Nitartha Digital Library
Tibetan
 
previousསྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབ་གསལ་ནོར་བུའི་སྒྲོན་མེ། next

སྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབ་གསལ་ནོར་བུའི་སྒྲོན་མེ།

༄༅། །སྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབ་གསལ་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཕུལ་བྱུང་མཁྱེན་རབ་མཚུངས་མེད་འཇམ་པའི་དབྱངས། །བརྩེ་ཆེན་ཐུགས་རྗེའི་དབང་ཕྱུག་པད་དཀར་འཆང་། །ནུས་མཐུ་དཔག་ཡས་གསང་བདག་རྡོ་རྗེ་འཛིན། །རིགས་གསུམ་དབྱེར་མེད་ཀུན་མཁྱེན་བླ་མར་འདུད། །ཟབ་ཅིང་རྒྱ་ཆེའི་ཐེག་མཆོག་དབུ་མའི་སྲོལ། །ལེགས་པར་གསལ་མཛད་རྒྱལ་སྲས་ཞི་བ་ལྷའི། །ཟབ་དགོངས་མ་ཀྱོག་སྔོན་རབས་མཁས་པའི་ལུགས། །སྐལ་བཟང་སྐྱེ་བོའི་སྙིང་གི་གདུང་སེལ་རྨད། །འདིར་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷའི་ཞལ་སྔ་ནས་བསྩལ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེར་ལེའི་རྣམ་བཤད་ཀུན་མཁྱེན་བླ་མའི་གསུང་ལས་ཚིག་དོན་གྱི་ཆ་ཅུང་ཟད་བསྡུས་ཏེ་འབྲུ་འགྲེལ་བལྟ་བདེར་འགོད་པ་ལ་གཉིས། ལམ་གྱི་གཙོ་བོ་ཤེས་རབ་བསྐྱེད་དགོས་ཚུལ་དང་། ཤེས་རབ་ཀྱི་ཕར་ཕྱིན་ཉིད་བཤད་པའོ། །དང་པོ་ནི། གོང་དུ་ཇི་སྐད་བཤད་པའི་སྦྱིན་པ་ལ་སོགས་པའི་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཐབས་ཀྱི་ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་འབྲས་ཡུམ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ལམ་གྱི་གཙོ་བོ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་གྲོགས་སམ་འཁོར་ཙམ་གྱི་དོན་དུ་གསུངས་ཏེ། ཤེས་རབ་ཀྱིས་ནི་སྒྲིབ་གཉིས་སྤོང་ཞིང་མཁྱེན་གཉིས་ཡེ་ཤེས་ཀྱི་མཐར་ཐུག་པར་བྱེད་པ་ཡིན་གྱི། ཕར་ཕྱིན་གཞན་གྱིས་དེ་མི་ནུས་པར་མ་ཟད་ཕར་ཕྱིན་ལྔ་པོ་དེ་དག་ཤེས་རབ་ཀྱིས་བཟུང་ན་གདོད་ཕར་ཕྱིན་གྱི་མིང་ཐོབ་ཅིང་སངས་རྒྱས་སུ་བགྲོད་པ་ཡིན་ཏེ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་ཇིི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཆུ་ཀླུང་ཆེན་པོ་གངྒཱ་ག་ལ་བ་དེར་འདོང་ངོ་། །དེ་དག་ཆུ་ཀླུང་གངྒཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འདོང་ངོ་། །ཞེས་སོགས་དང་། སྡུད་པ་ལས་ཀྱང་། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་གསུངས། དེས་ན་ལམ་གྱི་གཙོ་བོ་ཤེས་རབ་ནི་མེད་དུ་མི་རུང་བ་ཡིན་ནོ། །ཞེས་དོན་ཆེ་བར་བསྟན་པ་ཡིན་ཏེ། འདི་ལ་ཡན་ལག་སྔ་ཕྱི་རྣམས་རྒྱུ་འབྲས་སུ་བཤད་པའང་ཡོད་དེ་གང་ལྟར་མི་འགལ་ཡང་། རང་ལམ་གྱི་སྤངས་རྟོགས་མཐར་ཕྱིན་པར་བྱེད་པ་ནི་ཤེས་རབ་འབའ་ཞིག་ལ་རག་ལས་པ་ཡིན་ནོ། །རྒྱུ་མཚན་དེ་ཡི་ཕྱིར་ན་རང་དང་གཞན་གྱི་སྡུག་བསྔལ་མཐའ་དག་རྩ་བ་ནས་ཞི་བར་འདོད་པས་དེ་ཁོ་ན་ཉིད་དམ་བདག་མེད་རྟོགས་པའི་ཤེས་རབ་དེ་འབད་པས་བསྐྱེད་དགོས་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་ཟག་བཅས་ལས་ཉོན་གྱི་རྒྱུ་ལས་བྱུང་ཞིང་། དེ་དག་ཀྱང་དངོས་པོར་འཛིན་པ་ལས་བྱུང་བས་ན། དེ་ཉིད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤངས་པས་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་ཞིང་། རང་གིས་སྟོང་ཉིད་རྟོགས་པ་ན་དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་པོའང་རྩོལ་མེད་དུ་འབྱུང་བས། ཇི་ལྟར་རྟོགས་པའི་དོན་དེ་ཉིད་བསྟན་པས། གཞན་རྒྱུད་ཀྱི་སྡུག་བསྔལ་ཡང་སེལ་ནུས་པའི་ཕྱིར་རོ། །གཉིས་པ་ཤེར་ཕྱིན་དངོས་ཉིད་བཤད་པ་ལ། གཞི་བདེན་སྟོང་དུ་རྣམ་པར་གཞག་པ་དང་། ལམ་བདག་མེད་དུ་གཏན་ལ་དབབ་པ་གཉིས། དང་པོ་ལ། དངོས་དང་རྩོད་སྤོང་གཉིས། དེའི་དང་པོ་ལ་རྟོགས་བྱ་བདེན་གཉིས་ངོས་བཟུང་། རྟོགས་པ་པོ་གང་ཟག་གི་རིམ་པ་བསྟན། ཇི་ལྟར་རྟོགས་པར་བྱ་བའི་ཚུལ་བཤད་པ་གསུམ་ལས། དང་པོ་བདེན་གཉིས་ངོས་བཟུང་བ་ནི། འདི་ལྟར་ཀུན་ནས་ཉོན་མོངས་པ་འཁོར་བའི་ཕྱོགས་དང་། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱིས་བསྡུས་པའི་ཤེས་བྱའི་ཆོས་འདི་དག་ཐམས་ཅད་ལ། ཆོས་ཅན་ཇི་སྙེད་པ་སྣང་ཙམ་མ་འགགས་ཀྱང་དེ་ལ་རང་བཞིན་མེད་པས་ཀུན་རྫོབ་དང་ནི། ཆོས་ཉིད་ཇི་ལྟ་བ་སྤྲོས་པའི་མཚན་མ་ཐམས་ཅད་ཀྱིས་ཡེ་ནས་དབེན་པའི་སྟོང་པ་ཉིད་དེ་གཉེར་བྱའི་དོན་མཆོག་གམ་དམ་པ་ཡིན་པས་དོན་དམ་ཞེས་བྱ་སྟེ། འདི་གཉིས་པོ་ནི་དོན་དམ་པར་རང་བཞིན་མེད་པའམ། མཚན་ཉིད་དང་བྲལ་བའི་དབྱིངས་སུ་ཚུལ་གཅིག་ཀྱང་། ཐ་སྙད་དུ་འཇིག་རྟེན་པའི་བློ་ངོ་ན་བདེན་པ་མ་ཡིན་པ་ལས་ལོག་ཙམ་གྱི་དབང་དུ་བྱས་ཏེ་གནས་སྣང་ངམ་རྣམ་ཤེས་འཁྲུལ་པ་དང་ཡེ་ཤེས་མ་འཁྲུལ་པའི་ངོར་མི་བསླུ་བས་ན་བདེན་པ་ཞེས་བྱ་སྟེ་དེ་ལྟར་རྣམ་པ་གཉིས་སུ་གནས་པར་འདོད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ་ཞེས་དང་། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པའི་བདེན་པ་འདི་གཉིས་ཏེ། །ཁྱེད་ཀྱིས་གཞན་ལས་མ་གསན་རང་གིས་རིག །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས། འཕགས་པའི་བདེན་པ་བཞི་སོགས་ཇི་སྙེད་བཤད་པ་རྣམས་ཀྱང་འདི་གཉིས་སུ་འདུ་བ་ཡིན་ཞིང་། དེ་ལ་ཀུན་རྫོབ་ནི་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་དོན་ལ་སྐྱེ་སོགས་ཀྱི་སྤྲོས་པའི་རང་བཞིན་དུ་མེད་བཞིན་དེར་སྣང་བ་སྒྱུ་མ་དང་རྨི་ལམ་སྐྲ་ཤད་ལྟ་བུའི་སྣང་ཚུལ་མ་བརྟགས་ཉམས་དགའ་ཙམ་དུ་འཇིག་རྟེན་ན་ཇི་ལྟར་གྲགས་པ་འདི་ཡིན་ཏེ། སློབ་དཔོན་ཞི་བ་འཚོས། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་ཡིན་པར་རྟོགས། །ཞེས་དང་། འཇུག་འགྲེལ་དུ། ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར་བདག་དང་གཞན་ལས་སྐྱེ་བ་སོགས་མ་དཔྱད་པར་འཇིག་རྟེན་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་དང་། མདོ་ལས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ངས་ཀྱང་མེད་པར་བཞེད་དོ། །ཞེས་པ་ལྟར་རོ། །དེ་ཡང་འཇིག་རྟེན་པའི་ལུགས་ཞེས་བྱ་བ་གཞན་ངོ་ཙམ་དུ་སྟོན་པ་ཁོ་ན་མ་ཡིན་ཏེ་བརྟེན་ནས་འབྱུང་བའི་སྣང་བ་གང་ཞིག་རང་གཞན་ཐམས་ཅད་ལ་བསླུ་མེད་དུ་སྣང་བ་ཀུན་ཏུ་ཐ་སྙད་པའི་ཚད་མ་དང་མི་འགལ་བ་དེ་ཇི་ལྟར་སྣང་ཙམ་པ་དེ་བཞིན་དུ་དོན་དམ་པར་ཡོད་མེད་དུ་མ་དཔྱད་པར་ཁས་ལེན་པ་ཡིན་ནོ། །ཆོས་ཅན་སྣང་བ་དེའི་རང་བཞིན་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ན་སྐྱེ་འགག་རྟག་ཆད་གཅིག་ཐ་དད་སོགས་གཉིས་ཆོས་ཀྱི་སྤྲོས་པའི་མཚན་མ་མཐའ་དག་གིས་ཡེ་གདོད་མ་ནས་སྟོང་པའི་གནས་ཚུལ་ཆོས་ཉིད་ཀྱི་གཤིས་ལུགས་ཟབ་མོ་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པ་ཉིད་ཡིན་ཏེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་ནི་བརྡར་མཛད་དོ། །ཞེས་དང་། ཨ་ཏི་ཤས། ཀུན་རྫོབ་ཇི་ལྟར་གནས་པ་འདི། །རིགས་པས་དཔྱད་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས། དེ་ལྟ་བུའི་བདེན་པ་གཉིས་པོ་དེ་ཡང་། ཀུན་རྫོབ་ཏུ་གཅིག་པ་དང་། དོན་དམ་པར་ཐ་དད་ན་སྐྱོན་བཞི་བཞིས་གནོད་པར་དགོངས་འགྲེལ་ལས་གསུངས་ཏེ། ཀུན་རྫོབ་ཏུ་གཅིག་ཡིན་ན། ཀུན་རྫོབ་མཐོང་བ་ན་དོན་དམ་པའི་བདེན་པའང་མཐོང་བར་འགྱུར་བ་དང་། དོན་དམ་ལྟར་ཀུན་རྫོབ་ཀྱང་དབྱེ་བ་བྱར་མེད་པར་འགྱུར་བ་དང་། ཀུན་རྫོབ་སྒྲིབ་པའི་དམིགས་པ་ཡིན་པ་ལྟར་དོན་དམ་པའང་སྒྲིབ་པའི་དམིགས་པར་ཐལ་བ་དང་། ཀུན་རྫོབ་མཐོང་བ་དང་ཐོས་པ་ལས་གཞན་དུ་བཙལ་བར་བྱ་བ་མ་ཡིན་པ་ལྟར་དོན་དམ་པའང་བཙལ་བར་བྱ་བ་མ་ཡིན་པར་ཐལ་བའོ། །དོན་དམ་པར་ཐ་དད་ན་བདེན་པ་གཉིས་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ་བ་དང་། དོན་དམ་སྟོང་པ་ཉིད་རྟོགས་པས་དམིགས་པའི་མཚན་མ་ཟིལ་གྱིས་མི་གནོན་པར་ཐལ་བ་དང་། ཀུན་རྫོབ་ཡང་དག་པར་མ་གྲུབ་པ་ཙམ་དོན་དམ་པ་མ་ཡིན་པར་ཐལ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུས་གཅིག་པར་གང་ཟག་གཅིག་གི་རྒྱུད་དུ་དམིགས་པར་ཐལ་བའོ། །དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་ཐ་དད་དང་བྲལ་བས་རང་གི་ངོ་བོའི་དབྱེ་བ་མེད་དེ། མདོ་དེ་ཉིད་ལས་ཀུན་རྫོབ་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས། ཐ་སྙད་ཙམ་དུ་དབྱེ་ན། ཀུན་རྫོབ་ལས་ངོ་བོ་ཐ་དད་དུ་གྱུར་པའི་དོན་དམ་བདེན་པ་རིགས་པས་དཔྱད་ན་མི་རྙེད་པའི་ཕྱིར་དང་། བློས་མཐོང་ཚུལ་ཐ་མི་དད་པས་དེ་གཉིས་གཞི་གཅིག་ལས་དབྱེ་དགོས་པའི་ཕྱིར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལ་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་སོ། །དེ་ལ་སྤྱིར་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་བདེན་གཉིས་འཇོག་ཚུལ་མི་འདྲ་བ་གཉིས་གསུངས་ཏེ། གནས་ཚུལ་སྐྱེ་མེད་ལ་དོན་དམ་དང་། སྣང་ཚུལ་ཐ་སྙད་ལ་ཀུན་རྫོབ་ཀྱི་མིང་གིས་བསྟན་ཏེ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་གི་ངོ་བོར་ཚུལ་གཅིག་པར་དགོངས་ཏེ་ངེས་དོན་ཤིང་རྟ་ཆེན་མོར་ཡང་དེ་བཞིན་དུ་ཞལ་བཞེས་མཛད་ལ། ཡང་གནས་སྣང་མཐུན་པར་གྱུར་པའི་ཡུལ་ཡུལ་ཅན་གཉིས་ཀ་ལ་དོན་དམ་དང་། མི་མཐུན་པར་གྱུར་པའི་ཡུལ་ཡུལ་ཅན་གཉིས་ཀ་ལ་ཀུན་རྫོབ་ཀྱི་མིང་གིས་བསྟན་ཏེ། འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་བློ་ནི་ཀུན་རྫོབ་ཏུའོ། །ཞེས་པ་ལྟར་མེད་སྣང་འཁོར་བའི་ཆོས་སྦྱང་བྱ་གློ་བུར་གྱི་འཁྲུལ་པའི་དྲི་མ་རྣམས་ཀུན་རྫོབ་དང་། དག་པ་མྱང་འདས་ཀྱི་ཆོས་རྣམས་དོན་དམ་དུ་བྱས་ཏེ་མཛོད་འགྲེལ་པད་དཀར་ལས་གསུངས་པ་ལྟ་བུ་སྟེ། དེ་གཉིས་སོ་སོའི་ལུགས་ཀྱི་དགོངས་པ་མ་འདྲེས་པར་སྐབས་ཀྱི་ཤན་འབྱེད་དགོས་པས། གོང་དུ་བཤད་པའི་ཐ་སྙད་ཀྱི་ཁས་ལེན་ནི་བདེན་གཉིས་འཇོག་ཚུལ་སྔ་མའི་དབང་དུ་བྱས་པ་སྟེ། འདིའི་ལུགས་ལ་ཐ་སྙད་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་གཏན་ལ་དབབ་པའི་ཕྱིར། དེ་གཉིས་ཐབས་དང་ཐབས་བྱུང་གི་ངོ་བོར་འགྱུར་ཏེ། སྔ་མ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས། ཕྱི་མའི་དབང་དུ་བྱས་ན་མཐོང་བ་ཡང་དག་འཕགས་པའི་ཡེ་ཤེས་དང་། མཐོང་བ་རྫུན་པ་སོ་སྐྱེའི་བློ་གཉིས་སྣང་ཅན་གྱི་རྣམ་ཤེས་ཀྱི་ཡུལ་དུ་གྱུར་མ་གྱུར་གྱི་སྒོ་ནས་བཞག་སྟེ། དེ་ཉིད་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས། འདིའི་ལུགས་ལ་དེ་གཉིས་གཅིག་པ་བཀག་པའི་ཐ་དད་ཙམ་དུ་བཞེད་དེ། རྗེ་བཙུན་བསོད་ནམས་རྩེ་མོ་སོགས་དཔལ་ས་སྐྱ་བའི་བསྟན་འཛིན་ཆེན་པོ་རྣམས་ཀྱང་དེ་བཞིན་བཞེད་ལ། རྗེ་བཙུན་བྱམས་མགོན་ཞབས་ཀྱིས་ཀྱང་། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པའང་རིགས་པ་འདི་དང་མཐུན་ནོ། །དེ་ལས་རེ་ཞིག་བདེན་གཉིས་འཇོག་ཚུལ་སྔ་མའི་དབང་དུ་བྱས་ཏེ། ཀུན་རྫོབ་ལའང་། དབུ་མ་རང་རྒྱུད་པ་རྣམས་ཀྱིས། སྣང་ཡང་དོན་བྱེད་ནུས་པ་དང་མི་ནུས་པའི་དབང་གིས་ཡང་དག་པ་དང་ལོག་པའི་ཀུན་རྫོབ་གཉིས་སུ་དབྱེ་བར་མཛད་དེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་ཤིང་། ཐལ་འགྱུར་པས་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་བདེན་པར་གྲུབ་པ་དོན་གཅིག་པས་ཐ་སྙད་དུའང་མ་གྲུབ་པར་དེ་གཉིས་འདྲ་ན་ཡང་། འཇིག་རྟེན་པ་བདེན་བརྫུན་བྱེད་པ་དང་བསྟུན་ནས་ཕྱེ་བ་ཙམ་དུ་ཟད་དེ། འཇུག་པར། སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་ཚིག་རྐང་སྔ་མ་གཉིས་ཤེས་པའི་དབང་དུ་བྱས་པ་དང་། ཕྱི་མ་བཞི་ཡུལ་གྱི་དབང་དུ་བྱས་ཏེ་གསུངས་སོ། །དབྱེ་སྒོ་གཞན་ཡང་བློ་འཁྲུལ་པ་དང་མ་འཁྲུལ་པའི་དབང་གིས་གཉིས་སུ་བཞག་པ་ཡོད་དེ། སོ་སོའི་སྐྱེ་བོའི་བློ་གཉིས་སྣང་ཅན་གྱི་ངོར་སྣང་ཞིང་བདེན་ཞེན་དང་བཅས་པའི་སེམས་རྟོག་དང་སྣང་བ་རྣམས་ནི། ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་བོ་ལ་སྣང་ཞིང་གནས་ཚུལ་ལ་སྒྲིབ་པའི་ཕྱིར་ལོག་པའི་ཀུན་རྫོབ་དང་། འཕགས་པའི་ཡེ་ཤེས་ཐོབ་ནས་བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ལ་ཡང་དག་པའི་ཀུན་རྫོབ་ཀྱི་སྒྲས་བསྟན་པ་ཡོད་དེ། དེ་ལའང་འབྲས་བུ་ཐོབ་བྱེད་ཀྱི་ལམ་ལ་མ་འཁྲུལ་པ་དང་། འབྲས་བུ་ཐོབ་ནས་མ་འཁྲུལ་པ་གཉིས་ཀྱི། དང་པོ་ནི། འཕགས་པ་སློབ་པའི་རྒྱུད་ཀྱི་ལམ་བདེན་གྱིས་བསྡུས་པ་སྟེ་དེ་དག་འགྱུར་ཞིང་གོང་དུ་བགྲོད་པས་མི་རྟག་ཀྱང་གཤིས་ཀྱི་སར་བགྲོད་པ་དང་བདེན་ཞེན་མེད་པའི་ཕྱིར་དེ་སྐད་དུ་བརྗོད་དེ། རྒྱུད་བླ་མའི་འགྲེལ་པར། ལམ་བདེན་ཐམས་ཅད་ནི་འདུས་བྱས་འདུས་བྱས་ཐམས་ཅད་ཀུན་རྫོབ་སྟེ་ཞེས་གསུངས། གཉིས་པ་ནི། སངས་རྒྱས་ཀྱི་གཟུགས་སྐུ་གཉིས་དང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་བཅས་པ་སྟེ། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་ཏེ། འདི་ནི་གདུལ་བྱ་གཞན་ངོར་སྣང་བའི་ཆ་ཙམ་ནས་བཏགས་ཏེ། ཀུན་རྫོབ་མཚན་ཉིད་པ་མ་ཡིན་ཞིང་དོན་དམ་ཉག་གཅིག་གི་དགོངས་པ་མཐར་ཕྱིན་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དོན་དམ་པ་དེ་ལའང་སྐྱེ་བ་དང་གནས་པ་སོགས་བཀག་པའི་སྐྱེ་མེད་དང་གནས་མེད་སོགས་མེད་དགག་ཙམ་གྱི་སྟོང་པ་ནི་སྟོང་ཉིད་ཆེན་པོ་མཐའ་བཞི་དང་བྲལ་བ་ལ་འཇུག་པའི་སྒོ་ཙམ་ཡིན་པས་རྣམ་གྲངས་པའི་དོན་དམ་མམ་མཐུན་པའི་དོན་དམ་ཞེས་བརྡ་མཛད་དེ། རྒྱན་ལས། དམ་པའི་དོན་དམ་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་གསུངས་ཏེ། རེ་ཞིག་ཐོག་མ་མེད་པ་ནས་དངོས་པོར་ཞེན་པ་གོམས་པ་རྣམས་ལ་མཐའ་བཞི་དང་བྲལ་བའི་ཡེ་ཤེས་སྐྱེ་བའི་སྐབས་མེད་པས། དངོས་ཀུན་དོན་དམ་པར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་སེམས་བྱུང་ཤེས་རབ་བསྐྱེད་དགོས་པས་ན། རང་རྒྱུད་པའི་གཞུང་ཐམས་ཅད་དུ་ནི། མདོ་དང་བསྟན་བཅོས་རྣམས་སུ་གཟུགས་སོགས་མེད་པར་བཀག་པའི་རྣམ་པ་ཐམས་ཅད། བདེན་ཡོད་ཙམ་འགོག་པའི་མེད་རྐྱང་རྣམ་གྲངས་པའི་དོན་དམ་དུ་བཤད་པ་མཛད་ནས། དེ་ལས་སླར་མེད་པ་ཉིད་ཀྱང་གནས་ལུགས་མཐར་ཐུག་གི་དོན་དུ་མི་བཞེད་དེ། རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་པ་སོགས་མི་སྲིད། །ཅེས་དང་། བདེན་གཉིས་ལས། ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པ་བཞིན་ནོ། །དེ་ལྟ་ནའང་གནས་སྐབས་ལམ་གཏན་ལ་འབེབས་པའི་སྐབས་སུ་དོན་དམ་པར་སྐྱེ་བ་མེད་ཀྱང་ཀུན་རྫོབ་ཏུ་སྐྱེ་བ་ལྟར་སྣང་བ་འགོག་མི་ནུས་པས་ཆོས་རྣམས་ནི་ཀུན་རྫོབ་ཏུ་རང་གི་མཚན་ཉིད་འཛིན་པར་ཐ་སྙད་དཔྱོད་པའི་ཚད་མས་གྲུབ་ཅིང་དེ་སྣང་བ་ལྟར་དོན་དམ་པར་མ་གྲུབ་པས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ཏེ་དོན་དམ་པར་མེད་ལ་ཀུན་རྫོབ་པར་བསླུ་མེད་དུ་ཡོད་དོ་ཞེས་འཕགས་པའི་རྗེས་ཐོབ་ཀྱི་གཟིགས་པ་དང་མཐུན་པར་འཆད་པར་བྱེད་དེ། དེ་ལྟར་བདེན་གཉིས་སོ་སོར་རང་ས་ན་མ་ཉམས་པར་བཞག་པ་འདི་ལས་དང་པོ་བའི་བློ་ངོར་ཅིས་ཀྱང་བདེ་བ་ཡིན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་ཀྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །འོན་ཀྱང་གནས་ལུགས་མཐར་ཐུག་པ་འཕགས་པའི་མཉམ་བཞག་གི་གཟིགས་པ་དང་རྗེས་སུ་མཐུན་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་དབང་དུ་བྱས་ན་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མེད་པ་ཞེས་ཡོད་པ་དང་མེད་པའི་མཚན་ཉིད་གཉིས་སོ་སོར་ཕྱོགས་སུ་ཆད་དེ་གནས་པ་མ་ཡིན་ཏེ། གང་སྣང་བའི་གཟུགས་ལ་སོགས་པ་འདི་ཉིད་རང་བཞིན་གྱིས་སྟོང་པས་གཟུགས་སྟོང་པ་དང་། གནས་སྐབས་རྟེན་འབྲེལ་གྱི་སྣང་བ་མ་འགགས་པར་ཤར་བས་སྟོང་པ་ཉིད་གཟུགས་དང་། སྣང་ཙམ་ཉིད་ན་ངོ་བོ་སྟོང་ཉིད་ལས་མ་གཡོས་པས་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་པ་དང་། ངོ་བོ་སྟོང་ཉིད་ལས་མ་གཡོས་བཞིན་དུ་གཟུགས་སོགས་སུ་སྣང་བས་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་པ་སྟེ། ཤེར་མདོ་ལས་གསུངས་པའི་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་མ་བྱས་པ་དེ་སྲིད་དུ་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་པས། དཔལ་ལྡན་ཟླ་བ་དང་ཞི་བ་ལྷ་ལ་སོགས་པ་ནི། དང་པོ་ནས་མཐའ་བཞི་དང་བྲལ་བའི་ཡེ་ཤེས་སོ་སོ་རང་རིག་པ་ཉིད་རྩལ་དུ་འདོན་པར་མཛད་དེ། འཇུག་པ་ལས། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་ཞིག་ཡིན་པར་འགྱུར། །དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་ནས་མ་གྲགས་པ་ཡང་མིན། །ཇི་ལྟར་དེ་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །ཞེས་གསུངས་པ་ལྟར། ཀུན་རྫོབ་རང་མཚན་གྱིས་གྲུབ་པ་དེ་ཡང་བཀག་པས་བདེན་གཉིས་སོ་སོར་འཛིན་པ་ཁེགས་ཏེ་སྣང་སྟོང་ཟུང་དུ་འཇུག་པར་འགྱུར་བས་དོན་དམ་པའི་གནས་ཚུལ་ལ་རྗེས་སུ་སོན་པའི་ལྟ་བ་ཁས་ལེན་ཀུན་བྲལ་དུ་སོང་བའི་གནད་ཀྱིས་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་ཐལ་འགྱུར་གྱིས་འཇིལ་བར་མཛད་པའི་ཕྱིར་ཐལ་འགྱུར་པ་ཞེས་མཚན་དུ་ཆགས་སོ། །འདིར་ཁས་ལེན་མི་ལེན་གྱི་རྣམ་བཞག་ནི། དབུ་མ་པ་སྤྱིས་དོན་དམ་སྤྲོས་བྲལ་དུ་འདོད་པའི་ཕྱིར་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་ཀྱང་རེ་ཞིག་ཀུན་རྫོབ་ཐ་སྙད་ཙམ་དུ་སྐབས་ཀྱི་དབྱེ་བས་ཐལ་འགྱུར་པ་ལ་ཁས་ལེན་པ་དང་མི་ལེན་པའི་རྣམ་བཞག་གཉིས་གསུངས་པ་ལས། རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་ནི། རྩོད་པ་དང་དོན་དམ་ཡུལ་དུ་བྱེད་པའི་ཚེ་སྣང་བ་གང་ཡང་རང་བཞིན་མེད་པས་གཤིས་ལ་ཁས་ལེན་མེད་པའི་ཕྱིར་གང་ཡང་ཁས་བླང་བར་མི་བྱ་སྟེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། འཇུག་པར། ཇི་ལྟར་ཁྱེད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས། ལམ་རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་དུས་གསུང་རབ་ལས་བཤད་པ་ལྟར་རྣམ་དབྱེ་དང་བཅས་པ་རྨི་ལམ་སྒྱུ་མའི་གྲུབ་མཐའ་ཙམ་དུ་ཤེས་ནས་རང་གིས་ཀྱང་དཔྱད་དེ་བསམ་ཞིང་གཞན་ལའང་བསྟན་པས་བླང་དོར་གྱི་དམིགས་ཕྱེད་ནས་ལམ་དབུ་མ་ཚོགས་གཉིས་ལ་ཞུགས་ཏེ། འབྲས་བུ་སྐུ་གཉིས་ཐོབ་པའི་དགོས་པ་ཡོད་དེ། ཚིག་གསལ་ལས། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་དང་། འཇུག་འགྲེལ་ལས། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་སྙམ་དུ་བསམས་ཏེ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་གསུངས་པ་བཞིན་ནོ། །དེ་བས་ན་ཐལ་རང་གི་ཤིང་རྟ་ཆེན་པོ་དེ་དག་མཐར་ཐུག་གི་དགོངས་པའི་གནད་ལ་ཁྱད་པར་ཅི་ཡང་མེད་ཀྱང་གནས་སྐབས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་བཏོན་དེ་འཆད་ཚུལ་ཙམ་མོ། །དེའི་ཕྱིར་ཐལ་འགྱུར་བའི་སྐབས་འདིར་ཟུང་འཇུག་སྤྲོས་པ་དང་བྲལ་བའི་དབུ་མ་ཆེན་པོ་ཉིད་རྩལ་དུ་བཏོན་པས་འདིིའི་ལུགས་ལ་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་སུ་དབྱེ་བ་མེད་པར་ཤེས་པར་བྱའོ། །དེས་ན་སྟོང་དང་རྟེན་འབྱུང་གི་སྣང་བ་ཟུང་དུ་འཇུག་པའི་གཤིས་ལུགས་སྨྲ་བསམ་བརྫོད་བྲལ་བདེན་གཉིས་དབྱེར་མེད་པའི་མཚན་ཉིད་དེ་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ནས་མཐར་དགག་སྒྲུབ་ཀྱི་འཛིན་སྟངས་ཞིག་པ་ཞིག་དགོས་ཏེ། ཇི་སྐད་དུ། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་གལ་ཏེ་ཆུང་ངུ་ནས་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་གྱི་ཁྱོན་གཅིག་མཚན་མ་ཡོད་ན་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་ནུས་སོ། །ཞེས་དང་། ཁྲི་བརྒྱད་སྟོང་པ་ལས། ཀ་ཤི་ཀ་གང་དེ་ལྟར་སོ་སོར་རྟོག་ཀྱང་། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ཅིང་མི་དམིགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་དང་། ཡུམ་གྱི་དགོངས་པ་མཐར་ཐུག་ཤེར་ཕྱིན་མངོན་རྟོགས་རྒྱན་ལས། ཚུལ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་དང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་གྲོལ་བར་འགྱུར། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་དང་། སློབ་དཔོན་འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་དང་། འཇུག་པར་ཡང་། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་དང་། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་གྱུར་པས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་དཔྱོད་པའི་འབྲས་བུ་མཁས་རྣམས་གསུངས། །ཞེས་དང་། དེའི་འགྲེལ་པར། རྟོག་པ་མ་ལུས་པ་བཀག་པ་ཉིད་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་བཤད་པའི་རྣམ་པར་དཔྱོད་པའི་འབྲས་བུར་རྣམ་པར་བཞག་གོ །ཞེས་གསུངས་ཤིང་། གཞན་ཡང་ཏིང་འཛིན་རྒྱལ་པོ་ལས། རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བརྟགས། །དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། །ཞེས་དང་། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་འདི་ཡང་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པ་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་དང་། དཀོན་མཆོག་ཏ་ལ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། རྒྱ་ཆེར་རོལ་པ་ལས། ཚིག་བྲལ་ངག་གི་ལམ་གྱིས་མ་གོས་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང་། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་དེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོང་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་སོགས་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ནས་རྒྱ་ཆེར་གསུངས་ཏེ་ཞིབ་པར་རབ་ལན་ཆེན་མོ་སོགས་ལས་ཤེས་པར་བྱ་ཞིང་། འཕགས་པ་འཇམ་དཔལ་གྱིས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་གདམས་པ་ལས་ཀྱང་། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས། མདོར་ན་འཕགས་པ་ཀླུས་རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་གསུངས། ཁ་ཅིག་འདི་སྔགས་ལམ་གྱི་སྒོམ་ཡིན་གྱི། མདོའི་མིན་ནོ་ཟེར་ཡང་། མཐའ་བཞི་དང་བྲལ་བའི་ཟུང་འཇུག་དེ་ཡིད་དཔྱོད་ཀྱིས་བསྒོམ་པ་དང་། ཐབས་ཀྱིས་བཙན་ཐབས་སུ་ཤར་བའི་ཁྱད་པར་ཙམ་ལས་ཆོས་ཀྱི་དབྱིངས་མི་འདྲ་བ་རེ་ཡོད་པ་མིན་ཏེ། མདོ་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། ཀླུས་བསྟོད་པར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོར་ཐེག་དབྱེར་མ་མཆིས་ན། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་འཇུག་པར་བྱ་ཕྱིར་ཡིན། །ཞེས་དང་། དགོངས་འགྲེལ་ལས། ཐེག་པ་ཆེ་དང་ཐེག་པ་དམན་པ་ལ། །རང་བཞིན་སྣ་ཚོགས་ཆོས་ནི་གང་བསྟན་པ། །དེ་དག་ཉིད་ནི་ཚུལ་གཅིག་ཡང་བསྟན་ཏེ། །དེ་ཕྱིར་ཐེག་པ་ཐ་དད་ང་མི་སྨྲ། །དོན་ལ་སྨྲ་བཞིན་རྣམ་པར་རྟོག་བྱེད་ན། །སྒྲོ་བཏགས་བྱས་ཤིང་སྐུར་བ་བཏབ་བྱས་ནས། །དེ་དག་འགལ་བ་སྙམ་དུ་སེམས་པ་ན། །རྣམ་པར་རྨོངས་པས་བློ་གྲོས་སྣ་ཚོགས་འབྱུང་། །ཞེས་དང་། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །དེ་དག་དྲང་བའི་ཐབས་སུ་བསྟན་པ་ཡིན། །ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། སྤྱི་མདོ་ལས། གསང་ཉིད་སྙིང་པོར་ངེས་པ་ནི། །ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་ངེས་དོན་གྱི་མདོ་རྒྱུད་ཐམས་ཅད་ནས་རྟོགས་བྱ་མཐར་ཐུག་ཆོས་ཀྱི་དབྱིངས་སུ་རིགས་གཅིག་ཅིང་ཐེག་པ་གཅིག་ལས་མེད་པར་གསུངས་པའི་ཕྱིར་དང་། མདོ་ལམ་གྱི་ཆོས་ཉིད་བདེན་པ་མངོན་དུ་གཟིགས་པ་དང་། སྔགས་ལམ་གྱི་དོན་གྱི་འོད་གསལ་མངོན་དུ་བྱས་པ་གཉིས་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་ཁྱད་མེད་པར་འདོད་དགོས་པས་སོ། །དེས་ན་གནས་ལུགས་ལ་དཔྱོད་པའི་སོ་སོ་སྐྱེ་བོའི་དཔྱད་སྒོམ་གྱིས་མཐའ་བཞི་ཅིག་ཆར་ཁེགས་པ་མིན་ཀྱང་། རེས་འཇོག་གི་ཚུལ་དུ་བཞི་ཆར་བཀག་ནས་དམིགས་མེད་ཀྱི་དོན་ཟུང་འཇུག་གི་དབྱིངས་ལ་གོ་མྱོང་སྐྱེ་བར་མ་བྱས་ན། ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་བཞིན་དུ་འཕགས་པའི་ཡེ་ཤེས་ཀྱང་རྒྱུ་མེད་དུ་སྐྱེ་བར་མི་འགྱུར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཀོ་ཊ་པ་ཡི་ས་བོན་ལས། །ས་ལུའི་འབྲས་བུ་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པ་འབྱུང་། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་དང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་མདོ་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་རྟོག་པའི་མཚན་མ་རྣམ་པ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་བ་ན། དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤིན་ཏུ་བརྩོན་པ་ཡིན་ཏེ་རེ་ཞིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བའི་ཚུལ་བཞིན་པའི་ཏིང་ངེ་འཛིན་ནི་ཡོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །གང་དག་སོ་སྐྱེས་ལས་དང་པོ་བ་དག་གིས་ཀྱང་ཚོགས་སྦྱོར་གྱི་སྐབས་འདིར་མོས་སྤྱོད་དོན་དམ་སྤྱི་རྗེས་དཔག་གི་ཚུལ་གྱིས་ཅི་ནུས་སུ་འབད་པས་བསྒོམ་པ་གལ་ཆེ་སྟེ། ཕལ་པོ་ཆེ་ལས། དཔེར་ན་རྐྱལ་མཁན་ཆུ་ཡིས་ཁྱེར་བ་བཞིན། །རྐྱལ་བའི་ལོ་རྒྱུས་སེམས་ལ་ཡོད་གྱུར་ཀྱང་། །མ་རྐྱལ་བར་དུ་ཐར་བར་མི་འགྱུར་བས། །ཤེས་ནས་མ་བསྒོམས་ཆོས་ཀྱང་དེ་དང་མཚུངས། །དཔེར་ན་ཡུལ་བ་སོ་ནམ་མཁན་གྱི་མིས། །རང་གི་ཞིང་བསྐྱུར་རོགས་ལ་ལེགས་བསླབས་ཀྱང་། །སྟོན་ཐོག་སྨིན་ནས་རང་ལ་མེད་པ་བཞིན། །ཤེས་ནས་མ་བསྒོམས་ཆོས་ཀྱང་དེ་དང་མཚུངས། །ཞེས་སོགས་དང་། ས་སྙིང་འཁོར་ལོ་བཅུ་པ་ལས། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱིས། །དེ་མ་གཏོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་ཏེ། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་དང་། ཨ་ཏི་ཤས། འཇིག་རྟེན་བྱ་བ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་སྙིང་པོ་མི་འདུག་གི། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་གདམས་པར་མཛད་པ་ཡིན་ནོ། །དེའི་ཕྱིར་དངོས་པོའི་གནས་ཚུལ་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་པ་ནི་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་གཉིས་མིན་གྱི་མཐའ་ཀུན་དང་བྲལ་བས་ན་བློ་ཡི་སྤྱོད་ཡུལ་མིན་ཏེ། བློ་དང་སྒྲ་ནི། དོན་དམ་མ་ཡིན་པའི་ཕྱིར་ཀུན་རྫོབ་ཡིན་པར་འདོད་དོ། །དེ་ཡང་བློས་འདི་དང་འདིའོ་ཞེས་དམིགས་ཤིང་འདུ་བྱེད་པ་དང་། སྒྲས་འདི་དང་འདིའོ་ཞེས་གང་བརྗོད་པ་སེམས་དང་ངག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟགས་ན་རྣམ་པར་དབེན་པས་སྒྱུ་མ་བཞིན་དུ་སྟོང་པ་ཡིན་གྱི་དཔྱད་བཟོད་དམ་བདེན་པར་གྲུབ་པ་ནམ་ཡང་མི་སྲིད་དེ། མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་བྱ་དང་། ཤེས་པ་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཞེས་དང་། རྒྱན་ལས་ཀྱང་། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །རྣམ་པར་རྟོག་ལ་བརྟེན་ན་ཡང་། །ཀུན་རྫོབ་ཏུ་འགྱུར་ཡང་དག་མིན། །ཞེས་སོ། །དེ་ལ་འདིར་ཆོས་ཉིད་ཤེས་བྱ་མིན་པར་བརྗོད་པ་ནི། ཆོས་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་ན། དེ་ནི་བློས་དམིགས་པར་བྱར་མེད་པ་ཡིན་ཏེ། གང་ཡུལ་དང་ཡུལ་ཅན་དུ་མ་གྱུར་ཅིང་གང་དུའང་མ་གྲུབ་པ་དེ་ལ་ཡང་དག་པར་ན་ཇི་ལྟར་ཤེས་བྱ་ཞེས་བརྗོད་དེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་དང་། འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་རྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་བ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་གསུངས། དེས་ན་ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང་། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ནོ་ཞེས་བརྗོད་དུ་རུང་གི་དོན་དམ་པར་གཟུང་འཛིན་མེད་པའི་མཉམ་བཞག་གིས་འདི་གཟུང་བྱའམ་ཤེས་བྱ་ཡིན་ཞེས་མི་བྱ་སྟེ་ཚིག་དེ་ཉིད་དངོས་ཤུགས་ཀྱིས་འགལ་བའི་ཕྱིར་རོ། །ཡང་བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་ཡིན་པས་དོན་དམ་ཤེས་བྱར་ཁས་བླངས་པ་དེ་ཡང་རྣམ་གཅོད་དུ་ཡིན་ལ། འདིར་ཤེས་བྱ་མིན་པ་ནི་ཡོངས་གཅོད་དུ་ཡིན་པས་མི་འགལ་ཏེ། ཡོངས་གཅོད་དུའང་ཤེས་བྱར་ཁས་ལེན་ན་སྟོང་ཉིད་དངོས་པོར་ཞལ་གྱིས་བཞེས་པར་འགྱུར་བས། ཕྱོགས་སྨྲ་བ་གཉིས་སོ་སོ་ནས་ཀྱང་མིང་ལ་ངལ་བས་ཅི་བྱ་སྟེ་དོན་ལ་རྟོན་པར་བྱའོ། །མདོར་ན་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་གཟུང་འཛིན་ཅན་གྱི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་དང་། འཕགས་པའི་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་དུ་ཉམས་སུ་མྱོང་བའི་སྤྲོས་བྲལ་དེ་བཞིན་ཉིད་ནི་དོན་དམ་བདེན་པ་ཡིན་པས་ན། གང་འཆད་པ་པོས་སྒྲས་བསྟན་པ་དང་། ཉན་པ་པོས་ཐོས་བསམ་གྱི་ཡུལ་དུ་བྱས་པའི་བདེན་པ་གཉིས་ནི། ཡུལ་ཅན་གྱི་བློ་ལ་ལྟོས་ནས་བདེན་གཉིས་སོ་སོར་བཞག་ཏུ་རུང་མོད། འཕགས་པའི་མཉམ་བཞག་དོན་དམ་མཚན་ཉིད་པ་ལ་ལྟོས་ན་གཉིས་ཀ་ཀུན་རྫོབ་ཏུ་འགྱུར་རོ། །དེས་ན་དོན་དམ་བློ་ཡི་སྤྱོད་ཡུལ་མིན་པར་གསུངས་པ་འདི་གནས་སྣང་མཐུན་མི་མཐུན་ལ་བདེན་གཉིས་འཇོག་པའི་ལུགས་ལྟར་དོན་གྱིས་སོང་བར་ཤེས་དགོས་ཤིང་། སྐབས་འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པར་གསུངས་པ་ནི་དོན་དམ་མཐར་ཐུག་འཕགས་པའི་མཉམ་བཞག་གི་ངོར་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཞི་བའི་དོན་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དོན་དམ་པར་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡང་ཡོངས་སུ་ཤེས་པ་དང་། སྤང་པའམ། བསྒོམ་པའམ། མངོན་དུ་བྱ་བར་གྱུར་བའི་ཆོས་གང་ཡང་མི་འདུག་གོ །ཞེས་གསུངས་པ་བཞིན་ནོ། །ཡང་ལང་གཤེགས་ལས། བློ་གྲོས་ཆེན་པོ། དོན་དམ་པ་ནི་འཕགས་པས་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཞེས་འཕགས་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གསུངས་པ་ནི། རྗེས་ཐོབ་བམ་ཀུན་རྫོབ་ཐ་སྙད་ཙམ་གྱི་ངོས་ནས་བཞག་པ་སྟེ། མདོ་ལས། འགའ་ཡང་མཐོང་བ་མེད་པ་དེ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་བློས་མཐོང་ཚུལ་དང་། ཆོས་རྣམས་སྟོང་པ་ཡི་གེ་མེད་པ་ལ། །ཡི་གེ་མེད་པ་ཉིད་ཅེས་ཡི་གེས་བསྟན། །ཞེས་སྒྲས་བརྗོད་ཚུལ་དང་། དཔེ་ལས་འདས་པའི་ཆོས་དེ་ཡང་། །དཔེ་དག་གིས་ནི་ཉེ་བར་བསྟན། །ཞེས་དཔེས་མཚོན་ཚུལ་གསུངས་པ་ལྟ་བུ་སྟེ་དེས་ན་འདི་གཉིས་གནད་ཀྱིས་མི་འགལ་བར་ཤེས་པར་བྱའོ། །གཉིས་པ་རྟོགས་པ་པོ་གང་ཟག་གི་རིམ་པ་བསྟན་པ་ནི། དེ་འདྲའི་ཡུལ་བདེན་པ་གཉིས་པོ་དེ་ལ་རྟོག་པར་བྱེད་པ་པོ་འཇིག་རྟེན་རྣམ་པ་གཉིས་སུ་མཐོང་སྟེ། ཞི་ལྷག་གི་རྣལ་འབྱོར་དང་ལྡན་པ་རྣལ་འབྱོར་འཇིག་རྟེན་པ་དང་། མི་ལྡན་པ་འཇིག་རྟེན་ཕལ་པའོ། །དེ་ལ་འཇིག་རྟེན་ཕལ་པ་རྣམས་ཀྱིས་ལུས་གཅིག་པུ་སེམས་རྟག་པ་ལ་སོགས་པར་མཐོང་བ་ལ་ནི་ལུས་གཅིག་པུ་མ་ཡིན་ཏེ་ཆ་དང་ལྡན་པའི་ཕྱིར་དང་། སེམས་མི་རྟག་སྟེ་གཞན་དུ་འགྱུར་བའི་ཕྱིར་ཞེས་པ་ལ་སོགས་པའི་རྣལ་འབྱོར་འཇིག་རྟེན་གྱིས་རིགས་པས་གནོད་ཅིང་དེར་མ་ཟད་རྣལ་འབྱོར་པ་ནང་གསེས་ལ་ཡང་གནས་ཚུལ་མཐོང་བའི་བློ་ཡི་ཁྱད་པར་ཀྱིས། ཉན་ཐོས་བྱེ་མདོ་རྣམས་ཀྱི་གཟུང་བ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་པ་སོགས་ཕྱི་དོན་སྨྲ་བ་རྣམས་ལ་སེམས་ཙམ་པས། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་རྡུལ་ཕྲན་བརྟག་འགོག་དང་། བུད་མེད་གཅིག་གི་ལུས་གཅིག་ལ། །ཀུན་ཏུ་འདོད་ལྡན་ཁྱི་རྣམས་ཀྱིས། །འོ་དང་འདོད་བྱ་བཟའ་བ་ཞེས། །རྣམ་པ་གསུམ་དུ་རྟོག་པར་བྱེད། །ཅེས་དང་། དངོས་གཅིག་ཡིན་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོགས་ཕྱི་དོན་འགོག་པའི་རིགས་པ་རྣམས་ཀྱིས་གནོད་པ་དང་། དེ་ཉིད་ཀྱིས་གཉིས་སྟོང་གི་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་ལ། དབུ་མ་པས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམ་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨོ་བཞིན། །ཞེས་གཅིག་དུ་བྲལ་གྱི་རིགས་པ་སོགས་ཀྱིས་འགོག་པ་ལྟ་བུ། གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མའི་མཐོང་དོན་གྱི་གྲུབ་མཐའ་ལ་གནོད་ཅིང་ཟིལ་གྱིས་གནོན་ཏེ། གནས་ལུགས་མཐོང་བའི་བློ་ཇེ་བཟང་དུ་གྱུར་པས་ན་གང་ལ་ཚད་མ་དང་ལྡན་པ་དེས་འོག་མ་སུན་འབྱིན་ནུས་ཀྱི་གཞན་དུ་མ་ཡིན་ཏེ། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇིི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློོས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གསུངས། དེས་ན་ཇི་སྲིད་ཡོད་མེད་ལ་སོགས་པའི་ཁས་ལེན་པ་དེ་སྲིད་དུ་གནོད་པ་དང་བཅས་ཤིང་། གང་མཐར་འཛིན་ཞིག་པ་དེ་ལ་སྐྱོན་མེད་པས་ཇི་ལྟར་གནོད་དེ་ནམ་མཁའ་མཚོན་གྱིས་མི་ཕྱེད་པ་བཞིན་ཏེ། སློབ་དཔོན་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོར་ཡང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས། དེས་ན་དབུ་མ་པ་ནི་ཆོས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད་གཏན་ལ་ཕེབས་པས་ན་སུས་ཀྱང་ཟིལ་གྱིས་མི་ནོན་ཞིང་ཕྱོགས་ཀུན་གྱི་བླ་མར་གྱུར་པ་ཡིན་ནོ། །གསུམ་པ་ཇིི་ལྟར་རྟོགས་པར་བྱ་བའི་ཚུལ་ནི། རྣལ་འབྱོར་པས་ཕལ་པའི་བློ་ལ་ཇི་ལྟར་གནོད་ནུས་སྙམ་ན། དངོས་པོ་མི་བདེན་པར་འདོད་པ་རྣལ་འབྱོར་པ་དང་། བདེན་པར་འདོད་པ་ཕལ་པ་གཉིས་ཀ་ལ་ཡང་ནི་སྣང་ཡང་མི་བདེན་པ་རྫུན་པར་འདོད་པ་མཐུན་པའི་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེས། དེ་དག་གི་ངོར་བདེན་མེད་དུ་སྒྲུབ་ནུས་ལ། དེ་དག་ལ་བདེན་གྲུབ་ཀྱི་དཔེ་མཐུན་སྣང་དུ་གྲུབ་པ་མེད་པས་ནམ་ཡང་བསྒྲུབ་མི་ནུས་སོ། །ཆོས་ཐམས་ཅད་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ན་སྦྱིན་སོགས་ལམ་ལ་སློབ་པས་ཅི་བྱ་སྙམ་ན། རྫོགས་པའི་བྱང་ཆུབ་སོགས་ཀྱི་འབྲས་བུའི་དོན་དུ་དོན་དམ་པར་མེད་ཀྱང་མ་བརྟགས་ཤིང་མ་དཔྱད་པའི་ཀུན་རྫོབ་སྣང་ཙམ་པོ་འདིའི་ངོར་རྒྱུ་འབྲས་རྟེན་འབྱུང་གི་སྣང་ཆ་བསླུ་མེད་དུ་ཡོད་པའི་ཕྱིར་འཇུག་པ་ཡིན་གྱི་ལམ་དང་འབྲས་བུའི་ཆོས་ལ་བདེན་པར་ཞེན་པས་ནི་མ་ཡིན་ཏེ་སྒྱུ་མ་མཁན་གྱིས་ལམ་དུ་དགྲ་ཡི་འཇིགས་པ་སེལ་ཕྱིར་སྒྱུ་མའི་དམག་དཔུང་སྤྲུལ་པ་བཞིན་ནོ། །འོ་ན་གཉིས་ཀ་ལ་མཐུན་པར་སྣང་བའི་དངོས་པོ་འདི་ལ་ཅི་ཞིག་རྩོད་སྙམ་ན། སྣང་བའི་དངོས་པོ་ཙམ་ལ་ཡོད་མེད་དུ་རྩོད་པ་མ་ཡིན་ཏེ། འཇིག་རྟེན་པ་ཡིས་གཟུགས་སོགས་དངོས་པོར་མཐོང་ཞིང་། མཐོང་བ་དེ་ལྟར་དུ་ཡང་དག་པ་སྟེ་དོན་དམ་པ་ཉིད་དུའང་གྲུབ་པར་རྟོག་པར་བྱེད་ཀྱི། རྣལ་འབྱོར་པས་མཐོང་བ་ལྟར་སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུར་འདོད་པ་མིན་པས་ན། གནས་ཚུལ་དོན་དམ་ལ་དཔྱོད་པའི་སྐབས་འདིར་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པ་གཉིས་རྩོད་པར་བྱེད་དོ། །གཉིས་པ་རྩོད་སྤོང་ལ། བརྗོད་བྱ་སྟོང་ཉིད་ལ་རྩོད་སྤོང་དང་། རྗོད་བྱེད་ཐེག་ཆེན་ལ་རྩོད་སྤོང་དང་། དེ་དག་གི་དོན་བསྡུ་བ་གསུམ། དང་པོ་ལ། གཞི་དང་ལམ་དང་འབྲས་བུའི་རྩོད་སྤོང་གསུམ། དང་པོ་གཞིའི་རྩོད་སྤོང་ལ། འཇིག་རྟེན་པ་དང་། དོན་སྨྲ་བ་དང་། སེམས་ཙམ་པའི་རྩོད་སྤོང་གསུམ་ལས། དང་པོ་ནི། འཇིག་རྟེན་ཕལ་པ་རྣམས་ཀྱིས། གཟུགས་སོགས་མངོན་སུམ་དུ་འགྲུབ་པ་འདི་ལྟ་ན་ཅིའི་ཕྱིར་མི་བདེན་ཞེ་ན་གཟུགས་སོགས་ནི་མངོན་སུམ་དུ་གྱུར་ཏོ། །ཞེས་པ་འདི་ཉིད་ཀྱང་ནི་མ་བརྟགས་པར་འཇིག་རྟེན་ན་གྲགས་པ་ཙམ་ཡིན་གྱི། བརྟགས་ཤིང་དཔྱད་ན་ཚད་མས་དེ་ལྟར་གྲུབ་པ་མིན་ཏེ་འོག་ཏུ་དབང་དོན་ཕྲད་མ་ཕྲད་བརྟགས་པའི་སྐབས་སུ་འཆད་པར་འགྱུར་རོ། །དེས་ན་གཟུགས་སོགས་སུ་གྲུབ་པར་བཞག་པ་དེ་ནི། དཔེར་ན་བུད་མེད་ཀྱི་ལུས་མི་གཙང་བ་དང་མི་རྟག་པ་ལ་སོགས་པ་ཡིན་པ་ལ། འཇིག་རྟེན་ན་གཙང་བ་དང་རྟག་པ་སོགས་སུ་གྲགས་པ་བཞིན་དུ་བརྫུན་པ་ཉིད་ཡིན་ནོ། །གཉིས་པ་དོན་སྨྲ་བ་ལ་ལུང་རིགས་ཀྱི་རྩོད་སྤོང་གཉིས་ལས། དང་པོ་ལུང་གི་རྩོད་སྤོང་ནི། དོན་སྨྲ་བ་རྣམས་ཀྱིས་དངོས་པོ་ནི་བདེན་པར་ཡོད་དེ་སངས་རྒྱས་ཀྱིས་ལང་ཀར་གཤེགས་པ་ལས། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ། །ཞེས་ཕུང་ཁམས་སྐྱེ་མཆེད་ཡོད་པར་གསུངས་ཤིང་། དེའི་མཚན་ཉིད་ཀྱང་དགོངས་འགྲེལ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་སྐད་ཅིག་མར་གསུངས་པའི་ཕྱིར་སྙམ་ན། དེ་ནི་དགོངས་པ་ཅན་གྱི་གསུངས་ཏེ། དགོངས་གཞི་སྣང་ཙམ་དུ་ཡོད་པ་ལ་དགོངས་ཤིང་། དགོས་པ་སྟོང་ཉིད་རྟོགས་མི་ནུས་པའི་འཇིག་རྟེན་དམན་པ་དག་རིམ་གྱིས་ཡང་དག་པའི་ལམ་ལ་གཞུག་པའི་དོན་དུ་ནི་མགོན་པོ་རྫོགས་པའི་སངས་རྒྱས་ཀྱིས་དངོས་པོ་རྣམས་ཡོད་པར་བསྟན་པ་ཡིན་ཏེ། རྒྱལ་བས་བདག་དང་བདག་གི་ཞེས། །དགོས་པའི་དབང་གིས་གསུངས་པ་ལྟར། དེ་བཞིན་ཕུང་པོ་སྐྱེ་མཆེད་ཁམས། །དགོས་པའི་དབང་གིས་གསུངས་པ་ཡིན། །ཞེས་པ་ལྟར་རོ། །ཡང་དག་པའི་དོན་དེ་ཁོ་ན་ཉིད་དུ་ནི་ཕུང་སོགས་དེ་དག་སྐད་ཅིག་མ་ཉིད་དུའང་གྲུབ་པ་མིན་ཏེ་གཅིག་དང་དུ་མ་གང་དུའང་མ་གྲུབ་ཅིང་སྐྱེ་འགག་མེད་པ་དེ་ལ་སྐད་ཅིག་ཏུ་གྲུབ་པ་ག་ལ་ཡོད། ཡང་ཁོ་ན་རེ། སྐད་ཅིག་མ་དེ་དོན་དམ་མིན་ན་འཇིག་རྟེན་ཕལ་པ་རྣམས་ལ་དེ་ལྟར་མི་སྣང་བའི་ཕྱིར་དང་། ལུང་ལས་ཀྱང་སྐད་ཅིག་མར་མཐོང་བས་དངོས་པོའི་གནས་ཚུལ་གྱི་བདེན་པ་མཐོང་བར་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་བཞག་པ་ལ་ཡང་འགལ་བས་བདེན་པ་གཉིས་སུ་མ་འདུས་པར་འགྱུར་རོ་ཞེ་ན། འཇིག་རྟེན་པས་དེ་ལྟར་མ་མཐོང་བས་ཐ་སྙད་ཀྱི་གནས་ཚུལ་སེམས་པའི་རྣལ་འབྱོར་པས་དེ་ལྟར་མཐོང་ཞིང་ངེས་པ་ན་སྐད་ཅིག་མ་དེ་ནི་ཀུན་རྫོབ་སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པས་བདེན་གཉིས་གང་དུ འང་མ་འདུས་པའི་ཉེས་པ་མེད་དེ། འཇིག་རྟེན་ཕལ་པའི་བློ་རྟག་འཛིན་ཅན་ལ་ལྟོས་ན་སྐད་ཅིག་མར་མཐོང་བ་དེ་དེ་ཉིད་མཐོང་བ་ཡིན་ཏེ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐོང་བས་སོ། །དེ་ལྟ་མ་ཡིན་པར་གཞན་དུ་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་ན། རྣལ་འབྱོར་པས་མི་སྡུག་པ་གོམས་པའི་དབང་གིས་བུད་མེད་ཀྱི་ལུས་མི་གཙང་བར་ངེས་པར་རྟོགས་ཟིན་པའི་བློ་ལ་འཇིག་རྟེན་པ་ཕལ་གྱིས་གཙང་སོགས་སུ་འཛིན་པ་འདིས་གནོད་པར་འགྱུར་རིགས་ནའང་མི་གཙང་བར་མཐོང་བས་གཙང་འཛིན་ལ་གནོད་ཀྱི་ཚུར་ནམ་ཡང་མི་གནོད་པའི་ཕྱིར་རོ། གཉིས་པ་རིགས་པའི་རྩོད་སྤོང་ནི། དེ་དག་ན་རེ། སྒྱུ་མ་ལྟ་བུ་མི་བདེན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་ཆེན་པོ་ཇི་ལྟར་འབྱུང་ཞེ་ན། སྒྱུ་མ་དང་འདྲ་བའི་རྒྱལ་བར་མཆོད་པ་སོགས་ལས་བསོད་ནམས་སྒྱུ་མ་ལྟ་བུ་འབྱུང་བ་ནི། དཔེ་ཇི་ལྟར་ན་ཁྱོད་སངས་རྒྱས་དངོས་པོར་ཡོད་པ་ལ་བརྟེན་ནས་བསོད་ནམས་དངོས་ཡོད་ཅིག་ཐོབ་པར་འདོད་པའི་ཇི་ལྟ་བ་བཞིན་ཏེ་བསོད་ནམས་དང་སངས་རྒྱས་དངོས་པོར་གྲུབ་མ་གྲུབ་ཙམ་ལས་བསོད་ནམས་འབྱུང་མི་འབྱུང་གི་ཁྱད་པར་ཡོད་པ་མིན་ནོ། །ཡང་གལ་ཏེ་སེམས་ཅན་སྒྱུ་མ་དང་འདྲ་ན་སྒྱུ་མའི་རྟ་གླང་འགགས་པ་སླར་མི་སྐྱེ་བ་བཞིན་དུ་མི་སོགས་འཇིག་རྟེན་འདི་ནས་ཤི་འཕོས་ནས་སྲིད་པ་གཞན་དུ་ཇི་ལྟར་སྐྱེ་བ་འཐད་ཞེ་ན། དུས་ཇི་སྲིད་དུ་རང་རང་སྣང་བའི་རྐྱེན་རྣམས་ཚོགས་པར་གྱུར་པ་དེ་སྲིད་དུ་སྒྱུ་མའང་མི་ལྡོག་ཅིང་འབྱུང་བར་འགྱུར་བ་ཡིན་ན། ལས་ཉོན་སོགས་སེམས་ཅན་སྐྱེ་བའི་རྒྱུ་ཚོགས་པ་མ་ལོག་པ་དེ་སྲིད་དུ་སེམས་ཅན་ཡང་ཅི་སྟེ་མི་སྐྱེ། དེས་ན་དེ་གཉིས་སྐྱེ་བའི་རྐྱེན་ཚོགས་མ་ཚོགས་ཀྱི་དབང་གིས་ཡིན་གྱི་བདེན་རྫུན་གྱིས་མ་ཡིན་ནོ། །དེ་ལྟ་ནའང་སེམས་ཅན་ནི་འཁོར་བ་ཐོག་མཐའ་མེད་པས་ཡུན་རིང་ལ་སྒྱུ་མ་དེ་འདྲ་བ་གཅིག་ཀྱང་མ་མཐོང་བས་དེ་གཉིས་མི་མཚུངས་སོ་སྙམ་ན། འདི་གཉིས་རྒྱུན་རིང་ཐུང་སོགས་སྒོ་ཀུན་ནས་འདྲ་བར་བཞག་པ་མིན་ཏེ་སྣང་ཡང་བདེན་པས་སྟོང་པའི་སྒོ་ནས་ཡིན་པས། རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན་སེམས་ཅན་བདེན་པར་ཡོད་པ་ཡིན་ཏེ། རྒྱུན་རིང་ཡང་རྒྱུའི་ཚོགས་པ་མ་ལོག་པ་ཡིན་གྱི་སྔ་ཕྱིའི་སྲིད་པ་སོ་སོ་གཞན་དང་གཞན་འབྱུང་བ་དག་ལ་རང་བཞིན་གྱིས་མ་གྲུབ་པར་ཁྱད་མེད་དེ། འདི་ལྟར་སྒྱུ་མའི་རྟ་གླང་སོགས་ཡུན་རིང་ཐུང་ཇི་ལྟར་སྣང་ཡང་མི་བདེན་པར་ཁྱད་མེད་པ་བཞིན་ནོ། །ཡང་འདི་སྙམ་དུ་སེམས་ཅན་རྣམས་ཀྱང་སྒྱུ་མའི་སྐྱེས་བུ་དང་འདྲ་ན་ཇི་ལྟར་སྒྱུ་མའི་སྐྱེས་བུ་ལ་ཟས་བྱིན་པ་དང་སྲོག་བཅད་པ་སོགས་ཀྱི་ཕན་གནོད་དུ་མི་འགྱུར་བས་གཞི་དེ་ལས་དགེ་སྡིག་འབྱུང་བ་མི་འཐད་སྙམ་ན། སྒྱུ་མའི་སྐྱེས་བུ་གསོད་སེམས་ཀྱིས་བསད་པར་སྣང་བ་སོགས་ལ་ཕན་གནོད་ཀྱི་རྟེན་དུ་གྱུར་པའི་སེམས་སྒྱུ་མ་ལྟ་བུ་དེ་དེ་ལ་མེད་པའི་ཕྱིར་ན་རང་གི་ངན་སེམས་ཀྱི་སྦྱོར་བའི་ཉེས་པ་ཙམ་ལས་སྲོག་གཅོད་པ་སོགས་དངོས་གཞིའི་སྡིག་པ་མེད་དེ་ཐོ་ཡོར་བཞིན་ནོ། །གང་སྒྱུ་མའི་སེམས་དང་ལྡན་པ་སེམས་ཅན་ལ་ནི་ཕན་གནོད་བྱས་པ་ལས་བསོད་ནམས་དང་ནི་སྡིག་པ་འབྱུང་བ་ཡིན་ནོ། །དེས་ན་དེ་གཉིས་བདེན་རྫུན་གྱི་ཁྱད་པར་ཡོད་པས་མིན་ཏེ་སེམས་ཡོད་མེད་ཀྱི་ཁྱད་པར་ཡོད་པས་ཡིན་ནོ། །འོ་ན་སེམས་ཡོད་མེད་ཀྱི་ཁྱད་པར་ཡོད་པ་དེའི་ཕྱིར་དེ་གཉིས་འདྲ་བ་མིན་ནོ་སྙམ་ན། དེ་ནི་རྒྱུ་ཐ་དད་པ་ལ་ལྟོས་པ་སྟེ། སྒྱུ་མའི་སྔགས་དང་རྫས་ལ་སོགས་པ་རྣམས་ལ་ནི་སེམས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་སྒྱུ་མ་ལ་སྒྱུ་མའི་སེམས་ནི་འབྱུང་བ་མེད་པ་ཡིན་ལ། གང་སེམས་ཅན་འབྱུང་བའི་རྒྱུ་ལ་སེམས་བསྐྱེད་པའི་ནུས་པ་ཡོད་པ་དེ་ལས་སེམས་བྱུང་ཡང་སེམས་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པ་དེས་ན་བདེན་པར་མི་འགྱུར་ཏེ། འདི་ལྟར་སྣ་ཚོགས་ཤིང་མི་འདྲ་བའི་རྐྱེན་ལས་བྱུང་བ་ཡི་སྒྱུ་མ་དེ་ཡང་སྣ་ཚོགས་ཤིང་མི་འདྲ་བ་ཉིད་འབྱུང་གི། རྐྱེན་གཅིག་གིས་ནི་འབྲས་བུ་ཡིན་ནོ་ཅོག་ཀུན་བསྐྱེད་ནུས་པ་ནི་ཡུལ་དུས་གང་ན་ཡང་ནི་ཡོད་པ་མ་ཡིན་ནོ། །དེས་ན་སེམས་ཅན་གྱི་ལུས་སེམས་གཉིས་ཆར་ཡང་རྒྱུ་རྐྱེན་ཚོགས་པས་སྤྲུལ་གྱི་རང་གི་ངོ་བོས་གྲུབ་པ་མེད་པས་སྒྱུ་མ་དང་ཁྱད་ཅི་ཡོད་དེ་སྒྱུ་མའི་རྟ་དང་བ་ལང་ལ་རྭ་ཡོད་མེད་གྱི་ཁྱད་པར་སྣང་ཡང་དེས་བདེན་རྫུན་འཇོག་མི་ནུས་པ་བཞིན་ནོ། །ཡང་མྱང་འདས་དངོས་པོར་འཛིན་པ་རྣམས་ན་རེ། གལ་ཏེ་ཁྱེད་ངོ་བོ་མེད་པར་སྨྲ་བ་ལྟར་ན། འཁོར་བའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ལ། སྐྱེ་སོགས་ཀྱི་མཚན་ཉིད་ཅན་འཁོར་བ་ནི་ཀུན་རྫོབ་ཡིན་པ་དེ་ལྟ་ན། འཁོར་བ་ཟད་ནས་མྱང་འདས་ཐོབ་པ་མིན་པར་འཁོར་བ་ཉིད་མྱང་འདས་ཡིན་པའི་ཕྱིར་འཁོར་འདས་གཞི་མཐུན་དུ་གྲུབ་པས། སངས་རྒྱས་ཐོབ་ཀྱང་ནི་སླར་འཁོར་བར་འགྱུར་བས་ན། དེའི་ཆེད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པས་ཅི་ཞིག་བྱ་སྟེ་ངལ་བ་དོན་མེད་དུ་འགྱུར་རོ་ཞེ་ན། དེ་མ་ཡིན་ཏེ། རང་བཞིན་རྣམ་དག་གི་མྱང་འདས་དང་། གློ་བུར་བྲལ་དག་གི་མྱང་འདས་གཉིས་ལ་གནས་ཚུལ་ཆོས་ཉིད་རང་གི་ངོས་ནས་ཁྱད་པར་མེད་ཀྱང་ཀུན་རྫོབ་སྣང་ཚུལ་གྱི་དབང་དུ་གློ་བུར་ལས་དང་ཉོན་མོངས་པའི་དྲི་མས་བསྒྲིབས་མ་བསྒྲིབས་དང་དེའི་དབང་གིས་ཟག་མེད་ཀྱི་ཡོན་ཏན་གྱི་ཚོགས་མི་སྣང་བ་དང་། སྣང་བའི་ཁྱད་པར་སོགས་ཡོད་པའི་ཕྱིར་ཏེ། འདི་ལྟར་འབྲས་བུ་སོ་སོར་སྣང་བའི་རྐྱེན་རྣམས་ཀྱི་རྒྱུན་ནི་མ་ཆད་ན་འཁོར་བར་མ་ཟད་སྒྱུ་མའི་སྣང་བའང་ལྡོག་པར་མི་འགྱུར་མོད་གྱི་འཁོར་བར་སྐྱེ་བའི་རྐྱེན་མ་རིག་པ་ས་བོན་དང་བཅས་པ་རྣམས་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅོམ་ནས་རྒྱུན་ནི་ཡོངས་སུ་ཆད་པ་ན། འཁོར་བའི་རྒྱུ་ཟད་པའི་ཕྱིར་དོན་དམ་པར་ལྟ་ཅི་ཀུན་རྫོབ་ཙམ་ཏུ་ཡང་མི་འབྱུང་ངོ་། །དེའི་ཕྱིར་སངས་རྒྱས་འཇིག་རྟེན་དུ་བལྟམས་པ་སོགས་ནི་འཁོར་བས་བསྡུས་པ་མ་ཡིན་ཏེ། སྨོན་ལམ་དང་ཏིང་ངེ་འཛིན་ལ་སོགས་པ་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྟོབས་ལས་མིག་འཕྲུལ་ལྟ་བུའི་མཛད་པ་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་ནམ་ཡང་གཡོ་བ་མི་སྲིད་དོ། །གསུམ་པ་སེམས་ཙམ་པའི་རྩོད་སྤོང་ལ། རྣམ་བདེན་རྫུན་གྱིས་རྩོད་པ་གཉིས་ལས། དང་པོ་རྣམ་བདེན་པའི་རྩོད་སྤོང་ནི། དེ་དག་ན་རེ། འདི་ལྟར་ཕྱི་ནང་དངོས་པོ་སྣང་བ་འདི་དག་ནི་སྐྲ་ཤད་དང་རྨི་ལམ་གྱི་སྣང་བ་བཞིན་ཕྱི་དོན་དུ་བདེན་པར་མེད་ཀྱང་ནང་གི་བག་ཆགས་ཀྱི་ཁྱད་པར་ལས་གནས་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པར་སྨིན་པ་ཞིག་སྟེ། དེའི་ཕྱིར་ཕྱི་དོན་ནི་མེད་ཀྱང་སེམས་ནི་ཡོད་དེ། རྨི་ལམ་ན་སྔོ་སོགས་ཀྱི་ཉམས་མྱོང་འཛིན་པར་གྲུབ་པས་སོ་སྙམ་དུ་བསམས་ཏེ། ཁྱོད་དབུ་མ་པ་ལྟར་ན། གང་ཚེ་འཁྲུལ་པའི་ཡུལ་ཕྱི་དོན་མེད་པར་མ་ཟད་འཁྲུལ་པའི་བློའམ་རྣམ་པར་ཤེས་པའང་ཡོད་པ་མིན་ན། ཡུལ་སྒྱུ་མ་ལྟ་བུ་དེ་གང་གིས་དམིགས་པར་འགྱུར་ཏེ་ཡུལ་ཅན་ཤེས་པ་དེ་ཉིད་མེད་པས་སོ་ཞེ་ན། རེ་ཞིག་མགོ་བསྒྲེ་བའི་དབང་དུ་བྱས་ཏེ། གང་ཚེ་སེམས་ཙམ་པ་ཁྱོད་ལ་སྒྱུ་མ་ལྟ་བུའི་ཡུལ་ཉིད་དོན་དུ་གྲུབ་པ་མེད་ན། དེ་ཚེ་བློ་ཡོད་དུ་ཆུག་ཀྱང་ཡུལ་ལམ་དམིགས་བྱ་ཅི་ཞིག་དམིགས་ཏེ་ཡུལ་ཡུལ་ཅན་གཉིས་གང་རུང་གཅིག་མེད་ན་དམིགས་པར་མི་སྲིད་དོ། །གལ་ཏེ་དེ་དག་གིས་བདག་ཅག་གི་ལུགས་ལ་ཡུལ་གཏན་མེད་མིན་ཏེ། རྨི་ལམ་གྱི་རྟ་གླང་བཞིན་དུ་ཡུལ་དོན་གྱི་གོ་ས་དེ་ཉིད་དུ་བེམ་པོ་ལས་གཞན་དུ་གྱུར་པའི་དམིགས་བྱ་ཞིག་ཡོད་དེ། ཡུལ་གྱི་རང་བཞིན་དུ་སྣང་བའི་གཟུང་བའི་རྣམ་པ་དེ་ནི་སེམས་ཉིད་ཡིན་ནོ་ཞེ་ན། གང་གི་ཚེ་སེམས་དེ་ཉིད་དམིགས་བྱ་ཡུལ་སྒྱུ་མ་ལྟ་བུ་ཡིན་ན་དེ་ཡི་ཚེ་ཡུལ་གང་ཞིག་ཡུལ་ཅན་གང་གིས་མཐོང་སྟེ་དེ་གཉིས་གཅིག་ཡིན་པས་མཐོང་མི་ཤེས་སོ། །ཇི་ལྟར་མི་མཐོང་སྙམ་ན། འཇིག་རྟེན་གསུམ་པོ་ཀུན་གྱི་ནི་མགོན་པོ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་སེམས་ཀྱིས་སེམས་ནི་མི་མཐོང་ཞེས་གསུངས་ཏེ། ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་སོ་དང་། །ཇི་ལྟར་སོར་མོ་རང་གི་རྩེ། །མི་གཅོད་རེག་པར་མི་འགྱུར་བ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་སོ། །དེ་ཡང་རལ་གྲིའི་སོ་གཅིག་པོ་དེས་ནི་རང་ལ་རང་གིས་ཇི་ལྟར་བརྩོན་ཀྱང་མི་གཅོད་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་རང་ལ་རེག་པར་མི་ནུས་པ་དེ་བཞིན་དུ། ཡིད་དམ་སེམས་བདེན་གྲུབ་ཀྱི་གཅིག་པུ་དེས་རང་གིས་རང་མཐོང་མི་སྲིད་དེ། གང་སེམས་བདེན་པར་གྲུབ་ཕན་ཆོད་བདེན་གྲུབ་ཀྱི་སེམས་ཆ་མེད་གཅིག་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་གྲུབ་པ་ཉམས་པའི་ཕྱིར་དོན་དམ་པར་ཤེས་པས་རང་རིག་པ་ཞེས་པའང་བཏགས་པ་ཙམ་སྟེ་ཡང་དག་པ་ནི་མིན་ནོ། །སེམས་ཙམ་པ་ན་རེ། རང་གིས་རང་རིག་པ་ཡོད་དེ། དཔེ་ཇི་ལྟར་ན་བུམ་སོགས་དངོས་པོ་གཞན་གསལ་བར་བྱེད་པའི་མར་མེ་དེ་ནི་གསལ་བྱེད་ཀྱི་རྐྱེན་གཞན་ལ་མི་ལྟོས་པར་རང་གིས་རང་གི་དངོས་པོ་ཡང་དག་པར་གསལ་བར་བྱེད་པ་བཞིན་ནོ་ཞེ་ན། དེ་ཡང་ཐ་སྙད་ཙམ་སྟེ་དོན་དམ་པ་མར་མེ་རང་གིས་རང་གསལ་བར་བྱ་དགོས་པ་མིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་མར་མེ་ལ་མུན་གྱིས་བསྒྲིབས་པ་མེད་ན་དེ་མར་མེས་ཇི་ལྟར་གསལ་བར་བྱ་སྟེ། གསལ་བྱ་མེད་ཀྱང་གསལ་བྱེད་དུ་འགྱུར་ན་མར་མེ་འདི་ཉི་ཟླ་ལ་སོགས་པའི་གསལ་བྱེད་དུ་འགྱུར་ནའང་དེ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་མར་མེས་རང་ལ་བྱ་བ་འཇུག་ན་མུན་པས་ཀྱང་རང་གིས་རང་ཉིད་བསྒྲིབས་ཏེ་གཞན་མི་སྒྲིབ་པར་ཐལ་ལོ། །ཡང་དེ་དག་འདི་སྙམ་དུ་གསལ་བྱ་གསལ་བྱེད་གཞན་དུ་མེད་ཀྱང་རང་གི་ངོ་བོས་གསལ་བ་ནི་ཡོད་དེ། དཔེར་ན་ཤེལ་དཀར་པོ་སྔོན་པོར་འགྱུར་བ་བཞིན་འོག་གཞིའི་རས་སོགས་སྔོན་པོ་གཞན་ལ་ལྟོས་དགོས་པ་དང་། བཻཌཱུཪྱ་ལྟ་བུ་རང་བཞིན་གྱིས་སྔོ་བ་ཉིད་ལ་ནི་རྐྱེན་གཞན་ལ་ལྟོས་དགོས་པ་ཡོད་པ་མ་ཡིན་པ་སྟེ་གཉིས་ཡོད་པ་དེ་བཞིན་དུ་གཟུགས་དང་མིག་ཤེས་ལྟ་བུ་འགའ་ཞིག་གསལ་བྱ་གསལ་བྱེད་གཞན་ལ་ནི་ཕན་ཚུན་ལྟོས་དགོས་པ་དང་། གསལ་བྱ་གསལ་བྱེད་ཐ་དད་དུ་ལྟོས་པ་མེད་པ་རང་རིག་པའང་མཐོང་ངོ་ཞེ་ན། དཔེ་མ་གྲུབ་སྟེ། བཻཌཱུཪྱ་སྔོ་བ་དེ་གཞན་ལ་ལྟོས་མེད་དུ་སྔོ་བ་མིན་ཏེ། རང་སྐྱེད་བྱེད་ཀྱི་རྒྱུ་ལས་སྔོ་བ་ཉིད་དུ་གྲུབ་པ་མིན་པ་ལ་སླར་གཞན་ལ་ལྟོས་མེད་དུ་སྔོན་པོར་དེ་བདག་གིས་བདག་ཉིད་བྱས་པ་མེད་པས་ན་སྔོ་བ་དེའི་རྒྱུ་སྔོན་དུ་སོང་བས་ཁྱབ་བོ། །དོན་ཡང་མ་གྲུབ་སྟེ། ཐ་སྙད་ཙམ་དུ་མར་མེ་ནི་རང་གིས་རང་གསལ་བར་བྱེད་དོ་ཞེས་མར་མེ་ལས་གཞན་ཤེས་པས་ཤེས་ཏེ་རྗོད་པར་བྱེད་ན། དོན་དམ་པར་བློ་ནི་རང་ལ་རང་གསལ་བ་ཉིད་ཡིན་ཞེས་ཤེས་པ་གང་གིས་ཤེས་ནས་དེ་སྐད་དུ་རྗོད པར་བྱེད་དེ། ཤེས་མཁན་དེ་ཤེས་པ་རང་ཡིན་ན་སྐབས་ཀྱི་དཔྱད་བྱ་ཡིན་པས་མ་གྲུབ་ལ། གཞན་ཡིན་ན་ཤེས་པ་ཐུག་མེད་དུ་འགྱུར་ཞིང་ཤེས་པར་ཡང་མི་སྲིད་དེ། དུས་མི་མཉམ་ན་ནི་འགགས་པ་དང་མ་སྐྱེས་པའི་ཡུལ་མི་ཤེས་ཤིང་། དུས་མཉམ་ན་ཕན་ཚུན་ལྟོས་པ་མེད་པས་ཤེས་མི་སྲིད་དོ། །དེས་ན་གང་ཚེ་ཁྱད་གཞི་གཞན་དབང་གི་རྣམ་ཤེས་དེ་རང་ངམ་གཞན་པ་འགས་ཀྱང་མཐོང་བ་མིན་ན་དེའི་ཁྱད་པར་གྱི་ཆོས་གསལ་བའམ་ནི་མི་གསལ་བ་ཞེས་དཔྱོད་པ་དོན་མེད་དེ། དཔེར་ན་མོ་གཤམ་གྱི་བུ་མོའི་ལུས་ཀྱི་འགྱིང་བག་ནི་འདི་འདྲའོ་ཞེས་བརྗོད་པ་བཞིན་དུ་བློ་ནི་གསལ་བའོ་ཞེས་པ་དེ་ནི་བརྗོད་ཀྱང་དོན་མེད་དེ་སྒྲུབ་བྱེད་དང་བྲལ་བ་ཉིད་དོ། །ཡང་རྣམ་རིག་པས་དེ་ལྟར་མངོན་སུམ་ཚད་མས་བདེན་པར་སྒྲུབ་མ་ནུས་ནས། སླར་རྗེས་དཔག་གིས་རང་རིག་ཡོད་པར་སྒྲུབ་པ། གལ་ཏེ་ཤེས་པ་རང་གིས་རང་ཉམས་སུ་མྱོང་བའམ་རང་རིག་པ་དེ་ཡོད་པ་མིན་ན་སྔར་ཡུལ་སྔོ་སོགས་ཉམས་སུ་མྱོང་བའི་ཡུལ་ཅན་གྱི་རྣམ་ཤེས་འདི་རྒྱུ་མེད་པའི་འབྲས་བུ་བཞིན་ཡིན་པས་ཕྱིས་དྲན་པར་ཇི་ལྟར་འགྱུར་ཏེ་མི་རིགས་ནའང་ད་ལྟར་མངོན་སུམ་དུ་དྲན་པའི་རྟགས་ཀྱིས་རང་རིག་གྲུབ་བོ་ཞེ་ན། ད་ལྟ་སྔོ་འཛིན་རྣམ་ཤེས་དྲན་པ་ནི་སྔར་སྔོ་འཛིན་རང་གིས་མྱོང་བའི་འབྲས་རྟགས་མིན་ཏེ་གཞན་སྔོ་སོགས་ཡུལ་མྱོང་བ་དེ་དང་ཡུལ་ཡུལ་ཅན་གྱི་འབྲེལ་བ་ལས་ད་ལྟ་ཡུལ་ཅན་སྔོ་འཛིན་ཀྱང་དྲན་པར་འགྱུར་ཏེ། འདིར་སྔོན་པོ་དང་བྲལ་བའི་སྔོ་འཛིན་ཡན་གར་བ་ནི་ནམ་ཡང་དམིགས་པ་མིན་པས་ན། ནམ་སྔར་ཉམས་སུ་མྱོང་བའི་སྔོན་པོ་དྲན་པ་ན་དེ་འཛིན་བྱེད་ཡུལ་ཅན་རྣམ་པ་དྲན་པའི་རྟོག་པའང་སྐྱེ་བ་ཡིན་གྱི་སྔོན་པོ་ལས་ལོགས་སུ་ཆད་པའི་སྔོོ་འཛིན་ཞིག་སྔར་ཉམས་སུ་མྱོང་བ་མ་ཡིན་ནོ། །དེ་དཔེར་ན་དགུན་དུས་དུག་ཅན་གྱི་བྱི་བས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་དེ་དུས་དུག་ཉམས་སུ་མ་མྱངས་ཀྱང་། སླར་དཔྱིད་ཀྱི་འབྲུག་གི་སྒྲས་དུག་བསླངས་པར་གྱུར་པ་ན་སྔར་རྨ་དང་མཉམ་དུ་བདག་ལ་བྱི་བའི་དུག་ཞུགས་སོ། །ཞེས་སྔར་གྱི་དུག་ལ་དམིགས་པའི་ཤེས་པ་གདོད་སྐྱེ་བ་བཞིན་ནོ། །ཡང་དེ་དག་ན་རེ། ཞི་གནས་བསྒྲུབས་ནས་རྣམ་གནས་སྦྱོང་བ་སོགས་རྐྱེན་གཞན་དག་དང་ལྡན་པ་ནི་རིང་བ་གཞན་གྱི་སེམས་ཀྱང་མཐོང་བའི་ཕྱིར་ཤིན་ཏུ་ཉེ་བ་རང་ཉིད་རང་ལ་ཅི་ཕྱིར་མི་གསལ་ཏེ། རིང་བའི་སྤུ་མཐོང་ན་ཉེ་བའི་ཐག་པ་མཐོང་ངེས་པ་བཞིན་ནོ་ཞེ་ན། དེར་མ་ངེས་ཏེ། དཔེར་ན་གསང་སྔགས་ལ་སོགས་པས་གྲུབ་པའི་མིག་སྨན་གྱི་སྦྱོར་བ་མིག་ལ་བསྐུས་པ་ལས། རིང་བ་ས་འོག་གི་གཏེར་གྱི་བུམ་པ་སོགས་མཐོང་ཡང་ཤིན་ཏུ་ཉེ་བ་མིག་སྨན་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། །ཡང་ན་བུམ་པ་དང་མིག་སྨན་ངོ་བོ་གཅིག་ཏུ་འགྱུར་བ་མིན་པས་རྐྱེན་གཞན་ལྡན་པ་གཞན་མཐོང་གི་དཔེར་སོང་བས་རང་མཐོང་གི་དཔེར་མི་རུང་བར་མ་ཟད་གནོད་དོ་ཞེས་འཆད་པ་དག་ཀྱང་སྣང་ངོ་། །དེ་ལ་རྣམ་རིག་སྨྲ་བ་ན་རེ། ཤེས་པ་ཉིད་གསལ་ཞིང་རིག་པ་མིན་ན་རང་མི་གསལ་བས་གཞན་ཡང་གསལ་མི་ནུས་ལ། དེ་ལྟར་ན། མཐོང་ཐོས་སོགས་ཀྱི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ་ཞེ་ན། ཇི་ལྟར་མིག་སོགས་ཀྱི་མངོན་སུམ་དུ་མཐོང་བ་དང་། གང་ཟག་གཞན་ནམ་ལུང་ལས་རྣ་བས་ཐོས་པ་དང་རང་གི་ཡིད་ཀྱི་རྗེས་སུ་དཔག་སྟེ་ཤེས་པ་འདི་དག་མ་བརྟགས་ཉམས་དགའ་ཙམ་གྱི་དབང་དུ་བྱས་ཏེ་བརྗོད་ན་ནི། འདིར་ནི་དགག་པར་བྱ་བ་མིན་ཏེ་དེ་དགག་མི་ནུས་ལ་དགག་ཀྱང་མི་དགོས་པའི་ཕྱིར། འོ་ན་ཅི་ཞིག་འགོག་ཅེ་ན། འདིར་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དངོས་པོ་ཀུན་ལ་བདེན་པར་འཛིན་ཅིང་ཞེན་པའི་རྟོག་པ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ། །མདོར་ན་རང་རིག་པ་འགོག་པ་ནི་དོན་དམ་པར་འགོག་པ་ཡིན་གྱི་བེམ་པོ་ལས་ལོག་ཙམ་ལ་ཐ་སྙད་དུ་རང་རིག་པར་འདོགས་པའི་ཚུལ་དེ་འགོག་པ་མ་ཡིན་ཏེ། དེ་བཀག་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཁས་ལེན་དགོས་པས་རང་གཞན་གྱི་བློ་ཤེས་པས་གཅོད་ཚུལ་ལ་ཁྱད་མེད་དུ་ཐལ་བ་དང་། རང་རྒྱུད་ལ་བློ་ཡོད་པའི་སྒྲུབ་བྱེེད་མི་རིགས་པ་དང་། མཐར་དོན་རིག་གི་ཐ་སྙད་ཀྱང་རྒྱུན་ཆད་པར་འགྱུར་བ་སོགས་རིགས་པའི་དབང་ཕྱུག་གིས་ཇི་སྐད་གསུངས་པས་གནོད་ཅིང་རང་རིག་འགོག་པའི་རིགས་པ་ཇི་སྙེད་པ་ཐམས་ཅད་ཕུང་སོགས་འགོག་པའི་རིགས་པ་བཞིན་དུ་དོན་དམ་པར་འགོག་གི་ཐ་སྙད་དུ་བཀག་པའི་གཏན་མེད་མ་ཡིན་པར་ཤེས་དགོས་ཤིང་། དེ་བཞིན་དུ་ཀུན་གཞིའང་བདེན་གྲུབ་ཏུ་ཁས་མ་བླངས་ན་ཐ་སྙད་དུ་ཁས་བླངས་པ་ཙམ་གྱིས་དབུ་མའི་ཚུལ་ལས་ཉམས་པར་མི་འགྱུར་བ་སོགས་ཀྱི་གནད་ཤེར་ཊཱིཀ་ཆེན་མོ་ཡན་ལག་དང་བཅས་པ་ལས་ཤེས་པར་བྱ་ཞིང་། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་འཇུག་འགྲེལ་ལས་ཀྱང་ཤིན་ཏུ་གསལ་བར་བསྟན་ཏོ། །དེས་ན་སེམས་བདེན་གྲུབ་ཏུ་འདོད་པ་ལ་རང་རིག་མི་འཐད་ཀྱང་བདེན་མེད་དུ་འདོད་པ་ལ་རང་རིག་པའི་ཐ་སྙད་ཤིན་ཏུ་འཐད་པ་ཡང་ཤེས་པར་བྱའོ། །གཉིས་པ་སེམས་ཙམ་རྣམ་རྫུན་པའི་རྩོད་སྤོང་ནི་དེ་དག་འདི་སྙམ་དུ། སེམས་ལས་གཟུང་ཆ་ཡུལ་སྒྱུ་མ་ལྟ་བུ་འདི་གཞན་ཐ་དད་དུ་གྲུབ་པ་མིན་ཏེ་ཕྱི་དོན་མི་འགྲུབ་ཞིང་། སེམས་ལས་གཞན་མིན་པར་ཏེ་དེ་གཉིས་གཅིག་ཡིན་ནའང་སེམས་གཅིག་པ་ཆ་མེད་དུ་གྲུབ་པ་ཉམས་པས་དེ་ལྟར་ཡང་མི་རྟག་{བརྟགས} སྟེ་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་གཞི་མེད་ཀྱི་སྣང་བ་ཙམ་དུ་འདོད་དེ། སེམས་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཤེལ་གོང་དག་པ་བཞིན་དུ་གནས་སོ་སྙམ་ན། ཁྱོད་སེམས་དངོས་པོར་འདོད་ན་ནི་ཇི་ལྟར་ན་རྣམ་པ་དེ་གཞན་མིན་ཏེ་རྣམ་པར་དངོས་པོ་མེད་པར་འདོད་པས་དངོས་དངོས་མེད་གཞི་མཐུན་མི་སྲིད་དོ། །གནོད་པ་དེར་དོགས་ནས་སེམས་ལས་གཞན་དུའང་མིན་ནོ་ཞེ་ན་སེམས་ཀྱང་དངོས་པོ་མེད་པར་ཐལ་ཏེ་དངོས་མེད་ཀྱི་རྣམ་པ་དང་གཅིག་ཡིན་པས་སོ། །གཉིས་ཀ་མིན་པར་ཁས་བླངས་པས་སྐྱོན་མེད་དོ་སྙམ་ན་ཤིན་ཏུ་རྨོངས་ཏེ་གཞན་མིན་ཞེས་གཅིག་ཏུ་ཁས་བླངས། གཞན་མིན་པའང་མིན་ནོ་ཞེས་དགག་པ་གཉིས་ཀྱི་རྣལ་མར་གོ་བས་གཞན་ཡིན་པར་ཁས་བླངས་པའི་འགལ་བ་གཞི་གཅིག་ལ་འདུ་བས་མི་འཐད་ཅིང་དངོས་པོ་ལ་དེ་གང་རུང་ལས་འོས་མེད་པ་ཡིན་ནོ། །ཡང་སེམས་དངོས་པོར་མེད་ན་ལྟ་བྱེད་དུ་མི་རུང་སྙམ་ན། ཇི་ལྟར་ཁྱོད་སྒྱུ་མ་ལྟ་བུའི་ཕྱི་དོན་བདེན་པ་མིན་ཡང་བལྟ་བྱ་ཡིན་པར་འདོད་པ་དེ་བཞིན་དུ་ལྟ་བྱེད་ཀྱི་ཡིད་ཀྱང་སྒྱུ་མ་ལྟ་བུར་ལྟ་བྱེད་དུ་འཐད་དོ། །གོང་དུ་དགག་པ་དང་འདིར་སྒྲུབ་པའི་དབང་དུ་བྱས་སོ། །ཡང་དེ་དག་གིས་གལ་ཏེ་འཁོར་བ་འདི་ནི་གཞན་དབང་གི་སེམས་དངོས་པོར་གྲུབ་པའི་རྟེན་ཅན་ཡིན་གྱི། དེ་ནི་དེ་ལས་གཞན་དུ་གྱུར་ན་ནམ་མཁའ་དང་འདྲ་བར་ཅི་ཡང་མེད་པར་འགྱུར་གྱི་འཁོར་བའི་སྣང་བ་འདི་འབྱུང་མི་རིགས་ཏེ། རྟེན་གཞི་མེད་པས་འཇིམ་པ་མེད་པའི་བུམ་པ་དང་སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་ན། འཁོར་བ་འདི་དངོས་པོ་ཡིན་ན་སེམས་དང་གཅིག་གམ་ཐ་དད་གཅིག་ན་དེ་གཉིས་ནམ་ཡང་འབྲལ་མི་རུང་ལ་གཞན་ན་སེམས་ཙམ་གྱི་གྲུབ་མཐའ་ཉམས་པས་དངོས་མེད་དུ་འདོད་མོད། དེ་འདྲའི་འཁོར་བ་དངོས་མེད་ལ་དོན་བྱེད་པ་མེད་པས་དེ་དངོས་པོར་གྲུབ་པའི་སེམས་ལ་བརྟེན་པར་གྱུར་པས་ནི་འཆིང་གྲོལ་གྱི་དོན་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་རི་བོང་གི་རྭ་ལག་པ་ལ་བརྟེན་ནས་ཀྱང་ས་རྐོ་བ་མི་སྲིད་པ་བཞིན་དངོས་མེད་ནི་གང་ལའང་བརྟེན་པ་མིན་ཏེ། གལ་ཏེ་བརྟེན་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་རོ། །དེ་ནི་གཞན་དུ་མཁའ་འདྲ་ཞེས་པ་ཕ་རོལ་ལ་གནོད་པ་སྟོན་པའི་ཚིག་ཏུ་སྦྱར་བ་ཡོད་ཀྱང་འདི་ལྟར་བདེའོ། །འདིར་དངོས་མེད་ཅེས་པ་བདེན་དངོས་མེད་ཀྱང་སྣང་བ་སྒྱུ་མ་ལྟ་བུར་འཆར་བའི་གནད་མ་རྟོགས་ནས་དངོས་སྨྲ་བ་རྣམས་ཀྱིས་ཐ་སྙད་དུའང་མེད་པའི་གཏན་མེད་ལྟ་བུར་བཟུང་བ་ལ་ལན་འདེབས་ཚུལ་ཡིན་ནོ། །དེ་ལྟར་འཁོར་བ་དངོས་མེད་དང་སེམས་དངོས་པོ་གཉིས་ནམ་ཡང་མ་འབྲེལ་བས་ན་སེམས་ཙམ་པ་ཁྱོད་ཀྱི་སེམས་ནི་གྲོགས་གཟུང་བ་མེད་པར་རང་རིག་རང་གསལ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་ལ། གང་ཚེ་དེ་ལྟར་སེམས་དེ་ནི་གཟུང་བ་དང་བྲལ་བ་དེ་ཡི་ཚེ་འཛིན་པས་ཀྱང་སྟོང་ཞིང་གཉིས་སྟོང་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་ན། སེམས་ཅན་ཐམས་ཅད་ཐོག་མ་ནས་དེ་བཞིན་གཤེགས་པར་འགྱུར་ཏེ་ལམ་འབད་རྩོལ་ལ་ལྟོས་པར་མི་འགྱུར་རོ། །དེ་ལྟ་བུ་ཡིན་ན་ཡང་ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་རྣམ་རིག་ཙམ་དུ་བརྟགས་ཤིང་གྲུབ་མཐའ་བཞག་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་གཉིས་སྣང་དགག་མི་དགོས་ཤིང་གཉིས་སྟོང་གི་དེ་ཁོ་ན་ཉིད་སྒྲུབ་མི་དགོས་པའི་ཕྱིར། དེས་ན་རྣམ་པ་མེད་པར་ཁས་བླངས་ན་འཁོར་བའི་སྣང་བ་གཞི་མེད་དུ་འགྱུར་བས་མྱོང་བ་རྒྱུན་ཆད་པར་འགྱུར་རོ། །གཉིས་པ་ལམ་ལ་རྩོད་སྤོང་ནི། ཕྱི་ནང་གི་དངོས་པོ་འདི་དག་སྒྱུ་མ་ལྟ་བུར་ཤེས་ན་ཡང་དེས་ཇི་ལྟར་ཉོན་མོངས་ལྡོག་པར་འགྱུར་ཏེ། གང་གི་ཚེ་སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མའི་བུད་མེད་ལ་སྒྱུ་མར་ཤེས་ཀྱང་དེ་བྱེད་པ་པོ་སྒྱུ་མ་མཁན་རང་ཉིད་ཀྱང་ཆགས་པ་སྐྱེ་བར་འགྱུར་བས་སོ་སྙམ་ན། སྒྱུ་མའི་བུད་མེད་དེ་བྱེད་པ་པོ་ནི་ཤེས་བྱ་གང་ལའང་ཉོན་མོངས་པའི་བག་ཆགས་མ་སྤངས་ཏེ་བདག་གཉིས་སུ་འཛིན་པའི་ཀུན་རྟོག་ལ་གཉེན་པོ་ཡེ་ཤེས་ཀྱིས་ཉམས་སྨད་པར་མ་བྱས་པ། དེས་ན་ཡུལ་སྒྱུ་མའི་བུད་མེད་མཛེས་མ་དེ་མཐོང་བ་ན་བྱེད་པ་པོ་དེའི་རྒྱུད་ལ་གཉེན་པོ་སྟོང་ཉིད་ཀྱི་བག་ཆགས་ཤིན་ཏུ་ཉམ་ཆུང་བ་ཉིད་ཀྱིས་ཆགས་པ་གཏན་ནས་ལྡོག་ག་ལ་ནུས་ཏེ། དེའི་རྒྱུད་ལ་བདེན་འཛིན་དང་དངོས་སུ་འགལ་བའི་སྟོང་ཉིད་ནི་མེད་ལ་ཕྱི་རོལ་གྱི་བུད་མེད་དངོས་ཀྱིས་སྟོངས་པར་མཐོང་བ་དེས་ཀྱང་དོན་གཉེར་གྱི་བློ་མི་སྐྱེ་བ་བཞིན་ནོ། །དེས་ན་འདོད་པའི་རྩ་བ་ནི་ཀུན་ཏུ་རྟོག་པ་ཡིན་ལ། དེ་སྤྲོས་པ་ལས་སྐྱེ་ཞིང་ཀུན་རྟོག་གི་སྤྲོས་པ་དེ་དག་ནི་སྟོང་པ་ཉིད་ཀྱིས་འགོག་པར་འགྱུར་ཏེ། དེ་ཡང་ཀུན་བརྟགས་རྣམས་བདེན་པ་མཐོང་ཙམ་གྱིས་ཐག་པར་སྦྲུལ་མེད་ཤེས་པ་བཞིན་དུ་ལྡོག་ཅིང་ལྷན་སྐྱེས་རྣམས་གཉེན་པོ་རྒྱུད་ལ་གོམས་པས་རིམ་གྱིས་སྤང་ཞིང་མཐར་བློ་གཉེན་པོའི་ངང་དུ་གྱུར་པ་ན་ས་བོན་ཕྲ་བའང་སླར་མི་སྐྱེ་བའི་ཚུལ་དུ་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །འོ་ན་དངོས་པོར་མངོན་ཞེན་དང་། སྟོང་ཉིད་དུ་མངོན་པར་ཞེན་པ་གཉིས་ཀའང་ཀུན་རྟོག་གི་སྤྲོས་པ་ལས་མ་འདས་ན་གླང་ཆེན་གྱི་ཁྲུས་བཞིན་དུ་སླར་ཡང་རྟོག་པའི་དྲྭ་བར་ཆུད་པ་ཁྱོད་ཀྱིས་ཀུན་རྟོག་ཇི་ལྟར་འགོག་སྟེ་འགོག་པར་མི་འགྱུར་རོ་ཞེ་ན། གང་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་ཀྱི་བག་ཆགས་གོམས་པས་ནི། དེ་དང་འཛིན་སྟངས་འགལ་བ་དངོས་པོར་ཞེན་པའི་བག་ཆགས་སྤོང་བར་འགྱུར་ཞིང་། དེའི་ཚེ་དངོས་མེད་དུ་འཛིན་པ་དེའང་གཞན་བསལ་བའི་རྟོག་པ་ཙམ་སྟེ་དངོས་པོའི་གནས་ཚུལ་ཡང་དག་ཏུ་གྲུབ་པ་མེད་པར་རྟེན་འབྱུང་གི་རིགས་པས་གཏན་ལ་ཕབ་ནས། དངོས་དང་དངོས་མེད་ཅི་ཡང་བདེན་པར་གྲུབ་པ་མེད་ཅེས་གོམས་པས་ནི་མེད་པར་ཞེན་པ་དེ་ཡང་ཕྱིས་ནས་སྤོང་བར་འགྱུར་ཏེ། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །ཞེས་དང་། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་མཛད་དེ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤངས་པ་ལགས། །ཞེས་གསུངས་པ་བཞིན་ནོ། །དེ་ལ་དངོས་པོ་ནི་མེད་པར་བཀག་ཀྱང་། དེ་བཀག་པའི་མེད་པ་ཇི་ལྟར་དགག་པར་བྱ་སྟེ། དེ་བཀག་ན་སླར་ཡོད་པ་ཉིད་དུ་ལྡོག་སྟེ་མེད་པ་འགོག་པ་སྒྲུབ་པ་ཡིན་པའི་ཕྱིར་དང་། དངོས་པོ་མེད་པ་ནི་གཉེན་པོ་ཡིན་པ་ལ་སོགས་པའི་ཕྱིར་རོ་སྙམ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་པོ་ཡོད་པ་ཉིད་དུ་ཞེན་པ་དེའི་ངོར་བྱས་ནས་མེད་པ་ཉིད་དུ་སྒྲུབ་ཅིང་གོམས་པར་བྱེད་དེ་དངོས་པོ་རང་བཞིན་མེད་པར་མ་ཤེས་ན་གནས་ལུགས་མཐའ་བྲལ་ལ་ངེས་པ་སྐྱེ་བའི་སྐབས་གཏན་མེད་པས་སོ། །དེས་ན་ལས་དང་པོ་པས་ཐོག་མར་རང་བཞིན་མེད་པ་ཉིད་གཏན་ལ་དབབ་ནས་གོམས་པ་གལ་ཆེ་ཞིང་། དེ་ལྟར་སྒོམ་པའི་སྐབས་སུ་གཉེན་པོ་རང་བཞིན་མེད་པ་ལ་ཞེན་པ་ལས་མ་འདས་པས། དེའི་འོག་ཏུ་མེད་པར་ཞེན་པ་དེ་ཉིད་ཀྱང་ངེས་པར་དགག་དགོས་ཏེ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཡོད་ཅེས་བྱ་བ་མཐའ་གཅིག་སྟེ། །མེད་ཅེས་བྱ་བ་གཉིས་པ་ཡིན། །དེ་བཞིན་བདག་དང་བདག་མེད་མཚུངས། །རྟག་པ་དང་ནི་ཆད་པ་མཚུངས། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་མདོ་ལས། མེད་པའི་ཆོས་ལ་ཡོངས་སུ་རྟོག་པ་ན། །བྱིས་པ་གང་ཡིན་གཡོ་བ་དེ་ཡིས་བཅིངས། །ཞེས་དང་། སྟོང་ཉིད་མ་སྐྱེས་སུས་ཀྱང་བྱས་མ་ཡིན། །མ་མཐོང་འོང་བ་མ་ཡིན་འཕོ་མིན་ན། །དམིགས་གནས་བདག་ཅག་སྟོང་ཉིད་ལེགས་བསླབ་ཅེས། །འཛེར་བ་དེ་དག་ཆོས་ཀྱི་ཆོམ་རྐུན་ཡིན། །ཞེས་དང་། ལང་གཤེགས་ལས། གང་ཟག་ཏུ་ལྟ་བ་རི་རབ་ཙམ་ཡང་བླའི། ཡོད་པ་དང་མེད་པའི་ང་རྒྱལ་ཅན་གྱིས་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ། །ཞེས་དང་། ཁྲི་བརྒྱད་སྟོང་པ་ལས། དངོས་པོ་མེད་པའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པའང་མེད་དོ། །ཞེས་དང་། ཤེས་ཕྱིན་རྒྱན་ལས། གཟུགས་སོགས་ཕུང་པོའི་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང་། འཕགས་པ་ཀླུས། རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས། དེས་ན་སྤྱིར་བདེན་མེད་དང་རང་བཞིན་མེད་པ་སོགས་གནས་ལུགས་མིན་ཞེས་ནམ་ཡང་མི་བརྗོད་མོད་ཀྱི་བདེན་མེད་མེད་དགག་དང་། བདེན་མེད་སྤྲོས་བྲལ་ལྟ་བུའི་གོ་ཚུལ་གཉིས་ཡོད་པ་ལས། གནས་ལུགས་དམིགས་མེད་དུ་མ་གོ་བར་དམིགས་པ་ཅན་དུ་བཟུང་བའི་མེད་པ་ཉིད་དེ་ཙམ་ཁོ་ན་གནས་ལུགས་མཐར་ཐུག་མ་ཡིན་ཏེ། གང་ཚེ་གཟུགས་སོགས་དངོས་པོ་གང་ཞིག་མེད་དོ་ཞེས་བརྟག་བྱའི་དངོས་པོ་དེ་ཐ་སྙད་དུ་རང་གི་ངོ་བོས་སྐྱེ་བ་སོགས་སུ་མི་དམིགས་པ་ན། དེ་ཚེ་དེ་ལ་བརྟེན་པའི་དངོས་མེད་ཀྱང་རྟེན་དངོས་པོ་དང་བྲལ་བས་ན་བློ་ཡི་མདུན་ན་དམིགས་གཏད་ཀྱི་ཡུལ་དུ་ཇི་ལྟར་གནས་ཏེ་མོ་གཤམ་གྱི་བུ་སྐྱེ་བ་མེད་ན་དེ་ཤི་བའང་མི་དམིགས་པ་བཞིན་ནོ། །དེས་ན་མེད་པ་ནི་ཡོད་པ་ལ་བརྟེན་ནས་བཞག་པ་ཙམ་སྟེ་ལྟོས་མེད་དུ་ངོ་བོས་གྲུབ་པ་ནི་མེད་དོ། །འོ་ན་ཡོད་པ་བཀག་ནས་མེད་པ་སྒྲུབ། སླར་ཡང་མེད་པའང་བཀག་ནས་ཡོད་པ་སྒྲུབ། དེ་གཉིས་རེས་མོས་སྤེལ་བས་ཅི་ཞིག་བྱ་ཟེར་ན། རྣམ་ཤེས་ལ་རྟོན་ཅིང་ཚུར་མཐོང་གི་རྟོག་གེའི་དབང་དུ་བྱས་པ་དག་ལ་གླང་ཆེན་གྱི་ཁྲུས་དང་འདྲ་བའི་ཀུན་རྟོག་འདི་ལྟ་བུ་འབྱུང་བ་ནི་ཤིན་ཏུ་བདེན་ཏེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ནི་སྐལ་དམན་རྣམས་སྐྲག་པའི་གནས་ཆེ་བའི་རབ་ཡིན་པས་དེའི་ཚུལ་ནི་མི་ཤེས་ཤིང་། དངོས་མེད་དུ་བསྟན་ན་ཆད་སྟོང་དུ་བཟུང་། སྣང་བཅས་སུ་བསྟན་ན་བདེན་གྲུབ་ཏུ་བཟུང་། ཟུང་འཇུག་ཅེས་བརྗོད་ན་ཐ་གུ་དཀར་ནག་བསྒྲིལ་བ་ལྟ་བུའི་དོན་དུ་བཟུང་། བསམ་གྱིས་མི་ཁྱབ་ཅེས་བརྗོད་ན་ཅང་མེད་ཅི་མེད་ཧ་ཤྭང་གི་ལྟ་བ་ལྟ་བུ་ཞིག་ལས་མི་འཆར་བ་ཡིན་ཏེ། ཟབ་མོའི་མཐར་ཐུག་པའི་ཆོས་འདི་ཀུན་གྱིས་བདེ་བླག་ཏུ་ཤེས་ནུས་ན། དེ་དག་འཇིག་རྟེན་མཐའ་དག་ལས་འདས་ཤིང་འཕགས་པའི་སྤྱོད་ཡུལ་ལྟ་དཀའ་ཞིང་ཤེས་པར་དཀའ་བ་བསམ་གྱིས་མི་ཁྱབ་པ་ཞེས་ཇི་སྟེ་གསུངས། དེའི་ཕྱིར་ན། བཅོམ་ལྡན་འདས་ཀྱིས། འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེ་ལྡན་བྱང་ཆུབ་བརྙེས་ནས་འདི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ཞེས་དང་། སློབ་དཔོན་ཀླུས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ཉེས་པར་བསྒྲུབ་པ་བཞིན། །དེ་ཕྱིར་ཞེན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེས་ན་གང་རུང་རེ་བཀག་ནས་ཅིག་ཤོས་སྒྲུབ་པ་མ་ཡིན་ཏེ་མཐའ་ཐམས་ཅད་བཀག་ནས་མཐར་དགག་སྒྲུབ་དང་བྲལ་བའི་ཆོས་ཉིད་དེ་བཞིན་ཉིད་ལ་འཇུག་པར་འགྱུར་བའི་ཕྱིར་གདོད་ནས་སྐྱེ་བ་མེད་བཞིན་དུ་སྣང་བའི་སྟོང་དང་རྟེན་འབྱུང་ཡེ་ནས་འདུ་འབྲལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་ལ་ངེས་ཤེས་གཏིང་ནས་མ་རྙེད་པ་དེ་སྲིད་དུ་ཚོགས་བསགས་ཤིང་། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱི་ཞབས་ལ་གཏུགས་པར་བྱས་ནས་ཡང་དག་པའི་གནད་དང་ལྡན་པའི་གོམས་པ་ཡུན་བསྲིང་བར་བྱ་སྟེ། ཐོས་པས་དྲེགས་ཤིང་ཚུར་མཐོང་གི་དཔྱོད་པ་ཕལ་ཆེ་བས་བསྐལ་པ་བརྒྱར་འབད་ཀྱང་ཕྱོགས་ཙམ་ཤེས་པར་མི་འགྱུར་ཞེས་དམ་པའི་ཞལ་ནས་གདམས་པ་འདི་ཁོ་ན་ལམ་དོན་གཉེར་རྣམས་ཀྱི་སྙིང་ནོར་དུ་བྱ་བར་རིགས་སོ། །དེ་ལྟར་ན་གང་གི་ཚེ་དངོས་པོ་དང་དངོས་པོོ་མེད་པ་དག་གང་ཡང་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ། དེ་ལས་བདེན་པར་གྲུབ་པའི་རྣམ་པ་གཞན་མེད་པས་ན། བདེན་འཛིན་གྱི་དམིགས་པའི་གཏད་སོ་མཐའ་དག་མེད་པར་སྤྲོས་པ་མ་ལུས་པ་རབ་ཏུ་ཞི་བ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་གྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་དོ། །གནས་ལུགས་མཐར་ཐུག་པ་དེ་ལྟ་བུ་ཡིན་པའི་ཕྱིར་དངོས་དང་དངོས་མེད་དུ་ཞེན་པ་སྣ་ཚོགས་པའི་ཚུལ་བཟློག་པའི་སྟོང་ཉིད་བཅུ་དྲུག་ཏུ་བཤད་པ་དང་། རྗེ་བཙུན་བྱམས་མགོན་གྱིས་ཐེག་ཆེན་སྦྱོར་ལམ་གྱི་སྐབས་སུ། རྟག་མི་རྟག་སོགས་ཀྱི་སྒྲོ་འདོགས་སོ་གཉིས་ལ་ཞེན་སྤྱོད་བཀག་ནས་མཐོང་ལམ་གྱི་གནས་སྐབས་སུ་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་འགྱུར་བར་གསུངས་པ་ལྟ་བུ་སྟེ། སྤྲོས་པ་མཐའ་དག་ཁེགས་པའི་ཟུང་འཇུག་ཆོས་ཀྱི་དབྱིངས་དེ་ནི་ཐེག་པ་ཆེན་པོའི་རྟོགས་རིགས་ཁྱད་པར་ཅན་ཡིན་ལ། དེ་ལ་དབུ་མ་ཆེན་པོ་ཞེས་ཐ་སྙད་བྱེད་པ་ཡིན་ཏེ། རྒྱལ་བའི་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས། ཚོར་བ་མ་མཆིས། འདུ་ཤེས་མ་མཆིས། འདུ་བྱེད་མ་མཆིས་རྣམ་པར་ཤེས་པ་མ་མཆིས་ཞེས་པ་ནས། སངས་རྒྱས་མ་མཆིས་སོ། །ཞེས་པའི་བར་གྱིས་གསུངས་པ་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། འོད་སྲུང་གིས་ཞུས་པ་ལས། དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ། རྟེན་མེད་པ་སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ་འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། དམིགས་པ་མེད་ཅིང་མཚན་མ་མེད། །རྣམ་རྟོག་མེད་ཅིང་སྤྲོས་པ་མེད། །སྐྱེ་མེད་དེ་ནི་དེ་བཞིན་ཉིད། །ཅེས་དང་། ལང་ཀར་གཤེགས་པ་ལས། ཅི་ཙམ་སེམས་ཀྱི་སྤྱོད་ཡུལ་བ། །ཡོད་དང་མེད་པ་མཐའ་གཉིས་ཏེ། །སྤྱོད་ཡུལ་རྣམ་པར་སྤང་བ་ནས། །སེམས་ཀྱང་ཡང་དག་འགག་པར་འགྱུར། །ཞེས་དང་། ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལྟར་འཇིག་རྟེན་ནམ་མཐོང་ན། །དེ་ཚེ་སེམས་ཀྱང་རྣམ་ལྡོག་སྟེ། །བདག་མེད་པ་ཡང་རྟོགས་པར་འགྱུར། །ཞེས་དང་། དབུ་མ་རྩ་བར། གང་དག་རང་དངོས་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་དང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། སློབ་དཔོན་ཨཱཪྱ་དེ་ཝས། དེ་ཕྱིར་དངོས་ཡོད་མི་བྱ་ཞིང་། །དངོས་པོ་མེད་པའི་ཡིད་ཀྱང་སྤངས། །ཀུན་མཁྱེན་གོ་འཕང་འདོད་རྣམས་ཀྱིས། །དེ་གཉིས་བར་དུའང་གནས་པ་མིན། །ཞེས་དང་། བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་བས་ཀྱང་གང་མ་གཟིགས། །དེ་ཡིས་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཅེས་དང་། ཨ་ཏི་ཤས། བསྟན་པའི་ཚིག་གི་སྦྱོར་བ་ཡིས། །སྐྱེ་མེད་འགག་མེད་སོགས་པས་མཚོན། །དོན་དམ་ཐ་དད་མེད་ཚུལ་གྱིས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །རྟོགས་མེད་ཚུལ་གྱིས་རྟོགས་པ་ལ། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །ཞེས་དང་། ཆོས་ཉིད་སྤྲོོས་དང་བྲལ་བ་ལ། །ཤེས་པའང་སྤྲོས་དང་བྲལ་བར་བཞག །ཞེས་དང་། དེ་ཉིད་ཀྱིས་དབུ་མའི་མན་ངག་བཀྲལ་བ་ལས། ཅིར་ཡང་མི་འཛིན་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བས་སོ། །དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤངས་པའོ། །ཞེས་དང་། སློབ་དཔོན་བྷ་བྱའི་དབུ་མ་རིན་པོ་ཆེའི་སྒྲོན་མེར། སྐབས་དེར་ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག་ཅིར་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ་ཅི་ཡང་མ་ཡིན་པར་བསྒོམ་པར་བྱའོ། །ཞེས་གསུངས་པས་མཚོན་དབུ་མའི་གཞུང་ལུགས་ཆེན་པོ་ཐམས་ཅད་དུ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟབ་མོ་ཉིད་རྩལ་དུ་བཏོན་ནས་གསུངས་པར་མཛད་པ་ཡིན་ལ། འདི་ལ་ཁ་ཅིག་གིས་ཧྭ་ཤང་གི་ལྟ་བར་འདོད་པ་ནི། ཁྱད་པར་མ་དཔྱད་པར་རང་གར་སྨྲས་པར་ཟད་དེ། ཧྭ་ཤང་གིས་ནི་གནས་ལུགས་ཀྱི་དོན་ལ་བརྟག་དཔྱད་མ་བྱས་པར་རྟོག་པ་རང་གར་བཀག་ནས་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ལ་ལྟ་བ་མཐར་ཐུག་རྟོགས་པར་འདོད་པ་ཡིན་ཞིང་། དེ་ཉིད་མཁས་པ་ཀཱ་མ་ལ་ཤཱི་ལས་ལུང་དང་རིགས་པས་སུན་ཕྱུང་བར་བཤད་ལ། འདི་ནི་དབུ་མའི་གཞུང་ལུགས་ལས་བཤད་པའི་རིགས་པ་རྣམས་ཀྱིས་ཡུལ་གྱི་གནས་ལུགས་གཏན་ལ་དབབ་པ་ན། མཐར་འཛིན་རྣམས་ཀྱི་ཞེན་ཡུལ་རེ་རེ་ནས་སུན་ཕྱུང་སྟེ། མཐར་ཡོད་མེད་ལ་སོགས་སྤྲོས་པའི་མཐའ་གང་ཡང་མ་རྙེད་པ་ཙམ་ལ་དབུ་མའི་ལྟ་བ་རྟོགས་ཞེས་པའི་ཐ་སྙད་མཛད་པས་འདི་གཉིས་ལ་ཁྱད་པར་གནམ་ས་ཙམ་ཡོད་པ་ཡིན་ལ། མདོར་ན་གཅིག་དུ་བྲལ་སོགས་ཀྱི་རིགས་པས་དངོས་པོ་གང་ཡང་དཔྱད་བཟོད་དུ་གྲུབ་པ་རྡུལ་ཙམ་མ་མཐོང་བ་དེའི་ཚེ། དཔྱད་བཟོད་མེད་པ་དེ་ཉིད་བདེན་སྟོང་དུ་གོ་ནས། དེ་འདྲའི་སྟོང་པ་དང་སྣང་བ་གཉིས་ཐ་དད་དམ་ཡ་བྲལ་དུ་མ་སོང་བར། སྣང་བ་ཉིད་སྟོང་པ། སྟོང་པ་ཉིད་སྣང་བ་སྟེ། སྣང་སྟོང་ཟུང་འཇུག་ཏུ་གོ་བ་དེའི་ཚེ་སྟོང་ཉིད་རྟེན་འབྱུང་དུ་ཤར་བ་སོགས་ཐ་སྙད་ཅི་བཏགས་ཀྱང་དོན་ལ་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པར་གོ་ཞིང་། དེ་འདྲའི་ཟུང་འཇུག་དེ་དངོས་པོའི་གནས་ལུགས་སུ་བྱས་ནས། དེའི་དོན་ལ་གོམས་པའི་ཚེ་ན། སྣང་ཞེས་དེར་འཛིན་པའི་བློ་གཅིག་དང་སྟོང་ཞེས་དེར་འཛིན་པའི་བློ་རེས་འཇོག་གཉིས་ཀྱིས་སོ་སོར་འཛིན་མ་དགོས་པར་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་ངེས་པ་སྐྱེས་ཏེ། དེའི་ངང་དུ་གོམས་པའི་མཐུས། སྣང་བ་དང་སྟོང་པ་སོགས་ཕྱོགས་རེ་བའི་དམིགས་པ་དང་ཁས་ལེན་ཐམས་ཅད་དང་བྲལ་ཏེ་ཁས་ལེན་མེད་ཀྱང་དངོས་པོའི་གནས་ཚུལ་ལ་དེ་ལས་མི་འདུག་གོ་སྙམ་པའི་ངེས་ཤེས་ཁྱད་པར་ཅན་སྐྱེ་རྒྱུ་ཡོད་པ་འདི་གའི་རྒྱུན་ཞེན་མེད་འཛིན་མེད་ཀྱིས་བསལ་བཞག་སྤང་བླང་བྲལ་བར་བསྐྱངས་པས་དག་བྱེད་གཉེན་པོ་ལ་ཞེན་པ་སོགས་ཤེས་སྒྲིབ་ཀྱི་ཆར་གཏོགས་གཟུང་འཛིན་ཤིན་ཏུ་ཕྲ་བའི་ཆ་རྣམས་ཀྱང་རིམ་བཞིན་འགགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟབ་མོ་ལ་འཇུག་པར་བྱེད་པ་སྟེ། འདི་ནི་སྒྲུབ་བརྒྱུད་པ་ཀུན་གྱི་ལྟ་སྒོམ་གྱི་སྙིང་པོ་ཡིན་ཏེ། རིག་འཛིན་དགའ་རབ་རྡོ་རྗེས། ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །སྣ་ཚོགས་འཆར་ཚུལ་ཅིར་ཡང་མ་འགག་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཀློང་དུ་གྲོལ། །ཞེས་དང་། མདའ་བསྣུན་ཞབས་ཀྱིས། ཀྱེ་ལགས་གང་སྨྲས་བརྫུན་ཞིང་ལོག་པ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། །རྟོགས་པར་འགྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆང་བའང་དེ་ཡིན་ནོ། །ཞེས་དང་། དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། །སྲིད་དང་མཉམ་ཉིད་ཐ་དད་མ་འབྱེད་པར། །གཉུག་མའི་ཡིད་ནི་གཅིག་ཏུ་གཏོང་དང་རྣལ་འབྱོར་པ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། །བསམ་གཏན་རྫུན་པས་ཐར་པ་རྙེད་མིན་ནོ། །ཞེས་དང་། སེམས་ནི་མཁའ་དང་འདྲ་བར་བཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ། །ཞེས་དང་། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། མཐའ་བྲལ་སྤྲོོས་པ་ཆོད་པ་ལ། །ལྟ་བ་མིང་དུ་བཏགས་པ་ཡིན། །རང་གསལ་འཛིན་པ་སྟོར་བ་ལ། །སྒོམ་པ་མིང་དུ་བཏགས་པ་ཡིན། །ཞེས་དང་། ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས། ལྟ་བ་ཞེས་མིང་དུ་བཏགས་པ་དེ། །བལྟ་རྒྱུ་བྱུང་ན་ལྟ་བ་མིན། །བལྟ་རྒྱུ་མེད་པའི་དོན་ལ་ལྟོས། །ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར། །སྒོམ་པ་ཞེས་མིང་དུ་བཏགས་པ་དེ། །བསྒོམ་རྒྱུ་བྱུང་ན་སྒོམ་པ་མིན། །བསྒོམ་རྒྱུ་མེད་པའི་དོན་ལ་སྒོམ། །སེམས་ཡེངས་རྒྱུ་མེད་པར་ལམ་དུ་ཁྱེར། །སྤྱོད་པ་ཞེས་མིང་དུ་བཏགས་པ་དེ། །སྤྱད་རྒྱུ་བྱུང་ན་སྤྱོད་པ་མིན། །སྤྱད་རྒྱུ་མེད་པའི་དོན་ལ་སྤྱོད། །མ་བཅོས་ཤུགས་འབྱུང་ལམ་དུ་ཁྱེར། །རྣལ་འབྱོར་བདག་གི་ཉམས་ལེན་ལགས། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད། །ཤིན་ཏུ་བརྟགས་ན་སྨྲ་བསམ་བརྗོད་ལས་འདས། །ཡོད་མེད་མི་དམིགས་མཐའ་བྲལ་མ་བྲལ་མེད། །སྒྱུ་མའི་ཚུལ་དུ་སྐྱེ་སོགས་སྣང་ན་ཡང་། །སྣང་དུས་ཉིད་ནས་སྐྱེ་སོགས་རང་བཞིན་མེད། །སྨིག་རྒྱུའི་ཆུ་དང་རྫིང་བུའི་ཟླ་གཟུགས་བཞིན། །ཞེས་དང་། འཁོར་བའི་བག་ཆགས་སྟོང་པར་ལ་བཟླ་ཞིང་། །སྟོང་པའི་རང་བཞིན་སྣང་བར་ཐག་བཅད་དེ། །སྣང་སྟོང་གཉིས་མེད་བདེན་པ་གཉིས་དོན་ཤེས། །མཐའ་གཉིས་གནས་བསལ་དབུ་མར་བསླབ་པ་ཡིས། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་གྲོལ། །འདི་ནི་ངེས་དོན་སྙིང་པོའི་དམ་པ་སྟེ། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །ཞེས་དང་། སྣང་དང་སྟོང་པ་དབྱེར་མེད་གདོད་མའི་ངང་། །གཅིག་དང་དུ་མར་མི་དམིགས་སྤྲོས་དང་བྲལ། །ཕྱོགས་དང་རིས་མེད་ཐམས་ཅད་མཉམ་པ་ཉིད། །སྣང་མཉམ་སྟོང་མཉམ་བདེན་མཉམ་བརྫུན་པར་མཉམ། །ཡོད་མཉམ་མེད་མཉམ་མཐའ་ལས་འདས་པར་མཉམ། །དབྱིངས་གཅིག་གདོད་ནས་དག་པའི་ངང་ཉིད་དོ། །ཞེས་གསུངས་སོ། །འགྲོ་བའི་མགོན་པོ་ཨ་ཏི་ཤས་རྣམ་དག་གཙུག་གི་ནོར་བུ་ལ་གནང་བའི་བློ་སྦྱོང་ལས། སྙིང་རྗེ་སྟོང་པར་འདུག་གམ་མཁས་པའི་བུ། །སྟོང་པ་སྙིང་རྗེར་ཤར་རམ་རྟོག་དཔྱོད་ཅན། །སྟོང་དང་སྙིང་རྗེ་རྣམ་དབྱེར་འདུག་གམ་ཨང་། །ཁོ་བོས་ཞེ་སྡང་རླུང་དམར་འཚུབས་ན་ཡང་། །སྟོང་པ་ཉིད་ལ་ཐ་དད་མེད་པར་མཐོང་། །དེ་བཞིན་རྣམ་པར་རྟོག་པ་མཐའ་ཡས་པ། །སྟོང་ཉིད་ངང་ལས་ངེས་པར་འབྱུང་བ་མཐོང་། །རྣམ་རྟོག་རྣམས་ལ་ཅེར་ཏེ་བལྟས་ཙ་ན། །བདེན་ནམ་རྫུན་ནམ་གྲུབ་པར་ངས་མ་མཐོང་། །སྟོང་ཉིད་ངང་ལས་ལྷོད་ཀྱིས་གློད་ཙམ་ན། །རྟོག་པ་ཙམ་ཡང་འཆར་བར་ངས་མ་མཐོང་། །དེས་ན་སྟོང་ཉིད་སྙིང་རྗེའི་འགལ་ཟླ་ཡང་། །དབྱེ་བ་རྡུལ་ཙམ་ཡོད་པར་མ་མཐོང་གི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྨོས་ཅི་འཚལ། །ཞེས་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས། དུས་གསུམ་གྱིས་སྟོང་པའི་ཆོས་ལུགས་ལ། །ཕར་བལྟར་མེད་ཡུལ་གྱིས་བསླུས་པར་འགྱུར། །ཚུར་བལྟར་མེད་རང་གིས་བ སླུས་པར་འགྱུར། །ང་གཉིས་མེད་ཤེས་པ་བལྟར་མེད་པ། །ཞེས་གསུངས། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་སངས་རྒྱས་ཀྱིས། དངོས་པོར་སྣང་བ་ཐམས་ཅད་རང་གི་སེམས། །ཆུ་རྣམས་ཐམས་ཅད་རྒྱ་མཚོར་ལན་ཚྭའི་རོ། །དངོས་དང་དངོས་མེད་ཡངས་པ་གདོད་མའི་སེམས། །ནམ་མཁའི་བྱ་རྗེས་བཞིན་དུ་དམིགས་སུ་མེད། །ཕྱོགས་དང་ཆ་མེད་མཐའ་རྣམས་ཀུན་དང་བྲལ། །གཞོན་ནུའི་བདེ་བ་བཞིན་དུ་སྨྲར་མི་བཏུབ། །དུས་གསུམ་རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུའི་སེམས། །རང་བཞིན་གཉུག་མར་ཞོག་ཅིག་རྣལ་འབྱོར་པ། །ཞེས་དང་། མ་བཅོས་གཉུག་མའི་སེམས་དེ་སྙིང་པོ་ཡིན། །འདི་ལ་ཅིས་ཀྱང་བཅོས་པར་མ་བྱེད་ཅིག །བཅོས་པའི་སེམས་ཀྱིས་འཕགས་ལམ་མཐོང་མི་འགྱུར། །དེ་ཕྱིར་སེམས་ཀྱི་གླང་པོ་ཡན་དུ་ཆུག །སྣང་སྲིད་ཐམས་ཅད་ཡེ་ནས་གྲོལ་བ་སྟེ། །འདི་ལ་དགག་ཅིང་སྒྲུབ་པ་ཅི་ཡང་མེད། །ཅེས་དང་། སྟོང་པའི་དབྱིངས་སུ་རིག་པའི་མདུང་སྐོར་གྱིས། །ལྟ་བ་ཐོགས་རྡུགས་མེད་དོ་དིང་རི་པ། །ཞེས་དང་། མ་ལབ་སྒྲོན་གྱིས། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས། རྗེ་ལྷོ་བྲག་པ་ཆེན་པོས། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན། །རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །སྐུ་གསུམ་མ་དང་མངོན་སུམ་མཇལ། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཅེས་དང་། དབང་ཕྱུག་བཞད་པ་རྡོ་རྗེས། དོན་དམ་བདེན་པའི་དབང་དུ་ན། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་དང་བསྒོམ་བྱ་དང་། །བགྲོད་བྱ་ལམ་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བ་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་སྣང་། །ཞེས་དང་། ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །ཞེས་དང་། ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུངས། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང་། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུངས། །ཞེས་དང་། མཁས་གྲུབ་ཁྱུང་པོས། སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །ཞེས་དང་། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །སྒྱུ་མ་ལྟ་བུར་ཉམས་བླངས་པས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །སྣང་ཡང་བདེན་མེད་ཆོས་རྣམས་ལ། །བྱིས་པས་བདེན་པར་བཟུང་བས་འཁྲུལ། །མེད་བཞིན་སྣང་བ་ཨེ་མ་ཧོ། །ཞེས་དང་། འགྲོ་མགོན་ཕག་གྲུས། འཁོར་འདས་གཉིས་ཀྱི་རྩ་བ་སེམས། །སེམས་གདོད་ནས་དག་པ་དེ་བཞིན་ཉིད། །ཡེ་གདོད་ནས་ཞི་ཞིང་མ་སྐྱེས་པས། །སེམས་ཡེ་ནས་སྤྲོས་པའི་མཐའ་དང་བྲལ། །ཞེས་དང་། སྐྱེ་མེད་ཞང་གིས། ཇི་སྲིད་སེམས་ཀྱི་དཔྱད་བཟོད་དེ་སྲིད་དུ། །ཇི་ལྟར་ཟབ་པར་རྟོགས་ཀྱང་གནས་ལུགས་མིན། །ཅི་ཙམ་ཚིག་ཏུ་བརྗོད་ནུས་དེ་སྲིད་དུ། །མིང་འདོགས་ཇི་ཙམ་ལེགས་ཀྱང་གནས་ལུགས་མིན། །ཞེས་དང་། ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས། ཐམས་ཅད་བདེན་མིན་བརྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཅེས་དང་། གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་། །གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། །ཞེས་དང་། དཔལ་མཁའ་སྤྱོད་དབང་པོས། དུས་ད་ལྟའི་སྣང་རིག་གསལ་ཙམ་འདི། །ཆོས་ཀུན་རྫོབ་བདེན་པའི་རང་ངོ་ཡིན། །འདི་མ་བཅོས་རང་གི་གནད་ཤེས་ན། །དོན་དམ་པའི་བདེན་པའང་འདི་ཁོ་ན། །གཞུང་ཐ་སྙད་མཁན་གྱི་བདེན་གཉིས་དེ། །ལུང་རིགས་པ་མང་ཡང་གནད་མ་གོ །གཉིས་ཐ་དད་བཟུང་བས་གཉིས་མེད་ཉམས། །ཞེས་གསུངས། རྫེ་བཙུན་ས་སྐྱ་པ་ཆེན་པོའི་ཞེན་པ་བཞི་བྲལ་གྱི་གཞུང་ལས། ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་ཀར་འཛིན་པ་མི་ཤེས་པས། །གཉིས་མེད་ངང་དུ་གང་དགར་ཞོག །ཆོས་ཀུན་སེམས་ཀྱི་སྤྱོད་ཡུལ་མིན། །ཕྱྭ་དང་དབང་ཕྱུག་ལ་སོགས་པ། །འབྱུང་བཞི་བྱེད་མཁན་མ་ཚོལ་བར། །སེམས་ཉིད་ངང་ལས་གང་དགར་ཞོག །སྣང་བ་སྒྱུ་མའི་རང་བཞིན་དང་། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །གནས་ལུགས་བརྗོད་པར་མི་ཤེས་ཀྱིས། །བརྗོད་བྲལ་གྱི་ངང་དུ་གང་དགར་ཞོག །ཅེས་དང་། ལམ་འབྲས་གཞུང་ཁྲིད་ཚིགས་བཅད་མ་ལས། སེམས་ལས་མ་གཏོགས་འདི་ན་གཞན་འགའ་མེད། །རང་སེམས་འཁྲུལ་པའི་བག་ཆགས་ཀྱིས་བསླད་དེ། །རྨི་ལམ་རྟ་གླང་མིག་གི་རབ་རིབ་བཞིན། །སེམས་དེ་ངོ་བོ་ཉིད་མིན་སྒྱུ་མ་སྟེ། །སྨིག་རྒྱུ་ཆུ་ཟླ་གཙུབ་པའི་མེ་བཞིན་དུ། །སྣ་ཚོགས་རྐྱེན་རྣམས་ཚོགས་ནས་སྣང་བ་ཙམ། །འདི་ཡི་སེམས་ཀྱི་རང་བཞིན་གང་ཡིན་སྨྲོས། །སྒྱུ་མ་ཞེས་བྱ་ངོ་བོ་ཉིད་ཀྱང་ནི། །འདི་ན་མེད་ཅིང་རྟེན་ཅིང་འབྲེལ་འབྱུང་ཞིང་། །སྐྱེ་དང་འགག་དང་གནས་པ་ཡོད་མིན་ན། །བརྗོད་བྲལ་འདི་ལ་ཅི་ཞིག་བསམ་པར་བྱ། །རྗོད་བྲལ་བརྗོད་པ་འདི་ལ་དོན་མེད་ཅིང་། །བསམ་མིན་བསམ་པར་བྱ་བའི་གནས་མིན་ལ། །བསྒོམ་དུ་མེད་པ་འདི་ལ་ཅི་ཞིག་བསྒོམ། །དེ་ལྟར་ཤེས་ན་འཛིན་པ་མེད་པར་འགྱུར། །ཞེས་དང་། །རང་སེམས་གདོད་ནས་རྣམ་དག་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ལ་སོགས་ངོ་བོ་གཅིག །རྟོགས་པའི་སངས་རྒྱས་ཟླ་བའི་དཔེ་ཡིས་བསྟན། །ཞེས་དང་། རྗེ་ས་པཎ་གྱིས། འཁོར་བ་ནི་བློ་འཁྲུལ་པ་ལ་སྣང་ཡང་ཤེས་རབ་ཀྱིས་བརྟགས་ན་ངོ་བོ་གྲུབ་པ་ཅི་ཡང་མེད། དེས་ན་འདས་པ་ལ་སེམས་མི་འཇུག མ་འོངས་པ་ལ་སེམས་མི་གཞུག ད་ལྟར་བ་ལ་རྣམ་པར་ཤེས་པ་མི་འཇུག་པ་ཞིག་གོ་བར་བྱས་ནས། ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པར་བྱའོ་ཞེས་ཞེན་པ་བཞི་བྲལ་གྱི་ཁྲིད་གཞུང་དུ་གསུངས་ཤིང་། ཁྱད་པར་རོང་སྟོན་ཆེན་པོའི་ཤེར་ཕྱིན་སྒོམ་རིམ་དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་ཤེར་ཕྱིན་ཐེག་པ་ཆེན་པོའི་རྣལ་འབྱོར་གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱིས་མཛད་པའི་རྒྱལ་ཡུམ་སྙིང་པོའི་རྣམ་བཤད་སོགས་སུ་སྣང་བཅས་སྣང་མེད་ཟུང་འཇུག་བགྲོད་པ་གཅིག་པར་སྟོན་པ་དངོས་སྦས་ཀྱི་ཚུལ་གྱིས་ཟབ་མོ་ཉམས་མྱོང་དང་འབྲེལ་བའི་འཆད་ཚུལ་རྨད་དུ་བྱུང་བ་བཞུགས་པ་དང་། ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་བ་ཆེན་པོས་ཀྱང་། སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུས་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་དང་། མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་པ་གཉིས། །སྒོམ་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ན་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་སྐྱོང་འཚལ་ལོ། །ཞེས་དང་། དེའི་ཁྲིད་ཡིག་རྒྱལ་མཆོག་བསོད་ནམས་རྒྱ་མཚོས་མཛད་པའི་གསེར་ཞུན་ལས་ཀྱང་། མཉམ་བཞག་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ལ་མཉམ་པར་བཞག་ནས། རྗེས་ཐོབ་རང་བཞིན་གྱིས་མ་གྲུབ་ཀྱང་། དེ་ལྟར་སྣང་བའི་སྒྱུ་མ་ལྟ་བུའི་སྟོང་ཉིད་དང་། འབྲེལ་བར་ཐབས་ཤེས་ཟུང་འཇུག་གི་ལམ་ལ་སློབ་པར་གསུངས་པ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས། འོན་ཀྱང་བློ་བཟང་ཉིན་བྱེད་དབང་པོ་ཡི། །རྗེས་འབྲངས་མཁས་རློམ་རྒྱུ་སྐར་དུ་མའི་ཚོགས། །རང་མཚན་རང་བཞིན་གྲུབ་དང་བདེན་དངོས་ཞེས། །ཐ་སྙད་ཚིག་གིས་བཅིངས་པའི་དགག་བྱ་དག །རང་བློས་བཞག་པ་རིགས་པས་བཀག་པའི་དོན། །མཐའ་བྲལ་དབུ་མ་ཆེན་པོར་འདོད་པ་མཐོང་། །རྨི་ལམ་གཟུགས་དང་སྒྱུ་མའི་རྟ་གླང་གང་། །རང་སྣང་བློ་ལ་སྣང་ཙམ་མ་གཏོགས་པར། །དེ་ལས་ལོགས་སུ་ཅུང་ཟད་ཡོད་མིན་ལྟར། །སྲིད་པའི་རྩེ་མོ་ནས་བཟུང་དམྱལ་བའི་བར། །སེམས་ཅན་ཇི་སྙེད་རང་རང་སོ་སོ་ཡི། །རྟོག་པས་བཏགས་པ་ཙམ་ཞིག་མ་གཏོགས་པར། །ཡོད་པའི་དགག་བྱ་ཕྲ་མོ་མ་ཁེགས་ན། །ཇི་ཙམ་དཔྱད་ཀྱང་ཉི་ཚེའི་ལྟ་བ་ལས། །ཅུང་ཟད་འཕགས་པ་མིན་པར་བདག་གིས་འཁུམས། །ཞེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས། ཕྱག་ཆེན་རྒྱལ་བའི་གཞུང་ལམ་དུ། ལྷན་ཅིག་སྐྱེས་སྦྱོར་གྭའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། ཚུལ་བཞིན་མཉམ་པར་བཞག་པའི་ངོར། །ཡོད་མེད་ལ་སོགས་འཁོར་འདས་ཀྱི། །སྤྲོས་པའི་མཐའ་དང་བྲལ་མོད་ཀྱིས། །དེ་ལས་ལངས་ནས་བརྟགས་པའི་ཚེ། །མིང་རྐྱང་བཏགས་ཡོད་ཙམ་ཞིག་གིས། །བྱ་བྱེད་རྟེན་འབྲེལ་བསྙོན་མེད་པར། །རྨི་ལམ་སྨིག་རྒྱུ་ཆུ་ཟླ་དང་། །སྒྱུ་མ་ལྟ་བུར་ངང་གིས་འཆར། །སྣང་བས་སྟོང་པ་མི་སྒྲིབ་ཅིང་། །སྟོང་པས་སྣང་བ་མི་འགོག་པ། །སྟོང་དང་རྟེན་འབྱུང་དོན་གཅིག་པའི། །ལམ་བཟང་དེ་ཚེ་མངོན་དུ་འགྱུར། །ཞེས་དང་། ད་ལྟའི་སྣང་ཚུལ་འདི་ལས་གཞན་པའི་དགག་བྱའི་སྣང་ཚུལ་བདེན་གྲུབ་རྭ་རེང་ངེ་བ་ཞིག་འཛིན་པར་འདོད་པ་ནི། རང་ཅག་སོ་སྐྱེའི་བློ་ལ་སྣང་བ་འདི་སྣང་བ་ལྟར་མ་གྲུབ་ཟེར་མ་ནུས་པས་ནོངས་པར་འདུག་ལ། དེ་ལྟར་ན་རང་རྒྱུད་པའི་མཁས་པ་རྣམས་ཀྱིས་གཟུགས་སོགས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཡོད་པར་བཞག་པ་ལ། དཔལ་ལྡན་ཟླ་བས་དགག་པ་ཇི་ལྟར་མཛད་པའི་ཚུལ་ལེགས་པར་སོམས་ཤིག ཅེས་དང་། ཡང་མང་པོ་ཞིག་གང་ཟག་མི་འགོག གང་ཟག་བདེན་གྲུབ་དགག་པར་གསུངས་སྙམ་དུ་མཉམ་བཞག་ཏུ་གང་ཟག་ལིང་ལིང་པོ་ཞིག་བཞག་ནས། བློས་བྱས་ཀྱི་གང་ཟག་བདེན་གྲུབ་ཞིག་འགོག་པའི་ངལ་བ་བྱེད་པ་ནི་ཆེས་མི་འཐད་དེ། རྟག་མཐར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་ཤིང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་ལྟ་མགུར་ལས། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །སྣང་བ་ལིང་ལིང་འདི་རང་སར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་ཚོལ་བར་འདུག་ཀྱང་། །ཨ་མ་རྒན་མོ་དེ་འབྲོས་དོགས་འདུག་གོ །ཞེས་སྣང་སྟོང་ཟུང་འཇུག་ཉིད་རྩལ་འདོན་དུ་སྒྲུབ་པར་མཛད་པས་མཚོན་སྔ་ཕྱིའི་སྐྱེས་ཆེན་རྣམས་ཀྱི་དགོངས་པའི་གསང་མཛོད་ཡེ་ཤེས་ཀྱི་ཀློང་དུ་གཅིག་པས་གང་ཡང་འགལ་མེད་གནད་གཅིག་པར་ཤེས་པ་གལ་ཆེ་སྟེ། ཀུན་མཁྱེན་པྲཛྙཱ་རསྨིས། གང་ཤར་སེམས་དང་སེམས་ཉིད་རང་ལུས་སོགས། །ཕྱི་ནང་ཀུན་ཏུ་རྣམ་པར་བཙལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། །གནས་སྐབས་ཤིག་ཏུ་ལྟ་བར་འདོད་ན་ཡང་། །བློས་བྱས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡི། །ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་དེ། །སྒྲུབ་བརྒྱུད་ཀུན་གྱི་ལྟ་བའི་གཙོ་བོ་ཡིན། །ཞེས་དང་། སྦྱོར་བའི་དུས་སུ་མཚན་མ་འབྱུང་བའི་གཞི། །དེ་ཉིད་དཔྱད་པའི་རྟེན་དུ་ངེས་བྱས་ནས། །མཐའ་བཞི་རྣམ་གྲོལ་དངོས་གཞིའི་དུས་སུ་ནི། །གསལ་སྟོང་འཛིན་མེད་སྔོན་རབས་མཁས་པའི་ལུགས། །ཞེས་དང་། དཔྱད་དང་འཇོག་པའི་སྒོམ་ཚུལ་ཅི་ཡང་རུང་། །རང་གི་མཚན་ཉིད་རང་བཞིན་འོད་གསལ་བ། །གསལ་དྭངས་ཤར་ལ་སྒོམ་མེད་མ་ཡེངས་པ། །སྒྲུབ་བརྒྱུད་ཀུན་གྱི་སྒོམ་པའི་གཙོ་བོ་ཡིན། །ཞེས་གསུངས། དེས་ན་རྒྱལ་ཡུམ་སྙིང་པོའི་རྣམ་བཤད་ནས་གསུངས་པ་ལྟ་བུའི་ཚུལ་གྱིས་མྱོང་བ་མཚན་ཉིད་བཞི་ལྡན་དུ་ཤར། རྟོགས་པ་ཟབ་མོ་བརྒྱད་ལྡན་དུ་ཐོབ། འཁོར་འདས་ཡུལ་གྱི་འཛིན་པ་ལས་གྲོལ་ནས། གནས་ལུགས་རྣམ་ཐར་གསུམ་ལྡན་གྱི་ཀློང་དུ་གཟུང་འཛིན་གྱི་མཚན་མའི་སྤྲོས་པ་མཐའ་དག་ཞི་བའི་མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས། ཡུམ་ཤེས་རབ་ཕ་རོལ་ཏུ་ཕྱིན་མའམ་ཟུང་འཇུག་རབ་ཏུ་མི་གནས་པའི་སྤྲོས་བྲལ་དབུ་མ་ཆེན་པོའི་དོན་ལ་ཡུན་རིང་དུ་གོམས་པར་བྱས་པས་གནས་སྐབས་གཟུངས་དང་སྤོབས་པ་དང་ཏིང་ངེ་འཛིན་སོགས་ཀྱི་ཡོན་ཏན་གྱི་ཁྱད་པར་རྣམས་གོང་དུ་བསྐྱེད་པ་དང་། རྒྱལ་བའི་དམ་ཆོས་འཛིན་པར་འགྱུར་ཞིང་། མཐར་ཐུག་ཟུང་འཇུག་འཕགས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་སྤྲོས་པ་མཐའ་དག་ཆོས་ཀྱི་དབྱིངས་སུ་ནུབ་ནས། སྒྲིབ་པ་གཉིས་པོ་ཡོངས་སུ་སྤངས་ཤིང་མི་གནས་པའི་མྱང་འདས་ཐོབ་པར་བྱེད་པ་ཡིན་ཏེ། གླང་པོའི་རྩལ་གྱི་མདོ་ལས། ཐམས་ཅད་མཁྱེན་པ་བླ་མེད་པའི། །སངས་རྒྱས་ཡེ་ཤེས་ཐོབ་འདོད་པས། །ཆོས་རྣམས་གང་ཡང་མི་གཟུང་ཞིང་། །ཆོས་རྣམས་གང་ཡང་མི་འདོར་རོ། །ཞེས་དང་། གང་གིས་ཆོས་རྣམས་བསམ་ཡས་པ། །ནམ་མཁའ་འདྲ་བར་མཐོང་བ་དང་། །མ་བཅིངས་པ་དང་མ་གྲོལ་བ། །དེ་ཡི་ཤེས་རབ་བླ་ན་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །ནམ་མཁའ་ཇི་བཞིན་ཆོས་ཀྱི་རང་བཞིན་ཏེ། །འདི་ལྟ་བུ་ཡི་ཚུལ་མཆོག་རྣམ་རིག་ན། །དེ་ཡི་སྤོབས་པ་དག་ཀྱང་མི་ཟད་འགྱུར། །ཞེས་དང་། ལང་ཀར་གཤེགས་པ་ལས། ཡོད་དང་མེད་པ་མཐའ་གཉིས་ཏེ། །ཅི་ཙམ་སེམས་ཀྱི་སྤྱོད་ཡུལ་རྣམས། །སྤྱོད་ཡུལ་དེ་དག་རབ་སྤངས་ནས། །སེམས་མཉམ་རབ་དབེན་ཞི་བར་འགྱུར། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཀྱི་ཆོས་ཉིད་ཇི་ལྟ་བར། །དེ་དག་ཆོས་རྣམས་སྒོམ་མོད་ཀྱི། །དྲན་པ་ཡིད་ལ་བྱེད་པ་མིན། །དེ་ཕྱིར་མཉམ་པར་བཞག་ཅེས་གསུངས། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་མདོ་ལས། རྟོག་དང་རྣམ་པར་རྟོག་པའི་སྤྲོས་པ་དེ། །གཉིས་ཀ་ཡོངས་སུ་སྤངས་ན་ཆོས་འཛིན་ཡིན། །ཞེས་དང་། དབུ་མ་རྩ་བར། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། གཞུང་འདིར་ཡང་། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་སྤོང་ནི། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པའི་སངས་རྒྱས་ཀྱི་ས་ན་གདུལ་བྱའི་དོན་དུ་འབད་རྩོལ་གྱི་སྤྲོས་པ་མི་མངའ་བ་དེས་སེམས་ཅན་གྱི་དོན་ཇི་ལྟར་མཛད་སྙམ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དག་ལ་འབད་རྩོལ་གྱི་རྣམ་རྟོག་མེད་ཀྱང་ཇི་ལྟར་གསོལ་བ་འདེབས་པ་རྣམས་ཀྱི་རེ་བ་ཡོངས་སུ་སྐོང་བ་དེ་བཞིན་དུ་གདུལ་བྱར་རང་རང་གི་སྐལ་བ་དང་འཚམ་པར་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །འདིར་སྨོན་ལམ་གཙོ་བོར་སྟོན་པ་ནི་དེ་བཞིན་གཤེགས་པའི་སྐུ་དང་འཁོར་དང་ཞིང་ལ་སོགས་པ་སྣ་ཚོགས་པ་སྣང་བའི་རྒྱུའི་གཙོ་བོ་ནི་སློབ་ལམ་ན་སྨོན་ལམ་བཏབ་པའི་ལྷན་ཅིག་བྱེད་པའི་རྐྱེན་ལས་སྣང་བའི་དབང་གིས་ཡིན་ཏེ། དོན་དུ་ན་ཁམས་བདེ་གཤེགས་སྙིང་པོའམ་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་དུ་འཇུག་པའི་དེ་བཞིན་ཉིད་དེ་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་སྟོབས་ཀྱིས་དག་པ་མངོན་དུ་གྱུར་པ་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ་སྐུ་དེ་ཉིད་གདུལ་བྱའི་སྐལ་བ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྣང་ཞིང་རྟོག་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བསམ་མི་ཁྱབ་པས་གཞན་དོན་མཛད་པ་ནི་བརྒྱ་བྱིན་གྱིས་གཟུགས་བརྙན་སོགས་ཀྱིས་མཚོན་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་རྒྱུད་བླ་མ་ནས་གསུངས་པའི་དཔེ་ལྷག་མ་རྣམས་ཀྱིས་ཀྱང་མཚོན་ཏེ་ཤེས་པར་བྱའོ། །ཡང་ཕ་རོལ་པོ་དག གནས་སྐབས་དེར་འབད་རྩོལ་གྱི་སྤྲོས་པ་མེད་ན་སྔོན་གྱི་སྨོན་ལམ་གྱིས་དེ་ལྟར་ག་ལ་ནུས་སྙམ་ན། དེ་ཅིའི་ཕྱིར་མི་ནུས་ཏེ་དཔེར་ན་རིགས་སྔགས་གྲུབ་པ་འགའ་ཞིག་གིས་ནམ་མཁའ་ལྡིང་གི་ནི་སྐུ་བརྙན་ལ་སོགས་པའི་མཆོད་སྡོང་ས་རྡོ་སོགས་ལས་བསྒྲུབས་ནས་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་བྱེད་པོ་ཉིད་འདས་པར་གྱུར་པ་ནའང་། དེ་འདས་ནས་ཀྱང་དུས་ཡུན་རིང་ལོན་ཡང་མཆོད་སྡོང་དེ་ཡིས། ཀླུ་ཡི་དུག་ལ་སོགས་པ་ཞི་བར་བྱེད་པ་དེ་བཞིན་དུ་སྔོན་སློབ་ལམ་དུ་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེའི་རྗེས་སུ་མཐུན་པར་རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། སྒྲུབ་མཁན་བྱང་ཆུབ་སེམས་དཔའ་དེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་ཏེ་ད་ལྟ་འབད་རྩོལ་དང་གཟུང་འཛིན་གྱི་སྤྲོས་པ་མེད་ཀྱང་གདུལ་བྱའི་དོན་རྣམས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་མཛད་པ་ཡིན་ནོ། །ཡང་འདི་སྙམ་དུ། གང་ཕན་ཚུན་མཆོད་པ་དང་ལེན་པའི་བསམ་པས་མཆོད་ན་བསོད་ནམས་འབྱུང་ཡང་། སངས་རྒྱས་ལ་རྣམ་པར་རྟོག་པའམ་སེམས་མེད་པ་ཡིན་ན། དེ་ལ་མཆོད་པ་བྱས་པས་ཇི་ལྟར་བསོད་ནམས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་ཞེ་ན། སེམས་མེད་ལ་མཆོད་པའི་འབྲས་བུ་མེད་ན་དེ་བཞིན་གཤེགས་པའི་རིང་བསྲེལ་དང་མཆོད་རྟེན་སོགས་མཆོད་པ་ལ་འབྲས་བུ་མེད་དགོས་ནའང་། གང་གི་ཕྱིར་སངས་རྒྱས་དངོས་སུ་བཞུགས་པའམ་མྱ་ངན་ལས་འདས་པའི་རིང་བསྲེལ་སོགས་མཆོད་པ་གཉིས་བསོད་ནམས་མཚུངས་པ་ཉིད་དུ། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། གང་ཞིག་བཞུགས་ལ་མཆོད་པ་དང་། །མྱ་ངན་འདས་པའི་སྐུ་གདུང་ལ། །སེམས་ནི་མཉམ་པར་དང་བ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གང་ཞིག་བཞུགས་ལ་མཆོད་པ་དང་། །གང་ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །སེམས་ཀྱང་མཚུངས་ལ་འབྲས་བུ་མཚུངས། །ཞེས་སོགས་ལུང་ལས་བཤད་པའི་ཕྱིར་རོ། །དེས་ན་བདག་ཅག་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་པོ་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པའམ་ནི། ཁྱོད་དོན་དམ་པར་རམ་དེ་ཁོ་ན་ཉིད་དུ་འདོད་པའང་རུང་སྟེ་སངས་རྒྱས་དེ་ལ་མཆོད་པའི་འབྲས་བུ་རྒྱ་ཆེན་པོ་ཡོད་པ་ནི་ལུང་ཚད་མ་ལས་ཡིད་ཆེས་པར་བྱ་བ་ཡིན་ཏེ། དཔེར་ན་ཁྱོད་བདེན་པའི་སངས་རྒྱས་མཆོད་པ་ལ་ཇི་ལྟར་འབྲས་བུར་བཅས་པ་ཁས་ལེན་པའང་ལུང་ལས་ཡིན་པ་བཞིན་དུ། ངེད་ཀྱིས་ཀྱང་བདེན་པར་མ་གྲུབ་པའི་སངས་རྒྱས་ལ་མཆོད་པའི་འབྲས་བུའང་མི་བདེན་སྒྱུ་མ་ལྟ་བུར་ཁས་ལེན་པ་ཡིན་ན། ཡུལ་དང་དངོས་པོ་བསམ་པ་རྣམས་བདེན་པར་མེད་ཕན་ཆོད་མཆོད་པའི་འབྲས་བུ་མེད་པར་རྩོད་པ་འདིས་བདག་ཅག་ལ་གནོད་པར་མི་འགྱུར་རོ། །འདིར་སེམས་མེད་ཅེས་པ་ནི་གཟུང་འཛིན་གྱི་རྟོག་པ་མེད་པའི་དོན་ཏེ། འགྲེལ་ཆེན་ལས། ཀུན་རྫོགས་ཀྱི་སེམས་དང་བྲལ་བའི་བཅོམ་ལྡན་འདས་ལ་ཞེས་འབྱུང་བས་སངས་རྒྱས་ལ་ཡེ་ཤེས་མེད་པའི་དོན་དུ་འཁྲུལ་པར་མི་བྱའོ། །གཉིས་པ། རྗོད་བྱེད་ཐེག་ཆེན་ལ་རྩོད་སྤོང་ནི། ཉན་ཐོས་སྡེ་པ་དག་ན་རེ། སྡུག་ཀུན་འགོག་ལམ་གྱི་བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་མངོན་དུ་མཐོང་བ་དེ་ཁོ་ན་གོམས་པས་ལས་ཉོན་ལས་རྣམ་པར་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་གྱི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་ཐེག་པ་ཆེན་པོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ལ་སྐྲག་ཅིང་སྤངས་ནས་དེ་འདྲའི་སྟོང་ཉིད་དེ་མ་རྟོགས་ཀྱང་བདག་མེད་རྟོགས་པ་ཡོད་པར་བརླམས་ནས་བདེན་པ་མ་མཐོང་བའི་གང་ཟག་མངོན་པའི་ང་རྒྱལ་ཅན་དག་གིས་རྩོད་པའོ། །དེ་འདྲའི་རྩོད་པ་ནི་གྱི་ན་སྟེ། སྟོང་ཉིད་རྟོགས་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ན། ལུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལམ་སྟོང་ཉིད་རྟོགས་པའི་ཤེས་རབ་འདི་ནི་མེད་པར་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་བྱང་ཆུབ་གསུམ་གང་ཡང་མེད་པར་གསུངས་ཏེ། བཀའ་གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་འགྱུར་ཏེ། །ཞེས་སོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དག་ཀྱང་ཤེར་ཕྱིན་སྟོང་པ་ཉིད་འདི་ལ་མ་བརྟེན་པར་ཐོབ་པར་མི་ནུས་པས་འདི་ནི་འཕགས་བཞི་བསྐྱེད་པའི་ཡུམ་དུ་གསུངས་པའི་ཕྱིར། རིགས་པ་ནི་ཕྱིས་འཆད་པར་འགྱུར་རོ། །དེ་དག་ན་རེ་ཐེག་ཆེན་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ་ཕྱིས་བདུད་ཀྱི་མཐུ་ལས་རྟོག་གེ་པ་རྣམས་ཀྱིས་བྱས་པའི་ཚིག་ཡིན་པས་བདག་ཅག་ལ་ལུང་ཚད་མར་མ་གྲུབ་བོ་ཞེ་ན། གལ་ཏེ་ཐེག་ཆེན་སངས་རྒྱས་ཀྱི་བཀར་མ་གྲུབ་ན་ཉན་ཐོས་པ་ཁྱོད་ཀྱི་ལུང་རྣམས་ནི་བཀའ་ཡིན་པར་ཇི་ལྟར་གྲུབ་ཅེས་དྲིའོ། །ཁོ་ན་རེ་དེ་ནི་གང་གི་ཕྱིར་ན་ཁྱེད་ཐེག་ཆེན་སྨྲ་བ་དང་ངེད་ཅག་ཉན་ཐོས་པ་གཉིས་ཀ་ལ་ངེད་ཀྱི་ལུང་འདི་རྣམས་ནི་བཀའ་ཡིན་པར་ཚད་མས་གྲུབ་ཟིན་པའི་ཕྱིར་འདི་ལ་རྩོད་པ་མེད་དོ་ཞེ་ན། འོ་ན་དང་པོ་ཁྱོད་ལ་སྐྱེས་མ་ཐག་པ་སོགས་སུ་ཐེག་དམན་གྱི་སྡེ་སྣོད་འདི་རྣམས་ནི་བཀའ་ཡིན་པར་ཚད་མར་མ་གྲུབ་པས་དེའི་ཚེ་གཉིས་ཀ་ལ་གྲུབ་བོ་ཞེས་པའི་གཏན་ཚིགས་དེ་མེད་པས་བཀའ་ཇི་ལྟར་ཡིན། ལུང་དང་སྐྱེས་བུ་ལ་རང་བཞིན་གྱིས་འབྲེལ་བ་མེད་པས་ན་ཁྱོད་ལ་དང་པོ་ནས། འདི་ལུང་ཚད་མར་གྲུབ་པ་ནི་མི་སྲིད་དོ། །ཁོ་ན་རེ་ངེད་ཅག་ལ་དང་པོ་ནས་མ་གྲུབ་ཀྱང་ཡིད་ཆེས་སུ་རུང་བའི་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་ཤིང་། འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག མངོན་པའི་ཆོས་ཉིད་དང་མི་འགལ་བར་ཡང་དག་པའི་ལམ་སྟོན་པའི་ལུང་དུ་རིགས་པས་གྲུབ་པའི་རྐྱེན་གང་གིས་ནི་ཐེག་དམན་དེར་སངས་རྒྱས་ཀྱི་གསུང་དུ་ཡིད་ཆེས་པས་གྲུབ་བོ་ཞེ་ན། དེ་འདྲའི་ཡིད་ཆེས་སུ་རུང་བའི་རྐྱེན་དེ་ནི་ཐེག་ཆེན་ལའང་ཡོད་པར་མཚུངས་པས་ཁྱོད་བློ་དང་ལྡན་ཞིང་གཟུ་བོར་གནས་ན་གྲུབ་ཏུ་ཉེ་བ་ཡིན་པས། འདིའང་འུ་བུ་གཉིས་ཀ་ལ་གྲུབ་པར་རུང་གིས་མི་འགྲུབ་པ་མིན་ནོ། །དེ་ལས་གཞན་དུ་ན། གང་ཟག་གང་ཡང་རུང་བ་གཉིས་ཀྱིས་ཚད་མར་འདོད་པས་སམ་དེའི་ངོར་གྲུབ་ཟིན་ནས་ཁས་བླངས་ཕན་ཆོད་ལུང་དེ་བདེན་པ་ཡིན་ན་ནི། ཕྱི་རོལ་པའི་གཞུང་རིག་བྱེད་སོགས་ཀྱང་བདེན་པར་འགྱུར་ཏེ། དེ་ཁས་ལེན་མཁན་གང་ཟག་གཅིག་ཁོ་ན་མིན་པར་དུ་མས་ལུང་ཡང་དག་ཏུ་འདོད་པའི་ཕྱིར། གལ་ཏེ་ཐེག་དམན་ནི་བཀའ་ཡིན་པར་རྩོད་པ་མེད་ལ། ཐེག་ཆེན་གྱི་སྡེ་སྣོད་རྣམས་ནི་རྩོད་པ་དང་བཅས་པའི་ཕྱིར་བཀའ་མ་ཡིན་ནོ་ཞེ་ན། འོ་ན་སངས་རྒྱས་ཀྱི་ལུང་སྤྱི་ལ་མུ་སྟེགས་པ་རྣམས་ཀྱིས་རྩོད་པ་དང་། ཉན་ཐོས་རྩ་བའི་སྡེ་པ་ལས་གྱེས་པའི་ལུང་གཞན་དག་ལ་ཡང་རང་སྡེ་དང་གཞན་སྡེ་དག་ཕན་ཚུན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་ཐེག་དམན་རང་ཡང་དོར་བྱར་འགྱུར་ཏེ་རྒྱུ་མཚན་མཚུངས་པས་སོ། །གཞན་ཡང་སངས་རྒྱས་བསྟན་པའི་རྩ་བ་སྟེ་བསྟན་པ་གནས་པ་གང་ལ་རག་ལས་པ་ནི་ཡང་དག་པའི་དགེ་སློང་ཉིད་ཡིན་ནའང་དགེ་སློང་ཉིད་ཀྱང་དཀའ་བར་གནས་ཏེ་ཡོད་པར་དཀའོ། །དེ་ལ་དགེ་སློང་ལ་སྒྲས་བརྗོད་ཀྱི་དབྱེ་བ་ལྔ་གསུངས་ཏེ། མིང་གི་དགེ་སློང་དང་། ཁས་འཆེ་བའི་དང་། སློང་བའི་ངང་ཚུལ་ཅན་གྱི་དང་། བསྙེན་པར་རྫོགས་པའི་དང་། ཉོན་མོངས་སྤོང་བའི་དགེ་སློང་རྣམས་ལས་དང་པོ་གསུམ་མིང་ཙམ་སྟེ། ཐ་མ་གཉིས་མཆོག་ཡིན་པས། དེ་གཉིས་བསྟན་རྩ་ཡིན་ལ། དེ་ལས་ཀྱང་དོན་དམ་པའི་དགེ་སློང་མཆོག་ནི་ཉོན་མོངས་སྤངས་པ་ཡིན་ན་དེ་དཀའ་བར་གནས་ཏེ། ཉོན་མོངས་སྤོང་བའི་རྒྱུ་བདེན་པ་མཐོང་མི་སྲིད་དེ་ཆོས་ཀྱི་གནས་ལུགས་སྟོང་པ་ཉིད་དང་མི་ལྡན་པར་འདོད་པས་ནའོ། །གཞན་ཡང་བསྙེན་པར་རྫོགས་པའི་དགེ་སློང་ལའང་། སྡེ་པ་སོ་སོའི་འདོད་པ་ནང་མི་མཐུན་པ་སོགས་རྩོད་བཅས་ཕྱིར་ཞེས་པ་སྔར་བསྟན་པའི་ཤུགས་ལས་སོ། །ཁོ་ན་རེ། ཅིའི་ཕྱིར་ཉོན་མོངས་སྤངས་པའི་དགེ་སློང་མེད་དེ་སྟོང་ཉིད་མེད་ཀྱང་བདེན་བཞི་མཐོང་བ་ཡོད་པས་སོ་སྙམ་ན་དེ་ལ་བདེན་བཞིའི་མི་རྟག་སོགས་ནི་གཙོ་བོ་མ་ཡིན་ལ། ལམ་གྱི་གཙོ་བོ་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བའི་དངོས་གཉེན་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པས་དེ་ཉིད་སྤངས་ནས་སེམས་ནི་དམིགས་པ་དང་བཅས་པ་རྣམས་ཀྱི་མྱ་ངན་ལས་འདས་པའང་ཐོབ་དཀའ་བར་གནས་ཏེ་རྒྱུ་མཚན་བདག་ཏུ་འཛིན་པ་དྲུང་ནས་མ་ཕྱུང་བར་ཉོན་མོངས་སྤོང་བའི་ཐབས་གཞན་མེད་པའི་ཕྱིར། རེ་ཞིག་བསམ་གཏན་ལྟ་བུས་མགོ་མནན་ཀྱང་སླར་སྐྱེ་བར་འགྱུར་བ་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ། །དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པ་ཉིད་ཁོང་དུ་ཆུད་པའི་བདེན་པ་མཐོང་བ་ལས་ཉོན་མོངས་སྤོང་གི་གཞན་དུ་ན་དེ་མི་འཐད་དོ། །དེ་ལ་དེ་དག་ན་རེ་བདག་མེད་པར་མཐོང་དགོས་པར་ཁོ་བོ་འདོད་ཀྱང་དེ་དང་སྟོང་ཉིད་དོན་མི་གཅིག་སྟེ་སྟོང་པ་ཉིད་ནི་གཟུགས་སོགས་དངོས་སུ་ཡོད་པའི་ཆོས་ལ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་འཇིགས་སུ་རུང་བ་ཡིན་ལ། གང་ཟག་གི་བདག་ནི་ཡེ་ནས་མེད་པར་ཤེས་པའི་གནས་ཚུལ་དང་མཐུན་པའི་ལྟ་བ་ཡང་དག་པ་ཡིན་པས་སོ་ཟེར་ན། དེ་གཉིས་ལ་སྟོང་པ་ཉིད་དུ་ཁྱད་པར་གང་ཡང་མེད་དེ། གང་ཟག་གི་བདག་ཕུང་པོ་ལ་བརྟེན་ནས་བརྟགས་པ་ཙམ་འདི་ལ་རང་གི་ངོ་བོས་གྲུབ་པ་མེད་པ་ནི་གང་ཟག་གི་བདག་མེད་ཡིན་ལ་ཡན་ལག་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་ལུས་དང་བུམ་པ་སོགས་ཕུང་པོ་རྣམས་ཀྱང་རང་རང་གི་ངོ་བོས་སྟོང་པ་ནི་ཆོས་ཀྱི་བདག་མེད་པ་སྟེ། དེས་ན་འདི་གཉིས་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ཙམ་སྟེ། ཆོས་བདག་མེད་ནི་ཆོས་སྤྱིི་དང་། གང་ཟག་གི་བདག་མེད་ནི་འཁོར་བའི་རྒྱུའི་གཉེན་པོ་ཡིན་པས་ལོགས་སུ་ཕྱེ་བ་ཙམ་ལས་སྟོང་ཚུལ་ལ་ཁྱད་པར་ཅི་ཡང་མེད་དོ། །དེས་ན་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་སྟོང་པར་ཁོང་དུ་མ་ཆུད་པར། ཕུང་པོ་ཉིད་ནི་ངེས་པར་ཡོད་ཀྱི་ཕུང་པོ་འདི་ལ་དབང་བྱེད་པའམ་བདག་པོར་གྱུར་པའི་བདག་རྟག་གཅིག་རང་དབང་བ་དེ་འདྲ་མེད་པར་ཤེས་ཀྱང་། དེས་ངར་འཛིན་ཕྲ་བ་མི་སྤོང་སྟེ། དེའི་ཕྱིར་བདག་ངོ་བོས་གྲུབ་པ་མེད་པའི་སྟོང་པ་ཉིད་མ་མཐོང་བར་དུ། རྟག་བདག་སྤངས་ཀྱང་རུང་ཇི་སྲིད་རང་རྒྱུད་ཀྱི་ཕུང་པོར་དེར་འཛིན་ཡོད་པ་དེ་སྲིད་དུ་ངར་འཛིན་ལྡོག་པར་མི་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་སོ། །འདི་ལ་གང་ཟག་གི་བདག་རང་མཚན་གྱིས་སྟོང་པ་ཉིད་མ་གཏོགས་རྟག་བདག་སོགས་མེད་པར་བལྟས་ཀྱང་ཇི་སྲིད་ཕུང་པོར་འཛིན་པ་དེས་བདག་འཛིན་ལྡོག་ཏུ་མི་བཏུབ་ཅེས་པའི་དོན་ཡིན་གྱི་གཞན་དུ་བཤད་པ་ཇི་སྙེད་པ་ཀླུ་སྒྲུབ་དང་ཟླ་བའི་དགོངས་པ་ནི་མིན་ཏེ། འཇུག་པ་ལས་ཀྱང་། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤངས་ཤིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ན། །ཀྱེ་མ་གཞན་གྱི་གནམ་པོར་གྱུར་ཉིད་དོ། །ཞེས་གསུངས། དེས་ན་ཕུང་པོ་རགས་པ་ལ་རིལ་པོ་གཅིག་འཛིན་གྱི་བློ་ཡོད་པ་དེ་སྲིད་དུ་ངར་འཛིན་གྱི་རྒྱུན་མི་འཆད་པས། དེ་འདྲ་བའི་འཛིན་པ་ངེས་པར་ལྡོག་དགོས་ཤིང་། འདུ་བྱེད་ཐམས་ཅད་མི་རྟག་པ་དུ་མ་སིལ་བུའི་རྣམ་པར་མངོན་སུམ་དུ་མཐོང་བའི་དགྲ་བཅོམ་པ་རྣམས་ལ་རང་རྒྱུད་ཀྱི་ཕུང་པོར་སྣང་བ་ཡང་ཆར་དང་འབབ་ཆུ་བཞིན་དུ་དུ་མ་ཚོགས་པ་སྐད་ཅིག་ཀྱང་མི་རྟག་པར་གཡོ་ཞིང་འགྱུར་བ་འགུལ་ལ་རྡེག་པའི་རྣམ་པ་ཅན་དུ་གཟིགས་པར་གསུངས་པས། དེ་ལྟར་གཟིགས་པའི་ཚེ་གང་ཟག་ཏུ་གདགས་གཞིའི་ཕུང་པོའང་རིལ་པོ་གཅིག་པུ་དང་རྟག་པ་ནི་དུ་མ་ཚོགས་པ་དང་། སྐད་ཅིག་མའི་རྒྱུན་ལ་བརྟེན་ནས་བཏགས་པ་ཙམ་ལས། ངོ་བོས་མ་གྲུབ་པའི་སྟོང་པའི་རང་བཞིན་ཁོང་དུ་ཆུད་ཅིང་། དེའི་སྟོབས་ཀྱིས་ང་ཞེས་གཅིག་ཏུ་འཛིན་པའང་ནོར་བའི་བློ་ཡིན་པར་ཤེས་ཏེ། ཚོགས་པའང་རྒྱུན་དེ་ཙམ་ལ་བརྟེན་ནས་བཏགས་པ་ཙམ་ལས་རང་གི་རང་བཞིན་གྱིས་གྲུབ་པ་མེད་པའི་ཚུལ་ཤེས་པས་སྟོང་ཉིད་རྟོགས་ཞེས་ཐ་སྙད་བཏགས་པ་སྟེ། དེ་ལྟར་རགས་པའི་ཕུང་པོ་ལ་རིལ་པོ་བ་གཅིག་མེད་པར་དུ་མ་ཚོགས་པ་ལ་བཏགས་པ་ཙམ་དུ་ཤེས་པའི་ཚུལ་ལ་བརྟེན་ནས་གང་ཟག་གི་བདག་ངོ་བོ་ཉིད་ཀྱིས་མ་གྲུབ་པར་རྟོགས་པའི་བདག་མེད་ཕྲ་བ་ཡོངས་སུ་རྫོགས་པ་ཡོད་དེ། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་ནི་བརྟེན་ནས་བཏགས་པ་ཙམ་ལས་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཁོང་དུ་ཆུད་ནུས་པར་རྣམ་བདུན་ཤིང་རྟའི་རིགས་པས་གཏན་ལ་ཕབ་པ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར་རྣམ་བདུན་ཤིང་རྟའི་རིགས་པ་ཁོ་ན་ལ་བརྟེན་ནས་དུ་མ་དང་མི་རྟག་པའི་རང་བཞིན་ཅན་གྱི་ཕུང་པོ་འདི་ལ་ངར་བཏགས་པ་ཙམ་ལས་ང་ངོ་བོས་མེད་པར་ཁོང་དུ་ཆུད་ནུས་པ་ནི་ད་ལྟ་ནས་རང་གི་མྱོང་བས་ཤེས་ནུས་ལ། དེ་ལྟར་རིགས་པས་རྟོགས་ནས་གོམས་པར་བྱས་ན་དེ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པ་ཡང་འབྱུང་རིགས་ཏེ་རྟོགས་བྱ་ཡང་དག་པའི་དོན་ཡིན་པའི་ཕྱིར་མི་རྟག་སོགས་བདེན་པའི་རྣམ་པ་མངོན་སུམ་མཐོང་བ་བཞིན་ནོ། །གལ་ཏེ་ཕུང་པོར་ཡང་བཟུང་རང་གི་རྒྱུད་དུ་ཡང་བཟུང་བ་ཙམ་གྱིས་ངར་འཛིན་པ་སྐྱེ་བ་མིན་ནམ་སྙམ་དུ་ཁ་ཅིག་སེམས་ན་དེ་ལྟར་མ་ཡིན་ཏེ་དུ་མ་ཚོགས་པའི་རང་བཞིན་ཅན་གྱི་ཕུང་པོ་རྣམས་ལ་གཅིག་པུའི་ངོ་བོ་མེད་པ་དང་དེ་མི་རྟག་པའི་རང་བཞིན་དུ་ངེས་པའི་ཚེ། དེ་ཙམ་ལ་བདག་ཏུ་བློས་ཕར་བཏགས་པ་ཙམ་ལས་བདག་དོན་དུ་མེད་པར་རྟོགས་པ་ན་རང་རྒྱུད་ཀྱི་ཕུང་པོ་ཆ་དུ་མ་ཡོད་པ་བཞིན་དུ་ང་མང་པོ་ཡོད་སྙམ་པའི་བློ་ལྷན་སྐྱེས་འབྱུང་མི་སྲིད་ལ། གཅིག་པུའི་ང་ཞེས་འཛིན་པའི་གཞི་ཞིག་ནི་གདགས་གཞི་ཕུང་པོ་འདི་ལ་མེད་ངེས་སུ་མཐོང་བའི་ཚེ། ཇི་ལྟར་ན་རང་རྒྱུད་ཀྱི་ཕུང་པོ་ལ་བདག་ཏུ་འཛིན་ཏེ་ཐག་པ་ཡོད་པར་བཟུང་ཡང་སྦྲུལ་དུ་མི་འཛིན་པ་དང་འདྲ་སྟེ་ཞིབ་པར་བརྒལ་ལན་ཉིན་སྣང་སོགས་ལས་ཤེས་པར་བྱའོ། །སྤྱིར་ཉན་ཐོས་ལའང་གྲུབ་མཐའ་དང་དབང་པོ་རྣོ་རྟུལ་གྱི་ཁྱད་ཀྱིས་རྟོགས་པ་བཟང་ངན་ཡོད་དེ། རྟུལ་པོས་ཕུང་པོ་སྐད་ཅིག་མའི་རང་བཞིན་དུ་མཐོང་བས་ང་དང་ང་ཡི་བའི་འཛིན་པ་ལྡོག་པ་ཙམ་ལས་རང་རྒྱུད་ཀྱི་ཕུང་པོ་ཐམས་ཅད་གཞི་མེད་པར་ཤེས་པའི་སྟོང་ཉིད་མ་རྟོགས་ལ། རྣོན་པོས་རྟེན་འབྲེལ་ཙམ་དུ་ཤེས་ཀྱང་རྨི་ལམ་གྱི་བདེ་སྡུག་ཙམ་ལའང་སྐྲག་ནས་ཞི་བར་མོས་པ་ཡིན་པར་གསུངས་ཏེ། དེ་ལྟ་ནའང་ཐེག་ཆེན་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་གཞི་རྩ་དང་བྲལ་བའི་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་དོན་རྟོགས་པ་ནི་མེད་དེ། དཔེར་ན་རྨི་ལམ་རྨི་ལམ་དུ་མ་ཤེས་པའི་དབང་གིས་འཇིགས་སྐྲག་སྐྱེ་ཡི་རྨི་ལམ་དུ་ཤེས་ཤིང་བདེན་མེད་དུ་རྟོགས་ཟིན་པ་ལ་འཇིགས་སྐྲག་སོགས་འབྱུང་དོན་མེད་པ་བཞིན་སྲིད་ཞིར་མངོན་ཞེན་སྐྱེ་མི་རིགས་ཏེ། མཛོད་འགྲེལ་པདྨ་དཀར་པོར་ཡང་། དངོས་པོ་འདི་དག་བདག་མེད་པའི་སྟོང་པར་མ་རྟོགས་པ་ཡིན་ཏེ། རགས་པ་རྡུལ་ཕྲན་ལ་སོགས་པར་རྟོགས་པས་ཀྱང་བདག་མེད་དེ་རགས་པར་འཛིན་པའི་བློ་ཞིག་པས་སོ། །འོན་ཀྱང་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་ཐབས་ལ་ཞུམ་ཞིང་འཁོར་བའི་ཉེས་པ་བསྐྱེད་པའི་ཕྱིར་རོ། །ཞེས་དང་། བདག་མེད་དུ་རྟོགས་པའི་ཤེས་རབ་བདག་མེད་པ་ཙམ་དུ་མཚུངས་ཀྱང་། ཐབས་དང་ཤེས་རབ་དང་རྣམ་པར་གྲོལ་བ་ལ་མི་མཚུངས་པར་གསུངས་པ་འདིས་ཤེས་པར་ནུས་ལ། དེས་ན་གོང་དུ་རྣོན་པོས་རྟེན་འབྲེལ་ཙམ་དུ་རྟོགས་པར་གསུངས་པའི་དོན་ནི། ཉན་ཐོས་དབང་པོ་རྣོན་པོ་མདོ་སྡེ་པའི་གྲུབ་མཐའ་ལ་ཞུགས་པ་ཁ་ཅིག་རང་སངས་རྒྱས་ལྟར་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཆོས་བདག་མེད་ཕྱོགས་གཅིག་རྟོགས་པའམ་ཡོད་པ་ལ་དགོངས་ཀྱི་ཐེག་ཆེན་ལྟར་བདག་མེད་གཉིས་རྟོགས་སུ་ནམ་ཡང་འཁྲུལ་བར་མི་བྱ་སྟེ། ཞིབ་པར་འོག་ཏུ་འཆད་པར་འགྱུར་ལ། ཉན་རང་གཉིས་ཀྱི་རྟོགས་པའི་ཁྱད་པར་ཡང་། ཉན་ཐོས་ཀྱི་ཆོས་ཀྱི་བདག་མེད་རྟོགས་པའི་གཞི་དེ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ཙམ་ཡིན་ལ། རང་སངས་རྒྱས་ཀྱི་འཛིན་པ་རང་བཞིན་མེད་པར་མ་རྟོགས་ཀྱང་། གཟུང་ཡུལ་ཕྱི་ནང་གིས་བསྡུས་པ་ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ལས་དོན་ལ་མིག་ཡོར་ལྟར་མ་གྲུབ་པར་རྟོགས་པ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་སོགས་གསུངས་པ་ལྟར་ལ། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་ཁྱད་པར་ནི་གསལ་བ་དང་། རྒྱས་པ་དང་། རྫོགས་པ་གསུམ་གྱིས་འཕགས་པར་གསུངས་སོ། །དེས་ན་འདིར་ཆོས་དང་གང་ཟག་གི་བདག་མེད་ལ་ཁྱད་ཆེན་པོ་ཡོད་པར་རློམ་ནས་ཆོས་བདག་མེད་སྟོང་པ་ཉིད་ནི་མི་དགོས་པར་གང་ཟག་གི་བདག་མེད་ཁོ་ནས་གྲོལ་བར་འདོད་པ་རྣམས་ཀྱི་ཞེ་འདོད་ནི་གང་ཡོད་པར་གྱུར་པའི་དངོས་པོ་ནི་སྟོང་པ་མ་ཡིན་ལ། གང་གཏན་ནས་ཡོད་མ་མྱོང་བ་བདག་ནི་རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ་ཞིག་སྟེ། དེ་ཕྱིར་ཆོས་བདག་མེད་པ་འདིས་ཅི་བྱ་སྙམ་དུ་གང་ཟག་གི་བདག་བརྟེན་ནས་བཏགས་པའི་དེ་ཁོ་ན་ཉིད་དུ་མ་ཤེས་པ་རྩོད་པའོ། །ལེགས་པར་བརྟགས་ན་བདག་མེད་གཉིས་ཀའང་བརྟེན་ནས་བཏགས་པའི་སྟོང་པ་ཉིད་ཙམ་དུ་རོ་གཅིག་ཅིང་ཁྱད་པར་ཅི་ཡང་མེད་པ་ལ་དགོངས་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་དམ་སྟོང་ཉིད་རྟོགས་པ་ཡོད་དེ་དེ་མེད་ན་ཉོན་མོངས་ཀྱང་སྤོང་མི་ནུས་པར་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་པའོ། །དེ་ལ་འདིར་ཉན་རང་དགྲ་བཅོམ་པས་གང་ཟག་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས་པ་དེ་ཆོས་བདག་མེད་ཀྱི་བྱེ་བྲག་ཀྱང་ཡིན་སྟོང་ཉིད་ཀྱང་ཡིན་པ་གོ་དགོས་ཀྱི་ཕུང་སོགས་ཤེས་བྱ་མཐའ་དག་སྟོང་པར་རྟོགས་པ་ཡིན་པར་ནི་རྣམ་པ་ཀུན་ཏུ་མི་རུང་བར་འགྱུར་ཏེ། ཤེར་ཕྱིན་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་འགྱུར། །ཞེས་ཐབས་ཤེས་གཉིས་ཀས་དམན་པར་བསྟན་པ་དང་། ལང་ཀར་གཤེགས་པ་ལས། གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང་། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར། ཆོས་བདག་མེད་པ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་ཐོབ་པས་ཉན་ཐོས་པ་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ་ཐེག་པ་གཅིག་ཏུ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་དག་ནམ་ཉེས་པའི་བག་ཆགས་ཐམས་ཅད་སྤངས་ཤིང་ཆོས་ལ་བདག་མེད་པར་རྟོགས་པ་དེས་ནི་དེ་དག་བག་ཆགས་ཀྱི་ཉེས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས་ཟག་པ་མེད་པའི་དབྱིངས་ནས་སླར་སད་དེ། ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཆོས་རྣམས་ཡོངས་སུ་བསྐྱེད་ནས། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པར་འགྱུར་རོ། །ཞེས་དང་། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། སྒྲིབ་པ་གཉིས་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པ་དང་། ཤི་འཕོ་བ་རྣམ་པ་གཉིས་དང་བྲལ་བ་དང་ཉོན་མོངས་པ་གཉིས་སྤངས་པའི་ཕྱིར་བློ་གྲོས་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་པ་ཉིད་དོ། །བློ་གྲོས་ཆེན་པོ་ཆོས་དེ་དག་ནི་ཁོང་དུ་ཆུད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱང་སངས་རྒྱས་པ་ཉིད་ཡིན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཐེག་པ་གཅིག་ཏུ་བཤད་དོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཆོས་ལ་བདག་མེད་མཁས་པ་ཡིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བདེ་བར་གཤེགས་པའི་གནས་ཐོས་སྟེ། །མངོན་སངས་རྒྱས་ཤིང་ཆོས་སྟོན་ཏོ། །ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་དབྱེ་མཐོང་གྱུར་ཅིང་། །ཆོས་ཀྱི་དངོས་པོ་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཞེས་གསུངས་ཤིང་། འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་ཐད་ཀྱི་རང་འགྲེལ་ལས། དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ནི་གཉིས་ཀ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ནའང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ །ཞེས་ཉན་རང་ལ་ཉོན་སྒྲིབ་སྤོང་ཕྱིར་གང་ཟག་གི་བདག་མེད་དང་། བྱང་སེམས་ལ་སྒྲིབ་པ་གཉིས་ཀ་ལས་གྲོལ་བའི་རྣམ་མཁྱེན་ཐོབ་ཕྱིར་བདག་མེད་གཉིས་ཀ་བསྟན་པར་གསུངས་པ་དེས་ཉན་རང་ལ་ཆོས་མཐའ་དག་བདག་མེད་དུ་རྟོགས་པ་མེད་པ་དང་། ཆོས་བདག་མེད་ཡོངས་སུ་རྫོགས་པར་རྟོགས་ན་ཤེས་སྒྲིབ་སྤོང་བར་ཡང་བསྟན་པ་ཡིན་ཞིང་། སྔར་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་བཤད་པ་ཅི་ཞེས་དོགས་པ་བཅད་པ་སྔོན་དུ་འགྲོ་བས། སྐབས་འདིར་རང་བཞེད་དངོས་ལ། ཉན་རང་ལ་བདག་མེད་རྫོགས་པར་བསྒོམ་པ་མེད་ཅེས་གསལ་བོར་གསུངས་པ་དང་། གཞན་ཡང་སྟོང་ཉིད་བཅུ་དྲུག་པོ་ཐེག་ཆེན་ཐུན་མོང་མིན་པར་བཤད་པའི་ཕྱིར་རོ། །དེས་ན་ཉན་རང་གི་ཆོས་བདག་མེད་རྫོགས་པར་མ་རྟོགས་པའི་ཆ་ནས་ཆོས་བདག་མེད་མ་རྟོགས་ཞེས་དམན་ལ་དགག་པའི་སྒྲར་གསུངས་ཏེ། ཉན་རང་གི་ཡེ་ཤེས་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་ཆུང་བར་འོད་སྲུང་གི་ཞུས་པའི་མདོ་ལས་གསུངས་ཤིང་། དྲི་མ་མེད་པའི་མདོ་ལས་ཀྱང་། སྟོང་པ་ཉིད་ལ་མོས་པའི་ཉོན་མོངས་ཅན་ཉིད་བླའི། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་དང་བཅས་པའི་ཉོན་མོངས་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་དག་གིས་འདུས་མ་བྱས་མངོན་སུམ་དུ་བྱས་ནས་དམིགས་པ་དང་བཅས་པ་ཇི་ལྟར་ལགས། བཀའ་སྩལ་པ། དེའི་འདུས་མ་བྱས་ནི་རྒྱ་མཚོ་ལས་སྐྲའི་རྩེ་མོས་བླངས་པ་ལྟར་ཤིན་ཏུ་ཆུང་ངོ་། །ཞེས་གསུངས་པ་སོགས་དང་། ཡང་སྟོང་ཉིད་སྤངས་ནས། ཐར་ལམ་གཞན་དུ་ཡོད་པ་དག་ཅིང་ཞི་སྒོ་གཉིས་སུ་མེད་པར་སྒྲུབ་པའི་སླད་དུ་ཉན་རང་དགྲ་བཅོམ་པས་བདག་བརྟེན་ནས་འབྱུང་བའི་དེ་ཁོ་ན་ཉིད་དུ་ཤེས་པའི་སྟོང་ཉིད་ཉི་ཚེ་བ་ཡོད་པར་གསུངས་པ་འདི་གཉིས་འགལ་མེད་དུ་འཛིན་པ་གལ་ཆེ་སྟེ། གཞན་དུ་རྒྱལ་བའི་ཡུམ་ཉིད་ན་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པ་དང་། བྱང་ཆུབ་གསུམ་པོ་སྟོང་པ་ཉིད་ལ་བརྟེན་ནས་ཐོབ་པར་གསུངས་ཤིང་། དེར་ཡང་གཞི་ཤེས་ལ་སོགས་པ་རྣམ་པ་གསུམ་སོ་སོར་ཕྱེས་ནས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །དེ་ཡང་ཉེ་བ་ཉིད་དུ་བཤད། །ཅེས་མགོན་པོ་བྱམས་པས་གསུངས་ཏེ་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་མ་ཟིན་དང་བདེན་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་སོགས་ཐབས་མཁས་ཡོད་མེད་ཀྱི་དབང་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དམ་མཚན་མ་མེད་པར་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་གཞི་ཤེས་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་བཤད་པ་སོགས་འདི་ཇི་ལྟར་རྟོགས་པར་བྱ། དེས་ན་སྤྱིར་སྟོང་ཉིད་ནི་ཞི་བའི་སྒོ་གཅིག་པུ་ཡིན་པས་བྱང་ཆུབ་གསུམ་པོ་གང་ཡང་རུང་སྟེ་འདི་ལ་བརྟེན་ནས་ཐོབ་དགོས་པས་ཁྱབ་ཀྱང་། ལས་དང་པོ་བ་དག་གིས་སྟོང་ཉིད་ཅེས་པ་ལ་རིལ་པོ་གཅིག་བདེན་དུ་ཞེན་པའི་བློས་རྟོགས་ན་ཐམས་ཅད་ཅིག་ཅར་རྟོགས་མ་རྟོགས་ན་གཅིག་ཀྱང་མི་རྟོགས་སྙམ་པའི་དམ་བཅའ་ལ་བློ་རྩེ་གཅིག་ཏུ་གཏོད་པར་མི་བྱ་སྟེ། དེ་ལྟ་ན་བཀའ་དང་དགོངས་འགྲེལ་ཐམས་ཅད་རྨང་འཁྲུགས་པར་འགྱུར་ཏེ་དངོས་པོ་གཅིག་སྟོང་ཉིད་དུ་མཐོང་ན་དངོས་པོ་ཐམས་ཅད་སྟོང་པའི་སྟོང་ཉིད་དེ་མཐོང་བས་ཁྱབ་ན། ཐེག་པ་ཆེན་པོ་ན་རིགས་པའི་རྣམ་གྲངས་དུ་མས་སྟོང་ཉིད་བཅུ་དྲུག་སོགས་སུ་སྒྲུབ་པ་དང་། གྲངས་མེད་གསུམ་ལ་སོགས་པའི་དཀའ་སྤྱད་དང་། ས་ནས་སར་འཕ ར་བ་ན་ཆོས་དབྱིངས་གློ་བུར་བྲལ་དག་གིས་ཁྱད་པར་དུ་བྱས་པའི་མཐོང་བ་ཇེ་བཟང་དུ་འགྱུར་བ་དང་། གྲུབ་མཐའ་འོག་མ་བས་གོང་མ་འཕགས་པའི་ཁྱད་པར་འཐད་པར་མི་འགྱུར་ཏེ། འདི་ལྟར་ཉན་རང་གིས་སྟོང་པར་མཐོང་བ་དེ་ལས་རྟོགས་པ་བོགས་དབྱུང་དུ་མེད་པའི་ཕྱིར། ཐེག་པ་ཆེན་པོ་ལས་ཆུང་ངུ་དང་གྲུབ་མཐའ་གོང་མ་བས་འོག་མ་ལམ་མྱུར་ཞིང་ཟབ་པར་འགྱུར་རོ། །གནོད་པ་འདི་མ་ངེས་ཏེ་ཐེག་པ་ཆེ་ཆུང་དག་ཐབས་ལ་ལྟོས་ནས་སྤང་བྱ་སྤོང་བ་ལ་ཁྱད་ཡོད་དོ་སྙམ་ན། རྟོགས་བྱ་མ་རྟོགས་པའི་ཆ་ཡོད་པ་དེ་དང་བྲལ་བའི་རྟོགས་བྱ་རྟོགས་པའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་བ་མིན་ན་སྤང་བྱ་ནམ་ཡང་མི་སྤོང་བར་འགྱུར་ཏེ། རྟོགས་པའི་ཡེ་ཤེས་ཡོད་ཀྱང་དེ་ཉིད་ཀྱིས་སྤང་བྱ་སྤོང་མི་ནུས་པའི་ཕྱིར་དཔེར་ན་ཉི་མ་ཤར་ཡང་མུན་པ་མི་སེལ་བར་ཁས་བླངས་པ་བཞིན་ནོ། །དེས་ན་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་ལ་ཐབས་ཁྱད་པར་ཅན་དང་མ་འབྲེལ་བར་བསྐྱེད་མི་ནུས་ལ། དེ་མ་སྐྱེས་ན་སྤང་བྱ་མི་འགག་ཅེས་ཁས་བླང་བར་བྱ་ཡི། རྟོགས་པའི་ཡེ་ཤེས་དང་པོ་ནས་ཡོད་ཀྱང་དེས་སྤང་བྱ་སྤོང་བ་གཞན་ལ་ལྟོས་སོ་ཞེས་ཁས་བླང་བར་མི་བྱ་སྟེ་མཁས་པའི་བཞད་གད་ཀྱི་གནས་སུ་འོས་པའི་ཕྱིར། གཞན་ཡང་། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་ཕར་ཕྱིན་ཊཱིཀ་ཆེན་ལས། མཁས་པ་དུ་མ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་ཡོད་པར་འདོད་ཅིང་ས་བདུན་པ་མ་ཐོབ་བར་ཉན་རང་བློ་ཡི་སྟོབས་ཀྱིས་གནོན་པར་མི་ནུས་སོ། །འོན་ཀྱང་བྱང་སེམས་ཀྱི་མཐོང་ལམ་ཐོབ་པའི་དུས་སུ་ཤེས་སྒྲིབ་གཟུང་རྟོག་བརྒྱ་རྩ་བརྒྱད་སྤངས་པས་ཉན་རང་གིས་ཀྱང་རང་རང་གི་མཐོང་ལམ་ཐོབ་པའི་དུས་སུ་དེ་དག་སྤང་ནུས་པར་ཐལ་ལོ། །དུས་གསུམ་མཉམ་པ་ཉིད་དུ་ཤེས་པས་སྲིད་ཞིའི་མཐའ་ལ་མི་གནས་པར་ཐལ་བར་འགྱུར་བས། སྲིད་དང་ཞི་བར་ལྷུང་བའི་ཕྱིར། །ཞེས་པ་དང་འགལ་ལོ། །འཁོར་འདས་ལ་བླང་དོར་ཐ་དད་དུ་འཛིན་པ་མ་ཡིན་པར་ཡང་ཐལ་ལོ། །ཉན་རང་རྣམས་ཕུང་པོ་ལ་གཤེད་མ་རལ་གྲི་གདེངས་པ་ལྟར་ཤིན་ཏུ་འཇིགས་པར་གསུངས་པའང་མི་འཐད་པ་ཐལ་བར་འགྱུར་ཏེ། ཕུང་པོ་རང་བཞིན་མེད་པར་རྟོགས་པའི་ཕྱིར། ཀླུ་སྒྲུབ་ཀྱིས་ཀྱང་། བྱང་ཆུབ་དམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཞེས་གསུངས་སོ། །འོ་ན་མདོ་སྡེ་ས་བཅུ་པ་ལས། ས་བདུན་པ་ཐོབ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པར་བསྟན་པས། སྔ་རོལ་དུ་བློ་གྲོས་ཀྱིས་ཟིལ་གྱིས་གནོན་མི་ནུས་པར་མངོན་པས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དོ་ཞེ་ན། དཀོན་མཆོག་སྤྲིན་ལས། མོས་པས་སྤྱོད་པའི་སར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པར་འགྱུར་རོ། །ཞེས་གསུངས་པས་སོ་སྐྱེའི་གནས་སྐབས་སུའང་འདའ་བར་བསྟན་ན་འཕགས་པའི་གནས་སྐབས་སུ་ལྟ་ཡང་ཅི་སྨོས། ས་བཅུ་པའི་ལུང་དོན་ནི། ས་བདུན་པའི་སྔ་རོལ་དུའང་བློ་གྲོས་ཀྱི་མཐུས་ཉན་རང་གི་ས་ལས་འདའ་ནུས་མོད། ས་བདུན་པ་ཐོབ་ནས། ཉན་རང་ལས་ཤིན་ཏུ་འདས་ཞེས་པ་ཡིན་པས་ཤིན་ཏུ་ཞེས་པའི་ཚིག་གི་ཟུར་ཁོང་དུ་མ་ཆུད་དོ། །བྱང་སེམས་ཀྱིས་མཐོང་ལམ་ཐོབ་ནས་མཐོང་སྤང་ཤེས་སྒྲིབ་བརྒྱ་རྩ་བརྒྱད་སྤངས་པས། སྔ་རོལ་དུ་བློ་གྲོས་ཀྱི་མཐུས་ཟིལ་གྱིས་གནོན་ནུས་པ་གསལ་བར་བྱས་སོ་གསུངས། འ་ོན་ཆོས་གཅིག་གི་སྟོང་ཉིད་ཆོས་ཀུན་གྱི་སྟོང་ཉིད་དུ་བཤད་པ་མིན་ནམ་གཅིག་སྟོང་ཉིད་དུ་ཤེས་ན་དེས་འགྲེས་སྦྱར་ཏེ་ཀུན་ལ་མཐོང་ནུས་པར་ཡང་སུས་དགག་ནུས་སྙམ་ན། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པའང་ཁོ་བོ་འདོད། ཆོས་གཅིག་དེ་བཞིན་ཉིད་དུ་ངེས་པའི་རིགས་པ་དེ་གཞན་ཀུན་ལ་བློས་སྦྱར་ནས་གོམས་ན་ཆོས་ཀུན་སྟོང་ཉིད་དུ་མཐོང་བར་ཁོ་བོ་འདོད་མོད་དེ། འོན་ཀྱང་གདུལ་བྱའི་གང་ཟག་རྣམས་ལས་དང་དབང་པོའི་བྱེ་བྲག་དང་། བཤེས་གཉེན་དང་ལམ་གྱི་འཇུག་སྒོའི་ཁྱད་པར་ལས་ལམ་མངོན་པར་རྟོགས་པའི་རིམ་པ་ཇི་སྙེད་ཅིག་ཡོད་པ་འདི་སུ་ཞིག་གིས་དགག་པར་ནུས་ཏེ་མི་ནུས་སོ། །དེ་ལྟར་ན་གནས་སྐབས་ཁམས་སྣ་ཚོགས་པ་འདུལ་བའི་ལམ་སྣ་ཚོགས་པ་ཡོད་ཀྱང་། ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་ནི་དེ་བཞིན་ཉིད་གཅིག་ལས་མེད་པས་ན། དེ་རྟོགས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ལམ་ཐམས་ཅད་འབབ་ཅིང་གཞོལ་བས་ན་མཐར་ཐུག་ཐེག་པ་གཅིག་ཡིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་བསྒྲུབས་པ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་སེང་གེའི་སྒྲ་སྟེ་ཚུལ་འདིས་ཇི་སྐད་བཤད་པའི་དོན་དེ་དག་གཏན་ལ་དབབ་པར་བྱའོ། །དེས་ན་ཉན་རང་ལ་ཆོས་བདག་མེད་རྟོགས་པ་མེད་པ་དང་། རྫོགས་པར་རྟོགས་པ་ཡོད་པ་གཉིས་ཀ་ཤིང་རྟ་ཆེན་པོའི་དགོངས་པ་མིན་པར་ནི་ཚུལ་འདི་ལྟར་གཟུང་བར་བྱ་སྟེ། ཀློང་ཆེན་ཆོས་ཀྱི་རྒྱལ་པོའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེགས་པར་བཤད་པའི་ཆ་ཤས་བློའི་དབུལ་བ་སེལ་བའི་ནོར་བུའོ། །དེས་ན་ཆོས་བདག་མེད་རྟོགས་པའི་ཡེ་ཤེས་སྤྱི་ཡིན་ལ། གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ནི་དེའི་བྱེ་བྲག་སྟེ་ཉི་ཚེ་བའོ། །ཆོས་བདག་འཛིན་ནི་རྨོངས་པ་སྤྱིི་དང་། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་སྟེ་ཤིང་དང་པ་ལ་ཤ་བཞིན་ནོ། །གང་ཟག་གི་བདག་ཏུ་འཛིན་པ་ལས་ནི་ཉོན་མོངས་པའི་སྒྲིབ་པ་སྐྱེ་ཞིང་། ཆོས་བདག་ལས་འཁོར་གསུམ་དུ་རྟོག་པ་ཤེས་བྱའི་སྒྲིབ་པ་སྐྱེའོ། །དེས་ན་བདག་མེད་གཉིས་རྟོགས་ཀྱི་བྱང་ཆུབ་སེམས་དཔའི་མཁྱེན་པས་སྒྲིབ་པ་གཉིས་ཀ་སྤོང་ལ། ཉན་རང་གི་ལམ་གྱིས་ཉོན་མོངས་རྐྱང་པ་སྤོང་བར་བྱེད་དེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་གང་ཟག་གི་བདག་མེད་པར་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཞེས་གསུངས། སྤོང་ཚུལ་ཡང་ཐེག་ཆེན་མཐོང་ལམ་དུ་སྒྲིབ་པ་གཉིས་པོ་ཀུན་བཏགས་ཀྱི་ཆ་སྤོང་། དེ་ནས་རིམ་བཞིན་སྒྲིབ་པ་གཉིས་ཀ་མཉམ་པར་སྤངས་ནས་ས་བརྒྱད་པ་ངར་འཛིན་གྱི་རྒྱུ་བ་ལོག་པའི་སྟོབས་ཀྱིས་དག་ས་ལ་ཉོན་མོངས་པ་མེད་ཀྱང་དེ་ཕན་ཆད་ཤེས་སྒྲིབ་འབའ་ཞིག་སྤོང་། ས་བཅུ་པའི་ཐ་མར་གཉིས་སྣང་འཁྲུལ་པའི་བག་ཆགས་ཤིན་ཏུ་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པའི་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་མངོན་པར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ཏེ་ཚུལ་འདིར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཐམས་ཅད་དགོངས་པ་གཅིག་པ་ཡིན་གྱི་བོད་ཀྱི་ཞེ་འདོད་དང་བསྲེ་བར་མི་བྱ་ལ། གནད་འདི་ཤེས་ན་གཞུང་ལུགས་དུ་མའི་འགག་རང་གྲོལ་ཏེ་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་འདྲེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བདེན་བཞི་མཐོང་བས་ཉོན་མོངས་སྤངས་པའི་བུད་ཤིང་ཟད་པའི་མེ་བཞིན་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་སྙམ་པ་ལ། སྟོང་ཉིད་མ་མཐོང་བཞིན་བདེན་པ་མཐོང་བར་མི་སྲིད་པར་བསྒྲུབས་ནས་སྐྱོན་གཞན་ཡང་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོང་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་དང་། ལང་ཀར་གཤེགས་པ་ལས། གཞན་དག་ནི་ཆོས་ཐམས་ཅད་རྐྱེན་ལ་རག་པར་མཐོང་ནས་མྱ་ངན་ལས་འདས་པའི་བློར་གྱུར་ཏེ། ཆོས་བདག་མེད་པར་མཐོང་བ་མེད་པའི་ཕྱིར་བློ་གྲོས་ཆེན་པོ་དེ་དག་ལ་ཐར་པ་མེད་དོ། །བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ནི་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བའི་བློར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ལ་ལྟ་བ་ངན་པ་ལས་བཟློག་པའི་ཕྱིར་བརྩོན་པར་བྱའོ། །ཞེས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་ལམ་གཞན་གྱིས་ཐར་པར་འགྱུར་བ་མེད་པས་ཐེག་པ་གཅིག་ཁོ་ནའོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །ཞེས་སྒོམ་རིམ་དང་པོར་དྲངས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། དཔལ་ལྡན་ཟླ་བས། འདི་དག་སྲིད་པས་སྐྲག་པ་ཡིས། །ཡིད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཚེ་ཟད་པར་ནི་དགར་འགྱུར་ཞིང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་དག་མྱ་ངན་འདས་ཡོད་མིན། །ཞེས་དང་། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་བས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ནས། །དེ་དག་འཇིག་རྟེན་འདྲེན་པར་འགྱུར། །ཞེས་གསུངས་པ་ལྟར་དམན་པའི་མྱང་འདས་གཉིས་པོ་ཐོབ་ཀྱང་ད་དུང་གྲོལ་བ་གཏན་དུ་བ་མ་ཡིན་པས་གདོད་ཐེག་ཆེན་ལ་འཇུག་དགོས་པས་ན་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པའི་ཕྱིར་ཡང་གསུངས་པ། གང་ཟག་གི་བདག་མེད་ཕྲ་བ་མཐོང་བས་ཉོན་མོངས་ཙམ་སྤངས་ཀྱང་དེ་གྲོལ་བ་མཐར་ཐུག་པ་མ་ཡིན་ཏེ། གལ་ཏེ་ཉོན་མོངས་སྤངས་པ་ཁོ་ན་གྲོལ་ན་ཉོན་མོངས་མཐའ་དག་སྤངས་པ་དེའི་དེ་མ་ཐག་ཏུ་གྲོལ་བ་དེར་འགྱུར་རིགས་ཏེ་འཆིང་བ་མེད་པར་འདོད་པས་སོ། །འདོད་ཟེར་ན། ཉོན་མོངས་པ་མེད་ཀྱང་འཕགས་པ་དགྲ་བཅོམ་པ་མོའུ་འགལ་བུ་ལྟ་བུ་དེ་དག་ལ། སྔོན་གྱི་ལས་ཀྱི་ནུས་པ་སྨིན་པར་ད་དུང་མཐོང་བ་ཡིན་པས་གནོད་དོ། །དེ་དག་ན་རེ། སྐྱོན་མེད་དེ་སྔར་གྱི་ལས་ཉོན་གྱིས་འཕངས་པའི་སྐུ་ཚེ་འདི་ལ་ལས་ཀྱི་ནུས་པ་འབྱིན་པར་མཐོང་ཡང་། རེ་ཞིག་ཡང་སྲིད་ཉེ་བར་ལེན་པའི་རྒྱུ་སྲེད་པ་ཡིན་པས་དེ་མེད་ཅིང་དེའི་ཕྱིར་སྲིད་པ་གཞན་དུ་མཚམས་སྦྱོར་བ་ནི་མེད་ཅེས་ངེས་པ་ཉིད་དུ་སྨྲའོ་ཅེ་ན། ཉན་རང་དགྲ་བཅོམ་པ་འདི་ལས་ཉོན་གྱིས་འཕངས་པའི་སྲིད་པ་རྣམས་སུ་མཚམས་མི་སྦྱོར་དུ་ཆུག་མོད། འོན་ཀྱང་ཁྱོད་རང་གི་འདོད་པ་ལྟར་མར་མེ་རྒྱུན་ཆད་པ་བཞིན་དུ་ཞི་བར་འགྱུར་བ་མིན་ཏེ་འདི་ལ་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པ་ཡོད་པའི་ཕྱིར། གང་ཞེ་ན། དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཅན་དེ་མིན་ཡང་། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན་རྨོངས་ཏེ་ཡུལ་དུས་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་ཁྱོད་ཀྱང་འདོད་པ་དེ་བཞིན་དུ་སྲེད་པ་ལའང་ཉོན་མོངས་ཅན་མིན་པ་ཞིག་ཅི་སྟེ་མེད། དེའི་ཕྱིར་རྒྱུ་ཀུན་རྨོངས་མ་ལོག་པས་དེའི་འབྲས་བུའི་ཆ་ཡང་མི་ལྡོག་སྟེ། འདི་ལྟར་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བ་ཡིན་ན། ཚོར་བ་ནི་དགྲ་བཅོམ་པ་དེ་དག་ལའང་ཡོད་པས་སོ་ཞེས་རྒྱུ་ཚོགས་གྲངས་ཚང་གི་གཏན་ཚིགས་ཀྱིས་བསྒྲུབས་ཏེ། མ་རིག་བག་ཆགས་ཀྱི་ས་དང་། དེའི་དབང་གིས་ཟག་མེད་ཀྱིས་ལས་དང་། ཡིད་ཀྱི་ལས་དང་། བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བ་རྣམས་མ་སྤངས་པས་གྲོལ་བ་གཏན་དུ་བ་མིན་ལ་ཕུང་པོ་ཕྲ་བ་རྒྱུན་ཀྱང་མི་འཆད་པས་གདོད་ཐེག་ཆེན་དུ་འཇུག་དགོས་ཏེ། སྤང་བྱ་ཤིན་ཏུ་ཕྲ་བ་མི་སྤོང་བའང་ཆོས་བདག་མེད་རྫོགས་པར་རྟོགས་ཤིང་བསྒོམ་པ་མེད་པ་དེས་ནའོ། །དེ་ལྟར་ཡང་དཔལ་ཕྲེང་སེང་གེ་སྒྲའི་མདོ་ལས། བཅོམ་ལྡན་འདས་དེ་ལྟ་ལགས་པས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ཀྱང་སྐྱེ་བའི་ཆོས་ཀྱི་ལྷག་མ་དང་བཅས་པ་ལགས་ཏེ་ཞེས་དང་། བཅོམ་ལྡན་འདས་འཆི་འཕོ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན་རྒྱུན་ཆད་པའི་འཆི་འཕོ་དང་། ཡོངས་སུ་བསྔོས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལགས་སོ། །བཅོམ་ལྡན་འདས་དེ་ལ་རྒྱུན་ཆད་པའི་འཆི་འཕོ་ནི་ཉིང་མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་ཡོངས་སུ་བསྔོ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དབང་ཐོབ་པ་དང་ཡིད་ཀྱི་ལུས་རྣམས་ལགས་ཏེ་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་ལགས་པས་སོ། །ཞེས་དང་། དེ་ལ་འཆི་འཕོ་བ་དང་པོའི་དབང་དུ་བྱས་ནས་བདག་གི་སྐྱེ་བ་ཟད་དོ་སྙམ་དུ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ཤེས་པ་འབྱུང་བ་ཞེས་སོགས་དང་མ་རིག་པའི་གནས་ཀྱི་ས་ནི་སྟོབས་ཆེ་སྟེ། དེ་ཉན་རང་གི་ཤེས་པས་མི་བརྫི་ལ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཞེས་དང་། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་འབྱུང་བ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་སའི་རྐྱེན་གྱིས་ཟག་པ་མ་མཆིས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱི་ཡིད་ཀྱི་ལས་གསུམ་འབྱུང་སྟེ། ཞེས་སོགས་དང་། བཅོམ་ལྡན་འདས་བཟང་ངན་རབ་ཏུ་འབྱེད་པའི་ཆོས་ཅན་དག་ནི་མྱ་ངན་ལས་འདས་པ་ཐོབ་པ་མ་ལགས་ཀྱི་བཅོམ་ལྡན་འདས་ཡེ་ཤེས་མཉམ་པ་དག་གིས་མྱ་ངན་ལས་འདས་པ་ཐོབ་པ་ལགས་སོ། །ཞེས་སོགས་དང་། གཞན་ཡང་གྲོལ་བ་དང་ཡེ་ཤེས་མཉམ་པ་གཅིག་པུ་མྱང་འདས་ཡིན་ལ་དེ་ལྟ་བུའི་སྤངས་རྟོགས་མཐར་ཕྱིན་ཉན་རང་ལ་མེད་པས་མཐར་ཐུག་གི་གྲོལ་བ་མིན་པ་དང་། སྟོབས་དང་མི་འཇིགས་པ་སོགས་ལ་སྒྲིབ་པའི་ཉེ་བའི་ཉོན་མོངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་མ་རིག་བག་ཆགས་ཀྱི་ས་ལས་བྱུང་བ་ཡིན་པས་དེ་སྤངས་ན་ཐམས་ཅད་མཁྱེན་པའི་སེང་གེའི་སྒྲ་སྒྲོགས་པར་གསུངས་ཤིང་། མཐར་ཐུག་ཐེག་གཅིག་ཆོས་ཀྱི་སྐུར་གྲོལ་བ་རིགས་གཅིག་ལས་མེད་པ་དང་། འཕགས་པའི་བདེན་དོན་ཟབ་མོ་བདེ་གཤེགས་སྙིང་པོ་རྟོགས་པ་ལས་མཐར་ཐུག་གི་གྲོལ་བ་འབྱུང་ཡང་དེ་ཉན་རང་གི་སྤྱོད་ཡུལ་མིན་ཞིང་། སྡུག་བསྔལ་འགོག་པའི་བདེན་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་ཉན་རང་གི་ཤེས་པའི་སྤྱོད་ཡུལ་མིན་པ་དམུས་ལོང་གིས་ཉི་མ་བལྟ་མི་ནུས་པའི་དཔེས་གསུངས་པ་བཞིན་ཏེ། རྒྱུད་བླ་མར། སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་དང་། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་སོ། །སྐབས་འདིར་བོད་སྔ་ཕྱིའི་བཞེད་པ་འདྲ་མིན་དང་དགག་སྒྲུབ་རྣམ་བཞག་མང་ཡང་རེ་ཞིག་བཞག་ལ་ཤེས་པར་འདོད་ན་ཤེར་ཊཱིཀ་ཆེན་མོ་ཡན་ལག་དང་བཅས་པ་ལས་ཤེས་པར་བྱའོ། །འོ་ན་སངས་རྒྱས་ལའང་སེང་ལྡེང་གི་ཚལ་པ་ཟུག་པ་སོགས་ལས་ཀྱི་ནུས་པ་མ་མཐོང་ངམ་ཞེ་ན་དེ་ནི་ཚུར་མཐོང་བའི་བྱིས་པ་རྣམས་ཀྱི་ངོར་དགོས་པའི་དབང་གིས་བསྟན་པ་ཙམ་དུ་ཟད་དེ་ཀུན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ་ཅིང་སྤྲུལ་པའི་གཟུགས་བརྙན་སྒྱུ་མ་ལྟ་བུ་ལ་ལས་དངོས་སུ་སྨིན་པ་དང་དུཿཁའི་ཚོར་བ་ག་ལ་ཡོད་དེ། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་སྐུ་ནི་སྡུག་བདེན་གྱི་ལྷག་མར་ཁྱོད་འདོད་ཅིང་སེམས་མ་འགགས་ལ་སྤྲོས་པ་མཐའ་དག་འགོག་པའི་རྒྱུ་མེད་པ་བཤད་མ་ཐག་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ན་རེ། ལུས་ཞིག་ཚོར་བ་གསིལ་བར་འགྱུར། །འདུ་ཤེས་ཟད་ཅིང་འདུ་བྱེད་འགགས། །རྣམ་པར་ཤེས་པ་ནུབ་གྱུར་པ། །དེ་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་པ་བཞིན་དུ་གང་དགྲ་བཅོམ་པ་དེ་དག་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེ་ཕུང་ལྔ་རྒྱུན་ཆད་ཅིང་ཞི་བར་ཅི་སྟེ་མི་འགྱུར་ཏེ་སླར་ཡང་སྐྱེ་བའི་རྒྱུ་མ་ཚང་བས་སྣུམ་ཟད་པའི་མར་མེ་བཞིན་ནོ་སྙམ་ན། དེ་དག་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པས་སྲིད་པར་མི་སྐྱེ་ཡང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་རྫོགས་པར་མ་རྟོགས་པས་དམིགས་པ་དང་ནི་བཅས་པའི་སེམས་དེ་ནི་འཁོར་འདས་སྤང་གཉེན་དུ་འཛིན་པ་ལྟ་བུ་སོགས་ཀྱི་ཕྱོགས་སམ་སྤྲོས་པ་འགའ་ཞིག་ལ་ནི་གནས་པར་འགྱུར་གྱི་དམིགས་པ་མེད་པར་རབ་ཏུ་ཞི་བ་ནི་མ་ཡིན་ནོ། །དེའི་ཕྱིར་མཐའ་ཐམས་ཅད་སྤངས་པའི་སྟོང་པ་ཉིད་དང་བྲལ་བའི་སེམས་ཡོད་མེད་སོགས་སུ་ཞེན་པའི་སྤྲོས་པ་ཅན་དེ་ནི་རེ་ཞིག་འགོག་པའི་དབྱིངས་སུ་འགགས་པར་གྱུར་པ་དག་སླར་ཡང་སྐྱེ་བར་འགྱུར་ཏེ། ཡིད་ལུས་འཕེན་པའི་རྒྱུ་ཟག་མེད་ཀྱི་ལས་དང་མ་རིག་བག་ཆགས་ཀྱི་ས་རྒྱུད་ལ་ལྡན་པའི་ཕྱིར་ཏེ། དེའི་གཉེན་པོ་སྤྲོས་པ་མཐའ་དག་འགག་པའི་སྟོང་ཉིད་མ་ཐོབ་པའི་ཕྱིར། དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་གམ་དེའི་འབྲས་བུ་འདུ་ཤེས་མེད་པའི་ལྷར་སྐྱེས་པ་བཞིན་ནོ། །དེ་ལྟར་ཡང་མྱང་འདས་ཆེན་པོའི་མདོ་ལས། དགྲ་བཅོམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་ནས་འགོག་པར་ཞུགས་ཏེ། བསྐལ་པ་སྟོང་ཕྲག་བཅུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། །ཞེས་དང་། དམ་ཆོས་པད་དཀར་སོགས་ཀྱི་ལུང་སྔར་དྲངས་པ་བཞིན་ནོ། །རྒྱུ་མཚན་དེས་ན་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་བསྒོམ་པར་བྱ་སྟེ་དེ་སྤངས་ན་གནས་སྐབས་དང་མཐར་ཐུག་གི་མྱང་འདས་གང་ཡང་མི་འཐོབ་བོ། །གཞན་ཡང་ངག་གང་ཞིག་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བ་ལ་སྣང་། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པ་དང་མི་འགལ་བ་དེ་ནི་གལ་ཏེ་སངས་རྒྱས་ཀྱི་གསུང་དུ་འདོད་ན་ཡང་དམན་པའི་སྡེ་སྣོད་གསུམ་དང་མི་མཐུན་པས་ཐེག་ཆེན་བཀའ་མིན་ནོ་ཞེ་ན། དགོངས་འགྲེལ་སོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེར་ལས་ཀྱང་བསླབ་པ་གསུམ་པོ་དེ་སྟོན་པས་ན་དེ་དག་ཁྱེད་ཅག་གི་མདོ་དང་མཚུངས་པར་འདོད་པ་མིན་ནམ་ཅི་སྟེ་འདོད་པར་རིགས་སོ། །གལ་ཏེ་གཟུགས་སོགས་མེད་པར་བསྟན་པ་སོགས་དམན་པའི་སྡེ་སྣོད་དུ་མ་གཏོགས་པའི་ཐེག་ཆེན་ཐུན་མིན་གྱི་བརྗོད་བྱ་སྟོན་པའི་ཡུམ་ལྟ་བུ་གཅིག་གིས་ནི་ཐེག་ཆེན་གྱི་མདོ་ཐམས་ཅད་སངས་རྒྱས་ཀྱི་བཀའ་མ་ཡིན་པའི་སྐྱོན་དང་བཅས་པར་འགྱུར་ན། དགོངས་འགྲེལ་སོགས་ཐེག་དམན་གྱི་མདོ་དང་བཀའི་མཚན་ཉིད་ཚང་བར་མཚུངས་པ་གཅིག་གིས་ཀྱང་ཐེག་ཆེན་གྱི་མདོ་ཐམས་ཅད་ནི། རྒྱལ་བས་གསུངས་པ་ཅིས་མ་ཡིན་ཏེ། དེ་གཉིས་རྒྱུ་མཚན་མཚུངས་པས་སོ། །དེས་ན་ཕྱོགས་རེ་བའི་དབང་དུ་བྱས་ཏེ་ཐེག་དམན་གྱི་སྡེ་སྣོད་ཁ་ོན་དང་འདྲ་དགོས་པ་མིན་ཏེ། བརྗོད་བྱ་བསླབ་པ་གསུམ་དང་མི་འགལ་བ་ལ་དགོངས་ནས་དེ་སྐད་དུ་བཤད་ན། དེ་ནི་ཐེག་ཆེན་ལའང་ཐེག་དམན་ལས་གོང་འཕེལ་གྱི་ཚུལ་དུ་ཡོད་དེ། མདོ་སྡེ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང་། །རང་གི་འདུལ་ལའང་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་པ་བཞིན་ནོ། །ཡུམ་རྒྱས་པ་སོགས་བཀའ་ཡིན་ན་འོད་སྲུང་ཆེན་པོ་སོགས་ཀྱིས་བརྗོད་བྱ་དེ་རྟོགས་རིགས་ཤིང་། དེ་ལས་བླ་མ་བརྒྱུད་པ་བར་མ་ཆད་པ་ལས་བཟུང་བར་རིགས་ནའང་། དེ་མིན་པའི་ཕྱིར་བཀའ་མིན་ནོ་ཞ ེ་ན། ཐེག་ཆེན་གྱི་ངག་གང་ཞིག་འོད་སྲུང་ཆེན་པོ་ལ་སོགས་པས་ཀྱང་གཏིང་དཔོག་པར་མ་གྱུར་པའི་ཟབ་པ་དེ་ནི་ཁྱོད་ཉིད་ཀྱིས་མ་རྟོགས་པས་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སྤོང་བའི་རྒྱུ་མཚན་དེས་གཟུང་བྱ་མིན་པར་སུ་ཞིག་གིས་བྱེད་དེ། ཐེག་ཆེན་ཉིད་ཟབ་པའི་རྟོགས་དཀའ་བའི་ཡོན་ཏན་དུ་ཤེས་ཏེ། མདོ་རྒྱན་ལས། བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་གསུངས། ཡང་ན་འོད་སྲུང་ལ་སོགས་པས་ཐེག་ཆེན་གྱི་མདོའི་དོན་གཏིང་མ་དཔོག་པ་ཁྱོད་ཀྱིས་མ་རྟོགས་ཏེ་མ་གྲུབ་པས་དེ་རྒྱུ་མཚན་དུ་བྱས་ནས་ཐེག་ཆེན་གཟུང་བྱ་མིན་པར་སུ་ཞིག་གིས་བྱེད་དེ་རྒྱུ་མཚན་མ་གྲུབ་པས་རྒྱུ་མཚན་ཅན་དེ་མི་འགྲུབ་ཅེའོ། །ཤོ་ལོ་ཀ་འདི་གསུམ་སྐབས་འཆོལ་བས་གཞུང་གི་ཚིག་མིན་ཏེ་གཞན་གྱིས་བསྣན་པའོ། །ཞེས་འགྲེལ་པར་བཤད་མོད། གང་ལྟར་ཡང་རུང་ཚིག་གི་དོན་ནི་དེ་ལྟར་རོ། །ཡང་དེ་དག་ན་རེ། གལ་ཏེ་སྟོང་པ་ཉིད་མཐོང་ན་འཁོར་བར་གནས་པར་མི་འགྱུར་ཞིང་ལམ་དང་འབྲས་བུ་ལ་མི་བརྩོན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དོན་དམ་པར་སྡུག་བསྔལ་མི་སྲིད་ཀྱང་། རང་སེམས་རྨོངས་པ་ཡི་དབང་གིས་སྡུག་བསྔལ་བ་ཅན་སེམས་ཅན་གཞན་གྱི་དོན་དུ་སྒྱུ་མ་ལྟ་བུར་མཐོང་བའི་བློས་སྲིད་པ་ལ་ཆགས་པ་དང་། དེ་ལ་སྐྲག་ཅིང་འཇིགས་པའི་དབང་གིས་ཞི་མཐར་ཞེན་པའི་མཐའ་གཉིས་ཀ་ལས་གྲོལ་བ་ཡིན་ཏེ། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པར་འདམ་གྱི་པདྨ་བཞིན་དུ་འཁོར་བར་གནས་ཏེ་གཞན་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་བ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་ཡིན་གྱི། གཞན་དུ་སྲིད་ཞི་མཉམ་ཉིད་མ་རྟོགས་ན་སྲིད་ལ་སྐྱོན་དང་ཞི་ལ་ཡོན་ཏན་གྱི་བློས་ཞི་བ་ཕྱོགས་གཅིག་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་ཕྱོགས་ལ་སུན་འབྱིན་བརྗོད་པ་འདི་དག་ནི་འཐད་པ་མ་ཡིན་ཏེ་ཐེག་གསུམ་གྱི་བྱང་ཆུབ་འདི་ལ་རག་ལས་པའི་ཕྱིར་རོ། །དེས་ན་ཐེ་ཚོམ་ཙམ་ཡང་མི་ཟ་བར་གནས་ལུགས་ཟབ་མོ་སྟོང་པ་ཉིད་ནི་འབད་པས་བསྒོམ་པར་བྱའོ། །ཐར་པ་དང་ཐམས་ཅད་མཁྱེན་པ་ལ་གེགས་སུ་གྱུར་པའི་ཆགས་སོགས་ཉོན་མོངས་པ་དང་འཁོར་གསུམ་དུ་རྟོག་པ་ཤེས་བྱའི་སྒྲིབ་པ་ཡི་མུན་པའི་གཉེན་པོ་ནི་སྟོང་པ་ཉིད་ཀྱི་སྒྲོན་མེ་ལས་གཞན་དུ་མེད་ན་མྱུར་དུ་སྒྲིབ་གཉིས་དང་བྲལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་ཟབ་མོ་སྟོང་པ་ཉིད་དེ་ནི་ཇི་ལྟར་དུ་སྒོམ་པར་མི་བྱེད། དངོས་པོ་གང་ཞིག་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལ་ནི་སྐྲག་པ་སྐྱེ་བར་འགྱུར་རིགས་ན་ཡང་། སྟོང་ཉིད་ནི་སྡུག་བསྔལ་ཐམས་ཅད་རྩད་ནས་ཞི་བར་བྱེད་པ་ཡིན་པས་དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་དགའ་བའི་གནས་ལ་སྐྲག་པར་མི་རིགས་སོ། །གཞན་ཡང་གལ་ཏེ་འཇིགས་པ་པོ་བདག་འགའ་ཡོད་པར་གྱུར་ན་ནི་ཡུལ་ཅི་ཡང་རུང་བ་ལ་འཇིགས་པ་སྐྱེ་བར་འགྱུར་ནའང་། འཇིགས་པ་པོའམ་འཇིགས་མཁན་གྱི་བདག་དེ་ཉིད་བཙལ་ན་འགའ་ཡང་ཡོད་པ་མིན་པས་འཇིགས་པར་འགྱུར་བ་པོ་དེ་སུ་ཞིག་ཡིན། དེས་ན་སྟོང་པ་ཉིད་ལ་ཞུམ་པ་སྤངས་ཏེ་མྱུར་དུ་སྒོམ་པར་གྱིས་ཤིག ཅེས་མཚམས་སྦྱར་ནས། གཉིས་པ་ལམ་བདག་མེད་དུ་རིགས་པས་གཏན་ལ་དབབ་པ་ལ། དངོས་དང་། སྟོང་ཉིད་རྟོགས་པའི་བྱེད་ལས་གཉིས། དང་པོ་ལ། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཉིས། དང་པོ་ལ་ལྷན་སྐྱེས་ཀྱི་བདག་དགག ཀུན་བརྟགས་ཀྱི་བདག་དགག དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བའོ། །དང་པོ་ལྷན་སྐྱེས་ཀྱི་བདག་དགག་པ་ནི། བདག་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདི་ལ་བརྟེན་ནས་ངའོ་སྙམ་དུ་མ་བརྟགས་མ་དཔྱད་པར་འཛིན་པའི་འཇིག་ལྟ་འདིའི་ཡུལ་དུ་གྱུར་པའི་བདག་དེ་ཡོད་ན་ནི་ཕུང་པོ་ལྔ་པོ་འདི་ལ་ཡོད་དགོས་ཀྱི་འདི་ལས་གཞན་ཞིག་ཏུ་བདག་ཡོད་པར་མི་འདོད་པས་འདི་ལྟར་བདག་དེ་ཇི་ལྟར་གྲུབ་པའི་ཚུལ་ཤེས་རབ་ཀྱིས་དཔྱད་ན། རང་གི་ལུས་ཀྱི་སོ་དང་སྐྲ་དང་སེན་མོ་རྣམས་ནི་བདག་མ་ཡིན་ལ། དེ་བཞིན་དུ་བདག་ནི་རུས་པ་དང་ཁྲག་ཀྱང་མ་ཡིན་སྣབས་མིན་ལ་བད་ཀན་ཡང་མ་ཡིན་ཏེ། ཆུ་སེར་དང་ནི་རྣག་ཀྱང་བདག་མིན་ཞིང་བདག་ནི་ལུས་ཕྱི་ནང་གི་ཞག་དང་ལུས་ཀྱི་རྔུལ་བ་ཡང་མིན་ཏེ་གློ་བ་དང་མཆིན་པ་དག་ཀྱང་བདག་མ་ཡིན། སྙིང་དང་རྒྱུ་མ་སོགས་ནང་ཁྲོལ་གཞན་ཡང་བདག་མིན་ཏེ། བདག་ནི་ཕྱི་ས་སྟེ་དྲི་ཆེན་དང་གཅིན་སོགས་ཀྱང་མ་ཡིན་ལ། ཤ་དང་པགས་པ་ཡང་བདག་མིན་ཏེ་གཞན་ཡང་ལུས་ཀྱི་དྲོད་དང་དབུགས་འབྱིན་རྔུབ་སོགས་ལུས་ཕྱི་ནང་གི་རླུང་ཡང་བདག་མ་ཡིན། རྣ་བ་སྣ་སོགས་ཀྱི་བུ་ག་རྣམས་ཀྱང་བདག་མིན་ཏེ། དེ་དག་རྣམས་ནི་ཆ་དུ་མ་སིལ་བུ་བ་རྡུལ་ཕྲན་མང་པོ་ལས་བྱུང་བ་མི་རྟག་པ་ཡིན་པས། དེའི་ཚོགས་པའམ་ཡ་གྱལ་གང་ཡང་བདག་མིན་ནོ། །དེ་བཞིན་དུ་རྣམ་པ་ཀུན་ཏུ་མིག་རྣ་སྣ་ལྕེ་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ཀྱང་བདག་མ་ཡིན་ཏེ་དུ་མ་དང་མི་རྟག་པའི་ཕྱིར་རོ། །དེས་ན་སོ་ནས་པགས་པའི་བར་གྱི་ས་ཆུའི་ཁམས་གཉིས་དང་། དྲོད་མེ་ཁམས། དབུགས་རླུང་ཁམས། བུ་ག་ནམ་མཁའི་ཁམས། སེམས་ཅན་རྣམ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་པོ་འདུས་པ་ལ་གང་ཟག་ཅེས་བཏགས་ཤིང་ཞེན་པར་གྱུར་གྱི། ཞེས་རྫས་སུ་ཡོད་པ་མིན་ཏེ་དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་བཞིན་ཕྱིན་ཅི་ལོག་ཏུ་ཞེན་ཞིང་འཁྲུལ་པ་འབའ་ཞིག་གོ །དེའི་ཕྱིར་འོལ་སྤྱི་ཙམ་དུ་མ་སོང་བར་དེ་ལྟར་ཡང་ནས་ཡང་དུ་བརྟགས་ཤིང་དཔྱད་པས། ཇི་ཞིག་ན་ཐག་པ་དངོས་སུ་མཐོང་བས་སྦྲུལ་འཛིན་གྱི་བློ་ཞི་བ་བཞིན་དུ་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་བཟུང་བའི་བདག་ནི་བཏགས་པ་ཙམ་ལས་ངེས་པར་མེད་དོ་ཞེས་ཐེ་ཚོམ་གྱི་དཔྱང་ཐག་ཆོད་པའི་ཉམས་མྱོང་ཁོང་ནས་ཤར་བ་ཞིག་བྱུང་ན། དེ་གའི་རྒྱུན་ཡུན་རིང་དུ་གོམས་པས་བདག་མེད་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉིས་པ་ཀུན་བརྟགས་ཀྱི་བདག་དགག་པ་ལ་གཉིས། བདག་ཤེས་པར་འདོད་པ་དགག་པ། བདག་བེམ་པོར་འདོད་པ་དགག་པའོ། །དང་པོ་བདག་ཤེས་པར་འདོད་པ་དགག་པ་ནི། དེ་ཡང་སྟོན་པ་དྲང་སྲོང་སེར་སྐྱའི་རྗེས་འབྲང་ཤེས་བྱ་རྣམས་རྣམ་གྲངས་ཉེར་ལྔར་གྲངས་ངེས་པར་འདོད་པ་མུ་སྟེགས་གྲངས་ཅན་པ་རྣམས་ན་རེ། ཤེས་བྱ་ཐམས་ཅད་དེ་ཉིད་ཉི་ཤུ་རྩ་ལྔར་གནས་ཏེ། དེ་ལ་བདག་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ཀུན་ཟ་བ་པོ་ཡིན་པ། ལས་བྱེད་པ་པོ་མིན་པ། རྟག་པའི་དངོས་པོ། བདེ་སོགས་ཡོན་ཏན་གསུམ་དང་བྲལ་བ། བརྐྱང་བསྐུམ་ལ་སོགས་པའི་བྱ་བ་མེད་པ་ཞིག་ཏུ་འདོད། དེའི་སྤྱོད་ཡུལ་ཐམས་ཅད་ནི་གཙོ་བོ་ལས་བྱུང་སྟེ། རྡུལ་སྡུག་བསྔལ་དང་། སྙིང་སྟོབས་བདེ་བ་དང་། མུན་པ་བཏང་སྙོམས་ཀྱི་ཡོན་ཏན་རྣམ་པ་གསུམ་ཆ་མཉམ་པ་ན་གཙོ་བོ་ཞེས་བརྗོད་དེ་རྣམ་འགྱུར་ཉེར་གསུམ་འབྱུང་བའི་རྒྱུ་སྟེ་བུམ་པའི་རྒྱུ་འཇིམ་པ་ལྟ་བུའོ། །དེ་ལས་བློའམ་ཆེན་པོ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་དེར་ཕྱི་ནས་དེ་ཙམ་ལྔ་དང་ནང་ནས་སྐྱེས་བུ་གཉིས་ཀ་སྣང་སྟེ་དེ་གཉིས་འདྲེས་པ་ལྟ་བུར་མཚམས་སྦྱོར་བར་བྱེད་དོ། །ཡུལ་ལ་ལོངས་སྤྱོད་པ་དེའི་དབང་ལས་ང་རྒྱལ་འབྱུང་སྟེ། དེའང་རྣམ་པར་འགྱུར་བ་ཅན། སྙིང་སྟོབས་ཅན། མུན་པ་ཅན་གྱི་ང་རྒྱལ་ཏེ་ཡོན་ཏན་གསུམ་གྱིས་དབང་གིས་སོ། །དེ་དག་གི་ནང་ནས་ང་རྒྱལ་དང་པོ་རྣམ་པར་འགྱུར་བ་ཅན་ལས་སྒྲ་དང་རེག་དང་གཟུགས་དང་རོ་དང་དྲི་སྟེ་དེ་ཙམ་ལྔ་འབྱུང་ཞིང་། དེ་དག་ལས་ཀྱང་། སྒྲ་ལས་ནམ་མཁའ། རེག་ལས་རླུང་། གཟུགས་ལས་མེ། རོ་ལས་ཆུ། དྲི་ལས་ས་སྟེ་འབྱུང་བ་ལྔ་འབྱུང་ངོ་། །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས། མིག རྣ་བ། སྣ། ལྕེ། པགས་པའམ་ལུས་ཀྱི་དབང་པོ་སྟེ་བློའི་དབང་པོ་ལྔ་དང་། ཁ། རྐང་པ། ལག་པ། རྐུབ། མདོམས་ཏེ་རིམ་པར་སྨྲ་བ་དང་། འགྲོ་བ་དང་། སྟེར་བ་དང་། བཤང་བ་དང་། འཁྲིག་པ་རྣམས་ལ་དབང་བྱེད་པས་ལས་ཀྱི་དབང་པོ་ལྔ་དང་། ཐུན་མོང་དུ་ཐམས་ཅད་ལ་ཁྱབ་པ་ཡིད་ཀྱི་དབང་པོ་དང་བཅས་བཅུ་གཅིག་འབྱུང་། མུན་པ་ཅན་གྱིས་དེ་གཉིས་ཀྱི་གྲོགས་བྱེད་པ་ལས་གཞན་མི་བསྐྱེད་དོ། །དེ་ལ་གཙོ་བོ་ནི་རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པའི་ཕྱིར་རང་བཞིན་ཁོ་ན་ཡིན་པའི་མུ། ཆེན་པོ། ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་ནི་འབྲས་བུའང་ཡིན་ལ་རྒྱུ་ཡང་ཡིན་པའི་ཕྱིར་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པའི་མུ། དབང་པོ་བཅུ་གཅིག་སོགས་ལྷག་མ་བཅུ་དྲུག་ནི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའི་ཕྱིར་རྣམ་འགྱུར་ཁོ་ན་ཡིན་པའི་མུ། སྐྱེས་བུ་ནི་རྒྱུ་འབྲས་གཉིས་ཀ་མ་ཡིན་པས་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པའི་མུ་སྟེ་མུ་བཞིའོ། །རྩ་བའི་རང་བཞིན་དང་སྤྱི་དང་གཙོ་བོ་རྣམས་དོན་གཅིགབློ་དང་ཆེན་པོ་གཉིས་དོན་གཅིག བདག་དང་གང་ཟག་དང་ཤེས་རིག་གི་སྐྱེས་བུ་རྣམས་དོན་གཅིག སྐྱེས་བུ་ནི་ཤེས་པ་ཡིན་ལ་གཞན་ཉེར་བཞི་བེམ་པོ་དང་། གཙོ་བོ་དང་སྐྱེས་བུ་ནི་རྟག་པའོ། །དེ་ལ་དེ་ལྟར་བདེ་སོགས་ནི་ཕྱི་རོལ་གྱི་བེམ་པོའི་རང་བཞིན་ཡིན་གྱི་ནང་ཤེས་པའི་རྫས་སུ་མེད་ཀྱང་། བློའམ་ཆེན་པོ་ལ་སྣང་ནས་ཡོད་པ་བདག་གིས་ལོངས་སྤྱོད་པའི་ཚེ་བདག་ཤེས་པ་དང་ཐ་དད་དུ་དབྱེ་མ་ནུས་པས་བདག་གི་བར་རློམ་པ་ཙམ་དུ་འདོད་དོ། །དེ་ལྟར་འདི་པས་བདག་ཤེས་པར་འདོད་ལ། བྱེ་བྲག་པ་སོགས་ཀྱིས་བེམ་པོར་འདོད་པས་དེ་གཉིས་བཀག་པས་གཞན་ཀུན་ཁེགས་པར་འགྱུར་རོ། །དེ་དགག་པ་ལ། གྲངས་ཅན་པའི་འདོད་པ་ལྟར་བདག་ཤེས་པའི་རང་བཞིན་རྟག་པ་ནི་མེད་དེ། གལ་ཏེ་སྒྲ་འཛིན་པ་ཡི་ཤེས་པ་དེ་རྟག་པ་ཞིག་ཡིན་ན་ནི། ཡུལ་ཡོད་པ་དང་མེད་པའི་དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་པར་འགྱུར་ཏེ་ཇི་ལྟར་སྒྲ་འཛིན་བཞིན་པའི་སྐབས་དེ་ཉིད་ཀྱི་ཤེས་པ་དེ། དེ་བཞིན་དུ་རྟག་པར་འདོད་པའི་ཕྱིར། ཁོ་ན་རེ། དུས་ཐམས་ཅད་དུ་སྒྲ་མི་འཛིན་པ་ནི་ཤེས་པ་མི་རྟག་པ་མ་ཡིན་ཀྱང་། ཡུལ་སྒྲ་དེ་ད་ལྟ་ཡུལ་ན་མེད་པས་སོ་ཞེ་ན། ཡུལ་སྒྲ་ལྟ་བུའི་ཤེས་བྱ་དེ་མེད་ན་ཡུལ་ཅན་དེས་ཅི་ཞིག་རིག་ནས་རྒྱུ་མཚན་གང་གིས་ཡུལ་དེ་དང་དེ་ཡི་ཤེས་པ་ཞེས་རྗོད་པར་བྱེད། གལ་ཏེ་ཡུལ་དེ་བཟུང་བའམ་ཤེས་པ་མེད་ཀྱང་དེ་ཤེས་པ་ཡིན་ནོ་ཞེས་རྣམ་པར་འཇོག་ན། ཤིང་ཡང་སྒྲ་སོགས་ཤེས་པའི་ཤེས་པ་ཡིན་པར་ཐལ་བར་འགྱུར་ཏེ། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་ཡུལ་ཤེས་བྱ་ཉིད་ཡུལ་དུ་ཉེ་བར་གནས་པ་མེད་པར་དེ་ཡི་ཡུལ་ཅན་གྱི་ཤེས་པ་དེ་ཡང་མེད་ཅེས་སུ་ངེས་ཏེ། ཤེས་པ་ནི་ཡུལ་གང་དང་གང་ཤེས་པ་དེ་ལ་ལྟོས་པ་ཅན་ཡིན་གྱི་ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པ་ནི་མི་སྲིད་དོ། །དེའི་ཕྱིར་ཡུལ་སྒྲ་མེད་པ་བཞིན་དུ་སྒྲ་དེ་ལས་སྐྱེས་པའི་ཡུལ་ཅན་སྒྲའི་ཤེས་པའང་རྒྱུ་ལོག་པས་ད་ལྟ་ག་ལ་ཡོད། དེ་བཞིན་དུ་སྒྲའི་སྐད་ཅིག་གི་ཡུལ་ཅན་ཀྱང་སོ་སོ་ཡིན་པས་ཤེས་པ་སྐད་ཅིག་གཉིས་པར་སྡོད་མི་སྲིད་དོ། །ཁོ་ན་རེ། སྐྱོན་དེ་ནི་མེད་དེ། སྔར་སྒྲ་ཤེས་པ་དེ་ཉིད་ཀྱིས་ནི་ཕྱིས་གཟུགས་སོགས་གཞན་དག་ཤེས་པས་ན། ཤེས་པ་རྟག་ཀྱང་ཤེས་བྱ་སོ་སོར་དམིགས་པའི་ཁྱད་པར་ཙམ་མོ་ཞེ་ན། ཁྱོད་སྔར་གྱི་སྒྲ་ཤེས་ཉིད་རྟག་པར་འདོད་པས་ན་གཟུགས་སོགས་མཐོང་བ་དེ་ཡི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ཏེ་སྔར་གྱི་སྒྲ་འཛིན་རང་གི་ངོ་བོ་མ་དོར་བའི་ཕྱིར་རོ། །གལ་ཏེ་དེའི་ཚེ་མི་ཐོས་པ་ནི་ཡུལ་སྒྲ་མི་ཉེ་བའི་ཕྱིར་སྙམ་ན། ཡུལ་མེད་པ་དེས་ན་ཡུལ་དེ་ཡི་ཤེས་པའང་མེད་དེ། རིགས་པ་སྔར་བཞིན། གཞན་ཡང་ཁྱོད་བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་ལ་ཁྱབ་པར་འདོད་ན། རྣམ་འགྱུར་མཐའ་དག་ལ་ཉེ་བ་དང་མི་ཉེ་བའང་ག་ལ་འཐད། གཞན་ཡང་སྒྲ་འཛིན་གྱི་རང་བཞིན་གང་ཡིན་པ་དེ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ་དེ་གཉིས་ངོ་བོ་ཐ་དད་པས་སོ། །ཡང་འདི་ལྟར་ཡུལ་སྒྲ་དང་གཟུགས་ལྟ་བུ་ནི་ཐ་དད་པ་ཡིན་ན་དེའི་ཡུལ་ཅན་ཀྱང་སྔ་མའི་རང་བཞིན་མ་དོར་བཞིན་དུ་ཕྱི་མར་འགྱུར་བའི་སྐབས་ག་ལ་ཡོད་དེ། ཤེལ་ཚོན་དཀར་པོས་བསྒྱུར་བ་མ་བཏང་བཞིན་ནག་པོར་འགྱུར་མི་ཤེས་པ་བཞིན་ནོ། །རྣམ་འགྲེལ་ལས་ཀྱང་། གཅིག་གི་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་པ་བཞིན་ནོ། །འདིས་ཤེས་པ་རྟག་པ་དང་གཅིག་བདེན་འགོག་པ་སྟེ། གཞན་དུ་ཤེས་པའི་རྒྱུད་གཅིག་ལ་སྒྲ་ཤེས་ན་གཟུགས་མི་ཤེས་ཞེས་བསམ་པར་མི་བྱ་སྟེ། རྟོག་མེད་ཀྱི་ཤེས་པ་རིགས་མི་མཐུན་དུ་མ་དུས་གཅིག་ཏུ་འབྱུང་རུང་བའི་ཕྱིར། དེ་ལྟ་ནའང་རིགས་མི་མཐུན་པའི་ཤེས་པ་དག་ནང་ཕན་ཚུན་གཅིག་མིན་ལ། ཡིན་ན་ཁ་དོག་ལྔ་ལྡན་གྱི་ཁྲ་འཛིན་དང་སྔོ་འཛིན་ཁྱད་མེད་པར་ཐལ་ལོ། །དེ་དག་ན་རེ། སྐྱེས་བུ་གཅིག་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་བཞིན་དུ་ཡུལ་སྒྲ་དང་གཟུགས་ལྟ་བུ་ནི་མི་འགལ་ཏེ། རྣམ་འགྱུར་གྱི་ངོས་ནས་གཟུགས་གང་ཡིན་པ་དེ་རང་བཞིན་གྱི་ངོས་ནས་སྒྲ་ཡང་ཡིན་ཏེ། དེ་གཉིས་ཀ་རང་བཞིན་གཅིག་པའི་ཕྱིར། དེས་ན་གཟུགས་འཛིན་གྱི་ཚེ་ན་སྒྲའི་རྣམ་འགྱུར་འཛིན་པའི་ཤེས་པ་མེད་ཀྱང་སྒྲའི་རང་བཞིན་འཛིན་པའི་ཤེས་པ་ཡོད་པས་ན་སྒྲ་ཤེས་མི་རྟག་པར་ཐལ་བའི་སྐྱོན་མེད་ཟེར་ན་དེའི་དཔེ་མ་གྲུབ་སྟེ་སྐྱེས་བུ་གཅིག་ཉིད་ཕ་དང་བུ་ཉིད་དུ་བཞག་པ་ནི་ལྟོས་ས་ཐ་དད་ལ་ལྟོས་ནས་བཏགས་པ་ཙམ་ཡིན་ཏེ། དོན་དམ་པར་རང་གི་ངོ་བོས་ཕ་བུ་གཉིས་ཀར་ཡང་དག་པར་གྲུབ་པ་ཉིད་མིན་ཏེ། དེ་གཉིས་རང་རང་གི་ངོ་བོར་བདེན་པར་གྲུབ་ན་གཅིག་ཅིག་ཤོས་ཀྱི་གནས་སྐབས་སུ་འགྱུར་མི་སྲིད་དོ། །དེས་ན་བཏགས་པ་ཙམ་སྟེ་དེས་ཁྱོད་ཀྱི་ཞེ་འདོད་འགྲུབ་པར་མི་འགྱུར་རོ། །གལ་ཏེ་དོན་དམ་པར་ན་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ཞིག་ཡོད་ན་ཡོན་ཏན་གསུམ་གྱི་སྟེང་ན་ཡོད་དགོས་ཏེ། འདི་ལྟར་ཁྱོད་ཀྱི་དོན་དམ་པ་ནི་ཡོན་ཏན་གསུམ་ལས་གཞན་དུ་ཁས་མ་བླངས་པས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་འདོད་པའི་ཕྱིར། དེ་ལྟ་ནའང་སྙིང་སྟོབས་དང་རྡུལ་དང་ནི་མུན་པ་ཡི་ངོ་བོ་ནི་བུ་མིན་ལ་ཕ་ཡང་མིན་ཏེ། རྣམ་འགྱུར་ཐམས་ཅད་ནི་དེའི་རང་བཞིན་ཡིན་ན་དེ་དོན་དམ་པར་སུ་ལ་ལྟོས་ནས་བུར་འཇོག་ཅིང་སུ་ལ་ལྟོས་ནས་ཕར་བཞག་སྟེ་གང་དུའང་བཞག་མི་རུང་ངོ་། །དེས་ན་ཁྱོད་དོན་དམ་པ་ཡོན་ཏན་གསུམ་གྱི་རང་བཞིན་ལ་བསམས་ཏེ་གཟུགས་འཛིན་གྱི་ཚེ་ནའང་སྒྲ་འཛིན་ཡོད་དོ་བསམ་ན། རྣམ་འགྱུར་ཐམས་ཅད་ཀྱི་ཚེ་ཐམས་ཅད་འཛིན་པའམ། ཡང་ན་སྒྲའི་དུས་ནའང་སྒྲ་མི་འཛིན་པར་འགྱུར་ཏེ། རྣམ་འགྱུར་ཐམས་ཅད་ལ་རང་བཞིན་གཅིག་ཡིན་པས་ཁ་ཅིག་གི་ཚེ་ན་འཛིན་པ་དང་ཁ་ཅིག་གི་ཚེ་ན་མི་འཛིན་པ་མི་སྲིད་དོ། །དོན་ཡང་མ་གྲུབ་སྟེ་གཟུགས་འཛིན་པ་དེ་སྒྲ་ཤེས་ཀྱི་རང་བཞིན་དུའང་ཡོད་ན་སྣང་དུ་རུང་བས་དམིགས་དགོས་ན། གཟུགས་འཛིན་དེ་ནི་སྒྲ་འཛིན་དང་ལྡན་པའི་རང་བཞིན་ཅན་དུ་ནི་ནམ་ཡང་མཐོང་བ་མ་ཡིན་ལ། དེ་བཞིན་དུ་ཡུལ་གཟུགས་ལ་སྒྲའི་ཤས་ཡོད་པར་ཡང་མི་མཐོང་ངོ་། །ཡང་ཁོ་ན་རེ། གཟུགས་འཛིན་དེ་སྒྲ་འཛིན་གྱི་རང་བཞིན་དུ་མ་མཐོང་ཡང་ཤེས་པའི་ངོ་བོ་ནི་གཅིག་ཡིན་ཏེ། དཔེར་ན་གར་མཁན་གཅིག་ཉིད་སྔ་དྲོ་ལྷ་དང་། ཕྱི་དྲོ་གནོད་སྦྱིན་གྱི་ཆ་ལུགས་བྱས་པ་ལྟ་བུར་སྔར་གྱི་སྒྲ་ཤེས་དེ་ཉིད་ཚུལ་གཞན་གཟུགས་ཤེས་ཀྱི་རྣམ་པར་སྣང་བ་ཉིད་གྱིས་གཟུགས་དེ་ཉིད་མཐོང་ངོ་ཞེ་ན། སྔར་གྱི་ཤེས་པ་དེ་རྟག་པ་མིན་ཏེ་སྔ་མ་ལས་གནས་སྐབས་གཞན་ཐོབ་པའི་ཕྱིར། གལ་ཏེ་ཚུལ་སྔ་མ་ལས་གཞན་པའི་ཚུལ་ཐོབ་ནས་དེ་གཉིས་སོ་སོར་སྣང་བར་གྱུར་ཀྱང་ད་རུང་སྔར་གྱི་དེ་ཉིད་ཡིན་གྱི་གཞན་མིན་ན། དེ་འདྲའི་གཅིག་ཉིད་དེ་ནི་སྔོན་མེད་པའི་གཅིག་སྟེ་སྔར་འཇིག་རྟེན་ན་ཤེས་བརྗོད་ཀྱི་ཡུལ་དུ་མ་བྱུང་བ་ཞིག་གོ །གལ་ཏེ་སོ་སོར་མཐོང་ཡང་གཅིག་ཡིན་ན་ཐམས་ཅད་རིལ་པོ་གཅིག་ཏུ་ཐལ་ལོ། །དེས་ན་གར་མཁན་ཡང་རྣམ་པ་གཞན་དང་གཞན་ཐོབ་པའི་སྐབས་སོ་སོ་ཐ་དད་པའི་སྐད་ཅིག་གཞན་ཡིན་གྱི་དོན་དམ་པར་གཅིག་པུ་ནི་མ་ཡིན་ཏེ་ཡིན་ན་དེར་ཡང་དཔྱད་པ་མཚུངས་སོ། །གལ་ཏེ་རྣམ་འགྱུར་སྒྲ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཤེས་པའི་ཚུལ་གཞན་དང་གཞན་དུ་སྣང་བ་དེ་ནི་གནས་སྐབས་ལ་ལྟོས་པའི་ལྟར་སྣང་ཙམ་ཡིན་གྱི་བདེན་པ་མིན་ཏེ། ཤེལ་སྒོོང་དཀར་པོ་ཚོན་གྱིས་བསྒྱུར་པ་ཤེལ་གྱི་གཤིས་ལ་མི་བདེན་པ་བཞིན་ནོ་ཞེ་ན། སྒྲ་སོགས་ཡུལ་གྱིས་ཁྱད་པར་དུ་བྱས་པའི་ཆ་དེ་མི་བདེན་དུ་ཆུག་ཀྱང་། ངོ་བོ་བདེན་པ་དེ་ཡི་རང་གི་རང་བཞིན་ཇི་འདྲ་བ་ཡིན་སྨྲོས་ཤིག་ཁོ་ན་རེ་ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཤེས་པ་ཙམ་ཞིག་ནི་ཤེས་པ་སྔ་ཕྱི་ཐམས་ཅད་ལ་ཁྱད་མེད་པར་རྗེས་སུ་འགྲོ་བས་ཤེས་པ་ཙམ་གྱི་གཅིག་ཉིད་དེ་ཡིན་ནོ་ཅེ་ན། དེ་ལྟ་ན་སྐྱེས་བུ་ཀུན་ཀྱང་གཅིག་ཉིད་ཏུ་ཐལ་བར་འགྱུར་ཏེ་ཤེས་རྒྱུད་ཐམས་ཅད་ལ་ཤེས་པ་ཡིན་པ་ཙམ་རྗེས་སུ་མི་འགྲོ་མི་སྲིད་པས་སོ། །གཞན་ཡང་སེམས་པ་ཅན་བདག་དང་སེམས་མེད་གཙོ་བོ་སོགས་ཉེར་བཞི་པོ་དེ་དག་ཀྱང་གཅིག་ཉིད་དུ་འགྱུར་ཏེ་གང་གི་ཕྱིར་ན་དེ་ཐམས་ཅད་ཡོད་པ་ཙམ་ཉིད་དུ་མཚུངས་ཤིང་ཁྱད་པར་མེད་པས་སོ། །དེ་ལྟར་ཤེས་པ་ཐམས་ཅད་ལ་ཤེས་པ་མིན་པ་གཞན་བསལ་བའམ། གཞན་ལས་ལོག་པའི་ཆ་ནས་ཤེས་པ་ཙམ་ལྡོག་ཡོད་ཀྱང་དེ་ནི་བཏགས་པ་ཡིན་གྱི་དོན་ལ་ཡུལ་དང་བྲལ་བའི་ཤེས་པ་རྐྱང་རྐྱང་པོ་གཅིག་ནི་མི་སྲིད་དེ་གཟུགས་མེད་པའི་གཟུགས་བརྙན་བཞིན་ནོ། །དེས་ན་ཤེས་བྱ་དངོས་པོ་ཐམས་ཅད་ལ་རིགས་མི་མཐུན་པ་བསལ་བའི་ལྡོག་པ་རྗེས་སུ་འགྲོ་བ་ལ་སྤྱི་ཞེས་ཐ་སྙད་བྱེད་པ་ནི་རང་སྡེ་ནང་པའི་ཐ་སྙད་ཀྱི་ཚུལ་བླ་ན་མེད་པ་སྟེ་འདིར་ཡང་ཤུགས་ཀྱིས་དོན་དེ་བསྟན་པའོ། །གལ་ཏེ་གང་གི་ཚེ་བྱེ་བྲག་ཏུ་གྱུར་པའི་གནས་སྐབས་ཐ་དད་པ་དག་མི་བདེན་པའམ་ཕྱིན་ཅི་ལོག་ཡིན་ཀྱང་། བྱེ་བྲག་ཐམས་ཅད་ཁྱད་མེད་དུ་འདྲ་བའི་རང་བཞིན་གཅིག་པུ་པ་ཞིག་ཅི་སྟེ་མེད་སྙམ་ན། དེ་ནི་ཁྱད་པར་རྣམས་ལ་གཅིག་ཏུ་འཁྲུལ་པའི་སྤྱི་ཡོད་འཛིན་གྱི་ལོག་རྟོག་སྟེ། འདི་ལྟར་བྱེ་བྲག་ཐམས་ཅད་བསལ་བ་དེ་ཡི་ཚེ་དེ་ཡི་ཕ་རོལ་ན་ཐུན་མོང་དུ་འདྲ་བའི་རྟེན་ནམ་སྤྱི་གཅིག་པུ་ཞིག་གང་ཡིན་ཏེ་ཅི་ཡང་མེད་དོ། །གཉིས་པ་བདག་བེམ་པོར་འདོད་པ་དགག་པ་ནི། རིགས་པ་ཅན་ལ་སོགས་པ་ན་རེ། འདི་ལྟར་ཤེས་བྱ་ནི་ཚིག་གི་དོན་དྲུག་ཏུ་འདུ་སྟེ། རྫས་དང་ཡོན་ཏན་ལས་སྤྱི་བྱེ་བྲག་འདུ་བ་རྣམ་པ་དྲུག་ཅེས་པ་ལྟར་གྱི་རྫས་ལ་དགུ་སྟེ། བདག དུས། རྡུལ། ཕྱོགས། ནམ་མཁའ་སྟེ་རྟག་པའི་རྫས་ལྔ་དང་། ས་ཆུ་མེ་རླུང་རྣམས་ཀྱི་རགས་པའི་ཆ་སྟེ་མི་རྟག་པའི་རྫས་བཞི་བཅས་དེ་རྣམས་ཀྱི་མཚན་ཉིད་ཀྱང་ལས་དང་ཡོན་ཏན་གྱི་རྟེན་བྱེད་པ་ཞིག་ཏུ་འདོད། ཡོན་ཏན་ལ་ཉེར་བཞི་སྟེ། གྲངས། ཚད། འཕྲད་པ། ཕྱེ་བ། ཐ་དད། ཐ་མི་དད་དེ་ཐུན་མོང་སྤྱིའི་ཡོན་ཏན་དྲུག་དང་། སྒྲ་ནམ་མཁའ། རེག་རླུང་། གཟུགས་མེ། རོ་ཆུ། དྲི་ས་སྟེ་འབྱུང་བའི་ཡོན་ཏན་ལྔ་བཅས་བཅུ་གཅིག་ནི་རྫས་གཞན་གྱི་ཡོན་ཏན། བདེ། སྡུག འདོད། སྡང་། ཆོས། ཆོས་མིན། འབད་རྩོལ། འདུ་བྱེད་པའི་ཤུགས། མིག་སོགས་དབང་པོ་ལྔ་བཅས་བཅུ་གསུམ་ནི་བདག་ལ་བརྟེན་པའི་ཡོན་ཏན་ནོ། །ལས་ནི་བརྐྱང་བསྐུམ། འདེགས། འཇོག འགྲོ་བ་ལྔ། སྤྱི་ལ་ཁྱབ་པ་དང་ཉི་ཚེ་བ་གཉིས། བྱེ་བྲག་ནི་ཁྱད་པར་བྱེད་པའི་རང་བཞིན། འདུ་བ་ནི་ཕན་ཚུན་འབྲེལ་བ་ལྟ་བུ། དེ་ཡང་ཐ་དད་དང་ཐ་མི་དད་དུ་འདུ་བ་སོགས་ལས་བརྩམས་ཏེ་དབྱེ་བ་མང་ངོ་། །བདག་ནི་ནམ་མཁའ་ལྟ་བུར་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པས་ཤེས་པ་མིན་ཏེ། ཤེས་པ་ཡིན་ན་མི་རྟག་ཅིང་མ་ཁྱབ་པར་འགྱུར་བས་ན་བདག་ལ་ཤེས་པ་མེད་ཀྱང་། ཤེས་པ་དང་འདུ་བས་ན་བདེ་སོགས་བདག་གི་ཡིན་པར་ཞེན་གྱི། དོན་ལ་བདེ་སོགས་ནང་གི་བེམ་བོ་ཉིད་དུ་འདོད་དོ། །བདག་ཐམས་ཅད་ལ་ཁྱབ་པར་ཡོད་དེ་བདག་གི་ཡོན་ཏན་མཐོང་བས་སོ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་སེམས་མེད་པ་ཡང་བདག་མིན་ཏེ་སེམས་མེད་པ་ཉིད་ཡིན་ཕྱིར་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན། བདག་ནི་ལས་བྱེད་པ་པོ་དང་བདེ་སྡུག་གི་རྟེན་དུ་འདོད་ན་སེམས་མེད་པ་དག་ནི་ནམ་ཡང་བདེ་སོགས་ཀྱི་རྟེན་དུ་མི་རིགས་པའི་ཕྱིར་རོ། །འོན་ཏེ་བདག་རང་ཉིད་སེམས་ཀྱི་ངོ་བོར་མེད་ཀྱང་སེམས་རྫས་གཞན་དང་མཚུངས་པར་ལྡན་པའི་ཕྱིར། དེའི་བྱིན་གྱིས་བརླབས་ནས་ཡུལ་ཤེས་པར་འགྱུར་རོ་ཞེ་ན། དེ་ལྟར་ན་བདག་གིས་ཡུལ་མི་ཤེས་པར་འདོད་པའམ་ཤེས་པ་མེད་པར་ཁས་བླངས་པ་འཇིག་པར་ཐལ་ཏེ། དེ་ཡུལ་ཤེས་པའི་རང་བཞིན་ཅན་དུ་གྱུར་པའི་ཕྱིར། མི་རྟག་པར་ཐལ་ལོ། །ཅི་སྟེ་བདག་དེ་ལ་ནམ་ཡང་འགྱུར་བ་མེད་པར་རྟག་ན་ནི་སེམས་པས་ཀྱང་བདག་དེ་ལ་ཡུལ་ཤེས་པའི་བྱ་བ་ཅི་ཞིག་བྱས་ཏེ་གང་ཡང་མ་བྱས་པས་ཁྱབ་བོ། །དེ་ལྟར་ཤེས་པ་མེད་པའི་བེམ་པོ་བྱ་བ་བྱེད་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་འདི་བདག་ཡིན་ནོ། །ཞེས་རློམ་སྟེ་བདག་ཏུ་བྱས་པར་འགྱུར་ཏེ། ཀྱེ་མ་རིགས་པ་ཅན་གྱི་བློ་གྲོས་ལ་ལྟོས་ཞེས་སོ། །གསུམ་པ་རྩོད་སྤོང་ལ། ལས་འབྲས་མི་འཐད་པ་དང་། སྙིང་རྗེ་མི་འཐད་པར་རྩོད་པ་གཉིས། དང་པོ་ལས་འབྲས་མི་འཐད་པར་རྩོད་པ་ནི། བདག་ཡོད་དུ་སྨྲ་བ་རྣམས་ན་རེ། གལ་ཏེེ་ཁྱོད་ཀྱིས་འདོད་པ་ལྟར་བདག་དེ་ནི་ཡོད་པ་མིན་ན། ལས་འབྲས་ཀྱི་འབྲེལ་བ་མ་འཆོལ་བའི་རྣམ་བཞག་འདི་རིགས་པར་འགྱུར་བའམ་འཐད་པ་མིན་ཏེ་ལས་བྱེད་པ་པོའི་བདག་ནི་མེད་པའི་ཕྱིར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མི་སྲིད་པས་འབྲས་བུའི་དུས་སུ་མེད་ཅིང་། ཕུང་པོ་སྐད་ཅིག་གིས་སྐྱེ་འགག་བྱེད་པས་ན་ལས་བྱས་པའི་སྐད་ཅིག་དེ་ནས་བྱེད་པ་པོ་ནི་འགག་ཅིང་ཞིག་པས་ན་ལས་དེ་བྱེད་པ་པོ་ཉིད་ལ་ནི་སྨིན་མི་སྲིད་ལ། དེ་ལ་མ་སྨིན་ན་གཞན་གྱི་ལས་གཞན་ལ་སྨིན་པ་མི་འཐད་པས་སུ་ཡི་མྱོང་བར་བྱ་བའི་ལས་སུ་འགྱུར་ཞེ་ན། རེ་ཞིག་མགོ་བསྒྲེ་བ། བྱ་བ་བྱེད་པའི་གནས་སྐབས་དང་འབྲས་བུ་ཉམས་སུ་མྱོང་བའི་གནས་སྐབས་ཀྱི་རྟེན་ནམ་གཞི་རུ་གྱུར་པའི་ཕུང་པོ་དག་ནི་ཐ་དད་པར་རང་རེ་གཉིས་ཀས་འདོད་པའི་ཕྱིར་དང་། ཕུང་པོ་ལས་གཞན་པའི་བདག་རྟག་པར་འདོད་པའི་ལུགས་དེར་ཡང་བདག་དེ་ནི་སེམས་མེད་པའམ་རྟག་པ་ཡིན་པས་ན་རྟག་པ་ལ་ནི་བྱ་བ་བྱེད་པ་དང་འབྲས་བུ་མྱོང་བ་ཐམས་ཅད་མེད་པར་ཡང་ཚད་མས་གྲུབ་པའི་ཕྱིར་རྩོད་པ་འདི་འུ་བུ་གཉིས་ཀ་ལ་གྲུབ་པས་གཉིས་ཀས་སྤངས་དགོས་ན། འདིར་ཁོ་བོ་ལ་བརྩད་པ་དོན་མེད་ཀྱི་ངལ་བ་མ་ཡིན་ནམ། དེ་ལྟ་ན་ཡང་ཁོ་བོའི་ལུགས་ལ་ནི་སྤང་བར་ནུས་ཀྱི། ཁྱོད་ཀྱིས་ནམ་ཡང་མི་ནུས་སོ། །ཞེས་སྟོན་པ། ལས་བྱེད་པ་པོ་ཉིད་ལ་སྨིན་ཞེས་པ་འདིའང་རྒྱུད་གཅིག་གི་དབང་དུ་བྱས་པའི་རྣམ་བཞག་སྟེ། རྒྱུ་མ་འགགས་པར་ལྡན་བཞིན་དུ་དེའི་འབྲས་བུ་དང་བཅས་པ་འདིའོ་ཞེས་རྒྱུ་འབྲས་གཉིས་ཀ་དུས་མཉམ་དུ་མཐོང་བ་དེ་ནི་སྲིད་པ་མ་ཡིན་ཏེ་རྒྱུ་ལས་འབྲས་བུ་འབྱུང་དགོས་པས་སོ། །དེས་ན་འབྲས་བུ་འབྱུང་བའི་དུས་རྒྱུ་འགགས་པས་ཁྱབ་ཀྱང་། རྟེན་འབྲེལ་བསླུ་བ་མེད་པའི་དབང་གིས་འབྲས་བུ་འབྱིན་པར་ནི་ངེས་ལ། དེ་འདྲའི་འབྲས་བུ་དེའང་རྒྱུའི་ཚོགས་པ་གང་དུ་ཚང་བ་གང་ཟག་གི་རྒྱུད་དེ་ཉིད་དུ་སྨིན་གྱི་གཞན་དུ་མ་ཡིན་ཏེ་ས་བོན་ས་ལ་བཏབ་པ་བྲག་ལ་མི་སྐྱེ་བ་བཞིན་ནོ། །དེས་ན་ཕུང་ལྔའི་རྒྱུན་རིགས་འདྲ་བར་མ་ཆད་པའི་རྒྱུད་གཅིག་ལ་ནི་བརྟེན་ནས་སུ་ལས་བྱེད་པ་པོ་དང་། འབྲས་བུ་ལ་ལོངས་སྤྱོད་པ་པོ་ཞེས་བྱ་བར་བསྟན་ཏེ། འཇིག་རྟེན་པའི་བློའི་ཚུལ་ལུགས་ཐམས་ཅད་དེ་ལྟར་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱུད་གཅིག་ཡིན་པ་དེ་ཉིད་ཀྱིས་བདག་གཅིག་ཏུ་ཡོད་པ་མིན་ནམ་ཞེ་ན་མིན་ཏེ། རྒྱུད་ནི་ཕྲེང་བ་བཞིན་དུ་བཏགས་པ་སྟེ་དོན་ལ་མི་སྲིད་དོ། །དེའང་གཟུགས་རྒན་གཞོན་དང་སྐྱེ་བ་སྔ་ཕྱི་མི་གཅིག་པར་རྟོགས་པར་སླ་མོད་སེམས་ཀྱི་དབང་དུ་བྱས་ཏེ་གསུངས་པ། འདས་པའི་སེམས་འགགས་པ་དང་མ་འོངས་པ་ཡི་སེམས་མ་སྐྱེས་པས་བདག་མིན་ཏེ་དེ་གཉིས་ནི་ད་ལྟ་མེད་པའི་ཕྱིར་བདག་ཡོད་པར་འདོད་པ་དང་འགལ་བས་སོ། །འོན་ཏེ་སྐྱེས་ནས་མ་འགགས་པ་ད་ལྟ་བའི་སེམས་འདི་བདག་ཡིན་ནོ་སྙམ་ན། ད་ལྟའི་སེམས་དེ་འགགས་པའམ་ཞིག་པ་ན་ཡང་བདག་དེ་མེད་པར་འགྱུར་ན། ཁྱོད་ཀྱི་བདག་ནི་སྔ་མ་ནས་འདིར་འོང་འདི་ནས་ཕ་རོལ་ཏུ་འགྲོ་བར་འདོད་པས་ན་སྐྱེས་སེམས་ཀྱང་བདག་མིན་ནོ། །དེའི་ཕྱིར་འཇུག་པ་ལས། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་པ་བཞིན་རྒྱུད་བདག་ཡིན་པ་འགོག་པའི་དོན་ཏོ། །དཔེར་ན་ཆུ་ཤིང་གི་སྡོང་པོ་ཁོང་སྟོང་གསོབ་ཅན་དེ་དག་ཆ་ཤས་ཕྱེ་ན་སྙིང་པོ་སྲ་མཁྲེགས་ཀྱི་ཆ་ཤས་འགའ་ཡང་རྙེད་རྒྱུ་མེད་པ་དེ་བཞིན་དུ། རྣམ་པར་དཔྱད་པ་ཡིས་བཙལ་ན་བདག་ཀྱང་དེ་ཁོ་ན་ཉིད་དམ་ཡང་དག་པར་གྲུབ་པ་མིན་ནོ། །གཉིས་པ་སྙིང་རྗེ་མི་འཐད་པར་རྩོད་པ་ནི། གལ་ཏེ་བདག་གམ་སེམས་ཅན་ཡོད་པ་མིན་ན་བྱང་ཆུབ་སེམས་དཔས་སུ་ལ་དམིགས་ནས་སྙིང་རྗེ་བསྐྱེད་པར་བྱ་སྟེ་ཡུལ་མེད་པས་སོ་ཞེ་ན། དོན་དམ་པར་སྙིང་རྗེའི་ཡུལ་དེར་བྱེད་པོ་མི་དམིགས་ཀྱང་། ཀུན་རྫོབ་ཏུ་དེ་ལྟར་མ་རྟོགས་པའི་འགྲོ་ངོར་བདེ་སྡུག་བསླུ་མེད་དུ་ཡོད་པས་རྨི་ལམ་ལྟ་བུའི་སྡུག་བསྔལ་གྱི་སྣང་བ་རྒྱུན་ཆད་པའི་མི་གནས་པའི་མྱང་འདས་ཀྱི་སར་སྒྲོལ་བར་བྱེད་པའི་དགོས་པའམ་འབྲས་བུའི་དོན་དུ་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་ཁས་བླངས་པའི་སེམས་ཅན་ནི་དོན་དམ་པར་ཡོད་པས་མིན་ཏེ། རྨོངས་པས་བདག་ཏུ་བརྟགས་པ་གང་ཡིན་པ་དེའི་དབང་གིས་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔས་བདག་མེད་མཐོང་ཡང་སྙིང་རྗེའི་ཡུལ་སེམས་ཅན་གྱིས་དེ་ལྟར་མ་རྟོགས་པས་བདག་ཡོད་པ་ལྟ་བུར་དོན་མེད་པར་སྡུག་བསྔལ་གྱི་སྣང་བ་འཁོར་ཡུག་ཏུ་མྱོང་བ་ཡོད་པ་དེས་ན་དེ་ལ་དམིགས་ནས་སྙིང་རྗེ་འཇུག་སྟེ། འཕགས་པ་རྣམས་བདག་དོན་ལ་མི་ཆགས་ཤིང་གཞན་སྡུག་བསྔལ་བ་མཐོང་བས་གཞན་དོན་ལ་སྤྲོ་བའི་བློ་ཤུགས་ཀྱིས་འབྱུང་བ་དང་། གཞན་གྱི་སྡུག་བསྔལ་ཡང་གཉིད་འཐིབས་པོ་བཞིན་དུ་སེལ་ནུས་པར་མཐོང་བའི་ཕྱིར་རོ། །ཡང་དེ་དག་ན་རེ། སེམས་ཅན་མེད་ན་གང་གི་དོན་དུ་འབད་པའི་འབྲས་བུ་སངས་རྒྱས་དེ་སུ་ཡིས་ཐོབ་པ་ཡིན་ཏེ། དེས་ན་འབྲས་བུའི་དོན་དུ་ཁས་བླངས་པ་ཞེས་པའང་མི་རིགས་སོ་ཞེ་ན། དོན་དམ་པར་བདེན་ཏེ། ཐོབ་པོ་སེམས་ཅན་དང་། ཐོབ་བྱའི་འབྲས་བུ་བདེན་པར་གྲུབ་པ་མེད་མོད། འོན་ཀྱང་སེམས་ཅན་རང་རང་གི་སྣང་ཚུལ་གྱི་ངོར་ཡོད་དེ་བཤད་མ་ཐག་པ་ལྟར་རྨོངས་པས་བདག་ཏུ་ཞེན་པ་ལས་ཀུན་ཉོན་འཁོར་བའི་ཕྱོགས་དང་། དེ་ལྡོག་པའི་རྣམ་བྱང་གི་ཚུལ་གཉིས་ཀ་གྲུབ་ཅིང་། མྱང་འདས་ཞེས་པའང་གཞན་ན་མེད་ཀྱི་བློ་ནོར་བའི་རྣམ་རྟོག་ཟད་པ་ཙམ་ལ་བཏགས་པ་སྟེ། མདོ་རྒྱན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས། དེས་ན་དོན་དམ་པར་སྲིད་ཞི་བདེན་གྲུབ་ཏུ་མེད་པའི་གནད་ཀྱིས་འཆིང་གྲོལ་སོགས་འདི་འཐད་ཀྱི་གཞན་དུ་མ་ཡིན་ཏེ། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་པ་བཞིན་འདོད་དོ། །འོ་ན་ཐོབ་མེད་ལ་ཐོབ་པར་རེ་ནས་ལམ་སོགས་ལ་ཁྱོད་སློབ་པས་ཅི་བྱ་སྟེ། རྨོངས་པ་ནི་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་ནམ་ཞེ་ན། མཐར་ཐུག་སངས་རྒྱས་ཀྱི་ས་ན་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་དབྱིངས་སུ་ཞི་བས་སྲིད་ཞིར་མངོན་ཞེན་གྱི་ཤེས་སྒྲིབ་ཕྲ་བ་འདི་ཡང་ལྡོག་པར་འགྱུར་མོད། དེ་ལྟར་མ་གྱུར་གྱི་བར་འདིར་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པ་མ་ཡིན་པའི་ཕྱིར་དོན་དམ་པར་ཐོབ་ཏུ་མེད་ཀྱང་ཀུན་རྫོབ་ཏུ་ཐོབ་བྱར་མི་འགལ་བས་ན། རང་གཞན་གྱི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱར་ལྟ་བའི་རྨོངས་པ་ནི་བཟློག་པར་མི་བྱ་སྟེ་འདི་ལ་བརྟེན་དགོས་པའི་ཕྱིར་། སྣང་ཚུལ་གྱི་དབང་དུ་བྱས་ཏེ་འབྲས་བུ་ལ་སློབ་པ་ཡིན་ནོ། །འོ་ན་བདག་ཏུ་རྨོངས་པའང་དགག་པས་ཅི་བྱ་ཞེ་ན། དེ་གཉིས་མི་འཚུངས་ཏེ་འབྲས་བུ་དོན་དུ་གཉེར་བའི་བློ་དེས་ནི་སྡུག་བསྔལ་ཟད་པར་བྱས་ནས་རང་ཡང་འགོག་པར་བྱེད་དེ་ཤིང་ལས་བྱུང་བའི་མེས་ཤིང་ཉིད་སྲེག་པ་བཞིན་ནོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་རུ་གྱུར་པ་ཡི་བདག་ཏུ་འཛིན་པའམ་ངའོ་སྙམ་པའི་ང་རྒྱལ་ནི་བདག་ཡོད་དུ་བཟུང་བའི་རྨོངས་པས་འཕེལ་བར་འགྱུར་བར་འགྱུར་བས་ན་བདག་མེད་པ་ལ་ཡོད་པར་རྨོངས་པ་དེ་ནི་བཟློག་པར་བྱ་སྟེ། རྨོངས་པ་དེ་མེད་ན་བདག་ཏུ་མི་འཛིན་ལ། བདག་འཛིན་དེ་མེད་ན་འཁོར་བར་འཁོར་ཞིང་སྐྱེ་བར་མི་འགྱུར་ཏེ། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་ཟད་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་པ་བཞིན་ནོ། །ཁོ་ན་རེ། ཇི་ལྟར་ཁྱོད་བཏགས་པའི་བདག་ལས་བློ་ལྡོག་པར་མི་ནུས་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་བདག་དེ་ལས་ཀྱང་ཡུལ་ཅན་བློ་གཏན་དུ་བཟློག་པ་མེད་དེ་ཐོག་མེད་ནས་གཤིས་ལ་ཞུགས་པའི་ཕྱིར་རོ་ཅེ་ན། དེ་གཉིས་མི་མཚུངས་ཏེ་བཏགས་པ་ཙམ་རྟེན་ནས་འབྱུང་བའི་དབང་གིས་སྣང་བ་ལ་སོ་སྐྱེའི་ངོར་མི་སྣང་བར་སྒྲུབ་བྱེད་ཀྱི་རིགས་པ་མེད་ལ་བཟློག་ཀྱང་མི་དགོས་མོད། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་དངོས་པོའི་གནས་ཚུལ་རྟོགས་པའི་བློ་བདག་མེད་པ་སྒོམ་པ་ཡིས་སྤོང་ནུས་ཏེ། སྣང་བས་མུན་པ་བཞིན་དེ་ཡི་གཉེན་པོ་མཆོག་ཡིན་ཏེ་ཡང་དག་པའི་ཚད་མ་དང་ལྡན་པ་དེ་ཉིད་སྟོབས་དང་ལྡན་པའི་ཕྱིར་ནའོ། །དེས་ན་བདག་ཏུ་ལྟ་བ་ནི་དངོས་པོའི་གནས་ཚུལ་ལས་གཞན་དུ་རྐྱེན་གྱིས་རེ་ཞིག་སེམས་གོལ་བ་ཡིན་ལ། དེ་ལུང་དང་རིགས་པའི་ལམ་ལས་བཟློག་སྟེ་དངོས་པོའི་གནས་ཚུལ་ལ་བློ་ཞུགས་པར་བྱས་ན་དེ་སེམས་ཀྱི་གཤིས་ཡིན་པར་དེ་དང་སེམས་བྲལ་དུ་མི་རུང་སྟེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཆོས་བདག་མེད་ལ། ལུས་དྲན་པ་ཉེ་བར་བཞག་པ། ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པ་སྟེ་བཞི་ལས། དང་པོ་ལ། ཡན་ལག་ཅན་མེད་པར་བསྟན་པ་དང་། ཡན་ལག་མེད་པར་བསྟན་པའོ། །དང་པོ་ཡན་ལག་ཅན་ལུས་ཉིད་མེད་པར་བསྟན་པ་ནི། ལུས་ཞེས་པའང་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་མེད་དེ། འདི་ལྟར་སྐྱེ་མཆེད་རྫོགས་པའི་ལུས་ཞེས་རིལ་པོ་གཅིག་པུའི་རྣམ་པར་བཟུང་བ་དེ་ནི་ལག་པ་སོགས་ལ་ཡོད་དགོས་ནའང་། རྐང་པ་ཞེས་པ་པུས་མོ་མན་ཆད་ཀྱི་སྤྱི་མིང་ཡིན་ཀྱང་། འདིར་འདོགས་ཡུལ་གཙོ་བོ་ས་གཞིའི་ངོས་ལ་བརྟེན་པའི་མཐིལ་དང་བྱིན་པ་སྟེ་རྗེ་ངར་ཡང་ལུས་མིན་ལ། དེ་བཞིན་དུ་བརླ་དང་རྐེད་པའང་ལུས་མ་ཡིན་ཞིང་ལྟ་ོབ་དང་རྒྱབ་ཀྱང་ལུས་མིན་ཏེ་བྲང་དང་དཔུང་པའང་ལུས་མ་ཡིན། རྩིབ་ལོག་དང་ལག་པའང་ལུས་མིན་ཏེ་མཆན་ཁུང་དང་ཕྲག་པའང་ལུས་མ་ཡིན། རྒྱུ་མ་ལ་སོགས་པའི་ནང་ཁྲོལ་རྣམས་ཀྱང་ལུས་དེ་མིན་ལ་མགོ་དང་མགྲིན་པའང་ལུས་མིན་ཏེ་དེ་དག་རེ་རེ་ནས་ལུས་ཀྱི་མཚན་ཉིད་དང་མི་མཐུན་པའི་ཕྱིར། དུར་ཁྲོད་དུ་འཐོར་བའི་ལུས་ཀྱི་དུམ་བུ་བཞིན་ད་ལྟ་འབྲེལ་བར་སྣང་ཡང་རུང་ཕན་ཚུན་འདྲེས་པ་མེད་པར་རང་ས་ན་ཡོད་ན་དེ་རེ་རེ་ལུས་སུ་ག་ལ་འགྱུར་ཏེ་ལག་པ་སོགས་བཅད་ཀྱང་ལུས་གནས་པར་འདོད་པས་སོ། །དེས་ན་ལག་སོགས་ཆ་ཤས་དུ་མའི་ཚོགས་པ་ཅན་འདི་ལ་ལུས་ཞེས་པ་དེ་ནི་གང་ཞིག་ཡིན། །དེ་ལ་འདི་སྙམ་དུ་དེ་དག་རེ་རེ་ལུས་མིན་ཡང་ལུས་ནི་དེ་དག་ལ་ཁྱབ་ནས་ཡོད་དོ་སྙམ་ན། ལུས་གཅིག་གི་ཆ་ཤས་ཀྱིས་འདི་ཀུན་ལ་ཁྱབ་པ་ཡིན་ནམ། ཆ་ཤས་ཅན་ལུས་དུ་མས་རེ་རེ་བཞིན་དུ་ཁྱབ་པ་ཡིན། གལ་ཏེ་ལུས་ཞེས་པ་འདི་ལག་སོགས་ཡན་ལག་ཐམས་ཅད་ལ་ཆ་ཤས་སམ་ཕྱོགས་རེ་ཡིས་ནི་གནས་པར་འགྱུར་བར་འདོད་ན། ལུས་དེའི་ཆ་ཤས་རྣམས་ལག་སོགས་ཆ་སོ་སོ་ལ་གནས་པར་འགྱུར་དུ་ཆུག་མོད། ཆ་ཤས་ཅན་ལུས་དེ་རང་ཉིད་ནི་གང་ལ་གནས་ཏེ་ལག་སོགས་རེ་རེ་ནས་བསལ་བའི་ཤུལ་ན་ཁྱབ་བྱེད་ལུས་མ་དམིགས་པས་སོ། །གལ་ཏེ་བདག་ཉིད་ཀུན་ལྡན་གྱི་ལུས་རིལ་པོའི་ཆ་ཚང་བ་རེ་ལག་པ་སོགས་ཡན་ལག་རྣམས་ལ་གནས་ན་ནི། ལག་སོགས་ཡན་ལག་དེ་དག་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ནི་གྲངས་དང་མཉམ་པའི་ལུས་དུ་མ་རྣམས་སུ་ཡོད་པར་འགྱུར་ནའང་ལུས་རིལ་པོ་གཅིག་པ་ཞིག་ཏུ་འཛིན་པས་དེ་ལྟ་བུ་ནི་མི་སྲིད་དོ། །དེས་ན་སྐྱེ་མཆེད་དྲུག་གི་ཕྱི་དང་དེ་དག་གི་ནང་ཀུན་ཏུ་རིགས་པས་བཙལ་ན་ལུས་མ་དམིགས་པའི་ཕྱིར་མེད་པ་ཡིན་ན་ཇི་ལྟར་ལག་པ་སོགས་ལ་ལུས་ཡོད་པར་འགྱུར། ལག་སོགས་རྣམས་ལས་ལུས་ཀྱི་གདགས་གཞི་གཞན་ནི་མེད་ན་ལུས་དེ་ནི་ཇི་ལྟར་ཡོད་པ་ཡིན་ཏེ་མེད་དོ། །དེ་ལ་རྐང་པ་ལུས་མིན་སོགས་ཀྱི་ཡན་ལག་དང་གཅིག་མིན་པར་བསྟན། གལ་ཏེ་ལུས་འདི་སོགས་ཀྱིས་ཡན་ལག་དང་འབྲེལ་བ་ཅན་ཐ་དད་དུ་མེད་པར་བསྟན་ཏོ། །དེས་ན་ལུས་མེད་ཀྱང་ལག་པ་སོགས་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་རྨོངས་ཤིང་འཁྲུལ་པ་ཡིས་ནི་ལུས་སུ་འཛིན་པའི་བློ་འབྱུང་བར་འགྱུར་ཏེ་དཔེར་ན་མི་དང་འདྲ་བའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་ཐོ་ཡོར་ལ་ནི་མི་རུ་འཁྲུལ་པའི་བློ་འབྱུང་བ་བཞིན་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་དོ། །འདི་ན་ཇི་སྲིད་དབང་པོ་སོགས་དབྱིབས་ཀྱི་ཁྱད་པར་གྱི་རྐྱེན་ཚོགས་པ་དེ་སྲིད་དུ་ལུས་འདི་ནི་སྐྱེས་བུ་ལྟར་སྣང་བ་ཡིན་གྱི། རྐྱེན་མ་ཚང་ན་སྐྱེས་པའི་ལུས་སུ་མི་འཇོག་སྟེ་མཚན་འགྱུར་བའམ། མེར་མེར་པོ་དང་། བསྲེགས་ཏེ་ཐལ་བར་བྱས་པའི་སྐབས་བཞིན་དུའོ། །དེ་འདྲ་བར་བུད་མེད་ཀྱང་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་ལག་པ་སོགས་ཡན་ལག་ལ་ལུས་སུ་སྣང་བའི་རྐྱེན་ཕན་ཚུན་འབྲེལ་བར་གྱུར་པ་སོགས། དེ་དག་ཡོད་པ་དེ་སྲིད་དུ་ལག་པ་སོགས་དེར་ལུས་སུ་སྣང་གི་རང་གི་ངོ་བོ་ཉིད་ཀྱིས་ལུས་སུ་ཡོད་པ་མིན་ཏེ་ཤ་དང་རུས་པའི་དུམ་བུ་བཞིན་ནོ། །འདིར་རྒྱ་དཔེ་ལ་ལར། ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ། །ཤིང་ནི་སྐྱེས་བུ་ལྟར་སྣང་བ། །ཞེས་འབྱུང་བའི་དོན་ལྟར་ན་ཤིང་ངམ་ཐོ་ཡོར་ལ་འགྲེང་བ་སོགས་དབྱིབས་ཀྱི་ཁྱད་པར་དང་། སྣང་བ་མི་གསལ་བ་སོགས་རྐྱེན་ཚོགས་པ་སྲིད་དུ་སྐྱེས་པའམ་བུད་མེད་དུ་སྣང་བ་བཞིན་དུ་ཞེས་སྦྱར་རོ། །གཉིས་པ་ཡན་ལག་རྣམས་མེད་པར་བསྟན་པ་ནི། ལུས་མེད་ཀྱང་ལག་སོགས་ཡན་ལག་ནི་མངོན་སུམ་མཐོང་བས་ཡོད་དོ་ཞེ་ན་ལུས་བདེན་པར་མ་གྲུབ་པ་དེ་བཞིན་སོར་མོའི་ཚོགས་སོ་སོ་བའི་ཡན་ལག་ཙམ་གྱི་ཚོགས་པ་ཡིན་པའི་ཕྱིར་ད་ེལ་ཡན་ལག་ཅན་ལག་པ་ཞེས་བཏགས་ནའང་རྫས་གཅིག་ཏུ་བདེན་པར་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་མི་འགྱུར་ལ། སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ཡིན་པའི་ཕྱིར་བདེན་པར་མེད་ཅིང་། ཚིགས་ཀྱང་རང་གི་ཕྱོགས་སོ་སོའི་ཆ་རུ་ཕྱེ་བས་དུ་མར་འགྱུར་ཏེ་སྟེང་གི་ཆ་འོག་མིན་ལ། འོག་གི་ཆ་སྟེང་མིན་པ་སོགས་མ་འདྲེས་པར་གནས་སོ། །ཆ་དེ་ཡང་རགས་པའི་རྡུལ་ནས་རྡུལ་ཕྲན་གྱི་བར་དུ་ཕྱེ་བར་བྱས་ཏེ་རྡུལ་ཕྲ་རབ་དེ་ལའང་ཕྱོགས་སོ་སོའི་ཆ་རུ་སྣང་བའི་དབྱེ་བ་ཡིས་དུ་མར་འགྱུར་ཞིང་མཐར་གཏུགས་ན་ཕྱོགས་ཀྱི་དབྱེ་བ་གང་དུའང་ཆ་གཅིག་བདེན་པར་གྲུབ་པ་མི་རྙེད་དེ་ཆ་ཤས་དང་བྲལ་བར་འགྱུར་ཏེ། དེའི་རྒྱུ་མཚན་རྡུལ་ཕྲ་རབ་ཀྱི་རགས་པ་བརྩམས་ཚེ་ཕྱོགས་བཞི་སྟེང་འོག་གི་རྡུལ་དྲུག་གིས་བསྐོར་བ་ན་དབུས་རྡུལ་དེ་ལ་རྡུལ་གཞན་དྲུག་པོ་དང་རེག་པའི་ཆ་རེ་ཡོད་ན་ཆ་དྲུག་ཏུ་འགྱུར་ལ། མེད་ན་རྡུལ་དྲུག་པོས་གོ་ས་གཅིག་ལས་མ་ནོན་པས་གོང་བུའི་རྡུལ་ཚོགས་ཀྱང་རྡུལ་ཕྲན་ལས་ཆེར་མི་འགྱུར་བའི་ཕྱིར་རོ། །དེས་ན་ལག་པ་སོགས་ཡན་ལག་ཐམས་ཅད་དང་གཟུགས་སྣང་ཐམས་ཅད་རགས་པ་ཕྲ་བ་དང་། ཕྲ་མོ་རྡུལ་དང་རྡུལ་ཕྲ་རབ་ཀྱི་བར་དུ་ཕྱེ་སྟེ། དེ་ཡང་ཉི་ཟེར་གྱི་རྡུལ་གཅིག་ཆ་བདུན་དུ་བསྒོས་པ་ལ་གླང་རྡུལ་དང་དེས་བསྒྲེས་ཏེ། ལུག རི་བོང་། ཆུ་ལྕགས། རྡུལ་ཕྲན། རྡུལ་ཕྲ་རབ་ཀྱི་བར་རིམ་པར་བདུན་བདུན་དུ་གསིལ་ཏེ། མདོར་ན། ཉི་ཟེར་གྱི་ནི་རྡུལ་གཅིག་ལ། །ཕྲ་རབ་རྡུལ་ནི་འབུམ་ཕྲག་བརྒྱད། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་གསུམ། །བརྒྱ་ཕྲག་ལྔ་དང་བཞི་བཅུ་གསུམ། །ཞེས་པ་ལྟར་གྱི་རྡུལ་ཕྲ་རབ་དེ་ཡང་ཕྱོགས་ཆའི་དབྱེ་བས་གཞལ་ན་ནམ་མཁའ་བཞིན་དུ་སྟོང་པར་འགྱུར་གྱི། གཟུགས་སུ་གྲུབ་པ་མེད་པ་དེས་ན་རྡུལ་ཕྲ་རབ་ཏུ་ཡང་གྲུབ་པ་མེད་དོ། །དེ་ལྟར་བདེན་པར་མ་གྲུབ་པའི་རྨི་ལམ་ལྟ་བུ་ཡི་གཟུགས་ལ་དེ་ཁོ་ན་ཉིད་ཀྱི་དཔྱོད་པ་དང་ལྡན་པ་སུ་ཞིག་ཆགས་རིགས་ཏེ་མི་རིགས་སོ། །གང་ཚེ་དེ་ལྟར་ལུས་རང་བཞིན་མེད་པ་དེ་ཡི་ཚེ་དེའི་བྱེ་བྲག་སྐྱེས་པ་གང་ཡིན་ལ་བུད་མེད་གང་ཡིན་ཏེ་བདེན་པར་མེད་དོ། །གཉིས་པ་ཚོར་བ་དྲན་པ་ཉེ་བར་བཞག་པ་ལ། ཚོར་བའི་ངོ་བོ་དང་། རྒྱུ་དང་། འབྲས་བུ་དང་། ཚོར་བ་པོ་ལ་དཔྱད་པ་བཞི་ལས། དང་པོ་ངོ་བོ་ལ་དཔྱད་པ་ནི། ཚོར་བ་སྡུག་བསྔལ་འདི་དེ་ཁོ་ན་ཉིད་དུ་རང་གི་ངོ་བོས་སེམས་ཀྱི་རྒྱུད་ལ་ཡོད་པ་ཞིག་ཡིན་ན། ཅི་སྟེ་རྒྱུད་ལ་རབ་ཏུ་དགའ་བ་སྐྱེ་བ་ལ་མི་གནོད་དེ། གནོད་ཅིང་དགའ་བ་སྐྱེ་བར་མི་འགྱུར་ནའང་དེ་ལྟར་མ་ངེས་པའི་ཕྱིར། བདེ་བའང་དེས་མཚོན་ཏེ་ཤེས་ནུས་པས་ལོགས་སུ་སྨོས་མི་དགོས་སོ། །དེས་ན་དེ་གཉིས་ཕན་ཚུན་འགལ་བས་གང་གི་རང་བཞིན་དུ་གྲུབ་པ་དེ་གཅིག་ཤོས་སུ་མི་རུང་སྟེ། དངོས་པོས་རང་གི་ཆོས་འདོར་བ་མི་སྲིད་པས་སོ། །དེས་ནི་ནང་བློ་ཡི་སྟེང་ན་ཚོར་བ་བདེན་གྲུབ་མེད་པར་བསྟན་ནས། ད་ནི་ཕྱིའི་དབང་དུ་བྱས་ཏེ་གསུངས་པ། གྲངས་ཅན་པ་སོགས་འདོད་པ་ལྟར་བདེ་བ་ཕྱི་ཡུལ་གྱི་སྟེང་ནའང་བདེན་པར་མ་གྲུབ་སྟེ། ཡུལ་གཟུགས་བཟང་བ་དང་རོ་མངར་བ་སོགས་བདེ་བའི་རང་བཞིན་ཡིན་ན། བུ་ཤི་བའི་མྱ་ངན་གྱིས་གདུངས་པ་དང་འཇིགས་པས་མྱོས་པ་སོགས་ལ་ཟས་ཞིམ་པོ་དང་ལྟད་མོ་སོགས་ཀྱིས་ཅི་སྟེ་དགའ་བར་མི་བྱེད་དེ་ཞིམ་སོགས་དངོས་པོ་དེ་ཉིད་ལ་བདེ་བ་ཡོད་པའི་ཕྱིར་མེའི་ཚ་བ་བཞིན་ནོ། །དེ་ལ་སྡུག་བསྔལ་དེ་ཁོ་ན་ཉིད་དུ་ནང་བློ་ལ་མེད་པ་ནི་མ་ཡིན་ཀྱང་ནང་གི་རབ་ཏུ་དགའ་བ་ཁྱད་པར་ཅན་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར་གལ་ཏེ་དེ་མྱོང་བ་མ་ཡིན་ཏེ་དཔེར་ན་ཉི་མས་རྒྱུ་སྐར་བཞིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པ་དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ་ཚོར་བའི་མཚན་ཉིད་མེད་པའི་ཕྱིར། ཉམས་སུ་མ་མྱོང་ཡང་ཚོར་བར་འཇོག་ན་ནམ་མཁའི་མེ་ཏོག་གི་དྲི་ཡང་ཚོར་བར་ཐལ་ལོ། །རིགས་པ་འདིས་གདུང་ལྡན་ཞིམ་སོགས་མི་དགའ་བའང་གདུངས་པ་སྟོབས་ཆེན་པོས་ཟིལ་གྱིས་མནན་ནས་མི་མྱོང་ཟེར་ན་ཡང་འདི་བཞིན་དུ་དཔྱད་པར་བྱའོ། །དེ་ལ་དེ་དག་འདི་སྙམ་དུ། གཏན་ནས་མ་མྱོང་ན་ཚོར་བར་མི་རུང་བས་ན་དགའ་བ་སྟོབས་ལྡན་མྱོང་བཞིན་པའི་སྐབས་སུ་སྡུག་བསྔལ་གཏན་མ་མྱོང་བ་ནི་མིན་ཡང་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་པས་དེ་མྱོང་བ་མི་ཤེས་པ་ཡིན་ཏེ། དཔེར་ན་བུ་རམ་གྱི་ཁུ་བ་མང་པོའི་ནང་ན་ཚྭ་ཆུའི་ཐིགས་པ་ཕྲ་མོ་ལྷུང་བ་བཞིན་ན་ཞེ་ན། རྒྱུད་གཅིག་ལ་སྡུག་བསྔལ་ཕྲ་མོ་དང་བདེ་བ་ནུས་མཚུངས་སུ་འགྲོགས་པ་ནི་མེད་དེ། ཡོད་ན་བདེ་སྡུག་གཉིས་དུས་མཉམ་པར་རྒྱུད་གཅིག་ལ་སྣང་དུ་རུང་བ་ལ་དེ་མ་དམིགས་པ་དང་། ཁྱོད་ཀྱི་སྡུག་བསྔལ་འདི་ཡི་རགས་པ་སྟོབས་ཆེན་པོའི་ཆ་ནི་བདེ་བས་བསལ་བར་འདོད་པ་མིན་ནམ། དེ་ལྟ་ན་འདིའི་ཕྲ་བའང་ཅིས་མི་སེལ་ཏེ། དེའི་གཉེན་པོ་སྟོབས་ལྡན་གནས་བཞིན་པ་ཡིན་པའི་ཕྱིར་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་བཞིན་ནོ། །དེའི་ཕྱིར་བདེ་བ་སྟོབས་ཆེན་མྱོང་བཞིན་པ་ན་དེའི་འགལ་ཟླར་གྱུར་པའི་སྡུག་བསྔལ་ཕྲ་བའང་མྱོང་བ་མེད་དོ། །ཡང་ཁོ་ན་རེ། སྡུག་བསྔལ་ཕྲ་མོ་ཡོད་ཀྱང་དེ་ནི་རང་གི་ནུས་པ་འབྱིན་མ་ནུས་པར་བདེ་བ་སྟོབས་ཆེན་པོས་ཁ་བསྒྱུར་ཏེ་སོང་བས། བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཙམ་སྟེ་དགའ་བ་ཕྲ་མོའི་རྣམ་པར་མྱོང་ངོ་ཞེ་ན། དགའ་བ་ཙམ་དུ་གཏོགས་པའི་ཕྲ་མོ་ཉིད་དེ་ཡང་དགའ་བ་དེའི་རིགས་ཡིན་གྱི་སྡུག་བསྔལ་ནམ་ཡང་མ་ཡིན་ན་དེ་ལྟར་བརྟགས་པས་ཅི་ཞིག་བྱ། གལ་ཏེ་འགལ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པས་ན། རྒྱུ་མ་ཚང་བའི་སྡུག་བསྔལ་ནི་དེ་ཚེ་སྐྱེས་པ་མིན་ནོ་ཞེ་ན་ནི། ཚོར་བ་ཞེས་བྱ་བ་དེ་ནི་དངོས་པོ་ལ་གྲུབ་པ་མེད་པར་ནང་གི་རྟོག་པ་ཡིས་བདེ་སོགས་སུ་མངོན་པར་ཞེན་པའམ་བཏགས་པ་ཙམ་ཉིད་ཡིན་ཞེས་བྱ་བར་དངོས་པོའི་སྟོབས་ལས་གསལ་བོར་འོངས་ཤིང་གྲུབ་པ་མིན་ནམ་སྟེ་འདི་ལྟར་རྐྱེན་གྱི་དབང་གིས་བདེ་སྡུག་རེས་འགའ་བར་དམིགས་པའི་ཕྱིར་རོ། །དེས་ན་བདེ་སྡུག་ཞེས་གྲུབ་གྲུབ་མོ་ཞིག་ཏུ་བལྟས་ནས་དེ་ལ་འདོར་ལེན་གྱི་ཆེད་དུ་འབད་པ་ནི་འཁྲུལ་པ་སྟེ། རང་གི་བློས་མངོན་པར་མ་བརྟགས་ཀྱི་བར་དུ་བདེ་སྡུག་རང་མཚན་པ་ཕྱི་ནང་ཀུན་ཏུའང་མི་གནས་ཏེ། དཔེར་ན་སྐྱུག་ནད་ཅན་དང་བཀྲེས་པ་ལ་མར་ཁུ་དང་། གཙང་སྦྲ་ཅན་དང་ཕག་པ་ལ་ལུད་ཕུང་དང་། མི་སྡུག་པ་གོམས་པ་དང་ཆགས་ཅན་ལ་བུད་མེད་ཀྱི་དངོས་པོ་བཞིན་དུ་རང་གི་རྟོག་པའི་དབང་གིས་དེར་འགྱུར་བ་སྟེ་བདེ་སྡུག་སོགས་ཀྱི་དངོས་པོ་རང་མཚན་པ་མེད་དོ། །རྒྱུ་མཚན་དེ་ལྟ་བུ་ཉིད་ཀྱི་ཕྱིར་ན་ཚོར་བ་ལ་མངོན་པར་ཞེན་ནས་འདོར་ལེན་གྱི་རྣམ་པར་རྟོག་པ་འདི་ཡི་ནི་གཉེན་པོར་བཤད་མ་ཐག་པའི་རྣམ་པར་དཔྱོད་པ་འདི་ལྟ་བུ་བསྒོམ་པར་བྱ་སྟེ། དེའི་གཉེན་པོ་ནི་འདི་ལས་གཞན་མེད་པའི་ཕྱིར་རོ། །དེ་འདྲའི་རྣམ་པ་བརྟག་ཅིང་དཔྱད་པའི་ཞིང་ས་བཟང་པོ་ལྟ་བུ་ལས་བྱུང་བ་ཡི་ཚོར་བ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པའི་བསམ་གཏན་དེ་ནི་རྣལ་འབྱོར་པ་ཡི་ལོངས་སྤྱད་པའི་ཟས་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་གྱི་དགའ་བ་ཉམས་སུ་མྱོང་ཞིང་རྟོགས་པའི་ལུས་རྒྱས་པའི་ཕྱིར་རོ། །གཉིས་པ་ཚོར་བའི་རྒྱུ་ལ་བརྟག་པ་ནི། གལ་ཏེ་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པའི་རྒྱུ་ལས་ཚོར་བ་འབྱུང་བར་འགྱུར་རོ་སྙམ་ན། འདི་ལྟར་ཡུལ་ཅན་དབང་པོ་དང་གཟུགས་སོགས་ཡུལ་ཏེ་དབང་དོན་གཉིས་པོ་འདི་དང་བར་དང་བཅས་པའམ་བར་མེད་པ་གང་ཡིན། དང་པོ་ལྟར་ན། དེ་དག་གང་དུ་འཕྲད་པར་འགྱུར་ཏེ་བར་ཆོད་པ་ལ་ཕྲད་མི་སྲིད་དེ་ཤར་ནུབ་ཀྱི་རི་བཞིན་ནོ། །གཉིས་པ་ལྟར་བར་མེད་ན་ཡང་དེ་གཉིས་གཅིག་པ་ཉིད་དུ་ཐལ་ཏེ། དེ་ལྟར་ན་ཡུལ་ཅན་གང་ཞིག་ཡུལ་གང་དང་འཕྲད་པར་འགྱུར་ཏེ་མིག་རང་ཉིད་རང་ཉིད་ལ་ཕྲད་པ་མི་སྲིད་པ་བཞིན་ནོ། །དེར་ཁོ་ན་རེ། ཐལ་མོ་ཕན་ཚུན་སྦྱར་བ་ལ་སོགས་པ་བཞིན་དུ་ཅི་སྟེ་མེད་སྙམ་ན་དེ་ནི་རྟོག་པས་ཞེན་པ་ཙམ་ལས་ཡང་དག་པར་མིན་ཏེ། དབང་དོན་རགས་པ་རྣམས་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དེ་གང་མདུན་ཕྲད་ན་རྒྱབ་མ་ཕྲད་པ་ལྟ་བུའོ། །དེའི་ཚུལ་གྱིས་དཔྱད་ན་རྡུལ་གཞན་གྱིས་བར་དུ་ཆོད་པའི་རྡུལ་རྣམས་ནི་མ་ཕྲད་ལ། མཐར་བར་མ་ཆོད་པའི་དབང་དོན་ཀྱི་རྡུལ་ཕྲ་རབ་ཕྲད་དགོས་ཀྱང་། ཕྲ་རྡུལ་ལམ་རྡུལ་ཕྲན་ནི་རྡུལ་ཕྲན་གཞན་ལ་འཇུག་པ་སྟེ་གཅིག་གི་ནང་དུ་གཅིག་ཞུགས་ཤིང་འདྲེས་པའམ་ཐིམ་པ་ལྟ་བུ་ནི་མེད་དེ། ཆ་མེད་ཀྱི་རྡུལ་དེ་ལ་ནི་ཁོང་སྟོང་གི་སྐབས་མེད་པ་དང་གཉིས་ཀ་བོངས་ཚད་མཉམ་པ་ཡིན་ལ། དེ་ལྟར་མ་ཞུགས་པ་ལ་ཕན་ཚུན་འདྲེས་པ་མེད་ཅིང་མ་འདྲེས་པ་ལ་ནམ་ཡང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དོ། །དེས་ན་རྡུལ་ཕྲན་ཆ་མེད་པ་དེ་ལའང་ཕྲད་པ་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་འཐད་པར་འགྱུར་ཏེ་ཕྱོགས་གཅིག་དང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་གཉིས་ཀ་དེ་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་ཕྲད་པ་ཡིན་པ་དང་ནི་ཆ་མེད་པའང་ཡིན་པར་གལ་ཏེ་ཁྱོད་ཀྱིས་མཐོང་ན་ཁོ་བོ་ལ་བསྟན་པར་གྱིས་ཤིག་དང་ཕྲད་པ་གྲུབ་པར་འགྱུར་རོ་ཞེས་བསྟན་མི་ནུས་པའི་ཚད་དུ་དགོངས་པའོ། །དེས་ཡུལ་དབང་ཤེས་གསུམ་འདུས་པ་ཞེས་པའི་དབང་དོན་འདུས་པ་མེད་པར་བསྟན་ནས། ཡང་རྣམ་ཤེས་ནི་རྡུལ་ཚོགས་པའི་ལུས་མེད་པ་ལ་ནི་ཡུལ་དང་ཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ། གལ་ཏེ་ལུས་མེད་ཀྱང་ཕྲད་པ་ཡོད་ན་ནམ་མཁའ་དང་ལག་པ་ཕྲད་པ་དང་། མོ་གཤམ་གྱི་བུ་དང་ཡང་ཕྲད་པར་འགྱུར་རོ། །གལ་ཏེ་ཕྲད་ཅིང་རེག་པ་མེད་ཀྱང་ཡུལ་དབང་ཤེས་གསུམ་ཚོགས་པ་ཡོད་དོ་སྙམ་ན་ཚོགས་པ་ཞེས་པའང་བརྟགས་ཤིང་དཔྱད་ན་དངོས་པོར་གྲུབ་པ་མེད་པའི་ཕྱིར་བདེན་པ་མིན་ཏེ། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ཞེས་སོགས་ཀྱིས་སྔར་ནི་ཇི་ལྟར་རིགས་པས་རྣམ་པར་དཔྱད་ཟིན་པ་བཞིན་ནོ། །དེ་ལྟར་བརྟགས་ན་རྒྱུ་རེག་པ་ཡོད་པ་མིན་ན། འབྲས་བུ་ཚོར་བ་གང་ལས་འབྱུང་བར་འགྱུར་ཏེ་འབྱུང་མི་སྲིད་དོ། །དེས་ན་དོན་མེད་ཀྱི་ངལ་བ་སྣ་ཚོགས་པ་འདི་ཅི་ཡི་དོན་དུ་ཡིན་ཏེ། གང་དོན་དུ་གཉེར་ཞིང་བསྒྲུབ་པར་བྱ་བའི་བདེ་བ་མེད་ལ། སྡུག་བསྔལ་གང་གིས་གང་ཟག་གང་ལ་གནོད་པར་འགྱུར་ཏེ་སྒྱུ་མའི་སེམས་འཁྲུལ་པའི་སྣང་བ་ཙམ་མོ། །གསུམ་པ་འབྲས་བུ་སྲེད་པ་ལ་དཔྱད་པ་ནི། འདི་ལྟར་སྲེད་པ་ལྡོག་མེད་དུ་སེམས་ཅན་ཐམས་ཅད་ལ་སྐྱེ་བས་ན་དེའི་རྒྱུ་ཚོར་བ་ཅི་སྟེ་མེད་ཅེ་ན། འདི་ཡང་ཡང་དག་པར་མ་ཡིན་ཏེ། གང་གི་ཚེ་ཚོར་བ་པོ་བདག་དང་ཤེས་པ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ཅིང་དེས་མྱང་བྱ་ཚོར་བའང་ཡོད་པ་མ་ཡིན་པ། དེ་ཚེ་ཚོར་བྱ་དང་ཚོར་བྱེད་དོན་ལ་མེད་པའི་གནས་སྐབས་འདི་ལྟ་བུ་མཐོང་ནས་ཚོར་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སྲེད་པ་ཅི་ཡི་ཕྱིར་ལྡོག་པར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །བཞི་པ་ཚོར་བ་པོ་ལ་དཔྱད་པ་ནི། གལ་ཏེ་ཚོར་བ་དང་ཚོར་བ་པོ་མེད་ན་མཐོང་བ་སོགས་འདི་མི་འཐད་དོ་སྙམ་ན། མིག་གིས་གཟུགས་མཐོང་བའམ་ནི་ལུས་ཀྱིས་རེག་པ་སྟེ་ཐོག་མཐའ་གཉིས་ཀྱི་བར་ཀུན་མཚོན་པར་བྱས་པའི་ཐོས་སྣོམ་པ་ལ་སོགས་པ་འདི་དག་དོན་ལ་མེད་ན་ཡང་རྨི་ལམ་དང་སྒྱུ་མ་འདྲ་བའི་བདག་ཉིད་ཀྱིས་ཡིན་ཏེ། སློབ་དཔོན་གྱིས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་སོ། །དེས་ན་མི་བདེན་བཞིན་དུ་སྣང་ཙམ་ལས་ཡང་དག་པར་མི་མཐོང་སྟེ། འདི་ལྟར་ཚོར་བ་དང་དེ་མྱོང་བའི་སེམས་དུས་མཉམ་མམ་མི་མཉམ་ཞེས་དཔྱད་ཚེ་དུས་མཉམ་པར་གྱུར་ན་ནི་མྱོང་བྱེད་སེམས་དང་མྱང་བྱ་ཚོར་བ་གཉིས་དུས་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། ཚོར་བ་དེ་སེམས་དེ་ཡིས་མྱོང་བའམ་མཐོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་པ་ནི་གང་གང་གི་སྔོན་དུ་མེད་པས་ཕན་ཚུན་མི་ལྟོས་ཤིང་འབྲེལ་མེད་སོ་སོ་བའི་ཕྱིར་མི་མྱོང་ངོ་། །གལ་ཏེ་དུས་མི་མཉམ་པར་ཚོར་བ་སྔར་སྐྱེས་པ་དང་སེམས་ཕྱི་མར་སྐྱེས་པས་ཀྱང་དེ་ཉིད་དྲན་པར་འགྱུར་བ་ཡིན་གྱི་དངོས་སུ་མྱོང་བ་མ་ཡིན་ཏེ་ཚོར་བ་དེ་འགགས་ཟིན་པས་སེམས་ཀྱི་རང་དུས་ན་མེད་པའི་ཕྱིར་རོ། །དེ་ལྟར་ཚོར་བྱེད་ཀྱི་སེམས་འདས་པ་ནི་འགགས་ཟིན་པས་དེས་མྱོང་མི་སྲིད་ལ། ད་ལྟ་དང་མ་འོངས་པའི་སེམས་ཀྱིས་མི་མྱོང་བར་རིགས་པས་བསྒྲུབས་པའོ། །དེ་བཞིན་དུ་ཡུལ་ཚོར་བ་འདས་པ་ནི་དྲན་པ་ལས་མི་མྱོང་ལ། ད་ལྟ་ནི་མྱོང་མི་ཤེས་མ་འོངས་པ་ནི་མེད་པས་ད་ལྟའི་ཤེས་པས་མྱོང་མི་སྲིད་དོ། །འདི་ལྟར་ཚོར་བ་རང་གིས་བདག་རང་ཉིད་མྱོང་བ་སྲིད་པ་མིན་ཏེ་རང་ལ་རང་བྱེད་པ་འགལ་བའི་ཕྱིར་རང་རིག་བཀག་པ་བཞིན་ཡིན་ལ་ཚོར་བ་དེ་ལས་གཞན་དུ་གྱུར་པའི་ཤེས་པ་དག་གིས་ཀྱང་མྱོང་བ་མ་ཡིན་པར་བཤད་མ་ཐག་པ་ཉིད་ཀྱི་ཕྱིར་ན། ཚོར་བ་དེ་ཚོར་བ་པོ་འགའ་ཡང་ཡང་དག་པར་ཡོད་པ་མིན་ཏེ། རྒྱུ་མཚན་དེས་ན་ཚོར་བ་འདི་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ནོ། །དེ་ལྟར་མྱོང་བ་པོའི་བདག་མེད་པར་ཕུང་པོའི་ཚོགས་པ་རྨི་ལམ་སྒྱུ་མ་ལྟ་བུ་འདི་ལ་ཚོར་བ་སྡུག་བསྔལ་བ་ཞེས་རང་བཞིན་མ་གྲུབ་པ་འདི་ཡིས་ཇི་སྟེ་གནོད་པར་བྱ་བ་ཡིན་ཏེ། དོན་ལ་ཕན་གནོད་གང་ཡང་མེད་དོ། །གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ལ། ཡིད་ཤེས་རང་བཞིན་མེད་པར་བསྟན་པ་དང་། རྣམ་ཤེས་ལྔ་རང་བཞིན་མེད་པར་བསྟན་པའོ། །དང་པོ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་སོགས་ནང་གི་དབང་པོ་རྣམས་ལ་མི་གནས་ཤིང་། གཟུགས་སོགས་ཕྱིའི་ཡུལ་རྣམས་ལ་ཡང་གནས་པ་མིན་ཏེ་ཡུལ་དབང་དེ་དག་ཡོད་ཀྱང་རེས་མི་སྐྱེ་བས་སོ། །དེ་གཉིས་ཀྱི་བར་ནའང་གནས་པ་མིན་ཏེ་མ་དམིགས་པས་སོ། །ནང་ལུས་ཀྱི་དབུས་ན་ཡང་སེམས་ཡོད་པ་མིན་ལ་ཕྱི་ལུས་ཀྱི་ཡན་ལག་རྣམས་ལའང་མིན་ཞིང་། དེ་ལས་གཞན་དུ་ཡང་ནི་བཙལ་བས་རྙེད་པ་མ་ཡིན་ནོ། །གང་ཞིག་ལུས་ཉིད་ཀྱང་ཡིད་མིན་ལ་དེ་ལས་གཞན་དུའང་བདེན་པ་མིན་ཞིང་ལུས་ལ་འདྲེས་ཤིང་ཞུགས་པར་གྱུར་པའང་མིན་ཏེ། ལུས་ལས་ལོགས་སུ་གྲུབ་པ་འགའ་ཡང་མེད་པའི་ཡིད་དེ་ནི་ཅུང་ཟད་ཀྱང་བདེན་པར་ཡོད་པ་མིན་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུང་སེམས་དེ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །ཞེས་གསུངས། རྒྱུ་མཚན་དེའི་ཕྱིར་སེམས་ཅན་རང་ཉིད་གདོད་མ་ནས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ནོ། །གཉིས་པ་རྣམ་ཤེས་རང་བཞིན་མེད་པར་བསྟན་པ་ནི། སེམས་དེ་ལྟ་ནའང་སྒོ་ལྔའི་རྣམ་ཤེས་ཡུལ་ལྔ་འཛིན་བྱེད་དུ་བདེན་ནོ་སྙམ་ན། ཤེས་བྱ་གཟུགས་ལ་སོགས་པ་ལས་སྔར་མིག་ཤེས་སོགས་ཡོད་ན་ཤེས་པ་དེ་ནི་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དེའི་ཚེ་ཡུལ་མེད་པས་ཡུལ་ཅན་སྐྱེ་བ་མེད་དོ། །ཤེས་པ་དང་ཤེས་བྱ་ལྷན་ཅིག་ཏུ་སྐྱེ་ན་ཡང་ཤེས་པ་དེ་ནི་ཅི་ལ་དམིགས་ནས་སྐྱེ། ཤེས་པ་མ་སྐྱེས་པར་ཡུལ་དམིགས་རྐྱེན་མི་སྐྱེ་བས་མི་ནུས་ཤིང་། དམིགས་རྐྱེན་སྐྱེས་པ་ན་ཤེས་པའང་སྐྱེས་ཟིན་པར་སྐྱེད་བྱེད་དུ་མི་འོས་པས་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་བྱའི་ཕྱིས་ཤེས་པ་དེ་སྐྱེར་ཡོད་ན། དེ་ཚེ་ཤེས་པ་དེ་ཤེས་བྱ་གང་ལས་སྐྱེ་སྟེ། དེའི་དམིགས་ཡུལ་འགགས་པའི་ཕྱིར། དེ་ལས་སྔར་འགགས་པའི་དངོས་པོ་དེ་ད་ལྟར་ཡོད་དམ་མེད། ཡོད་ན་འགགས་པ་མིན་ཏེ་དུས་མཉམ་དུ་འགྱུར་ལ། མེད་ཀྱང་སྐྱེད་ན་ས་བོན་ཚིག་པས་མྱུ་གུ་དང་། རི་བོང་རྭས་ཀྱང་མིག་ཤེས་སོགས་སྐྱེད་པར་ཐལ་ལོ། །ཞིག་མ་ཞིག་ཀྱང་དེ་དང་དོན་གཅིག་གོ །བཞི་པ་ཆོས་དྲན་པ་ཉེར་བཞག་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་སྤྱིར་བསྟན་པ་དང་། རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་བྱེ་བྲག་ཏུ་དཔྱད་པའོ། །དང་པོ་སྤྱིར་དཔྱད་པ་ལ་དངོས་དང་། རྩོད་སྤོང་གཉིས། དང་པོ་ནི། སྔར་བཤད་པ་དེ་ལྟར་སྔ་ཕྱི་དུས་མཉམ་གང་ལས་ཀྱང་མི་སྐྱེ་བའི་རིགས་པ་འདིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་རྟོགས་པར་འགྱུར་མ་ཡིན་ཏེ་སྐྱེ་བ་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་གནས་པ་སོགས་ཀྱང་མེད་དེ་དོན་དུ་ན། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པ་བཞིན་ནོ། །གཉིས་པ་རྩོད་སྤོང་ལ། བསྒྲུབ་བྱ་མི་འཐད་པ་སྤོང་བ། སྒྲུབ་བྱེད་མི་འཐད་པ་སྤོང་བའོ། །དང་པོ་བསྒྲུབ་བྱ་མི་འཐད་པ་སྤོང་བ་ནི། གལ་ཏེ་ཁྱོད་འདོད་པ་དེ་ལྟར་ཤེས་བྱའི་ཆོས་རྣམས་ལ་སྐྱེ་སོགས་ཅུང་ཟད་ཀྱང་མེད་ན་སྐྱེ་འགག་དང་འགྲོ་འོང་ལ་སོགས་པའི་བདག་ཉིད་ཅན་ཀུན་རྫོབ་པ་མེད་པར་འགྱུར་ལ། གང་ཀུན་རྫོབ་མི་འདོད་པ་དེ་ལ་དོན་དམ་ཡང་མེད་པས་བདེན་པ་གཉིས་ཀའང་ག་ལ་ཡོད་དེ་བདེན་པ་གཅིག་ཏུ་འགྱུར་རོ་སྙམ་ན། བདེན་པ་གཉིས་སུ་བཞག་པ་ནི་གདུལ་བྱ་ལམ་ལ་འཇུག་པའི་སྒོ་ཙམ་སྟེ། དོན་དམ་པར་བདེན་པ་གཉིས་སུ་ཆད་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཙམ་གནས་ལུགས་མཐར་ཐུག་གོ །དེ་སྐད་དུའང་མདོ་ལས། དེ་ལ་མཚན་ཉིད་ཀྱི་བདེན་པ་གང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ལ། མཚན་ཉིད་གཅིག་པ་ནི་མཚན་ཉིད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཀྱི་བདེན་པ་འཆད་པས་མི་སྐྱོ། དོན་དམ་པའི་བདེན་པ་མངོན་དུ་བྱེད་པར་མི་ལྟུང་། མཚན་ཉིད་ཀྱི་བདེན་པ་མཚན་ཉིད་མེད་པར་རྟོགས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་ནི་གཅིག་པུ་གཉིས་པ་མ་ཡིན་པ་སྟེ། འདི་ལྟ་སྟེ་འགོག་པའི་བདེན་པའོ། །དེ་ལ་བདེན་པ་གཅིག་པུ་ལའང་སྒྲོ་མི་འདོགས་པ་དང་། སེམས་ཅན་སྒྲོ་འདོགས་པར་ལྟུང་བ་རྣམས་བདེན་པར་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །ཞེས་དང་། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་འཛེར། །བྱང་ཆུབ་སྙིང་པོར་འདུག་ན་བདེན་གཅིག་ཀྱང་། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་དང་། ཀླུ་སྒྲུབ་ཀྱིས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་ཅི་ཕྱིར་འདོད་མི་བྱེད། །ཅེས་དང་། འཇུག་འགྲེལ་ལས། དོན་དམ་པར་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ་མི་བསླུ་བའི་ཆོས་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །དོན་དམ་པར་བདེན་པ་གཉིས་སུ་བཞག་པ་མེད་ཀྱང་ཐ་སྙད་དུ་ཡོད་དེ། སྣང་ཚུལ་དང་གནས་ཚུལ་གཉིས་སུ་ངེས་པའི་ཕྱིར། གོང་དུ། འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་པའི་སྐབས་སུ་གསལ་བར་བཤད་པ་བཞིན་ནོ། །ཡང་ཁོ་ན་རེ། དེ་ལྟར་བདེན་པ་གཉིས་སུ་བཞག་པའི་ཡ་གྱལ་ཀུན་རྫོབ་དེ་ཡང་དངོས་པོ་རང་མཚན་པ་ཞིག་མེད་པར་ཀུན་རྫོབ་ཅེས་པ་གཞན་གྱིས་བློས་འཇོག་དགོས་ཤིང་། དེས་བཞག་པས་དེར་འགྱུར་ན་སེམས་ཅན་རྣམས་མྱ་ངན་ལས་ག་ལ་འདའ་སྟེ། སེམས་ཅན་གྱི་མཐའ་མ་ཟད་པ་སྲིད་དུ་བློ་མི་འཛད་ལ། བློ་མ་ཟད་པ་སྲིད་དུ་བློས་བཞག་པའི་ཀུན་རྫོབ་མི་འཛད་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཟད་པའི་མྱང་འདས་ཞེས་པ་འདི་ནམ་ཡང་མི་སྲིད་དོ་ཞེ་ན། ནམ་ཡང་རྒྱུན་མི་ལྡོག་པའི་ཀུན་རྫོབ་ཀྱི་སྣང་བ་འདི་ནི་གཞན་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པའི་སྤྲོས་པའི་དབང་གིས་སྣང་བ་སྐྲ་ཤད་དང་རྨི་ལམ་ལྟ་བུ་སྟེ། དེ་ནི་མྱ་ངན་ལས་འདས་པ་པོ་རང་གི་ངོར་སྣང་བའི་ཀུན་རྫོབ་མིན་ཏེ། དེས་ན་གཞན་གྱི་གཉིས་སྣང་སྤྲོས་པ་ཡོད་པས་གཅིག་མྱ་ངན་ལས་མི་འདའ་བ་མ་ཡིན་ལ། གཅིག་གི་གཟུང་འཛིན་དབྱིངས་སུ་ནུབ་པས་ཐམས་ཅད་ཀྱི་གཟུང་འཛིན་མེད་པར་འགྱུར་བ་ག་ལ་ཡིན། གཉིད་ན་གཅན་གཟན་དང་ཆུ་བོ་སོགས་རྟོག་པའི་དབང་གིས་བཞག་པ་མིན་པའི་ཡུལ་རང་མཚན་པ་མེད་ཀྱང་གཉིད་སད་པའི་གང་ཟག་སོ་སོའི་གཉིད་ཀྱི་སྣང་བ་འགགས་ཀྱི་གཞན་ལ་གཉིད་ཀྱི་སྣང་བ་ཡོད་ཀྱང་སད་པ་དེ་ལ་མི་གནོད་པ་བཞིན་ནོ། །དེས་ན་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་བའང་ལྡོག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་པའི་ཕྱིས་ན་ཡང་སྐྱེས་སོགས་ཀུན་རྫོབ་ཀྱི་སྤྲོས་པ་དེ་ངེས་པར་ཡོད་ན་རང་ལ་ལྟོས་པའི་ཀུན་རྫོབ་བམ་སྤྲོས་པ་དེ་ཡོད་ཀྱང་། དེ་ལྟ་བུ་མིན་ན་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་མེད་པ་ཡིན་པས་མྱ་ངན་ལས་འདས་པ་ཉིད་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་འཁྲུལ་སེམས་གཟུང་འཛིན་གྱི་རྟོག་པ་འགགས་པའི་ཡེ་ཤེས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་མངོན་དུ་མཛད་པར་གསུངས་པ་བཞིན་དུ་སྐྱེ་སོགས་སྤྲོས་པའི་དྲྭ་བ་མ་ལུས་པ་ཞི་བའི་བུད་ཤིང་ཟད་པའི་མེ་བཞིན་སེམས་སེམས་བྱུང་གི་རྒྱུ་བ་ལྷག་མ་མ་ལུས་པར་ལོག་སྟེ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་བརྗོད་དུ་མེད་པའི་ངང་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཞེས་བྱ་ཀུན་ཏུ་གཟིགས་ཀྱང་སྤྲོས་པའི་རང་བཞིན་ཉེ་བར་ཞི་བ་ཁོ་ནའོ། །འདི་ཡི་སྐབས་སུ་སེམས་སེམས་བྱུང་གི་སྤྲོས་པ་ལྷག་མེད་དུ་ལོག་པས་ན་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་པ་དང་རང་བྱུང་གི་ཡེ་ཤེས་ཉིད་བརྙེས་པས་སེམས་འགགས་པ་གོ་བར་བྱ་སྟེ། སོ་སྐྱེའི་ཀུན་རྟོག་གིས་སྦགས་ནས་སྤྲོས་པའི་སེམས་མ་འགགས་སམ་སྙམ་པ་དང་། འགགས་པའི་རྗེས་སུ་ཡེ་ཤེས་མེད་པར་མར་མེ་ཤི་བ་ལྟར་བསམ་ན་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས། དེ་སྤང་བའི་ཕྱིར་ཟབ་མོའི་དོན་ལ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །འོ་ན་གོང་དུ། མཐར་ཐུག་དོན་ལ་ཡེ་ཤེས་མེད། །སོགས་ཀྱི་ལུང་དྲངས་པ་ཅི་སྙམ་ན། དེ་ནི་མཉམ་བཞག་ཏུ་ལ་བཟླ་བ་སྟེ་དོན་དཔྱོད་ཀྱི་ངོར་ཡིན་ལ། འདིར་སྐུ་དང་ཡེ་ཤེས་ཡོད་པར་བཤད་པ་ནི་རྗེས་ཐོབ་ཤན་འབྱེད་དེ་ཀུན་ཏུ་ཐ་སྙད་པའི་ཚད་མའི་ངོར་བྱས་པས་མི་འགལ་ཏེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་སྒྲུབ་བྱེད་མི་འཐད་པ་སྤོང་བ་ལ། བདེན་པ་མེད་ཀྱང་རྣམ་དཔྱོད་འཐད་པའི་ཚུལ། བདེན་པར་གྲུབ་པའི་རྣམ་དཔྱོད་མི་འཐད་པའོ། །དང་པོ་བདེན་མེད་ལ་འཐད་ཚུལ་ནི། ཁྱོད་དབུ་མ་པ་ལྟར་ན་ཤེས་བྱ་ཤེས་བྱེད་རང་བཞིན་མེད་པས་རྣམ་པར་དཔྱོད་པའང་མི་འཐད་པར་འགྱུར་རོ་ཞེ་ན། ཡུལ་ཅན་རྟོག་པའི་བློ་དང་ཡུལ་བརྟག་པར་བྱ་བ་དག་སྟེ་དེ་གཉིས་པོ་ངོ་བོས་མ་གྲུབ་ཀྱང་། ཕན་ཚུན་རྟེན་ཅིང་ལྟོས་ནས་བཞག་པ་ཙམ་ཡིན་ཏེ། དེས་ན་ཇི་ལྟར་འཇིག་རྟེན་ན་མ་བརྟགས་ཉམས་དགའ་ཙམ་གྱི་གྲགས་པ་ཡི་ཐ་སྙད་ལ་བརྟེན་ནས་རྣམ་པར་དཔྱོད་པ་ཐམས་ཅད་བརྗོད་པ་ཡིན་པས་ཆེས་འཐད་པ་ཉིད་དོ། །དེ་ལ་དེ་དག་ན་རེ་རྣམ་པར་བརྟགས་ཤིང་སྤྲོས་པའི་ཆོས་ཀུན་མི་བདེན་པར་རྟོགས་པའི་ཆེད་དུ་གང་ཚེ་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྣམ་པར་དཔྱད་པ་ཡི་ཤེས་པའམ་རྣམ་དཔྱོད་ཀྱིས་ནི་དཔྱོད་པར་བྱེད་ན། རྣམ་དཔྱོད་དེས་རང་ཡུལ་དུ་བྱས་ནས་དཔྱད་མི་ནུས་པས། དེ་ཚེ་རྣམ་དཔྱོད་དང་པོ་དེ་ཡང་ནི་རྣམ་དཔྱོད་གཉིས་པས་རྣམ་པར་དཔྱད་དགོས་པ་སོགས་ཀྱི་ཕྱིར་ན་ཁྱོད་ཀྱི་རྣམ་དཔྱོད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དཔྱད་བྱ་ཆོས་ཐམས་ཅད་བདེན་མེད་དུ་རྣམ་པར་དཔྱད་པར་བྱས་ནས་སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་མཐའ་གང་དུ་མི་གནས་པར་ངེས་པ་དེའི་ཚེ། རྣམ་དཔྱོད་ལ་ནི་འདིའོ་ཞེས་གཟུང་བའི་རྟེན་ནམ་ཡུལ་ཡོད་པ་མིན་ལ། ནམ་ཞིག་དམིགས་གཏད་ཀྱི་ཡུལ་ལམ་རྟེན་མེད་པ་དེའི་ཕྱིར་ན་ཡུལ་ཅན་དེ་མི་སྐྱེ་སྟེ་སྤྲོས་པ་ཐམས་ཅད་ཞི་བས་ན་རྣམ་དཔྱོད་དེ་ཡང་ཆུ་ལ་རླབས་བཞིན་དུ་ཆོས་ཉིད་ཀྱི་ངང་དུ་རང་བཞིན་གྱིས་མྱ་ངན་ལས་འདས་པར་བརྗོད་དོ། །གཉིས་པ་བདེན་གྲུབ་ལ་རྣམ་དཔྱོད་མི་འཐད་པའི་ཚུལ་ནི། དངོས་པོར་སྨྲ་བ་གང་གི་ལུགས་ལྟར་ན་དོན་ཤེས་འདི་གཉ ིས བདེན་པར་སྒྲུབ་འདོད་པ་དེ་ཉིད་ཤིན་ཏུ་དཀའ་བར་གནས་ཏེ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རོ། །དེ་ཡང་གལ་ཏེ་ཤེས་པ་ཉིད་ཚད་མར་གྲུབ་པའི་དབང་ངམ་མཐུ་ལས་གཞལ་བྱ་དོན་ཉིད་ཡོད་པར་གྲུབ་སྟེ་ཤེས་པ་ཚད་མ་འདི་ཉིད་ཀྱིས་ཡོད་པར་མཐོང་བས་སོ་ཞེ་ན། ཤེས་པ་བདེན་པར་ཡོད་པ་ཉིད་ལ་རྒྱུ་མཚན་ནམ་རྟེན་ཅི་ཞིག་ཡོད་ཅེས་དྲིའོ། །དེ་ལ་ཤེས་པ་རང་གིས་དོན་དམ་པར་མི་གྲུབ་ལ་ཤེས་པ་གཞན་གྱིས་བསྒྲུབས་ན་ཐུག་མེད་དུ་འགྱུར་བས་སྒྲུབ་བྱེད་གཞན་མེད་ལ། འོན་ཏེ་ཤེས་བྱའམ་ཡུལ་གཞལ་བྱ་བདེན་པ་མངོན་སུམ་པ་འདི་འཛིན་པ་ལས། ཡུལ་ཅན་གྱི་ཤེས་པ་ཉིད་བདེན་པར་གྲུབ་བོ་ཞེ་ན། ཤེས་བྱ་ཡོད་པ་ལ་རྟེན་ཅི་ཡོད་ཅེས་དྲི། དེའི་རྟེན་ནི་ཤེས་པ་ཡིན་ཏེ། དོན་ཤེས་ཕན་ཚུན་གཅིག་གིས་གཅིག་བསྒྲུབ་ཅེ་ན། དེ་འདྲའི་ཡོད་པ་དེ་ནི་རང་གི་ངོ་བོས་མ་གྲུབ་པར་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་དབང་གིས་ཡོད་པ་སྟེ་རིང་ཐུང་བཞིན། དེའི་ཕྱིར་གང་གཅིག་སྒྲུབ་པ་ན་གཅིག་ཤོས་དཔེར་མི་རུང་སྟེ་དེ་མ་གྲུབ་པའི་ཕྱིར། དེས་ན་དོན་དམ་པར་གཉིས་ཀ་ཡང་ནི་མེད་པར་འགྱུར་ཏེ། དཔེར་ན་གལ་ཏེ་བུ་མེད་ན་ཕ་ཡོད་པ་མིན་ཏེ་ཕར་འཇོག་བྱེད་མེད་པས་སོ། །དེ་ལྟར་ཕ་མེད་ན་བུ་ཉིད་གང་ལས་བྱུང་བ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་གཉིས་ཀ་མི་འཐད་དོ། །ཇི་ལྟར་འཇོག་བྱེད་བུ་མེད་པར་ནི་དེའི་སྔོན་དུ་ཕ་མེད་པ་དེ་བཞིན་འདིར་དོན་ཤེས་གཉིས་ལས་གང་བསྒྲུབ་བྱར་བྱས་པ་དེ་སྔ་མ་གྲུབ་པ་བུ་ལྟ་བུ་དེའི་སྔོན་དུ་སྒྲུབ་བྱེད་གཅིག་ཤོས་ཕ་ལྟ་བུ་དེ་ཡོད་མི་སྲིད་པས་མཐར་དེ་གཉིས་ཀ་མེད་པ་ཉིད་དོ། །ཡང་དེ་དག་འདི་སྙམ་དུ། འདི་ལྟར་ཕན་ཚུན་གྱི་དབང་གིས་གྲུབ་བོ་ཞེས་མི་སྨྲ་སྟེ། དཔེར་ན་མྱུ་གུ་ས་བོན་ལས་སྐྱེ་ཞིང་ས་བོན་ཡོད་པའང་མྱུ་གུ་ཡོད་པའི་རྟགས་དེ་ཉིད་ཀྱིས་རྟོགས་པ་བཞིན་རྟགས་ཤེས་བྱ་ལས་སྐྱེས་པའི་འབྲས་བུ་ཤེས་པ་དེ་ཡིས་རྒྱུ་ཤེས་བྱ་དེ་ཉིད་ཡོད་པར་ནི་ཅིས་མི་རྟོགས་ཏེ་རྟོགས་སོ་སྙམ་ན་དཔེ་མི་མཚུངས་ཏེ། མྱུ་གུས་ས་བོན་རྟོགས་པ་ནི་མྱུ་གུ་རང་ཉིད་འབའ་ཞིག་གིས་རྟོགས་པ་མ་ཡིན་ལ། མྱུ་གུ་ལས་གཞན་པའི་ཤེས་པ་ཡིས་འབྲས་བུ་མྱུ་གུ་ལ་རྗེས་སུ་དཔགས་ནས་འདི་ལ་རྒྱུ་སྔོན་སོང་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ཏེ། དེ་ཡང་ས་མྱུག་གཉིས་སོ་སོར་དམིགས་ནས་རྒྱུ་འབྲས་བུ་ངེས་པའི་ཚད་མས་དེ་ལྟར་རྟོགས་ཀྱི། རྒྱུ་འབྲས་བུ་ངེས་པའི་ཚད་མ་སྔོན་དུ་མ་སོང་བར་མྱུ་གུ་མཐོང་བ་ཙམ་གྱིས་ནི་མ་ཡིན་ན། གང་གི་ཕྱིར་ཤེས་བྱ་དེ་རྟོགས་པར་བྱེད་པ་ལ། རྟགས་ཤེས་པ་དེ་ཡོད་པ་ཉིད་རྒྱུ་མཚན་གང་ལས་རྟོགས་ཏེ། དོན་དམ་པར་རང་རིག་དང་གཞན་རིག་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེས་ན་དངོས་པོ་ཁས་ལེན་པའི་ཕྱོགས་ལ་ཐ་སྙད་འཐད་དཀའ་ཞིང་། བཏགས་པར་ཁས་ལེན་པ་ལ་ཆེས་འཐད་དོ་ཞེས་བསྟན་པའོ། །གཉིས་པ་རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་བྱེ་བྲག་ཏུ་དཔྱད་པ་ལ་རྒྱུ་མཚན་མ་མེད་པ། ངོ་བོ་སྟོང་པ་ཉིད། འབྲས་བུ་སྨོན་པ་མེད་པར་གཏན་ལ་དབབ་པ་གསུམ། དང་པོ་རྒྱུ་མཚན་མ་མེད་པ་ལ། ཕྱིན་ཅི་ལོག་དགག་པ་དང་། ཡང་དག་པའི་དོན་བསྟན་པ་གཉིས། དང་པོ་ལ། རྒྱུ་མེད་པར་དགག་པ། རྒྱུ་མིན་པ་རྒྱུར་འདོད་པ་དགག་པ་གཉིས། དང་པོ་རྒྱུ་མེད་པ་དགག་པ་ནི། རྒྱང་འཕེན་པ་སོགས་ཇི་ལྟར་ཚེར་མའི་རྣོ་བ་དང་། རྨ་བྱའི་མདོངས་བཀྲ་བ་ལ་སོགས་པ་བཞིན་དུ་སུས་ཀྱང་མ་བྱས་པར་སྲིད་པ་ངོ་བོས་བྱུང་ངོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་འཇིག་རྟེན་པའི་མངོན་སུམ་གྱིས་འབྲས་བུ་ཀུན་ལ་རང་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་གྱི་རྒྱུ་མེད་བཞིན་སྐྱེ་བ་ནི་མཐོང་མི་སྲིད་དེ་རྣམ་འགྲེལ་ལས། གང་ཡོད་ཉིད་ན་གང་སྐྱེ་བའམ། །གང་འགྱུར་བ་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུ་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །ཅེས་པ་བཞིན་ནོ། །འདིར་མངོན་སུམ་ནི་མཚོན་པ་ཙམ་སྟེ་རྗེས་དཔག་ཀྱང་སྡུད་དོ། །གལ་ཏེ་པདྨའི་སྡོང་བུ་དང་འདབ་མ་སོགས་སྣ་ཚོགས་པ་དག་རྒྱུ་ལ་མ་མཐོང་བས་དབྱེ་བ་སྣ་ཚོགས་པའི་རྒྱུ་ཡོད་པ་དེ་མི་འཐད་སྙམ་ན། རྒྱུ་ལ་འབྲས་བུ་དངོས་སུ་མ་གྲུབ་ན་རྒྱུ་འབྲས་སུ་ཅི་ལ་འགྱུར་ཏེ་འོན་ཀྱང་པདྨའི་སྡོང་བུ་ལ་སོགས་པ་རང་གི་ས་བོན་ལ་མ་བརྟེན་པར་མི་འབྱུང་ཞིང་། ས་བོན་ལས་འབྱུང་བར་མཐོང་བས་ན་འབྲས་བུའི་དབྱེ་བ་ནི་རྒྱུ་ཡི་དབྱེ་བས་བསྐྱེད་པ་ཡིན་པའི་ཕྱིར། འབྲས་བུ་སྣ་ཚོགས་པ་བཞིན་དུ་རྒྱུའི་ནུས་པའི་དབྱེ་བའང་སྣ་ཚོགས་པར་གྲུབ་བོ། །དེ་འདྲ་བའི་རྒྱུ་ཡི་དབྱེ་བ་སྣ་ཚོགས་ཡོད་པར་གང་གིས་བྱས་ཤེ་ན། གཞན་སུས་ཀྱང་མ་བྱས་ཏེ་འདི་ལྟར་ས་བོན་དེའང་རང་གི་རྒྱུ་མེད་པར་འབྱུང་མི་སྲིད་པའི་ཕྱིར། སྔར་གྱི་རྒྱུ་ཡི་དབྱེ་བ་ཉིད་ལས་སོ། །དེ་ལྟར་རིམ་པར་བརྟགས་ན་རྒྱུའི་ཐོག་མ་འདི་ཙམ་ཞེས་མི་དམིགས་ཏེ། འཁོར་བ་ལ་ཐོག་མ་མ་གྲུབ་པའི་གནད་ཀྱིས་སོ། །ཅིའི་ཕྱིར་རྒྱུ་འདི་ལ་ནུས་པ་སྣ་ཚོགས་ཡོད་ཅིང་དེ་ཡིས་འབྲས་བུ་སྐྱེད་ནུས་ན་ད་ལྟའི་ནས་ཀྱི་ས་བོན་འདིས་ནས་ཀྱི་མྱུ་གུ་སྐྱེད་ཀྱི། ས་ལུའི་ས་བོན་མི་སྐྱེད་ཟེར་ན། ད་ལྟའི་ནས་ཀྱི་ས་བོན་འདིས་རང་དབང་བའི་ཚུལ་དུ་ནུས་པ་སྣ་ཚོགས་གང་རུང་བཟུང་བ་ནི་མ་ཡིན་ཏེ། འདི་སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས་རང་གི་རིགས་འདྲ་བསྐྱེད་པའི་བདག་ཉིད་དུ་འཕང་བའི་ཕྱིར། འདི་ནི་དངོས་པོའི་ཆོས་ཉིད་དེ་སུས་ཀྱང་འཁྲུགས་པར་ནུས་པ་མིན་ནོ། །དེས་ན། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པ་ལྟར་རྒྱུ་མེད་པར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ནའང་དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་རྒྱུ་ལྡན་དུ་གྲུབ་བོ། །གཉིས་པ་རྒྱུ་མིན་པ་རྒྱུར་འདོད་པ་དགག་པ་ལ། ཤེས་ལྡན་དབང་ཕྱུག་རྒྱུ་ཡིན་པ་དགག་པ་དང་། ཤེས་མེད་བེམ་པོ་རྒྱུ་ཡིན་པ་དགག་པ་གཉིས། དང་པོ་ལ། རྒྱུ་དབང་ཕྱུག་ལ་དཔྱད་པ། དེས་བསྐྱེད་པའི་འབྲས་བུ་ལ་དཔྱད་པ། འབྲས་བུ་སྐྱེ་ཚུལ་ལ་དཔྱད་པ་གསུམ། དང་པོ་རྒྱུ་དབང་ཕྱུག་ལ་དཔྱད་པ་ནི། དབང་ཕྱུག་པ་སོགས་ན་རེ། རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་འཇིག་རྟེན་ཐམས་ཅད་བྱེད་དོ་ཞེས་ཟེར་རོ། །དེ་ལ་དབང་ཕྱུག་ཅེས་པ་འགྲོ་བའི་རྒྱུ་ཡིན་ན་རེ་ཞིག་དབང་ཕྱུག་གི་ངོ་བོ་གང་ཡིན་སྨྲོས་ཤིག་ཅེས་དྲིས་པས། ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཤེ་ན། དེ་ལྟ་མོད་འབྱུང་བ་ལས་འབྱུང་འགྱུར་གྱི་འབྲས་བུ་རྣམས་སྐྱེ་བས་དེ་རྒྱུ་ཡིན་པར་ཁོ་བོའང་འདོད་པས་ཁྱོད་ཀྱིས་དེ་ལ་དབང་ཕྱུག་ཅེས་བཏགས་ཤིང་། བདག་ཅག་འབྱུང་བ་ཞེས་བཏགས་པའི་མིང་གི་ཁྱད་པར་ཙམ་སྟེ་མིང་ནི་སྐྱེ་བོོ་འདོད་པས་གང་འདོད་དུ་སྦྱར་བཏུབ་པའི་ཕྱིར་འདི་ལ་ཡང་དབང་ཕྱུག་ཅེས་སྒྲུབ་པའི་ཚེགས་ཆེན་པོ་འདིས་ཅི་ཞིག་ངལ་ཏེ་ངལ་བར་བྱ་མི་རིགས་སོ། །འོན་ཀྱང་ཁྱོད་ཀྱིས་དབང་ཕྱུག་ནི། ལྷར་གཏོགས་པ། གཙང་ཞིང་མཆོད་པར་འོས་པ། རྟག་པ། གཅིག་པུ། ཀུན་གྱི་བྱེད་པ་པོ་ཡིན་པར་འདོད་ན། ས་སོགས་འདི་རྣམས་ནི་དུ་མ་དང་། མི་རྟག་པ་དང་། བློ་ཡི་གཡོ་བ་མེད་པ་དང་། མཆོད་བྱའི་ལྷ་མིན་ཞིང་། རྐང་པ་སོགས་ཀྱིས་འགོམ་པར་བྱ་བ་ཡིན་གྱི། གུས་པའི་ཡུལ་མིན་པ་ཉིད་དང་། མི་གཙང་བ་དང་ལྡན་པའང་ཡིན་པས་འབྱུང་བ་དེ་ནི་དབང་ཕྱུག་ཉིད་མ་ཡིན་ཏེ། དབང་ཕྱུག་དེ་ལས་ལྡོག་{བཟློག} པའི་མཚན་ཉིད་ཅན་དུ་འདོད་པས་སོ། །དབང་ཕྱུག་ནམ་མཁའ་ཡིན་ནོ་ཞེ་ན་མིན་ཏེ། འབྲས་བུ་སྐྱེད་པའི་བྱེད་རྩོལ་གྱི་གཡོ་བ་མེད་པའི་ཕྱིར། བདག་ཀྱང་དབང་ཕྱུག་མིན་ཏེ་སྔར་ནས་བཀག་ཟིན་པའི་ཕྱིར་རོ། །དབང་ཕྱུག་ངོ་བོ་ནི་ཚུར་རོལ་མཐོང་བས་བསམ་པར་མི་ནུས་པས་སྐྱོན་དེ་དག་མེད་ཅེ་ན། དབང་ཕྱུག་བསམ་པར་བྱ་བ་མིན་པ་ཡི་བྱེད་པོ་ཡང་མིན་ཏེ། དེ་བསམ་པར་བྱ་བ་མིན་ན་དེ་བྱེད་པོ་ཡིན་ཞེས་བརྗོད་པས་ཅི་ཞིག་བྱ་སྟེ་བརྗོད་པ་ནི་བསམས་ཤིང་ཤེས་ནས་བརྗོད་དགོས་ཀྱི། ཇི་ལྟ་བུ་ཡིན་པ་ཅིའང་མ་ཤེས་པས་དེ་བྱེད་པོར་སུ་ཞིག་གིས་བརྗོད། རྒྱུ་བྱེད་པོ་མ་ཤེས་ན་འབྲས་བུ་འདི་རྣམས་དེས་བསྐྱེད་པར་འདོད་པའང་གང་ཞིག་ཡིན་ཏེ། བསྐྱེད་བྱ་དང་སྐྱེད་བྱེད་སོ་སོར་ཤེས་ཤིང་རྒྱུ་འབྲས་སུ་ངེས་ནས་བརྗོད་དགོས་ཀྱི་གཞན་དུ་མོ་གཤམ་གྱི་བུ་སོགས་ཀྱང་བྱེད་པོར་ཐལ་ལོ། །གཉིས་པ་དེས་བསྐྱེད་པའི་འབྲས་བུ་ལ་དཔྱད་པ་ནི། དབང་ཕྱུག་དེས་བསྐྱེད་པའི་འབྲས་བུའི་ཆ་དེ་རྟག་པ་བདག་ལ་སོགས་པ་ཡིན་ནམ། མི་རྟག་པ་ཤེས་པ་སོགས་ཡིན། དང་པོ་ལྟར་བདག་སོགས་ཡིན་ན། འབྲས་བུའི་ཆ་བདག་དེ་དང་ས་སོགས་ཀྱི་རྡུལ་ཕྲན་དང་། རྒྱུ་དབང་ཕྱུག་རང་གི་ངོ་བོའང་རྟག་པར་འདོད་པ་མིན་ནམ། རྒྱུ་འབྲས་གཉིས་ཆར་རྟག་པ་དེ་བསྐྱེད་བྱ་སྐྱེད་བྱེད་དུ་ཇི་ལྟར་རུང་སྟེ་རྒྱུ་བསྐྱེད་པའི་བྱ་བ་དང་བྲལ། འབྲས་བུ་སྐྱེ་བའི་ཁྱད་པར་དང་བྲལ་བའི་ཕྱིར། གཉིས་པ་ལྟར་ཤེས་པ་སོགས་ཡིན་ན། མིག་སོགས་ཀྱི་ཤེས་པ་ནི་ཡུལ་ཤེས་བྱ་གཟུགས་སོགས་ལས་དམིགས་ལས་སྐྱེ་བ་དང་། ཐོག་མེད་ནས་རྒྱུད་ལ་ཡང་ཡང་བྱུང་བའི་ཚོར་བ་བདེ་སྡུག་ནི་སྔོན་གྱི་ལས་ལས་ཡིན་པ་དེ་བས་ན་དབང་ཕྱུག་དེས་འབྲས་བུ་གང་ཞིག་བསྐྱེད་པ་སྨྲོས་ཤིག །ཅེས་དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར། མདོར་ན་རྟག་པ་ལ་རྒྱུ་མེད་ལ། མི་རྟག་པ་རང་གི་རྒྱུ་ལས་བྱུང་བས་དབང་ཕྱུག་གིས་ཅིའང་མ་བྱས་ཏེ། རྣམ་འགྲེལ་ལས། མཚོན་དང་སྨན་སོགས་འབྲེལ་བ་ལས། །ནག་པའི་རྨ་དང་འདྲུབ་ཡིན་ན། །འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོགས་མི་བྱེད། །ཅེས་པ་བཞིན་ནོ། །གསུམ་པ་འབྲས་བུ་སྐྱེད་ཚུལ་ལ་དཔྱད་པ་ནི། རྒྱུ་དབང་ཕྱུག་ཉིད་ལ་ཐོག་མ་ཡོད་པ་མིན་ན། དངོས་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར། འབྲས་བུ་ཀུན་ལ་ཐོག་མ་ག་ལ་ཡོད་དེ། དེ་ལྟར་ན་འབྲས་བུ་འདི་ནི་འདི་ཙམ་ན་ཡོད་ཀྱི་འདིའི་སྔོན་དུ་མ་བྱུང་ཞེས་བཞག་པར་མི་ནུས་པར་ཐོག་མེད་ནས་ཡོད་དགོས་ཀྱི། རེས་འགའ་བར་དམིགས་པ་མི་འཐད་དོ། །དེས་ན་ད་ལྟའི་སྐྱེས་པ་དང་བུད་མེད་འདི་དག་ཀྱང་སྔོན་ཐོག་མེད་ནས་ཡོད་པར་ཐལ་ལོ། །དེ་ལ་དབང་ཕྱུག་གིས་སྣོད་བཅུད་འདི་དག་རིམ་ཅན་དུ་བྱས་པས་ན་འབྲས་བུ་ཁ་ཅིག་བྱེད་ལ་ཁ་ཅིག་མི་བྱེད་པའི་སྐབས་ཡོད་པས་སྐྱོན་མེད་སྙམ་ན། དབང་ཕྱུག་གིས་འབྲས་བུ་གྱུར་ཏོ་ཅོག་ཀུན་དུས་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ། འབྲས་བུ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཁོ་ན་ཡིན་པ་གང་ཞིག དབང་ཕྱུག་དེ་ནི་རྐྱེན་གཞན་ཅི་ལའང་ལྟོས་པ་མིན་ན་འབྲས་བུ་ཐམས་ཅད་སྐྱེ་བའི་རྒྱུ་དུས་རྟག་ཏུ་ཚང་བས་འབྲས་བུ་ཅིའི་ཕྱིར་མི་སྐྱེ་སྟེ། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་པ་བཞིན་ནོ། །ལྷན་ཅིག་བྱེད་རྐྱེན་སོ་སོ་ལ་ལྟོས་སོ་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཡང་དུས་ཀུན་ཏུ་མི་ཚང་བ་ག་ལ་སྲིད་དེ། དབང་ཕྱུག་དེས་བྱས་པ་མིན་པའི་དངོས་པོ་གཞན་ཡོད་པ་མིན་ན། དབང་ཕྱུག་དེས་འབྲས་བུ་བསྐྱེད་པ་འདི་རུ་གཞན་གང་ལ་ལྟོས་པར་འགྱུར་ཏེ་དེ་ནི་མི་འཐད་དོ། །གལ་ཏེ་རྐྱེེན་གཞན་ལ་ངེས་པར་ལྟོས་ན་རྒྱུ་རྐྱེན་ཚོགས་པ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་རྒྱུ་མིན་ཏེ། དེའི་རྒྱུ་མཚན་རྒྱུ་རྐྱེན་ཚོགས་པ་ན་འབྲས་བུ་མི་སྐྱེ་བའི་དབང་མེད་ཅིང་། རྒྱུ་རྐྱེན་དེ་མེད་པར་ནི་དབང་ཕྱུག་ལའང་སྐྱེད་དབང་མེད་པས་སོ། །དེས་ན་རྒྱུ་རྐྱེན་ལས་སྐྱེ་བར་མཐོང་བཞིན་དོན་མེད་དབང་ཕྱུག་ཀྱང་རྒྱུར་རྟོག་ན་རྒྱུ་ཐུག་མེད་དུ་འགྱུར་རོ། །གལ་ཏེ་དབང་ཕྱུག་འདིས་འབྲས་བུ་བྱེད་པའི་ཚེ་ཚོགས་པ་ལ་ལྟོས་སུ་ཆུག་ཀྱང་ཚོགས་པའི་དབང་གིས་གཞན་ལ་སྡུག་བསྔལ་བ་སོགས་རང་གིས་མི་འདོད་བཞིན་དུ་བྱེད་ན་གཞན་གྱི་དབང་ཅན་དུ་ཐལ་ལ། འབྲས་བུ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འདོད་པའི་དབང་གིས་བྱེད་ནའང་འདོད་པ་ལ་རག་ལས་ཤིང་འདོད་པའི་ལྕགས་ཀྱུས་ཟིན་པའི་གཞན་དབང་ཅན་དུ་འགྱུར་རོ། །གཞན་ཡང་འདི་སྣོད་བཅུད་ཀྱི་བྱེད་པོ་ཡིན་དུ་ཆུག་ནའང་ཁྱོད་འདོད་པའི་དབང་ཕྱུག་ག་ལ་ཡིན་ཏེ་འབྲས་བུ་བྱེད་པ་དང་ལྡན་ན་མི་རྟག་པས་ཁྱབ་པའི་ཕྱིར། རྟག་པ་ནི་དོན་བྱེད་པས་སྟོང་པ་ཁོ་ན་ཡིན་ནོ། །གཉིས་པ་ཤེས་མེད་བེམ་པོ་རྒྱུ་ཡིན་པ་དགག་པ་ལ། གང་དག་མུ་སྟེགས་དཔྱོད་པ་བ་སོགས་རྡུལ་ཕྲན་རྟག་པ་འཇིག་རྟེན་གྱི་རྒྱུར་སྨྲ་བ་དེ་དག་ཀྱང་ནི་སྔར་རྡུལ་ཕྲན་བཀག་པའི་སྐབས་སུ། རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །སོགས་ཀྱིས་ངེས་པར་བཟློག་ཟིན་པས་འདིར་འཆད་མི་དགོས་སོ། །ཡང་གཙོ་བོ་རྟག་པ་འགྲོ་བ་ཡི་རྒྱུ་ཡིན་པར་ནི་གྲངས་ཅན་པ་རྣམས་འདོད་ཅིང་། དེའང་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་བདེ་སྡུག་བཏང་སྙོམས་ཀྱི་ཡོན་ཏན་གསུམ་པོ་ཀུན་ཏུ་ཆ་མཉམ་པར་གནས་པ་ནི་རྣམ་འགྱུར་གྱི་རྒྱུ་གཙོ་བོ་ཞེས་བྱ་བར་རབ་ཏུ་བརྗོད་དེ། དེ་གསུམ་ཆ་མི་མཉམ་པར་གྱུར་པ་ན་འགྲོ་བ་སྣ་ཚོགས་པའི་རྣམ་འགྱུར་རྣམས་བྱུང་བ་ཡིན་པར་བརྗོད་དེ་ཞིབ་པར་གོང་དུ་སྨོས་པ་བཞིན་ནོ། །དེ་དགག་པ་ལ། གཙོ་བོ་གཅིག་བདེན་ལ་ཡོན་ཏན་གྱི་རང་བཞིན་གསུམ་ཡོད་པ་ཉིད་ནི་འགལ་བ་རིགས་པ་མིན་ཏེ་གསུམ་ཡོད་ན་གཅིག་མིན་པའི་ཕྱིར། དེས་ན་རྟག་གཅིག་ཏུ་གྱུར་པའི་རང་བཞིན་ནམ་གཙོ་བོ་དེ་ཡོད་པ་མིན་ནོ། །དེ་བཞིན་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་པོ་དག་ཀྱང་ཡོད་པ་མིན་ཏེ། དེ་རེ་རེ་ལ་ཡང་རྡུལ་གྱི་རྡུལ་རྡུལ་གྱི་མུན་པ་སོགས་སོ་སོར་རྣམ་པ་གསུམ་གའི་ཆ་རེ་ཡོད་པའི་ཕྱིར་ཏེ། གལ་ཏེ་མེད་ན་རང་བཞིན་གྱི་ངང་ཚུལ་ལས་འདས་པར་འགྱུར་རོ། །དེ་ལྟར་རྒྱུ་ཡོན་ཏན་གསུམ་པོ་མེད་ན་དེ་ལས་བྱུང་བའི་རྣམ་འགྱུར་སྒྲ་སོགས་ཀྱང་ཡོད་པར་འདོད་པ་ཉིད་ཤིན་ཏུ་རྒྱང་རིང་སྟེ་མི་སྲིད་པར་འགྱུར་ཏེ་འཇིམ་པ་མེད་པའི་བུམ་པ་བཞིན་ནོ། །གཞན་ཡང་ཐ་སྙད་ཙམ་དུ་བདེ་སོགས་ཀྱི་ཚོར་བ་ནི་སེམས་ཉིད་དུ་ཚད་མས་གྲུབ་ན་སེམས་མེད་པ་ཕྱི་རོལ་གྱི་གོས་ལ་སོགས་པ་ལ་སེམས་ཀྱི་བདག་ཉིད་བདེ་སོགས་ཀྱི་ཚོར་བ་ཡོད་པ་སྲིད་པའང་མིན་ནོ། །གལ་ཏེ་དངོས་པོ་གོས་ལ་སོགས་པ་རྣམས་བདེ་སོགས་དེ་ཡི་རྒྱུའི་རང་བཞིན་ཡིན་པས་མི་སྐྱོན་ནོ་ཞེ་ན། དོན་དམ་པར་དངོས་པོ་རྣམས་རང་བཞིན་མེད་པར་སྔར་ལུས་དྲན་པ་ཉེར་བཞག་གི་སྐབས་སུ་རྣམ་པར་དཔྱད་ཟིན་པ་མིན་ནམ་ཅི། ཐ་སྙད་དུ་རང་གི་ཁས་བླངས་དང་འགལ་ཏེ་ཁྱོད་གྱིས་སྣམ་བུ་སོགས་ཀྱི་རྒྱུ་ཡང་བདེ་སོགས་ཉིད་དུ་འདོད་ལ། སྣམ་སོགས་ཀྱི་འབྲས་བུའང་བདེ་སོགས་སུ་འདོད་པ་ནི་བཞད་གད་ཀྱི་གནས་ཏེ་མི་འདི་འདིའི་ཕ་ཡང་ཡིན་ལ་བུ་ཡང་ཡིན་ཞེས་བརྗོད་པ་བཞིན་ནོ། །བདེ་སོགས་དུ་མ་ཡོད་ན་ནི་རང་བཞིན་གཅིག་ཡིན་པ་ཉམས་སོ། །མངོན་སུམ་དང་ཡང་འགལ་ཏེ། བདེ་སོགས་དེ་ལས་སྣམ་བུ་སོགས་འབྱུང་བར་ནམ་ཡང་མཐོང་བའང་མེད་ལ་སྣམ་བུ་དང་ཙན་དན་གྱི་ཕྲེང་བ་སོགས་ལས་ནི་བདེ་སོགས་འབྱུང་བ་ཡིན་པར་དམིགས་པའི་ཕྱིར། དེས་ན་སྣམ་སོགས་དེ་རྡུལ་ཕྲ་བའི་ཆ་ཤས་སུའང་གྲུབ་པ་མེད་པའི་ཕྱིར་ན་དེ་ལས་བྱུང་བའི་བདེ་སོགས་ནི་གཞན་དུ་ཡན་གར་བར་གནས་པ་མེད་དེ། ཁོ་ན་རེ། བདེ་སོགས་ནི་སྣམ་སོགས་ལ་ལྟོས་མི་དགོས་ཏེ། གཙོ་བོའི་རང་བཞིན་རྟག་པ་ཉིད་ཡིན་ནོ་ཞེ་ན། བདེ་སོགས་རྟག་པ་ཉིད་དུ་དུས་ནམ་ཡང་མི་ལྡོག་པར་དམིགས་པར་ཐལ་ཏེ། བདེ་སོགས་དམིགས་སུ་རུང་བ་གང་ཞིག དེ་སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་པའི་ཕྱིར་དེ་ལྟ་ནའང་ནམ་ཡང་མི་ལྡོག་པར་རྟག་པར་དམིགས་པ་ཞིག་ཡོད་པ་མ་ཡིན་པས་མི་འཐད་དོ། །གལ་ཏེ་བདེ་སོགས་རྟག་ཏུ་ཡོད་ཀྱང་གསལ་བ་དང་མི་གསལ་བའི་ཁྱད་པར་ཡོད་པས་རྟག་ཏུ་དམིགས་པར་མ་ངེས་ཤེ་ན། བདེ་སོགས་གཏན་མི་གསལ་བ་ནི་སུས་ཀྱང་མི་ཤེས་པས་ཡོད་པར་ཡང་མི་རུང་ལ་དེ་ལྟར་ཁྱོད་ཁས་ཀྱང་མི་ལེན་མོད། སྐབས་འགའ་ཞིག་ཏུ་བདེ་སོགས་དངོས་སུ་གསལ་བ་ཞིག་ཡོད་པ་ཉིད་ན་ནི། དུས་རྟག་ཏུའང་མྱོང་བ་ཅི་ཡི་ཕྱིར་འཛིན་པ་མ་ཡིན་ཏེ་བདེ་སོགས་དམིགས་སུ་རུང་ཞིང་དམིགས་པའི་ཡུལ་དུ་ཁྱབ་ཅིང་རྟག་པར་གནས་པའི་ཕྱིར་མིག་ལྡན་གྱི་མདུན་ན་མར་མེ་བཞིན། གལ་ཏེ་བདེ་སོགས་གསལ་བ་རགས་པ་དེ་ཉིད་ཕྲ་མོར་གྱུར་ནས་མི་གསལ་བ་ནུས་པའི་ངོ་བོར་ཡོད་པ་དེ་མྱོང་མ་ནུས་ཞེ་ན། བདེ་སོགས་རྟག་གཅིག་དེ་རགས་པ་དང་ཕྲ་བ་ཡི་གནས་སྐབས་མི་འདྲ་བའི་འགལ་བ་གཉིས་ཀ་ཇི་ལྟར་ཡིན་པར་འགྱུར། གལ་ཏེ་སྔར་གྱི་རགས་པ་དེ་ཡི་མཚན་ཉིད་དོར་ནས་གཞན་ཕྲ་བར་གྱུར་པས་སྐྱོན་མེད་ཅེ་ན། ཕྲ་རགས་ཀྱི་ངོ་བོར་གྱུར་པའི་བདེ་སོགས་དེ་དག་མི་རྟག་པ་ཉིད་དུ་གྲུབ་བོ། །བདེ་སོགས་གསལ་བ་དག་སྔ་མའི་གནས་སྐབས་དོར་ནས་གཞན་དུ་གྱུར་པར་ཁས་ལེན་ན། དེ་བཞིན་དངོས་པོ་དེ་ཉིད་ཉེར་ལྔ་པོ་ཐམས་ཅད་ཀྱང་ནི་མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་གང་ཡང་རྟག་ཏུ་སྣང་ཚུལ་གཅིག་ཁོ་ནར་དམིགས་པ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཕྲ་རགས་སུ་གྱུར་ཀྱང་བདེ་བའི་རང་བཞིན་མ་དོར་བས་རྟག་པ་ལས་མི་ཉམས་ཞེ་ན། རགས་པ་དང་བདེ་བ་དེ་གཉིས་ཐ་དད་དམ་གཅིག་ཡིན། དང་པོ་ལྟར་ན་རགས་པ་འགགས་ཀྱང་བདེ་བ་གསལ་བ་མི་འགག་པར་རྟག་ཏུ་མྱོང་དགོས་ལ། ཕྱི་མ་ལྟར་རགས་པ་དེ་ཉིད་བདེ་བ་ལས་གཞན་མིན་པར་གཅིག་ཏུ་འདོད་ན་བདེ་བ་དེ་ཉིད་གསལ་བར་ཏེ་ངེས་པར་མི་རྟག་པ་ཉིད་དུ་གྲུབ་བོ། །དེ་ལ་ཁོ་ན་རེ་བདེ་བ་མི་གསལ་བར་གྱུར་ཀྱང་གཙོ་བོའི་ཀློང་དུ་ནུས་པའི་ངོ་བོར་བག་ལ་ཞ་བ་ཡིན་ཅིང་སླར་གསལ་བ་ན་སྔར་ཡོད་དེ་མངོན་དུ་གྱུར་པ་ཙམ་ཡིན་ཏེ། གལ་ཏེ་སྔར་གཏན་མེད་པ་འགའ་ཡང་ནི་སྐྱེ་བར་རིགས་པ་མིན་ཏེ་མེད་པའི་ཕྱིར། དཔེར་ན་འཇིམ་པ་ལས་རི་བོང་གི་རྭ་བཞིན། དེས་ན་གང་སྣང་བའི་ལམ་དུ་གྱུར་ཕན་ཆད་དེ་རང་གི་གཙོ་བོའི་ཀློང་དུ་ཡོད་པས་ཁྱབ་ཞེས་འདོད་ན་འབྲས་བུ་ཐམས་ཅད་རྒྱུ་དུས་ན་རྟག་ཏུ་མི་དམིགས་པ་ཅིའི་ཕྱིར་ཡིན་ཞེས་དྲིའོ། །དེ་ལ་བློའི་ཡུལ་དུ་སྔར་མི་གསལ་བ་ཕྱིས་གསལ་བ་ཙམ་ཡིན་ཏེ། མུན་ཁུང་གི་བུམ་པ་མར་མེ་ལས་གསལ་བ་བཞིན་ནོ་ཞེ་ན། ཁྱོད་ཀྱི་རྩ་བའི་རིགས་པ་ཉམས་ཏེ། གསལ་བ་ནི་རྒྱུ་དུས་ན་མེད་པར་གསར་དུ་སྐྱེ་བ་ནི་ཁྱོད་མི་འདོད་པའམ་ཁས་མ་བླངས་ཀྱང་དོན་ལ་དེ་ལྟར་གནས་པ་ཉིད་དེ་འབྲས་བུ་གསལ་བ་དེ་རྒྱུ་དུས་སུ་ཡོད་ན་གསལ་མི་གསལ་གྱི་ཁྱད་པར་ཡང་བཞག་ཏུ་མེད་དེ་དང་པོ་ནས་གསལ་བར་ཐལ་ལོ། །དེས་ན་རང་གི་ཁས་བླངས་ནང་འགལ་ལོ། །ཡང་རིགས་པ་དང་འགལ་ཏེ། གལ་ཏེ་རྒྱུ་ལ་འབྲས་བུ་དངོས་སུ་གནས་ན། ཟན་ཟ་བ་ན་ཁྱོད་མི་གཙང་བ་ཟ་བར་འགྱུར་ལ། གཞན་ཡང་ཁྱོད་ཉོ་བའི་རས་ཀྱི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་དེའི་ནང་ནས་རས་ཕྱུང་སྟེ་གོས་སུ་བགོ་བར་གྱིས་ཤིག་དང་ཁྱོད་ཀྱི་གྲུབ་མཐའ་གྲུབ་བོ། །དེ་ལ་ཁོ་ན་རེ། དོན་དུ་རྒྱུ་ལ་འབྲས་བུ་ཡོད་ཀྱང་། འཇིག་རྟེན་རྣམས་རྨོངས་པའི་རབ་རིབ་ཀྱིས་མིག་བསླད་པས་མ་མཐོང་ངོ་ཞེ་ན། རྒྱུ་ལ་འབྲས་བུ་གནས་པའི་དེ་ཁོ་ན་ཉིད་ཤེས་པ་གྲངས་ཅན་པའི་སྟོན་པ་རྣམས་ཀྱིས་བཞག་པ་དེ་ཉིད་ཤེས་པ་དེ་འཇིག་རྟེན་པ་ལ་ཡང་ནི་ཡོད་པ་ཡིན་ན་རྒྱུ་ཚང་བས་ཅི་སྟེ་མཐོང་བ་མ་ཡིན། ཁྱོད་ལྟར་ན་སྤྱིར་དེ་ཉིད་ཤེས་པའི་ཤེས་པ་འབྲས་བུར་གྱུར་པ་དེ་སེམས་ཅན་ཀུན་ལ་ཡོད་དགོས་ཤིང་། རྒྱུ་ལ་འབྲས་གནས་དངོས་སུ་འདོད་པ་གྲངས་ཅན་གྱི་རྣམ་བཞག་ཁས་ལེན་པའང་ཡོད་པ་ཡིན་ན་དེ་དག་གིས་ཀྱང་ཟན་ཟ་ཞིང་མི་གཙང་བ་མི་ཟ་ལ། གོས་འདོད་པས་རས་ཉོ་ཞིང་རས་བལ་གྱི་ས་བོན་དོན་དུ་མི་གཉེར་བར་མ་མཐོང་ངམ། ཡུལ་དུས་གང་ནའང་དེ་ཁོ་ན་ཉིད་ཀྱི་རྣམ་བཞག་ཁྱེད་ཀྱིས་བྱས་པ་དེ་བཞིན་ལོངས་སྤྱོད་པ་མ་མཐོང་བས་གནོད་དོ། །ཁོ་ན་རེ། འཇིག་རྟེན་པའི་མཐོང་བ་ཚད་མ་ཉིད་མིན་པས་དེས་གནོད་པ་མེད་དོ་ཞེ་ན། འོ་ན་འཇིག་རྟེན་པས་འབྲས་བུའི་རང་བཞིན་གསལ་བ་མངོན་སུམ་དུ་མཐོང་བའང་བདེན་པ་མ་ཡིན་པར་རྫུན་པར་འགྱུར་ལ། དེ་ཡིན་ན་རྒྱུ་འདི་ལ་འབྲས་བུ་འདི་ཡོད་དེ་ཕྱིས་མངོན་དུ་གསལ་བའི་ཕྱིར། ཞེས་པ་དོན་མེད་པར་འགྱུར་རོ། །དེ་དག་ན་རེ་གལ་ཏེ་འཇལ་བྱེད་ཚད་མ་རྫུན་པ་ཡིན་པས་གཞལ་བྱ་མི་འགྲུབ་ན་དབུ་མ་པ་ཁྱོད་འཇལ་བྱེད་ཀྱི་ཤེས་པའང་དོན་དམ་པར་ཚད་མར་གྲུབ་པ་མིན་ན། དེས་གཞལ་བའི་གྲུབ་མཐའི་རྣམ་བཞག་ཀྱང་རྫུན་པར་མི་འགྱུར་རམ། དེ་ལྟར་ན་རྣམ་དཔྱོད་ཀྱི་ཚད་མ་རྫུན་པ་དེས། དེ་ཁོ་ན་ཉིད་དུ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་གཞལ་ཞིང་བཅད་ནས་སྟོང་ཉིད་དུ་བསྒོམ་པའང་གཏན་ཚིགས་དེའི་ཕྱིར་མི་འཐད་པར་འགྱུར་རོ་ཞེ་ན། འདིར་བདག་ཅག་གིས་ཚད་མས་གྲུབ་དོན་སྟོང་ཉིད་ཅེས་དམིགས་གཏད་ཀྱི་ཡུལ་བདེན་གྲུབ་ཅིག་ལ་གྲུབ་མཐའ་འཆའ་བ་ནི་མེད་དེ། གང་གི་ཕྱིར་ན། བརྟག་བྱའི་དངོས་པོ་བུམ་སོགས་ལྟ་བུ་དེ་ལ་མ་རེག་པའམ་མ་བརྟེན་པར་ནི་བུམ་མེད་ལྟ་བུ་དངོས་པོ་དེ་ཡི་དངོས་མེད་ཡན་གར་དུ་ནམ་ཡང་འཛིན་པ་མ་ཡིན་ཏེ། དེ་ཕྱིར་བུམ་མེད་དང་བུམ་པའི་སྟོང་པ་ལྟ་བུའི་རྣམ་གྲངས་པའམ་ཉི་ཚེ་བའི་སྟོང་པ་དེའང་གཞན་དངོས་པོ་དེ་བཀག་པའམ་བསལ་པའི་ཆ་ཡིན་པས། འདི་ལྟར་རང་བཞིན་གྱིས་རྫུན་པའི་དངོས་པོ་གང་ཡིན་པ་དེ་ཡི་དངོས་མེད་ཀྱང་གསལ་བར་ཏེ་ངེས་པར་རྫུན་ཡིན་པར་འདོད་དོ། །འོ་ན་དངོས་པོ་ཀུན་མེད་ཅེས་བསྒོམས་པས་ཅི་བྱ་སྟེ་ཡོད་མེད་གཉིས་ཀ་རྫུན་པར་མགོ་མཉམ་ཞིང་གཉིས་ཀ་ཡང་དག་པར་མིན་པའི་ཕྱིར་ཞེ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་ཞེན་གྱིས་སྲིད་པར་འཆིང་བར་བྱེད་པ་དེའི་གཉེན་པོར་དངོས་པོ་རང་བཞིན་མེད་པར་གོམས་པ་ཙམ་སྟེ། དངོས་དངོས་མེད་གཉིས་ཆར་རྫུན་པ་དེས་ན་ཇི་ལྟར་རྨི་ལམ་དུ་བུ་བྱུང་ནས་ཤི་བ་རྨིས་ཏེ་སྡུག་བསྔལ་བ་ལ། བུ་དེ་མེད་དོ་སྙམ་པའི་རྣམ་རྟོག་དེ་ནི། བུ་དེ་ཡོད་སྙམ་པའི་རྣམ་པར་རྟོག་པ་དེ་ཡི་གེགས་ཡིན་ལ་དེ་ཡང་རྫུན་པ་ཡིན་པ་བཞིན་ནོ། །དེས་ན་ཤིང་གཉིས་ཟུང་དུ་བདར་བའི་མེས་ཤིང་གཉིས་ཀ་བསྲེགས་པ་བཞིན་དུ་དངོས་ཀུན་བདེན་མེད་དུ་རྣམ་པར་དཔྱད་པའི་ཤེས་རབ་ཀྱི་མེས་དངོས་དངོས་མེད་དུ་བཞག་པའི་དམིགས་པའི་གཏད་སོ་ཐམས་ཅད་ཀྱི་ནགས་ཐིབས་པོ་མ་ལུས་པ་བསྲེགས་ནས་སྤྲོས་པ་ཐམས་ཅད་ཞི་བའི་ཡེ་ཤེས་ལ་གནས་པའི་ཚེ་ན་ཁས་ལེན་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཡིན་ནོ། །དེ་སྐད་དུའང་མདོ་ལས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ། །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེགས་པ་བཞིན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་གནས་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། དབུ་མའི་བསྟན་བཅོས་རྣམས་ལས་ཀྱང་རྒྱ་ཆེར་གསུངས་ཏེ་མདོ་ཙམ་གོང་དུ་དྲངས་པ་བཞིན་ནོ། །གཉིས་པ་ཡང་དག་པའི་དོན་བསྟན་པ་ནི། རྒྱུ་མཚན་དེ་བས་སྔར་བཤད་པ་དེ་ལྟར་རྣམ་པར་དཔྱད་པས་དངོས་པོ་འགའ་ཡང་རྒྱུ་མེད་པ་ཡོད་པ་མ་ཡིན་ལ། རྒྱུ་རྟག་པ་ལས་ཀྱང་མི་སྐྱེ་སྟེ། ཕྱིའི་ཆོས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་དུ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་ལ། ནང་གི་སྐྱེ་མཆེད་ནི་མ་རིག་པ་ནས་རྒ་ཤིའི་བར་ལུ་གུ་རྒྱུད་དུ་བརྟེན་ནས་སྐྱེའོ། །དེ་འདྲའི་དངོས་པོ་རང་རང་གི་རྒྱུ་རྐྱེན་དེ་དག་སོ་སོ་བ་རེ་རེའམ་ཐམས་ཅད་འདུས་པ་ཡི་རྐྱེན་རྣམས་ལ་ཡང་འབྲས་བུ་གནས་པ་མ་ཡིན་ཏེ། རེ་རེ་བས་སྐྱེད་པར་མི་ནུས་ལ། འདུས་པ་ལའང་རྒྱུ་རྣམས་ལས་གཞན་དུ་གྱུར་པ་ཅུང་ཟད་མེད་དོ། །འབྲས་བུ་སྣང་བའི་ཚེ་རྒྱུ་རྐྱེན་དེ་དག་ལས་གཞན་ཞིག་ནས་འབྲས་བུ་ཉིད་དེར་འོང་བའང་མ་ཡིན་ལ། རྒྱུ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུ་ཞིག་རྒྱུ་ལ་བརྟེན་ནས་གྲུབ་ཟིན་འདིར་གནས་པའང་མ་ཡིན་ཞིང་། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ་བའང་མ་ཡིན་ཏེ་དེ་ཕྱིར་ཆོས་ཐམས་ཅད་ནི་རང་བཞིན་གྱི་རྒྱུས་སྟོང་པའོ། །འདི་ལ་སོ་སོར་ཞེས་པས་བདག་སྐྱེ་དང་གཞན་སྐྱེ་དགག་པ་དང་། འདུས་པ་ཞེས་པས་གཉིས་ཀ་ལས་སྐྱེ་བ་བཀག་པ་སྟེ་མུ་བཞི་པོ་བཀག་པར་ཡང་བཤད་དོ། །གཉིས་པ་ངོ་བོ་སྟོང་པ་ཉིད་དུ་བསྟན་པ་ནི། དེ་ལྟར་མ་རྟོགས་པའི་རྨོངས་པས་བདེན་པར་གང་བཟུང་བར་བྱས་པའི་ཕྱི་ནང་གི་དངོས་པོ་འདི་ཀུན་སྒྱུ་མ་ལས་ནི་ཁྱད་པར་ཅི་ཞིག་ཡོད་དེ། སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང་། རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ་ཡི་དངོས་པོ་དེ་དག་ནི་ཐོག་མར་གང་ལས་འོང་བར་གྱུར་ཅིང་། མཐར་གང་དུ་འགྲོ་བའང་བརྟག་པར་གྱིས་ཤིག་དང་དེ་གཉིས་མཚུངས་པ་ངེས་པར་མཐོང་བར་འགྱུར་ཏེ། འདི་ལ་བདེན་པ་ཞིག་ཡོད་ན་འདི་སྣང་བའི་ཚེ་གཞན་ཞིག་ནས་འདིར་འོང་ཞིང་། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ་དགོས་ནའང་སྔ་ཕྱིའི་མཐའ་ཅི་ཡང་མེད་པ་ལ། འབྲས་བུ་གང་ཞིག་རང་སྐྱེད་བྱེད་ཀྱི་རྒྱུ་གང་དག་ནི་ཚོགས་པའམ་ཉེ་བ་ཡིས་ནི་རྒྱུ་དེ་ཁོ་ནའི་སྟོབས་ཀྱིས་རང་གི་བདག་ཉིད་མཐོང་བར་འགྱུར་གྱིས། རྒྱུ་དེ་མེད་ན་རང་གི་རང་བཞིན་དུ་འགྲུབ་པ་སྲིད་པ་མིན་པ་དེས་ན་གཞན་རྒྱུ་རྐྱེན་གྱིས་བཅོས་བུ་མེ་ལོང་ནང་གི་གཟུགས་བརྙན་དང་མཚུངས་པ་དེ་ལ་རང་གི་ངོ་བོས་གྲུབ་པའི་བདེན་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་འགྲོ་འོང་ཡོད་མེད་ཀྱི་མཐའ་དང་བྲལ་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་ལ་སོགས་པའི་ཚུལ་དུ་ཤེས་པར་བྱ་སྟེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འབྲས་བུ་སྨོན་པ་མེད་པར་བསྟན་པ་ནི། བསྐྱེད་བྱའི་འབྲས་བུ་དེ་ཡོད་པ་ཞིག་གམ་མེད་པ་ཞིག་ཡིན། འབྲས་བུའམ་དངོས་པོ་དེ་རང་བཞིན་གྱིས་ཡོད་པར་གྱུར་པ་ལ་དེ་གྲུབ་ཟིན་པས་རྒྱུ་ཡི་དགོས་པ་ཅི་ཞིག་ཡོད་དེ། དེ་གཉིས་ཕན་ཚུན་རྒྱུ་འབྲས་སུ་མི་རུང་ངོ་། །འོན་ཏེ་འབྲས་བུ་དེ་ནི་མེད་པ་ཞིག་རྒྱུས་བསྐྱེད་དོ་ཞེ་ནའང་འབྲས་བུ་རང་གི་ངོ་བོ་མེད་པ་ཙམ་ཡིན་ན་དེ་ལ་རྒྱུ་ཡི་དགོས་པ་ཅི་ཞིག་ཡོད་དེ། མེད་པ་ལ་སྤྱིར་རྒྱུ་མེད་ཅིང་རང་ཉིད་མེད་པའི་ངོ་བོར་གནས་ཟིན་པས་སོ། །གལ་ཏེ་མེད་པ་ཙམ་པོ་དེ་རྒྱུས་བསྐྱེད་པ་མིན་ཀྱང་རྒྱུ་འདིས་འབྲས་བུ་མེད་པ་ཉིད་ཡོད་པའི་དངོས་པོར་བྱེད་དོ་སྙམ་ན་དེ་མི་ནུས་ཏེ། བྱེ་བ་བརྒྱ་ཕྲག་གཅིག་ཚོགས་པའི་རྒྱུ་ཡིས་འབད་ཀྱང་། ཆོས་གང་ཞིག་རང་གི་ངོ་བོའམ་དངོས་པོ་མེད་པ་དེ་དངོས་པོར་བསྒྱུར་དུ་མེད་དེ། རྒྱུ་ཅི་ཚོགས་ཀྱང་རི་བོང་གི་རྭ་ཡོད་པར་བསྒྱུར་མི་ནུས་པ་བཞིན་ཏེ་མེད་པ་གང་གི་ཡང་ལྟོས་བྱར་མི་འགྱུར་རོ། །དངོས་མེད་དངོས་པོར་བསྒྱུར་དུ་མེད་པའི་རྒྱུ་མཚན་ཀྱང་། དངོས་མེད་ཀྱི་དངོས་པོ་མ་དོར་བཞིན་དུ་འགྱུར་བ་དང་། དོར་ནས་འགྱུར་བ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་མེད་བཞིན་པའི་གནས་སྐབས་དེ་ནི་དངོས་པོ་ཇི་ལྟར་ཡིན་ཏེ་དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། དངོས་མེད་དོར་ནས་དངོས་པོར་གསར་དུ་འགྱུར་བ་གཞན་ཡང་གང་ཞིག་ཡིན་ཏེ་དེ་མི་སྲིད་པ་ནི། འདི་ལྟར་རང་གི་ངོ་བོ་མེད་པར་གནས་པ་དེ་ནི། མེད་བཞིན་པའི་ཚེ་ན་དངོས་ཡོད་སྲིད་པ་མིན་ན་དེ་ལ་དངོས་པོ་ཡོད་པར་དུས་ནམ་ཞིག་འགྱུར་ཏེ་སྐབས་མེད་ལ་དངོས་པོར་སྐྱེས་པར་མ་གྱུར་པ་དེ་སྲིད་དུ་ནི་དངོས་མེད་དང་ནི་འབྲལ་བར་མི་འགྱུར་ཞིང་། དངོས་མེད་རང་གི་མཚན་ཉིད་དང་ནི་མ་བྲལ་ན་དེ་ལ་དངོས་པོ་ཡོད་པའི་སྐབས་ནམ་ཡང་མི་སྲིད་པས་དངོས་མེད་དངོས་པོར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །དེས་ན་དངོས་མེད་ཉིད་ཡིན་བཞིན་དུ་དངོས་པོར་འགྱུར་བ་མི་སྲིད་ན། དངོས་མེད་དངོས་པོར་འགྱུར་བ་ཞེས་པ་ཚིག་ཙམ་སྟེ། གང་དངོས་མེད་ཡིན་པ་ཙམ་གྱིས་དངོས་པོ་ཡོངས་སུ་སྤངས་པར་གྱུར་པའི་ཕྱིར། དེ་དེར་གྱུར་པ་ནི་མེད་དོ། །དེ་བཞིན་དུ་དངོས་པོ་ཡོད་པའང་དངོས་པོ་མེད་པར་འགྱུར་བ་མིན་ཏེ། དེ་གཉིས་ཕན་ཚུན་སྤངས་པས་ན་རིགས་པ་དངོས་མེད་ཀྱི་སྐབས་སུ་བཤད་པ་བཞིན་ལ། གལ་ཏེ་དངོས་པོ་ཡོད་པ་གང་གི་ཚེ་དངོས་པོ་མེད་པའི་རང་བཞིན་དུ་འགྱུར་ན་དེའི་ཚེ་དངོས་པོ་གཅིག་ཉིད་དངོས་དངོས་མེད་ཀྱི་རང་བཞིན་གཉིས་སུ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་དུ་འགག་པ་ཡོད་པ་མིན་ཞིང་། དངོས་པོའང་བདེན་པར་ཡོད་པ་མིན་པ་དེ་ཡི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་ནི་དུས་གསུམ་པོ་རྟག་ཏུའང་མ་སྐྱེས་ཤིང་མ་འགགས་པ་ཉིད་དོ། །དེས་ན་འགྲོ་བ་འདི་ཀུན་སྣང་ཡང་མི་བདེན་པ་རྨི་ལམ་ལྟ་བུ་སྟེ། རིགས་པས་རྣམ་པར་དཔྱད་ན་ཚུགས་ཐུབ་པའི་སྙིང་པོ་མེད་པས་ཆུ་ཤིང་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཁོ་ན་ཉིད་དུ་ནི་ཁྱད་པར་མེད་དེ་གང་བཅིངས་པ་མེད་ལ་གྲོལ་བ་མེད་པར་རྟག་ཏུ་མཉམ་པ་ཉིད་ཁོ་ནར་གནས་པའི་ཕྱིར་རོ། །གཉིས་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལ། རང་གི་ཆོས་བརྒྱད་མགོ་སྙོམས་པ་དང་། གཞན་ལ་བརྩེ་བ་རྩོལ་མེད་དུ་འབྱུང་བའོ། །དང་པོ་ནི། དེ་ལྟར་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་ལ་རྙེད་སོགས་ཐོབ་པ་ཅི་ཡོད་ཅིང་ཤོར་བའང་ཅི་ཞིག་ཡོད། དེ་བཞིན་དུ་སེམས་ཅན་གང་གིས་དངོས་སུ་བསྟོད་ཅིང་རིམ་གྲོ་བྱས་པའམ་སྨད་དེ་ཡོངས་སུ་བརྙས་པར་བྱས་པའང་ཅི་ཞིག་ཡོད། ཕན་འདོགས་པའི་རང་བཞིན་གྱིས་བདེ་བའམ་གནོད་པས་སྡུག་བསྔལ་བའང་གང་ལས་ཡིན། ལྐོག་ཏུ་མི་སྙན་པར་བརྗོད་པས་མི་དགར་ཅི་ཡོད་ཅིང་སྙན་པར་སྨྲས་པས་དགར་འགྱུར་བ་ཅི་ཞིག་ཡོད། དེ་ཁོ་ན་ཉིད་དུ་ནི་རིགས་པས་བཙལ་བར་བྱས་ན། གང་ཟག་གམ་ཡུལ་ཅན་གང་ཞིག་སྲེད་ཅིང་ཡུལ་གང་ལ་སྲེད། ལེགས་པར་དཔྱད་ན་གསོན་པའི་འཇིག་རྟེན་འདི་མ་གྲུབ་པས་གང་ཞིག་སྲིད་པ་འདིར་ནི་འཆི་བར་འགྱུར་ཏེ། ཚེ་ཕྱི་མ་འབྱུང་བར་འགྱུར་བ་གང་ཞིག་ཡིན་ལ་སྔ་མ་བྱུང་བར་གྱུར་པ་དེ་ཡང་གང་ཞིག་ཡིན། གཉེན་དང་མཛའ་བཤེས་རྣམས་ཀྱང་གང་ཞིག་ཡིན་ཏེ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི། གནས་ལུགས་དཔྱོད་པའི་བློ་ཅན་རྒྱལ་སྲས་ཞི་བ་ལྷ་བདག་དང་འདྲ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་བྱས་ནས་ཆོས་བརྒྱད་མགོ་སྙོམས་པར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་གཞན་ལ་བརྩེ་བ་རྩོལ་མེད་དུ་འབྱུང་བ་ནི། འདི་ལྟར་འགྲོ་བ་རྨོངས་པ་བདག་ཉིད་བདེ་བར་འདོད་པ་རྣམས་ནི་དགྲ་ལ་འཐབ་པ་དང་། གཉེན་ལ་སྤྲོ་བའི་རྒྱུ་དག་གིས་ཡིད་རབ་ཏུ་འཁྲུགས་པ་དང་དགའ་བར་བྱེད་ཅིང་། འདོད་པ་མ་གྲུབ་པའི་མྱ་ངན་དང་། འདོད་པའི་དོན་དུ་འབད་རྩོལ་དང་། དེའི་ཕྱིར་གཞན་ལ་རྩོད་པ་དང་། བདག་གཞན་ཕན་ཚུན་ལུས་མཚོན་གྱིས་གཅོད་པ་དང་མདུང་སོགས་ཀྱིས་འབིགས་པ་དང་གཞན་ཡང་སྒོ་གསུམ་གྱི་སྡིག་པ་མང་པོ་དག་གིས་ནི་ཉེ་བར་སྒྲུབ་པའི་འབྱོར་པ་ཚེགས་ཆེན་པོ་ཅན་དག་གིས་འཚོ་བར་བྱེད་ལ་དོན་ཆུང་ཚེ་འདིའི་ཕུན་ཚོགས་ཀྱིས་ཡིད་བསླུ་ཞིང་དུས་འདའ་བར་གནས་སོ། །འགྲོ་བ་འདི་རྣམས་རེས་བསོད་ནམས་ཀྱི་སྟོབས་ལས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་རྣམ་པ་མང་པོ་དག་ཏུ་ཡང་དང་ཡང་དུ་འོངས་ཏེ། མཐོ་རིས་ཀྱི་དགའ་བའི་བདེ་བ་མང་པོ་ལ་སྤྱད་སྤྱད་ནས། སླར་ཡང་སྡིག་པའི་འབྲས་བུས་ཤི་ནས་ངན་སོང་གསུམ་གྱི་སྡུག་བསྔལ་ནི་ཤིན་ཏུ་ཡུན་རིང་ཞིང་བཟོད་པར་དཀའ་བ་མི་བཟད་པ་རྣམས་སུ་ལྷུང་བར་འགྱུར་ཞིང་མཐོ་དམན་བདེ་སྡུག་ངེས་པ་མེད་པའི་སྲིད་པའི་སྐྱེ་བ་བརྒྱུད་མར་གཡོ་ཞིང་འཕྱན་པར་འགྱུར་བ་ཡིན་ལ། དེ་འདྲའི་སྲིད་པ་ན་ནི་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་འདོད་རྨོངས་སྲེད་པའི་གཡང་ས་ཤིན་ཏུ་མང་ཞིང་། སྲིད་པ་དེར་ནི་བདག་ལྟའི་ངང་ཚུལ་ཅན་ཕྱིན་ཅི་ལོག་གི་ཆོས་དངོས་པོ་བདེན་པར་ཞེན་པ་དེ་ཁོ་ན་ཉིད་མིན་པའི་རང་བཞིན་འདི་འདྲ་བ་ཡིན་པས། དེར་ཡང་སྟོང་ཉིད་རྟོགས་པ་དང་དངོས་པོར་འཛིན་པ་ཕན་ཚུན་འགལ་བས་ན་སྲེད་ན་དེ་ཁོ་ན་ཉིད་མཐོང་བ་འདི་འདྲ་བ་མེད་དེ་མུན་པའི་ཀློང་དུ་སྣང་བ་བཞིན་ནོ། །སྲིད་པ་དེར་ཡང་དཔེ་ཡིས་ཚད་བཟུང་དུ་མེད་ཅིང་ཤིན་ཏུ་བཟོད་དཀའ་བས་མི་བཟད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མཐའ་ལས་འདས་པ་མྱོང་བར་འགྱུར་ཞིང་། དེར་ནི་དེ་ལྟར་ལས་དང་ཉོན་མོངས་པའི་དབང་གིས་དགེ་བ་སྒྲུབ་པ་ལ་སྟོབས་ཆུང་ཞིང་། དེར་ནི་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་ཚེ་ཡང་ཡུན་ཐུང་བ་ཉིད་ཡིན་ལ། དེར་ཅུང་ཟད་གནས་པའི་སྐབས་སུ་ཡང་ཡུན་རིང་པོར་གསོན་པའི་བྱ་བ་ལུས་ཀྱི་རིམ་གྲོ་སྣ་ཚོགས་དང་ནད་མེད་པ་ཉིད་ཀྱི་ཕྱིར་སྨན་སོགས་བསྟེན་པར་བྱེད་པ་དང་། བཀྲེས་པ་དང་ངལ་བ་དང་གཉིད་དང་ཕྱི་ནང་གི་ཉེར་འཚེེ་སྣ་ཚོགས་པ་དང་། དེ་བཞིན་དུ་བྱིས་པའི་སྐྱེ་བོ་དང་འགྲོགས་པ་སོགས་དོན་མེད་ཀྱི་བྱ་བས་ཚེ་ནི་དོན་མེད་པར་མྱུར་དུ་འདའ་ཡི། སྲིད་པ་ལས་གྲོལ་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་ལ་བློས་རྣམ་པར་དཔྱོད་པ་ཤིན་ཏུ་རྙེད་པར་དཀའ་ཞིང་འཁོར་བའི་གནས་དེར་ཡང་ཐོག་མ་མེད་ནས་རྣམ་པར་གཡེང་བ་ལ་གོམས་པ་ཤུགས་དྲག་པོ་ནི་ཆུ་ཀླུང་བཞིན་དུ་བབས་པས་གློ་བུར་དུ་ཟློག་པའི་ཐབས་ནི་ག་ལ་ཡོད་ཅིང་། དེར་མ་ཟད་དེར་ཡང་དམྱལ་བ་ལ་སོགས་པའི་ངན་སོང་ཆེན་པོར་ནི་ལྟུང་བར་བྱ་བའི་ཕྱིར་ལྷའི་བུའི་བདུད་སོགས་ནག་པོའི་རྩ་ལག་རྣམས་ཀྱིས་ནི་ཐར་པའི་ལམ་ལ་བར་དུ་གཅོད་པ་ལ་བརྩོན་པར་བྱེད་ཅིང་། དེར་ནི་རྟག་ཆད་ཀྱི་ལྟ་བ་སོགས་ལོག་པའི་ལམ་མང་ཞིང་། ཡང་དག་པའི་ལམ་མ་ནོར་བ་འདིའོ་ཞེས་དམིགས་ཕྱེད་པའི་ངེས་པ་མི་སྐྱེ་བར་ཐེ་ཚོམ་ལས་ཀྱང་བརྒལ་བར་དཀའ་སྟེ་ཐེ་ཚོམ་གཅོད་པའི་རྐྱེན་ཕྱི་ཡི་ཡོངས་འཛིན་ཐེག་ཆེན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་དང་། ནང་གི་ཡོངས་འཛིན་ངེས་དོན་ཟབ་མོའི་སྡེ་སྣོད་ལ་ཤེས་རབ་གསུམ་གྱིས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་ནན་ཏན་དུ་བྱ་བ་ཡིན་ན་དེ་ལྟ་བུ་ཤིན་ཏུ་རྙེད་དཀའ་བའི་ཕྱིར་དང་། དེ་ལྟར་ཆོས་ཀྱི་སྣང་བ་མ་རྙེད་པར་ཤི་ན་སླར་ཡང་མི་ཁོམ་པའི་གནས་ལས་ཐར་པའི་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་ཞིང་། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སོགས་འབྱོར་པ་ཕུན་སུམ་ཚོགས་པའང་རྙེད་པར་ཤིན་ཏུ་དཀའ་ལ། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་དུ་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་པའི་ཆུ་བོ་བརྒལ་པའི་དུས་ཐོབ་པར་དཀའ་སྟེ། དེའི་ཕྱིར་སེམས་ཅན་དམན་པ་རྣམས་ནི་ཨེ་མ་ཞེས་སྨྲེ་སྔགས་ཀྱི་སྒྲ་དང་བཅས་ཏེ་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྱུར་རོ། །དེ་ལྟར་སྲིད་པ་ན་ཤིན་ཏུ་སྡུག་བསྔལ་ན་ཡང་རང་ཉིད་སྡུག་བསྔལ་གྱི་ནང་དུ་བྱིང་བ་མི་མཐོང་བར་སྲིད་པ་ལ་ཞེན་པ་གང་ཡིན་པ་དང་སྡུག་བསྔལ་གསུམ་གྱི་ཆུ་བོར་གནས་པའི་སེམས་ཅན་འདི་དག་ལ་དམིགས་ནས་ཀྱི་ཧུད་ཅེས་རྒྱལ་བའི་སྲས་རྣམས་ཀྱིས་མྱ་ངན་བྱ་བར་འོས་སོ། །དཔེར་ན་སྐྱེ་བོ་མྱོས་པ་འགའ་ཞིག་བསིལ་བའི་རེག་བྱ་འདོད་པས་ཡང་ཡང་ཆུར་ཞུགས་ནས་ཁྲུས་བྱས་ཏེ་ཡང་ཚ་བར་འདོད་པས་ཡང་ཡང་མེ་ནང་དུ་འཇུག་པ་སྤེལ་མར་བྱས་ཏེ། དེའི་དབང་གིས་དེ་ལྟར་ཚ་གྲང་གིས་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་ད་དུང་བདག་ཉིད་བདེ་བར་རློམ་པ་བཞིན་དུ་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་སྡུག་བསྔལ་ལ་བདེ་བར་རློམ་པ་ཡིན་པས་སོ། །དེ་ལྟར་སྡུག་བསྔལ་ཡང་རྒ་བ་དང་ན་བ་དང་འཆི་བ་སོགས་འོང་རྒྱུ་མེད་པ་བཞིན་དུ་བག་ཡངས་སུ་རོལ་ཞིང་སྤྱོད་པས་གནས་པ་རྣམས་ལ། དང་པོ་ཉིད་དུ་འཆི་བདག་བཟློག་ཏུ་མེད་ཅིང་བརྩེ་བ་མེད་པ་དེ་འོངས་ནས་རང་དབང་མེད་པར་བསད་པར་བྱས་ནས། དེའི་འོག་ཏུ་ངན་སོང་དུ་ལྟུང་བ་ཡི་སྡུག་བསྔལ་མི་བཟད་པ་འོང་བར་འགྱུར་རོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་དང་བྲལ་བས་ན་སྲིད་པའི་སྡུག་བསྔལ་གྱི་མེས་གདུང་བ་རྣམས་ལ་བདག་གི་བསོད་ནམས་ཚད་མེད་པའི་སྤྲིན་ཆེན་པོ་ལས་ལེགས་པར་བྱུང་བའི་རང་གི་བདེ་བའི་ཚོགས་ཆས་སམ་ཡོ་བྱད་ཟས་གོས་གནས་མལ་སོགས་ཅི་འདོད་པའི་ཚོགས་ཀྱི་ཆར་གྱིས། སེམས་ཅན་དེ་དག་གི་སྡུག་བསྔལ་ཞི་བར་བྱེད་པར་བདག དུས་ནམ་ཞིག་ཏུ་འགྱུར་སྙམ་དུ་བསམ་པ་ནི་གནས་སྐབས་ཀྱི་བདེ་བ་དང་། ཡང་ངེས་ལེགས་ཀྱི་དབང་དུ་བྱས་ཏེ་ནམ་ཞིག་འཁོར་གསུམ་གྱི་དམིགས་པ་མེད་པའི་ཚུལ་དུ་སེམས་ཅན་རྣམས་ཀྱི་དོན་ལ་གུས་ཤིང་སྤྲོ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཏེ། རང་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། བདེན་ཞེན་གྱི་དམིགས་པས་འཁོར་བའི་གནས་སུ་ཕུང་བར་གྱུར་པའི་སེམས་ཅན་རྣམས་ལ་དེའི་གཉེན་པོར་ཆོས་ཐམས་ཅད་དམིགས་པ་མེད་པར་སྟོན་པའི་སྟོང་པ་ཉིད་ནི་སྟོན་པར་འགྱུར་ན་ཅི་མ་རུང་ཞིང་། དེ་ལྟར་བྱའོ་ཞེས་སྙིང་རྗེ་ཆེན་པོ་སྐྱེད་དོ། །རང་ཉིད་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་མཐོང་ན་གཞན་བདེན་འཛིན་གྱི་དབང་གིས་འཁོར་བ་རྣམས་ལ་ནམ་ཡང་མི་གཏོང་བའི་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་འབྱུང་ཞིང་འདི་ནས་ཇི་སྐད་གསུངས་པ་ལྟ་བུའི་སེམས་སྐྱེ་བའང་ཆོས་ཉིད་དེ་སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་གོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་དཀའ་བ་མེད། །ཅེས་གསུངས་པ་བཞིན་ནོ། །སླར་སྨྲས་པ། ཆོས་དབྱིངས་མཁའ་ལ་སྙན་པའི་འབྲུག་སྒྲ་རྟག་སྒྲོགས་ཤིང་། །མཁྱེན་བརྩེའི་སྤྲིན་ལས་འཕགས་ལམ་ཡན་ལག་བརྒྱད་ལྡན་ཆར། །མཐའ་ཀླས་གདུལ་བྱའི་ཞིང་སར་ཅི་དགར་འབེབས་མཛད་པའི། །ཐུབ་ཆེན་ཀླུ་ཡི་དབང་པོར་གུས་པས་ཕྱག་བགྱིའོ། །ཟབ་དང་རྒྱ་ཆེའི་ཆོས་མཆོག་འོ་མའི་རྒྱ་མཚོ་ཆེ། །ལེགས་པར་བསྲུབས་པའི་སྙིང་པོའི་ཡང་བཅུད་ཟླ་མེད་པ། །སྣང་སྟོང་ཟུང་འཇུག་སྤྲོས་པ་ཀུན་བྲལ་དབུ་མ་ཆེ། །སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ་བཟང་འདི་རྨད་བྱུང་། །ས་བཅུའི་དབང་ཕྱུག་འཇམ་དཔལ་དབྱངས་དང་མ་ཕམ་པའི། །དགོངས་པའི་གསང་མཛོད་ཡེ་ཤེས་ཀློང་དུ་ཐ་དད་མིན། །དེ་དགོངས་འགྲེལ་མཁས་འཕགས་ཡུལ་ཤིང་རྟ་ཆེ་རྣམས་ཀྱང་། །གནས་སྐབས་ཁས་ལེན་ཕྲ་མོ་ཙམ་ལས་དོན་གནད་གཅིག །དེ་ཚུལ་གངས་ཁྲོད་རིགས་སྨྲ་རྒྱུ་སྐར་ཕྲེང་བའི་དབུས། །མཁྱེན་རྟོགས་དཀྱིལ་འཁོར་ཡོངས་གང་སྨྲ་བའི་ཟླ་བ་མཆོག །ཀུན་མཁྱེན་ཆོས་རྗེ་བརྒྱུད་པར་བཅས་པས་སེང་གེའི་སྒྲ། །ལུང་རིགས་མན་ངག་ཟབ་མོའི་དབྱངས་ཀྱིས་སྒྲོགས་པར་མཛད། །དེ་ལྟ་ན་ཡང་སྐལ་དམན་སྙིགས་མའི་སྐྱེ་བོ་ཕལ། །ཟབ་མོའི་གནད་ལ་ལྟ་བའི་མིག་ཟུམ་བློ་མཐུ་ཟད། །གཞན་ཟེར་བྲག་ཆའི་ལད་མོ་ཟློ་བས་ཡིད་ཚིམས་ནས། །རང་ལུགས་ཁྱད་འཕགས་མུན་ཁང་རྫས་བཞིན་སྟོར་ཉེའི་ཚེ། །སྔོན་སྨོན་ཐུགས་བསྐྱེད་བརྩོན་པའི་བྱ་ཁྱུང་ཕུང་པོ་ཡིས། །ཉེར་དྲངས་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཉིན་མོར་བྱེད། །བསྟན་འགྲོའི་བསོད་ནམས་མཁའ་ལ་ལེགས་ཤར་རྒུད་པའི་མུན། །རབ་བསལ་ངེས་གསང་སྙིང་པོའི་པད་ཚལ་ཅིར་ཡང་བཞད། །དཔལ་ལྡན་ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་པའི་མཐུས། །གཟུངས་སྤོབས་བློ་གྲོས་བྱེ་བའི་གཏེར་ཁ་བཞད་པ་ལས། །ཉེར་འོངས་སྔོན་མེད་ལེགས་བཤད་ནོར་བུ་ཀེ་ཏ་ཀ །དྲི་བྲལ་ཐུབ་བསྟན་མཚོ་ཆེན་མཛེས་པའི་རྒྱན་དུ་གྲུབ། །འཕགས་བོད་མཁས་གྲུབ་བརྒྱུད་པའི་མན་ངག་གསེར་སྦྱངས་ཁམས། །རྣམ་དག་རིགས་ལམ་བཟང་པོའི་རྩིབས་སྟོང་རྣམ་བཀྲ་ཞིང་། །ཡིད་ཆེས་ལུང་གི་མུ་ཁྱུད་མཛེས་འབར་སྲིད་ཞིའི་བླར། །མངོན་པར་འཕགས་གང་སྔ་འགྱུར་བརྒྱུད་པའི་ཁྱད་ནོར་ཡིན། །དེ་སླད་བདག་བློ་དམན་ཞིང་སྦྱོང་བའི་མཐུ་ཆུང་ཡང་། །ཟབ་མོའི་གནས་ལ་གུས་པ་འབའ་ཞིག་དབང་བྱས་ནས། །རང་འདྲའི་སྐལ་མཉམ་གཞན་ལའང་སྨན་ངེས་བལྟ་བདེའི་ཕྱིར། །ཅུང་ཟད་བསྡུས་འདིར་ནོངས་གང་འཕགས་པའི་སྤྱན་སྔར་བཤགས། །འདི་ལས་ཚིག་འབྲུ་གཅིག་གི་དོན་ཙམ་གོ་བ་ཡིས། །བློ་ལྡན་བློ་ཡི་རེ་བ་ཡོངས་སུ་རྫོགས་བྱེད་པར། །ལྷ་དབང་ལྷ་ཡི་དཔལ་གྱིས་འབྱོར་བས་དེ་ལྟར་མིན། །དེ་ཕྱིར་སྐལ་བཟང་གྲོགས་དག་ཚུལ་འདིར་བརྩོན་པར་རིགས། །ལེགས་བྱས་མཐོ་རིས་ཀླུང་གིས་ཉེས་ཚོགས་དུག་ཅན་བུའི། །དྲི་མ་ཡོངས་བཅིལ་ཕན་བདེའི་ཆུ་གཏེར་རབ་འབབ་ཞིང་། །སྟོང་དང་རྟེན་འབྱུང་ཟུང་འཇུག་དབུ་མའི་བདེན་དོན་མཆོག །ལེགས་རྟོགས་རྒྱལ་བའི་ཆོས་མཛོད་རྒྱ་མཚོ་འཛིན་གྱུར་ཅིག །བཀྲ་ཤིས་གང་ཞིག་རིགས་ཁམས་དགེ་བའི་མྱུ་གུ་སྨིན། །བཀྲ་ཤིས་ངོ་མཚར་བདེན་གཉིས་ཟབ་མོའི་གནས་ལུགས་རྟོགས། །བཀྲ་ཤིས་རྨད་བྱུང་ཚོགས་གཉིས་ཟུང་འབྲེལ་ལྗོན་བཟང་རྩེར། །བཀྲ་ཤིས་དཔག་ཡས་སྐུ་གཉིས་མེ་འབྲས་རྒྱས་གྱུར་ཅིག །ཅེས་པའང་རང་ཉིད་ཀྱི་དད་པའི་གསོས་དང་ཆོས་གྲྭ་ཆེན་པོ་འདིར་བསླབ་གྲྭ་གསར་འཛུགས་སྐབས་གཞུང་འཆད་ཉན་བདེ་བའི་སླད་དུ་༧ཀུན་མཁྱེན་བླ་མ་མཆོག་གི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་ཀུ་སཱ་ལི་གཞན་ཕན་ཆོས་ཀྱི་བློ་གྲོས་སམ་འཇམ་དབྱངས་བློ་གྲོས་རྒྱ་མཚོར་འབོད་པས་ཤེར་ཊཱིཀ་ཆེན་མོ་ཡན་ལག་དང་བཅས་པ་ལས་ཅུང་ཟད་བསྡུས་ཤིང་སྐབས་བབས་ཀྱི་གསལ་བྱེད་ཕྲན་བུ་དང་བཅས་ཏེ་རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་བྲིས་པ་ལ་སླར་ཡང་ཕྲི་བསྣན་ཅུང་ཟད་བགྱིས་པ་སྟེ། འདིས་ཀྱང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། ༈ ༀ་སྭསྟི་བི་ཛ་ཡནྟུ། གཉིས་སུ་མི་གསུང་རྒྱལ་བས་ཟབ་རྒྱས་ཀྱི། །ཆོས་ཚུལ་རྒྱ་མཚོ་བསྟན་པའི་སྙིང་པོ་ནི། །རྨད་བྱུང་བྱང་ཆུབ་སེམས་མཆོག་དབྱིག་གི་རྒྱལ། །འཕགས་ཆེན་ཀླུ་དབང་གཙུག་ཏུ་མཛེས་པ་གང་། །གཞན་ཕན་ཁུར་གྱིས་མི་ངལ་སྙིང་སྟོབས་ལ། །འཇམ་མགོན་དགྱེས་པས་མཆོག་བྱིན་དེད་དཔོན་ཆེ། །ཞི་བ་ལྷ་ཡི་མཁྱེན་བརྩེའི་འཕྲུལ་ཐབས་ཀྱིས། །ཕན་བདེའི་འབྱུང་གནས་སྐལ་བཟང་ལག་རྩེར་གནང་། །ཐབས་མཁས་འདོད་པ་འཇོ་དང་ཆབས་ཅིག་ཏུ། །སྒྲིབ་ཀུན་སེལ་བའི་ཤེས་རབ་འོད་འབྱིན་ཕྱིར། །འཕགས་བོད་མཁས་པ་མང་པོས་རྩིང་ཞིབ་ཀྱིས། །རྣམ་དཔྱོད་བྱི་དོར་ཆོ་གས་གཙང་བ གྱིས་མོད། །མི་ཕམ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས། །རྒྱལ་མཚན་མངོན་པར་མཐོ་བའི་རྩེ་མོ་རུ། །མ་བཀོད་དེ་སྲིད་རྒྱལ་སྲས་མཆོག་དེའི་བཞེད། །ཇི་བཞིན་གསལ་ལ་རྫོགས་པར་མཚོན་པ་མེད། །དེ་ཕྱིར་མགོན་དེའི་ཞལ་ལུང་དྲི་མ་མེད། །གཞུང་དོན་རབ་གསལ་ནོར་བུའི་སྒྲོན་མེ་འདི། །དུས་མཐར་རྒྱལ་བསྟན་རིན་ཆེན་གསལ་བ་དང་། །མཐའ་ཡས་འགྲོ་ལ་ཕན་བདེའི་མིག་སྦྱིན་སླད། །སྲིད་འབྱོར་མངོན་མཐོའི་དཔལ་གྱིས་མི་དྲེགས་པར། །ངེས་ལེགས་ཐར་པར་འདུན་པའི་བློ་གྲོས་ནི། །རབ་དཀར་སྟོན་ཟླ་བྱེ་བའི་དཔལ་འཛིན་པ། །བཀྲས་མཐོང་མི་ཡི་དབང་པོ་སྟངས་དཔྱལ་གྱིས། །མ་སྨད་ཐུགས་བསྐྱེད་རིན་ཆེན་ལྡེའུ་མིག་གིས། །རྣམ་མང་རིན་ཆེན་མཛོད་ཀྱི་སྒོ་ཕྱེས་ནས། །མི་ཟད་ཆོས་སྦྱིན་སྤར་གྱི་འདུ་འགོད་ཀྱིས། །ཆོས་འདོད་བློ་ཡི་དབུལ་བ་སེལ་བར་བྱས། །དགེ་བས་ལེགས་བྱས་འདིར་འབྲེལ་གྱིས་མཚོན་པའི། །མཁའ་ཁྱབ་འགྲོ་ཀུན་བྱང་ཆུབ་མཆོག་གི་སེམས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ནས། །དགེ་ལེགས་དུས་སྟོན་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཙམ་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །སརྦ་མངྒལཾ་བྷ་ཝནྟུ།


previousསྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབ་གསལ་ནོར་བུའི་སྒྲོན་མེ། next