Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
   
སྡོམ་གསུམ་འགལ་མེད་ཉམས་ལེན་གནད་བསྡུས་ཀྱི་ཚོགས་བཤད་པུཎྜ་རི་{རཱི}ཀའི་ཕྲེང་བ།
   
   
   
   
   


 
previousསྡོམ་གསུམ་འགལ་མེད་ཉམས་ལེན་གནད་བསྡུས་ཀྱི་ཚོགས་བཤད་པུཎྜ་རི་{རཱི}ཀའི་ཕྲེང་བ།next

སྡོམ་གསུམ་འགལ་མེད་ཉམས་ལེན་གནད་བསྡུས་ཀྱི་ཚོགས་བཤད་པུཎྜ་རི་{རཱི}ཀའི་ཕྲེང་བ།

༄༅། །སྡོམ་གསུམ་འགལ་མེད་ཉམས་ལེན་གནད་བསྡུས་ཀྱི་ཚོགས་བཤད་པུཎྜ་རི་{རཱི}ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། གཞི་རྒྱུད་ཟབ་གསལ་དབྱེར་མེད་སྙིང་པོའི་ཁམས། །ལམ་རྒྱུད་སྡོམ་པ་གསུམ་གྱིས་ཡོངས་སྦྱངས་མཐུས། །འབྲས་རྒྱུད་སྐུ་བཞིའི་སྣང་བ་འབྱིན་མཛད་པ། །རྒྱལ་དང་རྒྱལ་སྲས་རིག་པ་འཛིན་རྣམས་རྒྱལ། །བསིལ་ལྗོངས་བཀའ་དྲིན་ཟླ་མེད་པདྨ་འབྱུང་། །ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོ། །སད་མི་བདུན་དང་རྗེ་འབངས་གྲུབ་རིགས་ཚོགས། །སྔ་འགྱུར་ལོ་པཎ་བརྒྱུད་པར་བཅས་ལ་འདུད། །བསྟན་པའི་སྲོག་མཐུད་བླ་ཆེན་དགོངས་པ་གསལ། །ཀུན་མཁྱེན་ཆོས་རྗེ་པདྨ་དབང་གི་རྒྱལ། །འཇིག་རྟེན་མིག་གཅིག་དྷརྨ་ཤྲཱི་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་བྱས་ནས། །སྡོམ་གསུམ་མེ་ཏོག་རྣམ་བཀྲའི་སྐྱེད་ཚལ་ནས། །གཅེས་བཏུས་པུཎྜ་རི་ཀའི་ཕྲེང་བ་ཞིག །དད་པའི་ལག་གིས་བསྟར་ཏེ་གུས་འབུལ་ན། །མཁས་མང་དགྱེས་སྤྱན་འབབ་སྟེགས་ཡུད་ཙམ་ཞུ། །དེང་གནས་དུས་ཕུན་སུམ་ཚོགས་པར། མདོ་སྔགས་བསྟན་པ་རྒྱ་མཚོའི་མགོན་གཅིག ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ཚབ། བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་ནོར། ས་གསུམ་ན་འགྲན་ཟླ་དང་བྲལ་བ་སྐྱབས་མཆོག་འཁོར་ལོའི་མགོན་པོས་དབུ་མཛད། མཁན་སློབ་རིག་པ་འཛིན་པའི་དགེ་འདུན་སུམ་ལྡན་རྡོ་རྗེ་འཛིན་པ་ཡོངས་ཀྱི་སྙན་དབང་དུ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱིས། ཉན་ཐོས་བྱང་ཆུབ་སེམས་དཔའ་རིག་པ་འཛིན། །སྡོམ་པ་གསུམ་པོ་དག་དང་མ་འགལ་བར། །རང་རྒྱུད་སྡོམ་ཞིང་གཞན་ཕན་ཅི་འགྲུབ་དང་། །ཅིར་སྣང་དག་པའི་ལམ་དུ་བསྒྱུར་བར་བྱ། །ཞེས་རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་རྩ་འགྲེལ་དུ་གསུངས་པ་སོགས་ཀྱི་དགོངས་པ་བཞིན། སྡོམ་པ་གསུམ་འགལ་མེད་གནད་གཅིག་པར་ཉམས་སུ་ལེན་པའི་ཚུལ། རང་གི་གོ་ཚོད་ཙམ་ཞིག་ཞུ་ན། དམ་ཆོས་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་སྟེ། །ད་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟར། འོ་སྐོལ་རྣམས་ཀྱི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་ཉིད། ངེས་པ་དོན་གྱི་དབང་དུ་བྱས་ན། ཡེ་གདོད་མ་ནས་མངོན་རྫོགས་ཆོས་ཀྱི་རྒྱལ་པོར་གྱུར་ཟིན་ནའང་། གདུལ་བྱ་རྣམས་དྲང་བའི་ཆེད་དུ། ཐབས་ལ་མཁས་པའི་མཛད་པས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་ཡོངས་སུ་བསགས་པའི་མཐར། བྲམ་ཟེའི་ཁྱེའུ་བླ་མར་གྱུར་ཏེ། དེ་བཞིན་གཤེགས་པ་འོད་སྲུང་ལ་མཆོད་ཅིང་། དེ་ནས་ཚེ་འཕོས་ཏེ་དགའ་ལྡན་ལྷའི་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཤིང་། ལྷ་རྣམས་ལ་འཆི་འཕོ་རྣམ་པར་སྦྱོང་བའི་ཆོས་སྒོ་མང་དུ་བསྟན་ནས་བཞུགས་པར་གྱུར་ཏོ། །དེ་ནས་གདུལ་བྱ་དུས་ལ་བབས་པའི་ཚེ་དགའ་ལྡན་ལྷའི་གནས་ནས་འཕོ་བ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་མི་མཇེད་ཀྱི་ཞིང་འདིའི་འགྲོ་བ་རྣམས་ཀྱི་དོན་ཇི་ལྟར་མཛད་པའི་ཚུལ་ནི། རྒྱུད་བླ་མ་ལས། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདའ་བར་མཛད་པ་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་སུ་བསྟན་པ་ལས། འདིར་ཆོས་འཁོར་བསྐོར་བའི་མཛད་པ་ལས་འཕྲོས་ཏེ་མདོ་དང་སྔགས་ཀྱི་གཞུང་ལུགས་ཇི་སྙེད་བསྟན་པ་ཐམས་ཅད་སྟོན་པ་གཅིག་གིས་བསྟན་པ་གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཁོ་ན་ཡིན་པའི་ཕྱིར། དེ་དག་འགལ་བ་མེད་པར་ཉམས་སུ་ལེན་དགོས་པའི་ཚུལ་ཡང་། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོའི་ངོས་ནས་གཞལ་ན། འཁོར་བ་དང་མྱང་འདས་གང་གི་ཐ་སྙད་ཀྱང་མེད་མོད་དེ། འོན་ཀྱང་གནས་ལུགས་དེ་ཉིད་རང་ངོ་ཤེས་པ་དང་མ་ཤེས་པའི་ཁྱད་པར་ལས། ཡང་དག་པར་མྱ་ངན་ལས་འདས་པ་ལ་དབང་བསྒྱུར་བའི་སངས་རྒྱས་དང་། མར་མ་དག་པ་འཁོར་བ་ལ་དབང་བསྒྱུར་བའི་སེམས་ཅན་ཞེས་འཁོར་འདས་གཉིས་སུ་གྲགས་སོ། །དེས་ན་འཁོར་བའི་སེམས་ཅན་རྣམས་ལ་གཞི་ལ་གཞི་སྣང་ཤར་བ་རང་ངོ་མ་རིག་པའི་རྐྱེན་གྱིས། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ཏུ་འབྱུང་བ་རྣམས་ཀྱིས། ལས་ཀྱི་ཀུན་འབྱུང་མི་དགེ་བ་དང་། དགེ་བ་ཟག་བཅས་ཀྱི་ལས་མང་དུ་བསགས། དེ་དག་གི་འབྲས་བུ་སྡུག་བསྔལ་གྱི་བདེན་པའི་རང་གཟུགས་ཁམས་གསུམ་གྱི་འཁོར་བའི་གནས་རིས་མཐོ་དམན་ཐ་དད་པ་འདི་དག་མེད་པ་ལ་ཡོད་ཡོད་ལྟར་སྣང་བ་ཡིན་ནོ། །དེ་ལྟར་ན་འཁོར་བ་སྡུག་བསྔལ་གྱི་བདེན་པ་འདི་དག་ལས་དཀར་ནག་གི་འབྲས་བུ་ཁོ་ན་ཡིན་ཏེ། །ཆོས་མངོན་པ་ལས། ལས་ལས་འཇིག་རྟེན་གསུམ་བྱུང་ཞིང་། །ཞེས་སོ། །ལས་དེ་དག་གང་གིས་གསོག་པ་པོ་ནི་ཉོན་མོངས་པའི་ཀུན་འབྱུང་རྣམས་ཡིན་ལ། དེ་དག་སྤོང་བའི་ཐབས་སུ། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་དམ་པའི་ཆོས་ལམ་གྱི་བདེན་པ་གང་ཞིག་བསྟན་པ་ཡིན་ནོ། །དེ་ཡང་ཉོན་མོངས་པའི་ཀུན་རྟོག་རྣམས་ཀྱི་གཉེན་པོར་ལམ་གྱི་བདེན་པ་དམ་པའི་ཆོས་ཇི་ལྟར་བསྟན་པའི་ཚུལ་ནི། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོ་གསུངས་པར་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། དུག་གསུམ་ཆ་མཉམ་འདུས་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་པའི་གཉེན་པོར་གསུངས་པར་ཟད། །ཅེས་དང་། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །སྤང་བྱ་ཉོན་མོངས་པའི་ཀུན་རྟོག་དེ་དག་ཀྱང་བསྡུ་ན་དུག་གསུམ་དུ་འདུ་ལ། སྤོང་བྱེད་གཉེན་པོ་ལམ་བདེན་དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱང་བསྡུ་ན། ལྷག་པའི་བསླབ་པ་རིན་པོ་ཆེ་གསུམ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་གནས་པར་གྱིས། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ཀྱང་། །གསུམ་པོ་འདི་ལ་ཡང་དག་འདུ་བར་འགྱུར། །ཞེས་གསུངས་པའི་ཕྱིར། རྒྱལ་བའི་བཀའ་ཐམས་ཅད་བསྡུ་ན། རྗོད་བྱེད་ཚིག་གི་དབང་དུ་བྱས་ན་འདུལ་བ་མདོ་སྡེ་མངོན་པ་གསུམ་དུ་འདུ་ལ། བརྗོད་བྱ་དོན་གྱི་དབང་དུ་བྱས་ན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་དུ་འདུ་བ་དང་། དེ་དག་གི་ཉམས་ལེན་གྱི་དབང་དུ་བྱས་ན། སོ་ཐར་བྱང་སེམས་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་སྟེ་སྡོམ་པ་གསུམ་དུ་འདུ་བ་ཡིན་ཏེ། སྔ་འགྱུར་བསྟན་པའི་ཉི་མ་རྗེ་གཏེར་ཆེན་བླ་མས། ཟླ་མེད་སྟོན་པ་རྫོགས་སངས་རྒྱས་དེ་ཡིས། །རང་གིས་བརྙེས་པའི་ཆོས་ཀྱི་རྒྱལ་ཐབས་ལ། །འགོད་ཕྱིར་གདུལ་བྱའི་སྐལ་བ་དང་འཚམས་པར། །ཐེག་གསུམ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན། །སྲིད་མཚོ་ཉམ་ངའི་གྲོང་ལས་རིང་བརྒལ་ནས། །རྣམ་གྲོལ་རིན་ཆེན་ལེན་པ་གྲུ་ཡི་རྟེན། །སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་ཡི། །མཐུན་པའི་རླུང་གིས་བསྐུལ་བ་ཉིད་ལ་རག །ཅེས་གསུངས། འོན་ཀྱང་དེང་སང་ནི་ཚུལ་འདི་ལྟ་བུ་སྟོན་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལ་གཅེས་སྤྲས་ཀྱིས་འཆད་ཉན་བྱེད་པ་དང་། སྡོམ་གསུམ་འགལ་མེད་གཅིག་ཏུ་དྲིལ་ནས་ལམ་ཉམས་སུ་ལེན་པ་ནི་ཤིན་ཏུ་དཀོན་པར་སྣང་ངོ་། །དེ་ལ་སྡོམ་གསུམ་སོ་སོའི་ངོ་བོའམ་མཚན་ཉིད་ནི། རྗེ་གཏེར་ཆེན་བླ་མས། དང་པོ་བླང་ཡུལ་མཁན་སློབ་དགེ་འདུན་ལས། །སྲོག་འཚོའི་བར་དུ་གཞན་གནོད་ལས་ལྡོག་པ། །བདག་དོན་ཉིད་དུ་དགྲ་བཅོམ་རྗེས་སློབ་ཚུལ། །འབྲས་བུ་མྱང་འདས་རྣམ་གཉིས་ཐོབ་ཕྱིར་རོ། །གཉིས་པ་སློབ་དཔོན་ཉིད་དམ་རྟེན་ལས་ཀྱང་། །བྱང་ཆུབ་བར་དུ་ཚུལ་ཁྲིམས་རྣམ་པ་གསུམ། །གཞན་དོན་ཉིད་དུ་བྱང་སེམས་རྗེས་སློབ་ཚུལ། །འབྲས་བུ་ས་བཅུའི་གོ་འཕང་ཐོབ་ཕྱིར་རོ། །གསུམ་པ་བླ་མ་དཀྱིལ་འཁོར་འཁོར་ལོ་ལས། །ནམ་མཁའ་ཇི་སྲིད་གཉིས་དོན་ཡེ་ཤེས་ཀྱི། །འཁོར་ལོར་རྒྱས་འདེབས་སངས་རྒྱས་རྗེས་སློབ་ཚུལ། །འབྲས་བུ་རྡོ་རྗེ་འཆང་གི་ས་ཐོབ་ཕྱིར། །གང་ཡང་སྲིད་པའི་འདོད་ཆགས་དུག་ཆེན་ཁམས། །སྤོང་སྦྱོང་ལམ་དུ་བྱེད་པའི་ཁྱད་པར་གྱི། །ཐབས་ལས་ཉོན་མོངས་རང་མཚན་ཉིད་སྤོང་བར། །རྣམ་དབྱེར་མེད་ཕྱིར་དོན་གྱི་དགོངས་པ་མཐུན། །ཞེས་གསུངས་པས། རྒྱུ་ཀུན་སློང་ངེས་འབྱུང་རྣམ་པར་དག་པས་གཞི་བཟུང་ཞིང་། སྦྱོར་བ་གཞན་གནོད་གཞི་དང་བཅས་པ་སྤོང་བ་སྟེ། བདག་དོན་དུ་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པར་བྱེད་པ་ནི་སོ་སོ་ཐར་པའི་སྡོམ་པ་དང་། གང་དག་བདག་བས་གཞན་གཅེས་ཀྱི་སྙིང་རྗེ་ཆེན་པོའི་ཀུན་ནས་བསླང་ཞིང་། སྦྱོར་བ་གཞན་ལ་ཕན་པ་གཞི་དང་བཅས་པ་སྒྲུབ་སྟེ། གཞན་དོན་དུ་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ། ཆོས་ཐམས་ཅད་ལ་མཉམ་པ་ཆེན་པོའི་དགོངས་སྤྱོད་ཀྱིས་ཟིན་པས། སྒོ་གསུམ་སྐུ་གསུང་ཐུགས་སུ་སྦྱོར་ཞིང་གཉིས་དོན་དུ་སངས་རྒྱས་ཀྱི་མཛད་པ་རྗེས་སུ་སྒྲུབ་པ། བདེ་གཤེགས་ཉིད་ཀྱི་རྗེས་སུ་སློབ་པར་བྱེད་པ་ནི་གསང་སྔགས་ཀྱི་སྡོམ་པ་སྟེ། སྨྲ་བའི་སེང་གེ་རོང་ཟོམ་པ་ཆེན་པོས་དམ་ཚིག་མདོ་རྒྱས་ལས། མདོར་བསྡུ་ན། སོ་སོར་ཐར་པའི་སྡོམ་པ་ནི་ལས་དགེ་སྡིག་གཙོར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་སྙིང་རྗེ་ཆེན་པོ་གཙོར་བསྟན་པའོ། །གསང་སྔགས་ཀྱི་སྡོམ་པ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་གཙོར་བསྟན་ཏོ། །ཡང་སོ་ཐར་གྱི་སྡོམ་པ་ནི་སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དེའི་སྟེང་དུ་སེམས་ཅན་ལ་ཕན་འདོགས་པར་ཞུགས་པའོ། །གསང་སྔགས་ཀྱི་སྡོམ་པ་ནི་དེ་དག་གི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླང་བའོ། །ཡང་སོ་སོར་ཐར་པའི་སྡོམ་པ་ནི་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །གསང་སྔགས་ཀྱི་སྡོམ་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ་ཞེས་གྲགས་སོ། ཞེས་གསུངས། དེ་ལྟ་བུའི་སྡོམ་པ་གསུམ་པོ་དེ་ཇི་ལྟར་ཐོབ་ཚུལ་ཡང་། སྤྱིར་གང་ཟག་རབ་འབྲིང་ཐ་མ་ལ་ལྟོས་པའི་ཐོབ་ཚུལ་གསུམ་སྟེ། དང་པོ་དབང་པོ་ཡང་རབ་སྦྱངས་པའི་སྐལ་ལྡན་མཆོག་ཏུ་གྱུར་པ་རྣམས་ཡེ་ཤེས་ཁོང་ཆུད་ཀྱིས་ཐོབ་པ་སོགས་དང་། ཆོ་ག་སོ་སོ་ལ་མ་ལྟོས་པ་དབང་བསྐུར་བ་ཁོ་ནས་སྡོམ་པ་གསུམ་ཅིག་ཅར་དུ་སྐྱེ་བ་ཡོད་དེ། པཎ་ཆེན་པདྨ་དབང་རྒྱལ་གྱིས་སྡོམ་གསུམ་རྣམ་ངེས་སུ། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་དེ། །དབང་བསྐུར་ཐོབ་པས་སྡོམ་གསུམ་ཅིག་ཅར་སྐྱེ། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷཱུ་ཏི་བཞིན། །ཞེས་གསུངས་པ་ལྟར་སྔགས་སྡོམ་ཁོ་ན་ལས་ཕྱེ་བའི་སྡོམ་པ་གསུམ་ཅིག་ཅར་དུ་སྐྱེས་པ་སྟེ། སྔགས་སྡོམ་ཁོ་ན་ལས་གཞན་གནོད་གཞི་བཅས་སྤོང་བ་དང་། གཞན་ལ་ཕན་པ་སྒྲུབ་པ་དང་། དེ་ཐམས་ཅད་ཀྱང་ཆོས་ཉིད་མཉམ་པ་ཆེན་པོའི་ཐབས་མཁས་ཀྱིས་ཟིན་པའི་སྡོམ་པ་ཐོབ་པའི་ཕྱིར། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིགཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་སོ། །གཉིས་པ་དབང་པོ་འབྲིང་གིས་སྡོམ་གསུམ་ཐོབ་ཚུལ་ཡང། རྣམ་ངེས་ལས། འབྲིང་ནི་སྡོམ་གསུམ་སོ་སོའི་ཆོ་ག་ལ། །བརྟེན་ནས་རིམ་ཐོབ་ནཱ་ག་རྫུ་ན་ལྟར། །ཞེས་པ་ལྟར་གང་ཟག་དབང་འབྲིང་རྣམས་ནི་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་ལྟར་སྡོམ་གསུམ་སོ་སོའི་ཆོ་ག་ལ་བརྟེན་ནས་རིམ་པར་ཐོབ་པ་སྟེ། ཉན་ཐོས་དང་ཐུན་མོང་བའི་འདུལ་བའི་ཆོ་གས་སོ་ཐར་རིགས་བདུན་དང་། སྲོལ་གཉིས་གང་རུང་གི་ཆོ་གས་བྱང་སྡོམ། གསང་སྔགས་ཕྱི་ནང་གང་རུང་གི་ཆོ་གས་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་བླངས་ཏེ་སྡོམ་པ་གསུམ་ལྡན་དུ་ཉམས་སུ་ལེན་པའོ། །གསུམ་པ་སྐལ་དམན་རིམ་འཇུག་གི་དཀྲི་ཚུལ་ནི། ཐ་མ་སྐལ་དམན་ཤིན་ཏུ་གདུལ་དཀའ་དེ། །གསོ་སྦྱོང་བསླབ་པའི་གནས་བཅུ་གྲུབ་མཐའ་བཞི། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀུན་རིམ་ཤེས་ནས། །བླ་མེད་འཇུག་པར་བརྟག་པ་གཉིས་པར་གསུངས། །ཞེས་པ་ལྟར། ཐོག་མར་གསོ་སྦྱོང་བསྙེན་གནས་ཡན་ལག་བརྒྱད་པ་དང་། དེ་རྗེས་སྐྱབས་གསུམ། སྣ་གཅིག སྣ་འགའ། ཕལ་ཆེར། ཡོངས་རྫོགས་ཚངས་སྤྱོད། གོ་མའི་དགེ་བསྙེན་རྣམས་དང་། དགེ་ཚུལ་དགེ་སློབ། དགེ་སློང་སྟེ་བཅུའམ། ཡང་ན། སྐྱབས་འགྲོ། དུས་ཚིགས་ཀྱི་གསོ་སྦྱོང་། སོ་ཐར་གྱི་གཏན་ཁྲིམས་བདུན། དུས་ནམ་སྐྱེ་མེད་པའི་ཐེག་ཆེན་གྱི་སེམས་བསྐྱེད་དེ་བཅུ་དང་། ཡང་སོ་ཐར་རིག་བདུན་པོའི་སྟེང་དུ། སྐྱབས་སྡོམ། གོ་མའི་དགེ་བསྙེན། བར་མ་རབ་བྱུང་གསུམ་བསྣན་པའི་བཅུ་དང་། ཁ་ཅིག་ཏུ་དགེ་ཚུལ་གྱི་རགས་པ་བཅུར་བཞག་པ་སོགས་འདི་ལ་ནང་གི་དབྱེ་བའི་ཁྱད་པར་ལ་བཞེད་ཚུལ་འདྲ་མིན་འགའ་ཞིག་མཐོང་མོད། དོན་ལ་དེ་ཐམས་ཅད་ཀྱི་བསླབ་བྱ་བསྡུ་ན། ལ་ལ་ནི་ལུས་ཀྱི་གསུམ། ལ་ལ་ངག་གི་བཞི། ལ་ལ་ཡིད་ཀྱི་གསུམ་སྟེ་སྒོ་གསུམ་གྱི་མི་དགེ་བ་བཅུ་ཆ་དང་བཅས་པ་སྤོང་བའི་བསླབ་པའི་ནང་དུ་མ་འདུས་པ་གང་ཡང་མེད་པས་དེ་བཅུ་ལ་བསླབ་པའི་གནས་བཅུར་བཞེད་པ་ལ་རྒྱ་བོད་ཀྱི་རྒྱུད་འགྲེལ་རྣམས་དགོངས་པ་མཐུན་པས། དེ་ལྟ་བུའི་བསླབ་གནས་བཅུ་པོ་བྱིན་པའི་རྗེ་སུ། ཐེག་དམན་བྱེ་མདོ་གཉིས། ཐེག་ཆེན་དབུ་སེམས་གཉིས་ཏེ་གྲུབ་མཐའ་བཞི་ལ་བསླབས་ནས་སྔགས་ཕྱི་རྒྱུད་གསུམ་མམ་གང་རུང་ལ་ཞུགས་རྗེས། གཟོད་སྔགས་བླ་མེད་ལ་ཞུགས་པར་གསུངས་སོ། །དེ་གསུམ་པོ་སྤྱིར་གང་ཟག་སོ་སོའི་བློ་རིམ་དང་བསྟུན་པ་ལས་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་ཀྱང་གཙོ་བོར་སྔ་འགྱུར་གསང་ཆེན་རྙིང་མའི་རང་ལུགས་ནི་དབང་འབྲིང་ནཱ་ག་རྫུ་ནའི་རྣམ་མཐར་ལྟར་རིམ་གྱིས་འཇུག་པ་ཡིན་ཏེ། དཔལ་རོང་ཟོམ་པ་ཆེན་པོས། ད་ནི་དམ་ཚིག་ཇི་ལྟར་བླང་བ་བཤད་དེ། དེ་ཡང་གང་ཟག་མོས་པ་དང་རྩོལ་བ་ཆེ་བ་རྣམས་ཀྱིས་ནི། སོ་སོ་རིམ་གྱིས་འཇུག་པར་བྱ་སྟེ། དེ་ལ་དང་པོ་སོ་སོར་ཐར་པའི་སྡོམ་པ་ཁྱིམ་པའམ་རབ་བྱུང་གི་སྡོམ་པ་ཇི་ལྟར་ནུས་པ་གཅིག་ནོས་ནས། དེ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་ཏེ། དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ཡང་དང་པོ་ཕྱི་སོ་སོ་ཐར་པའི་སྡོམ་པའི་ངོ་བོ་ནི་ངེས་འབྱུང་ཡིན་པའི་ཕྱིར། ཐོག་མའི་འཇུག་སྒོ་ལེགས་སྨོན་དང་འཇིགས་སྐྱོབ་ཙམ་གྱིས་མི་ཕན་པས། འཁོར་བ་ལས་བློ་ལྡོག་བྱེད་ཀྱི་ཆོས་རྣམས་པ་བཞི་ལ་བརྟེན་ནས། ཁམས་གསུམ་གྱི་འཁོར་བ་མཐའ་དག་འཕྲལ་དང་ཡུལ་དུ་སྡུག་བསྔལ་བའི་རང་བཞི་ཅན་དུ་མཐོང་ནས། དེ་ལས་ཐར་པ་མྱང་འདས་བྱང་ཆུབ་རྣམ་གསུམ་གང་རུང་ཞིག་ཐོབ་འདོད་ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། དམ་པའི་ཆོས་འདུལ་བའི་སྡེ་སྣོད་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་ཕྱི་སོ་ཐར་གྱི་སྡོམ་པ་རིགས་བདུན་གང་རུང་དང་། དེ་ལས་ཀྱང་རབ་ཏུ་བྱུང་བའི་ཕྱོགས་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ། འགལ་རྐྱེན་ངེས་པ་ལྔ་དང་བྲལ་ཞིང་བར་ཆད་བཞི་མེད་ལ། མཐུན་རྐྱེན་མངོན་གྱུར་བཅུ་སོགས་ཚང་བའི་སྒོ་ནས། མཁན་སློབ་སོགས་འཕགས་པའི་དགེ་འདུན་གྲངས་ཚོགས་ཀྱི་སྤྱན་སྔར། ལས་བརྒྱ་རྩ་གཅིག་པའི་ཆོ་གས་གཞུང་བཞིན་དུ་ལེགས་པར་ནོད་ཅིང་། ཐོབ་མཚམས་བརྗོད་པ་གསུམ་གྱི་མཐའ་ལ་ཐོབ་ཤེས་ཀྱི་ངེས་པ་བསྐྱེད། ཇི་ལྟར་བསྲུང་བའི་ཐབས། དགེ་ཚུལ་ལྟར་ན། རྩ་བ་བཞི། ཆང་། གར་ཕྲེང་གཉིས། མལ་ཆེ་མཐོ། གསེར་དངུལ་བདག་ཏུ་འཛིན་པ། ཕྱི་དྲོའི་ཁ་ཟས་སྤོང་བ་སྟེ་རག་པ་བཅུ་སོགས་དང་། དགེ་སློང་ལྟར་ན། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་པོ་སྲུང་བ་དང་། སྒྲུབ་པའི་བསླབ་བྱ་རབ་བྱུང་གསོ་དགག་དབྱར་གནས་སོགས་གཞི་བཅུ་བདུན་པོ་རྣམས་ཇི་ལྟར་ཉམས་སུ་ལེན་པ་གལ་ཆེའོ། །དེ་ལྟ་བུའི་ཚུལ་ཁྲིམས་རྣམ་པར་དག་པ་མ་ཉམས་པར་བསྲུང་བ་འདི་ནི་རང་རྒྱུད་ལ་སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་གཞི་སའམ་རྩིག་རྨིས་ལྟ་བུ་སྟེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ། །དེར་མ་ཟད་གཞན་གནོད་སྤངས་པའི་ཚུལ་ཁྲིམས་རྣམ་དག་བསྲུང་བ་འདི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལའང་ཤིན་ཏུ་གལ་ཆེ་སྟེ། གནོད་སྦྱོར་གྱི་གཞི་ལས་མ་ལོག་པར་གཞན་ཕན་སྒྲུབ་པའི་ཐབས་མེད་པ་དང་། ལམ་ཕར་ཕྱིན་དྲུག་ལ་སློབ་དགོས་པའི་ཕྱིར། རྒྱལ་སྲས་ཐོགས་མེད་ཀྱིས། ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་འགྲུབ་པར་འདོད་པ་གད་མོའི་གནས། །དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི། །ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་སོ། །དེ་བཞིན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཏེ་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་ཉམས་སུ་བླང་ཡང་། ཚུལ་ཁྲིམས་འཆལ་བར་གྱུར་ན་འབྲས་བུ་གང་ཡང་མེད་པའི་ཚུལ། ཇི་སྐད་དུ། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་སོ། །ཞེས་གསུངས་། དེར་མ་ཟད་སྔགས་པ་རྟེན་ཁྱིམ་པ་ཡིན་ཡང་། རབ་བྱུང་གི་རྟགས་དང་ཆོ་ག་ཙམ་མ་གཏོགས་གཞན་ཐམས་ཅད་སྲུང་དགོས་པར་ཡང། དཔུང་བཟང་ལས། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སོ། །དེ་ལས་ཀྱང་ཨོ་རྒྱན་སངས་རྒྱས་གཉིས་པ་དང་མཁན་ཆེན་བྱང་ཆུབ་སེམས་དཔའ་གཉིས་ཀྱི་རྗེས་འཇུག་ཏུ་ཁས་འཆེ་བ་དག་གིས་ནི། ཕྱི་ལྟར་འདུལ་བའི་ཀུན་སྤྱོད་དབུ་རེག་ཞབས་རྗེན། ཆོས་གོས་རྣམ་གསུམ་བགོ་བ་སོགས་ཐུབ་པའི་གནས་བརྟན་ཡིན་པ་ལྟར་ལམ་ཉམས་སུ་ལེན་པ་འདི་ཅིས་ཀྱང་གལ་ཆེ་སྟེ། མཁན་ཆེན་ཞི་བ་འཚོས། སོ་སོར་ཐར་པའི་མདོ་འདི་ནི། སྟོན་པ་མྱ་ངན་འདས་འོག་ཏུ། །དགེ་འདུན་རྣམས་ཀྱི་སྟོན་པར་གསུངས། །འདི་ལ་ཤིན་ཏུ་གུས་པར་གྱིས། །ཞེས་དང་། བདག་གིས་བསླབ་པ་དེ་བཞིན་དུ། །ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང་། །ནང་ལྟར་བྱང་ཆུབ་སེམས་སྦྱངས་པ། །གསང་བ་སྔགས་ཀྱི་རིམ་གཉིས་བསྒོམ། །ཞེས་དང་། སྟོན་པའི་བསྟན་པ་རིན་ཆེན་འདི། །གངས་ཅན་ལྗོངས་སུ་ངས་གསལ་བས། །བདག་གི་རྗེས་སུ་ཞུགས་ནས་ཀྱང་། །སྟོན་པའི་བསྟན་པ་མཆོག་ཏུ་ཟུངས། །ཞེས་དང་། ཨོ་རྒྱན་ཆེན་པོས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་གྱིས། །ཞེས་དང་། ཐང་ཡིག་ལས། དབུ་རེག་ཞབས་རྗེན་ངུར་སྨྲིག་འཆང་བ་དང་། །མི་དགེ་བཅུ་སྤོང་སྤྱོད་པ་ཞིབ་པ་ལ། །དགེ་འདུན་ཞེས་སུ་མཚན་དུ་བཏགས་པ་ཡིན། །ཞེས་དང་། ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན། །ནང་གསང་སྔགས་བླ་མེད་ཀྱི་རྣལ་འབྱོར་པ། །ཞེས་གསུངས་པས་མཚོན་མཁན་སློབ་རྣམ་གཉིས་ཀྱིས་བཀས་བཅད་པའི་ཕྱིར་རོ། །དེས་ན་སྔགས་རྙིང་མའི་སྔགས་པར་རློམ་པ་དག་གིས། ངེད་ཀྱི་ལུགས་ལ་དགེ་ཚུལ་སློང་གི་སྡོམ་པ་བསྲུང་ནས་ཆོས་གོས་སོགས་རབ་བྱུང་གི་རྟགས་དང་ཆས་གོས་སོགས་མི་དགོས་མ་ཟེར་ཅིག ད་རེས་ཀྱི་བསྟན་པ་འདི་ལ་སྟོན་པ་ཐུབ་པའི་དབང་པོ་གཅིག་ལས་མེད་པའི་ཕྱིར་དེའི་རྗེས་འཇུག་མིན་པར་འགྱུར་ཏེ། ཇི་སྐད་དུ། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་། །བྱུང་ན་མི་སྲིད་མདོ་སྔགས་ལུང་དང་འགལ། །ཞེས་དང་། ཤཱཀྱ་ཐུབ་པའི་རྒྱལ་ཚབ་ང་ཡིན་པས། །ཆོས་ལུགས་པདྨ་ང་ཡི་རྗེས་སུ་སློབས། །ང་ཡི་རྣམ་ཐར་མདོ་སྡེ་རྣམས་སུ་ལྟོས། །ཞེས་གསུངས་པའི་ཕྱིར། ཡང་གསར་མའི་ཕྱོགས་འཛིན་པ་རྣམས་ནས་ཀྱང་། ཁྱེད་རྙིང་མ་པ་ལ་འདུལ་བའི་བསྟན་པ་མེད་མ་ཟེར་ཅིག གསར་རྙིང་ཞེས་པའི་ཐ་སྙད་འདི་རྒྱ་གར་འཕགས་པའི་ཡུལ་ན་མེད་ཀྱང་། བོད་གངས་ཅན་གྱི་ལྗོངས་འདིར་བསྟན་པ་འགྱུར་སྔ་ཕྱིའི་ཁྱད་པར་ཙམ་ལ་བཏགས་པའི་ཚུལ་ནི་སྨོས་མ་དགོས་སོ། །དེས་ན་ངེད་ཅག་རྙིང་མ་པའི་བསྟན་པའི་མཚན་གཞི་ཞིག་བཞག་ན། བསྟན་པའི་སྦྱིན་བདག་ལྷ་ཐོ་རི་སྙན་ཤལ་ནས། མངའ་བདག་ཁྲི་རལ་པ་ཅན་གྱི་བར་དང་། བསྒྱུར་ཡུལ་པཎྜིཏ་ལྷ་རིག་པའི་སེང་གེ་ནས་སྨྲི་ཏའི་ཛྙ་ནའི་བར་དང་། སྒྱུར་བྱེད་ལོ་ཙཱ་བ་ཆོས་བློན་ཐུ་མི་སམ་བྷོ་ཊ་ནས་རོང་ཟོམ་ཆོས་ཀྱི་བཟང་པོའི་བར་ལ་བསྒྱུར་པའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་ངེད་རྙིང་མ་པ་ཞེས་ཟེར་ན། དེའི་རིང་ལ་མ་འགྱུར་བའི་འདུལ་བའི་སྡེ་སྣོད་གང་ཡིན་གྱི་རྒྱུ་མཚན་སྨོས་ཤིག དེས་ན་དམ་ཆོས་འདུལ་བའི་སྡེ་སྣོད་ལུང་བཞི་པོ། སྟོན་པ་ཐུབ་པའི་དབང་པོས། གནས་ཝཱ་ཱརཱ་ཎ་སཱིར། འཁོར་ལྔ་སྡེ་བཟང་པོ་སོགས་ལ་བསྟན་པ་ཉིད། པཎྜི་ཏ་ཡོན་ཤཱཀ་རྣམ་གཉིས་དང་མཁན་ཆེན་བོ་དྷི་ས་ཏྭ་སོགས་ཀྱིས་ལེགས་པར་འཛིན་སྐྱོང་སྤེལ་བར་མཛད་ཅིང་། ཁྱད་པར་མཁན་ཆེན་ཞི་བ་འཚོས། བོད་ཀྱི་སད་མི་མི་བདུན་དང་། དགེ་སློང་མི་ལྔ་སོགས་རབ་ཏུ་བྱུང་བ་ནས་བརྩམས་ཏེ་ད་ལྟའི་བར་ལ་བརྒྱུད་པའི་ཟམ་མ་ཆད་པར་བ ཞུགས་པ་ནི་ཐམས་ཅད་ཡོད་སྨྲའི་ལུགས་སྨད་འདུལ་བརྒྱུད་པ་དང་བཅས་པ་ཡིན་ཏེ། བརྒྱུད་པ་འདི་ལ་བསྟན་པའི་སྲོག་མཐུད་པ་པོ་ནི། སྔོན་དུ་བླ་ཆེན་དགོངས་པ་རབ་གསལ་དང་། ཕྱིས་སུ་མཁན་ཆེན་ཐམས་ཅད་མཁྱེན་པ་དྷརྨ་ཤྲཱི་གཉིས་ཁོ་ན་ཡིན་ཞིང་། ཁྱད་པར་ད་ལྟའི་དུས་སུ་སྔ་འགྱུར་གྱི་ཆོས་སྡེ་ཆེ་ཕྲ་རྣམས་སུ་སྨད་འདུལ་གྱི་སྡོམ་རྒྱུན་རྣམ་པར་དག་པ་དང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། རང་ལུགས་སྡོམ་པ་གསུམ་གྱི་ཁས་ལེན་དང་། གནང་བཀག་གི་ཁྱད་པར་སོགས་ཅུང་ཟད་ཤེས་པ་དང་། སྡོམ་གསུམ་སོགས་གཞུང་གི་འཆད་ཉན་སྲོལ་མ་ཆད་ཙམ་བྱུང་བ་འདི་ཐམས་ཅད་ལོ་ཆེན་རིན་པོ་ཆེའི་བཀའ་དྲིན་དང་ཕྲིན་ལས་ཀྱི་རྒྱུན་ཁོ་ན་ལས་བྱུང་བ་ཡིན་པ་འདིའང་རང་ལུགས་སྔ་འགྱུར་གྱི་བརྒྱུད་འཛིན་རྣམས་ནས་ཤེས་དགོས་སོ། །ཡང་རབ་བྱུང་རྣམས་ནས་ཀྱང་། སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་ཁྱིམ་པའི་རྟགས་སུ་བཞུགས་པ་རྣམས་ལའང་འཕྱ་སྨོད་དང་ཁྱད་གསོད་སོགས་བྱར་མི་རུང་སྟེ། རྟེན་ཁྱིམ་པ་ཡིན་ཡང་། ས་ཐོབ་པའམ་གནས་ལུགས་ཟབ་མོའི་དོན་ཇི་བཞིན་གཟིགས་པ་ནི་ཡེ་ཤེས་དང་ལྡན་པ་སྟེ། དེ་ནི་དོན་དམ་པའི་དགེ་སློང་ཡིན་པར་ཐེག་པ་གསུམ་ག་ནས་བཤད་དེ། དུས་འཁོར་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོའི་བླ་མཆོད་མི་བྱའོ། །ཞེས་དམིགས་ཀྱིས་བསལ་བ་དང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། དོན་དམ་པའི་དགེ་སློང་དང་། ཀུན་རྫོབ་ཀྱི་དགེ་སློང་དང་། ལུག་ལྐུག་པ་ལྟ་བུ་དང་། ཁྲེལ་དང་ངོ་ཚ་མེད་པའི་དགེ་སློང་ཞེས་རྣམ་གྲངས་བཞིར་གསུངས་པའི་ནང་ཚན་མཆོག་སྔ་མའི་ཁོངས་སུ་བསྡུས་པ་དང་། འདུལ་བ་ལུང་ལས། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན། །ཞེས་ཁྱིམ་བདག་གྲགས་པ་དགེ་སློང་དུ་གསུངས་པ་བཞིན་ནོ། །དེས་ན་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ང་དང་ང་འདྲ་བས་གང་ཟག་གི་ཚོད་གཟུང་དུ་རུང་གི་གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་། སྤྱིར་ཡང་ངག་གི་ཉེས་པར་སྤྱོད་པ་ཞིག་ལ་ཆོས་དང་གང་ཟག་ལ་སྐུར་བ་གདབ་པ་འདི་ལས་ཉེས་པ་ལྕི་བ་མེད་དེ། དེས་འཕྲལ་དུ་ཆགས་སྡང་གསོག ཕུགས་སུ་བསྟན་པ་ལ་གནོད། རང་གཞན་ཆོས་སྤང་ལ་སྦྱོར་བའི་ཕྱིར་རྟག་ཏུ་བག་ཡོད་པར་བྱ་དགོས་ཏེ། རྒྱན་ལས། ཡིད་ཀྱི་རང་བཞིན་ཤིན་ཏུ་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་དང་། བཅོམ་ལྡན་འདས་ཀྱིས། ཐ་ན་འགལ་དུམ་ལའང་ཁྲོ་བར་མི་བྱ་ན། སེམས་དང་ལྡན་པ་ལ་ལྟ་ཅི་སྨོས། ཞེས་གསུངས། དེ་ལས་གཞན་དུ་ན། རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་དང་། དུས་འཁོར་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་གསུམ་དུ་གསུངས་པ་སོགས་ནི་སྨོས་མ་དགོས་སོ། །དེས་ན་དེ་ལྟར་གཞི་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་ཏེ་ཕྱི་སོ་ཐར་གྱི་སྡོམ་པ་བསྲུང་བ་གཞིར་བཞག་གི་སྟེང་དུ། ནང་བྱང་ཆུབ་སེམས་དཔའི་སྡོམ་པས་རང་རྒྱུད་སྡོམ་པ་ལ། རྒྱུ་ཐེག་པ་ཆེན་པོའི་རིགས་སད་པ་དང་། རྐྱེན་ཐེག་ཆེན་ཚུལ་བཞིན་དུ་སྟོན་པའི་དགེ་བའི་བཤེས་གཉེན་ལ་བསྟེན་ནས། སྔར་གྱི་འཁོར་བ་ལས་ཐར་འདོད་ངེས་འབྱུང་གི་བསམ་པ་དེ་ཡང་། རང་ཉིད་གཅིག་པུར་ཞི་བདེ་དོན་གཉེར་ཐེག་དམན་རང་གི་ལམ་དུ་ཤེས་ནས། རང་ཉིད་ཁོ་ན་ཙམ་མིན་པར་མཐའ་ཡས་པའི་སེམས་ཅན་རྣམས་ཕ་མ་ཡིན་པར་སྙིང་ནས་ངེས་ཤེས་འདྲོངས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླངས་ཏེ། དམ་པའི་ཆོས་ཐེག་ཆེན་མདོ་སྡེ་དང་མངོན་པའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པའི་ཉམས་ལེན། ནང་བྱང་ཆུབ་སེམས་དཔའི་སྡོམ་པ་སྲོལ་གཉིས་གང་རུང་དང་། ཁྱད་པར་ཟབ་མོ་ལྟ་བའི་སྲོལ་ལྟར་སྡོམ་པ་ལེན་དགོས་པས། དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་ཁྱད་པར་གྱི་ཆོས་བཞི་སྟེ། གདམས་ངག་ཁྱད་པར་ཅན་སྲིད་མཐར་སྐྱོ་བ་སྐྱེད། ཞི་མཐར་ཞེན་པ་དགག མཐའ་གཉིས་ལ་མི་གནས་པའི་ལམ་ལ་སྔགས་པ་བརྗོད་པས་སྤྲོ་བ་སྐྱེད་དེ་བློ་བཅོས་པ་དང་། ཡུལ་ཁྱད་ཅན་བླ་མ་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ། རྟེན་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་ཅན་ཡན་ལག་བདུན་པས་ཚོགས་བསགས་པའོ། །དངོས་གཞི་ལ། ཚད་མེད་བཞི་ལ་བློ་སྦྱོང་བ་དང་། དགོངས་གསོལ་སྔོན་དུ་འགྲོ་བས་སྨོན་པ་དང་འཇུག་པའི་སེམས་དང་། དེའི་སྡོམ་པ་ལ་དམ་བཅའ་བ་སྤྱོད་འཇུག་ནས་གསུངས་པ་ལྟར་རང་རྒྱུད་ལ་ལེན་ཅིང་སྐྱེ་བར་བྱེད་པའོ། །རྗེས་ལ་རང་གཞན་དགའ་བ་བསྒོམ་པ་སོགས་ཏེ། འདིའི་ཐོབ་མཚམས་ཀྱང་སྡོམ་གསུམ་རྩ་འགྲེལ་དུ་བརྗོད་པ་གསུམ་མཐར་གསུངས་པ་གཙོ་བོར་སྨོན་འཇུག་སོ་སོར་ལེན་པའི་དབང་དུ་མཛད་པ་ཡིན་ལ། རྒྱ་མཚོའི་སྤྲིན་དང་ཤིང་རྟ་ཆེན་མོར་བརྗོད་པ་དང་པོས་སྨོན་སེམས་། གཉིས་པས་འཇུག་སྡོམ། གསུམ་པས་གཉིས་ཀ་བརྟན་ཞིང་དག་པར་བྱེད་པའི་ཚུལ་གྱིས་ཐོབ་པར་གསུངས་པ་ནི་གཉིས་ཀ་སྟབས་གཅིག་ཏུ་ལེན་པའི་དབང་དུ་མཛད་པ་སྟེ་མི་འགལ་ཞིང་། གལ་ཏེ་བླ་མ་མེད་ནའང་དཀོན་མཆོག་གསུམ་གྱི་རྟེན་གྱི་དྲུང་སོགས་ལས་ཀྱང་སྐྱེ་བར་གསུངས་སོ། །དེ་ལ་སེམས་བསྐྱེད་དང་སྡོམ་པའི་ཁྱད་པར། སེམས་བསྐྱེད་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །སྡོམ་པ་ནི་དེའི་མི་མཐུན་ཕྱོགས་རང་དོན་ཡིད་བྱེད་དང་གནོད་སྦྱོར་སོགས་སྤངས་པའི་སེམས་ཏེ། ཞི་བ་ལྷས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །ཐེག་ཆེན་གྱི་ལྟ་བ་ལ་དབུ་སེམས་སོ་སོའི་སློབ་དཔོན་རྗེས་འབྲང་དང་བཅས་པའི་བཞེད་ཚུལ་མང་ཡང་། མདོ་ལམ་གྱི་གྲུབ་མཐའི་རྩེ་མོར་གྱུར་པ་ནི་དབུ་མ་སྟེ། དེ་ཡང་རང་ལུགས་ཀུན་མཁྱེན་ཆེན་པོ་དང་། ཐམས་ཅད་མཁྱེན་པ་མི་ཕམ་རིན་པོ་ཆེའི་དགོངས་པ་ལྟར་སྣང་སྟོང་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ཉིད་ལེགས་པར་གཏན་ལ་ཕེབས་ན། རྒྱལ་བའི་བཀའ་འཁོར་ལོ་བར་ཐ་དང་། ཤིང་རྟ་ཆེན་པོ་གཉིས་རྗེས་འབྲང་དང་བཅས་པའི་འཕགས་པ་རྣམས་ཀྱི་ཟབ་དགོངས་མཐའ་ཐུག་སྦྲང་རྩིའི་རོ་བཞིན་འགལ་མེད་དོན་གཅིག་ཏུ་འབབ་པ་ཡིན་ཞིང་། དེར་མ་ཟད་དེ་ཉིད་སྔགས་ཀྱི་རྒྱུ་རྒྱུད་དུ་བཞག་པའི་ཚེ། མ་ཧཱའི་བདེན་གཉིས། ཨ་ནུའི་དབྱིངས་ཡེ། ཨ་ཏིའི་ཀ་ལྷུན་ཟུང་འཇུག་སོགས་ཀྱང་ཐམས་ཅད་མི་འགལ་བར་དོན་གྱི་གནད་གཅིག་པ་ཡིན་པས། ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་སྐུ་མཆེད་ཀྱི་བཞེད་པའང་འདི་ཁོ་ན་ཡིན་མོད། དེ་ལྟར་མ་རྟོགས་པར། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ནི་མེད་དགག་ཕྱོགས་གཅིག་པའོ་ཞེས་སྟོང་འཛིན་གྱི་སྤྲོས་པའི་ཕྱོགས་འབའ་ཞིག་ཏུ་ཞེན་ཅིང་རློམ་པ་རྣམས་ཀྱི་ཞེན་ལྟ་བཟློག་པའི་ཆེད་དུ། ཀུན་མཁྱེན་ཆེན་པོས། བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །ཞེས་སོགས་གསུངས་པ་དང་མཐུན་པར། རྣམ་འགྲེལ་དཔག་བསམ་སྙེ་མར། སྐབས་འདིར། སྔ་འགྱུར་གྱི་རིང་ལུགས་པ་རྣམས་ཀྱི་སེམས་བསྐྱེད་ཀྱི་ཆོ་གའི་ཕྱག་བཞེས་ནཱ་ག་རྫུ་ན་དང་མཐུན་པར་བྱེད་མོད། འོན་ཀྱང་ལྟ་བ་ནི་དེར་མ་ངེས་ཏེ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང་མི་འགལ་ཡང་གཙོ་བོར་ཐོགས་མེད་སྐུ་མཆེད་ཀྱིས་ཇི་ལྟ་བ་བཀྲལ་བ་དང་མཐུན་ཏེ། ཞེས་གསུངས་པ་སོགས་ཀྱིས་འཁྲུལ་གཞི་བྱས་ཏེ། གནས་སྣང་ངམ་བདེན་གཉིས་དཔྱོད་པའི་ཚད་མ་སོ་སོར་ཤན་མ་ཕྱེད་པའི་བློ་གྲོས་གསར་བུ་པ་ཁ་ཅིག་དབུ་འཁོར་ནས་དོན་དཔྱོད་ངོར་སྟོང་ཉིད་བདེན་གྲུབ་ཏུ་སྒྲུབ་འདུག་སྙམ་པ་མང་དུ་འདུག་མོད། དེ་ལྟར་མ་ཡིན་ཏེ་རྟོགས་བྱ་མཐར་ཐུག་པ་གཏན་ལ་དབབ་བྱའི་ཆོས། རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་ངོར་མེད་དགག་དང་མ་ཡིན་དགག་གི་འཛིན་སྟངས་སོགས་སྤྲོས་པ་གང་ཡང་ཡོད་མི་སྲིད་པས་སྤྲོས་བྲལ་ཙམ་དུའང་འཛིན་པ་མེད་པའི་ཆོས་དབྱིངས་མཉམ་པ་ཆེན་པོ་ཉིད་ཡིན་ལ། རྗེས་ཐོབ་ཐ་སྙད་སྤྱོད་པའི་ཚད་མའི་ངོར་ཡོད་མེད་སོགས་ལེགས་པར་ཤན་འབྱེད་པའི་སྐབས། མཐར་ཐུག་ཟག་པ་མེད་པའི་ཆོས་སྐུ་དང་ཡེ་ཤེས་སོགས་ཡེ་ནས་སྟོང་པའི་དབྱིངས་དང་འདུ་འབྲལ་སྤང་བའི་ཚུལ་གྱིས་གནས་པ་ལ་མ་ཡིན་དགག་ཏུ་གསུངས་པ་ཡིན་པས་དེ་ལྟར་ལེགས་པར་ཤན་ཕྱེད་ན་ཐེ་ཚོམ་གྱི་འགག་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན་པས་གནད་འདི་ཤིན་ཏུ་གལ་ཆེའོ། །དེ་ལྟར་ཤེས་ནས་སྲུང་མཚམས་དངོས་ལ། སྨོན་པའི་བསླབ་བྱ་ཚད་མེད་བཞི་ལ་བློ་སྦྱོང་བ་དང་། དཀར་ནག་ཆོས་བཞིར་འཇུག་ལྡོག་བྱེད་པ། འཇུག་པའི་བསླབ་བྱ་ཚུལ་ཁྲིམས་གསུམ་ལས། ཉེས་སྤྱོད་སྡོམ་པ། རྒྱལ་བློན་གྱི་རྩ་ལྟུང་ལྔ་ལྔ་སྟེ་བཅུ་དང་། ཕལ་པའི་བརྒྱད་དང་བཅོ་བརྒྱད་སྟེང་། སྨོན་འཇུག་གི་སེམས་གཉིས་འདོར་བ་སྟེ་རྩ་ལྟུང་ཉི་ཤུ་དང་། ཡན་ལག་གི་ཉེས་བྱས་བརྒྱད་ཅུ་བསླབ་བཏུས་ནས་བཤད་པ་ལྟར་སྤོང་བའོ། །དགེ་བ་ཆོས་སྡུད་ཐབས་ལ་མཁས་པས་ཕར་ཕྱིན་དྲུག་ལ་སློབ་པ་དང་། སེམས་ཅན་དོན་བྱེད་བསྡུ་དངོས་བཞིས་དངོས་བརྒྱུད་ནས་སེམས་ཅན་ལ་གང་ཕན་བྱེད་པ་སྟེ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་སོགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པ་འདིས་རྒྱུད་ལེགས་པར་སྡོམ་པ་འདི་ཉིད་ཤིན་ཏུ་གལ་ཆེ་སྟེ། ལམ་འདི་ཉིད་གཞན་དུ་འདོར་བའི་གང་ཟག་དེ་ནི་སྔགས་པ་སོགས་མིང་ཇི་ལྟར་བཏགས་ཀྱང་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ནི་མེད་དེ། ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་ཐོབ་མིན་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ལས། རིག་དང་དམ་ཚིག་མ་མཐོང་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་གསུངས། དེའི་ཕྱིར་སེམས་བསྐྱེད་ཀྱི་ཕན་ཡོན་དཔག་ཏུ་མེད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་ཚུད་པའི་ཉམ་ཐག་འགྲོ། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་སྟེ། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དེ་ལྟར་དུ་བྱང་ཆུབ་སེམས་དཔའི་སྡོམ་པས་རྒྱུད་བསྡོམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་དེ་ཡང་། མདོ་ལམ་ན་བསྐལ་པ་གྲངས་མེད་གསུམ་མམ་བདུན་ནམ་སུམ་ཅུ་རྩ་བདུན་གང་རུང་ཞིག་ལས་མྱུར་དུ་ཐོབ་པའི་ཐབས་མེད་པས། ད་ལྟའི་ཚེ་ལུས་གཅིག་པོ་འདི་ཉིད་ཀྱི་སྟེང་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པའི་ཐབས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མ་གཏོགས་གཞན་ལ་མེད་པའི་ཚུལ་ཤེས་ནས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པས་རྒྱུད་སྡོམ་དགོས་པ་ཡིན་ལ། དེ་ལྟ་ན་གསང་སྔགས་ཐེག་པའི་གཞུང་ལམ་ཐམས་ཅད་ནི་གོང་དུ་བཤད་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་དག་གི་མན་ངག་ཡིན་པའི་ཕྱིར་དེ་ལས་གཞན་མ་ཡིན་པའི་ཚུལ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུའམ་ནི་རྡོ་རྗེའི་ཐེག་པའམ། །ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུ་ལས་ཁྱད་པར་འཕགས། །ཞེས་སོ། །འོ་ན་གོང་དུ་སྡེ་སྣོད་བཞི་པར་བཞག་པ་དང་མི་འགལ་ལམ་སྙམ་ན་མི་འགལ་ཏེ། འདི་ཉིད་དུག་གསུམ་ཆ་སྙོམས་སུ་འདུལ་བའི་གཉེན་པོར་གསུངས་པས་གོང་གི་སྡེ་སྣོད་གསུམ་ཆར་གྱི་བསྟན་བྱའི་སྙིང་པོ་ཤིན་ཏུ་སྦས་པའི་མན་ངག་མཐར་ཐུག་པར་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་ངེས་པར་བྱས་ཏེ། བླ་མ་ལྟ་དགོངས་དང་ལྡན་པ་ཞིག་བསྟེན་ནས། རྒྱུད་སྡེ་བཞི་གང་རུང་གི་སྒོ་ནས་རང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་བསྐུར་ལེགས་པར་ཐོབ་དགོས་ཤིང་། དེ་ལས་ཁྱད་པར་དུ་སྔགས་བླ་མེད་ཀྱི་དབང་དུ་བྱས་ན་དབང་བཞིའི་ངེས་པ་ཅན་ཡིན་པས། དང་པོ་གནས་གསུམ་རྡོ་རྗེ་གསུམ་བསྐྱེད་པ་ནས་བཟུང་། མཇུག་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་ཚེ་རིག་འཛིན་སྔགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཞིང་། དེ་ཡང་ཐབས་ཤེས་ཁྱད་པར་ཅན་གྱིས་མ་དག་པའི་མཚན་རྟོག་དག་པ་ལྷ་དང་ཡེ་ཤེས་ཀྱི་རང་བཞིན་དུ་སྡོམ་པས་སྡོམ་པ་དང་དེ་ལས་འདའ་བར་མི་རུང་བའི་ཆ་ནས་དམ་ཚིག་ཅེས་བྱ་སྟེ། དབང་དང་འབྲེལ་བའི་ལྟ་བ་ཟབ་མོའང་། རོང་ཟོམ་པ་ཆེན་པོས་མན་ངག་ལྟ་ཕྲེང་གི་འགྲེལ་པར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱི་ཡི་ཚུལ་ཆོས་ཉིད་སངས་རྒྱས་སུ་ལྟ། ཆོས་ཅན་མཚན་མ་རང་ཀ་མ་ཇི་ལྟར་སྣང་ཙམ་དུ་འཛིན། ངེས་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ནི། བདེན་གཉིས་དབྱེར་མེད་པར་ལྟ་ཞིང་། ཕུང་པོ་ལྔ་ཡང་སངས་རྒྱས་སུ་ལྟ་ཞེས་གསུངས་པ་ལྟར། ངེས་དོན་བཀའ་འཁོར་ཐ་མ་དང་སྔགས་ཀྱི་ལྟ་གྲུབ་ཚུལ་མཐུན་ནོ། །དེ་ལ་དབུ་མ་ཐལ་འགྱུར་གྱི་ཆོས་ཅན་ཀུན་རྫོབ་ལྟ་བའི་ལྟ་བ་དག་གཞན་དབང་རྟེན་འབྱུང་སྒྱུ་མ་དང་རྨི་ལམ་ལྟ་བུའི་རང་བཞིན་དེ་ཡང་། དག་པ་གཞན་དབང་ལྷའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་ལྟ་བའི་ཆ་ནས་ལྷག་པའི་ཀུན་རྫོབ་བདེན་པ་དང་། ཆོས་ཉིད་དོན་དམ་ལྟ་བའི་ལྟ་བའང་། སྟོང་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཁས་ལེན་གང་ཡང་མེད་པ་ཉིད། སྔགས་ཀྱི་སྐབས་འདིར་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆ་ནས་ལྷག་པའི་དོན་དམ་བདེན་པ་དང་། དེ་ལྟ་བུའི་བདེན་པ་གཉིས་པོ་དེ་ཡང་ཐ་དད་པ་གཉིས་ཡོད་ནས། གཟོད་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་ཟུང་དུ་འཇུག་པ་མ་ཡིན་ལ། གསེར་དང་གསེར་གྱི་ཁ་དོག་དང་། མེ་དང་མེ་ཡི་ཚ་བ་བཞིན་དུ་གཉིས་ཀྱི་སྒྲོ་བཏགས་ཀྱི་{བརྟག་གི}རྟོག་པ་རྣམ་པར་ཆད་པའི་སེམས་ཉིད་ཡེ་ནས་སྣང་སྟོང་དབྱེར་མེད་པའི་ཆ་ནས་ལྷག་པའི་བདེན་པ་དབྱེར་མེད་དང་། དེ་ལྟ་བུའི་ལྷག་པའི་བདེན་པ་དབྱེར་མེད་དེ་ཡང་། ཤེས་བྱེད་ཀྱི་བློ་ཡིས་ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་གཏན་ལ་ཕེབས་པ་ལྟ་བུ་ནི་མ་ཡིན་ཏེ། གསང་སྙིང་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །དེས་ན་ཡུལ་ཡུལ་ཅན་གཉིས་སུ་མེད་པར་བལྟ་བྱ་ལྟ་བྱེད་ལས་འདས་པར་གཏན་ལ་འབེབས་པའི་ཆ་ནས་བློའི་སྤྱོད་ཡུལ་ལས་འདས་པ་ཞེས་བཏགས་པའི་ལྟ་བ་ལྡོག་ཆོས་བཞི་ལྡན་དུ་གཏན་ལ་ཕབ་ནས། བྱ་སྤྱོད་སོགས་སྤྱི་དང་། ཁྱད་པར་སྔགས་བླ་མེད་གསར་རྙིང་སྤྱི་དང་བྱེ་བྲག་གི་ལུགས། ཐོག་མའི་བརྟུལ་ཞུགས་ཉེར་ལྔ། རིགས་ལྔའི་སྡོམ་པ། རྩ་བའི་དམ་ཚིག་གསུམ་མམ་ལྔའམ་བཅུ་བཞི་སོགས་དང་། ཡན་ལག་གི་དམ་ཚིག་ཉེར་ལྔའམ་བཅུ་དང་བརྒྱད་ལ་སོགས་པ་རྒྱུད་སྡེ་རྣམས་ནས་ཇི་སྐད་གསུངས་པ་ལྟར་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་སྲུང་ཞིང་། ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་པོ་རྒྱུད་ནས་ཇི་སྐད་གསུངས་པ་བཞིན་ཉམས་སུ་ལེན་པ་དང་། གྲོགས་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱད་པས། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་རྡོ་རྗེ་འཆང་གི་གོ་འཕང་ལ་དབང་སྒྱུར་བར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་སྡོམ་པ་གསུམ་པོ་དེ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་ཉམས་སུ་ལེན་སྙམ་ན། འདི་ལ་འཕགས་བོད་གསར་རྙིང་གི་མཁས་པ་རྣམས་བཞེད་པ་མི་འདྲ་བ་མང་ཡང་། དེ་དག་གི་དགག་སྒྲུབ་སོགས་ཀྱི་སྤྲོས་པ་རེ་ཞིག་བཞག་ནས། རང་ལུགས་སྡོམ་གསུམ་རྣམ་ངེས་ལས། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། །རང་ལྡོག་མ་འདྲེས་དགག་དགོས་ཡོངས་རྫོགས་དང་། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །ཅེས་དང་། རྗེ་གཏེར་ཆེན་བླ་མས། དེ་ཡང་རྒྱུད་གཅིག་ཉིད་ལ་སྡོམ་པ་གསུམ། །མཚན་ཉིད་དྲུག་ལྡན་ངོ་བོ་གཅིག་ཏུ་གནས། །ལེན་ཅིང་རྟེན་དང་ཕྱིར་འཆོས་འཁྲུལ་མེད་དུ། །སྤྱོད་པ་སྡེ་སྣོད་གསུང་རབ་ཤེས་ལ་རག །ཅེས་གསུངས་པ་བཞིན་ཁྱད་ཆོས་དྲུག་ལས། དང་པོ་རང་ལྡོག་མ་འདྲེས་པ་ནི། རྣམ་ངེས་ལས། དེ་ཡང་བླང་ཡུལ་བསམ་པ་ཆོ་ག་རྣམས། །སོ་སོར་ངེས་ཕྱིར་རང་ལྡོག་མ་འདྲེས་ཡིན། །ཞེས་པས། སྡོམ་གསུམ་སོ་སོར་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པའི་ཆོ་ག ཇི་སྲིད་དུ་ལེན་པའི་དུས་རྣམས་སོ་སོར་ངེས་པའི་ཕྱིར། རང་རང་གི་ལྡོག་པ་མ་འདྲེས་པར་ཐ་དད་དུ་ཡོད་དོ། །གཉིས་པ་དགག་དགོས་ཡོངས་རྫོགས་ནི། དག་བྱ་ཉོན་མོངས་དགོས་པ་མི་འཆིང་བ། །རང་རང་ལམ་གྱི་ངོས་ནས་ཡོངས་སུ་རྫོགས། །སྤོང་བསྒྱུར་ལམ་དུ་བྱེད་པ་སོ་སོ་ཡང་། །ཉོན་མོངས་རང་མཚན་སྤོང་བར་མཁས་རྣམས་མཐུན། །ཞེས་པས། ཉན་རང་གིས་ཉོན་མོངས་པ་དུག་བཞིན་དུ་སྤོང་བ་དང་། བྱང་ཆུབ་སེམས་དཔས་གཉེན་པོས་བསྒྱུར་བ་དང་། གསང་སྔགས་རྡོ་རྗེ་ཐེག་པས་མི་སྤོང་བར་ལམ་དུ་བྱེད་པ་སྟེ། གསུམ་ཀས་དོན་དུ་ཉོན་མོངས་པ་རང་མཚན་པ་ནི་འགོག་ཅིང་། དེའི་དགོས་པ་ནི་རང་རྒྱུད་འཁོར་བར་མི་འཆིང་བའི་ཐབས་སུ་གནད་གཅིག་གོ །གསུམ་པ་ངོ་བོ་གནས་འགྱུར་ནི། སོ་ཐར་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཉེས་སྤྱོད་སྡོམ་པ་ཞེས་བྱའི་ཚུལ་ཁྲིམས་ཡིན། །དབང་ཐོབ་རྡོ་རྗེ་འཛིན་པའི་སྡོམ་པར་འགྱུར། །དེ་ཕྱིར་ངོ་བོ་གནས་འགྱུར་ཡིན་ནོ་ཞེས། །འབུམ་ཕྲག་ལྔ་པའི་ལུང་གིས་གསལ་བར་གྲུབ། །ཅེས་པས། སྔོན་སོ་ཐར་གྱི་སྡོམ་པ་ཞུས་པའི་སྟེང་དུ་བྱང་སེམས་ཀྱི་སྡོམ་པ་ཞུས་ཚེ། སྔར་གྱི་ཉན་རང་དམན་སེམས་ཀྱིས་བླངས་པའི་སོ་ཐར་གྱི་སྡོམ་པ་དེ་ཉིད། གཞན་ཕན་ལྷག་བསམ་གྱིས་ཟིན་པས་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་གནས་འགྱུར། དེའི་སྟེང་དུ་གསང་སྔགས་ཀྱི་དབང་ཐོབ་ཚེ་མཉམ་པ་ཆེན་པོའི་ཐབས་ཀྱིས་ཟིན་པས་སྔ་མ་གཉིས་ལ་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་བཏང་ནས་རྡོ་རྗེ་འཛིན་པ་སྔགས་ཀྱི་སྡོམ་པ་རུ་གནས་འགྱུར་བའི་ཚུལ། དཔེར་ན་གསེར་འགྱུར་གྱི་རྩིས་རྡོ་ཁམས་ལྕགས་ཟངས་དངུལ་གསུམ་གསེར་དུ་འགྱུར་བ་ལྟ་བུ་སྟེ་འབུམ་ལྔའི་རྒྱུ་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་སོ། །བཞི་པ་ཡོན་ཏན་ཡར་ལྡན་ནི། སྔ་མ་ལས། འཇིག་རྟེན་འཇིག་རྟེན་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཕྱིར་འོག་མ་ཡི། །ཡོན་ཏན་ཡར་ལྡན་འོག་མ་ཟིལ་གྱིས་གནོན། །ཞེས་པས། སྡོམ་པ་འོག་མ་གཉིས་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པར་གནས་འགྱུར་བའི་ཚེ་སྡོམ་པ་འོག་མའི་སྤང་བྱའི་རྣམ་གྲངས་དག་ཀྱང་དེར་འདུས་ཤིང་ཚང་སྟེ། དེ་ཡང་སོ་ཐར་གྱི་གཞན་གནོད་གཞིར་བཅས་སྤོང་བ་དེ་ཉིད་བྱང་སེམས་ཀྱི་གཞན་ལ་ཕན་འདོགས་པའི་ནང་དུ་ཚང་ཞིང་། དེ་གཉིས་ཀའང་གསང་སྔགས་ཀྱི་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་སྟེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཡོན་ཏན་ཡར་ལྡན་གྱིས་གོང་འཕེལ་གྱི་ཚུལ་དུ་གནས་པ་ཡིན་ཏེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་སོ། །ལྔ་པ་སྡོམ་པ་གསུམ་གནད་ཀྱིས་མི་འགལ་བ་ནི། རྣམ་ངེས་ལས། འདུ་ཤེས་གསུམ་གྱིས་འཁྲིགས་ན་རྣལ་འབྱོར་དེ། །ཡུལ་བསམ་སྦྱོར་བ་མཐར་ཐུག་མ་ཚང་བས། །རྨི་ལམ་ཇི་བཞིན་གནད་ཀྱིས་འགལ་མི་སྲིད། །ཅེས་པས། སོ་ཐར་གྱི་ཕམ་པ་འཆབ་བཅས་སྤང་བྱར་བསྟན་པ་ཉིད། བྱང་སེམས་ཀྱིས་གཞན་ལ་ཕན་ན་སྤྱད་པར་བསྟན་པ་དང་། སྔགས་ཀྱི་སྐབས་སུ་དེ་དག་མ་སྤྱད་ན་དམ་ཚིག་ཉམས་པར་བསྟན་པ་ནང་འགལ་བ་ལྟར་སྣང་ཡང་། དོན་དུ་དེ་གསུམ་གང་ཡིན་ཡང་ཉོན་མོངས་རང་མཚན་པ་ནི་སྤོང་བ་ཡིན་པས་ལས་མ་བསགས་ཤིང་དེ་མ་བསགས་པས་འབྲས་བུ་སྡུག་བསྔལ་མི་བསྐྱེད་པས། རྣམ་པ་ཉོན་མོངས་ལྟར་སྣང་ཡང་དོན་དུ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་ཉོན་མོངས་པའི་གཟུགས་བརྙན་ཡིན་པས་གནད་གཅིག་ཏུ་འབབ་པ་ཡིན་ཏེ། གསང་སྙིང་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་དང་། ཡེ་ཤེས་རྒྱས་པའི་མདོ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་སོ། །དྲུག་པ་དུས་སྐབས་གཙོ་བོར་བྱེད་པ་ནི། །རྣམ་ངེས་ལས། སྡིག་ཏོ་མི་དགེའི་ཕྱོགས་དང་ཚོགས་པའི་གསེབ། །འོག་མ་གཙོར་བྱེད་འདོད་པས་དབེན་པ་དང་། །སྤྱོད་པའི་དུས་དང་དབེན་པར་གསང་སྔགས་སྤྱད། །ནང་མ་འདོམ་ན་མ་འདྲེན་ཡོངས་རྫོགས་བསྲུང་། །འདོམ་ན་དགག་དགོས་བརྩི་ཞེས་མཁས་རྣམས་བཞེད། །ལས་དང་པོ་དང་རྣལ་འབྱོར་གྲུབ་ཐོབ་དང་། །ཐམས་ཅད་མཁྱེན་པའི་སྤྱོད་པ་གང་ཡིན་པ། །དུས་ཚོད་འབྲེལ་བར་དགོས་ཞེས་དུས་འཁོར་བཤད། །ཅེས་ལས་དང་པོ་བའི་དུས་དང་། མི་དགེ་བ་མང་དུ་དར་བའི་ས་ཕྱོགས་དང་། ཚོགས་པ་མང་པོའི་གསེབ་ཏུ་ནི་འདུལ་བ་གཙོ་བོར་བྱེད་ཅིང་རབ་བྱུང་གིས་ཆས་སྤྱོད་ཁོ་ནར་བྱེད་པ་དང་། འདོད་པའི་ཡུལ་ལྔ་ལ་རང་འདོད་ཀྱི་ཞེན་པ་མེད་པ་དང་། རྟོགས་པས་ཡུལ་རྐྱེན་ཐུབ་པའི་དུས་རྣལ་འབྱོར་པའི་སྤྱོད་པ་སྐྱོང་བ་སོགས་མདོར་ན་སྤྱོད་པ་དུས་ཚོད་དང་འབྲེལ་བ་འདི་ནི་རང་རེ་སྔ་འགྱུར་པའི་ལུགས་དྲི་མ་མེད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་ལྟར་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་ལྟར་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་སོ། །མདོར་ན་དུས་འཁོར་འགྲེལ་ཆེན་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་གསུངས་པ་ལྟར་སྤྱོད་པ་དུས་ཚོད་དང་འབྲེལ་བ་གལ་ཆེ་ཞིང་། ཁྱད་པར་སྡོམ་གསུམ་སོ་སོའི་ཐོབ་ཚུལ་དང་གནང་བཀག ཉེས་ལྟུང་འབྱུང་བའི་རྒྱུ། ལྕི་ཡང་གི་ལྡང་ཚད། ལྟུང་དང་ལྟུང་མེད་ཀྱི་དབྱེ་བ་ལས། བཤགས་ཚད་ལས་འདས་མ་འདས་དང་གསོར་རུང་མི་རུང་གིས་མཚམས་སོ་སོའི་ལུགས་ཀྱི་ཕྱིར་བཅོས་བྱ་ཚུལ་སོགས་ཞིབ་པར་རྣམ་འགྲེལ་དཔག་བསམ་སྙེ་མ་སོགས་ཚད་ཐུབ་ཀྱི་གཞུང་ཆེན་པོ་རྣམས་ལ་གོམས་འདྲིས་ཀྱིས་ངེས་པར་བྱས་ཏེ། རྟག་ཏུ་དྲན་ཤེས་བག་ཡོད་དང་མ་འབྲལ་བར་རང་རྒྱུད་ཉེས་ལྟུང་གིས་མ་གོས་པར་བསྔོ་བགྲང་བྱ་སྟེ། རྡོ་རྗེ་བཀོད་པ་ལས། མདོར་ན་བདག་གི་སྒོ་གསུམ་པོ། །དག་པ་གསུམ་གྱིས་མཐའ་བཟུང་ནས། །ལྷ་དང་གྲོགས་དང་སློབ་དཔོན་དང་། །བདག་ཉིད་བདག་ལ་མ་ཁྲེལ་བའི། །ཚུལ་གསུམ་མི་གཏོང་དང་བཅས་གསུམ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དོན་དྲན་ལ་བསྔོ་བགྲང་བྱ། །ཞེས་གསུངས་པ་ལྟར། རང་གི་སྒོ་གསུམ་པོ་བྱ་བ་མ་ཡིན་པ་ལས་ལྡོག བྱ་བར་འོས་པ་ལ་འཇུག་སྟེ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་མཆོད་པ་སོགས་ཀྱི་སྒོ་ནས། ཡོན་ཏན་མངོན་པར་སྒྱུབ་ཅིང་། དགེ་བའི་ཆོས་བསྡུ་བ་དང་སེམས་ཅན་གྱི་དོན་བྱ་བ་རྣམས་ཇི་ལྟར་རང་གི་བློ་ཡི་ནུས་ཚོད་དང་སྦྱར་ཏེ། སྒོམ་སྒྲུབ་ལྷས་མ་ཁྲེལ། དད་མོས་སློབ་དཔོན་གྱིས་མ་ཁྲེལ། བརྩེ་གདུང་གྲོགས་ཀྱིས་མ་ཁྲེལ། གཡོ་སྒྱུའི་རང་སེམས་ཀྱིས་མ་ཁྲེལ་བར་བྱ་སྟེ། ཀུན་གཟིགས་རོང་པས་དམ་ཚིག་མདོ་རྒྱས་སུ། མདོར་ན་རྣམ་པ་ཐམས་ཅད་དུ། སེམས་བསྲུང་སྡོམ་བརྩོན་མ་གཏོགས་པ། །སྡོམ་པ་གཞན་བརྩོན་ཅི་ཞིག་དགོས། །ཞེས་གསུངས། ཐ་ནའང་སོ་ཐར་གྱི་སྡོམ་ཁྲིམས་རྩ་བཞི་ཆང་ལྔ་ངོས་ལྐོག་མེད་པར་བསྲུང་བའི་སྟེང་། བྱང་སེམས་ཀྱི་བསླབ་པ་འགྲོ་སྒྲོལ་གྱི་སླད་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་པ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་དགེ་རྩ་ཅི་བྱེད་དམ་པ་གསུམ་གྱིས་ཟིན་པར་བྱ་ཞིང་། དེའི་སྟེང་དུ་གསང་སྔགས་ཀྱི་དམ་ཚིག་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་མ་འགལ་བར་སྒོ་གསུམ་རྡོ་རྗེ་གསུམ་དུ་ཤེས་པས་བསྐྱེད་བཟླས་རྫོགས་གསུམ་ལ་ཅི་ནུས་སུ་བརྩོན་པར་བྱ་དགོས་ཏེ། དེ་ལྟར་བརྩོན་པའི་ཕན་ཡོན་ཀྱང་། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས། གལ་ཏེ་བག་མེད་པ་དང་ཉོན་མོངས་སྟོབས་ཆེན་སོགས་ཀྱིས་ཉེས་ལྟུང་བྱུང་ཡང་དེ་འཕྲལ་དུ་བཤགས་ཏེ་སྡོམ་པ་སླར་བླང་བ་སོགས་ལ་བརྩོན་པར་བྱ་ཞིང་། དེ་ཡང་སོ་ཐར་གྱི་ཕམ་པ་འཆབ་བཅས་རྫའི་བེའུ་ཆག་པ་ལྟར་གསོར་མི་རུང་བར་གསུངས་པའང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས་གསོར་རུང་བས་མཚོན། གསང་སྔགས་ཀྱི་སྡོམ་པའི་བར་རིམ་གྱིས་འོག་མ་འོག་མ་ལ་བརྟེན་ཅིང་གོང་མ་གོང་མ་བླང་བ་ཡིན་ན་གོང་མའི་མཐུ་ལ་བརྟེན་ནས་འོག་མ་སོར་གཞུག་ཅིང་། གསང་སྔགས་ཀྱི་ལུགས་ལའང་བུམ་དབང་སོགས་བཞི་པོ་སྔ་མ་སྔ་མའི་དམ་སྡོམ་ཉམས་པ་ཕྱི་མ་ཕྱི་མ་ལ་བརྟེན་ནས་གསོ་ནུས་པ་དང་། གོང་མ་གོང་མ་ཉམས་ན་དེ་ཐབས་འོག་མས་བསྐང་མི་ནུས་པར་དམ་ཚིག་མདོ་རྒྱས་ཀྱི་གཞུང་དེ་ཉིད་ལས་གསུངས་ཏེ། ཕམ་ལྟུང་ཆེན་པོ་བྱུང་ཡང་སེམས་སྟོབས་སླར་བསྐྱེད་དེ། །བྱང་ཆུབ་སེམས་ལ་བརྟེན་ནས་དེ་ཉིད་སླར་བླང་བྱ། །ཐེག་མཆོག་སྨོན་པ་བློ་གྲོས་གླང་པོའི་སྟོབས་བསྐྱེད་ནས། །སྡོམ་པ་གང་ཤོར་དེ་གང་བླང་ཡང་མི་ཐོབ་མེད། །རྟ་རྒོད་རང་གི་སྟོབས་ཀྱིས་ཤོར་ཅིང་འཁྱམས་པ་དང་། །གླང་ཆེན་མགྲིན་པར་བཏགས་ན་འཛིན་ཅིང་རྗེས་སུ་འབྲང་། །འཇིག་རྩིའི་རྐྱེན་གྱིས་ཞིག་པའི་ལྕགས་རོ་བོར་བ་ཡང་། །བཅུད་ལེན་རྩི་དང་འཕྲད་ན་སླར་ཡང་བཟང་པོར་འགྱུར། །བསླབ་པ་གཞན་གྱི་ཡོན་ཏན་མཐོང་གྱུར་ཀྱང་། །རང་གི་སྡོམ་པ་སྔ་མ་མི་དབྲི་ཞིང་། །སྡོམ་པ་སྔ་ཕྱི་བརྗེ་བར་མི་བྱ་སྟེ། །ཅི་ནུས་སྔ་མ་བསྣན་ཞིང་ཕྱི་མ་སྤེལ། །ཞེས་སོ། །དེའི་རྒྱུ་མཚན་ཡང་། གསང་སྔགས་ཀྱི་སྡོམ་པ་ཐབས་ཆེ་ལ་སྒོ་ཡངས་པར་གསུངས་པས། སེམས་ཅན་གྱི་རྣམ་པར་རྟོག་པ་ཇི་སྙེད་པ་མི་འདུལ་བ་མེད་དོ། །ཞེས་གསུངས་པས། གསང་སྔགས་ཀྱི་སྡོམ་པ་ནི་སོ་ཐར་བྱང་སེམས་ཀྱི་སྡོམ་པ་ལས་ཁྱད་པར་བདུན་གྱིས་འཕགས་ཏེ། ཐམས་ཅད་སངས་རྒྱས་པར་རྟོགས་པས་ཀུན་ཏུ་བཟང་པོའི་ཕྱག་རྒྱས་ཐེབས་པ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་རྣམས་ཀྱིས་བཀུར་གནས་སུ་མཐོང་བས་མཐུ་དང་བྱིན་རླབས་འཕགས་པ་དང་། རྒྱལ་བ་སྲས་དང་བཅས་པས་རྒྱུད་དག་པ་ལ་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བས་རྒྱུ་རྐྱེན་དེའི་མཐུས་དངོས་གྲུབ་མྱུར་བ་དང་། བདེ་གཤེགས་རྣམས་དང་སྤྱོད་ཡུལ་མཐུན་པ་དང་། འཁོར་བ་དང་ངན་སོང་གིས་མི་འཇིགས་ཤིང་དབུགས་ཕྱིན་པ་ཡང་། སྡོམ་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་རྣམ་པར་དག་པ་དང་། ཉམས་ཀྱང་གཞན་ལ་ལྟོས་པ་མེད་པར་རང་གི་རྩལ་གྱིས་སྐོང་བར་འགྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ནོར་བུ་རིན་ཆེན་རྙེད་པའི་མིས། །འཇིག་རྟེན་སོ་ནམ་མི་དགོས་བཞིན། །མ་བསྒོམས་སེམས་ཀྱི་དོན་རྟོགས་ན། །ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་མཆོག །ཅེས་གསུངས་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོ་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བ་རང་བཞིན་རྫོགས་པ་ཆེན་པོའི་དོན་རྟོགས་ན་དམ་ཚིག་དང་སྡོམ་པ་ཐམས་ཅད་མཐར་ཕྱིན་པ་ཡིན་ནོ། །དེས་ན་དེ་ལྟར་ཤེས་ནས་ཚུལ་བཞིན་དུ་བརྩོན་པས། གནས་སྐབས་གྲགས་པ་འཕེལ་ཞིང་འཁོར་དང་ལོངས་སྤྱོད་འདུ། བར་ཆད་ཞི་ཞིང་བསམ་པ་ཡིད་བཞིན་དུ་འགྲུབ། རྟག་ཏུ་ལྷ་དང་བླ་མས་བྱིན་གྱིས་རློབ་ཅིང་མཁའ་འགྲོ་དང་ཆོས་སྲུང་འདུ། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ཐམས་ཅད་ཆུད་མི་ཟ་ཞིང་། མཐར་ཐུག་བླ་མེད་བྱང་ཆུབ་ཀྱི་འབྲས་བུ། རབ་ཚེ་འདི་ཉིད་དང་། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ནས་ལམ་གྱི་སྦྱང་བ་འཕྲོ་མཐུད་དེ་དཀའ་བ་མེད་པར་འགྲུབ་པར་གདོན་མི་ཟ་སྟེ། མདོར་ན་དཀར་ཆོས་ཡོན་ཏན་ཀུན་གྱི་གཞི་དང་སྲོག་འཛིན་པ་ཡིན་པས་བདག་ལེགས་སུ་འདོད་པ་དག་གིས་བརྩོན་པ་ཆེན་པོས་འབད་དེ་རྟག་ཏུ་བསྲུང་བར་བྱ་དགོས་ཏེ། པཎ་ཆེན་ཆོས་ཀྱི་བཟང་པོས། དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཇི་ལྟར་སྐྱེ་བུ་སྲོག་དབང་འགགས་གྱུར་ན། །དབང་པོ་གཞན་རྣམས་གནས་པར་མི་འགྱུར་བཞིན། །དམ་ཚིག་སྲོག་གི་དབང་པོ་འགགས་གྱུར་ན། །དགེ་བའི་དབང་པོ་གཞན་རྣམས་གནས་མི་འགྱུར། །དེ་ཕྱིར་ཐར་པ་འདོད་པས་དད་བརྟེན་ནས། །དགེ་བའི་གཞི་སྲོག་སྡོམ་ལ་ནན་ཏན་བསྐྱེད། །ཅེས་དང་། དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡིས་སྨོན་པ་ཀུན་འགྲུབ་ཅིང་། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་སྲུང་། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པ་མཛད། །ཏིང་འཛིན་ཡོན་ཏན་དཔག་ཡས་ཤིང་། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུང་པ་བཞིན་ནོ། །དེ་ལྟར་རང་ལུགས་རྣམ་པར་དག་པའི་ཕྱོགས་ཀྱི་སྡོམ་པ་གསུམ་ཉམས་སུ་ལེན་ཚུལ་གནད་འགག་གང་གཙོ་རགས་པ་ཙམ་ཞིག སྔོན་གྱི་དམ་པ་རྣམས་ཀྱི་གསུང་སྒྲོས་དང་། དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལས་ཐོས་པའི་དོན་རང་བློར་གང་ངེས་ཙམ་ཞིག་ཞུས་ཟིན་པ་ལགས་ན། འདི་ལ་བདག་བློ་དམན་པའི་སྐྱོན་གྱིས་འགལ་འཁྲུལ་ནོངས་པ་གང་མཆིས་སྙིང་ནས་བཤགས་ཤིང་། དགེ་བས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པ་ཉིད་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེར་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་མཛད་ཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། དགེ་འདུན་འདུས་པའི་སྡེ་རྣམས་རྟག་ཏུ་ཐུགས་མཐུན་ཞིང་ཁྲིམས་གཙང་། ལམ་བསླབ་པ་གསུམ་གྱི་ཉམས་བཞེས་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གོང་ནས་གོང་དུ་འཕེལ་ཞིང་། དེའི་མཐུས་ཡངས་པའི་རྒྱལ་ཁམས་ཀུན་ཏུ། ཆར་ཆུ་དུས་སུ་བབས། ལོ་ཕྱུགས་རྟག་ཏུ་ལེགས། ནད་མུག་མཚོན་འཁྲུགས་སོགས་བསྐལ་ངན་དུས་ཀྱི་རྒུད་པ་མཐའ་དག་ཞི་ཞིང་། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པ་དང་། བདག་ཅག་དཔོན་སློབ་འདིར་འདུས་ཤིང་འཚོགས་པ་ཐམས་ཅད་ཀྱང་། སྡོམ་གསུམ་ལ་ཉེས་ལྟུང་གི་དྲི་མས་མ་གོས་ཤིང་། རང་དོན་དུ་ཐོས་བསམ་བསྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་སྟེ། མཁས་ཚུལ་དགུའི་ཕྲིན་ལས་དབྱར་གྱི་གངྒཱ་བཞིན་གོང་ནས་གོང་དུ་འཕེལ་ཞིང་། མཐུར་ཐུག་འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ་སྟོན་འཁོར་ཚོམ་བུ་གཅིག་ཏུ་མངོན་པར་བྱང་ཆུབ་པའི་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་ཞུ་ལགས། སྲིད་ཞིའི་དཔལ་འབྱོར་སོགས་དང་། མདོ་སྔགས་བསྟན་པའི་སྲོག་ཤིང་སྨིན་གླིང་པ། །ཡོངས་རྫོགས་བསྟན་པའི་སྙིང་པོ་མཛོད་ཆེན་ལྔ། །རིགས་ལམ་སེང་གེའི་སྒྲ་སྒྲོགས་ཨ་ཛི་ཏའི། །རིང་{རིགས་}ལུགས་ཕྱོགས་མཐར་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །བློ་མཆོག་མངའ་རྣམས་གསུང་གི་རྗེས་འབྲང་ནས། །བློ་གསལ་དོན་གཉེར་ཅན་གྱིས་བསྐུལ་བའི་ངོར། །བློ་གྲོས་རྒྱ་མཚོས་བྲིས་དགེས་རང་གཞན་འགྲོ། །བློ་ལྡན་མཆོག་སྲས་གོ་འཕང་མངོན་བྱེད་ཤོག །ཅེས་པའང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རང་གནས་ཞེ་ཆེན་ཡང་དབེན་དུ་བྲིས་པ་དགེ། །།


previousསྡོམ་གསུམ་འགལ་མེད་ཉམས་ལེན་གནད་བསྡུས་ཀྱི་ཚོགས་བཤད་པུཎྜ་རི་{རཱི}ཀའི་ཕྲེང་བ།next