Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
   
   
སྒྱུ་འཕྲུལ་གསང་བ་སྙིང་པོའི་སྤྱི་དོན་གྱི་ཚོགས་བཤད་ནོར་བུའི་ཕྲེང་བ།
   
   
   
   


 
previousསྒྱུ་འཕྲུལ་གསང་བ་སྙིང་པོའི་སྤྱི་དོན་གྱི་ཚོགས་བཤད་ནོར་བུའི་ཕྲེང་བ།next

སྒྱུ་འཕྲུལ་གསང་བ་སྙིང་པོའི་སྤྱི་དོན་གྱི་ཚོགས་བཤད་ནོར་བུའི་ཕྲེང་བ།

༄༅། །སྒྱུ་འཕྲུལ་གསང་བ་སྙིང་པོའི་སྤྱི་དོན་གྱི་ཚོགས་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཛྙཱ་ན་ཀཱ་ཡ་ཡ། གཞི་རྒྱུད་དག་མཉམ་བདེན་པ་དབྱེར་མེད་ཆེ། །ལམ་རྒྱུད་ཐབས་གྲོལ་མན་ངག་ཟབ་མོའི་མཐུས། །འབྲས་རྒྱུད་སྐུ་བཞི་ཡེ་ཤེས་ལྔར་སྦྱར་བའི། །བླ་མ་ཧེ་རུ་ཀཿཡིས་དགེ་ལེགས་སྩོལ། །འོག་མིན་ཆེན་པོར་གསང་ཆེན་རྒྱུད་སྡེའི་བཅུད། །དུས་བཞི་མཉམ་པ་ཉིད་དུ་ལེགས་གསུངས་པ། །གསང་བདག་བཀའ་བསྡུས་རིགས་ཅན་དྲྭ་མ་ལྔ། །སྐལ་ལྡན་རྒྱལ་པོ་ཛ་ཡི་སྐལ་བར་བབས། །དེ་ལས་མི་ཡི་རིག་འཛིན་གྲངས་མེད་པ། །ཚོམ་བུ་དང་བཅས་མི་སློབ་ཟུང་འཇུག་ཆེར། །མངོན་དུ་སྦྱོར་བའི་ཉེ་ལམ་ཟླ་མེད་པ། །མདོ་སྒྱུ་སེམས་ཕྱོགས་རིང་ལུགས་འདི་རྨད་བྱུང་། །དེ་ལས་སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །གཉགས་གནུབས་ཟུར་གསུམ་ཀུན་མཁྱེན་ཀློང་རོང་དང་། །ཁྱད་པར་མྱོས་སྟོན་སྐུ་མཆེད་བཀའ་དྲིན་ལས། །དེང་དུས་མ་ཉམས་སྤྱོད་ཡོད་ངོ་མཚར་འབར། །དེ་སླད་བརྒྱུད་པའི་བཀའ་དྲིན་འཚོབ་འདོད་བློས། །སྤྱི་དོན་རགས་པར་འགྲོལ་བའི་ལེགས་བཤད་སྐྱེས། །ངོ་མཚར་ནོར་བུའི་ཕྲེང་བ་འབུལ་སྤྲོ་ན། །བརྩེ་བས་དགོངས་ལ་གནང་བའི་སྐབས་སྩོལ་ཅིག །དེང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ། སྟོན་པ་རྡོ་རྗེ་རྒྱལ་པོས་དབུ་མཛད། འཕགས་ཚོགས་རིག་པ་འཛིན་པའི་དགེ་འདུན་འདུས་པའི་ཚོགས་གྲལ་དུ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་འཕྲོ་གཞིའམ་རྩ་བར་གྱུར་པ། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་སྤྱི་དོན་རགས་པ་ཙམ་ཞིག་གསོལ་ན། རྣ་རྒྱུད་ལུང་གི་ཕྲེང་བར་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡི་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་གསུངས་པ་ལྟར། ཐོག་མར་བརྒྱུད་པའི་ཁུངས་དང་ལོ་རྒྱུས་ལ། སྤྱིར་འོག་མིན་དང་། རི་རབ་ཀྱི་རྩེ་དང་། འཛམ་བུ་གླིང་འདིར་བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མིའི་གདུལ་བྱ་རྣམས་ཀྱི་དོན་དུ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དང་། སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། ཤཱཀྱ་ཐུབ་པ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཚུལ་གྱི་གླིང་གཞི་རྣམ་པ་གསུམ་སོགས་འཆད་ཚུལ་མང་དུ་ཡོད་ཀྱང་། ད་ལམ་གྱི་སྐབས་སུ། བཤད་རྒྱུད་རྒྱས་པ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། རྒྱལ་བ་ཀུན་ཏུ་བཟང་པོས་འོག་མིན་ཆེན་པོའི་གནས་སུ། ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ་ལ། ཆོས་འོད་གསལ་གྱི་དགོངས་པ་ཟང་ཐལ་དུ། དུས་རྒྱུན་ཆད་མེད་པར་གསུངས་པའོ། །གཉིས་པ་རིག་འཛིན་བརྡ་བརྒྱུད་ནི། རྒྱལ་བ་རིགས་ལྔས་རྒྱས་སྲས་སེམས་དཔའི་འཁོར་ལ། བརྗོད་མེད་རིག་པའི་གསུང་དབྱངས་ཀྱི་བརྡས་གོ་བར་མཛད་དོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས། འཇམ་དཔལ་གྱིས་ལྷའི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། སྤྱན་རས་གཟིགས་ཀྱིས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དེ་ལྟར་རིམ་པར་ལྷ་ཀླུ་གནོད་སྦྱིན་གྱི་རིག་འཛིན་རྣམས་ལ་དར་བར་མཛད་པ་སྟེ། བརྒྱུད་པ་འདི་གསུམ་ལ་ངོས་འཛིན་གྱི་འཆད་ཚུལ་གཞན་ཡང་ཡོད་དོ། །དེ་ནས་མི་ཡུལ་དུ་དར་ཚུལ་ནི། སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་གནང་བར་འགྱུར། །ཞེས་གསུངས་པ་དང་མཐུན་པར། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལས་ལངས་ནས། རྫུ་འཕྲུལ་གྱི་བྱ་བས་རི་མ་ལ་ཡའི་རྩེར་འདུས་ནས། ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ཏེ། གདུང་ཚིག་ཉེར་གསུམ་པ་བཏོན་པས། སྟོན་པ་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོ་ཉིད། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ནས། སྔར་འོག་མིན་དུ་གསུངས་པ་ཉིད་བཟླས་ཏེ་གསུངས་པ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁར་སྦས་སོ། །དེའི་ཚེ་ཟ་ཧོ་རའི་རྒྱལ་པོ་ཛཿལ་རྨིས་ལྟས་ངོ་མཚར་བ་བདུན་བྱུང་བ་དང་མཐུན་པར། རྒྱུད་སྡེའི་གླེགས་བམ་རྣམས་དངོས་སུ་མི་ཡུལ་དུ་བབས་པ་ལས། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་རྒྱལ་པོ་ཛས་སློབ་དཔོན་ཀུ་ཀུ་རཱ་ཛ་དང་། དེས་སེང་ཧ་རཱ་ཛ་སོགས་ལ་བསྟན་ཏེ། རིམ་པར་འཁོར་ཚོམ་བུ་དང་བཅས་པ་རིགས་འཛིན་གྱི་སར་གཤེགས། དེ་ནས་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལས། པཎ་ཆེན་བི་མ་ལ་དང་པདྨ་གཉིས་ཀྱིས་གསན་ཏེ། ལོ་ཙཱ་བ་རྨ་གཉགས་སོགས་ལ་བརྒྱུད་དེ་བདེ་གཤེགས་ཟུར་ཆེ་ཆུང་སོགས་ལ་བཀའ་བབས། ཕྱིས་སྙིང་པོའི་རྒྱུད་བཤད་གཙོས་སྔ་འགྱུར་བཀའ་གཏེར་གྱི་བརྒྱུད་པ་མཐའ་དག་ཉག་ཕྲར་གྱུར་པའི་སྐབས། ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་གཉིས་བསམ་བཞིན་སྐྱེ་བ་བཞེས་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་དང་། ལོ་ཆེན་དྷརྨ་ཤྲཱི་སྐུ་མཆེད་ཀྱིས་འབད་པ་ཆེན་པོས་བཙལ་ཞིང་སྒྲུབ་དཀྱིལ་འགྲེལ་ཊཱི ཀསོགས་ལེགས་བཤད་ཕུལ་དུ་བྱུང་བ་ཡི་བསྟན་བཅོས་ཀྱང་མང་དུ་མཛད་དེ་སྤེལ་བའི་རྒྱུན་ལས་ད་ལྟའི་བར་དུ་མ་ཉམས་པར་བཞུགས་སོ། །དེ་ལྟ་བུའི་བརྒྱུད་པ་ཟམ་མ་ཆད་པ་ལས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་འདི་ཉིད་ལ་འཆད་ཚུལ་གྱི་རྣམ་པ་མང་ཡང་། འདིར་ནི་པཎ་ཆེན་བི་མ་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། ཐ་མ་འབྲུ་རེ་གཉེར་བའོ། །ཞེས་གསུངས་པ་ལྟར་གྱི། སྔ་མ་གཉིས་པོ་མདོ་ཙམ་ཞུ་བ་ལ། ཐོོག་མར་མཚན་བསྟན་པ་ནི། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་གསུངས་པས། རྒྱུད་དང་མཐུན་པའི་མཚན་རྡོ་རྗེ་སེམས་དཔའ་སྒྱུར་འཕྲུལ་དྲྭ་བ་ཞེས་བྱ་སྟེ། རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པས་ཤེས་རབ་སྟོང་པ་ཉིད་དང་། སེམས་དཔའ་ནི་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཏེ། དེ་ཡང་ཤེས་རབ་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་འཇུག་རང་བཞིན་གྱིས་རྣམ་པར་དག་པས་རྡོ་རྗེ་ལྟར་བརྟན་པས་སམ། དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་མཉམ་པ་ཉིད་དུ་བསྡུས་པས་སམ། དེ་ཉིད་མངོན་གྱུར་དུ་རྟོགས་པའི་ཆ་ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། སྔ་མ་གཉིས་པོ་གཞི་འབྲས་གཉིས་སུ་མེད་པའི་སེམས་ཉིད་ཀྱི་གནས་ལུགས་ཀྱི་ངོས་ནས་དང་། ཕྱི་མ་ནི་འབྲས་བུ་མངོན་གྱུར་སྣང་ལུགས་ཀྱི་ངོས་ནས་བཞག་ལ། གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པའི་ཕྱིར། དེ་ཉིད་མཚོན་བྱེད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་ལའང་དེ་སྐད་ཅེས་གྲགས་སོ། །སྒྱུ་འཕྲུལ་དྲྭ་བ་ནི། ཐབས་དང་ཤེས་རབ་འབྲེལ་བའམ་ཟུང་འཇུག་གི་དོན་ཏེ། དེ་ཡང་རྒྱུ་འབྱུང་བ་རིས་སུ་མ་ཆད་པ་ལས་འབྲས་བུ་ཕུང་ལྔར་འཕྲུལ་བའི་ཕྱིར་རྟོག་ཚོགས་སྒྱུ་དྲྭ། ཤེས་རབ་དབྱིངས་སྟོང་པ་ཉིད་ཀྱི་རྩལ་སྣང་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་སུ་འཆར་བས་དེ་གཉིས་ཟུང་དུ་འཇུག་པ་ནི་ངེས་དོན་སྒྱུ་དྲྭ། དེ་ཉིད་ཀྱི་རྟགས་ཀྱི་ཕྱག་རྒྱ་ལྷ་ཡབ་ཡུམ་ཐབས་ཤེས་ཞལ་སྦྱོར་རམ་ཟུང་འབྲེལ་དུ་སྟོན་པ་ནི་དྲང་དོན་སྒྱུ་དྲྭ། ཕུང་ཁམས་སོགས་རྟོག་ཚོགས་ཀྱི་ཆོས་རྣམས་ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ་གནས་པ་ཆོས་ཅན་དང་ཆོས་ཉིད་དུ་འབྲེལ་བ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་དྲྭ་སྟེ། དེ་ལྟ་བུའི་གཞི་འབྲས་གཉིས་པོ་ཤེས་ཐོབ་བྱ་[ཐོབ་ཞུ་མཆན། ]བྱེད་དང་འབྲེལ་བའི་ལམ་གྱི་རྒྱུད་དང་། དེ་མཚོན་བྱེད་ཡི་གེའི་རྒྱུད་ལའང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱའོ། །གཉིས་པ་ལུང་དང་མཐུན་པ་ཆེ་བ་ལས་མཚན་དུ་བཏགས་པ་ལུང་གི་སྤྱི་ནི། སྟོན་པས་གདུལ་བྱའི་བློ་རིམ་དང་འཚམས་པར་བསྟན་པའི་རྣམ་གྲངས་ནི་ཟབ་ཅིང་རྒྱ་ཆེ་བས་རྒྱ་མཚོའི་རྒྱུད་དེ། དེ་ལྟར་བུའི་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་འདིའི་ནང་དུ་སྟོན་པའི་ཕྱིར་དང་། བསྟན་པ་དང་ཐེག་པ་ཐམས་ཅད་རྒྱུད་འདིས་རྫོགས་པར་སྟོན་པའི་ཕྱིར་དང་། དེ་ཐམས་ཅད་ཀྱང་འདི་ཉིད་རྟོགས་པའི་ཐབས་སུ་སྟོན་པའི་ཕྱིར། ཐེག་པ་ཐམས་ཅད་ཀྱི་དོན་རྒྱུ་འདི་ལ་ཡོངས་སུ་རྫོགས་པས་ལུང་གི་སྤྱི་ཞེས་བཤད་ལ། དེ་ཡང་གསང་བ་སྤྱི་རྒྱུད་ལྟ་བུ་མ་ཡིན་པར་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་ལུང་གི་སྤྱི་ཡིན་པས་ན། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་བྱའོ། །གསུམ་པ་དོན་རང་གི་ངོ་བོ་ལས་བཏགས་པའམ་མན་ངག་དང་མཐུན་པའི་མཚན་གླེགས་བམ་གྱི་ཀླད་དུ་དཀོད་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ་ཞེས་པ་སྟེ། གསང་བ་ནི་གཞི་རྒྱུད་རྟོགས་དཀའ་བ་དང་། སྙིང་པོ་ནི་ལམ་གྱི་རྒྱུད་དེ་བསྟན་པ་ཐམས་ཅད་ཀྱི་བཅུད་འདུས་པ་དང་། དེ་ཁོ་ན་ཉིད་ནི་གཞི་མི་འགྱུར་བ་དང་ལམ་གྱིས་དེ་རྟོགས་པ་ལ་མི་བསླུ་བ་དང་། ངེས་པ་ནི་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པའི་དོན་ནོ། །ཡང་ན་གཞི་རྒྱུད་དེ་བཞིན་ཉིད་རྟོགས་དཀའ་ཞིང་ཀུན་གྱི་སྙིང་པོར་བཞུགས་པས་གསང་བའི་སྙིང་པོ། ལམ་རྒྱུད་ནི་གཞི་རྟོགས་པ་དང་འབྲས་བུ་ཐོབ་པ་ལ་མི་བསླུ་བས་དེ་ཁོ་ན་ཉིད། འབྲས་བུའི་རྒྱུད་ནི་སྐུ་དང་ཡེ་ཤེས་སུ་ངེས་པའོ་ཞེས་བཤད་ཀྱང་རུང་སྟེ། རྡོ་རྗེའི་ཚིག་ཡིན་པའི་ཕྱིར། དེ་ལྟར་མཚན་དོན་སྨོས་པས། སྨན་པ་མཁས་པས་ནད་པའི་ལག་གི་རྩ་ལ་བརྟེན་ནས་ལུས་མགོ་མཇུག་གི་ནད་ཐམས་ཅད་ངོས་ཟིན་པ་བཞིན་དུ། དབང་རབ་ཀྱིས་རྒྱུད་ལུང་མན་ངག་གི་མཚན་གསུམ་པོ་དེ་ལ་བརྟེན་ནས་རྒྱུད་དབུ་ཞབས་ཀྱི་དོན་རྟོགས་པ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཙམ་བརྡ་འཕྲོད་པ་དང་། ཐ་མས་ཀྱང་སྨན་སྣོད་ཀྱི་ཁ་བྱང་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །གཉིས་པ་སྤྱི་དོན་དངོས་རྣམ་པར་བཞག་པ་ལ། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་གཉིས་ལས། དང་པོ་ལ། རྒྱུད་འབྱུང་བའི་གླེང་གཞི། རྐྱེན་གླེང་སློང་། འབྲས་བུ་ཡོངས་ཤེས་ཀྱི་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ་ལས། དང་པོ་གླིང་གཞིའི་ངོ་བོ་ནི། གནས་གང་དུ། སྟོན་པ་གང་དུ། འཁོར་གང་དང་། དུས་ལྷན་ཅིག་ཏུ་འཚོགས་པ་དེའི་ཚེ། རྒྱུད་དོན་འབྱུང་བར་ངེས་པའི་ཕྱིར་ཕུན་སུམ་ཚོགས་པ་ལྔའོ། །ངེས་ཚིགས་ནི། དཱ་ནའི་སྒྲ་ལས་སྦྱིན་པ་སྟེ། བཀའ་ཡིན་མིན་དུ་རྟོག་པའི་ཐེ་ཚོམ་ཅན་ལ། ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བཤད་པས་ཡིད་ཆེས་ཀྱི་ངེས་པ་སྦྱིན་པའི་ཕྱིར་རམ། ཡང་ན་གང་གླེང་བར་བྱ་བའི་རྒྱུད་ཀྱི་དོན་འབྱུང་བའ་ིགཞིར་གྱུར་པས་ན་གླེང་གཞིའོ། །དབྱེ་ན་ཐུན་མིན་དང་ཐུན་མོང་གཉིས་ལས། དང་པོ་ལ། ནང་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོ་ལྟར་བཤད་པ་དང་། གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བ་ལྟར་བཤད་པ་གཉིས་ལས། དང་པོ་ནི། གནས་ཕུན་སུམ་ཚོགས་པ་སྙིང་ག་ཆོས་ཀྱི་འཁོར་ལོ། སྟོན་པ་ཕུན་སུམ་ཚོགས་པ་སྲོག་མི་ཤིགས་པའི་ཐིག་ལེས། འཁོར་ཕུན་སུམ་ཚོགས་པ་རྣམ་ཤེས་ཚོགས་བརྒྱད་ལ། ཆོས་ཕུན་སུམ་ཚོགས་པ་གནས་ལུགས་ཀྱི་ཆོས་ཉིད་ཟབ་མོ། དུས་ཕུན་སུམ་ཚོགས་པ་དུས་གསུམ་མཉམ་པ་ཉིད་དུ་གསུངས་སོ། །གཉིས་པ་ནི། གནས་ཕུན་སུམ་ཚོགས་པ་ཡུམ་གྱི་མཁའ་གསང་། སྟོན་པ་ཕུན་སུམ་ཚོགས་པ་ཡབ་ཀྱི་རྡོ་རྗེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་བཅས་པ། འཁོར་ཕུན་སུམ་ཚོགས་པ་བྱེད་པ་སྡོམ་པའི་ཐབས་དང་བཅས་པའི་གསང་བའི་རྣམ་ཤེས། ཆོས་ཕུན་སུམ་ཚོགས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་དུས་སུའོ། །འདི་གཉིས་གླེང་གཞིར་ཕྱེ་བའི་འཐད་པ་ནི། རྒྱུན་མཐར་འབྲས་དུས་ཀྱི་དབང་བསྐུར་བས་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའི་དུས་དེར་སྙིང་གསང་གི་འོག་མིན་དུ་མངོན་པར་འཚང་རྒྱ་བའི་གནད་ཀྱིས་ཏེ། དེའི་ཕྱིར་ཐུམ་མོང་མ་ཡིན་པའི་གླེང་གཞི་ཞེས་བྱའོ། །གཉིས་པ་ཐུན་མོང་གི་གླེང་གཞི་ལའང་གསུམ་ལས། དང་པོ་ལོངས་སྐུའི་གླེང་གཞིའ མ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་རིགས་དྲུག་པས། འཁོར་ཕུན་སུམ་ཚོགས་པ་རང་བཞིན་གཉིས་མེད་པའི་འཁོར་ལོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་གསང་བའི་སྙིང་པོའི་རྒྱུད་དོན་རྫོགས་པར། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་སོ། །གཉིས་པ་ཞར་བྱུང་ཁྲོ་བོའི་གླེང་གཞི་ནི། གནས་ཕུན་སུམ་ཚོགས་པ་བཟོད་པར་དཀའ་བའི་དུར་ཁྲོད་ཆེན་པོར། སྟོན་པ་ཕུན་སུམ་ཚོགས་པ་དགྱེས་པ་ཆེན་པོ་དཔལ་ཧེ་རུ་ཀས། འཁོར་ཕུན་སུམ་ཚོགས་པ་གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་སྦྱོར་སྒྲོལ་གྱི་ཐབས་རྨད་དུ་བྱུང་བ། དུས་ཕུན་སུམ་ཚོགས་པ་དེའི་ཚེ་དེའི་དུས་སུ་སྟོན་པར་མཛད་དོ། །གསུམ་པ་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་སྤྱིའི་གླིང་གཞི་ནི། གནས་ཕུན་སུམ་ཚོགས་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐ་དད་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། སྟོན་པ་ཕུན་སུམ་ཚོགས་པ་མཆོག་གི་སྤྲུལ་པའི་སྐུ་རེ་རེས། །འཁོར་ཕུན་སུམ་ཚོགས་པ་འགྲོ་བ་རིས་ལྔའམ་ཐེག་པ་ལྔའི་རིགས་ཅན་གྱི་གདུལ་བྱ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་བཞིའི་སྒོ་ནས་ཐེག་པ་ལྔའམ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས། དུས་ཕུན་སུམ་ཚོགས་པ་སྒྲོན་མ་བཀོད་པའི་དུས་སུ་གསུངས་སོ། །གཉིས་པ་རྐྱེན་གླེང་སློང་ལ། ངོ་བོ་ནི། སྟོན་འཁོར་དྲི་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམ་པར་འབྱུང་མ་རག་པ། ངེས་ཚིག་ནི། གང་གླེང་བར་བྱ་བའི་རྒྱུད་དོན་དེ་ཉིད་གླེང་བར་བསྐུལ་བ་ནི་གླེང་སློང་བ་སྟེ། བསྟན་པ་འབྱུང་བའི་རྐྱེན་བྱེད་པའི་ཕྱིར་རོ། །དབྱེ་ན། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་སློང་གཉིས་ལས། དང་པོ་ལ། སྟོན་པ་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་རོལ་ནས། ཡབས་ཀྱིས་ཐབ་ཀྱི་ཆ་བཟུང་སྟེ། རྟོག་ཚོགས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་དག་ཚུལ་གྱིས་གླེང་བསླངས་པས་འཁོར་རྣམས་ཀྱི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་རྟོགས་པར་བྱས། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་དངོས་པོ་བཞིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་མེད་ཀྱི་ངོ་བོར་སངས་རྒྱས་པར་གླེང་བསླངས་པས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་ཏེ་གསང་དབང་བསྐུར་བའི་རྗེས། འཁོར་གྱི་རྒྱུན་མཐའི་སེམས་དཔའ་རྣམས་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་སེམས་ལྔ་བསྐྱེད་པ་སྔོན་དུ་འགྲོ་བས། དངོས་གཞི་ཐབས་ཤེས་གཉིས་མེད་དུ་སྦྱོར་བ་གསུམ་གྱིས། ཡས་བབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱངས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས། མས་བརྟན་དགའ་བ་བཅུ་དྲུག་གི་མཐར་སྣང་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་དེ་བདེ་བ་ཆེན་པོའི་དབང་ཐོབ་ནས་སྟོན་འཁོར་དགོངས་པ་འབྱེར་མེད་དུ་གྱུར་པའོ། །གཉིས་པ་ཐུན་མོང་གི་གླེང་སློང་ནི། འཁོར་རྣམས་ཀྱིས་གཞན་དོན་དུ་གསང་བ་བཞིས་ཆོད་པ་རྣམས་ལ་ཐུགས་རྗེས་བཟུང་བར་རིགས་ཞེས་གསོལ་བ་བཏབ་པས། སྟོན་པའི་ཐུགས་རྗེ་སྐྱེས་ཏེ་རྒྱུད་འདིས་དངོས་སུ་འདུལ་བའི་ཡུལ་དུ་མ་གྱུར་པ་རྣམས་ལ་བརྒྱུད་ནས་བསྟན་པར་བྱ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྤྲུལ་སྐུ་ཐུབ་པ་དྲུག་སྤྲོ་བ་སོགས་ཐུགས་རྗེ་ཆེན་པོའི་རོལ་པ་སྣ་ཚོགས་པར་སྟོན་པར་མཛད་པའོ། །གསུམ་པ་འབྲས་བུ་ཡོངས་ཤེས་ཀྱི་རྒྱུད་དོན་བཤད་པ་ལ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས། སྤྱིར་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བྱ་ལ། དབྱེ་ན་གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དང་། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་དང་། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་ལས། དང་པོ་གཞི་རྒྱུད་ལ། ངོ་བོ་ནི། གཞི་འཆིང་གྲོལ་མེད་པའི་སེམས་ཀྱི་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་སྟེ། རྩ་རྒྱུད་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །ངེས་ཚིག་ནི། གཞིའམ་རྒྱུ་ཡི་རྒྱུད་དེ། དེ་ཉིད་ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་འཁོར་བ་དང་མྱང་འདས་སུ་འགྲུབ་པར་བྱེད་པས་ན། འཁོར་འདས་གཉིས་ཀའི་འབྱུང་གཞིའམ་རྒྱུར་གྱུར་པའི་ཕྱིར་དང་། དེ་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་འགྱུར་བ་མེད་པའི་རྒྱུན་ཆགས་སུ་འཇུག་པའི་ཕྱིར། དབྱེ་ན། རིམ་གསུམ་ལས། ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་གསུངས་པ་ལྟར་གཉིས་ཀྱི། དང་པོ་ངོ་བོའི་གཞི་ནི། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དྲི་མ་སྦྱང་བའི་གཞི་ནོར་བུ་ལྟ་བུའོ། །དེ་ཡང་སེམས་ཉིད་སྤྲོས་པ་དང་བྲལ་བའི་ཆ་ནས་དབྱིངས། རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས། དེ་ལས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་འཆར་རུང་གི་ཆ་ནས་འབྲས་བུ་སྟེ། དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་དང་། དེའི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་འཆར་བ་ལྷག་པ་ཀུན་རྫོབ་སྟེ། དེ་གཉིས་གསེར་དང་གསེར་གྱི་སེར་པོ་བཞིན་ངོ་བོ་དབྱེར་མེད་པས་བདེན་གཉིས་ཟུང་འཇུག་དང་། དེ་ཉིད་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་སྤྱོད་ཡུལ་དང་བྲལ་བར་ཞེས་བཏགས་ཤིང་། འདིས་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཆོས་ཀུན་གྱི་འབྱུང་གནས་སུ་གྱུར་པས་དབྱིངས་སམ་ཁམས་ཞེས་བྱ་ལ། དེ་བཞིན་དུ། དྲི་མ་དང་འབྲེལ་ཡང་ངོ་བོར་རང་བཞིན་རྣམ་དག་སངས་རྒྱས་ཡིན་པས་བདེ་གཤེགས་སྙིང་པོ། དེའི་སྟོང་ཆ་ནས་ཆོས་སྐུ་དང་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་དྲི་མ་མ་དག་གི་བར་དུ་བྱ་བ་བྱེད་མི་ནུས་པས་རང་བཞིན་གྱིས་གནས་པའ་ིརིགས་རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཡིན་ཡང་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀུན་གྱི་འཆར་གཞིར་གྱུར་པས་ཀུན་གཞིའི་ཡེ་ཤེས། དེ་ཉིད་སེམས་ཅན་གྱི་སྐབས་གློ་བུར་གྱི་དྲི་མས་སྒྲིབ་པ་ལྟར་སྣང་བས་དྲི་བཅས་དེ་བཞིན་ཉིད་དང་། གཞན་ཡང་སྔགས་ཀྱི་རྒྱུད་དུ། ཀྲི་ཡས་བདག་གི་དེ་ཁོ་ན་ཉིད། ཨུ་པ་དང་ཡོ་གས་ཐོག་ཐ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ། ནང་རྒྱུད་དུ། མ་ཧཱས་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་ཡེ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏིས་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ཞེས་བྱ་སྟེ། རྒྱུ་རྒྱུད་དེ་ཉིད་གཞི་ལམ་འབྲས་གསུམ་ལྡོག་ཆ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ནི་རང་བཞིན་ནམ་གནས་ལུགས་ཞེས་བྱའོ། །གཉིས་པ་འཁྲུལ་པ་བརྟགས་པའི་གཞི་ནི། ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། མེད་སྣང་གློ་བུར་བ་ཡིན་པས་དེ་སྐད་ཅེས་བྱའོ། །ཞེན་སྣང་ཉིད་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་། རྣམ་ཤེས་ཀྱི་འཇུག་པ་མ་ཟད་པར་རྒྱུན་ཆགས་པ་ཙམ་ཡིན་ཀྱང་བཅོས་མ་གློ་བུར་གྱི་ཆོས་ཡིན་པས། འབྲས་བུའི་ཉེར་ལེན་དུ་གྱུར་པའི་རྒྱུ་རྒྱུད་མ་ཡིན་ཞིང་། རིགས་པས་དཔྱད་དོན་གྱི་སྟོང་ཉིད་ཀ་བ་ཀ་བས་སྟོང་པ་ལྟ་བུ་མེད་དགག་ཀྱང་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་ཏེ། ཉེར་ལེན་གྱི་རྒྱུ་དང་རྒྱུན་གྱི་དོན་གཉིས་ཀ་མི་གནས་པའི་ཕྱིར། འོན་ཀྱང་རྒྱུ་རྒྱུད་བཏགས་{བརྟགས}པ་པར་བཞག་པ་ལ་འགལ་བ་མེད་དེ། དེ་ལ་དམིགས་ན་སྐྱོན་ཡོན་སྐྱེ་བ་དང་། གནས་སྐབས་རིག་ངོ་རྒྱུན་ཆགས་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ཐབས་སམ་ལམ་གྱི་རྒྱུད་ལ། ངོ་བོ་ནི། སྔར་སྨོས་པའི་རྒྱུ་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ། ངེས་ཚིག་ནི། ཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་བྱའི་རྟེན་ཡིན་པས་ལམ། གཞི་འབྲས་གཉིས་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་ཐབས་བར་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་ན་རྒྱུད་དོ། །དབྱེ་ན། ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་ལས། དང་པོ་ནི། གཙོ་བོ་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་བྱེད་པ་སྟེ། མཀྵི་ཀས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན། འདི་ལའང་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་རིམ་གྱིས་པ་དང་། འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བསྐྱེད་པ་ཐབས་ལམ་ཅིག་ཅར་བ་སྟེ་གཉིས་ཡོད་དོ། །གཉིས་པ་གྲོལ་ལམ་ནི། གཙོ་བོར་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོ་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན། འདི་ལ་དབང་པོ་ཡང་རབ་ཁ་ཅིག་དབྱེར་མེད་ཆིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ཡོད་དེ་ཅིག་ཅར་བ་ཞེས་བྱ་ཞིང་། ཡང་རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། དེ་ཅུང་ཟད་བཤད་ན། རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པས་མཚན་ཉིད་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞིའོ། །དང་པོ་ནི། གཞལ་བྱ་ཞེན་སྣང་ཉིད་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་རྟོགས་བྱའི་ལྟ་བ་རང་བཞིན་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་དེ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་ནི་གྲུབ་མཐའ་སྟེ། དེ་ལ་འཇལ་བྱེད་ཀྱི་གཏན་ཚིགས་དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་དང་། དཔྱད་དུ་ཡོད་པ་སྤྲུལ་སྐུའི་གཏན་ཚིགས་གཉིས་ཀྱི་ཕྱི་མ་ལ་ཚིག་དོན་མཐུན་པ་དང་མི་མཐུན་པའི་གཏན་ཚིགས་གཉིས་སོགས་ནང་གི་དབྱེ་སྒོ་དང་། རིམ་ཅིག་ཅར་གྱི་འགོད་ལུགས་སོགས་བཞེད་པ་མང་ཡང་། འདིར་རིགས་པས་སྒྲུབ་ཚུལ་ཐུན་མིན་གྱི་དབང་དུ་བྱས་ན་གསུམ། ཚད་མ་བཀའ་གཞུང་། སྒྲ་མཐུན་དོན་སྤགས། ཚིག་དོན་མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ལ་བཞི། རྟོགས་པ་བཞི། དག་པ་གསུམ། མཉམ་པ་བཞི། བདག་ཉིད་ཆེན་པོའི་གཏན་ཚིགས་རྣམས་སོ། །དང་པོ་རྟོགས་པ་བཞི་ལས། རྒྱུ་གཅིག་པ་ནི། སྣང་སྲིད་ཀྱི་ཆོས་རྣམས་ཆོས་ཅན། དོན་དམ་དབྱིངས་ཡེ་ཟུང་འཇུག་རང་བྱུང་གི་ཡེ་ཤེས་སུ་རྒྱུའམ་ཚུལ་གཅིག་པ་ཡིན་ཏེ། ཆོས་ཐམས་ཅད་དེའི་ངང་ཚུལ་ལས་མ་འདས་པའི་ཕྱིར། ཡིག་འབྲུའི་ཚུལ་ནི། དབྱིངས་ལས་ཤར་བའི་སྣང་བ་རྣམས་ཆོས་ཅན། དཔེ་ཡིག་འབྲུའི་ཚུལ་གྱིས་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བ་ཡིན་ཏེ། དབྱིངས་ཀྱི་རང་བཞིན་ལས་མ་འདས་པའི་སྣང་བ་ཡིན་པའི་ཕྱིར། བྱིན་གྱིས་བརླབས་པ་ནི། ཀུན་རྫོབ་དང་དོན་དམ་གཉིས་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཤིང་དབྱེར་མེད་པ་ཡིན་ཏེ། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། མངོན་སུམ་པའི་གཏན་ཚིགས་ནི། དབྱེར་མེད་པའི་གནས་ལུགས་ཆོས་ཅན། བློས་སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཐ་སྙད་ཀྱི་བློས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གཉིས་པ་དག་པ་གསུམ་ནི། འབྱུང་ལྔ་ཕུང་ལྔ་རྣམ་ཤེས་ཚོགས་བརྒྱད་རྣམས་ཆོས་ཅན། དག་པ་གསུམ་གྱི་བདག་ཉིད་དུ་གནས་ཏེ། ཡུམ་ལྔ་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་ཕྱིར་རོ། །གསུམ་པ་མཉམ་པ་བཞི་ནི། སྤྲོས་པ་ཕྱོགས་རེ་ཆོད་པའི་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་ཆོད་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། དོན་དམ་ཙམ་དུ་མཉམ་པ་ཡིན་ཏེ། རང་བཞིན་མ་གྲུབ་ཙམ་གྱིས་རབ་ཏུ་མཉམ་པའི་ཕྱིར། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཆོས་ཅན། ཀུན་རྫོབ་ཙམ་དུ་མཉམ་པ་ཡིན་ཏེ། རང་ངོའི་སྣང་བ་དང་ལྷན་ཅིག་བརྟགས་ན་དབེན་པའི་ཕྱིར། རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། ལྷག་པའི་དོན་དམ་དཀོར་བདུན་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་སྟེ། དབྱིངས་དེ་ནི་ཡེ་ནས་ཡེ་ཤེས་དང་གཉིས་སུ་མེད་པའི་གནས་ལུགས་ཡིན་པའི་ཕྱིར། ཡང་ལོག་གི་ཀུན་རྫོབ་གཉིས་ཆོས་ཅན། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་སྟེ། སྣང་བའི་གནས་ཚུལ་ཡེ་ཤེས་ནས་དག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། སྣང་ལུགས་ནས་དུ་མར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། གནས་ལུགས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་ངེས་པ་ཡིན་ཏེ། གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དེ་ལྟར་གྲུབ་པའི་ཕྱིར་རོ། །གཉིས་པ་སྒྲ་མཐུན་དོན་འཕགས་ཀྱི་གཏན་ཚིགས་ནི། སྔགས་ན་མི་སྤང་བར་བསྟན་པའི་དུག་ལྔ་ཆོས་ཅན། སྒྲ་མཐུན་ཀྱང་དོན་འཕགས་པ་ཡིན་ཏེ། གཉེན་པོས་སྤོང་བ་མ་ཡིན་ལ། དེ་ཉིད་རྟོགས་པའི་ཐབས་ཀྱིས་ཡེ་ཤེས་ལྔར་ཤར་བའི་ཕྱིར་རོ། །གསུམ་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། ཆོས་རྣམས་ཀྱི་ཆོས་ཉིད་ཅན། སྤྲོས་པའི་རང་བཞིན་ཅིར་ཡང་མཐའ་གཅིག་ཏུ་གྲུབ་པ་མ་ཡིན་ཏེ། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་ཅིར་ཡང་འཆར་བ་ཡིན་པའི་ཕྱིར། ཀུན་རྫོབ་ཀྱི་སྣང་བ་འདི་ཆོས་ཅན། མཐའ་གཅིག་ཏུ་ངེས་པ་མེད་པར་ཅིར་ཡང་འཆར་བ་ཡིན་ཏེ། རང་གི་རང་བཞིན་ཅིར་ཡང་མ་གྲུབ་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་གསུངས། གང་དག་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལས་ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བ་ཙམ་དུ་འདོད་པ་ནི་མི་རིགས་ཏེ། དབུ་མ་དང་སྔགས་གཉིས་དོན་དམ་སྤྲོས་བྲལ་ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་པར་ལྟ་བ་མཐུན་ན་ཡང་། དེ་ཙམ་གྱིས་སྔགས་ཀྱི་ལྟ་བ་གཏན་ལ་མི་ཕེབས་ཏེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ནི་བདེན་གཉིས་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབས་དགོས་པའི་ཕྱིར། ལུང་གིས་ཀྱང་གནོད་དེ། མདོ་གདམས་ངག་འབོག་པའི་རྒྱལ་པོར། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སྔགས་ནི་འབྲས་བུ་ལམ་བྱེད་དང་། སངས་རྒྱས་རང་ལ་ཡོད་པ་ངེས་དོན་མཐར་ཐུག་གི་ཐེག་པར་གསུངས་པའི་ཕྱིར། འོ་ན་རྒྱུ་རྒྱུད་དེ་རིག་པ་འགྱུར་མེད་ལ་དེ་བཞིན་དུ་བྱེད་པར་འདུག་པས། དེ་འདྲ་དེ་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་དང་། དེའི་དགོངས་འགྲེལ་རྒྱུད་བླ་མ་སོགས་ལས་ཀྱང་འབྱུང་བས་རྟོགས་བྱའི་ཡུལ་ལ་ཁྱད་མེད་དམ་སྙམ་ན། རིག་པ་འགྱུར་མེད་ལ་རྒྱུ་རྒྱུད་བྱེད་པ་འཁོར་ལོ་ཐ་མ་ནས་གསུངས་པ་དང་འདྲ་བ་བདེན་མོད་ཀྱང་། ད་དུང་དེས་སྔགས་ཐུན་མིན་གྱི་ལྟ་བ་གཏན་ལ་འབེབས་པར་མི་འགྱུར་ཏེ། དེ་བཞིན་ཉིད་དེ་བླ་མེད་ཀྱི་རྒྱུད་འདིར་རྒྱུད་དུ་འཇོག་པའི་ཚེ་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི་སྔགས་ཀྱི་ཁྱད་ཆོས་སུ་དེ་བཞིན་གཤེགས་པ་སྲས་དང་བཅས་པས་བཞེད་པའི་ཕྱིར་ཏེ། སྤྲོས་པས་ཆོག་གོ །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ། སྤྱིར་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་། ཐུན་གཅིག་ལ་སྲུང་འཁོར་ནས་བཟུང་ཆོ་གའི་བྱ་བ་ཚར་གཅིག་རྫོགས་པར་སྤྱིའི་རྣམ་པ་ཙམ་བསྒོམ་པ་མོས་སྒོམ་དང་། ལམ་སོ་སོའི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་བརྟན་གྱི་ཉམས་མཐར་ཕྱིན་པར་བསླབ་པ་སྟེ་ངེས་རྫོགས་གཉིས་ལས། ཕྱི་མའི་ལམ་དངོས་སྒོམ་ཚུལ་ནི། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོ། །ཞེས་པས་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་སྦྱོང་བའི་ལམ་རྫོགས་པར་སྟོན་པ་སྟེ། དེ་ཡང་འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ། དེ་བཞིན་དུ་བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་སྒྱུ་མ་སྐྱེ་བའི་རིམ་པ་གསུམ་གྱི་དྲི་ཟའི་སེམས་མངལ་དུ་ཞུགས་ནས་ལུས་རིམ་གྱིས་གྲུབ་སྟེ་སྐྱེས་པའི་བར་སྦྱོང་བྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར། སྐྱེས་ནས་བུ་ཚ་འཁོར་འདབས་རྒྱས་པའི་བར་སྦྱོང་བྱེད། དཀྱིལ་འཁོར། ཚོམ་བུ། གྲངས། ཞལ་ཕྱག་སྤྲོ་བ་སྟེ་ཕྱག་རྒྱ་སྤྲོས་བཅས། བློ་གྲོས་ནར་སོན་ནས་བཅད་རིས་དང་ཁེ་གྲགས་སྒྲུབ་པ་སྟེ་ནར་སོན་ནས་རྒན་པོའི་བར་གྱི་བག་ཆགས་སྦྱོང་བྱེད། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་། འབྲས་བུ་རིག་འཛིན་གྲུབ་པའི་དུས་བསྟན་པ་གསུམ་གྱིས་ཁོག་ཕུབ་པ་སྒྲུབ་པ་ཆེན་པོའམ་ཚོམ་བུ་ཚོགས་སྒྲུབ་སྟེ་ཟག་པ་དང་བཅས་པའི་ལམ་གྱི་རྣལ་འབྱོར་ལྔ་སྟེ། དེ་ལས་ཀྱང་སྔ་མ་བཞི་ནི་ཟག་ལྡོག་གཉིས་ཀ་ཡོད་པ་ཚོགས་ལམ་དང་། ཚོགས་སྒྲུབ་ནི་སྦྱོར་ལམ་གྱི་རྣལ་འབྱོར་ཡིན་པས་ཟག་པ་ཡོད་ཀྱང་ལྡོག་པ་མེད་པའི་ལམ་སྟེ། ཟླ་བ་དྲུག་སོགས་སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། འདི་དག་ལ་སྦྱང་བྱའི་དྲི་མ་རགས་པ་སྦྱོང་བྱེད་བསྐྱེད་རིམ་དང་། ཕྲ་བ་སྦྱོང་བྱེད་རྫོགས་རིམ་དང་སྦྱར་ཏེ་འཆད་ཚུལ་གཉིས་ཡོད་དོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་ནི། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་སྟེ། དེ་ཡང་མཐོང་ལམ་པ་ལ་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱང་བར་མ་ནུས་པ། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ་དང་། ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ་དང་། ཇི་ལྟར་འདོད་པ་བཞིན་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་སྟེ་ཆོས་གསུམ་ལྡན་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས། སེམས་འོད་གསལ་གྱི་ལྷ་སྐུར་སྨིན་ཅིང་ཕྲ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེ་འཇིག་མེད་པ་དྭངས་མའི་ལུས་རྡོ་རྗེ་ལྟ་བུ་མངོན་དུ་གྱུར་པ་ལམ་མཆོག་ཡོངས་རྫོགས་ཚེ་དབང་རིག་འཛིན་ཏེ་གཉིས་དང་། སྒོམ་ལམ་དུ་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཏེ། སྔར་རང་ཉིད་ཀྱི་གང་བསྒོམས་པའི་ལྷག་པའི་ལྷ་རིགས་ལྔ་གང་རུང་གི་ཆ་ལུགས་འཛིན་པའམ། ཡང་ན་ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིག་འཛིན། དྲུག་པ་དང་བདུན་པར་འཁོར་ལོའི་རིག་འཛིན། བརྒྱད་པར་རིན་པོ་ཆེའི། དགུ་པར་པདྨའི། བཅུ་པར་རལ་གྲིའི་རིག་འཛིན་ཏེ་ཕྱག་ཆེན་རིག་འཛིན་དང་། མཐར་ལམ་དུ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་སྟེ། དྲུག་པའི་རྒྱལ་ཚབ་མཛད་པ་པོ་གསང་བདག་ལྟ་བུ་ལྷུན་གྲུབ་རིག་འཛིན་རྣམས་སོ། །དེ་རྣམས་ཀྱང་རྣམ་སྨིན་འཛིན་དང་རྒྱུའི་ཐེག་པའི་མཐོང་ལམ་ས་དང་པོ་ལ་གནས་པའི་སེམས་དཔའ་གཉིས་དགོངས་པ་མཉམ་ཞིང་། དེ་ལས་གཞན་པ་ཚེ་དབང་སོགས་གསུམ་ནི་རྒྱུའི་ཐེག་པའི་ས་དང་པོ་དང་། བརྒྱད་པ་དང་བཅུ་པ་རྣམས་སྐལ་བ་མཉམ་མོད་ཀྱི་འོན་ཀྱང་དགོངས་སྤྱོད་ཀྱིས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྒྱུའི་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་དང་ཕྱག་ཆེན། མི་སློབ་པའི་ཀུན་ཏུ་འོད་དང་ལྷུན་གྲུབ་རྣམས་མཉམ་པར་གསུངས་སོ། །གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ལ། ངོ་བོ་ནི། སྦྱང་གཞིའམ་རྒྱུ་རྒྱུད་བདེ་གཤེགས་སྙིང་པོ་གདོད་མ་ནས་རང་ཆས་སུ་གནས་པ་ཉིད། སྦྱང་བྱ་མེད་སྣང་གློ་བུར་པའི་དྲི་མ་ཕྲ་བ་སྣང་གསུམ་འཕོ་སྒྲིབ་དང་བཅས་པ། སྦྱོང་བྱེད་རིིམ་གཉིས་དང་བཅས་པའི་ལམ་གྱིས། སྦྱངས་འབྲས་གཞི་ལ་ཡོད་པའི་ཡོན་ཏན་རྣམས་ཇི་ལྟ་བར་མངོན་གྱུར་དུ་སྣང་བའོ། །ངེས་ཚིག་ནི། བླ་མེད་མཆོག་གི་འབྲས་བུ་མཐར་ཐུག་པ་ཡོངས་སུ་རྫོགས་པ་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་དོ། །དབྱེ་ན། ཁོག་གཞུང་ལས། འབྲས་བུའི་ངོ་བོར་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་གསུངས་པ་ལྟར་འབྲས་ཆོས་ཉེར་ལྔ་སྟེ། དེ་ལ་སྐུ་ལྔ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་། རྡོ་རྗེའི་སྐུ་སྟེ་ལྔའོ། །གསུང་ལྔ་ནི། ཆོས་སྐུ་བརྗོད་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་། དབྱེར་མེད་རྡོ་རྗེའི་གསུང་དང་ལྔའོ། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས། ལོངས་སྐུའི་ཐུགས་མཉམ་ཉིད། སྤྲུལ་སྐུའི་ཐུགས་བྱ་གྲུབ། མངོན་བྱང་ཐུགས་མེ་ལོང་། རྡོ་རྗེའི་ཐུགས་སོར་རྟོག་ཡེ་ཤེས་ཏེ་ལྔའོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་དང་བྲལ་བའི་གཞལ་ཡས། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་དང་ལྔའོ། །ཕྲིན་ལས་ལྔ་ནི། ཞི་བ། རྒྱས་པ། དབང་། དྲག་པོ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །དེ་དག་ཀྱང་བསྡུ་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་དུ་འདུ་ཞིང་། རྒྱས་པར་དབྱེ་ན་ཚད་མེད་དོ། །དེས་རྒྱུད་གསུམ་གྱི་རྣམ་བཞག་མདོ་ཙམ་ཞུས་གྲུབ་ནས། གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པ་ལ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པ་ལྟར་བཅུ་ལས། དང་པོ་དེ་ཁོ་ན་ཉིད་ལྟ་བ་བཤད་པ་ལ། ལྟ་བའི་ངོ་བོ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པས། སྤྲོས་པའི་མཐའ་གང་དུའང་མ་རིག་པའི་ཆ་ནས་དབུ་མ་དང་། ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་ཙམ་དུ་འདུ་བའི་ཆ་ནས་སེམས་ཙམ་དང་ཕྱོགས་མཚུངས་ཀྱང་། སྔགས་ཀྱི་ལྟ་བ་ནི་དེ་ལས་ཁྱད་པར་དུ་གྱུར་པ་སྟེ། དེ་ཡང་ཡེ་གདོད་མ་ནས་དབྱིངས་ཡེ་འབྲས་བུའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་རྫོགས་པ་ལྷག་པའི་དོན་དམ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ལྷག་པ་ཀུན་རྫོབ་སྟེ། བདེན་པ་དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མ་ཡིན་པར། ལྷག་པའི་བདེན་པ་ཟུང་འཇུག་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་ཀྱི་བསམ་བརྗོད་ལས་ཀྱང་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་བྱ་སྟེ་རྒྱུའི་ཐེག་པའི་ལྟ་བ་ལས་ཁྱད་པར་དུ་འཕགས་པའོ། །ངེས་ཚིག་ནི། དྲྀཥྭཱའི་སྒྲ་ལས་ལྟ་བ་སྟེ། གནས་ལུགས་ཀྱི་དོན་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱིས་སྒྲོ་འདོགས་གཅོད་པའི་ཕྱིར་རོ། །དབྱེ་ན། གང་ཟག་དབང་པོ་ཡང་རབ་རྣམས་གོང་སྨོས་ཀྱི་གཏན་ཚིགས་ཙམ་ལ་བརྟེན་ནས་མངོན་སུམ་ཡུལ་མེད་རང་གསལ་དུ་རྟོགས་པར་བྱ་བ་དང་། དབང་འབྲིང་ལ་ཆོས་ཐམས་ཅད་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པ་ཁ་དོག་ལྔ་སོགས་ཀྱིས་མཚོན་པ་དང་། མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་སེམས་ཉིད་ལ་ཡེ་ནས་རྫོགས་པའི་དོན་རྟགས་ཆུ་ཚོན་གྱི་དཀྱིལ་འཁོར་སོགས་ཀྱིས་མཚོན་ནས་རྟོགས་པར་བྱ་བ་དང་། དབང་རྟུལ་ལ་བརྒྱུད་དེ་རྟོགས་པར་བྱ་བ་ལ། རྩ་མདུད་གྲོལ་བའི་དམིགས་པ་ཕྲ་མོ་ཞིག་ལ་བརྟེན་ནས་ནང་གི་རྩ་མདུད་གྲོལ་བས་གདོད་གནས་ལུགས་རྟོགས་པ་ཉེ་བ་དང་། སྒྲིབ་སྦྱང་དང་ཚོགས་བསགས་ལ་ཡུན་རིང་འབད་སྟོབས་ཀྱིས་རྟོགས་པར་བྱ་བ་རིང་ལམ་གཉིས་རྣམས་སོ། །གཉིས་པ་ལ་དོར་བ་སྤྱོད་པ་ལའང་། ངོ་བོ་ནི། གཙོ་བོར་རྗེས་ཐོབ་ཀྱི་སྐབས་སུ། གསང་སྔགས་དང་འབྲེས་བའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ། ངེས་ཚིག་ནི། ཙཪྻའི་སྒྲ་ལས་སྤྱོད་པ་སྟེ། གང་སྤྱད་བྱའི་ཡུལ་ལ་དུས་ཚོད་དང་འབྲེལ་བར་ཚུལ་བཞིན་དུ་སྤྱོད་པའི་དོན་གྱིས་སོ། །དབྱེ་ན། སྤྱིར་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་བྱ་བ་ཡིན་ལ། དེ་ཡང་དུས་ཚོད་དང་འབྲེལ་བར་བསླབ་སྟེ། ལས་དང་པོ་པའི་དུས་སུ་སྡོམ་པ་གསུམ་གྱི་གནང་བཀག་གི་ཚུལ་ལ་གཟབས་ཤིང་བག་ཡོད་པ་དགེ་སྦྱོང་གཞོན་ནུའི་སྤྱོད་པ་དང་། དེ་ལས་ཅུང་ཟད་གོམས་ཏེ་མཉམ་རྗེས་བསྲེ་བར་ནུས་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་ནས་རྟོགས་པ་བྲི་གང་མེད་པར་གྱུར་པ་ན་གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་གསུམ་དང་། བྱེ་བྲག་ཏུ། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་བཤད་ཅིང་། ཕྱི་མ་ལ་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་དད་བརྩོན་གྱི་སྤྱོད་པ། སྟོང་ཆེན་གྱི་དུས་སུ་ཤེས་རབ་དང་མཐུན་པའི་སྤྱོད་པ། སྙིང་རྗེ་སྒྱུ་མའི་སྐབས་སུ་ཐབས་དང་མཐུན་པ། ཕྱག་རྒྱ་གཅིག་པའི་སྐབས་སུ་ཕྱོགས་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་སྤྲོས་པ་དང་བཅས་པ། ཚོགས་སྒྲུབ་ཀྱི་སྐབས་སུ་ཚོགས་ཀྱི་སྤྱོད་པ། ཟག་མེད་ལ་བསླབ་པའི་རིག་འཛིན་བཞིའི་སྐབས་སུ་རྫུ་འཕྲུལ་གྱི་སྤྱོད་པ་བཅས་རིམ་གྱིས་པའི་སྤྱོད་པ་བདུན་དང་། བླང་དོར་མེད་པ་ཅིག་ཅར་བའི་སྤྱོད་པ་གཅིག་བཅས་བརྒྱད་དོ། གསུམ་པ་བཀོད་པ་དཀྱིལ་འཁོར་ལ། ངོ་བོ་ནི། ཕྱི་ནང་གསང་བ་ཡང་གསང་ལྟར་འགོད་པ་བཀོད་པ་ལྷའི་འཁོར་ལོར་རྫོགས་པར་སྣང་བའོ། ངེས་ཚིག་ནི། མཎྜ་ལའི་སྒྲ་ལས་སྙིང་པོའི་བཅུད་འཛིན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་པས་སྙིང་པོ་ལེན་པའམ། ཡང་ན་སྒྲ་གཟུག་པོ་ཟླུམ་པོའམ་བསྐོར་བའི་དོན་ལ་འཇུག་པས་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་དཀྱིལ་འཁོར་རོ། །དབྱེ་ན། སངས་རྒྱས་གསང་བས་ཆོས་དོན་དུ། རང་བཞིན་ཏིང་འཛིན་གཟུགས་བརྙན་གསུམ་དང་། རྒྱུད་ཕྱི་མ་ལས་སྐུ་གསུངས་ཐུགས་ཀྱི་དཀྱིལ་འཁོར་གསུམ་དང་། འགྲེལ་ཆུང་ལས། དེ་བཞིན་ཉིད་དང་རང་བཞིན་ཐུགས་རྗེ་སོགས་བཅུ་གཉིས་སུ་དབྱེ་ཡང་། འདིར་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་བདུན་ལས། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་དང་། འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རང་རིག་གི་ཡེ་ཤེས་མངོན་དུ་གྱུར་པས་འོག་མིན་གྱི་གནས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ་བཞུགས་པ་གཉིས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་ཤར་བའོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་བསྟན་པ་བཞིན། ས་ཡི་ཆོ་ག་ནས་བཟུང་དཀྱིལ་འཁོར་བཞེངས་ཤིང་སྒྲུབ་ནས་རང་དང་སློབ་མ་འཇུག་པ་སོགས་སོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། རང་བཞིན་གྱི་དཀྱིལ་འཁོར་ཉིད་ངེ་འཛིན་ཀྱི་ཡུལ་དུ་བྱས་ནས། རང་རིག་མ་བཅོས་པའི་དོན་ལ་མཉམ་པར་བཞག་པས་རང་རྩལ་ཡེ་ཤེས་ལྔར་འགགས་མེད་དུ་འཆར་བའོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཐུགས་རྗེ་ཞི་བ་དང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གཉིས་ཀ་མཚུངས་པར། སྔོན་འགྲོ་ལས་བདུན་ནས་བརྩམས་གོ་བགོ་ལུས་བསྲུང་གི་བར་ཏིང་ངེ་འཛིན་གྱིས་གསལ་བོར་སྒྲུབ་པའོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཕྱི་བྱང་ཆུབ་ཀྱི་སེམས་རྩ་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པའོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ་ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་མོ། །བཞི་པ་རིམ་པ་བགྲོད་པ་དབང་ལ། ངོ་བོ་ནི། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པའི་ཆོས་ཉིད། ལྷན་ཅིག་བྱེད་པའི་རྒྱུ་དབང་རྫས་རབ་གནས་ཀྱིས་བྱིན་གྱིས་བརླབ་པ་ཅན་ནོ། །རྐྱེན་བཞི་ནི་ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་དུ་རུང་བའི་སྣོད་ལྡན་གྱི་སློབ་མ་རྒྱུའི་རྐྱེན། དབང་གསུམ་བསྐུར་ནུས་པའི་སློབ་དཔོན་ཚད་ལྡན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གསུམ་འཛོམས་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་རྐྱེན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་གཏོར་བའམ་བླུགས་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པའི་ཆ་ནས་མངོན་པར་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པའི་ཆ་ནས་མངོན་པར་བླུགས་པའི་དོན་གྱིས་དབང་ངོ་། །དབྱེ་ན། སྤྱིར་གཞི་ལམ་འབྲས་བུའི་དབང་གསུམ་དང་། བྱེ་བྲག་ཏུ་བུམ་གསང་ཤེས་རབ་ཡེ་ཤེས་བདེ་བ་ཆེན་པོའི་དབང་བཞི་ལས། བུམ་དབང་ལ་གཉིས་སུ་ཕྱེ་བའི་ལྔ་སྟེ། གང་ཟག་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་བདག་གཞན་གྱི་དོན་སྒྲུབ་ནུས་པ་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་གསུམ་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་སྟེ། དེ་ལྟར་ཞི་བ་ལ་ཕན་དབང་བཅུ། ནུས་དབང་ལྔ། ཟབ་དབང་གསུམ་སྟེ་བཅོ་བརྒྱད་དང་། ཁྲོ་བོ་ལ་ཕན་དབང་ཉེར་བརྒྱད་དུ་ཕྱེ་བས་སུམ་ཅུ་རྩ་དྲུག་གོ །ལྔ་པ་མི་འདའ་བ་དམ་ཚིག་ལ། ངོ་བོ་ནི། གང་བསྲུང་བྱའི་དམ་ཚིག་ཁྱད་པར་ཅན་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལས་ནམ་ཡང་མི་འདའ་བར་སྡོམ་པའི་སེམས་པ་རྒྱུན་ཆགས་དང་། གཉིད་དང་སེམས་ཡེངས་པ་སོགས་ཀྱི་གནས་སྐབས་སུ་ཡང་སྡོམ་པའི་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ས་མ་ཡའི་སྒྲ་ལས་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་སྟེ། སྔོན་རང་གིས་ཇི་ལྟར་དམ་བཅས་པ་ལས་མི་འདའ་བར་བྱ་བའི་ཕྱིར་དམ་ཚིག་གོ །དབྱེ་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་མམ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས་རྩ་བའི་དམ་ཚིག་ལ། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་པས་ལྔ་སྟེ། བླ་མེད་མི་སྤང་བ་ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་གཉིས་མི་སྤང་བ་སྟེ་དེ་ལྟར་རྟོགས་པའི་སྒོ་ནས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པའོ། །བླ་མ་བཀུར་བ་ནི། སྤྱིར་སློབ་དཔོན་དྲུག་དང་། ཁྱད་པར་དབང་བསྐུར་རྒྱུད་བཤད་མན་ངག་ནོད་པ་གསུམ་དཔྲལ་བའི་མིག་དང་སྙིང་བས་ལྷག་པའི་ཚུལ་གྱིས་བསྟེན་ཅིང་བཀུར་བའོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ནི། རྩ་བསྐྱེད་ལས་ཀྱི་སྔགས་གསུམ་དང་ཕྱག་རྒྱ་བཞིར་རབ་ཆུ་བོའི་རྒྱུན་བཞིན། འབྲིང་དུས་དྲུག ཐ་མ་ལོ་ཟླ་ལས་མི་འདའ་བར་བརྩོན་པའོ། མཆེད་ལ་བྱམས་པ། སྤྱི་རིང་ཉེ་འདྲེས་ཀྱིས་བསྡུས་པའི་རྡོ་རྗེའི་མཆེད་རྣམས་དང་བྱང་ཆུབ་བར་དུ་མི་འབྲལ་བའི་ལྷག་བསམ་རྒྱུན་མི་བཅད་པའོ། །གསང་བ་མི་སྨྲ་བ་ནི། སྤྱི་གསང་བཞི་དང་། བར་གསང་བཞི། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་རྣམས་སྣོད་མིན་སོགས་ལ་གསང་བའོ། །ཡན་ལག་གི་དམ་ཚིག་ལ། རྣལ་འབྱོར་པའི་བློའི་རྩལ་དང་སྦྱར་ཏེ་ཡང་དག་ལོག་པའི་དུག་ལྔ་མི་སྤང་བ་དང་། བདུད་རྩི་ལྔ་དང་དུ་ལེན་པ་དང་བཅུ་སྟེ། དེ་ལྟར་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཐབས་ཤེས་སོགས་ཀྱི་དབྱེ་བས་སུམ་བརྒྱ་དང་དྲུག་ཅུར་འགྱུར་རོ། །དྲུག་པ་རོལ་བ་ཕྲིན་ལས་ལ། ངོ་བོ་ནི། ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ནི། ཀརྨའི་སྒྲ་ལས། ལུས་ངག་ཡིད་གསུམ་གྱིས་བསྡུས་པའི་བྱ་བའི་མཚན་ཉིད་ཅན་གྱི་ལས་ཏེ་བྱེད་པ་པོའི་འདོད་པའོ། །དབྱེ་ན། ནད་གདོན་སོགས་མི་མཐུན་པའི་ཕྱོགས་ཞི་བ་དང་། ཚེ་དཔལ་སོགས་མཐུན་ཕྱོགས་རྒྱས་པ་དང་། ལོག་ལྟ་ཅན་དབང་དུ་བསྡུ་བ་དང་། གདུག་པ་ཅན་ཚར་གཅོད་པ་དྲག་པོའི་ཕྲིན་ལས་ཏེ་བཞི། དེ་དག་ཀྱང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་སོ། །བདུན་པ་དོན་སུ་གཉེར་བ་སྒྲུབ་པ་ལ། ངོ་བོ་ནི། ཐབས་ཁྱད་པར་བསྐྱེད་རྫོགས་ཀྱི་ལམ་གྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་གང་འདོད་དོན་དུ་གཉེར་ཞིང་སྒྲུབ་པའོ། །ངེས་ཚིག་ནི། སིདྡྷིའི་སྒྲ་ལས་དྲངས་ན་དངོས་གྲུབ་དང་། སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཞེས་བྱའོ། །དབྱེ་ན་ཐུན་མོང་དང་མཆོག་གཉིས་ཀྱི། དང་པོ་ལ། བཤད་རྒྱུད་རྒྱ་མཚོ་ལས་བསྟན་པ། རོ་ལངས་དང་། ཚེ་དང་། པྲ་དང་། ལྷ་ཆེན་པོ་དང་། རྒྱལ་ཆེན་བཞི་རྣམས་སྒྲུབ་པ་དང་། ཀླུ་གདོན་འདུལ་བ། རྒྱལ་བློན་གྱི་ཆུང་མ་དང་། ཡུལ་ཁམས་དབང་དུ་བྱ་བ། ལྕེ་སྤྱང་དང་། རྐང་མགྱོགས་སྒྲུབ་པ། བསྐྲད་པ་དང་། མི་སྣང་བ་དང་། ཕྱག་རྒྱ་དགུག་པ་དང་། རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ་པ་སོགས་དང་། རྩ་རྒྱུད་གཞུང་གི་དངོས་བསྟན། ཟས་བདུད་རྩིར་བསྒྱུར་བ་སོགས་འབྱུང་བའི་དངོས་གྲུབ་ལྔ་དང་། ནམ་མཁའ་རྡོ་རྗེའི་སྐས་འབྱུང་བ་སོགས་རྫུ་འཕྲུལ་ཐོགས་མེད་དུ་སྟོན་པ་འབྱུང་བའི་དངོས་གྲུབ་ལྔ། དགུག་གཏད་བཅིངས་བཀྲོལ་གསོ་བསད་ཕམ་རྒྱལ་ཏེ་ལས་ཕྲན་ཚེགས་བརྒྱད་རྣམས་སོ། །གཉིས་པ་མཆོག་ལ། བཤད་རྒྱུད་ནས་བསྟན་པ། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་དང་། རྒྱུད་འདིར་བསྟན། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ཕྱོགས་བཅུ་དུས་བཞིར་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་སྟེ། ཇི་ལྟར་སྒྲུབ་པའི་ཚུལ། ཞི་ཁྲོའི་ཆོ་ག་གཞུང་ལ་སོགས་པས་མཚོན། བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་ཕྱུང་བ་རྣམས་དང་། གཙོ་བོར་སྟོན་པ་ནི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བཤད་པ་དང་གསུམ་གྱིས་བསྟན་པ་བཞིན་ནོ། །བརྒྱད་པ་མི་གཡོ་བ་ཏིང་འཛིན་ལ། ངོ་བོ་ནི། བསྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །ངེས་ཚིག་ནི། ས་མ་དྷཱིཿའི་སྒྲ་ལས་མཉམ་པའི་བློ་སྟེ། གང་བསྒོམ་བྱའི་དོན་ལ་སེམས་རྩེ་གཅིག་ཏུ་ཟིན་པའི་དོན་གྱིས་ན་ཏིང་ངེ་འཛིན་ནོ། །དབྱེ་ན། ཀུན་བརྟགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ལས། དང་པོ་ནི། སྐྱེ་གནས་བཞིའི་བག་ཆགས་འཁོར་དང་བཅས་པ་སྦྱོང་བའི་ལམ་བསྒོམ་ཚུལ་རྒྱས་འབྲིང་བསྡུས་གསུམ་ཤིན་ཏུ་བསྡུས་པ་དང་བཞིའམ་ཡང་ན་ལམ་རིམ་ལྟར་སྲིད་པ་མངལ་སྐྱེས་དང་བརྫུས་སྐྱེས་གཉིས་དང་བསྟུན་ནས་སྒོམ་ཚུལ་གཉིས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱིས་གདུལ་བྱའི་གཙོ་བོ་ཁམས་དྲུག་ལྡན་གྱི་མི་ཡིན་པའི་ཕྱིར་མིའི་རྟེན་ཅན་ཕལ་ཆེར་མངལ་སྐྱེས་དང་བརྫུས་སྐྱེས་གཉིས་སུ་འགྱུར་བས་སམ། ཡང་ན་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་རིམ་གྱིས་པ་དང་ཅིག་ཆར་པ་གཉིས་ཡོད་པས་དེ་ལྟར་བསྡུའོ། །གཉིས་པ་རྫོགས་རིམ། སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པ་སྟེ་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་ཅིག་ཅར་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་འཛིན་ནོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ལ། ངོ་བོ་ནི། མཆོད་པའི་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་གྱིས་མཉེས་པ་སྒྲུབ་པ་དང་། ཡོ་བྱད་སྟོབ་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པའོ། །ངེས་ཚིག པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པ་དང་། ཡང་ནས་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱིས་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དབྱེ་ན། སྤྱིར་ཞིང་དང་། དམིགས་པ་དང་། བསྔོ་བ་དང་། དངོས་པོའི་ཁྱད་པར་གྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས། བྱེ་བྲག་ཏུ། མདོ་སོགས་དང་ཐུན་མོང་དུ་གྱུར་པ་མེ་ཏོག་སོགས་ཕྱི་ཉེར་སྤྱོད། སྔགས་ཕྱི་རྒྱུད་མན་ངག་[མན་ཞུ་མཆན། ]ཆད་དུ་མ་གྲགས་པའི་ནང་དམ་རྫས་བདུད་རྩི་སྨན་རཀ དེ་དག་ལ་ཤིན་ཏུ་གསང་བར་བྱ་བའི་ཐབས་ཤེས་ཀྱི་སྤྱོད་པ་གསང་བ་སྦྱོར་སྒྲོལ་ཟབ་མོའམ། སྐབས་དོན་ཉེ་བར་འབྲེལ་བ་ཞི་ཁྲོའི་ཆོ་ག་གཞུང་གི་དབང་དུ་བྱས་ན་ཞི་བ་ལ་ལྷག་ཏིང་དང་། ཁྲོ་བོ་ལ་དེའི་ཚབ་རཀྟ་ཚར་གསུམ་བྱས་པའི་བཅུ་བཞི་སྟེ། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྦྱོར་དང་སྒྲོལ། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་སྡོམ་དུ་བསྡུས་པས་མཚོན་མཆོད་པའི་རྣམ་གྲངས་ཇི་སྙེད་པའོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་གཉིས་ཀྱི། སྔགས་ཀྱི་ངོ་བོ་ནི། ཐབས་ཤེས་ཀྱི་ཡི་གེ་ཨཱ་ལི་ཀཱ་ལིར་འདུས་ཤིང་། དེ་ཉིད་ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ། ནུས་པའི་མཐུས་གྲུབ་པ་སྟེ་གྲུབ་པ་བཞིས་བྱིན་གྱིས་ས རླབས་པའི་ནུས་པ་མཐུ་ཅན་དུ་གྱུར་པ། ཕྱག་རྒྱའི་ངོ་བོ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བའོ། །སྔགས་ཀྱི་ངེས་ཚིག། མཎྟྲའི་སྒྲ་ལས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་ཏེ། བདེ་བ་ནི་འདོད་ཡོན་མ་སྤངས་ལམ་དུ་བྱེད་པ་དང་། མྱུར་བ་ནི་ཚེ་གཅིག་སོགས་ཀྱིས་འབྲས་བུ་འགྲུབ་ནུས་པའི་ཕྱིར་རོ། །ཕྱག་རྒྱའི་ངེས་ཚིག་མུ་དྲའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པའམ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་མཚན་མའི་དོན་གྱིས་ན་ཕྱག་རྒྱའོ། །དབྱེ་ན། སྔགས་ལ་སྤྱིིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་རིགས་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་གཟུངས་སྔགས་ཏེ། དེ་གསུམ་མཚོན་པའི་རྟགས་ལྷར་སྣང་ཚུལ་ཡང་། གསང་སྔགས་རྣམས་ལྷ་མོའི་དབྱིབས་ཅན་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་པར་གསུངས། བྱེ་བྲག་ཏུ་དེ་དག་གི་སྒོར་གྱུར་པའི་སྔགས་ལ། ཧཱུྃ་མཱུྃ་སོགས་རིགས་ཀྱི་ས་བོན་གྱི་རྒྱུ་མ་ནོར་བ་རྩ་བའི་སྔགས། བཛྲ་དྷྲྀཀ྄་སོགས་བསྐྱེད་པ་རྐྱེན་གྱི་སྔགས། རྩ་བསྐྱེད་དེ་གཉིས་སྦྲེལ་ནས་བཟླ་བ་བཟླས་པ་ལས་ཀྱི་སྔགས་རྣམས་ཏེ། དེ་ཉིད་རྫོགས་རིམ་དང་སྦྱར་ན། ཆོས་སྐུ་བདེ་ཆེན་གྱི་ཐེག་ལེ་གདོད་ནས་རང་ཆས་སུ་བཞུགས་པ་རྒྱུ་མ་ནོར་བ་རྩ་བའི་སྔགས། དེ་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་བྱེད་རྩོལ་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་བཟླ་ཞིང་སྒོམ་པ་བཟླས་པ་ལས་ཀྱི་སྔགས་སོ། །ཕྱག་རྒྱ་ལ། སྤྱིར་རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ་གནས་པ་རང་བཞིན་གྱི་ཕྱག་རྒྱ། དེའི་དོན་ལ་ཤེས་རབ་ཀྱི་མིག་གིས་ལྟ་ཞིང་སྒྲོ་འདོགས་གཅོད་པ་ལྟ་བའི་ཕྱག་རྒྱ། རང་འབྲས་ཇི་བཞིན་མངོན་དུ་གྱུར་པ་འབྲས་བུའི་ཕྱག་རྒྱ་སྟེ་གསུམ་དང་། བྱེ་བྲག་ཏུ་ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་བྱས་ན། རང་ལུས་ལྷའི་སྐུར་གསལ་སྐུ་ཕྱག་ཆེན། ཐུགས་ཀ་སོགས་སུ་རང་རང་གི་ས་བོན་བསམ་ཞིང་ངག་ནས་ཚིག་བརྗོད་པ་གསུང་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་ཐུགས་དམ་རྒྱ། ཕྱག་རྒྱ་བཅས་ནས་མདུན་དུ་བསྒྱུར་ཏེ་འགྲོལ་བ་འཕྲིན་ལས་ལས་ཀྱི་ཕྱག་རྒྱ་སྟེ་བཞི་ལ། ནང་གསེས་སུ་ཕྱེ་ན་ཕྱི་མ་གསུམ་ལ་གཉིས་རེར་དབྱེ་བའི་བདུན་ལྡན་དུའང་འགྱུར་བ་ཡིན་ནོ། དེས་ལམ་རྒྱུད་དངོས་པོ་བཅུ་མདོ་ཙམ་ཞུས་གྲུབ་ནས། བཞི་པ་རྒྱུད་ཀྱི་དགོས་འབྲེལ་ལ། ངོ་བོ་ནི། བརྗོད་བྱ་རྗོད་བྱེད་དགོས་པ་ཉིང་དགོས་དང་བཞི་སྟེ། མཚོན་བྱ་རང་བཞིན་གྱི་རྒྱུད་གནས་ལུགས་དེ་བཞིན་ཉིད་ནི་བརྗོད་བྱ། དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་སྒྲར་སྣང་ཞིང་སྒྲར་གྲགས་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ནི་རྗོད་བྱེད། རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་གོ་བ་ནི་དགོས་པ། དེ་ལྟར་ཤེས་ནས་བསྐྱེད་རྫོགས་ཀྱིས་དོན་ཉམས་སུ་བླངས་པས་རོ་ལངས་ཚེ་པྲ་སོགས་ཐུན་མོང་གི་གྲུབ་པ་དང་། མཆོག་གི་གྲུབ་པ་སློབ་པའི་རིག་འཛིན་བཞི་དང་མི་སློབ་པའི་ཟུང་འཇུག་སངས་རྒྱས་ཉིད་མངོན་དུ་བྱེད་པ་ཉིང་དགོས་ཏེ་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བའོ། །ངེས་ཚིག་ནི། དགོས་སོགས་ཆོས་བཞི་པོ་དེ་ཕན་ཚུན་འབྲེལ་བར་གྲུབ་པས། ཐོབ་བྱ་མཐར་ཐུག་གི་འབྲས་བུ་སྒྲུབ་པ་ལ་མེད་ན་མི་འབྱུང་བའི་འབྲེལ་བར་གྲུབ་པའི་ཕྱིར་རྒྱུད་ཀྱི་དགོས་འབྲེལ་ཞེས་བྱ། དབྱེ་ན། གྲོལ་ལམ་དབང་བཙན་དུ་བྱས་པ་དང་། ཐབས་ལམ་དབང་བཙན་དུ་བྱས་པ་གཉིས་ཀྱི། སྔ་མ་ནི་སྔར་ངོ་བོའི་སྐབས་སུ་བཤད་པ་ལྟར་ལ། ཕྱི་མ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་ལ་བཞུགས་པ་མཚོན་བྱ་རང་བཞིན་གཞིའི་རྒྱུད། དེ་རྟོགས་བྱེད་ཀྱི་མན་ངག་ཐིག་ལེ་ཆེན་པོའི་མན་ངག་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད། དེའི་དོན་ཉམས་སུ་བླངས་པས་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དགོས་པ། དེ་ལ་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ། ངོ་བོ་ནི། བསྟན་པའི་སྙིང་པོ་རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་གྱི་རྒྱུད་དང་བཅས་པ་འདི་ཉིད་མི་ཉམས་པར་བསྲུང་བའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། རང་བཞིན་གཞིའི་རྒྱུད་ཀྱི་དོན་ལས་མི་འགྱུར་བར་གདམས་པའང་ཡིན་ལ། ལམ་རྒྱུད་དེ་གཞི་རྟོགས་བྱེད་ཀྱི་ཐབས་སུ་མི་ནུབ་པར་ཟུངས་ཤིག་ཅེས་གཏད་པའང་ཡིན་པའི་ཕྱིར་གདམས་གཏད་ཅེས་བྱའོ། །དབྱེ་ན་གཉིས་ལས། གདམས་པ་ལ། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པས་སྦྱང་གཞིའམ་གཞི་རྒྱུད་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་དང་། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་པས ། སྦྱང་བྱ་གློ་བུར་གྱི་དྲི་མ་ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས། སྦྱོང་བྱེད་ཐུན་མོང་དང་ཁྱད་པར་གྱིས་བསྡུས་པ་གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་དང་། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པས། སྦྱངས་འབྲས་སྐུ་གསུམ་གྱི་རང་བཞིན་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་བཞི་སྟེ། རྒྱུ་མཚན་དེས་རྒྱུད་ཀྱི་དོན་ཐམས་ཅད་སྣང་བ་བཞིར་བསྡུས་ནས་གསུངས་པའི་ཕྱིར། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་པ་ཞེས་བྱའོ། །གཏད་པ་ནི། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་བསྡུ་བ་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་གཏད་པ་དང་། མ་འོངས་ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལྡན་ལ་གཏད་ཅིང་དེ་ཉིད་ངེས་པར་ལུང་བསྟན་པ་དང་། འཁོར་གྱི་མ་མོ་མཁའ་འགྲོ་རྣམས་ལ་བསྟན་པ་སྐྱོང་ཞིང་ཕྱོགས་བཅུར་སྤེལ་བར་གཉེར་གཏད་པ་དང་གསུམ་མོ། །གཉིས་པའི་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ལ། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་པས་བརྗོད་བྱ་དེ་ཉིད་འཆད་པར་བྱེད་པ་ནི་རྗོད་བྱེད་དོ། སྒྲར་སྣང་ཞིང་སྒྲར་གྲགས་པའི་བདག་ཉིད་སྒྲའི་རྒྱུད་དམ་གླེགས་བམ་དུ་སྣང་བ་ཡི་གེའི་རྒྱུད་དེ། དེ་ཡང་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག ཚིག་འདུས་པ་ལས་ལེའུ་སོགས་གླེགས་བམ་གྱི་བར་རྒྱུན་ཆགས་པའི་ངོ་བོ་ཚོགས་པ་གསུམ་ལྡན་ཡི་གེའི་རྒྱུད་དམ། བརྗོད་བྱ་དོན་གྱི་རྒྱུན་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་དུ་གྲུབ་པ་ཡིན་ཏེ། རྩ་བའི་རྒྱུད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་སོ། །དེ་དག་ཀྱང་དཔྱད་ན། སྟོན་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་ལས་ལོངས་སྐུ་དགོངས་པ་བརྡའི་ཚིག་མི་གསུང་བ་གསུང་བ་ཆེན་པོའི་སྒོ་ནས་དངོས་ཀྱི་འཁོར་འབྲས་དབང་ཐོབ་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་རྣམས་ཀྱི་ཡིད་ལ་རྒྱུད་དོན་རང་སྣང་བའམ། དེ་ཉིད་མ་འོངས་པའི་གདུལ་བྱ་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཡིད་ལའང་རྒྱུད་དོན་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེ་གསུམ་ཚོགས་པའི་རྒྱུད་གཞུང་སྟེ་སྒྲར་སྣང་བའི་རྒྱུད་དང་། དེ་དང་མཐུན་པའི་སྒྲ་བརྗོད་འདོད་ཀྱི་དབང་གིས་སྤྱི་བོ་སོགས་གནས་དང་ལྕེ་མཆུའི་སྦྱོར་བའི་བྱེད་པ་སོགས་འཕྲད་པ་ལས་ངག་ཏུ་བརྗོད་པ་ནི་སྒྲར་གྲགས་པའི་རྒྱུད་དང་། དེ་བརྗོད་པའི་རྟེན་ཕྱི་རོལ་གྱི་ཡི་གེའི་གཟུགས་བརྙན་གླེགས་བམ་ལ་བཀོད་པ་ནི་བརྡར་གྱུར་པའི་རྒྱུད་གཞུང་སྟེ། རྗོད་བྱེད་ཀྱི་སྒོ་ནས་ཕྱེ་ན་དེ་ཙམ་མོ། །ངེས་ཚིག་ནི། སྒྲའི་རྒྱུད་དེ། བརྗོད་བྱའི་དོན་དེ་ཉིད་རྟོགས་བྱེད་ཀྱི་ཐབས་རྗོད་བྱེད་ཀྱི་སྒྲར་སྣང་ཞིང་སྒྲར་གྲགས་པའི་དོན་གྱིས་ན་སྒྲ་དང་ཚིགས་སུ་བཅད་པ་སོགས་གཞུང་གི་ཚོགས་རྒྱུན་ཆགས་པའམ། གླེང་གཞི་ལ་སོགས་པ་ལྔ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བས་ན་རྒྱུད་དོ། །གཞན་དུ་ན་བརྗོད་བྱ་ལ་རྒྱུད་ཀྱི་མིང་ཐོབ་པས་རྗོད་བྱེད་ལའང་རྒྱུད་ཅེས་བཏགས་སོ། །དབྱེ་ན། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་གཉིས་ཏེ། དེ་གཉིས་ཀྱི་བསྟན་དོན་དབུ་ཞབས་ཀྱིས་བསྡུས་པའི་གཞུང་གི་དོན་རྣམས་ནི་རྣམ་དཔྱོད་མཆོག་དང་ལྡན་པ་རྣམས་ཀྱིས་གཞུང་དོན་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་དྲི་མ་མེད་པས་བརྟགས་ཏེ་རྟོགས་པར་བྱ་བ་ཡིན་ལ། ཞིབ་པར་ནི་རིག་འཛིན་བརྒྱུད་པའི་མན་ངག་གི་གཞུང་ལ་འདྲིས་པར་བྱ་བ་ཤིན་ཏུ་གལ་ཆེ་བ་ལགས་སོ། །དེ་ལྟར་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་གསུང་གི་སྣང་བ་ལ་བརྟེན་རང་བློས་གང་དཔོགས་ཞུས་པ་ལགས་ན། འདི་ལ་མ་འབྲེལ་བ་དང་། མ་ཚང་བ་དང་། ཟློས་པ་དང་། གཞུང་དོན་ལོག་པར་བཤད་པ་སོགས་ཀྱི་ཉེར་པ་གང་མཆིས། འཕགས་ཚོགས་རིག་པ་འཛིན་པའི་དགེ་འདུན་ཆོས་སྤྱན་ལྡན་པ་རྣམས་ཀྱི་སྤྱན་སྔར་བཤགས་ན། འཕྲལ་དང་ཡུན་གྱི་སྒྲིབ་རྐྱེན་དུ་མི་འགྱུར་བར་ཚངས་པ་དམ་པ་རྩལ་བར་མཛད་པ་དང་། ལེགས་པར་བཤད་པའི་དགེ་ཚོགས་ཇི་སྙེད་པ་དེ་དག་གི་མཐུ་ལ་བརྟེན་ནས། སྤྱིིར་རྒྱལ་བསྟན་རིན་པོ་ཆེ་དང་། དགོས་སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་བཤད་སྒྲུབ་ཀྱི་བསྟན་མཆོག་མི་ནུབ་སྲིད་མཐའི་བར་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་མཛད་ཕྲིན་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བ་དང་། རྒྱལ་ཁམས་སྤྱིིར་ནག་ཕྱོགས་གདུག་པའི་རྩུབ་འགྱུར་ཞི་ཞིང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་བས་བདེ་སྐྱིད་དགེ་བཅུའི་དཔལ་གྱིས་རྫོགས་ལྡན་གྱི་དུས་བཞིན་འབྱོར་པ་དང་། འདིར་འདུས་ཤིང་ཚོགས་པ་ཐམས་ཅད་དམ་ཚིག་མི་ཉམས་ཤིང་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་པོ་ལ་བརྟེན་ནས། གནས་སྐབས་སུ་གྲུབ་པ་བརྒྱད་དང་། མཐར་ཐུག་རིག་འཛིན་རྣམ་བཞིའི་ལམ་ནས་མི་སློབ་པའི་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རིགས་དྲུག་པའི་གོ་འཕང་ལ་དཀའ་བ་མེད་པར་སྦྱོར་བའི་ཐུགས་བསྐྱེད་ཡང་དག་པས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་ཞུ་ལགས། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས་དང་བསྟན་རྒྱས་སྨོན་ལམ་སོགས་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །མཁས་གྲུབ་ཀླུ་མཆོག་བྱེ་བས་ཉེར་བརྟེན་པའི། །གདོད་མའི་མགོན་པོའི་དགོངས་བཅུད་བདུད་རྩིའི་ཀླུང་། །རྟོག་གེ་ངན་པས་རང་བཟོས་མ་རྙོག་པ། །རྣམ་གྲོལ་སྲོག་ཟུང་བརྟན་བྱེད་བཅུད་ལེན་རྨད། །ངེས་དོན་མཐར་ཐུག་གསང་མཆོག་ཏནྟྲ་ཆེ། །གང་དང་སུ་འབྲེལ་སྲིད་པ་ཐ་མ་སྟེ། །ས་ར བ་རིག་པ་འཛིན་པ་མཆོག་ཡིན་ཞེས། །རྡོ་རྗེའི་ལུང་གིས་གྲུབ་པའི་བསྙོན་དུ་ཅི། །དེ་སླད་ཚད་མའི་གཞུང་འགྲེལ་ལ་བརྟེན་ནས། །མདོ་ཙམ་བསྡུས་འདིར་རང་གཞན་སྐྱེ་ཀུན་ཏུ། །ཟབ་གསང་ཐེག་མཆོག་སྙིང་པོའི་སྣོད་གྱུར་ཏེ། །དོན་གཉིས་མཐར་ཕྱིན་རྣམ་གྲོལ་མངོན་བྱེད་ཤོག །བཀྲ་ཤིས་མཆོག་སྩོལ་བླ་མ་ལྷག་པའི་ལྷས། །བཀྲ་ཤིས་བདེན་ཚིག་ཤིས་པའི་མེ་ཏོག་གིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ནས། །བཀྲ་ཤིས་རྟག་པ་དམ་པའི་མཆོག་གྱུར་ཅིག །ཅེས་པའང་སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས། ཤིང་བྱི་ཟླ་བ་བཞི་པའི་འཕེལ་ཕྱོགས་ཀྱི་ཚེས་བཅུ་ལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིིལ་དུ་བྲིས་པ་དགེ།


previousསྒྱུ་འཕྲུལ་གསང་བ་སྙིང་པོའི་སྤྱི་དོན་གྱི་ཚོགས་བཤད་ནོར་བུའི་ཕྲེང་བ།next