Nitartha Digital Library
Tibetan
 
previousདཀོན་མཆོག་གསུམ་གྱི་དོན་རྣམ་པར་བཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར།next

དཀོན་མཆོག་གསུམ་གྱི་དོན་རྣམ་པར་བཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར།

༄༅། །པྲསཱདབིཙིམཱལྱབིཤཱངྷསམུདྲནཱམརཏྣཏྲཱིརྠབིབེཀསཾཀྵེཔབིཎྜབཱཙྱསྠཱིསྟི།
༄༅། །དཀོན་མཆོག་གསུམ་གྱི་དོན་རྣམ་པར་བཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱིི་ཡཻ། དྲི་མེད་འོད་གསལ་མཁའ་དང་ཉི་བཞིན་དུ། །ཡེ་ནས་ལྷུན་གྲུབ་སྣང་སྟོང་ཟུང་འཇུག་ཕུལ། །སྲིད་ཞི་ཀུན་ཁྱབ་སོ་སོ་རང་རིག་ཡུལ། །དོན་དམ་བདེ་གཤེགས་སྙིང་པོར་ཕྱག་བ གྱིའོ། །འབྲས་རྒྱུད་དཀོན་མཆོག་གསུམ་པོ་འབྱུང་བའི་རིགས། །དོན་དམ་བདེ་གཤེགས་སྙིང་པོ་འདུས་མ་བྱས། །མངོན་བྱེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཐབས། །སྟོན་མཛད་རྒྱལ་དང་དེ་སྲས་ཡོངས་ལ་འདུད། །རྒྱལ་དགོངས་མཐར་ཐུག་རྒྱལ་ཚབ་ས་བཅུ་པས། །ལེགས་བཀྲལ་ས་གསུམ་བརྙེས་པས་འཛམ་གླིང་འདིར། །གསལ་བྱས་ཐེག་མཆོག་བླ་མའི་དགོངས་དོན་བཞིན། །དཀོན་མཆོག་གསུམ་གྱི་རྣམ་བཞག་མདོ་ཙམ་བརྗོད། །དེ་ལ་འདིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པའི་དབང་གིས་དབྱིངས་དག་པ་གཉིས་ལྡན་བྲལ་འབྲས་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་གིས་ཁྱད་པར་དུ་བྱས་པའི་སྤྲོས་བྲལ་ངོ་བོ་ཉིད་སྐུའི་ཀློང་ནས་མ་གཡོས་བཞིན་དུ། དག་དང་མ་དག་པའི་ཞིང་རབ་འབྱམས་རྣམས་སུ་གང་འདུལ་གཟུགས་སྐུའི་བཀོད་པ་འབྱམས་སུ་ཀླས་པས། རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་ཡས་པ་རྗེས་སུ་འཛིན་པའི་སླད་དུ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ལས། སློབ་མ་འཕགས་པའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་འབྱུང་། དེ་རྣམས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་ཁམས་སྒྲིབ་པ་ཅི་རིགས་པས་དག་པའི་རྐྱེན་དང་ལྡན་པ་ཐོབ། དེ་ལས་མཐར་ཆོས་དབྱིངས་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་གིས་སྟོང་པའི་བྱང་ཆུབ་མངོན་དུ་བྱེད། དེ་ལ་སྟོབས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན། དེའི་ནུས་པས་སེམས་ཅན་ཀུན་གྱི་དོན་བྱེད་པའི་ཕྲིན་ལས་ཀྱི་ཆོས་རྣམས་འབྱུང་བས་ན། འཇིག་རྟེན་དུ་དཀོན་མཆོག་གསུམ་གྱི་གདུང་གི་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས། དེའི་ཚུལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་བཞིན་མདོར་བ སྡུས་སུ་བརྗོད་པ་ལ་གཉིས་ཏེ། ཐོབ་བྱ་དཀོན་མཆོག་གསུམ་གྱི་རང་བཞིན་ངོས་བཟུང་བ་དང་། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། ལྷག་བསམ་བསྟན་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་ཏེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བར་མི་ནུས་སོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་འཆད་པ་ལ་དོན་བཞི་ལས། དང་པོ་ཐོབ་པར་བྱ་བ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་སངས་རྒྱས་ཀྱི་དོན་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པ་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། རྒྱུ་རྐྱེན་གྱིས་གསར་དུ་མ་བསྐྱེད་ཅིང་རང་གི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་འདུས་མ་བྱས་ཆེན་པོ། སྤྲོས་པ་དང་རྣམ་རྟོག་ལ་སོགས་པའི་འབད་རྩོལ་མཐའ་དག་ཉེ་བར་ཞི་བས་ལྷུན་གྱིས་གྲུབ་པ། སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཀྱིས་མངོན་སུམ་པར་གཟིགས་པས་གཞན་རྐྱེན་གྱིས་རྟོགས་པ་མིན་པ་སྟེ་རང་དོན་ཆོས་སྐུའི་ཡོན་ཏན་གསུམ་དང་། སྔ་མ་གསུམ་གྱི་དོན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་མཁྱེན་པ་དང་། རང་གིས་ཇི་ལྟར་རྟོགས་པའི་དོན་དེ་ལ་སེམས་ཅན་ཐམས་ཅད་འགོད་པར་བཞེད་པའི་བརྩེ་བ་དང་། དེ་གཉིས་ཀྱི་མཐུ་ལས་གདུལ་བྱ་རྣམས་ཀྱི་རྒྱུད་ཀྱི་སྡུག་བསྔལ་གྱི་རྩ་བ་མིང་གཟུགས་ཀྱི་མྱུ་གུ་གཅོད་ཅིང་། ལྟ་བ་ངན་པའི་ནགས་འཐིབ་པོས་བསྐོར་བའི་ཐེ་ཚོམ་གྱི་རྩིག་པ་རྨང་ནས་འཇིག་པར་མཛད་པས་དཔེ་རལ་གྲི་དང་རྡོ་རྗེ་ལྟ་བུར་གྱུར་པ་ནི་ནུས་པ་སྟེ་གཞན་དོན་གཟུགས་སྐུའི་ཡོན་ཏན་གསུམ་སྟེ་དྲུག་དང་། དབྱེ་གཞི་གཉིས་སོ་སོར་བགྲངས་པས་ཡོན་ཏན་བརྒྱད་དང་ལྡན་པ་ནི་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དོ། །གཉིས་པ་འདོད་ཆགས་དང་བྲལ་བ་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་དམ་པའི་ཆོས་ཀྱི་དོན་ནི། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པ་ལྟར། འགོག་བདེན་མཐར་ཐུག་ཆོས་དབྱིངས་དེ་ཉིད་ཡོད་མེད་སོགས་མུ་བཞིའི་འཛིན་རྟོག་གིས་བརྟག་ཡུལ་མིན་པའི་ཕྱིར་དང་། བརྡ་དང་ཐ་སྙད་དང་དཔེ་དང་གཏན་ཚིགས་ལ་སོགས་པས་བསྟན་པར་མི་ནུས་པའི་ཕྱིར་དང་། འཕགས་པའི་མཉམ་བཞག་ཏུ་སོ་སོ་རང་གིས་རིག་པར་བྱ་བ་ལས་གཞན་རིག་གི་སྤྱོད་ཡུལ་མིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་གྱིས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་། ཟག་བཅས་ལས་དང་ཉོན་མོངས་པ་མེད་པའམ་ཞི་བ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའི་ཡོན་ཏན་དང་། དེ་དག་གི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་དང་བྲལ་བས་རྟོག་པ་མེད་པའི་ཡོན་ཏན་ཏེ། གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་གྱི་ཡོན་ཏན་གསུམ་དང་། ཉོན་མོངས་པའི་དྲི་མ་བག་ཆགས་དང་བཅས་པ་བྲལ་བས་རྣམ་པར་དག་པ་དང་། ཤེས་སྒྲིབ་དང་བྲལ་བས་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གསལ་བའི་འོད་ཟེར་གྱི་སྣང་བ་དང་ལྡན་པ་དང་། ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་ལྟོས་པའི་ཆགས་སྡང་རྨོངས་གསུམ་གྱི་མུན་པ་དྲུང་ནས་འབྱིན་པས་གཉེན་པོའི་ཕྱོགས་སུ་གྱུར་པ་སྟེ། གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་བདེན་གྱི་ཡོན་ཏན་དཔེ་ཉི་མ་དང་ཆོས་མཚུངས་པ་གསུམ་སྟེ་དྲུག་དང་། དབྱེ་གཞི་གཉིས་སོ་སོར་བགྲངས་པས་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་རྣམ་བྱང་གི་མཚན་ཉིད་ཅན་ནི་ཆོས་དཀོན་མཆོག་གི་ངོ་བོའོ། །གསུམ་པ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པས་ཕྱིར་མི་ལྡོག་པའི་ཚོགས་འཕགས་པའི་དགེ་འདུན་གྱི་དོན་ནི། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པ་ལྟར། མཉམ་བཞག་ཏུ་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བའི་དོན་ཕྱིན་ཅི་མ་ལོག་པར་གཟིགས་པ་ཇི་ལྟ་བ་དང་། རྗེས་ཐོབ་ཏུ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པས་ཆོས་ཀྱི་དབྱིངས་དེས་སེམས་ཅན་ཐམས་ཅད་ལ་ཁྱད་མེད་པར་ཁྱབ་པར་གཟིགས་པ་ཇི་སྙེད་པ་དང་། གཉིས་ཀའང་ནང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གཟིགས་པ་མཐོང་སྒོམ་གྱི་སྤང་བྱ་ཅི་རིགས་པས་རྣམ་པར་དག་པ་སྟེ་རིག་པའི་ཡོན་ཏན་གསུམ་དང་། ཁམས་གསུམ་གྱི་གནས་སུ་ཆགས་པར་བྱེད་པ་ཉོན་མོངས་པའི་སྒྲིབ་པ་དང་། ཐམས་ཅད་མཁྱེན་པ་ལ་གེགས་སུ་གྱུར་པའི་ཐོགས་པ་ཤེས་བྱའི་སྒྲིབ་པ་དང་། ཐེག་ཆེན་ལ་བར་དུ་གཅོད་པ་དམན་པ་ཉན་རང་གི་སྒྲིབ་པ་སྟེ། དེ་གསུམ་ལས་གྲོལ་བ་གྲོལ་བའི་ཡོན་ཏན་གསུམ་སྟེ་དྲུག་དང་དབྱེ་གཞི་གཉིས་སོ་སོར་བགྲངས་པས་ཡོན་ཏན་བརྒྱད་དང་ལྡན་པ་ནི་ཐེག་ཆེན་ཕྱིར་མི་ལྡོག་པའི་དགེ་འདུན་དཀོན་མཆོག་གི་མཚན་ཉིད་དོ། །བཞི་པ་གནས་སྐབས་དང་མཐར་ཐུག་གི་སྐྱབས་གསུམ་གྱི་རྣམ་དབྱེ་བསྟན་པ་ནི། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པ་ལ་སོགས་པས་བསྟན་པ་བཞིན། གནས་སྐབས་ཐེག་པ་གསུམ་དང་བྱེད་པ་གསུམ་གྱི་དབང་གིས་སྐྱབས་གསུམ་དུ་འཇོག་པར་མཛད་དེ། ཐེག་པ་གསུམ་ལས་ཐེག་པ་ཆེན་པོ་པ་རྫོགས་བྱང་ཉིད་དོན་དུ་གཉེར་བ་དང་། བྱེད་པ་གསུམ་ལས་སངས་རྒྱས་ནི་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ངོར་སྟོན་པ་སངས་རྒྱས་ཉིད་སྐྱབས་ཀྱི་དང་པོར་བཞག་པ་དང་། དེ་བཞིན་དུ་རང་རྒྱལ་གྱི་ཐེག་པ་རང་གི་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྟོགས་ཤིང་ཐོབ་པར་འདོད་པ་དང་། ཆོས་ནི་ཆགས་པ་དང་བྲལ་བའི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ངོར་ཆོས་དཀོན་མཆོག་ཉིད་སྐྱབས་གནས་གཉིས་པར་བཞག་པ་དང་། ཉན་ཐོས་ཀྱི་ཐེག་པ་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ནས་ཟུང་བཞི་ཡ་བརྒྱད་ཀྱི་གོ་འཕང་དེ་ཉིད་ཐོབ་པར་འདོད་པ་དང་། དགེ་འདུན་ནི་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ངོར་དགེ་འདུན་ཉིད་སྐྱབས་གནས་གསུམ་པར་རྣམ་པར་བཞག་སྟེ་དེ་ཡང་སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་དང་། མཐར་ཐུག་ལུང་གི་ཆོས་ནི་ཆུ་བརྒལ་པའི་གཟིངས་བཞིན་དུ་དོན་རྟོགས་ནས་ཚིག་གི་དགོས་པ་དེ་ཙམ་དུ་ཟད་པས་སྤང་བའམ་འདོར་བའི་ཕྱིར་དང་། རྟོགས་པའི་ཆོས་ལས་སློབ་ལམ་གྱི་རྟོགས་པ་རྣམས་ནི་གོང་ནས་གོང་དུ་འཕོ་བའི་ཚེ་འོག་མ་འོག་མ་རྣམས་འདོར་བས་མི་བརྟན་ཏེ་བསླུ་བའི་ཕྱིར་དང་། ཐེག་དམན་གྱི་འགོག་པ་ནི་མར་མེ་རྒྱུན་ཆད་པ་བཞིན་དུ་སྡུག་ཀུན་དང་བྲལ་བའི་མེད་པ་ཙམ་སྟེ་མེད་པ་ཙམ་ནི་སྐྱབས་དང་སྐྱབས་མིན་གང་དུའང་མི་འགྱུར་བའི་ཕྱིར་དང་། བྱང་སེམས་འཕགས་པ་སློབ་པ་རྣམས་ཀྱང་ད་དུང་འཇིགས་མེད་རྟག་པའི་གོ་འཕང་མ་ཐོབ་པས་འདུ་བྱེད་ལ་སེམས་བསྲུང་བ་དང་། སངས་རྒྱས་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། ལམ་གྱི་ཆོས་གཉིས་དང་། འཕགས་པ་སློབ་པ་རྣམས་གཏན་གྱི་སྐྱབས་ནི་མ་ཡིན་ནོ། །མཐར་ཐུག་དོན་དམ་པའི་སྐྱབས་ནི། སངས་རྒྱས་ཆོས་ཀྱི་སྐུ་འབའ་ཞིག་སྟེ། དེ་ནི་གོང་སྨོས་ཀྱི་སྐྱོན་རྣམས་དང་བྲལ་བས་གཏན་དུ་བ་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་འགོག་བདེན་མཐར་ཐུག་པ་དང་། ཚོགས་རྣམས་ཀྱི་ཡོན་ཏན་མཐར་ཐུག་པ་ཡང་དེ་ཡིན་པའི་ཕྱིར་རོ། །ཞར་བྱུང་དཀོན་མཆོག་གི་སྒྲ་བཤད་ནི། རཏྣ་ཞེས་པའི་སྒྲ་ལས་དྲངས་ན་རིན་པོ་ཆེ་དང་དཀོན་མཆོག་གཉིས་ཀ་ལ་འཇུག་པས། དེ་ཡང་ནོར་བུ་ནི། རྙེད་དཀའ་བ་དང་། དྲི་མ་མེད་པ་དང་། མཐུ་དང་ལྡན་པ་དང་། རྒྱན་དུ་འོས་པ་དང་། བཅོས་མ་ལས་མཆོག་ཏུ་གྱུར་པ་དང་། བསྟོད་སྨད་ཀྱིས་མི་འགྱུར་བ་སྟེ་ཆོས་དྲུག་དང་ལྡན་པ་བཞིན་དུ། དཀོན་མཆོག་གསུམ་ཡང་དགེ་རྩ་མ་བསྐྲུན་པ་རྣམས་ཀྱིས་ནི་བསྐལ་པ་མང་པོར་མཚན་ཙམ་ཡང་རྙེད་པར་དཀའ་བས་འབྱུང་བ་དཀོན་པའི་ཕྱིར་དང་། སྒྲིབ་གཉིས་ལ་སོགས་པའི་ཉེས་པའི་དྲི་མ་མེད་པའི་ཕྱིར་དང་། མངོན་ཤེས་ལ་སོགས་པའི་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང་། འཇིག་རྟེན་ན་བསམ་པ་དགེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པས་རྒྱན་དུ་གྱུར་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པས་མཆོག་ཉིད་ཡིན་པའི་ཕྱིར་དང་། དད་པ་དང་མ་དད་པའི་རྐྱེན་གྱིས་འགྱུར་བ་མེད་པའམ་ངོ་བོ་འདུས་མ་བྱས་པའི་ཕྱིར་ཏེ་ཡོན་ཏན་གྱི་ཁྱད་པར་དྲུག་གིས་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །གཉིས་པ་ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་ལའང་གཉིས་ཏེ། གནས་བཞི་དམ་པའི་ཡུལ་དུ་གྱུར་པས་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་མདོར་བསྟན། དེའི་ཡན་ལག་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ནི། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཡིན་ནོ། །ཞེས་གསུངས་པ་ལྟར། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་དྲི་མའི་སྦུབས་ལས་མ་གྲོལ་བ་ད་ལྟ་སེམས་ཅན་གྱི་རྒྱུད་ཀྱི་ཁམས་དྲི་བཅས་དེ་བཞིན་ཉིད་ནི་རྟོགས་པར་བྱ་བའི་གནས་ཏེ། ཤཱ་རིའི་བུ་དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། །ཤཱ་རིའི་བུ་དོན་འདི་ནི་རེ་ཞིག་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རང་གི་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ་བལྟ་བའམ། བརྟག་པར་མི་ནུས་ན། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ། སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་སྐུའི་ཚིག་བླ་དྭགས་སོ། །ཞེས་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པ་ལས་གསུངས་པ་དང་། ཁམས་དེ་ཉིད་ལམ་གྱི་སྟོབས་ལས་གློ་བུར་གྱི་དྲི་མ་དང་བྲལ་བས་དག་པ་གཉིས་ལྡན་མཐར་ཐུག་དྲི་མ་མེད་པའི་དེ་བཞིན་ཉིད་དུ་གནས་གྱུར་པ་སངས་རྒྱས་ཆོས་སྐུ་ནི་རྟོགས་པ་རང་གི་ངོ་བོ་བྱང་ཆུབ་སྟེ། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་དཔལ་ཕྲེང་གི་མདོ་ལས་བསྟན་པ་དང་། བྱང་ཆུབ་དེ་དང་འབྲེལ་བའི་བྲལ་སྨིན་གྱི་ཡོན་ཏན་རྣམས་ནི་རྟོགས་པ་དེའི་ཡན་ལག་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་རྣམ་དབྱེར་མེད་པའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་ཉིད་བསྟན་པ་ལས་གསུངས་པ་དང་། ཡོན་ཏན་དེའི་ནུས་པ་རྟོག་མེད་ལྷུན་གྲུབ་ཀྱི་ཚུལ་གྱིས་གཞན་དོན་མཛད་པ་རྒྱུན་མི་ཆད་པའི་ཕྲིན་ལས་ནི་གཞན་གྱིས་རྟོགས་པར་བྱ་བའི་གནས་ཏེ། འཇམ་དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད། རྣམ་པར་རྟོག་པ་མི་མཛད་མོད་ཀྱི། དེ་ལྟ་ན་ཡང་དེའི་འདི་ལྟ་བུའི་རང་བཞིན་ཅན་གྱི་མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པར་འཇུག་གོ །ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པར་བསྟན་པ་ལས་གསུངས་པ་སྟེ། དེ་ལྟར་རྡོ་རྗེའི་གནས་རྣམ་པ་བཞི་པོ་ལས་སྔ་མ་རྟོགས་བྱ་ཁམས་ཉིད་ནི་དག་བྱ་རྒྱུ་དང་། ཕྱི་མ་གསུམ་ནི་དག་བྱེད་རྐྱེན་ཏེ། རྒྱུ་རྐྱེན་གྱི་གནས་བཞི་པོོ་འདི་ལས་འབྲས་བུ་དཀོན་མཆོག་དགེ་བ་གསུམ་འབྱུང་བའི་ཚུལ་འདི་ནི་བླ་ན་མེད་པ་སངས་རྒྱས་ཀྱི་མཁྱེན་པའི་སྤྱོད་ཡུལ་ཁོ་ན་ལས་ཉན་རང་ལ་སོགས་པ་ཕལ་གྱིས་བསམ་གྱིས་མི་ཁྱབ་བོ། །དེ་ཡང་ཁམས་སམ་དྲི་བཅས་དེ་བཞིན་ཉིད་དེ་ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པའང་ཡིན་ལ་གློ་བུར་གྱི་དྲི་མའི་སྦུབས་ལས་མ་གྲོལ་བའང་ཡིན་པས་གཞི་གཅིག་ལ་འགལ་བའི་ཆོས་གཉིས་འཚོགས་པ་ལྟ་བུར་སེམས་ཏེ་ཕལ་གྱིས་བསམ་པར་མི་ནུས་ཀྱང་། དོན་ལ་མི་འགལ་ཏེ། དག་པ་ནི་གནས་ཚུལ་ལམ་ཆོས་ཉིད་དོན་དམ་གྱི་གཤིས་ལ་དྲི་མ་ཡེ་ནས་མ་ཞུགས་པ་དང་། དྲི་མས་སྒྲིབ་པ་ནི་སྣང་ཚུལ་ལམ་ཆོས་ཅན་ཀུན་རྫོབ་ཙམ་དུ་བཅོས་མ་གློ་བུར་གྱི་འཁྲུལ་པའི་དྲི་མས་བསྒྲིབས་སྟེ་གནས་ཚུལ་མངོན་དུ་མ་གྱུར་པ་སྟེ། དེས་ན་གནས་སྣང་མི་མཐུན་པ་ཡོད་པའི་གནད་ཀྱིས་འཁྲུལ་གྲོལ་ལམ་གྱི་རྣམ་བཞག་འདི་ཐམས་ཅད་འཐད་ཀྱི། གཞན་དུ་ན་སུ་ཡང་འཁྲུལ་མི་སྲིད་པ་སོགས་ཀྱི་སྐྱོན་དུ་མ་དང་ལྡན་པར་འགྱུར་རོ། །མཐར་འབྲས་བྱང་ཆུབ་ཀྱང་རང་གི་ངོ་བོ་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའང་ཡིན་ལ། ལམ་སྒོམ་སྟོབས་ཀྱིས་གློ་བུར་གྱི་དྲི་མ་དང་བྲལ་བས་ཁྱད་པར་དུ་བྱས་པའི་དག་པའང་ཡིན་པའི་ཕྱིར་གཞི་གཅིག་ལ་འགལ་བར་བཟུང་ནས་བསམ་པར་མི་ནུས་ཀྱང་། དོན་ལ་མི་འགལ་ཏེ་ཆོས་ཉིད་དམ་བྱང་ཆུབ་རང་གི་ངོ་བོ་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་དབང་གིས་ལམ་ལ་འབད་པས་གློ་བུར་གཟུང་འཛིན་གཉིས་སྣང་གི་དྲི་མ་མཐའ་དག་འདག་པར་རུང་བ་ཡིན་ལ། རང་བཞིན་གྱིས་རྣམ་པར་མ་དག་ན་ནི་དེ་ནམ་ཡང་དག་པར་བསྒྱུར་དུ་མི་གཏུབ་པས་གཉེན་པོའི་ལམ་ལ་བརྩོན་པ་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར་རོ། །དོན་དམ་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་ཐ་མལ་པའི་སྐྱེ་བོ་འཆིང་བ་ཀུན་ལྡན་གྱི་གནས་སྐབས་སུའང་རིགས་ཁམས་དང་རྣམ་དབྱེར་མེད་པའི་ཆོས་ཉིད་དུ་གནས་པའང་ཡིན་ལ། དེ་མངོན་དུ་གྱུར་པའང་མ་ཡིན་པའི་ཕྱིར་ཕལ་གྱིས་བསམ་པར་མི་ནུས་ཀྱང་། དོན་ལ་མི་འགལ་ཏེ། དོན་དམ་འདུས་མ་བྱས་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་དབྱིངས་ལ། གདོད་མ་ནས་ཟག་མེད་ཀྱི་ཆོས་རྣམས་དབྱིངས་ཀྱི་ཡོན་ཏན་གྱི་ཚུལ་དུ་རང་ཆས་སུ་ཡོད་པའི་གནད་ཀྱིས། དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་དང་བྲལ་བ་ལས། སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་ནམ་མཁའ་དང་མཉམ་པར་འབྱུང་བ་ཡིན་གྱི། གཞན་དུ་ན་བེམ་སྟོང་ཕྱོགས་གཅིག་པའི་འདུས་མ་བྱས་ནམ་མཁའ་རང་གི་ངོ་བོ་ལ་རྒྱུ་རྐྱེན་གྱི་རྣམ་པ་བརྒྱ་ཕྲག་འཚོགས་ཀྱང་འདུས་བྱས་ཡོད་པའི་ངོ་བོར་སྒྲུབ་མི་ནུས་པ་བཞིན་དུ། སངས་རྒྱས་ཆོས་ཀྱི་སྐུ་ལ་ཟག་པ་མེད་པའི་ཡོན་ཏན་འབྲས་ཆོས་ཀྱི་ཁྱད་པར་ཅུང་ཟད་ཀྱང་སྒྲུབ་ཏུ་མེད་པར་འགྱུར་བས་མཐར་ཆད་པར་འགྱུར་ལ། གལ་ཏེ་སྔར་མེད་རྒྱུ་རྐྱེན་གྱིས་གསར་དུ་སྒྲུབ་སྙམ་ནའང་། གང་བྱས་པ་ལ་མི་རྟག་པ་རྗེས་སུ་འགྲོ་བའི་ཕྱིར། སངས་རྒྱས་ཆོས་ཀྱི་སྐུ་ཡང་མི་རྟག་པར་འགྱུར་ལ། དེ་ལྟ་ན་རང་བྱུང་ཡེ་ཤེས་ཀྱི་སྐུ་ཅན་མ་ཡིན་པ་དང་འགྱུར་བཅས་ཀྱི་ཟུག་རྔུ་མ་སྤངས་པ་དང་མཐར་ཐུག་དོན་དམ་པའི་སྐྱབས་ཀྱང་མི་རྙེད་པ་སོགས་སྐྱོན་དུ་མ་དང་ལྡན་པ་ཡིན་ནོ། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་རྟག་པར་འགྲོ་བ་རྣམས་ཀྱི་ཁམས་དབང་བསམ་པའམ་སྐལ་བ་དང་འཚམ་པར་གང་ལ་གང་འདུལ་གྱིས་རེ་བ་ཡོངས་སུ་སྐོང་བར་མཛད་པའང་ཡིན་ལ། འདི་ལ་འདི་ལྟ་བུ་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོག་པ་དང་། འབད་རྩོལ་གྱིས་གཡོ་བ་མི་མངའ་བའང་ཡིན་པས་ཕལ་གྱིས་བསམ་གྱིས་མི་ཁྱབ་ཀྱང་། དོན་ལ་མི་འགལ་ཏེ། འབད་རྩོལ་དང་རྣམ་རྟོག་མེད་པའི་དབང་གིས་ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་རྟག་ཁྱབ་ཏུ་འབྱུང་བ་ཡིན་གྱི། གང་འབད་རྩོལ་དང་རྣམ་རྟོག་བཅས་པས་ནི་དེ་ལྟར་མི་ནུས་ཏེ། ཡུལ་དུས་རེས་འགའ་བས་བསྡུས་པའི་འབྲས་བུ་ཉི་ཚེ་བར་འགྱུར་བའི་ཕྱིར་རོ། །དེ་དག་གི་ཚུལ་རྒྱལ་དབང་རང་བྱུང་ཞབས་ཀྱིས་ཟབ་མོ་ནང་དོན་གྱི་རང་འགྲེལ་དུ་དཔེའི་སྒོ་ནས་གསུངས་པ། ནོར་བུ་རིན་པོ་ཆེ་བཻཌཱུཪྱ་ཆེན་པོ་ཤུན་པ་དང་བཅས་པའི་ཚེ་ཤུན་པ་དང་བཅས་ཀྱང་ནང་དུ་ནོར་བུ་ལ་ཤུན་པ་འདྲེས་པ་མེད་པ་ལྟར་སེམས་ཅན་གྱི་དུས་ན་སངས་རྒྱས་ཀྱི་སྙིང་པོ་དྲི་མ་རྣམས་ཀྱིས་བསྒྲིབས་ཀྱང་མ་འདྲེས་པས་ན་དག་པ་ཉོན་མོངས་དང་ལྡན་པ་ཡིན་ནོ། །ཡང་ཐོག་མ་ནས་ཤུན་པ་དང་བཅས་པའི་ནོར་བུ་ཡིན་ཀྱང་ཤུན་པ་དེ་ནི་ནོར་བུ་ལས་བྱུང་བའང་མ་ཡིན། ནོར་བུ་ལས་གཞན་ལས་ཀྱང་བྱུང་བ་མ་ཡིན་ཏེ་གང་ནས་ཀྱང་མ་བྱུང་བའི་ཤུན་པ་དེ་རྣམ་པར་དག་པར་བྱས་པས་དག་པ་ལྟར་སེམས་སངས་རྒྱས་ཀྱི་སྙིང་པོའི་སྒྲིབ་པ་དག་པའི་སངས་རྒྱས་ཀྱང་དེ་ཁོ་ན་བཞིན་དུ་ཡིན་ནོ། །ཡང་ནོར་བུའི་ཡོན་ཏན་དེ་རྣམས་དང་པོ་དང་ཐ་མ་ཁྱད་པར་མེད་ཀྱང་། སྔ་མ་ལ་ནི་ཡོན་ཏན་མི་སྣང་ལ་ཕྱི་མ་དྲི་མ་མེད་པ་དེ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་གསོལ་བ་བཏབ་ན་ཡོན་ཏན་འབྱིན་པ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ད་ལྟ་ནས་ཡོད་ཀྱང་སྐྱོན་མེད་པའི་རྣམ་པར་དཀར་བས་མ་བསྐྱེད་ན་ནུས་པ་མི་འབྱིན་པས་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ནོར་བུ་ང་ནི་ཤུན་པ་ཅན་ནོ། །ང་ནི་ཤུན་པ་མེད་པའོ། །གསོལ་བ་འདེབས་པ་ལ་ཡོན་ཏན་སྦྱིན་ནོ། །མི་སྦྱིན་ནོ་ཞེས་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པ་བཞིན་ཕྲིན་ལས་འཇུག་པ་སྟེ། དེས་ན་སངས་རྒྱས་ཀྱི་སྙིང་པོ་ཡང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་སྟེ་ཚུལ་དེ་ལྟར་རྟོགས་པར་བྱའོ། །ཞེས་གསལ་བར་མཛད་དོ། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་འདི་ལ་ཡིད་ཆེས་ཀྱི་དད་པ་བླ་ལྷག་ཏུ་བསྐྱེད་པར་རིགས་སོ། །གཉིས་པ་ཡན་ལག་ཕྱེ་སྟེ་རྒྱས་པར་བཤད་པ་ལ་བཞི། རྟོགས་བྱ་ཁམས། རྟོགས་པ་བྱང་ཆུབ། ཡན་ལག་ཡོན་ཏན། བྱེད་པ་ཕྲིན་ལས་ཀྱི་དོན་བཤད་པའོ། །དང་པོ་རྟོགས་པར་བྱ་བའི་གནས་དྲི་མ་དང་བཅས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་དོན་སྟོན་པ་དེ་ལའང་བཞི་ལས། དང་པོ་ཁམས་ཀྱི་དོན་སྤྱིར་བསྟན་པ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་ལྟར། ཆོས་དབྱིངས་གང་ལ་གདགས་པའི་གཞི་བདེན་གཉིས་ཟུང་འཇུག་རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་དབང་དུ་བྱས་ཏེ། མཐར་ཐུག་བྲལ་འབྲས་སངས་རྒྱས་ཀྱི་ཡེ་ཤེས་སམ་ཆོས་སྐུའི་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ། སྔོན་ཐ་མལ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་ལས་ཕྱིས་མངོན་དུ་གྱུར་པ་ཡོད་པའི་ཕྱིར་དང་། རིགས་མེད་ན་སོལ་བ་ལས་གསེར་དང་། བྱེ་མ་ལས་མར་མི་འབྱུང་བ་བཞིན་དུ་བརྩོན་ཀྱང་དེ་ལྟར་མི་འཐད་པའི་ཕྱིར་དང་། གཉིས་མེད་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་ཆོས་སྐུའི་ཡོན་ཏན་དེ་རྣམས་རང་བཞིན་འདུས་མ་བྱས་ཀྱིས་རབ་ཏུ་དབྱེ་བ་ལས་འདུས་བྱས་མི་རྟག་པའི་ངོ་བོ་མིན་པར་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་པའི་ཕྱིར་ཏེ་རྒྱུ་མཚན་གསུམ་གྱིས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་ལྟོས་པའི་རིགས་པས་གྲུབ་པ་དང་། འཁོར་འདས་ཀྱི་ཆོས་ཐམ་ཅད་གནས་ལུགས་སྟོང་ཆེན་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར། འཁྲུལ་པ་གློ་བུར་བས་སྤྲུལ་པའི་སེམས་ཅན་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་གཞན་དུ་མ་གཡོས་པར་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་དང་། དྲི་མ་གློ་བུར་བ་སྤང་རུང་དང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཀུན་ལ་ཁྱད་མེད་དུ་ཡོད་པའི་ཕྱིར་རིགས་ཡོད་པར་གྲུབ་ལ། རིགས་ཡོད་ན་ལུས་ཅན་དེ་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་པ་བྱ་བ་བྱེད་པའི་རིགས་པས་གྲུབ་པ་སྟེ། དེ་ལྟར་རྒྱུ་རིགས་ཡོད་པ་དེ་འབྲས་དུས་ཀྱི་ཆོས་སྐུ་དང་ངོ་བོ་ཁྱད་མེད་པ་དང་། འབྲས་དུས་ཀྱི་ཆོས་སྐུ་ཡོད་ན་དེ་སེམས་ཅན་གྱི་དུས་ནའང་འཕེལ་འབྲི་མེད་པར་ཡོད་དགོས་པ་དང་། རྒྱུ་འབྲས་དང་སྔ་ཕྱིར་བཏགས་ཀྱང་དོན་ལ་ཆོས་དབྱིངས་འགྱུར་བ་མེད་པའི་ངོ་བོར་དབྱེར་མེད་རོ་གཅིག་པའི་ཕྱིར་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡང་དག་གི་ལམ་ལས་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ནི་གདུལ་བྱ་ཡོངས་སུ་མ་སྨིན་པ་རྣམས་ཀྱིས་ཐོག་མ་ནས་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་འཁོར་ལོ་དང་པོར་དངོས་སུ་མ་བསྟན་ཅིང་། བར་པར་བདག་ཏུ་ལྟ་བའི་གཉེན་པོར་ངོ་བོ་སྟོང་པ་ཉིད་ཀྱི་ཕྱོགས་ནས་བསྟན་པ་དང་། ཐ་མར་ཡོངས་སུ་སྦྱངས་པར་བྱས་པའི་བྱང་སེམས་སྐལ་བ་ཆེན་པོ་རྣམས་ཀྱི་ངོར་རང་བཞིན་སྐུ་དང་ཡེ་ཤེས་སྣང་ཕྱོགས་ཀྱི་ཆ་ནས་ངེས་དོན་དྲང་ཐད་དུ་སྟོན་པར་མཛད་པ་ནི་རིགས་ཁམས་ནོར་བུ་སྦྱོང་བའི་དཔེས་བསྟན་པ་ཡིན་ལ། ཕྱི་མ་གཉིས་ཀའང་འགལ་མེད་སྣང་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་གཅིག་གི་ཐོག་ཏུ་འདུམ་པ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་བཟང་པོའི་བཞེད་པ་ནི། རྒྱལ་དགོངས་མཐར་ཐུག་རྒྱལ་ཚབ་ས་བཅུའི་དབང་ཕྱུག་དང་། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་གཉིས་ཀྱི་ཟབ་དགོངས་མ་ཀྱོག་པ་སྣང་སྟོང་གང་གིའང་ཕྱོགས་སུ་མ་ལྷུང་ཞིང་ངེས་དོན་གྱི་མདོ་རྒྱུད་མན་ངག་ཀུན་གྱི་དགོངས་པའི་ཟབ་གནད་མཐའ་དག་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་པར་གྱུར་པས་མཐར་འཛིན་གྱི་ལྟ་བའི་རབ་རིབ་མཐའ་དག་ཅིག་ཅར་དུ་གཞིལ་ནུས་པའི་ངེས་དོན་དབུ་མ་ཆེན་པོ་སྟེ། ངོ་བོ་གདོད་མ་ནས་སྐུ་དང་ཡེ་ཤེས་སོགས་བྲལ་སྨིན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་རྣམ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་རིག་སྟོང་ཟུང་དུ་འཇུག་པ་རང་བྱུང་གི་ཡེ་ཤེས་འདུས་མ་བྱས། རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཐམས་ཅད་ལ་ཁྱ བ་ཅིང་རྗེས་སུ་སོང་བའི་དེ་བཞིན་ཉིད་ནམ་མཁའ་ལྟར་འཕོ་འགྱུར་མེད་པ་སྟེ། རྒྱས་པར་ནི་ངེས་དོན་ཤིང་རྟ་ཆེན་མོ་དང་གྲུབ་མཐའ་རིན་པོ་ཆེའི་མཛོད་སོགས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་དྲི་མ་མེད་པ་རྣམས་དང་། གཞན་ཡང་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་སྐུ་མཆེད། རིག་འཛིན་འཇིགས་མེད་གླིང་པ་སོགས་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་སྤྱི་དང་། ཁྱད་པར་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུར་གྱུར་པ་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་སྩལ་པའི་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེངྒེའི་ང་རོ་སོགས་ལས་ཤེས་པར་བྱ་ལ། འདིར་ཡིད་ཆེས་སྐྱེད་བྱེད་ཡང་དག་པའི་ལུང་གིས་ཕྱོགས་ཙམ་མཚོན་ན། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན་ནོ། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་གི་མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་དང་གསེར་གྱིས་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་སྲིད་ཀྱི་སས་གཡོགས་པའི་འོག་ན་ཡོད་ལ། གཏེར་ཆེན་པོ་དེས་མི་དབུལ་པོ་དེ་ལ་འདི་སྐད་དུ། ཀྱེ་མིང་ནི་གཏེར་ཆེན་པོ་སྟེ་སས་གཡོགས་ཤིང་འདུག་གོ་ཞེས་མི་སྨྲ་སྟེ། འདི་ལྟ་སྟེ། གཏེར་ཆེན་པོ་ནི་ངོ་བོ་ཉིད་ཀྱིས་སེམས་ཅན་མ་ཡིན་པའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ནི་དབུལ་བའི་སེམས་ཀྱིས་རྗེས་སུ་སེམས་ཤིང་དེ་ཉིད་ཀྱིི་སྟེང་ན་རྣམ་པར་རྒྱུ་ཡང་སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་མ་ཐོས་ཤིང་མི་ཤེས་མ་མཐོང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན། དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་། སེམས་ཅན་དེ་དག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་ཆགས་པས་སྡུག་བསྔལ་བས་འཁོར་བ་ན་འཁོར་ཏེ། ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོབ་པས་ཐོབ་པར་མ་གྱུར་ཅིང་། ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ལྟར་ཆོས་ཀྱི་གཏེར་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་པོ་དེ་ལ་མོས་ནས་རྐོ་སྟེ། དེའི་ཕྱིར་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་བྱ་སྟེ་ཆོས་ཀྱི་གཏེར་ཆེན་པོ་ལྟ་བུར་གྱུར་ནས། སེམས་ཅན་རྣམས་ལ་སྔོན་མ་བྱུང་བ། སྔོན་མ་བྱུང་བའི་གཏན་ཚིགས་ཀྱི་རྣམ་པ་དང་། དཔེ་དང་བྱེད་པའི་གཏན་ཚིགས་དང་བྱ་བ་རྣམས་སྟོན་པ། གཏེར་ཆེན་པོའི་མཛོད་ཀྱི་སྦྱིན་བདག་ཆགས་པ་མེད་པའི་སྤོབས་པ་དང་ལྡན་ཞིང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དག དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་དེ་ལྟ་བུར་མཐོང་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་ཡོངས་སུ་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། སེམས་ཅན་གྱི་ཁམས་གཞན་ལ། ཆོས་ཀྱི་སྐུ་ཡང་གཞན་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །ཞེས་དང་། རིགས་ཀྱི་བུ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་དང་། འཕགས་པ་དཔལ་ཕྲེང་གི་མདོར་ཡང་། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་གསུངས་པ་དང་། སངས་རྒྱས་ཕལ་པོ་ཆེ་ལས་རྒྱ་ཆེར་གསུངས་པའི་དོན་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མདོར་བསྡུས་པ། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པར་ཆོས་ཉིད་སྔ་ཕྱི་ཁྱད་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་། །ཞེས་པ་ནས་སྟོང་གསུམ་གྱི་ཚད་དང་མཉམ་པར་རིས་སུ་བྲིས་པའི་དར་ཡུག་ཆེན་པོ་རྡུལ་ཕྲ་རབ་ཀྱི་ནང་དུ་གནས་པའི་དཔེ་སྔོན་དུ་བཏང་ནས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །ཞེས་དང་། མྱང་འདས་ཆེན་པོར་ཡང་གྱད་ཀྱི་དཔྲལ་བའི་ནོར་བུའི་དཔེ་སྔོན་དུ་བཏང་ནས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་པས་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མཐོང་བར་མི་ནུས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ་ཟིལ་གྱིས་ནོན་པ་འགྲོ་བ་མང་པོར་འཁོར་ཞིང་སྡུག་བ སྔལ་བར་གྱུར་ཏོ། །ཞེས་པ་ནས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ། །ཞེས་དང་། རིགས་ཀྱི་བུ། དཔེར་ན། ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི། མེད་ཅེས་བྱར་མི་རུང་ངོ་། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། བུས་པ་མ་ར བས་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ་། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་། ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི། ལོག་སྲེད་ཡོངས་སུ་བཅོམ་ན་གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན། ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །ཞེས་དང་། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས། སངས་རྒྱས་ཀྱི་དབྱིངས། མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དེ། དཔེར་ན་ཆུ་དང་འབྲུ་མར་བསྲེས་པ་མི་དམིགས་པ་དེ་བཞིན་དུ། སངས་རྒྱས་ཀྱི་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ཀྱི་ཉོན་མོངས་པ་དང་སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི། བུམ་པའི་ནང་ན་མར་མེ་འདུག་པ་བཞིན་དུ་བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ། དེ་ལ་ཡོངས་སུ་གྲུབ་པའི་རང་བཞིན་གང་ཞེ་ན་འདི་ལྟ་སྟེ། མཚན་མ་དང་། མིང་དང་། དངོས་པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་རྟོགས་པ་ཐོབ་པས་འཕགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། བློ་གྲོས་ཆེན་པོ། ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ་ཐུགས་སོ། །ཞེས་དང་། ཤེར་ཕྱིན་ལས་ཀྱང་། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་དང་ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཡིན་ནོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པར་བུ་ག་བཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻཌཱུཪྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་པ། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཇི་ལྟར་སྦུན་པས་གཡོགས་གྱུར་པ། །སོལ་བ་འབྲས་བུར་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པ། །དེ་ནི་སངས་རྒྱས་ཞེས་མི་བཏགས། །ཇི་ལྟར་སྤུན་པ་ལས་གྲོལ་ནས། །འབྲས་བུ་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང་། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །མངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་ལ་བདུད་རྩིར་འགྱུར། །ཞེས་དང་། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་ཁུག་རྣ་དུ་བ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །དེ་ཉིད་འོད་གསལ་ལམ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཇི་ལྟར་སོ་གའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་སྟེ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་པ་དང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང་། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་དང་། ཤིང་རྟ་ཆེན་པོ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་བ་ལས། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པའི་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི་འགའ་ཡང་མེད་ལ། གློ་བུར་གྱི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་བཞག་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་པར་ཡོད་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །དེ་ལ་གང་ཞིག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་ཞིང་རྣམ་པར་འཕྲོ་ལ་མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ནི་དེ་དག་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེང་བ་ཞེས་བརྗོད་དོ། །དེ་ལ་དོན་དམ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་རྣམ་པར་རྟོག་པ་མེད་པའི་དག་པའི་དབྱིངས་རྟོགས་ཤིང་མངོན་པར་འདུ་བྱ་བར་མི་ནུས་སོ། །དེ་ལ་དགོངས་ནས་གསུངས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་མཐོང་མ་རྟོགས་པའོ། །ཞེས་རྒྱས་པར་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཇི་ལྟར་ཆོས་སྐུའི་སྙིང་པོ་ཡིན་པ་དེ་ལྟར་ནི་འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དོ། །ཆོས་ཀྱི་དབྱིངས་ནི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་འཇིག་རྟེན་ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དོ། །དེ་རྣམ་པར་དག་པའི་ཡོན་ཏན་གྱིས་ཆོས་རྣམ་པར་དབྱེ་བ་མེད་པ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་རྣམས་ནི་གློ་བུར་གྱི་དྲི་མས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཚུལ་གཅིག་པོ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུའི་རང་བཞིན་གྱིས་ཡོངས་སུ་དག་པ་ལ་ལྟ་བ་གང་ཡིན་པ་འདི་ནི་འདིར་གང་གིས་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ་ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཀུན་མཐོང་བར་འདོད་དོ། །དེ་སྐད་དུ། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་གསུངས་སོ། །དེ་ཡང་ཤིན་ཏུ་ཟབ་པའི་ཚུལ་འདི་ལ་བོད་གངས་ཅན་གྱི་ལྗོངས་འདིར་སྣང་སྟོང་ཕྱོགས་རེར་ཞེན་པའི་དབང་གིས་དྲང་ངེས་སོགས་འདོད་ཚུལ་མང་ཞིག་སྔོན་ཡང་བྱུང་ལ་དེང་སང་ཡང་སྣང་མོད། རང་རེ་སྔ་འགྱུར་པ་རྣམས་ནི་སྔོན་གྱི་རིག་འཛིན་གོང་མ་རྣམས་ཀྱི་བཞེད་པའི་རྗེས་སུ་འབྲང་དགོས་པས། དེའི་ཚུལ་ནི་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་ཉང་གཏེར་ལམ་རིམ་ཆེན་པོའི་རང་འགྲེལ་ལས། གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་ཚོགས། ངོ་བོ་གཉིས་མེད་དུ་ཡོད་པས་རྟོགས་པ་ཕུན་ཚོགས། དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན་བསྒོམས་ཀྱང་སངས་རྒྱས་སུ་མི་འགྱུར་ཏེ། ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན་བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ། །ཞེས་དང་། སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་སྒྲུབ་པདྨས་མཛད་པ་ལས། གདོད་ནས་དག་པའི་རིག་པ་ནི། །ཡེ་ནས་ཆོས་སྐུར་གནས་པ་ལ། །དབུལ་པོའི་ཁྱིམ་གྱི་ས་འོག་ན། །གནས་པའི་ནོར་བུ་རིན་ཆེན་བཞིན། །ངོ་མ་ཤེས་པས་འཁོར་བར་འཁྲུལ། །ངོ་སྤྲོད་དེ་ངོ་ཤེས་པ་ནི། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་སྟེ། །སངས་རྒྱས་ཞེས་སུ་གྲགས་པའོ། །ཞེས་དང་། ལམ་རིམ་ཡེ་ཤེས་སྙིང་པོ་ལས། ཤེས་བྱའི་གཞི་ནི་ཀུན་ཁྱབ་བ དེ་གཤེགས་སྙིང་། །འདུས་མ་བྱས་པ་གསལ་སྟོང་རིག་པའི་བབས། །འཁྲུལ་གྲོལ་ལས་འདས་མཁའ་ལྟར་རབ་ཏུ་ཞི། །འཁོར་འདས་དབྱེ་བསྲི་མེད་པར་གནས་གྱུར་ཀྱང་། །ལྷན་སྐྱེས་ཀུན་བརྟགས་མ་རིག་གདོན་ཆེན་གྱིས། །གཟུང་དང་འཛིན་པའི་བག་ཆགས་བརྟས་པ་ལས། །སྣོད་དང་བཅུད་དུ་འཛིན་པ་ཐ་དད་པའི། །འགྲོ་བ་རིགས་དྲུག་རྨི་ལམ་བཞིན་དུ་སྣང་། །དེ་ལྟ་ན་ཡང་ངོ་བོའི་བཞུགས་ཚུལ་ལས། །རྣམ་པར་མ་གཡོས་གཡོ་བར་མི་འགྱུར་ཕྱིར། །གློ་བུར་དྲི་མ་སྦྱང་ལ་འབད་པར་བྱ། །ཞེས་དང་། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི། །འོད་གསལ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་སྟེ། །སྟོང་གསལ་རིག་པ་དབྱེར་མེད་ཆོས་ཉིད་དོ། །འདི་ཉིད་རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཏེ། །ཡེ་ནས་ལྷུན་རྫོགས་བྱང་ཆུབ་སྙིང་པོ་ཅན། །རྣམ་དག་སྤྲོས་བྲལ་ཕྱོགས་ལྷུང་ཀུན་དང་བྲལ། །ཟབ་ཞི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །འདི་ཉིད་འགྲོ་བ་ཀུན་ལ་ཡོད་པའི་དཔེ། །ས་འོག་གཏེར་དང་བུམ་ནང་མར་མེ་དང་། །པད་ནང་སྐུ་འདྲར་མཁས་པས་ཤེས་པར་བྱ། །ཇི་ལྟར་དབུལ་པོའི་ས་འོག་རིན་ཆེན་གཏེར། །རང་ལ་ཡོད་ཀྱང་མ་ཤེས་ཕོངས་པ་ལྟར། །ལྷུན་གྲུ བ་སངས་རྒྱས་རང་ལ་ཡོད་གྱུར་ཀྱང་། །ལུས་ངག་སེམས་ཏེ་ཚོགས་བརྒྱད་སས་བསྒྲིབས་པས། །སྲིད་པའི་ཉེས་ཚོགས་དབུལ་བས་རྒྱུན་དུ་ཕོངས། །དེ་ལས་ལྷ་ཡི་མིག་ལྡན་མིས་མཐོང་ནས། །གཏེར་དེ་འབྱིན་པའི་ཐབས་བསྟན་དེས་ཕྱུང་བས། །རང་གཞན་འབྱོར་པ་ཕུན་སུམ་ཚོགས་པ་ལྟར། །དམ་པ་རྣམས་ཀྱིས་གནས་ལུགས་དེ་བསྟན་པས། །ཇི་བཞིན་བསྒྲུབས་པས་སངས་རྒྱས་རང་ལས་རྙེད། །དོན་གཉིས་ཕུན་ཚོགས་ཡིད་བཞིན་ནོར་བུར་གྱུར། །ཇི་ལྟར་བུམ་ནང་སྒྲོན་མེ་འོད་གསལ་ཡང་། །བུམ་པས་བསྒྲིབས་ཏེ་ཕྱི་རོལ་མི་མངོན་ལྟར། །སྙིང་པོའི་ཆོས་སྐུ་རང་ལ་གནས་ན་ཡང་། །སྒྲིབ་པའི་བུམ་པས་བསྒྲིབས་ཕྱིར་ཡོངས་མི་སྣང་། །དེ་ལས་བུམ་པ་བཅག་ན་སྣང་བ་ལྟར། །ས་རྣམས་སྒྲིབ་པ་གང་ཡིན་བྲལ་བ་ན། །འཇིག་རྟེན་སྒྲོན་མེ་ཀུན་ཏུ་སྣང་བར་བྱེད། །ཇི་ལྟར་པད་ནང་བདེ་གཤེགས་སྐུ་ཡོད་ཀྱང་། །པདྨས་གཏུམས་ཕྱིར་ཕྱི་རོལ་སྣང་བ་མེད། །དེ་བཞིན་གཟུང་འཛིན་འདབ་སྟོང་གིས་བསྒྲིབས་པས། །རང་གསལ་རྒྱལ་བའི་དབང་པོ་མཐོང་མི་ནུས། །ནམ་ཞིག་འདབ་མ་ཁ་ཕྱེ་གསལ་བ་ལྟར། །གཟུང་འཛིན་འཁྲུལ་སྣང་འདབ་མ་ལས་གྲོལ་ཚེ། །བྱང་ཆུབ་སྐུ་གསུམ་རང་ལ་སྣང་བར་འགྱུར། །དེ་ཕྱིར་ཆོས་དབྱིངས་དོན་དམ་འོད་གསལ་ནི། །རང་ལ་ཡོད་པའི་གནས་ལུགས་ཤེས་པར་མཛོད། །ཅེས་དང་། དེ་ཉིད་ཀྱི་འགྲེལ་ཆེན་ལས་ཀྱང་། འདུས་མ་བྱས་ལྷུན་གྲུབ་ཆེན་པོར་ཡེ་ནས་གནས་པའི་རང་བཞིན་རྣམ་དག་སྣང་སྟོང་ཆེན་པོར་གནས་པ་ཉིད། མཚན་བརྗོད་ལས། རང་བཞིན་གྱིས་ནི་དག་པའི་བདག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་པ་དང་། དྲི་མ་མེད་པས་གཙང་བ་དང་། །ཀུན་ལ་ཁྱབ་པར་བདག་དམ་པ། །སྡུག་བསྔལ་མེད་པས་བདེ་བ་དང་། །འཕོ་འགྱུར་མེད་པས་རྟག་པ་སྟེ། །ཚུ་རོལ་མཐོང་བའི་བློ་ལས་བསྐལ་དོན་ཕ་རོལ་དུ་གྱུར་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་སོ། །དེའང་སྔར་མེད་པའི་ཡོན་ཏན་སོ་མ་དེའི་སྟེང་དུ་གྲུབ་པའམ་བཞག་ཏུ་མེད་ལ། གློ་བུར་པ་ཙམ་ལས་རང་བཞིན་པའི་སྐྱོན་ནམ་དྲི་མ་ཕྱིར་བསལ་དུ་མེད་པས། སྐྱོན་སྤངས་པ་ཕྱིར་འགྲོ་བ་དང་། ཡོན་ཏན་ནང་དུ་འོང་བ་མེད་པ་ཉིད་ནི་གནས་ལུགས་ཡང་དག་པའི་དོན་ཏེ། ཞེས་དང་། ཤིང་རྟ་ཆེན་མོར། དེའང་སེམས་ཅན་པའི་དུས་ན་སེམས་ཀྱི་ཆོས་ཉིད་ལ་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་དང་། སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་། དྲི་མས་བསྒྲིབས་པས་མངོན་སུམ་དུ་མི་གསལ་བའི་ཕྱིར་ཁམས་སམ་རིགས་ཞེས་བཏགས་ཤིང་། སངས་རྒྱས་པའི་ཚེ་དྲི་མ་མཐའ་དག་དང་བྲལ་བས་བྱང་ཆུབ་ཅེས་བརྗོད་ཀྱང་། ངོ་བོ་སེམས་ཉིད་ཀྱི་ནུས་པ་རྫོགས་པར་སྣང་མི་སྣང་ཙམ་ལས་དང་པོ་སེམས་ཅན་གྱི་དུས་ན་མེད་པའི་ཡོན་ཏན་ཕྱིས་གསར་དུ་སྐྱེད་པར་ནི་འདོད་པ་མ་ཡིན་ཏེ་འཕོ་འགྱུར་མེད་པའི་ཕྱིར་རོ། །དེ་སྐད་དུའང་སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་སོ། །ཞེས་དང་། མ་ལུས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །གློ་བུར་དྲི་མས་གཡོགས་པའི་སྦུབས་ནང་ན། །འོད་གསལ་ཆོས་ཁམས་ཉི་མ་ཡེ་ནས་གནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས། །རང་ལ་ཡོད་དེ་དེ་ཉིད་ལྷུན་གྱིས་གྲུབ། །སྟོང་དང་སྙིང་རྗེའི་སྙིང་པོ་ལྷུར་ལེན་པས། །ཁམས་དེ་བྱང་ཆུབ་ཅེས་བྱའི་མིང་ཐོབ་ནས། །མ་ལུས་སྐྱེ་དགུའི་ཚོགས་ལ་ཕན་བདེ་བྱེད། །ཉི་མཁའ་བཞིན་དུ་གདོད་ནས་རང་བྱུང་ཡང་། །གློ་བུར་ཉོན་མོངས་ཆུ་འཛིན་གྱིས་སྒྲིབ་པས། །རྨི་ལམ་འདྲ་བའི་སྲིད་པའི་སྡུག་བསྔལ་མྱོང་། །དེ་བསལ་བྱ་ཕྱིར་བརྩོན་པའི་སྟོབས་བསྐྱེད་ཅིག །གློ་བུར་འཁྲུལ་སྣང་འགྲོ་དྲུག་སྣང་བ་འདི། །ལས་དང་བག་ཆགས་ཀྱིས་སྤྲུལ་རྨི་ལམ་འདྲ། །སྔོན་མེད་ཕྱིས་མེད་བར་འདིར་མེད་བཞིན་སྣང་། །ཡེ་ཤེས་འོད་གསལ་ལྷུན་གྲུབ་ཡེ་ནས་ཡོད། །དུས་ཀུན་ཡོད་ཀྱང་ད་ལྟ་མ་མཐོང་བ། །གཉིད་དུས་རང་གནས་མངོན་སུམ་མ་མཐོང་བཞིན། །དོན་མེད་ཀུན་བརྟགས་དྲི་མའི་ཆོས་རྣམས་ལ། །ཆེད་ཀར་མ་འཛིན་སེམས་ཉིད་འོད་གསལ་སྦྱོངས། །རང་གཞན་ཀུན་གྱི་དོན་གཉིས་འབྱོར་པ་འཛིན། །ཞེས་གསུངས་ཤིང་། ཀུན་མཁྱེན་པྲཉྫ་རསྨིས། གཟུང་བའི་ཆོས་ཀུན་ནམ་ཡང་ཡོད་མིན་ཞིང་། །འཛིན་པའི་ཤེས་པའང་འཁྲུལ་པར་གདོན་མི་ཟ། །གཉིས་མེད་ཡེ་ཤེས་སྦྱང་གཞིར་བཞག་པ་སྟེ། །འཁོར་ལོ་ཐ་མའི་ལམ་གྱི་རིམ་པའོ། །མི་ཕམ་མགོན་དང་ཀླུ་སྒྲུབ་སྙིང་པོ་ཡིས། །བྱམས་པའི་ཆོས་བཞི་བསྟོད་ཚོགས་གཞུང་གིས་བཀྲལ། །ཐོགས་མེད་མཆེད་ཀྱི་གསུང་རབ་ཉི་འོད་ཀྱིས། །གངས་རིའི་ཁྲོད་འདིར་མི་ཕམ་རྒྱལ་བ་དང་། །ཐོགས་མེད་མཆེད་ཀྱི་གཞུང་བཟང་ངོ་མཚར་ཅན། །དབུ་སེམས་སོ་སོར་འགྲེལ་བྱེད་མང་ན་ཡང་། །གང་དེ་དབུ་མའི་གཞུང་དུ་གདོན་མི་ཟ། །ཞེས་དང་། ཁམས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཉིད། །ཐོག་མའི་མགོན་པོ་ཡེ་ཤེས་སྐུར་བཞུགས་ཀྱང་། །ཕྲ་རགས་རྡུལ་གྱི་ཆོས་ཉིད་ལས་འདས་ཤིང་། །ས་བཅུའི་དབང་ཕྱུག་གིས་ཀྱང་མཐོང་མི་ནུས། །དུས་གསུམ་རྒྱལ་བ་ཁོ་ནའི་རང་སྣང་ངོ་། །ཞེས་དང་། རྗེ་གཏེར་ཆེན་བླ་མས། ཀུན་ཁྱབ་འགྱུར་མེད་རྟག་བརྟན་རྡོ་རྗེ་སེམས། །མཐའ་ཡས་དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་འོད་གསལ་སྙིང་རྗེའི་སྒྱུ་འཕྲུལ་གར། །ཅིར་ཡང་འཆར་བ་དཔལ་ལྡན་བླ་མར་འདུད། །ཅེས་གསུངས་པ་དང་། རིག་འཛིན་འཇིགས་མེད་གླིང་པས། གང་ཕྱིར་བདེ་གཤེགས་སྙིང་པོ་ནི། །སེམས་ཅན་ཀུན་གྱི་ཤེས་རྒྱུད་ལ། །ཉི་མ་སྤྲིན་སྦུབས་གཏུམ་པ་ལྟར། །གློ་བུར་དྲི་མའི་དག་བྱ་ཡིས། །བསྒྲིབས་པ་ཙམ་ལས་སེམས་ཅན་གྱི། །དུས་ན་ངན་དུ་སོང་བ་དང་། །སངས་རྒྱས་དུས་ན་བཟང་དུ་མེད། །ཚོགས་བརྒྱད་སྒྲིབ་གཡོགས་བསལ་ཙམ་ནས། །རང་བཞིན་རྣམ་དག་ཡིན་པའི་ཕྱིར། །ཀ་དག་ཅེས་སུ་སྒྲ་དོན་འབྲེལ། །ཞེས་དང་། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པའི་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པས་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་ཅན། །ཞེས་དང་། ཁྱད་པར་འཁོར་ལོ་ཐ་མའི་དོན་ཁམས་རང་བཞིན་གྱིས་དག་པའི་ཡོན་ཏན་ཡེ་ལྡན་ཡིན་པའི་ཕྱིར། ལམ་དུས་ཀྱི་ཡོན་ཏན་ལྟར་སྣང་བ་ཡིན་པས་གསར་བྱུང་མི་འདོད་ལ། དེ་དང་སྔགས་ཀྱི་སྡེ་སྣོད་ལས་འགྲོ་བ་ཀུན་ཀྱང་རང་བཞིན་གྱི་དཀྱིལ་འཁོར་དམ་པའི་ཆོས་ཉིད་དུ་གནས་པ་གཉིས་གཞིའི་ངང་དུ་གཅིག་ཅིང་ལམ་ཡང་ཚོགས་གཉིས་དང་ཐབས་ཤེས་ངོ་བོ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་ཐ་མི་དད་པས་ན་སྔོན་གྱི་དུས་ན་བྱོན་པའི་མཆོག་གཟིགས་དམ་པ་རྣམས་ཀྱི་བཤད་པ་ཕྱི་ནང་དུ་མཛད་པ་ཡིན་ནོ། །ཞེས་གསུངས་པ་དང་། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས། དེ་ཡང་ཀུན་རྫོབ་ཆོས་རྣམས་ཀུན། །རང་གི་ངོ་བོས་སྟོང་པ་དང་། །དོན་དམ་བདེ་གཤེགས་སྙིང་པོ་ནི། །ཉོན་མོངས་གཞན་གྱིས་སྟོང་ཞེས་གསུངས། །ངོ་བོ་རྟག་བརྟན་འགྱུར་མེད་ཕྱིར། །རང་བཞིན་གནས་པའི་རིགས་ཞེས་བྱ། །སེམས་ཅན་ཁམས་ལ་ལྷུན་གྲུབ་ཏུ། །དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགས། །དེ་ལྟ་ནའང་གཉིས་འཛིན་གྱི། །དྲི་མ་བསལ་ཏེ་ཡོན་ཏན་ཚོགས། །འབྲས་བུའི་ཤིང་བཞིན་གོང་དུ་འཕེལ། །མཐར་ཐུག་དག་པ་གཉིས་ལྡན་གྱི། །ཆོས་ཉིད་འདུས་མ་བྱས་པ་ཡི། །སྦྱང་གཞི་མངོན་དུ་གྱུར་པའི་ཕྱིར། །གཞི་ལམ་འབྲས་རྣམས་དབྱེར་མེད་པའོ། །འདི་ནི་སྔགས་ཀྱི་སྡེ་སྣོད་དུའང་། །རྒྱུ་ཡི་རྒྱུད་དང་དག་པའི་བདག །སེམས་ཀྱི་རྡོ་རྗེ་འོད་གསལ་སེམས། །རྣམ་པ་ཀུན་གྱི་མཆོག་ལྡན་སོགས། །རྡོ་རྗེའི་མིང་གིས་རབ་ཕྱེ་ཞིང་། །ཁྱད་པར་ངེས་དོན་ཕྱག་རྒྱ་ཆེ། །ཁམས་གསུམ་ཀུན་ལ་རྒྱས་གདབ་པ། །བླ་ན་མེད་པའི་ཡེ་ཤེས་ནི། །འདི་ཁོ་ན་ལས་འདའ་ས་མེད། །ཅེས་གསུངས་ཤིང་། གཞན་ཡང་། ཀུན་མཁྱེན་ངྷརྨ་ཤྲཱི། ཀཿཐོག་མ་ཧཱ་པཎྜི་ཏ་ཡབ་སྲས། འཁོར་ལོའི་དབང་ཕྱུག་བློ་གྲོས་མཐའ་ཡས་སོགས་ཀྱི་དོན་གྱི་དགོངས་པ་དེ་ལྟར་གནས་ཚུལ་ཡོངས་ལ་གྲགས་ཕྱིར་འདིར་མ་སྨོས་ལ། རྒྱལ་བའི་སྲས་པོ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་། ཤིན་ཏུ་རྣམ་དག་དྲི་མེད་ཆོས་ཀྱི་དབྱིངས། །ཐུབ་པའི་ཆོས་སྐུ་མཐའ་ཡས་འགྲོ་ཁམས་ལ། །པདྨའི་སྦུབས་བཞུགས་སྤྲུལ་པའི་སངས་རྒྱས་བཞིན། །ཡོད་པར་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །གཞི་ལམ་འབྲས་བུའི་ཁམས་ཀྱི་དེ་བཞིན་ཉིད། །རིན་ཆེན་གསེར་ལྟར་འགྱུར་བ་མེད་པའི་ཆོས། །ཉོན་མོངས་རྟོག་པའི་སྐྱོན་གྱིས་གོས་མིན་ཞེས། །ཡང་དག་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །སྙིང་རྗེ་ཆེན་པོ་རྒྱལ་བ་ཀུན་གྱི་རིགས། །རིན་ཆེན་གཏེར་དང་འབྲས་བུ་ཅན་ཤིང་བཞིན། །མངོན་བྱས་ཡོན་ཏན་གོང་ནས་གོང་འཕེལ་བའི། །རིགས་དེ་སད་པ་མདོ་སྡེ་མཐོང་ལ་ཡོད། །ཅེས་སོགས་རྒྱ་ཆེར་གསུངས་པས་མཚོན་ཆོས་ཉིད་ཀྱི་བདེན་པ་ལེགས་པར་གཟིགས་པ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་བསྙད་པ་ཡིན་ཞིང་། ཁྱད་པར་དུ་ཡང་སྔགས་བླ་མེད་ཀྱི་རྒྱུད་སྡེ་སྤྱི་དང་བྱེ་བྲག་སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་དགོངས་པའི་མཐིལ་ནི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་དབྱིངས་ཀ་དག་འཆིང་གྲོལ་ལས་འདས་པའི་གཤིས་ལུགས་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་སྣང་སྲིད་དག་མཉམ་ཆེན་པོར་བཞེད་པ་འདི་ཉིད་ཡིན་ཏེ། སྒྱུ་འཕྲུལ་གསང་སྙིང་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་དང་། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། མདོ་དགོངས་འདུས་ལས། འཁོར་བ་འཁྲུལ་པའི་སྒྱུ་མ་དང་། །རྣམ་དག་རྣམ་བྱང་སྒྱུ་མ་གཉིས། །སེམས་ཅན་སངས་རྒྱས་ཐ་དད་ཀྱང་། །དེ་བཞིན་ཉིད་ལ་ཡོང་ཡེ་མེད། །ཅེས་དང་། འདི་ལྟར་སྣང་བའི་ཆོས་ཐམས་ཅད། །ཡེའམ་ངང་གིས་སངས་རྒྱས་པས། །མིན་ལ་ཡིན་པར་འགྱུར་བ་མིན། །ངོ་བོ་ཉིད་ཀྱིས་དེ་ཉིད་ལ། །ཡིན་དང་མིན་ཞེས་ཅི་བྱར་ཡོད། །ཅེས་དང་། ཀུན་བྱེད་ལས། ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་སྟོན་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་གསུངས། དེ་ཡང་རྫོགས་ཆེན་ཐུན་མིན་གྱི་གཞི་བཤད་པའི་སྐབས་སུ་ཀ་དག་ལྷུན་གྲུབ་ཟུང་འཇུག་ཏུ་བཤད་པ་དང་། འདིར་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་ཏུ་བཤད་པ་གཉིས་དོན་གྱི་གནད་གཅིག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། བཤད་རྒྱུད་ཀུན་གསལ་ལས། ཐོག་མའི་མགོན་པོ་འོད་མི་འགྱུར། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཏེ། །ཆད་པ་མ་ཡིན་འོད་གསལ་སྐུ། །རྟག་པ་མ་ཡིན་དངོས་པོ་མེད། །ནམ་མཁའ་འཇའ་ཚོན་ཚུལ་དུ་གནས། །ཞེས་སོགས་གསང་བ་སྙིང་ཐིག་གི་རྩ་བཤད་ཀྱི་རྒྱུད་དང་ལུང་གི་དགོངས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཡང་ཏིག་རྣམ་པ་གསུམ་གྱི་རྒྱབ་ཆོས་དང་མཛོད་ཆེན་བདུན་སོགས་ལས་ཞིབ་པར་བཀྲལ་ཞིང་། དེ་དང་ངེས་དོན་ཕྱིར་མི་ལྡོག་པའི་མདོའི་དགོངས་པ་རྒྱུད་བླ་མ་སོགས་དང་དོན་གཅིག་པར་ཕན་ཚུན་ལྟོ་སྦྱོར་གྱི་ཚུལ་དུ་ལུང་དང་རིགས་པས་ཡང་ཡང་སྒྲུབ་པར་མཛད་པ་ལ་སུས་ཀྱང་བསྙོན་དུ་མེད་ལ། ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་ཡབ་སྲས་སོགས་ཕྱིས་བྱོན་གྱི་སྔ་འགྱུར་པ་མཐའ་དག་ཀྱང་དེའི་རྗེས་སུ་འབྲངས་ནས་སྨྲ་བ་འབའ་ཞིག་ཡིན་ལ། དེར་མ་ཟད་སྔགས་གསར་རྙིང་གི་རྒྱུད་སྡེའི་དགོངས་པ་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་གསུམ་དང་སྣང་གསུམ་སོགས་ཀྱིས་ཇི་སྙེད་བཀྲལ་བའི་རྣམ་བཞག་དེ་ཐམས་ཅད་ཀྱང་། འདིར་བདེ་གཤེགས་སྙིང་པོའི་རང་བཞིན་མ་དག་དག་པ་སོགས་ཀྱི་གནས་སྐབས་གསུམ་ལ་ལྟོས་ནས་སེམས་ཅན་སངས་རྒྱས་སོགས་སུ་ཐ་སྙད་འདོགས་ཚུལ་དང་དོན་གཅིག་ལ། དེ་ཡང་རྒྱུ་རྒྱུད་ཀྱི་སྐབས་སུ། རྟེན་རྩ་རླུང་ཐིག་ལེ། བརྟེན་པ་རང་བྱུང་གི་ཡེ་ཤེས་ཟག་མེད་བདེ་བ་ཆེན་པོ། རྣམ་པ་སྐུ་དང་ཐིག་ལེ་ཡིག་འབྲུ་སོགས་ཇི་སྙེད་པའི་རྣམ་པར་བཞག་པ་དེ་ཐམས་ཅད་ཀྱང་ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་ཅན། ངོ་བོ་འདུས་མ་བྱས་པ། རང་བཞིན་འོད་གསལ་བའི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ཉིད་རྣམ་པ་ཐམས་ཅད་པར་འཆར་བ་ཡིན་པའི་ཕྱིར་དེ་ཐམས་ཅད་གནད་ཀྱིས་མི་འགལ་བར་དོན་གཅིག་ཏུ་གཞོལ་བ་ཡིན་ཏེ། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ། །ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་བྱུང་བ་མེད། །མ་སྐྱེས་མ་བྱུང་གནས་པ་མེད་ཅིང་འགག་པ་མེད། །འདི་ནི་རྒྱལ་བའི་ཕྱག་རྒྱ་དྲི་མེད་གཡོ་བ་མེད། །ཅི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱ་མི་ནུས། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དུས་འཁོར་ལས། བུམ་པའི་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བུར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་ན་དེ་བཞིན་ནོ། །ཞེས་དང་། བརྟག་གཉིས་ལས། ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་སོགས་ཀྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པས། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་དང་། ཨིནྡྲ་བྷོ་ངྷིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་གསུངས། དེ་ལྟར་ཤེས་ཤིང་གོམས་ནུས་ན་གང་ལྟར་དམིགས་པ་དེ་ལྟར་སྣང་ཞིང་དཔེ་དོན་གྱི་ཡེ་ཤེས་སོགས་བཙན་ཐས་སུ་འདྲེན་ནུས་པའི་གནད་ཀྱང་འདི་ཡིན་པས་ནམ་ཡང་པྲ་ཡས་པར་མི་བྱ་ལ། དེ་ཡང་ཀུན་རྫོབ་སྒྱུ་ལུས། དོན་དམ་འོད་གསལ། གཉིས་མེད་ཟུང་འཇུག་གི་དོན་རྣམས་ལ། ཕར་ཕྱིན་དང་མཐུན་པའི་ཚིག་དོན། བསྐྱེད་རིམ་དང་མཐུན་པའི་སྤྱི་དོན། རྫོགས་རིམ་ཐུན་མོང་བ་དང་མཐུན་པའི་སྦས་དོན། ཐུན་མིན་རྫོགས་པ་ཆེན་པོ་དབང་བཞི་པའི་ལམ་རིམ་པ་གཉིས་པའི་གཉིས་པ་དང་མཐུན་པར་མཐར་ཐུག་གི་དོན་དང་བཞིར་དབྱེར་ཡོད་པ་ལས། སྔ་མ་སྔ་མར་སྦས་ཏེ་མི་གསལ་བ་རྣམས་ཕྱི་མ་ཕྱི་མར་དབང་པོའི་རིམ་པ་དང་བསྟུན་ནས་གསལ་རྫོགས་སུ་བསྟན་པ་སྟེ། དཔེར་ན་རྡོ་རྗེ་སྙིང་འགྲེལ་ལས། རྒྱུད་ནི་རྒྱུད་གཞན་གྱིས་བཤད་བྱ། །ཞེས་སོགས་གསུངས་པས། དུས་ཀྱི་འཁོར་ལོའི་རྒྱུད་ཀྱིས་རྒྱུད་གཞན་གྱིས་སྦས་པ་མངོན་དུ་སྟོན་པས་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ་བཞིན། རིམ་དགུའི་ཐེག་པ་ཀུན་གྱི་དགོངས་པའི་སྐྱེལ་སོ་རང་བཞིན་རྫོགས་པ་ཆེན་པོས་མཐར་ཕྱིན་པར་འགྱུར་བ་ཡིན་པས། ཀུན་རྫོབ་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་དྲང་དོན་ཙམ་ལ་ཡིད་མི་རྟོན་པར། དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་མོ་མཉམ་རྫོགས་བརྡལ་བ་ཆེན་པོའི་དགོངས་པའི་གནད་འཚོལ་བ་ལ་མཁས་པར་བྱ་བ་ནི་སྔ་ཕྱིར་བྱོན་པའི་དམ་པའི་སྐྱེས་བུ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་ཤིང་རྗེས་སུ་འདོམས་པར་མཛད་པ་ཡིན་ལ། དེ་ལྟར་མ་ཤེས་པར་ཕྱོགས་རེར་ཞེན་པའི་ཀུན་རྟོག་གིས་སྦགས་པའི་མདོ་སྔགས་ཀྱི་གཞུང་བཤད་པ་དང་། བསྐྱེད་རྫོགས་ཀྱི་ལམ་བསྒོམ་པ་ཐམས་ཅད་བཅོས་མ་གཟུགས་བརྙན་ཙམ་ལས་ཡང་དག་པའི་ལམ་དུ་འགྱུར་མི་སྲིད་པས་གནད་འདི་ལྟ་བུ་ཤེས་པ་ནི་ཅིས་ཀྱང་གལ་ཆེ་བས་འཕྲོས་དོན་དུ་སྨོས་པ་སྟེ། མདོར་ན་ཀུན་མཁྱེན་བླ་མས། སེམས་ཅན་དང་སངས་རྒྱས་ཀུན་ལ་ཁྱད་མེད་པར། སངས་རྒྱས་ཀྱི་སྙིང་པོས། དབྲི་བསྣན་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འདི་ཡོད་པར་ཤེས་པར་བྱའོ། །འདི་ལྟ་བུའི་དགོངས་པ་དྲང་དོན་དུ་བྱེད་པས་སྟོང་པ་སྤྲོས་བྲལ་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྷུང་ངོ་། །བྲལ་གཞི་མེད་ན་གང་གི་སྟེང་དུ་སངས་པ་དང་རྒྱས་པ་དང་། གྲོལ་བ་དང་འདས་པའི་ཐ་སྙད་གདགས། གཞི་མེད་ནི་གང་གིའང་གཞིར་མི་རུང་བས། སྤྲོས་པ་དང་བྲལ་བའི་དོན་དམ་ཀྱི་ཆ་བྲལ་གཞིར་མེད་དོ། །དེས་ན་དོན་འདི་ནི་ངེས་པའི་སྙིང་པོ་ཡིན་པས་ཐར་པ་འདོད་པ་དག་གིས་རྟོགས་བྱའི་གཞི་དང་ལྟ་བའི་རྩེ་མོར་ཟུངས་ཤིག ཅེས་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ལེགས་པར་གདམས་པ་བཞིན་ནོ། །སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོའི་ཚུལ། །རྟག་ཆད་དྲྭ་བ་འཇོམས་པའི་བཅུད་ལེན་སྨན། །ལེགས་པར་རྟོགས་རྣམས་སྲིད་པ་ཐ་མ་སྟེ། །མོས་པ་ཙམ་ཡང་བསོད་ནམས་དཔག་མེད་གསུངས། །དེ་སླད་ཟབ་མོའི་ཚུལ་འདིར་ཡིད་ཆེས་ཤིང་། །ཕྱོགས་ཙམ་སྨྲ་བའི་སྐལ་བཟང་ཐོབ་འདི་ཡང་། །ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་བྱིན་རླབས་དང་། །དཔལ་མགོན་བླ་མའི་དྲིན་ལས་གཞན་གྱིས་མིན། །དེས་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །ཟབ་མོའི་ཚུལ་འདི་འཛིན་སྐྱོང་སྤེལ་བ་ཡི། །གཡར་དམ་སྙིང་གི་དྭངས་མར་རྟག་ཏུ་བསྟེན། །འགྲུབ་པའི་མཐུན་འགྱུར་སྲས་བཅས་རྒྱལ་རྣམས་དགོངས། །ཞེས་ཀྱང་སྨྲས་སོ། །གཉིས་པ་རྣམ་བཞག་རྣམ་པ་བཅུས་དགོངས་དོན་བྱེ་བྲག་ཏུ་རྒྱས་པར་བཤད་པ་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་གསུངས་པ་ལྟར། གཞིའི་ཆོས་སྐུ་དེ་བཞིན་ཉིད་རིགས་སྤྱི་མཚན་དུ་རང་བཞིན་གྱིས་རྣམ་པར་དག་པ་དང་། བྱེ་བྲག་རང་མཚན་དུ་ཆོས་སྐུ་ནི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་ནོར་བུ་རིན་པོ་ཆེ་དང་། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་ལ་རང་བཞིན་འགྱུར་བ་མེད་པའི་ཕྱིར་ནམ་མཁའ་དང་། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེའི་བརླན་དང་བཅས་པའི་ཕྱིར་ཆུ་དག་པའི་དཔེས་མཚོན་པ་ནི་དག་བྱ་ངོ་བོའི་དོན་ནོ། །རིགས་ཁམས་ལ་ཡོད་པའི་ཆོས་སྐུ་གཙང་བདག་བདེ་རྟག་བཞིའི་ངོ་བོ་ལ་སྒྲིབ་པའི་དྲི་མ་ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་འདོད་ཆེན་པ་དང་། གང་ཟག་ལ་སོགས་པར་བདག་ཏུ་ལྟ་བ་མུ་སྟེགས་པ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་རང་ཉིད་ཞི་བདེ་འདོད་པ་ཉན་ཐོས་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་ལ་ལྟོས་པ་མེད་པ་རང་རྒྱལ་ཏེ་བཞིའི་གཉེན་པོར་གོ་རིམ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ། གནས་ལུགས་རྟོགས་པའི་ཤེས་རབ། བདེ་བ་དང་ལྡན་པའི་བསམ་གཏན། སེམས་ཅན་ལ་བརྩེ་བའི་སྙིང་རྗེ་སྟེ་ཆོས་བཞི་དང་ལྡན་ན་འཁོར་ལོས་སྒྱུར་བའི་སྲས་ཀྱི་ཐུ་བོ་བཞིན་དུ། སངས་རྒྱས་ཀྱི་སྲས་ཀྱི་དམ་པར་དགོངས་ཤིང་རྒྱལ་བའི་གདུང་འཚོབ་པར་འགྱུར་བ་ནི་དག་བྱེད་རྒྱུ་ཡི་དོན་ནོ། །དབྱིངས་དེ་ཉིད་གློ་བུར་གྱི་དྲི་མ་བཞི་པོ་དེ་དང་བྲལ་བས། ཆོས་ཀྱི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་བྲལ་དག་གིས་ཁྱད་པར་དུ་བྱས་པས་གཙང་བ་དང་། མུ་སྟེགས་དང་ཉན་ཐོས་ལ་སོགས་པས་བཏགས་པའི་བདག་བདག་མེད་ཀྱི་སྤྲོས་པ་ཞི་བས་དམ་པའི་བདག་དང་། སྡུག་ཀུན་རག་པ་ལྟ་ཅི། ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་མ་རིག་བག་ཆགས་ཀྱི་ས་དང་བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་དང་ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ལོག་པས་བདེ་བ་དང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པས་དོན་གཉིས་ཀྱི་མཛད་པ་རྒྱུན་མི་ཆད་པས་རྟག་པ་སྟེ་ཡོན་ཏན་གྱི་ཁྱད་པར་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་ཞིང་། བདག་མེད་རྟོགས་པའི་བློ་དང་། སེམས་ཅན་ལ་དམིགས་པའི་བརྩེ་བས་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པ་ནི་ཐོབ་བྱ་འབྲས་བུའི་དོན་ནོ། །རང་བཞིན་གནས་རིགས་སེམས་ཅན་ཐམས་ཅད་ལ་མེད་པ་མི་སྲིད་ཀྱང་། རིགས་ཀྱི་སྒྲིབ་པས་བསྒྲིབས་ཏེ་རིགས་མ་སད་པ་རྣམས་ལ་རིགས་ཀྱི་བྱ་བ་བྱེད་པ་དངོས་སུ་མི་སྣང་ཡང་། རིགས་ཀྱི་མཐུན་རྐྱེན་འཁོར་ལོ་ཆེན་པོ་བཞི་དང་ལྡན་པའི་གང་ཟག་རྣམས་ལ་རིགས་སད་པའི་དབང་གིས་སྲིད་ཞིའི་སྐྱོན་ཡོན་མཐོང་ནས། འཁོར་བ་སྤང་འདོད་དང་། མྱང་འདས་སྒྲུབ་འདོད་ཀྱི་བློ་བརྟན་པོར་འབྱུང་བ་ནི་ཐོབ་བྱེད་ལས་ཀྱི་དོན་ནོ། །ཁམས་དེ་ལ་རྒྱུ་ཡི་ཡོན་ཏན་གོང་དུ་བསྟན་པ་བཞིན། ཆོས་སྐུ་རྣམ་པར་དག་པའི་རྒྱུ་མོས་པའི་སྣོད་ཡངས་པར། རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་གྱི་ནོར་བུ་རིན་པོ་ཆེ་དུ་མ་དང་ལྡན་ཞིང་། ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་སྙིང་རྗེའི་ཆུད་མི་ཟད་པས་རྒྱ་མཚོ་ཆེན་པོ་དང་ཆོས་མཚུངས་པ་དང་། འབྲས་བུའི་ཡོན་ཏན་མངོན་པར་ཤེས་པ་ལྔ་ཡིས་མི་མཐུན་པའི་མུན་པ་འཇོམས་པ་དང་། ཟག་པ་མེད་པའི་ཡེ་ཤེས་ཀྱིས་སྒྲིབ་པའི་བུད་ཤིང་བསྲེགས་པ་དང་། གནས་མ་ལུས་པ་ཡོངས་སུ་གྱུར་པའི་སྤངས་པའི་ཁྱད་པར་དྲི་མ་མེད་པ་འོད་གསལ་བ་སྟེ་མི་སློབ་པའི་ཆོས་བདུན་པོ་ཡང་རིགས་ཁམས་དང་རྣམ་དབྱེར་མེད་པ་མར་མེའི་དཔེས་བསྟན་པ་ནི་ལྡན་པའི་དོན་ནོ། །བྱིས་པ་སོ་སོ་སྐྱེ་བོ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། བདེན་མཐོང་གི་འཕགས་པ་དེ་ལས་ཟློག་པ་སྟེ་ཕྱིན་ཅི་མ་ལོག་པ་དང་། དེ་བཞིན་གཤེགས་པ་ནི་ཇི་ལྟ་བ་བཞིན་གཟིགས་པ་མཐར་ཕྱིན་ཏེ་ཕྱིན་ཅི་ལོག་མཐའ་དག་ཟད་པ་སྟེ། རྟེན་གྱི་གང་ཟག་གསུམ་གྱིས་འཇུག་ཚུལ་གྱིས་དེ་བཞིན་ཉིད་ཀྱང་གནས་སྐབས་གསུམ་དུ་དབྱེ་བ་ནི་འཇུག་པའི་དོན་ནོ། །གོང་དུ་ངོ་བོ་ཉིད་ལ་སོགས་པའི་དོན་དྲུག་གིས་བསྟན་པའི་སྙིང་པོའི་ཁམས་ཀྱི་རང་བཞིན་ལ་ཁྱད་པར་མེད་ཀྱང་གློ་བུར་གྱི་དྲི་མ་ཅུང་ཟད་ཙམ་ཡང་མ་དག་པའི་གནས་སྐབས་ལ་སེམས་ཅན་དང་། མཐོང་སྒོམ་གྱི་སྤང་བྱ་ཐམས་ཅད་ཀྱིས་མ་དག་ལ་ཅི་རིགས་པས་དག་པའི་གནས་སྐབས་ལ་བྱང་ཆུབ་སེམས་དཔའ་དང་། སྒྲིབ་གཉིས་མཐའ་དག་དང་བྲལ་བས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་སངས་རྒྱས་ཞེས་མིང་ཙམ་ཐ་དད་དུ་སྟོན་པ་ནི་གནས་སྐབས་ཀྱི་དོན་ནོ། །དེ་ལྟ་བུའི་རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱི་མཚན་ནམ་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་གཟུགས་ཀྱི་རྣམ་པ་དམན་པ་ས་དང་། བར་མ་ཟངས་དང་། མཆོག་གསེར་གྱི་སྣོད་ཐམས་ཅད་ལ་ནམ་མཁའ་རྗེས་སུ་སོང་བ་བཞིན་དུ། ཉེས་པ་དང་བཅས་པ་སོ་སྐྱེ། ཡོན་ཏན་ཅི་རིགས་པ་དང་ལྡན་པ་བྱང་སེམས། ཡོན་ཏན་མཐར་ཐུག་པ་སངས་རྒྱས་ཀྱི་གནས་སྐབས་ཐམས་ཅད་ལ་མཚུངས་པར་ཁྱབ་ཅིང་རྗེས་སུ་སོང་བ་ནི་ཀུན་ཏུ་འགྲོ་བའི་དོན་ནོ། །ཉེས་པ་གློ་བུར་འབྲལ་རུང་དང་། ཡོན་ཏན་རང་བཞིན་གྱིས་འབྲལ་མི་ཤེས་པའི་ཆོས་ཉིད་དུ་ལྡན་པའི་ཕྱིར། འཁྲུལ་སྣང་གི་གཞི་རྩ་སྟོང་ཞིང་། རང་བཞིན་དག་པའི་ཆོས་ཉིད་དུས་གསུམ་འཕོ་འགྱུར་དང་བྲལ་བར་བཞུགས་པ་ནི། ཇི་ལྟར་མཁའ་ལ་སྣོད་བཅུད་ཀྱི་སྐྱེ་འཇིག་ཇི་ཙམ་དུ་བྱས་ཀྱང་ནམ་མཁའ་རང་གི་ངོ་བོ་ཕྲ་བའི་ཕྱིར་དེ་ལ་སྐྱེ་འབྲི་སོགས་ཀྱི་ཉེས་པས་འགྱུར་བ་མེད་པ་བཞིན་ཏེ། དེ་ཡང་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་ཆོས་ཅན་ཀུན་རྫོབ་ཀྱི་སྣང་ཆ། མ་དག་པ་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས། ཚུལ་མིན་ཡིད་བྱེད་ཀྱི་རྒྱུ་ལས་བྱུང་བའི་ཟག་བཅས་ལས་དང་ཉོན་མོངས་པའི་དབང་གིས་རང་དབང་མེད་པར་སྐྱེ་ཞིང་འཇིག་ལ། དག་པ་རྒྱལ་སྲས་ཀྱི་ས་ལ་གནས་པ་རྣམས། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་དབང་གིས་རང་དབང་མེ ད་པར་སྐྱེ་འཆིའི་འཇིགས་པ་ལས་གྲོལ་ཡང་། སྙིང་རྗེ་ཆེན་པོས་སྐྱེ་སོགས་ཀྱི་ཆོ་འཕྲུལ་འགག་པ་མེད་པར་སྟོན་པ་ལས། མ་དག་ས་བདུན་གྱི་སྐབས་སུ་འབད་རྩོལ་དང་བཅས་པས། ཇི་ལྟར་ཆུ་ལས་སྐྱེས་པའི་པདྨ་བཞིན་དུ་སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པར་གདུལ་བྱའི་དོན་མཛད་ཅིང་། དག་སར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོབས་སུ་གྱུར་པས། བུད་ཤིང་སྐམ་པོ་ལ་མེ་སྟོབས་ལྡ ན་རང་ཤུགས་ཀྱིས་འབར་བ་བཞིན་དུ་འབད་རྩོལ་མེད་པར་ངམ་ངམ་ཤུགས་ཀྱིས་འཇུག་པ་དང་། ས་བཅུ་པར་མཉམ་བཞག་ཏུ་རང་དོན་སྤངས་རྟོགས་ཀྱི་ངོས་ནས་ད་དུང་ཤེས་སྒྲིབ་ཕྲ་བ་མ་སྤངས་པས་རྒྱ་མཚོ་དང་གནག་རྗེས་ཀྱི་ཆུའི་ཁྱད་པར་ཙམ་ཡོད་མོད་ཀྱི། རྗེས་ཐོབ་ཏུ་གཞན་དོན་སྒྲུབ་པ་ལ་ནི་མངོན་ཤེས་དྲུག་དང་དབང་བཅུ་སོགས་ཡོན་ཏན་ཁྱད་པར་བ་ཐོབ་པས་མཛད་པ་བཅུ་གཉིས་སོགས་སྟོན་པ་ལ་སངས་རྒྱས་དང་མཉམ། ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་ས་ན་གཉིས་སྣང་གི་འཇུག་པ་མཐའ་དག་དབྱིངས་སུ་ཞི་བས་རྟག་པར་ཆོས་ཀྱི་དབྱིངས་ལ་སྙོམས་པར་ཞུགས་བཞིན་དུ་རྟག་བརྟན་ཞི་བ་གཡུང་དྲུང་གི་གོ་འཕང་མཆོག་གིས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་འགྲོ་བ་སྐྱབས་མེད་པ་རྣམས་ཀྱི་སྐྱབས་མཛད་པ་སྟེ། དེ་ལྟར་མ་དག་པ་དང་དག་པའི་གནས་སྐབས་ཐམས་ཅད་དུ་བྲི་གང་བསལ་བཞག་དང་བྲལ་བའི་ཆོས་ཉིད་རང་གི་ངོ་བོ་ལ་ཁྱད་པར་རྡུལ་ཙམ་ཡང་འགྱུར་བ་མི་དམིགས་པ་ནི་མི་འགྱུར་བའི་དོན་ནོ། །ཆོས་ཀྱི་སྐུ་དང་། དེ་བཞིན་གཤེགས་པ་དང་། འཕགས་པའི་བདེན་པ་དང་། དོན་དམ་པའི་མྱ་ངན་ལས་འདས་པ་ཞེས་སྤངས་རྟོགས་ཀྱི་ཆ་ལས་གང་ལ་འདོགས་པའི་གཞི། ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པའི་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་དེ་ལ་ནི། ཡོན་ཏན་གྱི་རིགས་མ་ཚང་བ་མེད་པས་རྣམ་པ་ཐམས་ཅད་པ་དང་། དབྱེ་བ་མཐའ་ཡས་པས་གྲངས་མེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བས་བསམ་དུ་མེད་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་དྲི་མ་མེད་པ་སྟེ་ཡོན་ཏན་འདི་བཞི་དང་། གཞན་ཡང་ཇི་ལྟ་མཁྱེན་པའི་ཤེས་རབ། ཇི་སྙེད་གཟིགས་པའི་ཡེ་ཤེས། སྤང་བྱ་ལས་རྣམ་པར་གྲོལ་བའི་འབྲས་བུ་སོགས་མདོར་ན་སྤངས་རྟོགས་ཀྱི་ཆ་ལས་བཏགས་པའི་ཡོན་ཏན་གྱི་ཆོས་རྣམས་དང་ཉི་མ་དང་འོད་ཟེར་བཞིན་དུ་ངོ་བོ་དབྱེར་མེད་པའམ་འབྲལ་མི་ཤེས་པའི་ཆོས་ཉིད་དུ་གནས་པས་སངས་རྒྱས་ཉིད་ལས་མ་གཏོགས་པའི་མྱང་འདས་མཚན་ཉིད་པ་མེད་ལ། དེ་དག་ཀྱང་ཆོས་ཀྱི་དབྱིངས་དང་རྣམ་དབྱེར་མེད་པར་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་གནས་པ་ནི་དབྱེར་མེད་པའི་དོན་ཏེ་རྣམ་བཞག་རྣམ་པ་བཅུའོ། །གསུམ་པ་ངོ་བོ་མི་འགྱུར་ཡང་དྲི་མ་སྦྱང་བའི་དཔེ་བསྟན་པ་ནི། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབྱེ་བསལ་མེད་པར། དུས་ཐོག་མ་མེད་པ་ནས་གནས་ཀྱང་རང་བཞིན་གྱིས་མ་འབྲེལ་བ། རྣམ་པར་དབྱེར་ཡོད་པ། བྲལ་ཤེས་པ། གློ་བུར་གྱི་དྲི་མ་ཉོན་མོངས་པའི་སྦུབས་བྱེ་བའི་ནང་ན་གནས་པའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཇི་ལྟར་བཞུགས་པའི་ཚུལ་དཔེ་རྣམ་པ་དགུས་སྟོན་ཏེ། དེ་ཡང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་སྒྲིབ་པ་ཐམས་ཅད་དང་བྲལ་བས་སེམས་ཅན་ཉོན་མོངས་པ་ཅན་རྣམས་ཀྱི་རྒྱུད་ལ་རང་བཞིན་དག་པའི་ཆོས་ཉིད་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ལྟར་དུ་བཞུགས་ཀྱང་། དེ་ཉིད་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་རང་གི་ཡོན་ཏན་གྱི་ནུས་པ་མངོན་དུ་མ་གྱུར་པས་ཤིན་ཏུ་ཉམ་ཐག་པར་གཟིགས་ནས། དྲི་མ་དེ་སེལ་བྱེད་དམ་པའི་ཆོས་སྟོན་པ་སོགས་ཐབས་ཚུལ་དུ་མའི་སྒོ་ནས་གདུལ་བྱའི་ཡུལ་ལ་ཕྲིན་ལས་མཉམ་པར་འཇུག་པས་འཇིག་རྟེན་ན་སངས་རྒྱས་འབྱུང་བ་དོན་ཡོད་པ་ཉིད་ཡིན་ཏེ། དེའི་ཚུལ་དཔེ་དགུ་བོའི་སྒོ་ནས་རྒྱས་པར་སྤྱིར་བསྟན་ནས། བྱེ་བྲག་ཏུ་གསུངས་པའི་དྲི་མ་དང་། སྙིང་པོ་རྣམས་ཀྱི་དཔེ་དོན་ཕན་ཚུན་ཆོས་མཐུན་སོ་སོར་སྦྱར་ཏེ་གོ་བདེ་བར་བརྗོད་ན། ཁམས་གོང་མའི་བྱིས་པའི་རྒྱུད་ལ་ཡོད་པའི་འདོད་ཆགས་བག་ལ་ཉལ་ལ་སོགས་པའི་སྒྲིབ་པ་མེ་ཏོག་པདྨ་མདོག་ངན་ལྟ་བུའི་ནང་ན། རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་དབྱིངས་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མཚན་ཉིད་པ་རྟོགས་པ་ཆོས་སྐུ་འཇིག་རྟེན་ན་དཔེ་ལས་འདས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པ་ལྟ་བུ་གནས་པ་དང་། དེ་བཞིན་དུ་ཞེ་སྡང་བག་ལ་ཉལ་ལ་སོགས་པའི་སྒྲིབ་པ་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུའི་ནང་ན། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་དོན་དམ་པའི་བདེན་པའི་དབང་དུ་བྱས་ཏེ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པ་ཟབ་ཅིང་གཏིང་དཔག་དཀའ་བའི་བསྟན་པ་ཆོས་སྐུ་སྦྲང་རྩི་ལྟ་བུ་གནས་པ་དང་། གཏི་མུག་བག་ལ་ཉལ་སོགས་ཀྱི་སྒྲིབ་པ་སྦུན་པ་ལྟ་བུའི་ནང་ན། རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ་རྣམ་པ་སྣ་ཚོགས་པ་སྟོན་པའི་བསྟན་པ་ཆོས་སྐུ་ས་ལུ་དང་ནས་ལ་སོགས་པ་འབྲུའི་སྙིང་པོ་ལྟ་བུ་གནས་པ་སྟེ་དེ་ལྟར་ཆོས་སྐུ་མཚོན་པའི་དཔེ་གསུམ་དང་། འདོད་ཁམས་ཀྱི་བྱིས་པའི་རྒྱུད་ལ་མངོན་གྱུར་དུ་ཡོད་པའི་དུག་གསུམ་གྱི་ཀུན་སློང་དྲག་པོ་ལ་སོགས་པའི་སྒྲིབ་པ་མི་གཙང་ལྗན་ལྗིན་རུལ་བ་ལྟ་བུའི་ནང་ན། ཆོས་ཉིད་དེ་བཞིན་ཉིད་ངོ་བོ་ནམ་དུའང་འགྱུར་བ་མེད་པ་གསེར་སྦྲམ་བཟང་པོ་ལྟ་བུ་གནས་པ་སྟེ་དེ་བཞིན་ཉིད་མཚོན་པར་བྱེད་པའི་དཔེ་གཅིག་དང་། ཉན་རང་དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་མ་རིག་བག་ཆགས་ཀྱི་ས་ལ་སོགས་པའི་སྒྲིབ་པ་མི་དབུལ་པོའི་ཁྱིམ་གྱི་ས་ལྟ་བུའི་ནང་ན། འབད་རྩོལ་གྱིས་གསར་དུ་སྒྲུབ་པ་མ་ཡིན་པར་རང་བཞིན་གྱིས་གནས་པའི་རིགས་བྲལ་འབྲས་ཆོས་སྐུའི་ཡོན་ཏན་ཟད་མི་ཤེས་པའི་རྟེན་གྱུར་པ་གཏེར་ལྟ་བུ་གནས་པ་དང་། ཐེག་པ་ཐུན་མོང་གི་སོ་སྐྱེ་སློབ་པའི་རྒྱུད་ལ་ཡོད་པའི་སྒྲིབ་པ་བདེན་པ་མཐོང་བ་ཙམ་གྱིས་སྤང་བར་བྱ་བ་ལ་སོགས་པའི་སྒྲིབ་པ་ཤིང་གི་འབྲས་ཤུན་གྱི་པགས་སྦུབས་དང་འདྲ་བའི་ནང་ན། ཡང་དག་པར་བླང་བ་རྒྱས་འགྱུར་གྱི་རིགས་ཀྱི་ཁམས་རྐྱེན་གྱིས་གསོས་པ་ལས་སྨིན་འབྲས་གཟུགས་སྐུའི་ཡོན་ཏན་གསལ་ཞིང་རྫོགས་པར་བྱེད་པའི་རྟེན་དུ་གྱུར་པ་འབྲས་བུ་དང་བཅས་པའི་ལྗོན་ཤིང་འབད་རྩོལ་གྱིས་སྐྱེ་བ་ལྟ་བུ་གནས་པ་དང་། འཕགས་པ་སློབ་པའི་རྒྱུད་ལ་ཡོད་པའི་དྲི་མ་མཐོང་ཟིན་གོམས་པར་བྱེད་པ་སྒོམ་པའི་ལམ་གྱིས་སྤང་བྱ་སོགས་ཀྱི་སྒྲིབ་པ་རགས་པ་ཟད་པའི་ལྷག་མ་གོས་ཧྲུལ་{རུལ} དྲི་མ་ཅན་ལྟ་བུའི་ནང་ན། ཟག་པ་མེད་པའི་ཡོན་ཏན་གྱི་དཔལ་གྱིས་མཛེས་པའི་དོན་དམ་ངོ་བོ་ཉིད་སྐུ་རིན་པོ་ཆེ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལྟ་བུ་གནས་པ་དང་། ཁྱད་པར་གྱི་ཐེག་པ་བ་མ་དག་ས་བདུན་ལ་གནས་པའི་རྒྱལ་སྲས་ཀྱི་རྒྱུད་ཀྱི་དྲི་མ་སོགས་སྒྲིབ་བྱེད་བུད་མེད་ངན་མའི་མངལ་སྦུབས་ལྟ་བུའི་ནང་ན། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་གནས་པ་དང་། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་སོགས་སྒྲིབ་བྱེད་ལུགས་གཏོང་བའི་ས་འདམ་ནག་པོ་ལྟ་བུའི་ནང་ན། གང་འདུལ་གདུལ་བྱའི་བློ་ངོར་རྣམ་འཕྲུལ་སྣ་ཚོགས་པ་སྟོན་པ་སྤྲུལ་པའི་སྐུ་གསེར་གྱི་གཟུགས་བརྙན་ལྟ་བུ་གནས་པ་སྟེ་སྐུ་གསུམ་འགྲུབ་པའི་རིགས་ཀྱི་དཔེ་ལྔ་སྟེ་དགུའོ། །འདི་རྣམས་སོ་སོར་ཆོས་མཐུན་ཡོད་པའི་དབང་གིས་དཔེ་དོན་སྦྱར་བ་ཡིན་གྱི། དོན་གང་གི་སྒྲིབ་བྱེད་དུ་བཤད་པ་དེ་ཁོ་ན་ལས་གཞན་ལ་མི་སྒྲིབ་པ་ནི་མ་ཡིན་ནོ། །དེ་ལྟར་གདོད་མ་ནས་ལྷུན་གྱིས་གྲུབ་པའི་རང་བྱུང་འདུས་མ་བྱས་པའི་ཁམས་འདི། ཐ་ན་མནར་མེད་དུ་སྐྱེས་པ་ཡན་ཆོད་ཀྱི་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡེ་ནས་འདུ་འབྲལ་མེད་པར་ཡོད་ཀྱང་སྒྲིབ་པས་བསྒྲིབས་ཏེ་གང་ཟག་སོ་སོའི་སྐྱེ་བོ་དང་། ཉན་རང་དང་། བྱང་སེམས་གསར་ཞུགས་རྣམས་ཀྱིས་ནི་ཡིད་ཆེས་པའི་ལུང་ཙམ་ལ་བརྟེན་ནས་དད་ཅིང་མོས་ལ་ཡིད་ཆེས་པས་དོན་སྤྱིའི་ཚུལ་གྱིས་རྟོགས་པར་བྱས་ནས་བསལ་བཞག་དང་བྲལ་བའི་དོན་ལ་མཉམ་པར་བཞག་པས་གདོད་ཟག་མེད་འཕགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར་གྱི་ད་ལྟ་ནི་མངོན་དུ་བྱར་ཡོད་པ་མ་ཡིན་ཏེ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །བཞི་པ་ཁམས་ཀྱི་རང་བཞིན་རྟོགས་དཀའ་བ་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་བསྟན་པའི་དགོས་པ་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ལ་སྒྲིབ་བྱེད་གློ་བུར་བ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་བདེན་པ་མེད་པ་སྤྲིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུར་བསྟན་པས་བདེན་འཛིན་གྱི་ཞེན་པ་ལྡོག་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མ་བསྟན་ན། རང་ཉིད་བྱང་ཆུབ་ཏུ་བརྩོན་པའི་གེགས་སེམས་ཞུམ་པ་དང་། གཞན་ལ་བརྩེ་བའི་གེགས་སེམས་ཅན་དམན་པ་ལ་བརྙས་པ་དང་། ཡང་དག་པའི་ཤེས་པ་སྐྱེ་བའི་གེགས་སྤང་བྱ་གློ་བུར་བ་གཤིས་ལ་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་། རྣམ་དབྱེར་མེད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་སྙིང་པོའི་ཁམས་ཡོད་པ་ལ་མེད་པར་སྐུར་བ་འདེབས་པ་དང་། མཉམ་པ་ཉིད་ཀྱི་དོན་རྟོགས་པའི་གེགས་བདག་ལ་ལྷག་པར་ཆགས་པ་སྟེ། དེ་ལྟ་བུའི་སྐྱོན་ལྔ་འབྱུང་བས་དེ་ཉིད་སྤང་བའི་ཕྱིར་ཆོས་དབྱིངས་གསལ་བོར་སྟོན་པར་མཛད་པ་སྟེ། དེ་ལྟར་བསྟན་ཅིང་ཐོས་ན། རང་གི་རང་བཞིན་མངོན་དུ་གྱུར་པ་ན་བྱང་ཆུབ་ཆེན་པོའོ་སྙམ་དུ་ལམ་གྱི་དཀའ་སྤྱད་ལ་སྤྲོ་བ་དང་། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པས་སྟོན་པ་བཞིན་དུ་གུས་པ་དང་། ཀུན་རྫོབ་གློ་བུར་གྱི་དྲི་མ་བདག་གཉིས་མེད་པ་ལ་མེད་པར་ཤེས་པའི་ཤེས་རབ། དོན་དམ་སྙིང་པོའི་ཁམས་ཡོད་པ་ལ་ཡོད་པར་ཤེས་པའི་ཡེ་ཤེས། བདག་གཞན་མཉམ་ཉིད་དུ་རྟོགས་པས་བྱམས་པ་ཆེན་པོ་རྒྱུད་ལ་སྐྱེ་བར་འགྱུར་ཞིང་། དེ་ལས་ལམ་རིམ་གྱིས་བསྒྲུབས་པས་དོན་གཉིས་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་པར་འགྱུར་བ་ཡིན་ནོ། །འདིར་བཤད་པའི་ཡོད་མེད་ཀྱི་སྒྲ་འཇུག་ཡུལ་ནི། གང་གནས་སྣང་མཐུན་མི་མཐུན་ལ་བདེན་གཉིས་སུ་བཞག་ནས་གཙོ་བོར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་ངོར་བཞག་པ་ཡིད་བཞིན་མཛོད་སོགས་ལས་བསྟན་པ་ལྟར་ཡིན་ཞིང་། གཞན་ཡང་སྐབས་འདིར་ཤེས་པར་བྱ་བ། གོང་དུ་བསྟན་པ་བཞིན། བཀའ་བར་པར་བསྟན་པའི་དབྱིངས་སྟོང་ཉིད་དང་། འདིར་བསྟན་རང་བཞིན་གྱིས་འོད་གསལ་བའི་རིག་པའི་ཡེ་ཤེས་གཉིས་འགལ་མེད་ཟུང་དུ་ཆུད་པའི་བློ་མཆོག་མངའ་བ་རྣམས་ལ། དེ་གཉིས་ཕན་ཚུན་གཅིག་གྲོགས་སུ་གཅིག་འགྱུར་བས་ནམ་ཡང་དབྱེ་བསལ་མི་དགོས་ཀྱང་། དེ་ལྟར་མ་རྟོགས་པའི་བློ་ཆུང་བ་དག རྫིང་གི་གསེག་མ་དང་གྱོ་མོ་ལ་ནོར་བུར་འཁྲུལ་པའི་དཔེས་མདོ་ནས་གསུངས་པ་ལྟར་སོམ་ཉིའི་དྲྭ་བར་ཚུད་ཉེ་བས། ཚུལ་དེ་ལ་དགོངས་ཏེ་ཀུན་མཁྱེན་བླ་མས་འོད་གསལ་རིན་པོ་ཆེའི་མཛོད་དུ། སྔོན་དགེ་བའི་རྩ་བ་མ་བསྐྲུན། ད་ལྟའང་དགེ་བའི་བཤེས་གཉེན་དང་མ་མཇལ། ངེས་པ་དོན་གྱི་ཆོས་ཟབ་མོ་མ་ཐོས་པ་རྣམས་ན་རེ། སེམས་ཉིད་སྟོང་པ་ཉིད་ལ་སངས་རྒྱས་ཀྱི་རང་བཞིན་ནམ་སྙིང་པོ་ཟེར་གྱི་མཚན་དཔེ་སྟོབས་སོགས་ཀྱི་ཆོས་སུ་ཡོད་པ་ག་ལ་སྲིད། གནས་ལུགས་བདག་མེད་པ་ནམ་མཁའ་ལྟ་བུར་ཡུམ་བར་པ་སོགས་ལས་གསུངས་པའི་ཕྱིར་སྙིང་པོ་བསྟན་པའི་མདོ་རྣམས་དྲང་དོན་ཡིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་ན་མུ་སྟེགས་པའི་བདག་རྟག་པ་དང་ཁྱད་མེད་པ་ཁོ་ནའོ་ཞེས་ངེས་པ་དོན་གྱི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པར་སྣང་ངོ་། །ཚུལ་དེ་ལྟ་བུ་བཟང་པོ་མ་ཡིན་པས་རེ་ཞིག་ལུང་ཉིད་ཚད་མར་བྱས་ཏེ་སྤང་བ་ནི། ཅི་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་གསུམ་དུ་གསུངས་པ་ལས་གནས་འདི་ནི་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་གསུངས་པའང་ཁྱོད་ཀྱིས་མ་ཤེས། སྟོང་ཉིད་རྐྱང་པ་དོན་དམ་ཡིན་ན། འཁོར་ལོ་གསུམ་ལ་ཐ་དད་དུ་བསྟན་པའང་ཇི་ལྟར་འཐད། སྟོང་ཉིད་དྲང་དོན་དུ་གསུངས་ཀྱི། དེ་ཡང་གནས་ལུགས་ཀྱིས་སྐྲག་པ་དང་། ལས་དང་པོ་པས་བདག་ཏུ་འཛིན་པ་དགག་པ་ཙམ་ལ་དགོངས་ཏེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། བུད་མེད་བུ་ཁ་མྱགས་གསོ་བའི་དཔེ་སྔོན་དུ་བཏང་ནས་གསུངས་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཡང་དེ་བཞིན་དུ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བདག་མེད་པའི་ནན་ཏན་བྱེད་པ་སྟོན་ཏེ། དེ་ལ་ནན་ཏན་བྱས་པས་བདག་ཅེས་བྱ་བའི་སེམས་མེད་དེ་ཡོངས་སུ་མྱ་ངན་ལས་བཟླའོ། །དེ་ལའང་འཇིག་རྟེན་རྒྱང་འཕེན་པའི་ངན་པར་ལྟ་བ་བསལ་བའི་ཕྱིར། འཇིག་རྟེན་རྒྱང་འཕེན་པའི་ཆོས་ལས་འདས་པར་བསྟན་པའི་ཕྱིར། གཞན་ཡང་འཇིག་རྟེན་རྒྱང་འཕེན་པ་དག་བདག་ཏུ་ལྟ་བ་ཡང་དག་པར་མ་ཡིན་པར་བསྟན་པའི་ཕྱིར། བདག་མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འགྱུར་བའི་ཕྱིར། ཇི་ལྟར་བུད་མེད་དེས་བུའི་ཕྱིར་མཁྲིས་པ་བསྐུས་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྟོང་པ་ཉིད་བསྒོམ་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་ཅེས་གསུངས་སོ། །ཇི་ལྟར་བུད་མེད་དེས་ནུ་མ་ཕྱིར་བཀྲུས་ཏེ་བོས་ནས་ནུ་ཞོ་བླུད་དོ་ཞེས་བྱ་བ་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་ཀྱང་མ་སྐྲག་པར་ཇི་ལྟར་བུ་དེ་ལ་མས་བོས་ཏེ་ནུ་ཞོ་བགས་ཀྱིས་འཐུང་བ་བཞིན་དུ། དགེ་སློང་ཁྱོད་ཀྱང་བྱེ་བྲག་ཤེས་པར་གྱིས་ཤིག དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ། །ཞེས་དང་། སྔོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་བརྗོད་པ་ལས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི། བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་ཡོངས་སུ་དྲང་བའི་ཕྱིར་བཤད་ཀྱིས་ཡང་དག་པར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ། །མུ་སྟེགས་ཀྱི་བདག་རྟག་པ་དང་མི་མཚུངས་ཏེ། སྙིང་པོ་ནི་ཡེ་ནས་འོད་གསལ་ཞིང་ལུས་ལ་གནས་ཀྱང་རྟག་མི་རྟག་ལས་འདས་པས་རྟག་པ་ཁོ་ནར་མི་འདོད་པ་དང་། འོད་གསལ་བ་དེ་བླ་མའི་མན་ངག་གིས་མཐོང་དུ་ཡོད་པའི་ཕྱིར་སུས་ཀྱང་མི་མཐོང་བའི་ལྐོག་གྱུར་དུ་མི་འདོད་པ་དང་། ངོ་བོ་སྟོང་གསལ་མཐའ་བྲལ་ཡིན་པས་མཐེ་བོང་ལ་སོགས་པའི་དངོས་པོ་རང་མཚན་དང་ཆོས་མི་སྦྱོར་བ་དང་། དངོས་པོ་དང་མཚན་མར་མེད་པས་ལུས་ཆེ་ཆུང་ལ་སྙིང་པོ་ཆེ་ཆུང་དང་བཟང་ངན་དུ་མི་འདོད་པ་སོགས་ཁྱད་པར་ཤིན་ཏུ་མང་ངོ་། །མུ་སྟེགས་ཀྱིས་དེ་ལྟར་སྨྲས་པ་དེ་ནི་སངས་རྒྱས་ཀྱི་སྙིང་པོ་དང་ཀུན་ཏུ་མི་མཚུངས་ཀྱང་མིང་ཙམ་མམ་ཚིག་གི་བརྗོད་པ་ལས་འདྲའོ་སྙམ་དུ་འཁྲུལ་པས་ཁྱེད་ཅག་བློ་གྲོས་བླུན་པོར་ཁོ་བོ་ཅག་གིས་མཐོང་བ་ནི། སྔོན་རྒྱལ་པོའི་རལ་གྲི་སྟོར་བ་ལས་དབུལ་པོ་ཞིག་གི་རྨི་ལས་དུ་རལ་གྲི་རྨིས་པ་བླ་རྡོལ་དུ་ཤོར་བ་ལ་རལ་གྲི་བརྩད་པས་མིང་ཙམ་ལས་དོན་མ་མཐོང་བས་རལ་གྲི་མ་མཐོང་བར་རྣམ་པར་བཞག་པ་དང་འདྲ་སྟེ། ཞེས་སོགས་ལུང་དང་བཅས་ཏེ་གསུངས་པ་དང་། སྙན་བརྒྱུད་རྒྱབ་ཆོས་ཟབ་དོན་གནད་ཀྱི་མེ་ལོང་དུ། བཀའ་བར་བས་ཆོས་ཐམས་ཅད་སྟོང་ཉིད་དུ་བསྟན་པ་ནི། ཕྱི་རོལ་པ་གང་ཟག་གི་བདག་ཏུ་ལྟ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཆོས་ཀྱི་བདག་ཏུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དངོས་པོ་ལ་མངོན་པར་ཞེན་ཅིང་། གཉེན་པོ་ལ་མཆོག་ཏུ་འཛིན་པ་རྣམས་དོན་དམ་སྟོང་པ་ཉིད་ཀྱི་ཆོས་ལ་དྲང་བའི་ཕྱིར་སྟོང་པ་ཉིད་ནམ་མཁའ་ལྟ་བུ་གསུངས་ཏེ། དགོངས་གཞི་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་དོན་དམ་སྟོང་པ་ཉིད་ལ་དགོངས་པའོ། །དགོས་ཆེད་སོ་སོའི་འཛིན་པ་དང་བྲལ་བར་བྱེད། དངོས་ལ་གནོད་བྱེད་ནི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། དེ་ལ་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ནི། ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་འམ། སྟོང་པ་ཉིད་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཉམས་པ་དག་ལ་བརྗོད་དོ། །ཞེས་པ་དང་། དགོངས་འགྲེལ་ལས། ངས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བསྟན་ཏོ། །ཞེས་པ་དང་། མྱང་འདས་ལས། ངས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་གཞན་མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་ལ་མངོན་པར་ཞེན་པ། བདག་ཏུ་ལྟ་བ། འདུ་ཤེས་ཀྱི་འཛིན་པས་བཅིངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་གསུངས་ཀྱི། དེ་ཁོ་ན་ཉིད་དུ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་གསུངས་པས་གནོད་དོ། །ཞེས་པ་ནས། ནམ་མཁའ་འདྲ་བའི་ཆོས་ཀྱི་སྒོ་འདི་ནི། །རང་བཞིན་དག་པའི་སྤྱོད་ཡུལ་ངོ་མཚར་རྨད། །གང་གིས་དེ་རྟོགས་རྒྱལ་བའི་གོ་འཕང་འཛིན། །ཟབ་ཅིང་རྒྱ་ཆེའི་དོན་ལ་མཁས་པ་ཡིན། །ཞེས་པའི་བར་གྱིས་དྲང་ངེས་ཀྱི་དབྱེ་བསལ་དང་། སྐྱོན་ཡོན་དགོས་པ་ཕན་ཡོན་བཅས་རྒྱ་ཆེར་གསུངས་པ་དང་། གཞན་ངེས་དོན་ཤིང་རྟ་ཆེན་མོ་སོགས་ལས་ཀྱང་ཡང་ཡང་གསུངས་པས་ཤེས་ལ། ཀུན་མཁྱེན་རྟོན་པ་བཞི་ལྡན་དང་། རྒྱལ་དབང་རང་བྱུང་རྡོ་རྗེ་བརྒྱུད་པ་དང་བཅས་པ་སོགས་ངེས་དོན་སྙིང་པོའི་སེང་གེའི་སྒྲ་སྒྲོགས་པར་མཛད་པ་པོ་གཞན་རྣམས་ཀྱི་དགོངས་པ་ནི་ཡོངས་སུ་གྲགས་པས་འདིར་མ་སྨོས་ལ། རྗེ་བརྒྱད་པ་མི་བསྐྱོད་ཞབས་ཀྱིས་ཀྱང་། འདི་ལ་གངས་ཅན་གྱི་མཁས་པ་འགའ། རྒྱུད་བླ་མར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་ཅེས་གསུངས་པ་དེ་དྲང་བའི་དོན་ཡིན་ལ། ཅིའི་ཕྱིར་ན་དགོས་པ་སྐྱོན་ལྔ་སྤངས་པའི་ཕྱིར་གསུངས་པར་འདོད་ལ། དེ་ལྟར་ན་སྐྱོན་ལྔ་སྤངས་མི་དགོས་པར་འགྱུར་ཏེ། སེམས་ཅན་ལ་བརྙས་ནའང་སྐྱོན་མིན་ཏེ། སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་དང་། ཡང་དག་པར་བདེ་གཤེགས་སྙིང་པོར་ཆེས་འཛིན་པ་ལའང་དགོས་པ་མེད་དེ། དེ་དྲང་དོན་ཡིན་པ་དང་། ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུར་བ་བཏབ་པ་ལའང་སྐྱོན་མེད་དེ། ཡེ་ནས་མེད་པ་ལ་སྐུར་འདེབས་ཀྱི་མཐར་མི་ལྷུང་བས་གནས་ཚུལ་བརྗོད་པའི་ཕྱིར་དང་། སེམས་ཞུམ་པའང་འོས་པར་འགྱུར་ཏེ། བདེ་གཤེགས་སྙིང་པོ་རང་རྒྱུད་ལ་མེད་པས་སེམས་མི་ཞུམ་པའི་འཛིན་སྟངས་འཆང་བའང་དོན་ལ་མི་གནས་པའི་འཛིན་པ་ཡིན་པས་སོ། །གཞན་ཡང་དེ་ལྟར་བྱས་ན། འཕགས་པ་ཐོགས་མེད་ལ་སོགས་པའང་ཚད་ལྡན་གྱི་སྐྱེས་བུར་མི་འགྱུར་ཏེ། བཅོམ་ལྡན་འདས་དང་། བྱམས་པ་ལ་སོགས་ཀྱི་གསུངས་དགོས་པ་དང་དངོས་ལ་གནོད་བྱེད་ཡོད་པའི་དམ་པའི་ཆོས་རྣམས་ལུགས་འདིར་དགོངས་པ་ཅན་མིན་པར་བཀྲལ་བས་སོ། །དེས་ན་འཕགས་པ་ཐོགས་མེད་སྐྱོབ་ལ་འགོམ་པར་ནུས་པའི་རྗེས་སུ་འབྲང་མི་ནུས་པས། ཁོ་བོ་ཅག་རྣམས་ནི་འཕགས་པ་ཉིད་ཀྱི་རྗེས་སུ་འབྲང་བར་བྱའོ། །ཞེས་གསུངས་པ་ཉིད་དོན་ལ་གནས་པ་ཡིན་ཞིང་། གཞན་ཡང་། མདོ་མྱང་འདས་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་བ་ལས་འོ་མ་འབྱུང་སྟེ། འོ་མ་ལས་ནི་ཞོ་འབྱུང་། ཞོ་ལས་ནི་མར་འབྱུང་། མར་ལས་ནི་ཞུན་མར་འབྱུང་། ཞུན་མར་ལས་ནི་མར་གྱི་སྙིང་པོ་འབྱུང་། མར་གྱི་སྙིང་པོ་ཞེས་བྱ་བ་ནི་མཆོག་དང་ཕུལ་དུ་གྱུར་པ་སྟེ། གང་ཞིག་གིས་འཐུང་བ་ན་ནད་རྣམ་པ་སྣ་ཚོགས་འབྱང་བར་འགྱུར་ཏེ་སྨན་ཐམས་ཅད་ཀྱི་ནང་དུའང་འགྲོའོ། །རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་ལས་ནི་མདོ་སྡེ་བཅུ་གཉིས་འབྱུང་ངོ་། །མདོ་སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ་། །མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ་། །ཤིན་ཏུ་རྒྱས་པའི་མདོ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ནི་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ་། །མར་གྱི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་དེ་བས་ན། དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་ཡིན་ནོ། །ཞེས་དང་། སེང་གེའི་སྒྲ་སྒྲོགས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་གནས་ཤིང་མི་འགྱུར་མི་འཕོ་བ་ངེས་པར་བཤད་པའོ། །ཞེས་དང་། རིགས་ཀྱི་བུ། གནས་སྟོང་པར་མང་དུ་བཤད་ཀྱང་སེང་གེའི་སྒྲ་བསྒྲགས་པ་མི་བྱ་སྟེ། མཁས་པ་ཤེས་ར བ་ཅན་གྱི་འཁོར་མང་པོའི་ནང་དུ་བསྒྲགས་པ་ནི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་ཞེས་བྱའོ། །དེ་ལ་སེང་གེའི་སྒྲ་སྒྲོགས་པ་ནི། ཆོས་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། ཡོངས་སུ་མ་དག་པ་ཞེས་མི་འཆད་དེ། དེ་བཞིན་གཤེགས་པ་རྟག་པ། བདེ་བ། བདག་དང་། ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །ཞེས་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ། དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། མི་འཇིགས་པ་སྟེ། རིགས་ཀྱི་བུ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ཆོས་འདི་ཁོ་ན་ཐོབ་པར་བྱ་བའི་ཕྱིར། མགོའམ་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཏེ་གནས་སོ། །རིགས་ཀྱི་བུ། གལ་ཏེ་དོན་དམ་པ་ཉིད་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བའང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་ལ་མཁས་པ་ཞེས་བྱའོ། །ཞེས་དང་། སོར་འཕྲེང་གི་མདོ་ལས། འཇམ་དཔལ་བའི་འོ་མ་ལ་མར་ཡོད་པར་རྟོགས་ནས་མི་རྣམས་བསྲུབ་ལ། ཅིའི་ཕྱིར་ཆུ་ལ་མི་བསྲུབ་ཅེ་ན། རྫས་མེད་པའི་ཕྱིར་ཏེ། དེ་བཞིན་དུ་འཇམ་དཔལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་མི་རྣམས་ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱོད་དོ། །གཞན་ཡང་འཇམ་དཔལ་མི་གསེར་འདོད་པ་རྟོག་པ་དང་ལྡན་པ་བྲག་ལ་བརྐོ་ལ། ཅིའི་ཕྱིར་ཤིང་ལ་མི་བརྐོ། རྡོ་བ་གསེར་གྱི་ཁམས་ཡོད་པ་ལ་བརྐོ་ཡི་ཤིང་གསེར་མེད་པ་ལ་མི་བརྐོའོ། །དེ་བཞིན་དུ་འཇམ་དཔལ། དབྱིངས་ཡོད་པ་ལ་རྟོག་པའི་མི་རྣམས་བདག་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ་ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱོད་དོ། །གཞན་ཡང་འཇམ་དཔལ། དབྱིངས་མེད་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །ལོ་བྱེ་བར་ཆུ་བསྲུབས་ཀྱང་སྣུམ་མི་འབྱུང་བ་བཞིན་དུ། གལ་ཏེ་དབྱིངས་མེད་ན། བདག་ལ་ཆགས་པས་ཚངས་པ་དང་། ཚུལ་ཁྲིམས་སྤྱོད་པ་རྣམས་དོན་མེད་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟར་ཤེས་པའི་ཕན་ཡོན་དང་དགོས་ཆེད་ཀྱི་ཁྱད་པར་གཞན་ཡང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། ང་ཡང་སྔོན་དུས་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་མཆོག་འདི་ཉིད་གཟུང་བར་བྱ། །ཞེས་དང་། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པར་ཡང་། ང་ནི་འདས་ནས་གཤེགས་ཕྱི་ན། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཉིད་ཡོད་ཅེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་གསུངས་པས་ཟབ་མོའི་གནས་འདི་ལ་ཡིད་རྟོན་པར་བྱའོ། །གཉིས་པ་རྟོགས་པ་རང་གི་ངོ་བོའི་གནས་དྲི་མ་མཐའ་དག་དང་བྲལ་བ་གནས་མ་ལུས་པ་ཡོངས་སུ་གྱུར་པའི་དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་མཚན་ཉིད་བཤད་པ་ནི། དག་ཐོབ་བྲལ་བ་རང་གཞན་དོན། །དེ་རྟེན་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིད་དུས་དང་ཇི་ལྟ་ཉིད། །ངོ་བོ་རྒྱུ་དང་འབྲས་བུ་དང་། །ལས་དང་ལྡན་དང་འཇུག་པ་དང་། །དེ་རྟག་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་ས་ནི་རྣམ་པར་བཞག །ཅེས་གསུངས་པ་ལྟར་བྱང་ཆུབ་དེའི་ཁྱད་པར་གྱི་ཆོས་སམ་དོན་རྣམ་པ་བརྒྱད་ཀྱིས་སྟོན་སྟེ། དེ་ཡང་བསྟན་བཅོས་ཆེན་པོ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས། ངོ་བོ་ཉིད་ཀྱི་སྐུ་ནི་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཀྱི་སྐུའོ། །དེ་ཅི་ལྟ་བུ་ཞེ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྣང་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་ཡིན་ལ། དེ་ཡང་སྣང་བའི་ཆ་ནས་རིས་སུ་མ་ཆད་པའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། སྟོང་པའི་ཆ་ནས་ཅིར་ཡང་མ་གྲུབ་པའི་དབྱིངས་དང་འདུ་འབྲལ་མེད་པ། ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་བབ་སུས་ཀྱང་མ་བྱས་པའི་འདུས་མ་བྱས་ཏེ། དེ་ཡང་དངོས་དངོས་མེད་གཉིས་ཀའི་མཐའ་ལ་མི་གནས་པའི་འདུས་མ་བྱས་ཆེན་པོ་ཡིན་ནོ། །འདི་ནི་གཞིའི་དུས་སུ་ཐེག་ཆེན་ལམ་གྱིས་རྟོག་པ་བྱའི་དམ་པ་དེ་ཁོ་ན་ཉིད་དང་། དོན་དམ་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་། རྟོགས་ཀྱང་རུང་། མ་རྟོགས་ཀྱང་རུང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་སྔ་ཕྱིའི་ཁྱད་པར་མེད་པར་དེ་ཁོ་ན་བཞིན་དུ་གནས་པ་ཡིན་ཞིང་། འདི་ནི་ཆོས་ཀུན་གྱི་ཆོས་ཉིད་ཡིན་པས། སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་ཀྱང་འདི་ལས་གཞན་དུ་མེད་དོ། །འདི་ཡོད་པ་དང་རྟོགས་ཤིང་ལམ་དུ་བྱས་པ་ལས་མཐར་འབྲས་ཐོབ་པ་ཡིན་པས་ན་རང་བཞིན་གྱིས་གནས་པའི་རིགས་དང་། བདེ་གཤེགས་སྙིང་པོ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དང་ངོ་བོ་ཐ་དད་དུ་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བྱའོ། །འདི་ནི་ཆོས་ཀུན་གྱི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི། དཀོན་མཆོག་གསུམ་གྱི་འབྱུང་གནས། མཐར་ཐུག་ཐེག་གཅིག་འགྲུབ་པའི་རྟེན། ཆོས་ཉིད་མཉམ་པ་ཉིད་ཉག་གཅིག་གོ །གནས་ལུགས་ཆོས་ཉིད་དེ་རང་བཞིན་གྱིས་རྣམ་པར་དག་ཀྱང་སེམས་ཅན་རྣམས་རང་སྣང་གི་སྒྲིབ་པས་བསྒྲིབས་ནས་མངོན་དུ་མ་གྱུར་པ་ལ། དེ་བཞིན་གཤེགས་པ་ཐབས་ལ་མཁས་པས་ཆོས་ཀྱི་སྒོ་སྣ་ཚོགས་ཀྱིས་གདུལ་བྱའི་བློ་རིམ་པར་སྦྱངས་ནས། མཐར་ཐུག་དབྱིངས་དེའི་རང་བཞིན་ཤེས་ཤིང་མངོན་དུ་བྱེད་པ་འཇིག་མེད་རྟག་པ་ཐེག་པ་མཆོག་གི་ལམ་བསྟན་པ་དེ་ལ་བརྟེན་ནས་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ན། དག་པ་གཉིས་ལྡན་གྱི་བྲལ་འབྲས་ངོ་བོ་ཉིད་ཀྱི་སྐུ་ཟག་མེད་ཀྱི་ཆོས་ཀུན་གྱི་གཞིར་གྱུར་པ་གཙང་བདེ་རྟག་བདག་གི་མཐར་ཕྱིན་པ་རྡོ་རྗེའི་སྐུ། ཡེ་ཤེས་ཀྱི་སྐུ། མཉམ་པ་ཉིད་ནམ་མཁའ་ལྟ་བུའི་སྐུ་དེ་མངོན་དུ་གྱུར་པ་ནི་སངས་རྒྱས་ཀྱི་སྐུ་མཐར་ཐུག་པའོ། །ཞེས་གསུངས་པ་བཞིན། ཟག་པ་མེད་པའི་དབྱིངས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་ཀྱང་དག་པའི་རྟག་བརྟན་གཡུང་དྲུང་གི་གོ་འཕང་མཆོག་ནི་འདིར་རྣམ་པར་དག་པའི་ཁྱད་པར་རམ་ངོ་བོ་ཉིད་ཀྱི་དོན་ནོ། །སེམས་ཀྱི་རང་བཞིན་གདོད་མ་ནས་འོད་གསལ་བ་ཉི་མཁའ་ལྟ་བུ་ལ་སྒྲིབ་བྱེད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་ཚོགས་ལྟ་བུ་དེ་སེལ་བར་བྱེད་པའི་རྒྱུ་སློབ་ལམ་དུ་མཉམ་བཞག་རྣམ་པར་མི་རྟོག་པ་དང་། རྗེས་ཐོབ་ཤེས་བྱ་རྣམ་པར་འབྱེད་པ་སྟེ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་པོ་ཟུང་འབྲེལ་དུ་བསྒོམ་པ་ནི་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་ཁྱད་པར་རམ་འཐོབ་བྱེད་ཡེ་ཤེས་རྒྱུ་ཡི་དོན་ནོ། །དེ་ལྟ་བུའི་ཡེ་ཤེས་གཉིས་པོ་གོམས་པ་མཐར་ཕྱིན་པ་ལས། ཉོན་མོངས་པ་འདོད་ཆགས་ཀྱི་རྙོག་མ་དང་བྲལ་པའི་པདྨའི་མཚོ་དང་། ཞེ་སྡང་སྒྲ་གཅན་གྱི་ཁ་ནས་ཐར་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། གཏི་མུག་གི་སྤྲིན་ལས་གྲོལ་བའི་ཉི་མའི་དཀྱིལ་འཁོར་འོད་གསལ་བ་བཞིན་དང་། དེ་བཞིན་དུ་པད་སྦུབས་ལས་གྲོལ་བའི་སངས་རྒྱས་ཀྱི་སྐུ་ལ་སོགས་པ་གོང་དུ་བསྟན་པ་བཞིན་གྱི་གློ་བུར་གྱི་དྲི་མའི་སྦུབས་ལས་ཡོངས་སུ་གྲོལ་བ་སྟེ། མདོར་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་གཏན་དུ་བཅོམ་པ་ལས་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པར་རྫོགས་པ་ནི་སྤང་བྱ་དང་བྲལ་བའི་ཁྱད་པར་རམ་འབྲས་བུའི་དོན་ནོ། །སློབ་ལམ་དུ་མཉམ་རྗེས་ཀྱི་ཡེ་ཤེས་མཐར་ཕྱིན་པའི་འབྲས་བུ་སྤངས་པ་ཕུན་སུམ་ཚོགས་པ་རྣམ་གྲོལ་གྱི་སྐུ་ནི་ཟག་པ་མེད་པ་དང་། རྟོགས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཆོས་ཀྱིས་སྐུ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་དང་། ཐུན་མོང་དུ་འདུས་མ་བྱས་ཀྱི་རང་བཞིན་བརྟན་ཞི་རྟག་པ་འཕོ་མེད་ཀྱི་བདག་ཉིད་དེ་ཡོན་ཏན་གྱི་ཁྱད་པར་གསུམ་གྱིས་རང་དོན་མཐར་ཕྱིན་པར་རྫོགས་པའི་དབང་གིས། ཇི་ལྟར་འདུས་མ་བྱས་ཀྱི་ནམ་མཁས་གོ་ཕྱེ་བ་ལ་བརྟེན་ནས་དབང་ལྔ་ཡུལ་ལ་འཇུག་པ་སོགས་ཀྱི་རྒྱུ་བྱེད་པ་བཞིན་དུ། སངས་རྒྱས་ཀྱི་སྐུ་གཉིས་པོ་མཐོང་བ་ལ་སྒྲིབ་པ་མེད་པར་གྱུར་པའི་བློ་གྲོས་ཟབ་ཅིང་བརྟན་པའི་རྒྱལ་སྲས་སྐལ་བ་དང་ལྡན་པ་རྣམས་ཀྱི་དབང་པོ་དྲུག་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་གྱི་དོན་ལ་ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་མཐོང་བ་ལ་སོགས་པའི་དབང་གིས་མཚན་དཔེ་སོགས་སྨིན་འབྲས་དང་དོན་དམ་ཆོས་ཀྱི་སྐུ་མཐོང་བ་ལས་སྟོབས་སོགས་བྲལ་འབྲས་ཏེ་ཟག་པ་མེད་པའི་ཡོན་ཏན་མཐའ་དག་སྐྱེ་བའི་རྒྱུ་བྱེད་པ་སྟེ། མདོར་ན་རང་དོན་དུ་རྣམ་གྲོལ་ཆོས་ཀྱི་སྐུ་ཐོབ་པ་ལ་བརྟེན་ནས། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཇི་ལྟར་བཞེད་པ་བཞིན་སྟོན་པ་ལ་དབང་འབྱོར་པ་ནི་རང་གཞན་གྱི་དོན་བསྒྲུབ་པའི་ཁྱད་པར་རམ་ལས་ཀྱི་དོན་ནོ། །དོན་གཉིས་འགྲུབ་པའི་རྟེན་རྣམ་པར་གྲོལ་བ་དང་། ཆོས་ཀྱི་སྐུ་གཉིས་ནི་ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་ལས། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་མཐོང་སྐར་གྱི་ཉི་ཞུར་ཙམ་ལས་རྫོགས་པར་རྟོགས་མི་ནུས་ན་ཕལ་གྱི་ཐོས་སོགས་ཀྱི་ཤེས་རབ་ཀྱིས་ལྟ་ཅི་སྨོས་ཏེ་སྒྲ་རྟོག་གི་ཡུལ་ལས་འདས་ཤིང་ཟབ་པའི་ཕྱིར་བསམ་དུ་མེད་པ་ཉིད་དང་། སྐྱེ་བ་མེད་པས་རྟག་པ་དང་། རྒ་བ་མེད་པས་བརྟན་པ་དང་། ན་བ་མེད་པས་ཞི་བ་དང་། འཆི་བ་མེད་པས་གཡུང་དྲུང་ཉིད་དང་། སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་སྟེ་འགོག་བདེན་མཐར་ཐུག་པ་དང་། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་དང་། ཇི་ལྟ་བ་མཁྱེན་པས་གཟུང་འཛིན་གྱི་རྟོག་པ་དང་བྲལ་བ་དང་། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང་། འཁོར་གསུམ་དུ་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་སྤངས་པས་ཡུལ་དུས་ཀུན་ཏུ་ཐོགས་པ་མེད་པ་དང་། བྱིང་རྒོད་སོགས་སྙོམས་འཇུག་གི་སྒྲིབ་པ་སྤངས་པས། རྩུབ་རེག་དང་བྲལ་བ་དང་། འདུས་བྱས་ཀྱི་གཟུགས་དང་བྲལ་བས་ཐ་མལ་པའི་དབང་པོས་བལྟར་མེད་པ་དང་། སྤྲོས་པའི་མཚན་མ་དང་བྲལ་བས་རྣམ་པར་ཤེས་པས་གཟུང་དུ་མེད་པ་དང་། རང་བཞིན་གྱིས་དག་པས་དོན་དམ་པའི་དགེ་བ་དང་། གློ་བུར་གྱི་དྲི་མས་དག་པས་དྲི་མ་མེད་པ་ཉིད་དེ་དོན་དམ་པའི་ཡོན་ཏན་གྱི་རྣམ་གྲངས་བཅོ་ལྔ་དང་ལྡན་པ་ནི་དེའི་རྟེན་ཡོན་ཏན་དང་ལྡན་པའི་ཁྱད་པར་རམ་དོན་ནོ། །སྐྱེ་འགག་གནས་གསུམ་དང་བྲལ་བས་འདུས་མ་བྱས་དང་། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པས་ཐ་དད་དམ་རྣམ་དབྱེར་མེད་པ་དང་། སྒྲོ་སྐུར་གྱི་མཐའ་དང་བྲལ་བས་ཕྱིན་ཅི་མ་ལོག་པ་དང་། སྒྲིབ་གསུམ་དང་བྲལ་བས་རྣམ་པར་དག་པ་དང་། རང་བཞིན་གྱིས་དྲི་མ་མེད་ཅིང་གཟུང་འཛིན་རྣམ་རྟོག་གི་ཡུལ་ལས་འདས་པས་འོད་གསལ་བ་སྟེ་མཚན་ཉིད་ལྔ་དང་། རྟགས་ཀྱིས་གཞལ་དུ་མེད་པ་དང་། གྲངས་ཀྱིས་བགྲང་དུ་མེད་པ་དང་། བློས་བསམ་དུ་མེད་པ་དང་། གཞན་དང་མཉམ་པ་མེད་པ་དང་། རྣམ་པར་དག་པ་མཐར་ཐུག་པ་སྟེ་ཡོན་ཏན་ལྔ་སྟེ་བཅུ་པོ་དང་དབྱེར་མེད་པ་སངས་རྒྱས་རང་ཉིད་ལས་གཞན་རིག་གི་སྤྱོད་ཡུལ་མ་ཡིན་པས་ཟབ་ཅིང་གཏིང་དཔག་དཀའ་བ་ངོ་བོ་ཉིད་སྐུའམ་ཆོས་ཀྱི་སྐུ་དང་། གསུང་གིས་གདམས་ངག་བརྗོད་པ་དང་། སྐུའི་སྣང་བ་སྟོན་པ་དང་། ཐུགས་རྗེའི་ཕྲིན་ལས་མཛད་པ་སྟེ་དེ་གསུམ་རྒྱུན་མི་འཆད་པ་དང་། དེ་དག་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་མེད་པར་ལྷུན་གྱིས་གྲུབ་པ་དང་། སྐལ་བའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་མིན་པ་སྟེ་ཁྱད་པར་གྱི་ཆོས་ལྔ་དང་ལྡན་ཞིང་གདུལ་བྱ་དག་པ་ས་ཐོབ་པ་འབའ་ཞིག་ལ་སྣང་བ་རྒྱ་ཆེ་བ་ལོངས་སྐུ་དང་། མཛད་པ་བཅུ་གཉིས་ལ་སོགས་པ་གང་ལ་གང་འདུལ་གྱི་རྣམ་འཕྲུལ་མཐའ་ཡས་པས། གདུལ་བྱ་འཇིག་རྟེན་པ་རྣམས་དང་པོར་འདུས་བྱས་མི་རྟག་པ་སོགས་ཀྱི་གཏམ་གྱིས་ཞི་བ་མྱང་འདས་ཀྱི་ལམ་ལ་འཇུག་པར་བྱེད་པ་དང་། བར་དུ་དམ་ཆོས་པདྨ་དཀར་པོ་སོགས་ནས་བསྟན་པ་བཞིན་ཐེག་དམན་རྣམས་ཐེག་པ་ཆེན་པོར་སྨིན་པར་བྱེད་པ་དང་། མཐར་བྱང་སེམས་ས་བརྒྱད་པ་ལ་གནས་པ་རྣམས་བྱང་ཆུབ་ཏུ་ལུང་སྟོན་པས་གྲོལ་བར་བྱེད་པའི་རྒྱུར་གྱུར་པའི་ཁྱད་ཆོས་གསུམ་དང་ལྡན་ཞིང་གདུལ་བྱ་ཐུན་མོང་པ་ལ་སྣང་བ་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱིས་རབ་ཏུ་དབྱེ་བ་ནི་དབྱེ་བའི་ཁྱད་པར་རམ་འཇུག་པའི་དོན་ནོ། །བསྐལ་པ་གྲངས་མེད་དུ་མར་གོམས་པའི་ཚོགས་གཉིས་ཀྱིས་བསྡུས་པའི་རྒྱུ་མཐའ་ཡས་པ་དང་། སྔོན་དམ་བཅས་པའི་གདུལ་བྱ་སེམས་ཅན་གྱི་ཁམས་ལ་ཟད་པ་མེད་པ་དང་། སྒྲིབ་པ་དང་བྲལ་བའི་ཐུགས་བརྩེ་བའི་སྙིང་རྗེ་ཆེན་པོ་རྒྱུན་མི་ཆད་པ་དང་། ཇི་ལྟར་བཞེད་པ་བཞིན་དུ་དབང་འབྱོར་པའི་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ་དང་། འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པས་སྐྱོན་ཡོན་ལ་བླང་དོར་མི་མངའ་བ་དང་། ཟག་མེད་ཀྱི་བདེ་བ་དང་ལྡན་པས་སྡུག་བསྔལ་གྱིས་མི་གོས་པ་དང་། ཡོན་ཏན་གྱི་ཆོས་ཀྱི་དབང་ཕྱུག་ཡིན་པས་འཁོར་བའི་ཉེས་པས་མི་གོས་པ་སྟེ་རྒྱུ་མཚན་བདུན་གྱིས་གཟུགས་སྐུས་གཞན་དོན་གྱི་མཛད་པ་རྒྱུན་མི་འཆད་པ་དང་། འཆི་བདག་གི་བདུད་བཅོམ་ཟིན་པས་དེ་དེ་ལ་རྒྱུ་བ་མེད་པ་དང་། འདུས་བྱས་ཀྱི་ངོ་བོར་མེད་པས་སྐྱེ་འཇིག་གི་མཚན་མས་དབེན་པ་དང་། ཕྱི་མའི་མུ་མཐར་ཡང་འགྲོ་བ་མགོན་མེད་པ་རྣམས་ཀྱི་སྐྱབས་མཛད་པ་སྟེ་རྒྱུ་མཚན་གསུམ་གྱིས་ཆོས་སྐུ་འགྱུར་མེད་ཀྱི་རྟག་པ་སྟེ། མདོར་ན་རྒྱུ་མཚན་རྣམ་པ་བཅུས་ཆོས་སྐུ་རང་བཞིན་གྱི་རྟག་པ་དང་། ལོངས་སྐུ་རྒྱུན་མི་འཆད་པའི་རྟག་པ་དང་། སྤྲུལ་སྐུ་རྒྱུན་གྱི་རྟག་པ་དང་གསུམ་ནི་དུས་ཀྱི་ཁྱད་པར་རམ་རྟག་པའི་དོན་ནོ། །དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཆེན་པོ་དེ་ཉིད་ངག་གི་བརྗོད་པའི་ཡུལ་མིན་པའི་ཕྱིར་དང་། དོན་དམ་གྱིས་བསྡུས་པའི་ཕྱིར་དང་། རྟོག་པ་འཇུག་པའི་གནས་མིན་པའི་ཕྱིར་དང་། དཔེ་ལས་འདས་པའི་ཕྱིར་དང་། བླ་ན་མེད་པའི་ཕྱིར་དང་། སྲིད་ཞིའི་མ་བསྡུས་པའི་ཕྱིར་ཏེ་རྒྱུ་མཚན་སྔ་མ་ལྔས་ཆོས་སྐུ་དང་། ཕྱི་མ་གཅིག་གིས་གཟུགས་ཀྱི་སྐུའི་གསང་བ་ཟབ་མོ་ནི་ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་གྱིས་རྟོགས་པར་མི་ནུས་པ་ནི་ཇི་ལྟ་བའི་རང་བཞིན་ཤེས་པའི་ཁྱད་པར་རམ་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དེ་ལྟར་དོན་རྣམ་པ་བརྒྱད་ཀྱིས་བྱང་ཆུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །གསུམ་པ་རྟོགས་པ་དེའི་ཡན་ལག་གི་གནས་བྱང་ཆུབ་དང་འབྲེལ་བའི་ཡོན་ཏན་གྱི་ཁྱད་པར་བསྟན་པ་ནི། སྤྱིར་གོང་དུ་བཤད་པ་བཞིན་སངས་རྒྱས་ཀྱི་ཡོན་ཏན་བློས་གཞལ་བར་མི་ནུས་ཀྱང་འདིར་མདོར་བསྡུ་བའི་དབང་དུ་བྱས་ཏེ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་གསུངས་པ་ལྟར་རང་དོན་ཕུན་སུམ་ཚོགས་པའི་རྟེན་དོན་དམ་ཆོས་སྐུ་ལ་ཡོད་པའི་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། གཞན་དོན་ཕུན་སུམ་ཚོགས་པའི་རྟེན་ཀུན་རྫོབ་བརྡ་ཡི་སྐུ་ལ་ཡོད་པའི་རྣམ་སྨིན་གྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ་གཉིས་ཀ་བསྡོམས་པས་ཡོན་ཏན་ཀྱི་དབྱེ་བ་དྲུག་ཅུ་རྩ་བཞི་སྟེ། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིགས་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པ་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། །ཞེས་པས་བསྟན་པ་ལྟར། དང་པོ་བྲལ་འབྲས་སུམ་ཅུ་རྩ་གཉིས་ལས་སྟོབས་བཅུ་ནི། གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། དེ་བཞིན་དུ། ལས་ཀྱི་རྣམ་པར་སྨིན་པ་དག་དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ཁམས་རྣམ་པ་སྣ་ཚོགས་དང་། མོས་པ་སྣ་ཚོགས་པ་དང་། ཀུན་དུ་འགྲོ་བའི་ལམ་དང་། བསམ་གཏན་དག་པ་བ་དང་ཉོན་མོངས་ཅན། སྔོན་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ། ཟག་པ་ཟད་པ་སྟེ་དེ་བཅུ་པོ་མཁྱེན་པའི་སྟོབས་རྣམས་པ་བཅུ་སྟེ། འདི་དག་རྫས་ཀྱི་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་ལྟ་བུ་འབིགས་པ་དང་། བར་པ་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་ལྟ་བུ་བཤིག་པ་དང་། ཐ་མ་གཅིག་གིས་བག་ཆགས་ཀྱི་སྒྲིབ་པ་ཤིང་ལྟ་བུ་གཅོད་པ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་ཞིང་སྟོབས་སུ་གྱུར་པས་དེ་སྐད་ཅེས་བྱའོ། །མི་འཇིགས་པ་བཞི་ནི། རང་དོན་དུ་རྟོགས་པ་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་གཉིས། གཞན་དོན་དུ་ངེས་པར་འབྱུང་བའི་ལམ་དང་། ལམ་གྱི་གེགས་སྟོན་པ་གཉིས་ཏེ་བཞི་པོ་ཇི་ལྟར་ཞལ་གྱིས་བཞེས་པའི་དོན་དེ་ལ་དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་འཇིག་རྟེན་ན་ཆེ་བ་སུས་ཀྱང་ཆོས་དང་མཐུན་པའི་རྒོལ་བ་འཇུག་པའི་གནས་མེད་པས། ཐུབ་མཆོག་མི་ཡི་སེང་གེ་ཡང་ཚོགས་སུ་འཇིགས་པ་མེད་པ་དང་། གཞན་ལ་ལྟོས་པ་མེད་པ་དང་། ཏིང་ངེ་འཛིན་བརྟན་པ་དང་། མ་རིག་བག་ཆགས་ཀྱི་ས་ལས་བརྒལ་པས་རྩལ་དང་ལྡན་པ་སྟེ་ཆོས་བཞི་དང་ལྡན་པས་སེང་གེའི་སྒྲ་ཆེན་པོ་སྒྲོགས་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་པ་མི་མངའ་བ་དང་། དེ་བཞིན་དུ་གསུང་ལ་ཅ་ཅོ་དང་། ཐུགས་ལ་དྲན་པ་ཉམས་པ་དང་། མཉམ་པར་མ་བཞག་པའི་ཐུགས་དང་། འདུ་ཤེས་སྣ་ཚོགས་དང་། མ་བརྟགས་པའི་བཏང་སྙོམས་ཏེ་དེ་དྲུག་པོ་མི་མངའ་བ་ནི་སྤྱོད་པས་བསྡུས་པ་དྲུག་དང་། གཞན་ཕན་དོན་གཉེར་གྱི་འདུན་པ་དང་། དེ་ལ་སྤྲོ་བའི་བརྩོན་འགྲུས་དང་། དོན་ཐམས་ཅད་གཟིགས་པའི་དྲན་པ་དང་། དྲི་མ་མེད་པའི་ཤེས་རབ་དང་། སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་། རྣམ་གྲོལ་ཡེ་ཤེས་གཟིགས་པ་སྟེ་དེ་དྲུག་པོ་ཉམས་པ་མི་མངའ་བ་ནི་རྟོགས་པས་བསྡུས་པ་དྲུག་དང་། སྐུ་གསུང་ཐུགས་ཀྱི་ལས་ཐམས་ཅད་ལ་ཡེ་ཤེས་སྔོན་དུ་འགྲོ་ཞིང་རྗེས་སུ་འཇུག་པ་སྟེ་མཛད་པས་བསྡུས་པ་གསུམ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟ་བའི་དུས་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་འཇུག་པ་སྟེ་དུས་གསུམ་མཁྱེན་པས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་པོ་སངས་རྒྱས་ཁོ་ན་ལས་གཞན་ས་བཅུའི་སེམས་དཔའ་རྣམས་ལའང་མེད་པས་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་ཞེས་འབྱུང་བ་བཞི་དང་མ་འདྲེས་པའི་ནམ་མཁའ་རང་གི་ཁམས་ལྟ་བུ་ཡིན་པས་དེ་སྐད་ཅེས་བརྗོད་དོ། །དེ་ལྟ་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་གཙོ་བོར་མཉམ་བཞག་ཏུ་ཡེ་ཤེས་ཀྱི་ཚོགས་གོམས་པ་མཐར་ཕྱིན་པ་ལས་རང་བཞིན་གནས་རིགས་ཀྱི་དྲི་མ་བྲལ་སྟོབས་ལས་སྣང་བ་སྟེ་དོན་དམ་ཆོས་སྐུའི་རབ་ཏུ་ཕྱེ་ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལས་འོད་འབྱུང་བ་དང་མདོག་གསལ་བ་དང་དབྱིབས་མཛེས་པ་རྣམས་ནོར་བུ་རང་ལས་དབྱེར་མེད་པ་བཞིན་ནོ། །གཉིས་པ་སྨིན་འབྲས་ཀྱི་ཡོན་ཏན་མཚན་བཟང་སོ་གཉིས་ནི། ཞབས་མཐིལ་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་ཞིང་ལེགས་པར་གནས་པ་དང་། ཕྱག་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རི་མོས་མཚན་པ་དང་། ཞབས་ཀྱི་རྟིང་པ་ཡངས་ཤིང་ལོང་བུ་མི་མངོན་པར་བྱིན་གྱིས་ཟླུམ་པ་དང་། ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་། སོར་མོ་རྣམས་གསེར་གྱི་དྲྭ་བས་འབྲེལ་བ་དང་། པགས་པ་འཇམ་ཞིང་གཞོན་ཤ་ཅན་དུ་ལེགས་པར་གནས་པ་དང་། ཞབས་ཀྱི་བོལ་གོང་གཉིས། ཕྱག་གི་རྒྱབ་གཉིས། ཕྲག་པའི་སྟེང་གཉིས། ལྟག་པ་སྟེ་བདུན་དག་མཐོ་བ་དང་། བྱིན་པ་ཨེ་ན་ཡ་དང་འདྲ་བར་ཟླུམ་རྒྱས་མཁྲིག་ལ་བྱིན་གྱིས་ཕྲ་བ་དང་། གསང་བའི་གནས་གླང་པོ་ཆེའམ་རྟ་ཅང་ཤེས་ལྟར་སྦུབས་སུ་ནུབ་པ་དང་། སྐུ་སྟོད་སེང་གེ་དང་འདྲ་བར་རྒྱས་པ་དང་། ཐལ་གོང་གཉིས་གཤོང་བུ་མེད་པར་རྒྱས་ཤིང་གང་བ་དང་། དཔུང་མགོ་ལེགས་པར་ཟླུམ་ཞིང་མཛེས་པ་དང་། ཕྱག་རེག་བྱ་འཇམ་ཞིང་དབྱིབས་ཟླུམ་ལ་སྦོམ་ཕྲ་མཐོ་དམན་མེད་པ་དང་། ཕྱག་རིང་པོ་མ་བཏུད་ཀྱང་པུས་མོར་སླེབས་པ་དང་། དྲི་མས་ཡོངས་སུ་དག་པའི་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང་། མགྲིན་པ་དྲི་མ་མེད་པའི་དུང་དང་འདྲ་བའི་རི་མོ་གསུམ་པ་དང་། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བར་རྒྱས་པ་དང་། ཚེམས་བཞི་བཅུ་ཐམ་པ་ཚང་ཞིང་སྟེང་འོག་གི་གྲངས་མཉམ་པ་དང་། རབ་ཏུ་དག་ཅིང་བར་མེད་པས་ཚེམས་ཐགས་བཟང་བ་དང་། རྣམ་པར་དག་པའི་ཚེམས་རིང་ཐུང་དང་སྦོམ་ཕྲ་མེད་པས་མཉམ་པ་དང་། མཆེ་བ་རབ་མཆོག་དུང་ལྟར་དཀར་ཞིང་རྣོ་བ་དང་། ལྗགས་རིང་ཞིང་སྲབ་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་དང་། ལྗགས་ལ་རོ་གང་བླང་བར་རོ་ཞིམ་པའི་མཆོག་ཏུ་འགྱུར་བ་དང་། རང་བྱུང་གི་གསུང་ཀ་ལ་པིང་ཀའི་སྒྲ་དང་ཚངས་དབྱངས་ལྟར་སྙན་ཅིང་རྒྱང་རིང་པོར་ཐོས་པ་དང་། སྤྱན་བཟང་པོ་ཨུཏྤལ་སྔོན་པོ་དང་འདྲ་བ་དང་། རྫི་མ་ནི་ཁྱུ་མཆོག་གི་འདྲ་བར་སྣུམ་ཞིང་མ་འཛིངས་པ་དང་། ཞལ་གྱི་དཀྱིལ་འཁོར་མཛེས་པར་བྱེད་པའི་མཛོད་སྤུ་དཀར་པོ་དྲི་མ་མེད་པ་དང་ལྡན་པ་དང་། གཙུག་ཏོར་བལྟར་མི་མངོན་པ་དབུའི་དབུས་དྲང་པོར་ལྡན་པ་དང་། དག་ཅིང་སྲབ་པའི་པགས་པ་གསེར་གྱི་མདོག་དང་འདྲ་བ་དང་། བ་སྤུ་ཕྲ་འཇམ་རེ་རེ་ནས་སྐྱེས་ཏེ་སྐུའི་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང་། དབུ་སྐྲ་རིན་པོ་ཆེ་མཐོན་མཐིང་བཞིན་དུ་གནག་པ་དང་། སྐུ་ཤིང་ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ་པ་དང་། སྐུ་སྲེད་མེད་བུའི་སྟོབས་དང་ལྡན་ཞིང་རྡོ་རྗེ་ལྟར་མཁྲེགས་པ་སྟེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་གང་གིས་མཐོང་བ་ཙམ་གྱིས་འདི་ནི་སྐྱེས་བུ་ཆེན་པོའི་ཞེས་ཤེས་ཤིང་དྭངས་པར་བྱེད་པ་ན་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་ཞེས་བྱ་སྟེ་གཟུགས་སྐུ་རྣམ་པ་གཉིས་ལ་བརྟེན་པའི་ཡོན་ཏན་གྱི་ཁྱད་པར་རོ། །འདི་དག་ནི་བུ་མོ་རིན་ཆེན་གྱི་ཞུས་པའི་མདོ་ཡི་རྗེས་སུ་འབྲངས་ནས་གསུངས་པ་སྟེ་མངོན་རྟོགས་རྒྱན་དང་ངོས་འཛིན་ཚུལ་ཅུང་མི་འདྲ་བར་བྱུང་བ་ནི་མདོ་སོ་སོའི་དགོངས་པ་ཡིན་པར་ཤེས་པར་བྱའོ། །མཚན་བཟང་འདི་རྣམས་གཙོ་བོར་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པའི་གསལ་བྱེད་ཀྱི་རྒྱུ་ལས་སྣང་བ་རྒྱས་འགྱུར་ཡོངས་སུ་སྨིན་པའི་འབྲས་བུ་སྟེ། ཇི་ལྟར་སྤྲིན་མེད་པའི་མཁའ་ལ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཉིད་དྭངས་པའི་མཚོ་ལ་འཆར་བ་བཞིན། སངས་རྒྱས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གཉིས་པོ་རང་རང་གི་འཁོར་གྱི་དཀྱིལ་འཁོར་དུ་འཚམ་པར་སྣང་བ་ཡིན་ནོ། །སྐབས་འདིར་ཤེས་པར་བྱ་བ། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། སངས་རྒྱས་དེའང་བྲལ་བའི་རྒྱུ་འབྲས་ལས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱིས་སྒྲུབ་པ་མ་ཡིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ན། རིགས་གཉིས་ལ་སངས་རྒྱས་སྐུ་གསུམ་ཡེ་ལྡན་དུ་ཡོད་པའི་ཆ་ཤེས་པར་བྱའོ། །དེའང་སངས་རྒྱས་ཀྱི་སའི་རྒྱས་འགྱུར་སྣང་ཆ་ལོངས་སྐུ་དང་། དེའི་སྟོང་ཆ་ཆོས་སྐུ་རང་བཞིན་གྱི་རིགས་དེ་གཉིས་དབྱེར་མེད་པའི་བྱིན་རླབས་ལས། འགྲོ་བའི་སྣང་ངོར་རང་རང་གི་སྐལ་བ་དང་མཐུན་པའི་སྤྲུལ་སྐུ་སྣང་བ་ཉིད། ནམ་མཁའ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣང་བའི་གཟུགས་བརྙན་གསེར་གྱི་རི་ངོགས་ལ་ཤར་བ་བཞིན་ནོ། །ཞེས་དང་། དཔལ་ས་སྐྱ་པ་ཆེན་པོས་ཀྱང་། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་གྱུར་ཡིན། །དེས་ན་ལྷུན་གྲུབ་གནས་གྱུར་མི་འགལ་ཏེ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཞེས་གསུངས། དེ་ལྟར་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོས་མཚོན་ཏེ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ལ་ཡོན་ཏན་གྱི་དབྱེ་བ་ཚད་མེད་པར་ཤེས་པར་བྱའོ། །བཞི་པ་གཞན་དག་ཀྱང་རྟོགས་པར་བྱ་བའི་གནས་ཡོན་ཏན་གྱི་ནུས་པ་ཕྲིན་ལས་བསྟན་པ་ལའང་གཉིས་ལས། དང་པོ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྒྱུན་མི་ཆད་པའི་ཚུལ་སྤྱིར་བསྟན་པ་ནི། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་གསུངས་པ་ལྟར། རིགས་ཅན་གསུམ་གྱི་གདུལ་བྱ་གང་གི་ཆེད་དུ་འཇུག་པ་དང་། དེ་དག་གི་ཁམས་དབང་བསམ་པ་དང་མཐུན་པར་ཐབས་གང་དང་གང་གིས་འདུལ་བ་དང་། གདུལ་བའི་བྱ་བ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གང་ལ་འགོད་པ་དང་། གདུལ་བྱ་དེ་གནས་སྐབས་ཡུལ་གང་དང་གང་དུ་ཡོད་པའི་ཕྱོགས་དེར་གཤེགས་པ་དང་། སྐབས་སུ་བབས་པའི་དུས་གང་གི་ཚེ་འདུལ་བ་རྣམས་ལ་རྣམ་པར་རྟོག་པའི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དུས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ཏེ། དེ་ཡང་རྒྱུ་གང་ལ་བརྟེན་ནས་རྒྱུན་མི་འཆད་ན། མཐར་འབྲས་ལ་ངེས་པར་འབྱིན་པའི་རྒྱུ་གཟུགས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་མཐའ་ཡས་པ་དང་ལྡན་ཞིང་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ལྟ་བུ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། དེའི་རྐྱེན་ནམ་ཉེ་བར་རྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཉི་མའི་འོད་ཟེར་ལྟ་བུ་སྟེ་རྒྱུ་ཕུན་སུམ་ཚོགས་པ་སྔོན་དུ་སོང་བ་ལས་སོ། །འབྲས་བུ་གང་ཐོབ་པས་རྒྱུན་མི་འཆད་ན། མཐའ་དབུས་མེད་ཅིང་རྒྱ་ཆེ་བ་ནམ་མཁའ་ལྟར་འཕོ་འགྱུར་མེད་ཅིང་ཀུན་ལ་ཁྱབ་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པ་ལས་སོ། །ཡུལ་གང་ཡོད་པས་རྒྱུན་མི་འཆད་ན། སེམས་ཅན་གྱི་ཁམས་གདོད་མ་ནས་རྣམ་པར་དག་ཅིང་སྟོབས་སོགས་ཚད་མེད་པའི་ཡོན་ཏན་གྱིས་འབྱོར་པའི་གཏེར་ལྟ་བུ་དེ་ཐམས་ཅད་ལ་ཁྱད་མེད་པར་ཡོད་པར་གཟིགས་པ་དང་། དེ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་སྤྲིན་ལྟ་བུས་ཁྱབ་པ་དེ་བསལ་དུ་རུང་བ་དང་། དེ་སེལ་བྱེད་ཀྱི་རྐྱེན་ཆོས་བསྟན་པ་སོགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཤུགས་རླུང་དྲག་པོ་དང་འདྲ་བས་གཏོར་བར་ནུས་པས་ཏེ། མདོར་ན་སྔོན་སློབ་ལམ་དུ་སེམས་ཅན་མ་ལུས་པ་སྒྲོལ་བར་དམ་བཅས་ཤིང་གཞན་དོན་ཁོ་ནའི་དབང་དུ་བྱས་པའི་ལམ་གྱིས་ངེས་པར་འབྱུང་བར་བྱས་པའི་ཕྱིར་དང་། གཞན་དོན་དུ་བྱང་ཆུབ་ཐོབ་ནས་བདག་ཉིད་དང་སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པར་གཟིགས་པས་ཕྲིན་ལས་དོན་ཡོད་པར་མཁྱེན་པའི་ཕྱིར་དང་། སེམས་ཅན་གྱི་ཁམས་ལ་མཐའ་མེད་པས་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་སངས་རྒྱས་རྣམས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཡིན་ནོ། །གཉིས་པ་དེ་ཉིད་རྟོགས་དཀའ་བ་དཔེ་ཡི་སྒོ་ནས་བྱེ་བྲག་ཏུ་བསྟན་པ་ནི། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས་པ་བཞིན། དོན་དམ་པའི་སངས་རྒྱས་ནི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པའི་སྐུ་ནམ་མཁའ་ལྟ་བུ་འབད་རྩོལ་དང་རྣམ་རྟོག་གི་གཡོ་བ་མེད་པ་ཡིན་ན། དེས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་གཞན་དོན་གྱི་མཛད་པ་ལ་ཇི་ལྟར་འཇུག་སྙམ་པའི་ཐེ་ཚོམ་གྱི་དོགས་པ་བསལ་བའི་ཕྱིར། འཇིག་རྟེན་ན་འབད་རྩོལ་དང་རྣམ་རྟོག་མེད་ཀྱང་གཞན་དོན་དུ་འགྱུར་བ་ཡོད་པའི་དཔེ་དགུ་པོ་གོ་རིམ་ཇི་ལྟ་བ་བཞིན་དུ། སྔ་མ་སྔ་མས་སེལ་མ་ནུས་པའི་ཆ་ཕྱི་མ་ཕྱི་མས་བསལ་བའི་ཚུལ་གྱིས་སྟོན་པར་མཛད་པ་སྟེ། དེ་ཡང་། ཆོས་ཀྱི་སྐུ་ལས་མ་གཡོས་པར་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་དག་པའི་སེམས་ལ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་བསྟན་ནས་མཐར་འབྲས་ལ་ངེས་པར་སྦྱོར་བར་མཛད་པ་ནི་བརྒྱ་བྱིན་ལྷ་ཡི་གྲོང་ཁྱེར་དང་བཅས་པ་རང་གི་གནས་ནས་མ་གཡོས་པར་གཟུགས་བརྙན་བཻཌཱུཪྱའི་ས་གཞི་ལ་ཤར་བས་གཟུགས་བརྙན་ལ་རྟོག་པ་མེད་ཀྱང་མི་རྣམས་ཀྱི་དོན་བྱེད་པ་བཞིན་དང་། དེ་བཞིན་དུ་སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པ་དང་། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་གསུང་གིས་གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་འདོམས་པས་ཀུན་ལ་ཁྱབ་པར་མཛད་པའི་ཚུལ་ནི་ལྷའི་རྔ་བོ་ཆེ་ལ་འབད་རྩོལ་སོགས་མི་མངའ་ཡང་ཆོས་ཀྱི་སྡོམ་བཞི་སོགས་སྟོན་པས་ལྷ་རྣམས་བག་མེད་པ་དང་འཇིགས་པ་སེལ་བར་བྱེད་པ་བཞིན་དང་། ཐུགས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་ཡེ་ཤེས་དང་། འཁོར་བ་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་ཅིང་ཆོས་ཀྱི་ཆར་འབེབས་པས་རྣམ་གྲོལ་གྱི་མྱུ་གུ་བསྐྱེད་པར་མཛད་པ་ནི་སྤྲིན་གྱིས་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་ནས་ངན་སོང་དམྱལ་བའི་བར་དུ་ལྟོས་པ་མེད་པར་ཁྱབ་པ་བཞིན་དང་། ཟག་པ་མེད་པའི་གནས་ཆོས་ཀྱི་དབྱིངས་ལས་ཅུང་ཟད་ཀྱང་མི་བསྐྱོད་པར་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དགེ་བའི་མཐུས་རང་རང་གི་མོས་པ་དང་མཐུན་པར་དགའ་ལྡན་གྱི་གནས་ནས་གཤེགས་པ་སོགས་སྐུ་དང་གསུང་གི་སྤྲུལ་པ་མི་འདྲ་བ་རྣམ་པ་དུ་མ་སྟོན་པ་ནི་ཚངས་པ་གཟུགས་ཁམས་ཀྱི་གནས་ནས་མ་གཡོས་པར་སྤྲུལ་པ་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་ནང་དུ་བསྟན་ནས་དོན་བྱེད་པ་བཞིན་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་སྣང་བ་མུ་མེད་པར་སྤྲོས་པས་གདུལ་བྱ་རྣམས་རང་རང་གི་སྐལ་བ་དང་འཚམ་པར་ཡོངས་སུ་སྨིན་པར་མཛད་པ་ནི་ཉི་མ་ལ་རྟོག་པ་མེད་པར་འོད་ཟེར་མཐའ་ཡས་པ་སྤྲོ་བས་མུན་པ་སེལ་བ་དང་ལོ་ཐོག་སྨིན་པར་བྱེད་པ་བཞིན་དང་། གཟུང་འཛིན་མཚན་མའི་རྟོག་པ་དང་བྲལ་བའི་ཐུགས་ཀྱི་གསང་བ་ཟབ་མོ་ལ་བརྟེན་ནས་གཞན་དོན་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་རྣམ་རྟོག་མེད་ཀྱང་དགོས་འདོད་མ་ལུས་པ་སྩོལ་བའི་མཐུ་དང་ལྡན་པ་བཞིན་དང་། རང་རང་གི་ཁམས་དབང་དང་མཐུན་པར་གདུལ་བྱ་རྣམས་ཀྱི་སྣ་ཚོགས་སུ་ཐོས་ཀྱང་མིང་ཚིག་ཡི་གེའི་ངོ་བོར་གྲུབ་པ་མེད་པ་གསུང་གི་གསང་བ་ནི་བྲག་ཆའི་སྒྲ་བརྙན་སྣ་ཚོགས་སུ་གྲགས་ཀྱང་བདེན་པས་སྟོང་པ་བཞིན་དང་། ཐམས་ཅད་ལ་ཁྱབ་ཅིང་སྣ་ཚོགས་སུ་སྣང་ཡང་འདུས་བྱས་མཚན་མའི་གཟུགས་སུ་མེད་ཅིང་རང་བཞིན་སྐྱེ་འགག་དང་བྲལ་བ་སྐུའི་གསང་བ་ནི་ནམ་མཁས་ཀུན་ལ་ཁྱབ་ཀྱང་གཟུགས་རུང་གི་མཚན་ཉིད་དང་བྲལ་བས་ངོ་བོ་མི་འགྱུར་བའི་རྟག་པ་བཞིན་དང་། གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པ་ནི་ས་གཞིས་ཐམས་ཅད་ཀྱི་རྟེན་བྱས་ནས་ཕན་འདོགས་པ་བཞིན་ནོ། །འོན་ཀྱང་སྐུ་སྣང་བ་བརྒྱ་བྱིན་གྱི་གཟུགས་དང་ཕྱོགས་གཅིག་ཙམ་མཚུངས་མོད་གཟུགས་བརྙན་ནི་དབྱངས་དང་མི་ལྡན་ལ། སངས་རྒྱས་ནི་ཆོས་གསུངས་པའི་དབྱངས་དང་ལྡན་པས་མི་མཚུངས་ཏེ་ཁྱད་པར་འཕགས་སོ། །དེ་བཞིན་དུ་གསུང་གྲགས་པའི་ཆ་ནས་ལྷའི་རྔ་བོ་ཆེ་དང་འདྲ་ཡང་རྔ་སྒྲ་ནི་ཕྱོགས་རེ་བ་སྟེ་ཐམས་ཅད་དུ་ཁྱབ་པའི་དོན་མི་བྱེད་ལ། སངས་རྒྱས་ནི་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་དོན་མཛད་པས་འཕགས། ཐུགས་མཁྱེན་བརྩེས་ཐམས་ཅད་ལ་ཁྱབ་པའི་ཆ་ནས་སྤྲིན་དང་མཚུངས་མོད་སྤྲིན་ཆར་གྱིས་ནི་དོན་མེད་པའི་ས་བོན་སྤོང་བར་མི་བྱེད་ལ། སངས་རྒྱས་ནི་དོན་མེད་པ་ཆགས་སོགས་ཉོན་མོངས་པའི་ས་བོན་སྤོང་བར་མཛད་པས་འཕགས། ཉོན་མོངས་སྤོང་བའི་ཆ་ནས་སྤྲུལ་པ་ཚངས་པ་དང་འདྲ་ཡང་ཚངས་པ་ནི་ལན་གཅིག་ཙམ་ཕན་འདོགས་ཀྱི་གཏན་དུ་མ་ཡིན་ལ། སངས་རྒྱས་ནི་གཏན་དུ་རྒྱུན་མི་འཆད་པར་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པར་མཛད་པས་འཕགས། གདུལ་བྱ་སྨིན་པར་མཛད་པའི་ཆ་ནས་ཡེ་ཤེས་ཉི་མ་དང་མཚུངས་མོད་ཉི་མས་ནི་རེས་འགའ་སྣང་བ་ཡིན་ཏེ་ཉིན་མཚན་གཏན་དུ་ནི་མུན་པ་འཇོམས་པར་མི་བྱེད་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་མི་ཤེས་པའི་མུན་པ་འཇོམས་པར་མཛད་པས་འཕགས། གཏན་དུ་མུན་པ་སེལ་བའི་ཆ་ནས་ཐུགས་ཀྱི་གསང་བ་ནོར་བུ་དང་མཚུངས་ཀྱང་ནོར་བུ་ནི་ཀླུ་སོགས་དུད་འགྲོ་ལ་ཡང་ཡོད་པས་རྙེད་མི་དཀའ་ལ། སངས་རྒྱས་ནི་སྐལ་བ་དང་མི་ལྡན་པ་རྣམས་ལ་འབྱུང་བ་རྙེད་པར་དཀའ་བས་འཕགས། རྙེད་དཀའ་བའི་ཆ་ནས་གསུང་གི་གསང་བ་སྒྲ་བརྙན་དང་འདྲ་ཡང་སྒྲ་བརྙན་ནི་གློ་བུར་དུ་རྐྱེན་ལ་རག་ལས་ལ། སངས་རྒྱས་ནི་རང་བྱུང་འདུས་མ་བྱས་ཡིན་པས་རྐྱེན་ལ་མི་ལྟོས་པས་འཕགས། འདུ ས་མ་བྱས་ཀྱི་ཆ་ནས་སྐུའི་གསང་བ་ནམ་མཁའ་དང་འདྲ་མོད་ནམ་མཁའ་ནི་དགེ་བའི་གཞིའམ་རྟེན་མིན་ལ། སངས་རྒྱས་ནི་དཀར་པོ་དགེ་བའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པས་འཕགས་སོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པའི་རྟེན་ནམ་གཞིར་གྱུར་པ་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་ཆེན་པོས་ཐམས་ཅད་ཀྱི་རྟེན་བྱེད་པ་དང་མཚུངས་པར་གསུངས་སོ། །མདོར་ན་གོང་དུ་རྒྱས་པར་བཤད་པའི་སངས་རྒྱས་ཀྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པའི་སྐབས་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སངས་རྒྱས་གྱི་བྱང་ཆུབ་ཆེན་པོ་ཐོབ་པ་དང་། བྱང་ཆུབ་ཆེན་པོ་ལ་དབྱེར་མེད་པར་ལྡན་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་དང་། ཡོན་ཏན་རྣམས་ཐོབ་པའི་ནུས་པས་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པའི་ཕྲིན་ལས་ཏེ། དཀོན་མཆོག་གསུམ་འགྲུབ་པ་དང་རྗེས་སུ་མཐུན་པའི་རྡོ་རྗེའི་གནས་བཞི་པོ་འདི་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལས་དག་པའི་ས་ལ་གནས་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བསམ་པར་མི་ནུས་ན་ཕལ་གྱིས་ལྟ་ཅི་སྨོས་ཏེ། འོན་ཀྱང་དད་པས་མོས་པར་བྱས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་འཐོབ་པར་འགྱུར་ཏེ། བློ་ལྡན་རྒྱལ་བའི་ཡུལ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཕུན་ཚོགས་སྲིད་ཞིའི་དཔལ་འབྱོར་འདོད་དགུའི་ཆར། །འབེབས་མཛད་མཆོག་གསུམ་རྡུལ་བྲལ་མ་ཎི་ཀཿ། །གང་ལས་འབྱུང་བའི་ཟབ་དོན་དག་བྱེད་གཏེར། །ཐུབ་མཆོག་ཀླུ་ཡི་དབང་པོའི་རོལ་གནས་ཡིན། །སྐྱོབ་པ་མཚུངས་མེད་དེ་ཡི་སེང་གེའི་སྒྲས། །མཐར་ཐུག་ངེས་དོན་སྙིང་པོར་སྩལ་བའི་བཅུད། །ས་བཅུའི་དབང་ཕྱུག་མཆོག་གིས་ལེགས་བཀྲལ་ཕུལ། །ས་གསུམ་བརྙེས་པས་འཛམ་གླིང་ཁྱབ་པར་མཛད། །ཟབ་མོ་བྱིས་བློའི་སྤྱོད་ཡུལ་ལས་འདས་ཀྱང་། །མོས་པ་ཙམ་ཡང་མི་ལྡོག་ལུང་བསྟན་མཆོག །ཐོབ་མཚུངས་བསྔགས་པས་ཡིད་དྲང་དད་པའི་རླབས། །རྣམ་པར་བསྐྱོད་པའི་ཟློས་གར་འདི་ཁོ་ན། །མ་སྦྱངས་མུ་ཅོར་སྨྲ་བའི་ངང་ཚུལ་འདི། །མཁས་པའི་སྐྱེ་བོའི་མདུན་སར་འོས་མིན་ཡང་། །རང་ཉིད་དད་པ་འབའ་ཞིག་དབང་བྱས་ནས། །སྨྲ་ལ་ཉེས་པ་མེད་སྙམ་ཚུལ་འདི་བྲིས། །གྲོགས་དག་རང་ལ་ཡོད་པའི་ཆོས་སྐུའི་གཏེར། །ཟག་མེད་ཡོན་ཏན་བགྲེས་རྒུད་བྲལ་བའི་དཔལ། །ཐབས་མཁས་ཚོགས་གཉིས་འཕྲུལ་གྱིས་འབྱིན་མཛོད་དང་། །རང་གཞན་སྲིད་པའི་དབུལ་བ་རྒྱུན་ཆད་ངེས། །དགེ་བ་འདི་ཡིས་མཐའ་ཀླས་འགྲོ་བ་ཀུན། །ངེས་དོན་ཟབ་མོའི་སྣང་བ་ཐོབ་གྱུར་ནས། །གློ་བུར་འཁྲུལ་པའི་མུན་པ་དབྱིངས་སངས་ཏེ། །འཕོ་མེད་རྟག་པ་དམ་པའི་མགོན་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་རྒྱལ་བའི་ཆོས་མཛོད་འཛིན། །རང་འདོད་འཁྲིས་ཟད་གཞན་ཕན་སྒོ་བརྒྱ་འབྱེད། །འབྲེལ་ཚད་དོན་ལྡན་ཐེག་མཆོག་སེང་གེའི་སྒྲས། །ས་གསུམ་འཇིག་རྟེན་ཀུན་ནས་དགའ་བྱེད་ཤོག །ཅེས་པའང་དོན་གཉེར་ཅན་གྱིས་བསྐུལ་བའི་རྐྱེན་དང་རང་ཉིད་ཀྱང་ལམ་འདི་ལ་ལྷག་པར་མོས་པའི་རྒྱུ་ལས། གདོད་མའི་མགོན་པོ་བློ་གྲོས་མཐའ་ཡས་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་ཞིང་། མཁན་ཆེན་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་རྒྱ་མཚོའི་བཀའ་དྲིན་ལས་གཞུང་འདི་ལ་བག་ཆགས་ཙམ་ཐེབས་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོར་འབོད་པས་རང་གནས་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཡང་དབེན་བདེ་ཆེན་འོད་གསལ་ཕུག་ཏུ་ཞག་གསུམ་གྱི་ཁོངས་སུ་གྲུབ་པར་ཟིན་ཐུན་དུ་བཏབ་པ་སྟེ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །།
༄༅། །ན་མོ་མཉྫུ་ཤྲི་ཡེ། སྤྱིར་གྲུབ་མཐའི་དབྱེ་བས་སྟོང་ཉིད་རྟོགས་ཚུལ་ལ་འདོད་པ་མང་ཡང་། བསྡུ་ན། ཉན་ཐོས་དབང་པོ་རྟུལ་པོ་དང་གྲུབ་མཐའ་བྱེ་སྨྲ་ལ་བརྟེན་པ་རྣམས་ནི། གང་ཟག་རང་རྒྱུད་ཀྱི་ཕུང་པོའི་ཚོགས་པ་འདི་རྡུལ་དང་སྐད་ཅིག་མའི་ཆོས་ཙམ་དུ་མཐོང་བས་ཕུང་པོའི་རིལ་འཛིན་ལྡོག་ཅིང་། དེ་ལ་བརྟེན་ནས་གང་ཟག་གི་བདག་ཀྱང་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་མེད་པར་ཁོང་དུ་ཆུད་པའི་སྟོང་པ་ཉིད་དེ་ཙམ་རྟོགས་པ་ཡིན་ལ། ཉན་ཐོས་དབང་པོ་རྣོན་པོ་དང་གྲུབ་མཐའ་མདོ་སྡེ་པ་ལ་བརྟེན་པ་རྣམས་ཀྱིས། སྔར་གྱི་གང་ཟག་གི་བདག་མེད་དེའི་སྟེང་དུ་རང་རྒྱུད་ཀྱི་ཕུང་པོའི་ཚོགས་པ་འདི་ལ་རྡུལ་ཕྲན་ཆ་མེད་པར་རྟོགས་པའི་རྟེན་འབྲེལ་ཉི་ཚེ་བ་རང་རྒྱལ་དང་ཕྱོགས་མཚུངས་སུ་རྟོགས་པའོ། །རང་རྒྱལ་ཡང་དབང་རྟུལ་ཁ་ཅིག་གི་རྟོགས་རིགས་དེ་དང་ཕྱོགས་མཐུན་ལ། དབང་རྣོན་བསེ་རུ་ལྟ་བུ་ནི། འཛིན་སེམས་སྐད་ཅིག་ཆ་མེད་རང་བཞིན་མེད་པར་མ་རྟོགས་ཀྱང་། གཟུང་བའི་རང་བཞིན་ཕྱི་ནང་གི་དངོས་པོ་ཐམས་ཅད་རྟེན་འབྱུང་སེམས་སྣང་སྒྱུ་མ་ཙམ་དུ་རྟོགས་པའོ། །དེས་ན་ཉན་ཐོས་ཀྱིས་གང་ཟག་བདག་མེད་དང་། རང་རྒྱལ་གྱིས་བདག་མེད་ཕྱེད་དང་གཉིས་རྟོགས་པ་གཉིས་ཀའང་སྟོང་གཞི་ཆོས་ཅན་གྱི་དབྱེ་བ་ཐ་དད་པ་ཙམ་ལས་བརྟེན་ནས་བཏགས་པའི་སྟོང་ཉིད་ཙམ་དུ་རིགས་གཅིག་པའི་ཕྱིར་གཉིས་ཀའང་ཆོས་ཀྱི་བདག་མེད་ཀྱི་བྱེ་བྲག་ཏུ་འགྱུར་བ་ཡིན་ནོ། །ཐེག་ཆེན་སེམས་ཙམ་པས། དེའི་སྟེང་འཛིན་སེམས་སྐད་ཅིག་ཆ་མེད་ཀྱང་རང་བཞིན་མེད་པར་ཤེས་པས་བདག་མེད་གཉིས་རྟོགས་པ་ཡིན་ལ། འོན་ཀྱང་བདག་གཉིས་ཀྱིས་སྟོང་པའི་གཞི་རྣམ་ཤེས་རང་རིག་རང་གསལ་ཙམ་ཞིག་དོན་དམ་དུ་ཡོད་པར་བཞེད་དོ། །འདིར་ཡིད་བཞིན་མཛོད་འགྲེལ་དུ། དེ་ལ་གཟུང་འཛིན་གཉིས་མེད་ཀྱི་འཛིན་པ་ཡོད་ལ་གཟུང་བ་མེད་པ་ནི་རང་སངས་རྒྱས་ཀྱང་འདོད་ལ། གཉིས་ཀ་མེད་པ་ནི་སྟོང་པར་སྨྲ་བ་དང་གཅིག་ཏུ་འགྱུར་ན་ཇི་ལྟར་ཡིན་ཞེ་ན། གཟུགས་སོགས་ཡུལ་དང་། དེ་ལ་འཛིན་པའི་སེམས་གཉིས་ཀ་མེད་ཀྱང་། གཉིས་མེད་དུ་མྱོང་བའི་རང་རིག་རང་གསལ་འདོད་པས་སྟོང་པའི་ཕྱོགས་དང་། རང་སངས་རྒྱས་དང་མི་མཚུངས་སོ། །གསུངས། དབུ་མ་པས་ནི་དོན་དམ་པར་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་དུའང་གྲུབ་པ་མེད་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་སྒྱུ་མ་ཙམ་དུ་འདོད་པ་སྟེ། དེ་ཡང་རང་རྒྱུད་པས་ཆོས་ཐམས་ཅད་བདེན་པ་གཉིས་སུ་བསྡུས་ཏེ། ཐ་སྙད་དུ། ཀུན་རྫོབ་ལ་ཡང་ལོག་དང་། དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་སུ་ཕྱེས་ནས་འཕགས་པའི་རྗེས་ཐོབ་ཀྱི་གཟིགས་པ་དང་མཐུན་པར་གནས་སྐབས་སུ་ལམ་གཏན་ལ་དབབ་ནས་རིམ་གྱིས་སྤྲོས་བྲལ་མཉམ་པ་ཆེན་པོ་ལ་སྦྱོར་བར་མཛད་དེ། ད་དུང་རང་ཕྱོགས་སྒྲུབ་པའི་ཁས་ལེན་ལ་ཞེན་པ་ཕྲ་མོ་ཡོད་པས་རབ་ཏུ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་དབུ་མ་ལས་གཞན་དུ་འགྱུར་བར་བཞེད། ཐལ་འགྱུར་པས་ནི། ཐོག་མ་ནས་འཕགས་པའི་མཉམ་གཞག་གི་གཟིགས་པ་དང་མཐུན་པར་ཀུན་རྫོབ་ཡང་ལོག་དང་དོན་དམ་རྣམ་གྲངས་ཡིན་མིན་སོགས་སུ་འཛིན་པའི་གཉིས་ཆོས་ཀྱི་སྤྲོས་པ་མཐའ་དག་བཀག་ནས་སྣང་སྟོང་ཟུང་འཇུག་བསམ་འདས་བརྗོད་བྲལ་ཆེན་པོར་གཏན་ལ་འབེབས་པས་མདོ་ལམ་གྱི་གྲུབ་མཐའི་རྩེ་མོ་ལྟ་བ་ཁས་ལེན་ཀུན་བྲལ་དུ་སོན་པ་སྟེ། ཐ་སྙད་ཙམ་དུ་དབྱེ་ན་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དེ་གཉིས་ཀས་དོན་དམ་སྟོང་ཉིད་དང་། སྣང་བ་ཀུན་རྫོབ་ཏུ་འཇོག་པའི་གནད་ཀྱིས་ཁ་ཅིག་གིས་རང་སྟོང་ཞེས་བཞེད་དོ། །ངེས་དོན་དབུ་མ་ཆེན་པོས་ནི། མཉམ་བཞག་ཏུ་སྤྲོས་པ་འགོག་ཚུལ་དེ་དང་དོན་གཅིག་ཀྱང་། རྗེས་ཐོབ་ཤན་འབྱེད་སྐབས་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་ངོར། གང་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་ལ་དོན་དམ་དང་། མི་མཐུན་པ་ལ་ཀུན་རྫོབ་ཏུ་བྱས་ཏེ་ཁས་ལེན་པའི་དབང་གིས་འདི་ལ་ཁ་ཅིག་གིས་གཞན་སྟོང་ཞེས་གདགས་ཏེ། དོན་དུ་འཁྲུལ་སྣང་འཁོར་བའི་ཆོས་འདི་ཐམས་ཅད་མི་བདེན་ཞིང་བསླུ་བའི་ཕྱིར་ཀུན་རྫོབ་དང་གནས་སྐབས་ལམ་གྱིས་སྦྱང་དུ་ཡོད་ཅིང་འབྲལ་ཤེས་པས་སྟོང་ལ། ཟབ་ཞི་འོད་གསལ་མྱ་ངན་ལས་འདས་པའི་ཆོས་རྣམས་ནི་ནམ་ཡང་འགྱུར་བ་མེད་པའི་ཕྱིར་དོན་དམ་པ་དང་ཡོན་ཏན་གྱི་ཆོས་རྣམས་རང་གཞིན་དབྱེར་མེད་པས་མི་སྟོང་པ་སྟེ། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་གནས་སྐབས་ཀྱི་གྲུབ་མཐའི་ཁས་ལེན་རྣམས་འཁོར་ལོ་ཐ་མའི་བཀའ་དང་དགོངས་འགྲེལ་རྣམས་ལྟར་གཙོ་བོར་མཛད་པའི་ཁྱད་པར་ཙམ་མོ། །ཁྱད་པར་དུ། རང་ལུགས་ཀུན་མཁྱེན་ཆེན་པོ་བརྒྱུད་པ་དང་བཅས་པས་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །ཅེས་གསུངས་པས། བློས་གཞལ་བའི་ཀུན་རྫོབ་གྱི་ཆོས་ཡུལ་ཡུལ་ཅན་དང་བཅས་པ་གདོད་ནས་གྲུབ་མ་མྱོང་བའི་ཕྱིར་ཐ་སྙད་ཙམ་དུའང་བདེན་གཉིས་སུ་དབྱེ་བའི་གཞི་ཟད་པས་དབྱེར་མེད་ལ། དོན་དམ་གནས་ཚུལ་མཐར་ཐུག་ཟབ་ཞི་སྤྲོས་བྲལ་འོད་གསལ་མཉམ་པ་ཆེན་པོ་ལ་སྣང་སྟོང་ཐ་དད་དུ་དབྱེ་བའི་གཞིར་མ་གྲུབ་པས་དབྱེར་མེད་ཆེན་པོ་སྟེ། དོན་ལ་བདེན་གཉིས་དབྱེར་མེད་མཉམ་པར་ཆེན་པོར་གཏན་ལ་འབེབས་པ་མདོ་སྔགས་ཟུང་འཇུག་གི་ལྟ་བའི་གནད་གསང་མཐར་ཐུག་པ་སྟེ། འདིའི་ལུགས་ལ་བདེན་གཉིས་ཐ་སྙད་ཙམ་དུ་དབྱེ་ན། འཁྲུལ་སྣང་འཁོར་བའི་ཆོས་ཀུན་མི་བདེན་ཞིང་བསླུ་བའི་ཆོས་ཅན་ཐག་ཁྲའི་སྦྲུལ་ལྟར་དོན་ལ་མེད་ཕྱིར་ཀུན་རྫོབ་དང་། ཟབ་ཞི་འོད་གསལ་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སོགས་རང་བཞིན་གྱིས་ལྷུན་གྱིས་གྲུབ་ཅིང་ཡེ་ནས་འཕོ་འགྱུར་དང་བྲལ་བའི་ཕྱིར་དོན་དམ་སྟེ། དེ་ཡང་སྣང་སྟོང་གི་ཟླས་ཕྱེ་བའི་ཐ་སྙད་བློས་བཀོད་ཀྱི་བདེན་གཉིས་རིལ་པོ་སྐབས་འདིར་ཀུན་རྫོབ་ཏུ་བཞག་ནས་མ་གྲུབ་པ་ཉིད་གཏན་ལ་འབེབས་ཏེ། མདོ་སྡེ་རྒྱན་ལས། གཞན་གྱི་མར་ནི་གང་བརྗོད་པ། །དེ་ནི་གཞན་གྱི་ཆུང་མ་ཉིད། །གཞན་གྱི་དོན་དམ་གང་ཡིན་པ། །དེ་ནི་གཞན་གྱི་ཀུན་རྫོབ་ཉིད། །ཅེས་གསུངས་པ་བཞིན། རང་བཞིན་གདོད་ནས་དག་པའི་ཆོས་ཉིད་འོད་གསལ་ལྷུན་གྲུབ་འདུས་མ་བྱས་མཉམ་པ་ཆེན་པོ་ནི་བློ་དང་སྒྲ་རྟོག་སོགས་ཐ་སྙད་ཐམས་ཅད་ལས་འདས་པས་དོན་དམ་པའི་བདེན་པ་སྟེ། རྒྱལ་སྲས་ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང་། མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པ་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། སྒྱུ་འཕྲུལ་བླ་མ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པ། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་གསུངས་པའི་དོན་ཏེ་འདིའི་ལུགས་ལ་གཤིས་ལ་འཁོར་བ་མ་གྲུབ་ལ་སྣང་། དོན་དམ་གྲུབ་ལ་ད་ལྟ་མི་སྣང་། སངས་རྒྱས་དུས་སྣང་ཞེས་བྱ་བར་བཞག་སྟེ། དེས་ན། བདེན་པ་གཉིས་པོ་གཅིག་པ་བཀག་པའི་ཐ་དད་ལྟ་བུར་དོན་གྱིས་སོང་བ་སྟེ། གཙོ་བོར་རྒྱུད་བླ་མ་དང་བསྟོད་ཚོགས་སྒྱུ་འཕྲུལ་སོགས་ངེས་དོན་མདོ་རྒྱུད་ཟབ་མོ་རྣམས་ཀྱི་དགོངས་པ་སྒྲ་ཇི་བཞིན་པར་ཁས་ལེན་པ་ཡིན་ནོ། །ནང་ཉམས་མྱོང་བསྒོམ་པའི་སྐབས་སུའང་། གཞན་སྡེའི་གྲུབ་མཐའ་སྨྲ་བའི་འདོད་པ་བསམ་མི་ཁྱབ་པ་དང་སྟོང་ཉིད་དང་མཐའ་བྲལ་དང་གསལ་ལེ་སེང་ངེ་སོགས་དང་། རང་སྡེའི་ཆོས་དབྱིངས་བསམ་མི་ཁྱབ་པ་དང་སྟོང་ཉིད་མཐའ་བྲལ་སོགས་མི་འདྲ་བའི་ཁྱད་པར། ཐེག་པ་ཐུན་མོང་བ་སྤྱི་སྐད་ཀྱི་དབང་དུ་བྱས་ན། དེ་དག་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཤེས་རབ་བམ་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་དང་མ་འབྲེལ་བས་ཡིན་ལ། བྱེ་བྲག་ཐུན་མིན་རྫོགས་པ་ཆེན་པོའི་ལུགས་ལྟར་ན། ཁ་ཕྱིར་བལྟས་ཀྱི་དཔྱད་པ་ཙམ་གྱི་གོ་ཡུལ་ལ་གདེང་བཅས་ནས་རྣམ་ཤེས་ལ་དོན་འཚོལ་བའི་སྐྱོན་གྱིས་ཡིན་པས་ཐེག་བརྒྱད་བློ་ཡི་གོལ་སར་བསྟན་པ་ཡིན་ལ། བློ་བྲལ་རྫོགས་པ་ཆེན་པོའི་རང་ལུགས་ནི། དཔྱད་སྟོང་ཙམ་གྱི་གོ་བ་དང་ཡིད་དཔྱོད་མཚན་མའི་ལྟ་སྒོམ་ལ་གདེང་མི་འཆའ་བར། ཐོག་མ་ནས་རྟོགས་པ་དོན་བརྒྱུད་དང་ལྡན་པའི་བླ་མ་ཞིག་བཙལ་ཞིང་བསྟེན་ནས་མོས་གུས་བླ་མའི་ལམ་ཁྱེར་གྱིས་དགོངས་པའི་གསང་མཛོད་བརྟོལ་བར་བྱེད་པ་འདི་ལམ་གྱི་སྙིང་པོ་ཡིན་ནོ། །དེ་ཡང་པཎྜི་ཏའི་དཔྱད་སྒོམ་གཅིག་དུ་བྲལ་ལམ་རྡུལ་ཕྲན་བརྟག་འགོག་སོགས་ཀྱི་དབུ་མའི་རིགས་པས་དཔྱད་པའམ། ཀུ་སཱ་ལི་འཇོག་སྒོམ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་ཙམ་ལ་བརྟེན་པ་གང་ཡིན་ཀྱང་འདྲ་སྟེ། དོན་དུ་གཏན་ལ་དབབ་བྱ་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་རིག་པ་བྱང་ཆུབ་ཀྱི་སེམས་བདེ་གཤེགས་སྙིང་པོ། ངོ་བོ་རྟག་ཆད་ལས་འདས་ཤིང་རང་བཞིན་མཚན་མར་མ་གྲུབ་པའི་གཤིས་ལུགས་ཟབ་མོ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་བློ་བྲལ་ནམ་མཁའ་ལྟ་བུའི་ཆོས་ཉིད་རང་བཞིན་འདུས་མ་བྱས་ཆེན་པོ་འདི་ཡིད་དཔྱོད་དང་ཕོ་ཚོད་ཙམ་དུ་མ་སོང་བར་མངོན་སུམ་དུ་གོལ་འཆུག་མེད་པར་ངོ་འཕྲོད་པར་བྱས་ནས། དེའི་ངང་ལ་བསལ་བཞག་གཉེན་པོ་མེད་པར་རང་བབས་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་གེགས་དང་གོལ་ས་མཐའ་དག་གཤིས་ལ་གདོད་ནས་མ་གྲུབ་པར་གདེང་ཆོས་ཏེ། ཡིད་དཔྱོད་མཚན་མའི་ལྟ་སྒོམ་ཐམས་ཅད་ཀྱི་འགག་རང་སར་གྲོལ་ནས་དགོངས་པའི་གསང་མཛོད་ཡེ་ཤེས་ཀྱི་ཀློང་དུ་འདྲེས་པར་འགྱུར་རོ། །ཨ་ཧོ། གདོད་མའི་མགོན་པོ་ཀུན་བཟང་ཀློང་ཆེན་གྱི་བུ་རྒྱུད། །དོན་བརྒྱུད་གཡུ་རལ་ངོམས་པའི་སེང་ཆེན་ཞིག་ལགས་ཀྱི། །ཐ་སྙད་ཚིག་ཆུས་སྦོས་པའི་ཝ་སྐྱེས་དེ་མ་ཡིན། །ངེས་དོན་སྙིང་པོའི་ང་རོ་གསང་མཐོ་རུ་སྒྲོགས་མཛོད། །ཀ་དག་སྟོང་པའི་དབྱིངས་སུ་ཆོས་ཀུན་ནི་མཉམ་ཡང་། །རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རང་མདངས། །མ་འགགས་ཉི་མཁའ་བཞིན་དུ་གདོད་མ་ནས་རྣམ་དག །ཟུང་འཇུག་སྤྲོས་པ་བྲལ་བའི་གཤིས་ལུགས་འདི་ཨ་ཧོ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་རུ་ཤར་བས། །གཟུང་འཛིན་མཚན་མའི་འཁྲུལ་རྟོག་ཤེས་བྱ་ལ་མ་གྲུབ། །གེགས་དང་གོལ་ས་མེད་དེ་ཆོས་ཉིད་ཀྱི་གཤིས་ལུགས། །སྤང་བླང་དགག་སྒྲུབ་བྲལ་བའི་རྣལ་འབྱོར་ཚོ་སྐྱིད་དོ། །ཡིད་དཔྱོད་བཅོས་མའི་ལྟ་སྒོམ་འཇའ་ཚོན་གྱི་རི་མོས། །བློ་བྲལ་མཉམ་ཉིད་མཁའ་ལ་ཕན་གནོད་ནི་ཅི་ཞིག །གང་ཡིན་ཀུན་ཡིན་ཡིན་ཆུག་གང་མིན་ཀུན་མིན་ཆུག །གྲུབ་མཐའི་ཁས་ལེན་ཟད་པའི་ལྟ་བ་འདི་ཡངས་སོ། །འཁོར་འདས་ཆོས་ཀུན་ཡེ་གྲོལ་རྫོགས་ཆེན་གྱི་ངོ་ན། །གང་གིས་གང་བཅིངས་སུ་ཞིག་གང་གིས་ནི་བཀྲོལ་ཨང་། །སེམས་འཛིན་སྨྲིག་རྒྱུའི་ཐག་པས་རང་འཆིང་འདི་བོར་ནས། །གུ་ཡངས་གཏད་མེད་ཉལ་བའི་སྒོམ་པ་འདི་བདེའོ། །གང་སྣང་ཚོགས་དྲུག་སྣང་བ་སྒྱུ་མ་ཡི་རོལ་མོ། །སྤང་བླང་དགག་སྒྲུབ་མི་དགོས་ཆོས་ཉིད་གྱི་རོལ་རྩལ། །འདི་ལ་མཚན་མར་འཛིན་པའི་བྱིས་པ་རྣམས་བླུན་ནོ། །རང་གྲོལ་སྤང་གཉེན་མཉམ་པའི་སྤྱོད་པ་འདི་མཚར་རོ། །ཐོབ་དང་མ་ཐོབ་མེད་དེ་ཆོས་ཉིད་ཀྱི་གཤིས་ལུགས། །རེ་དོགས་མཚན་འཛིན་བྲལ་བ་རྣལ་དོན་གྱི་སྙིང་པོ། །ཡིད་དཔྱོད་སྤྲོས་པའི་ཀུན་རྟོག་དབུ་མ་རུ་འགགས་པའི། །ཟང་ཐལ་ཆོས་ཟད་རྗེན་པའི་མཐར་འབྲས་ལ་སྦྱོར་ཅིག །དེ་སྐད་རང་ལ་མེད་པའི་ཟོབ་གཏམ་འདི། །ཉམས་མཚར་ཙམ་དུ་པདྨ་རྣམ་རྒྱལ་གྱིས། །བདེ་ཆེན་པདྨ་འོད་གླིང་དབེན་སྤྱིལ་ནས། །སྨྲས་སོ་ཆོས་གྲོགས་དམ་པའི་དཔྱད་རྟེན་མཛོད། །མངྒལཾ། དགེའོ། །
༄༅། །ལགས་ཐོག་མར་ལས་དང་པོ་པའི་སྐབས་སུ་འཁོར་ལོ་དང་པོའི་བསྟན་དོན་བདེན་བཞིའི་འཇུག་ལྡོག་ལག་ལེན་གནད་དུ་དྲིལ་ངོས། འཁོར་ལོ་བར་པའི་དངོས་བསྟན་ལྟར་གཤིས་ལུགས་སྟོང་པ་ཉིད་ལ་དོན་དམ་དང་སྣང་བ་རྟེན་འབྱུང་གི་རང་བཞིན་ལ་ཀུན་རྫོ བ་ཏུ་བཞག་སྟེ། དེ་ཡང་དང་པོར་འཕགས་པའི་རྗེས་ཐོབ་ཀྱི་གཟིགས་པ་དང་མཐུན་པར། ཆོས་ཐམས་ཅད་དོན་དམ་པར་གྲུབ་པ་མེད། ཀུན་རྫོབ་ཏུ་ཡོད་ཅེས་བདེན་གཉིས་རང་ས་ནས་མ་འདྲེས་པར་ཤན་ཕྱེས་ཏེ་དབུ་མ་རང་རྒྱུད་པ་ལྟར་རྣམ་གྲངས་པའི་དོན་དམ་ཉིད་བློ་ལ་འཆར་བདེ། དེ་རྗེས་སྟོང་པ་དོན་དམ་དང་སྣང་བ་ཀུན་རྫོབ་ཅེས་པའང་བློས་བཏགས་པ་ཙམ་ལས། དོན་དམ་པར་ཐ་དད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་དེ་ཤེར་མདོ་ལས་སྟོང་ཉིད་བཞི་སྦྱོར་དུ་གསུངས་པ་སོགས་ལྟར་སྣང་སྟོང་ངམ་སྟོང་རྟེན་འབྱུང་ཟུང་འཇུག་སྤྲོས་བྲལ་དབུ་མ་ཐལ་འགྱུར་པ་ལྟར། གནས་སྐབས་ལམ་གཏན་ལ་འབེབས་ཚུལ་འཕགས་པའི་མཉམ་བཞག་དང་རྗེས་སུ་མཐུན་པར་རྣམ་གྲངས་མ་ཡིན་པའི་དོན་དམ་ཉིད་རྩལ་དུ་བཏོན་ནས་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་དགག་སྒྲུབ་ཀྱི་འཛིན་སྟངས་ཞིག་དགོས། དེ་མ་ཞིག་ན་རང་སྟོང་གཞན་སྟོང་གང་དུའང་མི་གཏུབ་ཅིང་ལར་དབུ་མར་ཡང་མི་རུང་ངོ་། །དེ་ལྟ་བུའི་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་དབུ་མ་ཆེན་པོ་ཉིད་གཏན་ལ་ཕབ་ན་འཁོར་ལོ་ཐ་མ་སོགས་མདོ་རྒྱུད་ནས་གསུངས་པའི་བདེ་གཤེགས་སྙིང་པོའམ་གཉུག་སེམས་སོགས་སྟོང་པའི་དབྱིངས་དང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ཟབ་གསལ་གཉིས་མེད་བདེ་བ་ཆེན་པོ་སོགས་ཀྱང་འགལ་མེད་དོན་གཅིག་ཏུ་བློ་ལ་འཆར་ནུས། དེ་ལྟར་འཆར་ན། གཟོད་འཁོར་ལོ་ཐ་མའི་མདོ་དང་དགོངས་འགྲེལ་དང་། ཐུན་མིན་སྔགས་སོགས་ནས་བསྟན་པ་བཞིན་གོང་བཤད་སོ་སྐྱེའི་བློ་གཉིས་སྣང་ཅན་གྱིས་བཞག་པའི་སྣང་སྟོང་གི་ཟླས་ཕྱེ་བའི་བདེན་པ་གཉིས་པོ་ཡུལ་ཡུལ་ཅན་དང་བཅས་པར་ལ་ཐ་སྙད་ཀུན་རྫོབ་དང་། གཟུང་འཛིན་གཉིས་མེད་འཕགས་པའི་ཡེ་ཤེས་དང་ཐ་སྙད་ཙམ་དུ་དེའི་སྤྱོད་ཡུལ་དུ་བཤད་པའི་ཆོས་དབྱིངས་བདེ་གཤེགས་སྙིང་པོ་རྟག་བརྟན་འགྱུར་མེད་གཉུག་མ་རྡོ་རྗེའི་སེམས་ལྷན་སྐྱེས་བདེ་བ་ཆེན་པོ་ཨེ་ཝཾ་ཟུང་འཇུག་སོགས་ཏེ་ཡེ་ཤེས་ཡུལ་དང་བཅས་པ་ལ་དོན་དམ་པར་བཞག་སྟེ། དེ་ཡང་ཀུན་རྫོ བ་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་ནི་སྔོན་མེད་ཕྱིས་མེད་པར་འདིར་མེད་བཞིན་སྣང་བའི་ཆོས་ཅན་སྐྲ་ཤད་འཛགས་པ་ལྟ་བུ། བཅོས་མ་གློ་བུར་བ་གློག་དང་སྤྲིན་བཞིན་དུ་མི་བདེན་ཞིང་བསླུ་བའི་ཕྱིར། རང་གི་ངོ་བོས་སྟོང་པ། གསོག་དང་གསོབ་དང་ཡ་མ་བརླ་སྙིང་པོོ་མེད་པ་ཡིན་ལ། དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་བདེ་གཤེགས་སྙིང་པོ་སོགས་ཀྱི་རང་བཞིན་ནི། ནམ་ཡང་དྲི་མ་གློ་བུར་བས་གོས་མ་མྱོང་བས་གཙང་བ། དུས་གསུམ་དུ་འཕོ་འགྱུར་མེད་པས་རྟག་པ། རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་འགྱུར་བཅས་ཀྱི་ཟུག་རྔུ་མཐའ་དག་དང་བྲལ་བས་བདེ་བ། སྲིད་ཞི་ཀུན་ཁྱབ་བདག་བདག་མེད་སོགས་ཀྱི་སྤྲོས་པ་མ་ལུས་པ་ཞི་བས་དམ་པའི་བདག་སྟེ། ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་ཟབ་པའི་ཆོས་བཞི་དང་ལྡན་པ་འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ལེགས་པར་གཏན་ལ་འབེབས་དགོས། དེ་ཕེབས་ན་ཀུན་རྫོབ་གློ་བུར་གྱི་སྒྲིབ་པ་སྤྲིན་ལྟ་བུ་དེ་གཉེན་པོས་སེལ་ནུས་པ་དང་། དེ་སེལ་བྱེད་ཀྱི་ལམ་མཉམ་བཞག་ཏུ་བསལ་བཞག་མེད་པའི་ཆོས་ཉིད་ཀྱི་དོན་ལ་གོམས་པ་དང་། རྗེས་ཐོབ་ཚོགས་གཉིས་ཟུང་འབྲེལ་གྱི་ལམ་ལ་སློབ་པར་བྱེད་པ་ལ་དོན་ཡོད་པ་དང་། དེ་ལྟར་གོམས་པས་ཚོགས་སྦྱོར་གྱི་ལམ་བགྲོད་ནས་ཟུང་འཇུག་འཕགས་པའི་ཡེ་ཤེས་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པར་ནུས་པ་དང་། དེ་ཉིད་ཡང་ཡང་དུ་གོམས་པས་སྒོམ་སྤང་སྐོར་དགུའི་དྲི་མ་རགས་ཕྲ་རྣམས་རིམ་གྱིས་སྦྱང་བ་ལ་བརྟེན་ནས་ཁམས་ལ་གནས་པའི་ཡོན་ཏན་གྱི་ཚོགས་ཇེ་གསལ་ཇེ་མངོན་ལྟ་བུར་སྣང་ཡང་ཆོས་ཉིད་རང་གི་ངོ་བོ་ལ་ནི་ཉི་མཁའ་བཞིན་དུ་གདོད་མ་ནས་འཕེལ་འབྲི་མེད་པར་གནས་པ་དང་། ས་བཅུའི་རྒྱུན་མཐར་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་བ་སོགས་ལ་བརྟེན་ནས་ཁམས་ཀྱི་སྒྲིབ་བྱེད་ཤེས་སྒྲིབ་ཤིན་ཏུ་ཕྲ་བའི་ཆ་ས་བོན་དང་བཅས་པ་མཐའ་དག་ལྷག་མེད་དུ་བཅོམ་སྟེ་གཉིས་མེད་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མཐར་ཐུག་པ་ཟག་པ་མེད་པའི་ཡོན་ཏན་སྡེ་ཚན་ཉེར་གཅིག་སོགས་གཞལ་མེད་བསམ་གྱིས་མི་ཁྱབ་པ་ཡེ་ནས་ཆོས་ཉིད་ཀྱི་ཚུལ་དུ་འབྲལ་བ་མེད་པར་ཡོད་པ་ཉིད་མངོན་དུ་གྱུར་ནས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་མཐའ་ཡས་པའི་གདུལ་བྱ་རྒྱ་མཚོ་ལ་ཕན་བདེ་མཛད་པའི་ཕྲིན་ལས་ཟབ་མོ་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་ཚུལ་སོགས་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བ་སྐྱེ་བར་འགྱུར་བས། མདོར་ན་བདེ་གཤེགས་སྙིང་པོའི་སྒྲ་ཐོས་པ་ཚུན་ཆད་བྱང་སེམས་སྲིད་པ་ཐ་མ་པར་བསླུ་མེད་རྡོ་རྗེའི་བདེན་གསུང་གིས་བསྔགས་པའི་ཚུལ་ལ་སྤྲོ་བ་བསྐྱེད་ནས་རྟོན་པ་བཞི་དང་མི་འགལ་བར་བླ་མ་བརྒྱུད་པའི་མན་ངག་གི་སྣང་བ་ལ་བརྟེན་ནས་ངེས་དོན་གྱི་མདོ་རྒྱུད་སྙིང་པོའི་ཟབ་གནད་འཚོལ་ཏེ་བསྟན་པ་ཐམས་ཅད་འགལ་མེད་དུ་གོ་བའི་བློ་གྲོས་ཀྱི་སྣང་བ་གོང་འཕེལ་དུ་བསྐྱེད་པར་བྱའོ། །ཞེས་པའང་བསླབ་གསུམ་སྦྱངས་ཡོན་ལྡན་པ་ཟུར་མང་རྣམ་རྒྱལ་རྩེའི་མཁན་པོ་ཀརྨ་ཚེ་བརྟན་གྱིས་དྲིས་ངོར། བྱ་བྲལ་རྒན་པོ་ཟུང་འཇུག་གྲུབ་པའི་རྡོ་རྗེས་རང་གི་ཡིད་ལ་གང་དྲན་བཅོས་མེད་དུ་སྨྲས་པ་དགེ། །།


previousདཀོན་མཆོག་གསུམ་གྱི་དོན་རྣམ་པར་བཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར།next