར་བྱ་བ་ནི་ཅིས་ཀྱང་གལ་ཆེའོ། །གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་སོགས་ཀྱིས་བསྟན་སྟེ། དེ་ལྟར་བསྒོམ་པའི་སྣོད་བཅུད་རྟེན་དང་བརྟེན་པའི་བསྐྱེད་རིམ་གྱི་སྣང་ཆ་ཐམས་ཅད་མེ་ལོང་གི་རླངས་ཡལ་བ་ལྟར་སྐད་ཅིག་གིས་ཡལ་ནས་འོད་གསལ་གཉུག་མའི་ཀློང་དུ་གསལ་སྟོང་འཛིན་མེད་དུ་མཉམ་པར་བཞག དེ་ལས་ལྡང་བ་ན་ནམ་མཁའ་ལ་སྤྲིན་འབྱུང་བ་བཞིན་དུ་སྐད་ཅིག་གིས་ལྷ་སྐུར་ལམ་གྱིས་གསལ་ཏེ། སྣང་བ་ཐམས་ཅད་ལྷ། གྲགས་པ་གསུང་། དྲན་རྟོག་ཡེ་ཤེས་ཆེན་པོ་སྟེ། དེ་ཐམས་ཅད་ཀྱང་ཡེ་གྲོལ་ཀུན་བཟང་གི་དགོངས་པ་རང་བྱུང་གདོད་མའི་ཀློང་དུ་རོ་གཅིག་པའི་ཡེ་སྟོང་འོད་གསལ་ཆེན་པོར་ལ་ཟློ་བ་སྟེ། འདི་ལ་གསུམ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། འབྲས་བུ་དབྱིངས་སུ་སྐྱེལ་བའོ། །དང་པོ་ནི། འཁོར་འདས་ཐམས་ཅད་རིག་པའི་རྩལ༔ རང་རིག་དུས་གསུམ་འགྱུར་བ་མེད༔ མ་བྱས་མ་བཅོས་བབས་ལས་བྱུང༔ སངས་རྒྱས་སྐུ་གསུམ་གཤིས་ལ་རྫོགས༔ ཞེས་པ་སྟེ། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རང་སེམས་རིག་པའི་རྩལ་ལས་ཤར་ཞིང་སྣང་བ་མ་གཏོགས་གཞན་གང་དུའང་གྲུབ་པ་མེད་པར་ཐག་གཅད་པར་བྱ་སྟེ། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །དེ་ཡང་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་སུ་སྣང་ཞིང་ཞེན་པའི་ཀུན་རྟོག་འདི་ཐམས་ཅད། རང་སེམས་འཁྲུལ་པའི་སྣང་བ་ཙམ་ལས་གཞན་ཕྱི་རོལ་ན་དོན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དཔེར་ན་ཆུ་ལྟ་བུའི་ཕྱི་རོལ་གྱི་དངོས་པོ་གཅིག་ལའང་རིགས་དྲུག་གི་སེམས་ཅན་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོར་བག་ཆགས་སད་པའི་དབང་གིས་རིས་སུ་མ་ཆད་པར་སྣང་བ་སྣ་ཚོགས་སུ་སྣང་བའི་ཕྱིར། ཐེག་བསྡུས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་སྣང་བ་ཡིན། །ཞེས་གསུངས། དེའི་ཕྱིར་དཔེར་ན་གཉིད་ཀྱི་སྐབས་སུ་རྟ་གླང་སོགས་རྨི་ལམ་གྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སེམས་དང་སེམས་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པ་དེ་བཞིན་དུ། འདི་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ཀྱང་རང་བྱུང་གདོད་མའི་གཤིས་ལ་སྔོན་མེད་ཕྱིས་མེད་པར་འདིར་མེད་སྣང་སྟོང་གཟུགས་འཁྲུལ་སྣང་སྐྲ་ཤད་འཛག་པ་ལྟ་བུ་སྟེ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་བདེ་གཤེགས་སྙིང་པོ་ལ་ནི་ནམ་ཡང་འཁྲུལ་པའི་རྐྱེན་གྱིས་བསླད་པ་མེད་དེ། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མི་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས། དེས་ན་སེམས་ཉིད་འོད་གསལ་བའི་གཤིས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་གཞི། དེ་ཉིད་ལམ་དུ་བྱེད་པ་ནི་ལམ། དེ་མངོན་དུ་གྱུར་པ་ནི་མཐར་ཕྱིན་འབྲས་བུ་སྟེ། ཀུན་རྫོབ་སྣང་ཚུལ་ཙམ་ལ་གསུམ་དུ་དབྱེ་ནའང་། དོན་དམ་པར་རང་བཞིན་གཉིས་སུ་མེད་པས་དུས་གསུམ་འཕོ་འགྱུར་དང་བྲལ་བའི་ཆོས་ཉིད་དེ། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་གྱིས་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་སོ། །དེའི་ཕྱིར་ནང་རང་གི་སེམས་ལ་བརྟགས་ཤིང་དཔྱད་ན། གང་ནས་ཀྱང་མ་འོངས། གང་དུ འང་མི་འགྲོ། ཅི་ལའང་མི་གནས། དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ་པའི་རང་བཞིན་སྟོང་པ་ཉིད། འཁོར་འདས་ཐམས་ཅད་ཀྱི་འཆར་གཞིར་མ་འགགས་པ། རྡོ་རྗེ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། སྣང་རིག་ངོས་བཟུང་དང་བྲལ་བའི་གསལ་སྟོང་རྗེན་པར་འཆར་བ་འདི་ནི་གཉུག་མ་ཆོས་ཉིད་ཀྱི་བབས་བློ་འདས་རང་བྱུང་གི་ཡེ་ཤེས། རང་བབས་གདོད་མའི་གནས་ལུགས་ཏེ། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུངྔྷ་སྟེ། །སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ། །ཞེས་སོ། །འདི་ཉིད་གསར་དུ་རྒྱུ་ཡིས་མ་བསྐྱེད། རྐྱེན་གྱིས་མ་བཅོས། རྩོལ་བས་མ་བསྒྲུབས་པར་རང་བྱུང་གདོད་མའི་གཤིས་ལུགས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པར་ཡེ་ནས་གནས་པའི་ཚུལ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལ། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་ངོ་བོ་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་རང་བཞིན་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུར་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་གསུངས། དེ་ཡང་རང་བྱུང་རིག་པའི་ངོ་བོ་དུས་གསུམ་འཕོ་འགྱུར་དང་བྲལ་ཞིང་ངོ་བོ་གང་དུ་འང་མ་གྲུབ་པའི་སྐྱེ་མེད་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆ་ནི་ཆོས་སྐུ། དེའི་རང་བཞིན་ནམ་རང་མདངས་འགགས་མེད་ཀུན་ཁྱབ་ཏུ་འཆར་བའི་གཞི་གསལ་ལ་དེར་འཛིན་གྱིས་བསླད་མ་ཞུགས་པ་ནི་ལོངས་སྐུ། དེ་གཉིས་ཐ་དད་ཀྱི་ཕྱོགས་སུ་མ་གྱུར་པར་གསལ་བཞིན་དུ་སྟོང་། སྟོང་བཞིན་དུ་གསལ། གསལ་སྟོང་རང་བཞིན་དབྱེར་མེད་པ་ཟུང་འཇུག་གི་རྩལ་རང་ཤར་རང་གྲོལ་དུ་འཆར་བའི་ཆ་ནི་སྤྲུལ་སྐུ། དེ་གསུམ་ཀའང་རང་བཞིན་དབྱེར་མི་ཕྱེད་པ་རང་བྱུང་གཞིར་གནས་ཀྱི་ཡེ་ཤེས་གསལ་སྟོང་མཐའ་བྲལ་ཆེན་པོར་དབྱེར་མེད་རོ་མཉམ་པར་གནས་པ་ནི་མཐར་ཐུག་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་སྟེ། སྨིན་གཏེར་རིག་འཛིན་ཐུགས་ཐིག་ལས། སྐྱེ་མེད་སྟོང་ཆའི་ངོ་བོ་ཆོས་ཀྱི་སྐུ༔ རང་མདངས་འགགས་མེད་འཆར་བ་ལོངས་སྤྱོད་རྫོགས༔ གཉིས་སུ་མེད་པའི་རྩལ་ལས་སྤྲུལ་པའི་སྐུ༔ དེ་ལྟར་རྣམ་པ་གསུམ་དུ་ཐ་དད་ཀྱང༔ ངོ་བོ་གཅིག་འདུས་ངོ་བོ་ཉིད་ཀྱི་སྐུ༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་དོ༔ ཞེས་གསུངས། དེ་ལྟ་བུའི་གཉུག་མ་ཆོས་ཉིད་ཀྱི་ངོ་བོ་ལ་སྐུ་གསུམ་རང་ཆས་ལྷུན་གྲུབ་ཏུ་གནས་པའི་ཕྱིར། དེའི་རྩལ་ལས་ཤར་བའི་རོལ་པ་སྣ་ཚོགས་ཀྱང་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལས་མ་འདས་ཏེ། ངོ་བོ་གསེར་དུ་གྲུབ་ཕན་ཆད་དེའི་རྣམ་འགྱུར་སྣ་ཚོགས་ཀྱང་གསེར་གྱི་རང་བཞིན་ལས་མི་འདའ་བ་བཞིན་ཏེ། གསང་སྙིང་ལས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས། དེས་ན་འོད་གསལ་སེམས་ཀྱི་ཆོས་ཉིད་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོའི་དོན་རྟོགས་ན་ཆོས་ཅན་སེམས་ཀྱི་འཁྲུལ་རྟོག་མཐའ་དག་ཀྱང་ཆོས་ཉིད་དེའི་ཀློང་ལས་མ་འདས་པས་མི་རྟོག་ཆོས་སྐུའི་དགོངས་པར་ཡེ་ནས་གནས་པའི་ཚུལ་ཡང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་བཅོས་པར་མ་བྱེད་ཅིང་། །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཞེས་གསུངས། དེའི་ཕྱིར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་སྤང་གཉེན་རྩོལ་སྒྲུབ་ལས་འདས་པར་ཤེས་པར་བྱ་བ་ནི། དུས་གསུམ་གྱི་རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་བཅུད། ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ་བླ་ན་མེད་པ་ཡིན་པས་དེ་ལྟར་དོན་གྱིས་ལ་བཟླ་བ་གཅེས་སོ། །གཉིས་པ་ནི། ཡེ་གྲོལ་དབྱིངས་སུ་བསྐྱར་གཞི་མེད༔ ཞེས་སོགས་ཀྱིས་བསྟན་ཏེ། དེ་ཡང་སྨོས་མ་ཐག་པ་ལྟར། གཞི་ཡེ་ནས་འཆིང་གྲོལ་ལས་འདས་པའི་སྤྲོས་བྲལ་ཀ་དག་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པས། ཐེག་པ་འོག་མ་པ་ལྟར་སྤང་གཉེན་རྩོལ་སྒྲུབ་ཀྱི་ལམ་གྱིས་གསར་དུ་བསྐྱར་ཏེ་གྲོལ་དུ་མེད་པར་ཐག་བཅད་ནས། རང་བྱུང་གདོད་མའི་གནས་ལུགས་དེའི་ངང་དུ་ཅེར་གྲོལ་ཅོག་བཞག་ཆེན་པོར་འགག་བསྡོམས་ཏེ། གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་སྦྲུལ་མདུད་རང་སར་གྲོལ་བ་བཞིན། ངོ་བོ་བློ་འདས་ཀྱི་ཡེ་ཤེས་གང་ཤར་སྤང་བླང་དང་བྲལ་བ་གཏད་མེད་ཡོངས་གྲོལ་གྱི་ཀློང་དུ་བྱས་ཆོས་གྲུབ་མཐའི་འཛིན་རྟོག་ཐམས་ཅད་གདོད་ནས་དག་པའི་བྱར་མེད་ཡེ་ཟིན་ཆེན་པོ་ཆོས་ཟད་ཟང་ཐལ་རྗེན་པར་ལམ་དུ་ཁྱེར་བ་སྟེ། དོན་གྱི་མདོ་འགག་ནི། ཀུན་མཁྱེན་བླ་མ་མཆོག་གི་རྡོ་རྗེའི་གསུང་གསང་ཞིག་བླ་མ་སྐུ་བཞིའི་ཁྲིད་ཡིག་ལས། རྟག་ཏུ་ཉམས་ལེན་བྱ་རྒྱུའི་སྙིང་པོ་ཧྲིལ་དྲིལ་ན། རྣམ་རྟོག་རང་གི་ངོ་བོ་ལ་ཁྱབ་ཀྱང་སྔ་ཕྱིའི་དྲན་རྟོག་བསམ་མནོས་བཅོས་བསླད་མ་བྱས་པའི་ད་ལྟར་གྱི་རིག་པ་ངོ་བོ་ངོས་བཟུང་ལས་འདས་པ། རང་གསལ་རང་བྱུང་གདོད་ནས་མི་འགྱུར་བའི་ཡེ་ཤེས། བློ་འདས་ཀྱི་གནས་ལུགས་ཝ་ལེ་སང་ངེ་ཕྱམས་གདལ་ཆེན་པོ་ཉིད་ཀ་དག་རང་བྱུང་གི་ཡེ་ཤེས་སུ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ། དྲན་བསམ་སྔ་མ་འགག ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་སྐད་ཅིག་སོ་མ་ཧྲིག་གེ་སང་ངེར་གནས་པ་དེ་ལ་བཞི་ཆ་སུམ་བྲལ་ཅེས་བྱ་སྟེ། དེ་ཉིད་ཁོ་ན་ལས་རྒྱལ་བའི་དགོངས་པ་གཞན་ཏུ་མེད་པར་རྟོགས་པ་ནི་ཐག་གཅིག་ཐོག་ཏུ་བཅད་པ། དེ་ལྟར་ངོ་འཕྲོད་ཅིང་ཐག་ཆོད་ཀྱི་ངེས་ཤེས་སྐྱེས་ཕྱིན་ཆད། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། །ཞེས་པའི་དོན་བཞིན་ཅིར་ཡང་མི་སྒོམ་ཞིང་གནས་ལུགས་ཀྱི་དོན་དང་ནམ་ཡང་མི་འབྲལ་བས་གཟུང་འཛིན་རྣམ་རྟོག་གི་མཚན་མ་ཇི་ལྟར་ཤར་ཡང་གཤིས་ལ་སྐྱེ་འགག་མེད་པས་སྦྲུལ་མདུད་རང་བཞིན་གྲོལ་བ་ལྟར། རིག་པའི་ནམ་མཁར་སེམས་ཀྱི་སྤྲིན་ཚོགས་ཤར་ཡང་ཕན་གནོད་མི་བྱེད་པར་རང་ཤར་རང་གྲོལ་གྱི་གནད་རིག་ནས་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་ལ་སོང་བ་ནི་གདིང་གྲོལ་ཐོག་བཅའ་བ་ཞེས་བྱ་སྟེ། དེ་ལྟ་བུའི་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བླ་ན་མེད་པའི་གདེང་བཟུང་བ་ལམ་གྱི་གནད་ཡོངས་སུ་རྫོགས་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་ལས་རྒྱས་པར་བསྟན་པ་ཡིན་ནོ། །གནད་མདོར་བསྡུ་ན། ཀུན་མཁྱེན་ཆོས་རྗེས། ལྟ་བ་ཡེ་གྲོལ་དུ་རྟོགས་ཀྱང་། སྒོམ་པ་ཡིན་ཐོག་ཏུ་མ་བཞག་ན་འཁོར་བའི་འཁྲུལ་སྣང་ལྡོག་མི་སྲིད་པས། རིག་པ་གཤིས་ཐོག་ཏུ་གོམས་པ་གནད་དུ་ཆེའོ། །ཞེས་གདམས་པ་ལྟར་རོ། །ཞེས་གསུངས་པ་བཞིན་ཉམས་ཁྲིད་དུ་བསྐྱར་ཏེ་ཉམས་སུ་ལེན་པར་བྱའོ། །གསུམ་པ་ནི། ཀ་དག་ཀུན་གཞི་སྤྲོས་ལས་འདས༔ ཞེས་སོགས་ཀྱིས་བསྟན་ཏེ། ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི་གདོད་མའི་གྲོལ་གཞི་སྤྲོས་བྲལ་མཉམ་པ་ཉིད་རིག་སྟོང་ཟུང་འཇུག་དབང་བཞི་པའི་ཡེ་ཤེས་ཉིད་མངོན་སུམ་ལམ་དུ་བྱེད་པ་རྩོལ་བྲལ་ཐེག་པའི་རྒྱལ་པོ་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས། གཞི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་སྒོམ་མ་འཁྲུལ་པར་ཉམས་སུ་བླངས་པས། ཤེས་ཉམས་ཡིད་དཔྱོད་ལས་འདས་པའི་རང་བྱུང་གདོད་མའི་གཤིས་ལུགས་མ་འཁྲུལ་པ་སྤྲོས་བྲལ་རིག་སྟོང་རྗེན་པའི་ཆོས་སྐུ་ཉིད་དང་པོར་གོ བར་དུ་མྱོང་། མཐར་རྟོགས་པ་མངོན་དུ་གྱུར་ཏེ། གདོད་ནས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཆོས་ཉིད་ཀྱི་དབྱིངས་དང་འདུ་འབྲལ་མེད་པར་གནས་པའི་རིག་པའི་ཡེ་ཤེས་རྗེན་ཅེར་དུ་རྟོགས་པ་ནི་ཆོས་ཉིད་མངོན་སུམ། དེའི་ངང་དུ་ཆོས་ཉིད་ཀྱི་དྲན་པ་བསྟེན་ཏེ་མཉམ་པར་བཞག་པས་ཚོགས་དྲུག་གི་བྱུང་ཚོར་ཐམས་ཅད་གཞི་མེད་རང་གྲོལ་དུ་སོང་བ་ནི་ཉམས་གོང་འཕེལ། ཕྱིའི་སྣང་ཡུལ་དང་། ནང་གི་སེམས་ཉིད་མེ་ལོང་དང་གཟུགས་བརྙན་ལྟར་གཉིས་སུ་སྣང་ཡང་གཉིས་མེད་རོ་གཅིག་ཏུ་འདྲེས་ནས་ཐམས་ཅད་རིག་པའི་རང་རྩལ་འབའ་ཞིག་ཏུ་ཤར་བས་ཅིར་སྣང་ཆོས་ཉིད་ལས་མ་གཡོས་པ་ནི་རིག་པ་ཚད་ཕེབས། གདོད་མའི་གཤིས་ལུགས་རང་རིག་འགྱུར་བ་མེད་པ་ལ་བརྟན་པ་ཐོབ་པས་བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་རྟོག་དབྱིངས་སུ་དག ཆོས་ཅན་འཁྲུལ་པའི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པས་ཀ་དག་ཆོས་ཟད་དུ་གྲོལ་བའམ་ཆོས་ཉིད་ཟད་སར་འཁྱོལ་བ་ཞེས་བྱ་སྟེ། མཐར་འབྲས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་གདོད་མའི་མགོན་པོ་ཀུན་བཟང་པདྨ་རྒྱལ་པོ་ཉིད་རང་བྱུང་གདོད་མའི་གཞི་ལ་ཡེ་ནས་རྫོགས་པའི་དོན་སྤྲོས་བྲལ་ཐིག་ལེ་ཆེན་པོར་མངོན་པར་བྱང་ཆུབ་པ་ནི་ལྷུན་གྱིས་གྲུབ་པའི་འབྲས་བུ་གཞི་ལ་རྫོགས་པ་ཞེས་བྱ་སྟེ། དེ་ལྟ་བུའི་དགོངས་པ་ལས་མི་གཡོ་བཞིན་དུ་རིག་རྩལ་ཧཱུྃ་གི་ངར་འདོན་དང་བཅས་ཏེ། ཕྱི་ནང་གི་འཁྲུལ་རྟོག་ཐམས་ཅད་རང་གྲོལ་གདོད་མའི་དབྱིངས་སུ་སྐྱེལ་ཞིང་ལ་བཟླ་བར་བྱ་སྟེ། རྩ་བར། ཆོས་ཉིད་སྟོང་པར་གཏིང་བཅས་ཏེ༔ རིག་རྩལ་ཧཱུྃ་གི་གསལ་ངར་འདོན༔ ཕྱི་ནང་འཁྲུལ་རྟོག་ཇི་སྙེད་པ༔ རང་གྲོལ་ཆེན་པོའི་དབྱིངས་སུ་བསྐྱལ༔ ས་མ་ཡ༔ ཞེས་གསུངས་སོ། གསུམ་པ་རྗེས་ནི། རྗེས་སུ་བསྔོ་སྨོན་རྒྱས་གདབ་ཅིང༔ ཤིས་བརྗོད་དགེ་ལེགས་གང་འཕེལ་བྱ༔ ཞེས་གསུངས་ཏེ། དེ་ལ་བསྔོ་སྨོན་ནི། ཧོ༔ བསྐྱེད་པས་ལུས་སྣང་ལྷ་སྐུར་དག༔ ཅེས་སོགས་ཏེ། དེ་ཡང་གནས་ཚུལ་ཡང་དག་དང་མཐུན་པར་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་བསྐྱེད་རིམ་མཐར་ཕྱིན་ནས་ནང་རང་གི་ལུས་དང་ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་སྒྲིབ་བྲལ་ཟུང་འཇུག་གི་ལྷ་སྐུ་དག་པ་རབ་འབྱམས་སུ་ཤར་ཏེ་སྣང་སྟོང་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པ་དང་། ཏིང་འཛིན་དམིགས་པའི་འཕྲོ་འདུ་ལ་བརྟེན་ཏེ་བཟླས་པ་སྔགས་ཀྱི་རྣལ་འབྱོར་གྱིས་འགྲོ་འོང་སྲོག་རྩོལ་སྒྲ་སྐད་བརྗོད་པ་ཐམས་ཅད་གྲགས་སྟོང་གཞོམ་མེད་སྔགས་ཀྱི་ངོ་བོར་གྲོལ་ཞིང་ངག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་སྨིན་པ་དང་། ཡིད་ཀྱི་འགྱུ་དྲན་རྟོག་ཚོགས་ཐམས་ཅད་ཐུགས་རྡོ་རྗེའི་ལམ་ཁྱེར་ལ་བརྟེན་ནས་རིག་སྟོང་ཟུང་འཇུག་རྒྱལ་བའི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་དགོངས་པར་རྫོགས་ཤིང་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་བདག་དང་འགྲོ་ཀུན་ཚོམ་བུ་གཅིག་ཏུ་བྱང་ཆུབ་པར་སྨོན་པའོ། །གཉིས་པ་ནི། ཧོ། རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ ཞེས་སོགས་ཏེ། དེ་ཡང་ནམ་མཁའ་གང་བའི་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པས་བྱིན་གྱིས་རླབས་ཤིང་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། ཕྱི་ནང་གི་བར་ཆད་སེལ་ཞིང་གང་བསམ་ཡིད་བཞིན་དུ་འགྲུབ་པའི་བདེན་ཚིག་རྡོ་རྗེའི་གླུ་དང་ཤིས་བརྗོད་ཀྱི་མེ་ཏོག་མནྡ་{ནྡྷ}ར འི་ཆར་ཆེན་པོ་བབས་པས་ཕྱོགས་དུས་འཇིག་རྟེན་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་མོས་པའོ། །དེ་ལྟར་བརྩོན་པས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་དགོས་པའང་། གཞུང་ལས། དེ་ལྟར་ཟབ་གཉན་བྱིན་ཆེ་བའི༔ གུ་རུའི་ཐུགས་ཏིག་མཐར་ཐུག་འདི༔ ཚིག་གི་བརྗོད་པས་གསལ་འདེབས་ཤིང༔ དོན་གྱི་དགོངས་པ་ཡེངས་མེད་ངང༔ རིག་རྩལ་ངར་ལྡན་ཐོག་ལྟ་བུའི༔ རྣལ་འབྱོར་འབྲལ་མེད་རྒྱུན་དུ་བསྐྱངསཿ བར་ཆད་བགེགས་ཚོགས་འཕྲལ་དུ་ཞི༔ ཐུན་མོང་གང་འདོད་བདེ་བླག་འགྲུབ༔འཁྲུལ་རྟོག་དབྱིངས་སུ་རང་གྲོལ་ནས༔ ཁྲོ་རྒྱལ་ཆེ་དང་དབྱེར་མེད་འགྱུར༔ ས་མ་ཡ༔ ཞེས་རྡོ་རྗེའི་གསུང་གིས་བསྟན་པ་བཞིན་ལགས་པས་སྐལ་བཟང་རྣམས་ཀྱིས་བརྩོན་པས་ཉམས་སུ་ལེན་པར་རིགས་སོ། །ཤིན་ཏུ་ཡང་ཟབ་ཌཱ་ཀིའི་སྙིང་ཁྲག་བཅུད། །དམ་ཉམས་འདྲེས་ཁྱེར་དུག་ཆུས་བསླད་མིན་པར། །མངོན་དུ་སྤྱོད་ཡོད་སྔོན་གོམས་དགེ་བའི་མཐུར། །ལེགས་པར་ཤེས་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །ཚུལ་འདིར་བདག་བློ་རྨོངས་པས་ཉེས་པའི་ཆ། །གང་མཆིས་སྙིང་ནས་རྩ་གསུམ་སྤྱན་སྔར་བཤགས། །འཕྲལ་དང་ཡུན་གྱི་སྒྲིབ་པར་མི་འགྱུར་ཞིང་། །འདི་འཛིན་རྣམས་ལ་བྱིན་གྱིས་རློབས་པར་མཛོད། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། བདག་གཞན་འགྲོ་ཀུན་སྒྲིབ་རྒྱ་ལས་གྲོལ་ནས། །འཕོ་མེད་ཟུང་འཇུག་རྟག་པ་དམ་པའི་དཔལ། །རིག་བདག་བླ་མའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་མཆོག་སྤྲུལ་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་ཀྱི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དུ་གསུང་གིས་བསྐུལ་བ་ལྟར། ༧ གཏེར་ཆེན་བླ་མ་རིན་པོ་ཆེ་ཉིད་ལས་ལམ་འདིའི་སྨིན་གྲོལ་ཐོབ་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཨ་གྲོ་སྔགས་དཀར། པདྨ་བདེ་བ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་ཀྱིས་མཛད་པའོ། །འདིས་ཀྱང་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།


previousགྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང་།no next