Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ།
   
   


 
previousརྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ།next

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ།

༄༅། །མཧཱསནྡྷིཙིཏྟཱབིསྲནྟྲསྱཔིབྀཏྟིཙིཏཱིརྠཔུཎྜརིཀམཱལྱནཱམཏིསྨ།
༄༅། །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་འདི་ཉིད་འཆད་པར་བྱེད་པ་ལ། ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཚུལ་བརྗོད། གཞུང་གི་དོན་དངོས་རྒྱ་ཆེར་བཤད། མཐར་ཕྱིན་པ་མཇུག་གི་དོན་བསྟན་པ་དང་གསུམ་ལས། དང་པོ་ཀླད་ཀྱི་དོན་ལ་གསུམ། མཚན་དོན། ཕྱག་གི་དོན། བརྩམ་པར་དམ་བཅའ་བའོ། །དང་པོ་མཚན་དོན་ལ། མཚན་བསྒྱུར་བ། རྒྱ་གར་སྐད་དུ། མཧཱསནྡྷིཙིཏྟབིསྲནྟནཱམ། བོད་སྐད་དུ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བ། ཤན་སྦྱར་བ། མ་ཧཱ་ཆེན་པོ། སནྡྷི་རྫོགས་པ། ཙིཏྟཱ་སེམས། ཏ་ལ་རིང་ཆ་བྱིན་པའི་ཁོང་ནས་ཤུདྡྷ་ཞེས་འབྱུང་བ་དེ་ཁོ་ན་ཉིད་དུ་དག་པར་སྦྱོར་བ་སྟེ། སྒྲ་བསྒྲུབས་པས་སེམས་ཉིད་ཅེས་པའོ། །བིསྲནྟ་ངལ་གསོ། ནཱམ། ཞེས་བྱ་བའོ། །མཚན་བཤད་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་ཚང་ཞིང་དེ་ལས་ཆོས་ཐམས་ཅད་འབྱུང་བས། རྫོགས་པ་དེའི་གོང་ན་རྟོགས་བྱ་གཞན་མེད་པས་ཆེན་པོ་འཁོར་བར་དུབ་པའི་སེམས་ཉིད་ཞི་བའི་དབྱིངས་སུ་ངལ་གསོ་ཞེས་བྱ་བ། ཞེས་དོན་ལ་མཚན་དུ་གསོལ་བའོ། །གཉིས་པ་ཕྱག་གི་དོན་ལ་གཉིས། དང་པོ་མདོར་བསྟན་པ། དཔལ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་ཏུ་བཟང་པོ་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པས་གཞན་དོན་འཕྲོ་བ་དེ་ལ་ཕྱག་འཚལ་ལོ། །གཉིས་པ་རྒྱས་པར་བཤད་པ། གཞི་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་མགོན་པོ་བཅོམ་ལྡན་འདས་སྤངས་པ་དང་རྟོགས་པའི་ཡོན་ཏན་གངས་ཆེན་མཚོ་ཡི་རང་བཞིན། མཁྱེན་བརྩེའི་རང་བཞིན་ཚུ་རོལ་གྱི་བློས་གཏིང་མཐའ་དཔག་ཡས་ཤིང་། དེའི་གསུང་བསྒྲུབས་པས་རྒྱལ་བ་རྒྱལ་སྲས་ཡིད་བཞིན་གྱི་ནོར་བུ་འབྱུང་བའི་གནས་མཁའ་ཁྱབ་སེམས་ཅན་གྱི་ཁམས་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་སྤྲིན་ཕུང་འཕྲོ་བའི་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉིས་པ་བརྩམ་པར་དམ་བཅའ་བ། སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བའི་ཆོས་སྐུ་དྲི་མ་མེད་པ་རྒྱལ་བའི་ཁམས་རང་ལ་ཡོད་ཀྱང་མ་རིག་པ་བདག་ཏུ་འཛིན་པས་རང་ཞལ་བསྒྲིབས་ནས་སྲིད་པ་འདིར་འཁྱམས་ཏེ་རྒྱུ་ལས་དང་ཉོན་མོངས་པས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གསུམ་གྱི་མྱ་ངམ་གྱི་ཐང་དཀྱིལ་དུ་དུས་རིང་མོ་ནས་དུབ་པའི་འགྲོ་བ་རྣམས་ལ་ངེས་དོན་སྙིང་པོ་བསྟན་ནས་སེམས་ཉིད་དེ་རིང་རྣམ་གྲོལ་མཆོག་ལ་ངལ་གསོ་བར་བྱའོ། །གཉིས་པ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པ་ལ་ལེའུ་བཅུ་གསུམ་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་བསྟན་པའོ། །དང་པོ། བྱང་ཆུབ་སྒྲུབ་པའི་རྟེན་དལ་འབྱོར་ཡིན་པས་དེ་བསྔགས་པའི་རིམ་པ་ནི། བྱང་ཆུབ་སྒྲུབ་པའི་གྲོགས་དག་དལ་འབྱོར་རིན་ཆེན་སྙིང་པོའི་ལུས། འགྲོ་དྲུག་ནང་ནས་རྙེད་པར་ཤིན་ཏུ་དཀའ། །ཇི་ལྟར་ལོང་བས་རིན་ཆེན་གཏེར་རྙེད་བཞིན། །རབ་ཏུ་དགའ་བས་ཕན་བདེ་བསྒྲུབ་པར་བྱ། །གཉིས་པ་ལ་ལྔ་སྟེ། དལ་འབྱོར་གྱི་དབྱེ་བ། དེ་ཐོབ་དུས་ཆོས་ལ་འབད་དགོས་པའི་རྒྱུ་མཚན། དབྱེ་བའི་གནས་གཞན། ཆོས་ལ་ངེས་པས་དལ་འབྱོར་དོན་ཡོད་པར་གདམས་པ། སྤྲོ་དགའ་བསྐྱེད་ནས་དལ་འབྱོར་སྙིང་པོ་ལོན་པར་གདམས་པའོ། །དང་པོ་ནི། དལ་དང་འབྱོར་པ་དེ་ཡང་གང་ཞེ་ན། །བདག་ནི་སེམས་དམྱལ་ཡི་དྭགས་མ་སྐྱེས་ཤིང་། །དུད་འགྲོ་འདི་གསུམ་ལུས་མི་ཁོམ། ཚེ་རིང་ལྷ་དང་ཀླ་ཀློ་དང་ལོག་ལྟ་སངས་རྒྱས་ཀྱིས་སྟོངས་འདི་བཞི་སེམས་མི་ཁོམ་པས་སོ། །ལྐུགས་པ་འདི་དག་མི་ཁོམ་པ་སྟེ་མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང་། མིར་གྱུར་ཡུལ་དབུས་སྐྱེས་དང་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད་པ་སྟེ། །རང་འབྱོར་དམ་པ་ལྔ་ཡང་ཚང་གྱུར་ཅིང་། །སངས་རྒྱས་བྱོན་དང་ཆོས་གསུང་བསྟན་པ་གནས། །གནས་ཕྱིར་ཞུགས་དང་གཞན་གྱིས་སྙིང་བརྩེ་བ། །གཞན་འབྱོར་ལྔ་སྟེ་དལ་འབྱོར་བཅོ་བརྒྱད་པོ། །དལ་བ་ངོ་བོ་དང་འབྱོར་པ་ཁྱད་པར་གྱི་ཆོས་ཏེ་ཨུཏྤལ་དང་སྔོན་པོ་བཞིན་ནོ། །དེ་རྣམས་རང་ལ་ལེགས་པར་ཚང་བའི་གནས་སྐབས་འདིར་སྙིང་ནས་བརྩོན་པས་ཐར་པ་བསྒྲུབ་པར་བྱ། གཉིས་པ་ལ་བདུན་ཏེ། དང་པོ། ད་རེས་ཆོས་ལ་མ་འབད་ན་འཁོར་བ་མཐའ་མེད་དུ་འཁྱམས་པ་ལ་བསམ་ནས་ཀྱང་ཆོས་ལ་འབད་དགོས་པ། དེ་ལྟར་དལ་འབྱོར་ཕུན་སུམ་ཚོགས་པའི་རྟེན་ཐོབ་ཀྱང་སྲིད་པའི་བདེ་བ་ཅུང་ཟད་ལ་ཆགས་པའི་དབང་གིས་གལ་ཏེ་ཚེ་འདིར་ཕན་པ་མ་བསྒྲུབས་ན། ཕྱིས་ནས་བདེ་འགྲོའི་སྒྲ་ཡང་མི་ཐོས་ཤིང་། །ངན་འགྲོར་རྒྱུན་རིང་ཡང་དང་ཡང་འཁོར་ཏེ། །སྤང་བླང་མི་ཤེས་ལོག་པའི་ལམ་འགྲོ་ཞིང་། །ཐོག་མཐའ་དུས་མེད་འཁོར་བར་འཁྱམས་འཚལ་ལོ། །གཉིས་པ་རང་དབང་ཡོད་དུས་ཐར་པའི་ལམ་སྣ་ཟིན་དགོས་པས་ཀྱང་ཆོས་ལ་འབད་དགོས་པ། དེ་ལྟ་བུའི་གཏིང་མཐའ་མེད་པའི་འཁོར་བ་ནས་ཐར་པའི་གོ་སྐབས་དཀའ་བས་དམ་ཆོས་ལ་སྙིང་ནས་བརྩོན་པར་གདམས་པ་དེ་བས་ད་ལྟ་རྒ་བ་དང་རྒུད་པ་དང་འཆི་བས་མ་ཟིན་ཅིང་རང་དབང་ཡོད་དུས་འདིར། ལེགས་པའི་ལམ་ལ་མཐུན་པའི་རྟེན་འབྲེལ་གྱིས་ལམ་སྣེ་ཟིན་པར་བྱས་ཏེ། དགེ་ཆོས་མི་ཟད་ཚོགས་གཉིས་བསྟེན་བྱས་ཏེ། །སྲིད་པའི་གྲོང་ལས་རབ་ཏུ་འདའ་བར་མཛོད། །གསུམ་པ་དུས་སྐབས་འཛོམས་པའི་གྲུ་བོ་རྙེད་དཀའ་བས་ཀྱང་ཆོས་ལ་འབད་པ། ད་རེས་བླང་དོར་གྱི་གནས་ཤེས་ཤིང་བསྒྲུབ་ཏུ་ཡོད་པའི་དལ་འབྱོར་གྱི་རྟེན་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་དུས་འདིར་ཚད་དང་མཐའ་མི་མངོན་ཞིང་འཇིགས་སུ་རུང་བའི་འཁོར་བའི་ཆུ་གཏེར་ཕ་མཐའ་ཡས་འདི་ལས། རིན་ཆེན་གྲུ་བོ་ཐོབ་དུས་མ་བརྒལ་ན། །གཏན་དུ་ཉོན་མོངས་སྡུག་བསྔལ་དབའ་ཀློང་དུ། །རབ་ཏུ་འཁྲུགས་ཚེ་བདག་གིས་ཇི་ལྟར་བྱ། །བཞི་པ་ཀུན་རྟོག་མཐའ་དག་ཞི་བར་བྱ་བའི་ཕྱིར་ཡང་ཆོས་ལ་འབད་པ། དེ་བས་མྱུར་དུ་བརྩོན་པའི་གོ་བགོས་ཏེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པ་ལྟར། སྐབས་འདིར་རྟོག་པ་སེམས་དང་དཔྱོད་པ་སེམས་བྱུང་གི་རྙོག་པ་རབ་ཞིའི་ཕྱིར་བརྩོན་པས་གཟུང་འཛིན་མེད་པའི་ཡེ་ཤེས་དྲི་མེད་སེམས་ཉིད་འོད་གསལ་གྱི་དོན་མཐོང་བར་འགྱུར་བའི་ལམ་ལ་འཛེགས་ཏེ། དེ་ལྟ་བུའི་བྱང་ཆུབ་ཀྱི་ལམ་ཉམས་སུ་ལེན་པ་ལ་བར་ཆད་ལེ་ལོ་སོགས་ཀྱི་རྐྱེེན་མེད་པར་མཛོད། དེ་ལྟར་ཡང་རིམ་ལྔ་ལས། སེམས་དང་སེམས་བྱུང་སྤྲོས་པ་ཀུན། །ཉེ་བར་ཞི་བ་དེ་ཡི་ཚེ། །འོད་གསལ་བ་ཡི་ཡེ་ཤེས་ནི། །མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་གསུངས། དེ་ལྟར་རྟོག་དཔྱོད་ལ། སེམས་སེམས་བྱུང་བག་ཆགས་སུ་བཏགས་པ་བ་མཐའ་དག་སངས་རྒྱས་ཀྱི་སར་འགགས་པ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་ཀྱི་སྐུ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཅེས་གསུངས། མཉམ་བཞག་གི་ཚེ་ནའང་འགགས་ཏེ། འདུལ་བ་ལུང་ལས། དགེ་སློང་བསམ་གཏན་ལ་མཉམ་པར་བཞག་པའི་སེམས་ཀྱི་རྒྱུ་བ་ཡང་འགགས་ཀྱང་དབང་པོའི་ཤེས་པ་ཡུལ་ལ་མི་སྣང་བ་མ་ཡིན་ཏེ། ཡུལ་འཁོར་སྐྱོང་། རྫིང་གཡོ་བ་མེད་པར་གཟུགས་བརྙན་ཤར་བ་བཞིན་ནོ་ཞེས་སོ། །སངས་རྒྱས་ཀྱི་ས་ན་སེམས་ཆེན་པོ་ཡོད་པར་བཤད་པ་ནི་ཡེ་ཤེས་ཆེན་པོ་ཉིད་ཡིན་ནོ། །ལྔ་པ་མ་འབད་ན་ཡུན་དུ་གདུང་བས་ཀྱང་ཆོས་ལ་འབད་པ། དེ་ལྟར་སྔོན་གྱི་དགེ་བའི་སྟོབས་ཀྱིས་ཐོབ་པའི་སྐྱེ་བ་གང་ལ་བདེ་ལེགས་ཆོས་ཀྱི་གཞིར་གྱུར་པ། རིན་ཆེན་དྲི་མ་མེད་པའི་སྣོད་རྙེད་ནས། །བདུད་རྩིའི་ཆོས་ཆར་བསིལ་བ་མི་འཛིན་ན། །འཁོར་བའི་གདུང་བས་རང་ཉིད་བརླག་པར་ཟད། །དྲུག་པ་སངས་རྒྱས་ཀྱི་ཆོས་ཟབ་མོ་འགྲུབ་སླ་བས་ཀྱང་ཆོས་ལ་འབད་པ། དལ་བ་གང་ལ་ཡོད་པའི་རྟེན་ལ་ཐར་པའི་ཆོས་ཀྱང་ངང་གིས་འབྱུང་བས་འདི་ལྟར། དཔལ་ལྡན་བདེ་ཆེན་ཕན་བདེའི་སྤྲིན་ཚོགས་ཅན། །ཡེ་ཤེས་ཆུ་བསིལ་དམ་པའི་ཆར་ཆེན་ཡང་། །དལ་འབྱོར་ས་གཞི་འགྲོ་སེམས་གཙང་མར་འབབ། །དེ་ཕྱིར་སྤྲོ་བས་སྙིང་ནས་ཆོས་མཛོད་ཅིག །བདུན་པ་རྙེད་དཀའ་བ་དཔེས་བསྟན་པས་ཀྱང་ཆོས་ལ་འབད་པ། ཇི་ལྟར་མཚོ་དབུས་གཡེངས་པའི་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་ཆུད་སྲིད་པས་ཀྱང་། །མི་ཡི་ལུས་ཙམ་ཉིད་རྙེད་དཀར་ལྷ་མིའི་སྟོན་པས་མེ་ཏོག་གི་ཚོམ་ལས་གསུངས་ན་དལ་འབྱོར་རིན་ཆེན་ལུས་རྙེད་སྨོས་ཅི་དགོས། དེ་བས་དེ་རིང་ཉིད་ནས་བརྩོན་འཚལ་ལོ། །དོན་གསུམ་པ་དབྱེ་བའི་གནས་གཞན་བསྟན་པ་ལ་གསུམ། མདོར་བསྟན་རྒྱས་པར་བཤད་དོན་བསྡུ་བའོ། །དང་པོ། འདི་ལྟར་མི་ཡི་ལུས་རྙེད་ཙམ་པོ་དང་། །ཁྱད་པར་ཅན་དང་མི་ལུས་རིན་པོ་ཆེ། །གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་མི་ལུས་ཕལ་པ། རིམ་བཞིན་དགེ་སྡིག་མི་ཤེས་ཆོས་མིན་སྤྱོད། །དབང་པོ་ཚང་ཡང་མི་ལུས་ཕལ་པ་སྟེ། །ཡུལ་དབུས་སྐྱེས་ཀྱང་མཐའ་འཁོབ་ཀླ་ཀློ་ཉིད་དེ་ཕལ་པའོ། །གཉིས་པ་མི་ལུས་ཁྱད་པར་ཅན། བསྟན་ལ་མ་ཞུགས་པ་དང་དགེ་སྡིག་འཆོལ། །ཚེ་འདི་གཉེར་ཞིང་འདུ་འཛི་རྣམ་པར་གཡེངས། །སྒོ་གསུམ་མི་བསྲུན་འཕྱར་ལ་ཕྱི་མ་རྒྱང་བསྲིངས་ཏེ། ཐར་པ་མི་གཉེར་དེ་དག་ཆོས་ཐོས་ནའང་། །མཆོག་གི་ལུས་མིན་རང་བཞིན་བར་མ་སྟེ། །སྐབས་འགར་དགེ་ལ་ཅུང་ཟད་སེམས་གཞོལ་ཞིང་། །ཕལ་ཆེར་སྡིག་པས་བློ་མིག་ཁེབས་པའི་ཕྱིར། །རྟགས་ཙམ་བཟུང་བས་རང་གཞན་ཕན་ཅི་ཡོད། །དེ་དག་ཁྱིམ་པའམ་དགེ་སྦྱོང་གཟུགས་བཟུང་རུང་། །གནས་སྐབས་ངན་འགྲོར་འགྲོ་ཡང་། སངས་རྒྱས་ཀྱི་ཐུགས་རྗེས་གཟིགས་ཏེ་རིང་མོ་ཞིག་ནས་ཐར་པའི་ས་བོན་དང་ལྡན་པས་ངན་འགྲོ་རྣམས་ལས་ཅུང་ཟད་འཕགས་པའི་ཕྱིར། མི་ལུས་ཁྱད་པར་ཅན་ཞེས་རྒྱལ་བས་ནམ་མཁའ་རིན་པོ་ཆེའི་མདོ་ལས་གསུངས། གསུམ་པ་མི་ལུས་རིན་པོ་ཆེ། རབ་མཆོག་སྐྱེ་བོ་དྲི་མེད་ཆོས་ཀྱི་སྣོད། །ཐོས་བསམ་སྙིང་པོའི་དོན་ལ་རྣལ་འབྱོར་དུ་གནས་པས་དབང་འབྱོར་ཞིང་། རང་ཉིད་བཏུལ་ནས་གཞན་དག་དགེ་ལ་འགོད། །སྒྲུབ་པའི་རི་རྒྱལ་རབ་ཏུ་མི་གཡོ་བ། །དྲང་སྲོང་རྒྱལ་མཚན་ཆེན་པོའི་སྟེ་གོས་ཀྱི་ཆ་ལུགས་ཙམ་མིན་པས་རྣམ་པ་དེ་དག་ཀུན་ཁྱིམ་པའམ་རབ་ཏུ་བྱུང་བའི་གཟུགས་སླ་ཡིས། མི་ལུས་རིན་ཆེན་ལགས་པར་སྟོན་པས་དཔལ་སྦས་ཀྱིས་ཞུས་པའི་མདོ་ལས་གསུངས། གསུམ་པ་དོན་བསྡུ་བ་ལ་གཉིས། དང་པོ་ཆོས་སྒྲུབ་པར་གདམས་པ། དེ་ལྟར་དལ་འབྱོར་ཐོབ་པའི་སྐྱེ་བོས་རྟག་ཏུ་ཆོས་འབའ་ཞིག་བསམ་དགོས་པའི་རྒྱུ་མཚན་ཡོད་པ་དེ་ཕྱིར་དམ་པ་རྣམས་ལས་ཆོས་ཐོས་ཏེ། ཆོས་བཞིན་བསྒྲུབ་ཕྱིར་ཆོས་ལ་གནས་པ་དག །ཆོས་ལྡན་རྒྱུན་བསྲིང་ཆོས་མིན་འགོག་བྱེད་ཅིང་། །ཆོས་དོན་བསྒྲུབས་པས་ཆོས་ལ་གནས་པར་མཛོད། །གཉིས་པ་དེའི་ཕན་ཡོན་བསྟན་པ། དེ་ལྟར་བརྩོན་པའི་ཕན་ཡོན་རིང་པོར་མི་ཐོགས་སྲིད་མཚོ་མཐར་བརྒལ་ནས་ཞི་བའི་གླིང་དུ་མྱུར་འགྲོ་མྱ་ངན་འདའ། དོན་བཞི་པ་ཆོས་ལ་ངེས་པའི་དལ་འབྱོར་དོན་ཡོད་པར་གདམས་པ་ལ་གཉིས། དང་པོ་མ་འབད་ན་བློ་གྲོས་བླུན་པས་ཀྱང་ཆོས་ལ་ངེས་པ། འཛམ་གླིང་ལས་ཀྱི་ས་པ་དགེ་བའི་བགོ་སྐལ་བསྐྲུན་{བཀྲུན}དུ་ཡོད་པའི་འདིར་སྐྱེས་པའི་སྐྱེ་བོ་གང་ཞིག་མིར་གྱུར་དགེ་གོམས་མི་བྱེད་ན། དེ་ལས་བློ་གྲོས་བླུན་པ་གཞན་མེད་དེ། །རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་བཞིན། །དལ་འབྱོར་དོན་མེད་ཆུད་གསོན་བྱེད་པ་ཟད། །དེ་བས་རྟག་ཏུ་ཞི་བའི་ཆོས་མཛོད་ཅིག །གཉིས་པ་ལུས་སེམས་རྟེན་འབྲེལ་གྱི་ཚོགས་དོན་ལ་བསམ་སྟེ་ཆོས་ལ་ངེས་པ། རྟེན་དང་བརྟེན་པའི་རང་བཞིན་ལས་བརྩམས་པས་གཅིག་ཏུ་ངེས་པར་དཔྱད་པ་ཀུན་བྱེད་ལས། མ་ལུས་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱང་སེམས་ལ་རག་ལས་སེམས་དེ་ཡང་ནི་དལ་འབྱོར་ལ་བརྟེན། རྟེན་ཅིང་འབྲེལ་བར་འབྱུང་བས་དགེ་བའི་སེམས་ཆོས་སྒྲུབ་པའི་རྒྱུ་དང་རྐྱེན་རྣམས་དུ་མ་ཚོགས་དུས་འདིར་ཆོས་ཀྱི་གཙོ་བོ་རང་གིས་སེམས་ཐུལ་ཅིག དོན་ལྔ་པ་སྤྲོ་དགའ་བསྐྱེད་ནས་དལ་འབྱོར་སྙིང་པོ་ལེན་ཚུལ་ལ་གདམས་པ་ལ་ལྔ། དང་པོ་དལ་འབྱོར་རྙེད་དཀའ་བསམ་མ་བསམ་གྱི་སྐྱོན་ཡོན་ལ་གདམས་ནས་སྤྲོ་དགའ་བསྐྱེད་པ། འཁོར་བར་ཡང་ཡང་རྒྱུ་བ་དེའི་ཚེ་འཆི་བས་འཇིགས་པའི་སྐྱེ་བ་སྡུག་བསྔལ་གྱི་རྒྱ་མཚོ་མཐའ་མེད་དུ། འདོད་པས་ཕོངས་པ་དང་མི་འདོད་པའི་སྡུག་བསྔལ་ཆར་བཞིན་དུ་འབབ་པ་ཡང་། དལ་འབྱོར་རྙེད་དཀའ་མ་བསམས་པར་དོན་མེད་ཚེ་འདིར་རྣམ་པར་གཡེང་བ་ལས་བྱུང་བ། དེ་ཕྱིར་གང་དག་མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་རྣམས་ཀུན་ཀྱང་། དལ་འབྱོར་རྙེད་དཀའ་བསམ་ལས་བྱུང་བས་ན། །ཉིན་མཚན་མི་དལ་བརྩོན་པས་སྤྲོ་བ་བསྐྱེད། །གཉིས་པ་འདི་ཕྱིའི་ལེགས་དགུ་དལ་འབྱོར་སྙིང་པོར་བྱས་པ་ལས་བྱུང་བའི་སྤྲོ་དགའ་བསྐྱེད་པ་ཕན་ཡོན་གྱི་སྒོ་ནས་སྤྲོ་བས་གདམས་པ། འདིར་ནི་སྔོན་གྱི་དུས་ན་འདྲེན་པ་སངས་རྒྱས་མཐོང་ཞིང་གྲོལ་བ་དོན་ཡོད་ཅིང་གནས་སྐབས་སུ་ཆོས་ཐོས་པ་དང་བསྒྲུབ་པའང་དོན་ཡོད་ལ། དགེ་བ་ལ་སྦྱོར་བས་ཆོས་ཀྱིས། ཚེ་འདི་དོན་ཡོད་ཕྱི་མ་ཐར་པའི་ས་བོན་ཐེབས་པས་འབྲས་བཅས་ཀུན། དལ་འབྱོར་རྙེད་ལས་བྱུང་བ་དེ་ཡི་ཕྱིར། །རབ་ཏུ་དགའ་བ་ཡང་དང་ཡང་སྒོམས་ཤིག །གསུམ་པ་སངས་རྒྱས་གང་ལས་འབྱུང་བའི་རྟེན་ཡང་དལ་འབྱོར་ཡིན་པའི་སྤྲོ་དགའ་བསྐྱེད་པ། ལྷར་བཅས་འཇིག་རྟེན་དབུས་ན་འགྲོ་བའི་གཙོ། །ཉན་རང་སྲས་ཀྱིས་བསྐོར་བའི་མགོན་པོ་ཡིས། །འཆི་མེད་བདུད་རྩིའི་གོ་འཕང་བརྙེས་པ་ཡང་། །མི་ལུས་རིན་ཆེན་མཆོག་ལས་བྱུང་བས་ན། །ལྷ་བས་ལྷག་པའི་ལུས་ཞེས་དལ་འབྱོར་བསྔགས་ཏེ། མངོན་པར་བྱང་ཆུབ་མདོ་ལས། ལྷའི་གནས་སུ་མངོན་པར་བྱང་མི་ཆུབ་པ་ནི་གནས་རིས་ལ་ང་རྒྱལ་བྱེད་པས་བདེན་པ་མངོན་པར་མི་རྟོགས་པའི་ཕྱིར་དང་། དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉིད་ཁོ་ནར་གཟིགས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ་ཞེས་སོ། །དེ་ཕྱིར་མི་ཉིད་ཐོབ་ལ་སྤྲོ་བ་བསྐྱེད། །བཞི་པ་ལམ་དང་མངོན་པར་རྟོགས་པའི་རྟེན་ཡང་དལ་འབྱོར་ཡིན་པས་སྤྲོ་དགའ་བསྐྱེད་པ། རྣམ་པར་མི་རྟག་བདེན་མཐོང་ཡེ་ཤེས་སོ། །ལྷ་མིའི་ནང་ནས་མི་གྱུར་རྙེད་སླ་སྟེ། །མཛོད་ལས། གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱེ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཅེས་གསུང་ཕྱིར་རོ། །ཞེས་སོ། །རྡོ་རྗེ་ཐེག་པའི་ལམ་ཟབ་སྙིང་པོ་ཡང་། །མི་ཡི་ལུས་རྙེད་འབྲས་བུས་འགྲུབ་པར་སླ། །འབྱུང་བཞི་ཟད་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་རྨད་བྱུང་འདི། །མི་རྣམས་ཀྱིས་ནི་བརྩོན་བྱས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་དངོས་གྲུབ་གཞན་ཅི་སྨོས། །ཞེས་སོ། །དེ་ཕྱིར་ཐེག་པ་ཆེ་ཆུང་ཆོས་ཀྱི་རྟེན། །དལ་འབྱོར་མི་ལུས་མཆོག་ཏུ་འཕགས་པར་གསུངས། །ལྔ་པ་དགའ་བ་ཁྱད་པར་ཅན་གྱི་བློས་དལ་འབྱོར་རྙེད་པ་ལ་སྤྲོ་དགའ་བསྐྱེད་པ། དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ། སྟན་བདེ་བ་ལ་འདུག་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་དལ་འབྱོར་ལ་བསམ་སྟེ་ཇི་ལྟར་ཕོངས་པས་ནོར་མཆོག་རྙེད་པ་ལྟར་དལ་འབྱོར་ནི། རྨི་ལམ་ཉིད་མིན་ནམ་ཅེས་དོགས་དང་འཇིགས་བཞིན་དུ་ད་རེས་ལན་གཅིག་རྙེད་པ་འདི་རེ་འཚེང་། ཆོས་ཁོ་ན་སྒྲུབ་དགོས་སྙམ་དུ་དགའ་ཞིང་སྤྲོ་བས་དལ་འབྱོར་བསམ་པར་བྱ་ཞིང་རྗེས་བསྔོ་བ་བྱ་སྟེ། ལུང་རྣམ་འབྱེད་ལས། མོང་འགལ་གྱི་བུ་གཅིག་ཏུ་བསམ་པར་བྱ་བ་ནི་དལ་བ་སྟེ་སྤྲོ་བས་རྗེས་སུ་དྲན་པར་གྱིས་ཤིག ཅེས་གསུངས། དེས་ནི་འདི་ཕྱིའི་ཕན་བདེ་དམ་པའི་ཆོས་འགྲུབ་བོ། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་བསྟན་པ་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་དགེ་ལེགས་སྙན་པའི་བདུད་རྩི་བསྟབས་ཏེ་བཤད་པ་འདིས་འགྲོ་ཀུན་དལ་འབྱོར་ཆུད་གསོན་པའི་རྒྱུ་དོན་མེད་ཚེ་འདིའི་གཡེངས་པ་རྣམས་རབ་ཏུ་ཞི་ནས། དབེན་པའི་ནགས་མཐར་སོང་སྟེ་ཡུན་རིང་སྲིད་པར་ཉོན་མོངས་པའི་ཚང་ཚིང་གིས་དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཏེ་འཚོ་བར་ཤོག་ཤིག ཤླ་ཀ་འདིས་དོན་ཡོད་བགྱིད་པའི་གནས་ལ་གདམས་ཤིང་། དོན་བསྡུ་བསྔོ་བ་དང་བཅས་པ་སྟེ་ཕྱི་མ་རྣམས་ལའང་འགྲེའོ། །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས་དལ་འབྱོར་རྙེད་དཀའ་བའི་ལེའུ་སྟེ་དང་པོའོ། །༈ གཉིས་པ་ཚེ་མི་རྟག་པ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་ཐོབ་ཀྱང་ཡིད་བརྟན་མི་རུང་བས་བརྩོན་པར་གདམས་པ། དེ་ལྟར་རྙེད་དཀའི་དལ་བ་ཐོབ་གྱུར་ཀྱང་། སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །རྣམ་པར་བརྟགས་ན་ཆུ་ཤིང་ལྟར་སྙིང་པོ་འགའ་མེད་ལ། སྐྱེ་འཇིག་གི་རང་བཞིན་དཔྱད་མི་བཟོད་པས་དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བས་ཉིན་མཚན་ཀུན་ཏུ་ངེས་པར་འཆི་བ་བསམ། གཉིས་པ་ལེའུ་དངོས་ཀྱི་དོན་ལ་བདུན། གང་མི་རྟག་པ་ཕུང་པོའི་རང་བཞིན་ལ་བསམ་སྟེ་ཆོས་ལ་བསྐུལ་བ། དུས་རིང་བས་རྒྱུ་མཚན་དཔྱད་དེ་ཆོས་ལ། དུས་ཉེ་བར་སྣ་ཚོགས་ཀྱི་རྐྱེན་ལ་བསམ་སྟེ་ཆོས་ལ། སྔ་ཕྱི་ད་ལྟའི་རང་བཞིན་ལ་བསམ། འཇིག་ངེས་རྐྱེན་གྱི་གཏན་ཚིགས་ངེས་པས་ཆོས་ལ། རང་གཞན་རྟག་འཛིན་སྐྱོ་ཤེས་འཕེལ་བས། མི་རྟག་བསྒོམ་ཚུལ་ཕན་ཡོན་ཅན་དང་བཅས་པས་ཆོས་ལ་བསྐུལ་བར་གདམས་པའོ། །དང་པོ་གང་མི་རྟག་པ་ཕུང་པོའི་རང་བཞིན་ལ་བསམ་སྟེ་ཆོས་ལ་བསྐུལ་བ། མི་རྟག་སྙིང་པོ་མེད་པའི་ལུས་ལ་ཆགས་པ་བཏང་ཞིང་ཉིན་མཚན་དུ་མི་རྟག་པ་ལ་བློ་གཞོལ་བར་གདམས་པ། སྡུག་བསྔལ་ཡིད་མི་བདེ་བ་ཀུན་གྱི་གཞི། །ཉོན་མོངས་འབྱུང་ཁུངས་ཆེར་གྱུར་ལུས་འདིི་ལ། །གོས་རྒྱན་མེ་ཏོག་ཕྲེང་སོགས་བཀླུབས་གྱུར་ཅིང་། །བཟའ་བཏུང་བཟང་དགུས་མཆོད་ཅིང་བསྙེན་བཀུར་ཡང་། །དུས་མཐར་མི་རྟག་འཇིག་ཅིང་འབྲལ་བ་སྟེ། །ཝ་དང་བྱ་རྒོད་ཅེ་སྤྱང་ཟས་འདི་ལ། །གཅེས་སྤྲས་རྟག་འཛིན་གཙང་བའི་སེམས་བོར་ལ། །ཚེ་འདིའི་སྣང་བ་གང་གིས་ཀྱང་མི་བསྟོངས་པར་ཤེས་ནས་ད་ལྟ་ཉིད་ནས་དམ་པའི་ཆོས་མཛོད་ཅིག གཉིས་པ་དུས་རིང་བའི་རྒྱུ་མཚན་དཔྱད་པ་ལ་བཞི་སྟེ། དང་པོ་ཚེ་བསྐལ་བར་ཐུབ་པའི་ལྷ་ཆེན་པོ་རྣམས་ཀྱང་མི་རྟག་པ། ས་གསུམ་འབྱོར་པ་དམ་པའི་གཞིར་གྱུར་པ་ལྷའི་དབང་པོ་ཚངས་པ་དང་བདེ་འབྱུང་སྟེ་དབང་ཕྱུག་དང་མིག་སྟོང་ཅན་རྒྱ་བྱིིན་དང་འཇིག་རྟེན་སྐྱོང་བའི་དབང་པོ་རྒྱལ་ཆེན་བཞི་སོགས་གྲགས་དང་བསོད་ནམས་གཟི་འོད་འབར་བ་ཡང་འཆི་བདག་གནས་ལས་རྒྱལ་བའི་སྐབས་མེད་ལ། བསམ་གཏན་གྲུབ་པས་བསྐལ་པར་གནས་པ་ཁམས་གོང་མའི་འགྲོ་བ་རྣམས་ཡང་ལས་ཟད་ཚེ་ན་འཆི་བའི་སྐབས་མཆིས་ཤིང་། དེ་བཞིན་འདོད་པའི་ལྷ་དང་ལྷ་མིན་དང་དཀའ་ཐུབ་གྲུབ་པ་དང་རིག་སྔགས་འཆང་དང་། མི་དབང་འཁོར་ལོས་སྒྱུར་རྒྱལ་དང་བདེ་སྐྱོང་བྲམ་ཟེ་སོགས་འགྲོ་བ་ཕལ་པ་ཇི་སྙེད་ཀྱང་འཆི་བས་འཇིགས་པའི་སྐྱེ་བོ་ཕ་མཐའ་ཡས། གཉིས་པ་ཁམས་གསུམ་སྤྱི་བཙན་གྱི་སྐྱེ་དགུ་རྣམས་ཀྱང་མི་རྟག་པ། འཕོ་ཞིང་འགྱུར་བས་ཚེ་འདི་མི་རྟག་པས་རོལ་པའི་ཆར་སྤྲིན་ནང་། རང་ཆས་སུ་འགྱུ་བའི་འཆི་བདག་གློག་གི་ཕྲེང་བ་གར་བྱེད་ཅིང་ཉིན་མཚན་སྐད་ཅིག་གིས་དུས་རྣམས་འགྱུར་ཞིང་འཆི་བར་ཉེ་བའི་ཆར་འབབས་པས་ས་གསུམ་མྱུ་གུ་ཇི་སྙེད་ཁྱབ་པར་བརླན་པར་གྱུར། གསུམ་པ་སྣོད་བཅུད་བརྟན་གཡོའི་འཇིག་རྟེན་ཀྱང་མི་རྟག་པ། སྟོང་གསུམ་མི་མཇེད་ཀྱིས་མཚོན་པའི་ཕྱི་སྣོད་བཅུད་འཇིག་པའི་དཔེས་ནང་གི་སྣོད་བཅུད་མི་རྟག་སྟེ་ཕྱི་སྲིད་པ་སྣོད་བཅུད་རྣམས་ཐོག་མར་ཆགས། བར་བསྐལ་ཉི་ཤུ་གནས། མཐར་འཇིག་གི་ཚེ་མེ་བདུན་གྱིས་བསྲེགས་པའི་ཐལ་བ་ཆུས་བཤར་བ་གཅིག་དང་། མཐར་རླུང་གིས་འཐོར་བའི་ཚེ། ཕྱི་རོལ་གྱི་ཁོར་ཡུག་གིས་བསྐོར་བའི་རྒྱ་མཚོ་ཆེན་པོ་གླིང་བཞི་གླིང་ཕྲན་དང་གསེར་རིས་བསྐོར་བའི་རི་རབ་ལྷུན་པོ་རིན་ཆེན་བཞི་ལས་གྲུབ་པ་ཡང་མི་རྟག་ཅིང་། མཐར་ཐམས་ཅད་སྟོང་ནས་ནམ་མཁའ་གཅིག་ཏུ་གྱུར་པའི་སྐབས་ཡོད་དོ། །དཔེ་དེས་མཚོན་ནས་ནང་གི་ལུས་འདི་ཡང་ཟག་བཅས་ལས་ཉོན་གྱི་དབང་གིས་དང་པོར་མངལ་དུ་ཆགས་ཤིང་། མཐར་འཆི་བའི་ཚེ་ལུས་ཀྱི་འབྱུང་བཞི་བསྡུས་རྩ་རླུང་ཐིག་ལེ་གསུམ་སྟོང་པས་མེ་འདུན་དང་། སྲོག་འཕོ་བ་ཆུས་གཅིག དབུགས་འབྲེལ་ཐག་ཆད་པས་མཇུག་ཏུ་རླུང་གིས་གཏོར་ཏེ་ལུས་ཀྱང་སོ་སོར་འབྲལ་ཞིང་དེངས་ནས་མཐར་ཅི་ཡང་མེད་པ་ནམ་མཁའ་ལྟ་བུ་སྔོན་ལུས་མ་ཆགས་པའི་དུས་ལྟར་འབྱུང་བའི་སྐབས་ཡོད་པས་ཚུལ་དེ་ལྟ་བུ་ལ་ངེས་པར་བསམས་ཏེ་སྙིང་ནས་ཆོས་མཛོད་ཅིག བཞི་པ་སྔོན་རབ་འབྱོན་པའི་འཕགས་པ་རྣམས་ཀྱང་མི་རྟག་པ་ལ་བསམ་སྟེ་ཆོས་ལ་བསྐུལ་བ། གཞན་ཡང་འཇིག་རྟེན་གྱི་འདྲེན་པ་རྣམ་གཟིགས་གཙུག་ཏོར་ཅན་སོགས་སངས་རྒྱས་རང་རྒྱལ་དང་སློབ་མའི་ཚོགས་སྔར་བྱོན་པ་དང་ད་ལྟར་གྱི་སྟོན་པ་ཐུབ་དབང་སྲས་བྱང་སེམས་དང་ཉན་ཐོས་སོགས་ཀྱིས་བསྐོར་བའི་མགོན་པོ་རྣམས། དཔེ་སྟོན་དུས་ཀྱི་དྭངས་པའི་མཁའ་ལ་སྔོན་མེད་རི་བོང་འཛིན་ཏེ་ཟླ་བ་རྒྱས་པ་རྒྱུ་སྐར་ཕྲེང་བ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བཞིན་སྐུ་འོད་ཟེར་གྱི་དཔལ་གྱིས་ལྷམ་མེ་གསུང་ཅ་ཅོ་མེད་པས་ལྷང་ངེ་ཐུགས་དྲི་མ་མེད་པས་ལྷན་ནེར་གསལ་བ་རྡོ་རྗེ་ལྟར་བརྟན་པ་ཡང་མི་རྟག་མྱ་ངན་འདའ་བའི་ཚུལ་སྟོན་པར་མཛད་ཅིང་། ད་ལྟར་གྱི་ཐུབ་པའི་དབང་པོའི་བསྟན་པ་འདི་ལས་གཞན་པའི་བསྟན་པ་རིན་ཆེན་ཉི་མ་དཔག་ཏུ་མེད་པ་རྣམས་ཀྱང་། སྔོན་རབས་སྔོན་རབས་རྣམས་རིམ་གྱིས་ནུབ་པར་གྱུར་པ་ལ་ལྟོས། དཔེ་ཆུའི་ལྦུ་བའམ་ཆུ་ཤིང་སྙིང་པོ་མེད་པ་དང་འདྲ་བའི་རང་གི་ལུས་མི་རྟག་པ་སྒྱུ་མའི་ཁང་པ་དང་འདྲ་བ་འདི་ཅིས་མི་འཇིག གསུམ་པ་དུས་ཉེ་བའི་རྐྱེན་བསམ་པ་བཞི། དང་པོ་གཅིག་ཏུ་ངེས་པ་མེད་པས་མི་རྟག་པ། དེ་ཕྱིར་ངེས་པར་འཆི་བ་དང་དེའང་དུས་ནམ་འཆི་དང་གནས་འདིར་འཆི་རྐྱེན་འདིས་འཆི་ཞེས་ངེས་པ་འགའ་མེད་དེ། ཚེ་འདི་སྣོན་མེད་རྟག་ཏུ་གོད་འགྱུར་ཞིང་། །འཆི་བའི་རྐྱེན་མང་འཚོ་བའི་རྐྱེན་ཏེ་ཤས་ཉུང་བས། ཚེ་ལ་ལོང་མེད་བློ་སྣ་བསྟུངས་བྱས་ཏེ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པར་རིགས། །གཉིས་པ་གྲོང་ཁྱེར་རྙིང་པ་བཞིན་དུ་མི་རྟག་པ། རང་གི་ལུས་འབྱུང་བཞི་འདུས་པའི་ལྡིང་ཁང་ན་སེམས་པ་ཡིད་ཀྱི་རྟེན་ཅན། སྐད་ཅིག་ཀྱང་མི་བརྟན་པར་གཡོ་བའི་ཀུན་རྟོག་སྐྱེ་བོས་བརྒྱན་པ་སྟེ་ལུས་སེམས་ཀྱི་ཚོགས་པ་འདི་ཡང་། རྒྱུ་དང་རྐྱེན་ལས་སྐྱེས་ཕྱིར་འདུས་བྱས་འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན་ཕྱི་རོལ་གྱི་གྲོང་ཁྱེར་རྙིང་པ་བཞིན་དུ་མི་རྟག་གིས་དུས་མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག གསུམ་པ་རླུང་ནང་གི་མར་མེ་བཞིན་དུ་མི་རྟག་པ། དཔེ་ཇི་ལྟར་རླུང་དམར་གྱི་ནང་ཞུགས་མར་མེ་རྐྱེན་གྱིས་གློ་བུར་དུ་འཆི་བ་བཞིན། སྐད་ཅིག་ཀྱང་མི་རྟག་གཡོ་བའི་རང་བཞིན་དང་། །གློ་བུར་འཆི་རྐྱེན་དྲག་པོས་གཏུགས་པའི་ཚེ། །ཡུན་དུ་མི་གནས་ངེས་པར་འཆི་བས་ན། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །བཞི་པ་ཐམས་ཅད་བོར་ནས་འགྲོ་བས་མི་རྟག་པ། རང་འཆི་བའི་ཚེ་འཁོར་དང་ལོངས་སྤྱོད་ཉེ་བར་འབྲེལ་བའི་གཉེན། གཟུགས་དང་ལང་ཚོ་དབང་ཕྱུག་རིགས་བཟང་ཡང་། །ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དགོས་ཤིང་། །དེ་དག་གང་གིས་ཀྱང་མི་བསྟོངས་པར་ལས་དཀར་ནག་གཉིས་ཁོ་ན་རྗེས་སུ་འབྲང་བ་ཡིན་པས། དེ་ཚེ་ཆོས་ལས་སྐྱབས་གཞན་འགའ་མེད་ན། །དེང་དུ་བརྩོན་པས་ཅི་ཕྱིར་འདའ་མི་བྱེད། །རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ཞེས་སོགས་སོ། །བཞི་པ་སྔ་ཕྱི་ད་ལྟའི་རང་བཞིན་བསམ་པ་ལ་གཉིས། དང་པོ་སྔོན་རབས་འདས་པའི་ཚུལ་ལ་དཔགས་ཏེ་མི་རྟག་པ་བསམ་པ། ཡང་འདི་ལྟར་འཇིག་རྟེན་སྔ་ཕྱིའི་རྒྱུད་སོམས་དང་། སྔ་རབས་སྐྱེ་བོ་དཔག་མེད་འདས་གྱུར་ཅིང་། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མི་རྟག་ལ། །མ་འོངས་རྣམས་ཀྱང་ཚུལ་དེའི་རྗེས་སུ་འགྲོ་སྟེ་དེ་དག་དང་ཚུལ་མཚུངས་པས་རང་གི་རིང་ལ་རྒན་རབས་གཞོན་རབས་རང་དང་སྐལ་མཉམ་དུ་མ་འདས་ལ་ལྟོས། བདག་ཀྱང་རང་བཞིན་དེ་ལས་མ་འདས་པས། །ངེས་པར་འཆི་བ་བསམས་ནས་ཆོས་མཛོད་ཅིག །ཆེད་དུ་བརྗོད་པའི་ཚོམ་ལས། སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབས་པའང་འཆི་འགྱུར་ནས། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཅེས་སོ། །གཉིས་པ་ད་ལྟ་འཕོ་འགྱུར་མི་རྟག་པའི་ཚུལ་ལ་བསམ་པ། ས་གསུམ་སྟེ་དམྱལ་བ་ནས་སྲིད་རྩེའི་བར་དག་ན་འཆི་བདག་གནས་ལས་ཐར་པ་འགའ་མེད་དེ། འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་ནའང་མེད། །རི་རབ་རྣམས་ཀྱི་གསེབ་ཏུའང་ཞུགས་པ་མེད། །ཅེས་གསུངས། ཀུན་ཀྱང་མི་རྟག་འགྱུར་ཞིང་སྙིང་པོ་མེད། །ཡིད་བརྟན་མི་རུང་ཤིང་རྟའི་འཕང་ལོ་འདྲ། །རྒྱ་རོལ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །ཞེས་སོགས་དང་། ཁྱད་པར་མི་ཡི་འཇིག་རྟེན་འཚེ་བ་མང་། །རླུང་མཁྲིས་སོགས་ནད་དང་ཤ་ཟས་སོགས་གདོན་གནོད་པ་དུ་མའི་གཞིར་གྱུར་ཅིང་། མཚོན་དང་མེ་དང་གཡང་ས་གཅན་གཟན་དུག །རྒྱལ་པོ་དགྲ་དང་ཆོམ་རྐུན་ལ་སོགས་ཀྱིས། །འཚོ་བའི་སྲོག་འཇོམས་ཕུན་ཚོགས་འཇིག་པར་བྱེད། །ལྔ་པ་འཇིག་ངེས་རྐྱེན་གྱི་གཏན་ཚིགས་ངེས་པ་ལ་གཉིས། དང་པོ་ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བས་མི་རྟག་པ། གལ་ཏེ་དེ་ལྟ་བུའི་འཚེ་བ་མེད་ཀྱང་སྐྱེས་བུའི་ཚེ་འགྲོ་སྟེ། ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བས་ཀྱང་། །འཆི་བདག་གནས་སུ་ཉེ་བར་གྱུར་པ་ནི། །འབབ་ཆུས་ཚོགས་རྣམས་རྒྱ་མཚོར་སྙེག་པའམ། །ཉི་མའི་དཀྱིལ་འཁོར་ནུབ་རི་ལྟུང་བ་བཞིན། །གཉིས་པ་འཆི་རྐྱེན་མ་ངེས་སྣ་ཚོགས་ཡོད་པས་མི་རྟག་པ། ཟས་བཅས་འཚོ་བའི་རྐྱེན་རྣམས་ཕུན་ཚོགས་ཀྱང་། །དུག་བཞིན་སྡུག་བསྔལ་བྱེད་པའི་སྐབས་མཆིས་ན། །མི་མཐུན་གནོད་མང་ཕུན་ཚོགས་ཅིས་མི་འཇིག །དེས་ན་འཆི་བའི་རྐྱེན་དུ་མ་གྱུར་མེད། །གནས་གར་འཆི་རྐྱེན་ཅིས་འཆིི་དུས་ནམ་འཆི་ཆ་མེད་ཀྱི། དོན་མེད་བསླུ་བ་འཇིག་རྟེན་ཆོས་སྤོངས་ལ། །སྙིང་ནས་མི་རྟག་འཆི་ཆོས་སྒྲུབ་པར་མཛོད། །དྲུག་པ་རང་གཞན་རྟག་འཛིན་སྐྱོ་ཤས་འཕེལ་བས་ཆོས་ལ་བསྐུལ་བ་ལ་གསུམ། དང་པོ་འཆི་བ་མ་དྲན་ཚེ་འདིས་བསླུས་པ་ལ་སྐྱོ་བ། དལ་འབྱོར་ཐོབ་ཚེ་འཁོར་བ་ལས་སྒྲོལ་དགོས་པར་གདམས་པ། འདིར་ནི་བདག་གིས་དལ་འབྱོར་གྲུ་རྙེད་ཅིང་། །བླ་མའི་མན་ངག་གྲུ་འཛིན་ཏེ་སྐྱ་བ་ཡོད་བཞིན་དུ། སྡུག་བསྔལ་ཆུ་བོ་བརྒལ་ཕྱིར་མི་བརྩོན་ན། །དེ་ལས་བསླུས་པ་འདི་ན་གཞན་མེད་དོ། །གཉིས་པ་འཆི་བ་མ་དྲན་འཁོར་བར་འཆིང་བ་ལ་སྐྱོ་བ། གང་ཕྱིར་སྟོན་པས་རབ་བསྔགས་རིན་ཆེན་སྣོད། །ཉེས་ཀུན་མཐར་འབྱིན་དལ་འབྱོར་ཕུན་སུམ་ཚོགས་པའི་རྟེན་ཡང་དག་ཐོབ་བཞིན་དུ། རང་གཞན་དོན་གཉིས་འབྱོར་པ་མི་འཛིན་ན། །འཁོར་བའི་བཙོན་རར་རང་ཉིད་འཆིང་བར་ཟད། །གསུམ་པ་འཆི་བ་མ་དྲན་མཁས་བླུན་བར་གསུམ་ལ་སྐྱོ་བ། ཀྱེ་མ་ཇི་ལྟར་རྡོ་ལ་འདོམས་པ་བཞིན། འཇིག་རྟེན་ཕལ་ཆེར་བསམས་ཤིང་སྐྱོ་བ་འཕེལ་ཏེ་བརྡ་ཐབས་རྣམ་པ་ཚད་མེད་པས་བསྟན་པས་མི་རྟོགས་ཤིང་བཤད་པས་གོ་བ་མེད། སང་ཉིན་འཆི་ཡང་རྒྱུན་རིང་བསྐལ་པའི་བར་དུ་སྡོད་པ་ལྟར་རྟག་པར་འཛིན་ཏེ་ཚེ་འདིའི་བྱ་བ་འབའ་ཞིག་ལ་གཡེང་། འཁོར་བའི་སྐྱོན་རྣམས་མཐོང་བས་ཀྱང་མི་སྐྱོ་ལ་ངེས་འབྱུང་རྡུལ་ཙམ་མེད། ལ་ལ་དག་ཅུང་ཟད་ཐོས་པ་དང་ཤེས་བཞིན་ཕྱི་བཞིན་དུ་ང་རྒྱལ་ཏེ་གོ་བཞིན་འཁྲུལ་པ་བྱེད་དེ་གཞན་ལ་བརྙས་པ་དང་སྐུར་འདེབས་སོགས་རང་གཞན་གྱི་རྒྱུད་བསྲེག འདུ་འཛིས་གཡེངས་ལ་ཉོན་མོངས་པས་དམ་སྡོམ་འཆལ་ཞིང་མི་དགེའི་ཆར་འབབ་པའི་འགྲོ་ལ་ནམ་ཞིག་བདག་གིས་ཕན་ཐོགས་འགྱུར་ཞེས། ཕལ་ཆེར་སྙིང་རྗེའི་དབང་གིས་འདི་དག་ལ་ནམ་ཞིག་བདག་གིས་ཕན་པར་ནུས་ཞེས་སེམས་སྟོབས་བསྐྱེད་དེ་སྤྲོ་བ་བསྐྱེད་ནས་བྲག་རིའི་དྲུང་དུ་གནས་པ་ཡིན་ནོ། །བདུན་པ་མི་རྟག་སྒོམ་ཚུལ་ཕན་ཡོན་དང་བཅས་པ་ལ་གཉིིས། དང་པོ་མི་རྟག་པ་སྒོམ་ཚུལ་ནི། འཁོར་བ་ལས་བློ་མ་ལོག་གི་བར་དུ་བརྩོན་པས་བསྒོམ་དགོས་པར་བསྟན་པ། འདིར་ནི་ཉེས་པའི་ཆུ་གཏེར་བརྒལ་འདོད་ཅིང་། །ལེགས་པའི་ཡོན་ཏན་རྨད་བྱུང་བསྒྲུབ་འདོད་པས། །གང་ཅི་མཐོང་ཐོས་དྲན་ཡང་མི་རྟག་པའི་རང་བཞིན། མི་རྟག་པའི་དཔེ། མི་རྟག་པའི་སྐུལ་མར་དྲན་པར་བྱས་ཏེ། ད་ལྟ་རང་ཉིད་དུ་ངེས་པར་འཆི་སྙམ་དུ་འཆི་བ་བསམ་སྟེ། ཉིན་མཚན་ཀུན་ཏུ་མི་རྟག་འབའ་ཞིག་བསྒོམ་དགོས་ཏེ། སྤྱོད་འཇུག་ལས། ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས། དེ་ལྟར་མ་བསམས་ན་ཚེ་འདིའི་དབང་དུ་སོང་ནས། རེས་འགའ་བའི་ཆོས་ལས་མི་འབྱུང་། ཐ་མལ་གྱི་བྱ་བ་ལའང་རེས་འགའ་བའི་དལ་ཁོམ་གྱིས་མི་འགྲུབ་ན་ཐར་པའི་བྱང་ཆུབ་ལྟ་ཅི་ཞེས་ཡང་དང་ཡང་དུ་བསམས་ནས་ངེས་འབྱུང་སྐྱོ་ཤས་བསྐྱེད་དོ། །གཉིས་པ་དེའི་ཕན་ཡོན་ནི། དེས་ནི་དད་སོགས་ཡོན་ཏན་གསར་དུ་སྐྱེ། སངས་རྒྱས་དང་བྱང་སེམས་ཀྱིས་དགོངས། འབྱུང་པོས་གླགས་མི་རྙེད། དཀར་ཕྱོགས་ཀྱི་ལྷས་སྲུང་། བདེ་བར་ཚེའི་དུས་བྱས་ནས་མཐོ་རིས་དང་ཐར་པ་ཐོབ་པ་སོགས་འདི་ཕྱིར་ཕན་བདེའི་ཆོས་འགྲུབ་ཅིང་། ཆོས་ལ་བརྩོན་འགྲུས་དྲག་པོས་སྒྲུབ་པ་ལ་བརྩོན་པ་དང་། རྙེད་གྲགས་ཆོས་བརྒྱད་སོགས་ཚེ་འདི་བློས་ཐོངས་ནོར་རྫས་ཆགས་སྡང་སོགས་བདག་འཛིན་གྱི་འཁྲུལ་པ་ཀུན་འཇིག་པས་ལས་མི་སོག མདོར་ན་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ་པ་དང་། ཉེས་ཀུན་མཐར་འབྱིན་ཞིང་མཐར་ཐུགས་གི་ཐར་པ་དམ་པའི་རྒྱུ་ཡིན་པས་ན། ཆོས་ཀུན་གྱི་རྩ་བ་མི་རྟག་པ་བསྒོམས་ཤིང་བློ་སྣ་སྟུངས་པར་མཛོད་ཅིག དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་ཆོས་ཚུལ་རྒྱ་མཚོ་ལས་ཐོན་པའི་སྤྲིན་གྱི་ཁ་གླལ་བ་ལྷའི་རྔ་སྒྲ་ལས་ཆེས་ལྷག་པ་ཕན་བདེའི་གདམས་ངག་དོན་ཟབ་ཅིང་ཚིག་སྙན་པའི་སྒྲ་བསྒྲགས་པས། འགྲོ་ཀུན་རྣམ་གཡེང་ཉོན་མོངས་རྟག་འཛིན་གྱིས་རྒྱུན་རིང་སྲིད་པར་དུབ་པའི་སེམས་ཉིད་རྙོག་པ་མཐའ་དག་རབ་ཏུ་ཞི་ནས་དེ་རིང་ཞི་བའི་དབྱིངས་སུ་ངལ་སོས་ཤིག གཉིས་པ་ལེའུ་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཚེ་མི་རྟག་པའི་ལེའུ་སྟེ་གཉིས་པའོ།། །། ༈ གསུམ་པ་འཁོར་བའི་སྡུག་བསྔལ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། བཤད་མ་ཐག་པ། དེ་ལྟར་མི་རྟག་ཁམས་གསུམ་འཁོར་བའི་ཆོས། །རྣམ་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་འདུ་བྱེད་ཉིད་གསུམ་གྱིས། །གྲོང་ཁྱེར་དྲུག་གི་འགྲོ་ཀུན་རྩེན་ཞིང་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་སྟེ་ཉམ་རེ་ཐག གཉིས་པ་ལ་བཞི། རང་གཞན་མངོན་པར་སྐྱོ་བས་འཁོར་བ་སྡུག་བསྔལ་ལ་བསམ་པ། སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ལ། འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ། ཐམས་ཅད་རང་ལ་ཐུག་པས་རང་ལས་རང་གིས་སྤྱོད་པ་ལ་བསམ་པའོ། །དང་པོ་ལ་བདུན། དང་པོ་སྡུག་བསྔལ་བརྒྱུད་མས་མནར་བས་འཁོར་བ་ལ་སྐྱོ་བ། སྡུག་བསྔལ་གྱི་དཔེ་ཇི་ལྟར་བསིལ་མེད་པས་མེ་ནང་འཇིགས་ཤིང་ཉམ་ང་བས་གཅན་གཟན་མི་རྒོད་ཁྲོད། ཐར་དཀའ་བ་རྒྱལ་པོའི་བརྩོན་རར་ཆུད་པའི་འགྲོ་བ་ལྟར་སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མ་ཕྱི་མས་བརྒྱུད་མས་མནར་བཞིན་དུ་ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། གཉིས་པ་སྤང་བླང་གནས་ལ་རྨོངས་པའི་འཁོར་བ་པ་ལ་སྐྱོ་བ། འདོད་པས་བསླུས་པའི་དཔེ་འདི་ལྟར་སེམས་ཅན་ཐམས་ཅད་བདེ་ཐོབ་སྡུག་བསྔལ་བྲལ་འདོད་བློ་ཡོད་ཀྱང་། སྡུག་བསྔལ་རྒྱུ་ཀུན་འབྱུང་འབྲས་བུ་སྡུག་བསྔལ་ཉིད་ལ་མངོན་པར་ཏེ་རྐུན་པོའི་ལག་པ་གཅོད་པས་ཡང་བརྐུས་པས་མགོ་གཅོད་པ་ལྟར་ཡང་ཡང་རྒྱུག མར་མེའི་འོད་ལ་ཕྱེ་མ་ལེབ་བཞིན་དུ། །འདོད་པའི་ཡུལ་ལ་ཆགས་སྲེད་འཛིན་པས་བསླུས། །དེ་བཞིན་རི་དྭགས་བུང་བ་ཉ་དང་གླང་། །སྒྲ་དང་དྲི་རོ་རེག་གིས་བསླུ་བ་ལྟར། །འདོད་པའི་ཡུལ་ལྔ་དག་གིས་འགྲོ་བ་བསླུས། །ནམ་ཡང་བདེ་མེད་སྡུག་བསྔལ་གྱུར་ལ་ལྟོས། །གསུམ་པ་འཁྲུལ་སྣང་མཐོ་དམན་དུ་བརྒྱུད་པས་འཁོར་བ་པ་ལ་སྐྱོ་བ། སྲིད་པ་འདི་དག་ཕན་ཚུན་འཁོར་ཞིང་སྡུག་བསྔལ་བ། ལྷ་དང་ལྷ་མིན་དམྱལ་བ་ཡི་དྭགས་མི། །བྱོལ་སོང་རིགས་དྲུག་ཟོ་ཆུན་རྒྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་སྡུག་བསྔལ་ཕ་མཐའ་ཡས། །རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུ་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་སོ། །བཞི་བ་དགྲ་གཉེན་ངེས་མེད་དུ་བྱས་པས་འཁོར་བ་པ་ལ་སྐྱོ་བ། དེ་ལྟར་འཁོར་བ་ན་འཁོར་དུས་ཀྱི་ཚེ་རབས་བགྲངས་ཚེ་སེམས་ཅན་རེ་རེས་ཀྱང་། མཛའ་བཤེས་དགྲ་དང་བར་མའི་ཁུར་ཁྱེར་ནས། །བདེ་སྡུག་ཕན་གནོད་སྦྱིན་པ་གྲངས་མཐའ་ཡས། །ཕ་ཉིད་མར་གྱུར་མ་ཉིད་སྲིང་མོ་ཉིད། །དེ་ཉིད་བུར་གྱུར་ངེས་པ་མ་མཆིས་ཤིང་། །མཛའ་བོ་དགྲར་གྱུར་པ་ཡང་ཐུག་པ་མེད། །ལྔ་པ་ལུས་དང་ལས་སྣང་མང་བས་འཁོར་བ་པ་ལ་སྐྱོ་བ། གཞན་ཡང་། འདི་ལྟར་འཇིག་རྟེན་སྔ་ཕྱིའི་ལས་བསམས་ན། །སྐྱོ་བ་བས་ཀྱང་ཤིན་ཏུ་སྐྱོ་བ་འཕེལ། །རང་ཉིད་གྲོག་སྦུར་གྱུར་པའི་ལུས་རྣམས་ཀུན། །གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱར་ཡོད་ན། །ལྷུན་པོ་རིན་ཆེན་བཞི་བས་ཆེས་མཐོ་ཞིང་། །ངུས་པའི་མཆི་མ་རྒྱ་མཚོ་བཞི་བས་ལྷག །སེམས་དམྱལ་ཡི་དྭགས་གྱུར་ཚོ་འཐུངས་གྱུར་པའི། །ཟངས་ཞུན་རྣག་ཁྲག་མི་གཙང་ཁུ་བ་རྣམས། །ཕྱོགས་མཐའ་གཏུགས་པའི་སྟེ་གླིང་བཞིའི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོ་བཞིས་ཆར་མི་ཕོད་དེ་མང་ཞིང་དེ་བཞིན་གཞན་རྣམས་དཔག་ཡས་ནམ་མཁའ་འདྲ། འདོད་པའི་ཕྱིར་མགོ་དང་མིག་དང་ཡན་ལག་ཉིང་ལག་བཅད་པའི་གྲངས། འཇིག་རྟེན་གྱི་ཁམས་ན་འབྱུང་བཞིའི་རྡུལ་ཕྲན་སྙེད་ཀྱིས་ཆར་མི་ཕོད། དྲུག་པ་བདེ་སྡུག་སྣ་ཚོགས་མྱོང་བས་འཁོར་བ་པ་ལ་སྐྱོ་བ། གཞན་ཡང་འཁོར་བ་ན་སྤྱོད་པའི་ཚེ་བྱོལ་སོང་གྲུལ་བུམ་གནོད་སྦྱིན་ལྟོ་འཕྱེ་སོགས། འགྲོ་བའི་ཁམས་གྱུར་བདེ་སྡུག་གྲངས་མེད་མྱོང་། །ཚངས་དང་བརྒྱ་བྱིན་བསམ་གཏན་གཟུགས་མེད་དང་། །ས་གཞི་རིན་ཆེན་བདུན་གྱིས་ལེགས་སྐྱོང་བའི། །མི་དབང་དཔལ་སྡེ་ཕུན་ཚོགས་དེ་ཐོབ་ཀྱང་། །སླར་ངན་འགྲོར་ལྟུང་བས་ཆེས་ཆེར་སྡུག་བསྔལ་ལོ་སྟེ་དེ་ལྟར་འཁོར་བར་བདེ་སྡུག་གྲངས་མེད་པ་མྱོང་ཡང་ངོམས་པ་དང་སུན་པ་མེད་པར་ད་དུང་ཆགས་པ་དང་བྲལ་དཀའ་བས་ཆེས་སྐྱོ་སྟེ། སློབ་སྤྲིང་ལས། འགྲོ་བ་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །ཞེས་སོ། །བདུན་པ་ཤིན་ཏུ་འགྱུར་ཞིང་འཕོ་བས་འཁོར་བ་པ་ལ་སྐྱོ་བ། གཞན་ཡང་ཚེ་འདིར་འབྱོར་པ་མཐའ་ཡས་ཉམས་དགའ་བ་ལྷ་དང་མིའི་དབང་པོ་སོགས་མཐོན་པོའི་རང་བཞིན་ཅན་རྣམས་ཚེ་འཕོས་ནས། སྔོན་གྱི་ལས་དེ་ཟད་ནས། དབུལ་བས་ཉམ་ཐག་ཡང་བྲན་ཉིད་གྱུར་པ། །རྨི་ལམ་འབྱོར་པ་གཉིད་སད་མེད་པ་བཞིན། །བདེ་སྡུག་མི་རྟག་འགྱུར་བའི་སྡུག་བསྔལ་ནི། །ཤིན་ཏུ་བསམས་ན་ཆེས་ཆེར་སྐྱོ་བ་འཕེལ། །དེ་བས་གྲོང་ཁྱེར་ཁམས་གསུམ་གྱི་སེམས་ཅན་རྣམས། འཁོར་བའི་བདེ་བ་ཅུང་ཟད་ལ་ཆགས་པ་མེད་པར་བྱང་ཆུབ་སྒྲུབས་ཤིག་ཅེས་བསྐུལ་ལོ། །གཉིས་པ་སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ལ་གསུམ། དང་པོ་རྟེན་སྒོ་གསུམ་གྱི་དབྱེ་བ་ངེས་པ། སྡུག་བསྔལ་ཇི་སྙེད་པའི་རྟེན་ནང་གི་ཁམས་གསུམ་ཡིན་ཏེ་ལུས་ངག་ཡིད་གསུམ་པོ་འདོད་གཟུགས་གཟུགས་མེད་དེ། ལུས་རགས་པ་སྣང་དང་ངག་ཕྲ་བ་ཕྱེད་སྣང་ཡིད་ཤིན་ཏུ་ཕྲ་བ་མི་སྣང་གྲོང་ཁྱེར་ན། སྡུག་བསྔལ་འགྱུར་དང་འདུ་བྱེད་གསུམ་གྱིས་གདུངས། ཡུལ་སྤྱི་ཡི་རྣམ་པ་རིག་པ་སེམས་དང་དེའི་ཁྱད་པར་ལ་དཔྱོད། ཆགས་རྟོག་སོགས་རྒྱུན་མཐུད་པ་ཡིད་དང་གཟུགས་སོགས་སོ་སོར་ཤར་བའི་ཆ་རྣམ་ཤེས་ཏེ་སྐབས་འདིར། བྱང་ས་ལས། དེ་ལ་ཡུལ་དུ་སྣང་བ་ནི་རྣམ་པར་ཤེས་པའོ། །དང་པོར་རྟོག་པ་ནི་སེམས་སོ། །ཕྱིས་དེའི་ཁྱད་པར་ལ་དཔྱོད་པ་ནི་སེམས་ལས་བྱུང་བ་སྟེ་ཡོད་དོ། །ཞེས་སོ། །ཡང་ན་ཡུལ་གྱི་རྣམ་པ་དང་འདྲ་བའི་བློ་སྐྱེ་བ་ནི་རྣམ་ཤེས། ཡུལ་དང་པོ་འདིའོ་ཞེས་རིག་པའི་ཆ་ནས་སེམས། དེའི་ཁྱད་པར་ལ་དཔྱོད་པས་རྒྱུན་འབྲེལ་བ་འབྱུང་བའི་ཕྱིར་ཡིད་ཅེས་བྱའོ། །དེ་ལྟར་མཆེད་པ་ཡིས་ཡུལ་རྣམས་ལ་ཆགས་ཞེན་དང་། སྡང་བ་སོགས་ཀྱིས་བདེ་སྡུག་འཁྲུལ་འཁོར་རྒྱུན་མི་ཆད། གཉིས་པ་བརྟེན་པ་ཚོགས་བརྒྱད་ཀྱི་དབྱེ་བ་ངེས་པ། ཚོགས་བརྒྱད་འཁྲུལ་གཞིར་བསྟན་པ། དེ་ལ་ཆ་ཤས་དབྱེ་ན་ཡུལ་ཤེས་འཆར་ཚེ་སལ་གྱིས་རྣམ་དབྱེ་མེད་པར་རིག་པ་གང་ཡིན་པའི་སེམས་ལ་ཀུན་གཞིའི་རྣམ་ཤེས་ཡུལ་ཕྲ་རགས་དཔྱོད་པ་ཡིད་ཤེས་དང་དབང་པོ་ལ་བརྟེན་པའི་གཟུགས་མཐོང་བའི་ཆ་མིག་ཤེས་སོགས་སྒོ་ལྔའི་ཤེས་པ་དག་གོ་རིམ་བཞིན་མཆེད་པ་སྔ་མ་ལས་ཕྱི་མ་མཆེད་པའི་རིམ་པ་ཡིན། མདོར་ན་ཡུལ་དབང་ཡིད་བྱེད་གསུམ་ཚོགས་པ་ལས་ཉོན་མོངས་དང་དེ་ལས་སྲིད་པའི་སྡུག་བསྔལ་རྒྱུ་ཟག་བཅས་དགེ་མི་དགེའི་ལས་དང་། དེ་ལས་འབྲས་བུ་སྲིད་པའི་སྡུག་བསྔལ་རྣམས་འབྱུང་། དེས་ན་རྩ་བ་རང་བྱུང་གི་ཡེ་ཤེས་མ་རིག་པར་རྩལ་སྣང་ལ་བདག་ཏུ་བཟུང་བའི་གཟུང་འཛིན་གྱི་འཁྲུལ་པ་ཅན་ཡིན་ཏེ་མེད་སྣང་དུ་མ་ཤེས་པར་ཕྱི་ཡུལ་དང་དོན་ལུས་དང་སེམས་སུ་བག་ཆགས་བཞག་པས། འཁྲུལ་པའི་རྩ་བ་བདག་ཏུ་འཛིན་བྱེད་ང་དང་གཟུང་ཡུལ་ང་ཡིར་འཛིན་པས་འཁོར་བ་མེད་སྣང་རྨི་ལམ་བཞིན་དུ་བདེན་བདེན་ལྟར་གྲུབ་བོ། །གསུམ་པ་ཀུན་གཞི་བག་ཆགས་སྦྱོང་ཚུལ་གྱི་དབྱེ་བ་ངེས་པ། དེའང་རྣལ་འབྱོར་སྤྱོད་པའི་གཞུང་ལས། སེམས་ཉིད་འགྱུར་མེད་ཡོངས་གྲུ བ་རང་བཞིན་གྱིས་དག་པའི་གཤིས་ལུགས་སྟོང་པ་ཆོས་སྐུ་ཡང་རང་ངོ་མ་རིག་པར་གཉིས་སུ་འཛིན་པས་རྟོག་པས་སྒྲོ་བཏགས་མཚན་ཉིད་ཆད་པ་དང་འཁྲུལ་ངོར་སྣང་བ་རྣམ་གྲངས་པའི་ཀུན་བརྟགས་གཉིས་ལ་གོམས་པ་ཡིས། མ་དག་གཞན་དབང་དོན་ལ་མེད་ཀྱང་ཡོད་པ་ལྟར་བག་ཆགས་དབང་གིས་སྣང་བའི་འཁྲུལ་པ་ཅན། ས་རྡོ་རི་བྲག་སོགས་སྣོད་བཅུད་ཀྱི་རྣམ་པ་མ་དག་པ་ལྟར་དབང་པོའི་སྒོ་སོ་སོ་ལ་ཤར་བའི་སྣང་བ་འཁྲུལ་པ་རྣམས་ཏེ། སྣང་སྣང་ཡུལ་དོན་ལ་ཐ་དད་མེད་ཀྱང་གཉིས་སུ་སྣང་བ་ཅན་ཏེ། རྣལ་འབྱོར་སྤྱོད་པའི་ས་མང་པོ་པ་ལས། ཇི་ལྟར་སྣང་བ་སེམས་སྙེད་དེ། །སྣང་བའི་ཡུལ་ཉིད་དེ་ལྟ་མིན། །ཐོག་མ་མེད་དུས་བག་ཆགས་ཅན། །འཁྲུལ་པས་སྐྲ་ཤད་འཛིངས་པ་བཞིན། །ཞེས་གསུངས་པ་ལྟར་ཡུལ་སྣང་སེམས་ཀྱི་བག་ཆགས་བརྟས་པ་ལས་བྱུང་བས་མེད་སྣང་རབ་རིབ་ཅན་ལ་སྐྲ་ཤད་ལྟར་ཕྱི་ནང་གང་ནའང་མེད་དོ། །ཕྱི་དོན་རང་མཚན་པ་མེད་པས་བྱེ་སྨྲ་དང་མི་མཚུངས་སོ། །ཕྱི་ཡུལ་ནང་དོན་བདག་གཞན་གཉིས་སུ་སྣང་ཞིང་གཉིས་སུ་གཟུང་བ་དེ་ལས་སྲིད་པའི་སྡུག་བསྔལ་དཔག་མེད་ལྷུན་གྱིས་གྲུབ་སྟེ་བྱུང་བ་ཡིན་ནོ། །ནམ་ཞིག་རང་བཞིན་དག་པའི་ཆོས་ཉིད་འགྱུར་མེད་ཡོངས་གྲུབ་སེམས་ཉིད་ཀྱི་དོན་རྟོགས་ནས་ཕྱིན་ཅི་མ་ལོག་ཡོངས་གྲུབ་ཚོགས་གཉིས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་བསྒོམས་པས། དག་པ་གཞན་དབང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞིང་དུ་ལེགས་པར་སོན་ཏེ། དབང་འབྱོར་པས་སྲིད་པའི་གྲོང་ལས་རྣམ་གྲོལ་གྱི་སར་ངལ་གསོ་བར་བྱེད་པར་འགྱུར། མདོར་ན་སེམས་ཉིད་འོད་གསལ་བ་འགྱུར་བ་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཅིང་ཆོས་ཐམས་ཅད་ཀུན་ཏུ་བརྟགས་པ་ཙམ་དུ་སྟོང་པར་རྟོགས་ནས། ལམ་བསྒོམས་ན་མ་དག་པའི་འཁྲུལ་སྣང་ཀུན་བརྟགས་པའི་བློ་དང་བཅས་པ་གནས་གྱུར་པའམ་དག་ནས། གདོད་མའི་ངང་དུ་ཕྱིན་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞིང་ཁམས་དག་པ་ལ་མངའ་དབང་རྫོགས་པར་འགྱུར་བ་ནི་བསྟན་པ་དམ་པའི་ཆོས་རྣམས་གཅིག་ཏུ་དྲིལ་བ་ཡིན་ནོ། །གསུམ་པ་འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་བསམ་པ་ལ་གསུམ། རང་སྣང་འཁོར་བའི་སྡུག་བསྔལ་སྤྱིར་བཤད་པ། འགྲོ་དྲུག་སོ་སོའི་སྡུག་བསྔལ་ལ མ་བྱེ་བྲག་ཏུ་བསྟན་པ། འཁོར་བ་དགའ་བའི་སྐྱེ་བ་རྟག་ཏུ་སྡུག་བསྔལ་བར་བསྟན་པའོ། །དང་པོ་ནི། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ཡས་ཏེ་ལུང་རྣམ་འབྱེད་ལས། མི་གཙང་བ་ལ་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ནས་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་གསུངས་པ་ལྟར། འདོད་པ་ནས་གཟུགས་གཟུགས་མེད་དུ་འཕོ་བའི་སྲིད་པ། གཟུགས་གཟུགས་མེད་ནས་འདོད་པར་འཕོ་བའི་སྲིད་པ། གཟུགས་ནས་གཟུགས་མེད་དུ་འཕོ་བའི་སྲིད་པ་སྟེ་སྲིད་པ་གསུམ་གྱི་ལམ་དུབ་པ་དག་གི་སྡུག་བསྔལ་ནི། འགྲོ་བ་གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། མི་དགེས་བསྐྱེད་པའི་འབྲས་བུ་མི་བཟད་པ། །རང་སྣང་ལོག་པས་རྨི་ལམ་ནང་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནོ། །མེད་སྣང་འཁྲུལ་པས་སྡུག་བསྔལ་དཔག་ཏུ་མེད། །རེ་ཞིག་མདོར་བསྡུས་དྲན་པ་ཉེར་བཞག་སོགས་ཀྱི་ལུང་བཞིན་བཤད་ཀྱིས་ཉོན། གཉིས་པ་འགྲོ་དྲུག་སོ་སོའི་སྡུག་བསྔལ་ལམ་ལ་དྲུག དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷའི་སྡུག་བསྔལ་ལོ། །དང་པོ་དམྱལ་བ་ལ། ཚ་དམྱལ། ཉི་ཚེ་ཉེ་འཁོར། གྲང་དམྱལ་དང་གསུམ་ལས། དང་པོ་ཚ་དམྱལ་ལ་གཉིས། སྡུག་བསྔལ་སོ་སོར་བསྟན་པ་དང་། ཐུན་མོང་དུ་བཤད་པའོ། །དང་པོ་ལ་བརྒྱད་ཀྱི་དང་པོ་ཡང་སོས་ལའང་གཉིས་ཏེ། དང་པོ་སྡུག་བསྔལ། དེ་ལ་དམྱལ་བ་ཡང་སོས་ལྕགས་ཀྱི་མདག་མེ་འབར་བའི་སྟེང་། ཕན་ཚུན་འདུས་ནས་མཚོན་གྱིས་སྲོག་དང་འབྲལ། ཡང་སོས་སྒྲ་ཡིས་སོས་ཏེ་སྔར་བཞིན་སྡུག་བསྔལ་བ། སྤྱིར་རང་རང་གི་ལས་མ་ཟད་ཀྱི་བར་དུ་དེ་ལྟར་མྱོང་འཚལ་ལོ། །གཉིས་པ་ཚེ་ཚད། བྱེ་བྲག་ཐུན་མོང་གི་མདོ་སྡེ་ལས་བྱུང་བ་ཚེ་ཚད་མི་ཡི་ལོ་གྲངས་ལྔ་བཅུ་ལ། རྒྱལ་ཆེན་རིགས་བཞིའི་ལྷ་ཡི་ཉིན་ཞག་གཅིག །དེ་ཉིད་སུམ་ཅུ་ཟླ་བ་བཅུ་གཉིས་ལོ། །ལྔ་བརྒྱས་ཡང་སོས་ཞག་གཅིག་གོང་འཕེལ་བས། །རང་ལོ་ལྔ་བརྒྱར་སྡུག་བསྔལ་བརྣག་དགོས་སོ། །དེ་ཉིད་དྲན་ཉེ་དང་ལས་རྣམ་འབྱེད་དུ་གསུངས་པ་ལྟར་རབ་ཏུ་དབྱེ་བའི་གྲངས་བཤད་པ། མི་ལོ་བྱེ་བ་ཕྲག་འབུམ་དང་དྲུག་ཁྲི་དང་སྟོང་ཕྲག་གཉིས་སུ་ངེས་པར་མདོ་ལས་གསུངས། གཉིས་པ་ཐིག་ནག་ནི། ཐིག་ནག་འབར་བའི་སོགས་ལེས་གཤག་བཞིན་འབྱར། འབྱར་བཞིན་གཤོགས་པས་ཤིན་ཏུ་སྡུག་བསྔལ་བ། །མི་ཡི་ལོ་བརྒྱ་རྩ་གསུམ་ཞག་གཅིག་སྟེ། །དེ་ཡི་ལོ་སྟོང་ཐིག་ནག་ཞག་གཅིག་ལ། །རང་ལོ་སྟོང་ཐུབ་མི་ལོ་བྱེ་བ་ཕྲག །ས་ཡ་ཉིས་འབུམ་དང་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་བར་དུ་ཐུབ་པར་སྟོན་པས་གསུངས། གསུམ་པ་བསྡུས་འཇོམས་ནི། བསྡུས་འཇོམ་བྲག་རི་རྟ་དང་རྔ་མོ་དང་། །སྟག་དང་སེངྒེ་ལ་སོགས་འདྲ་བའི་བར། །རྡུལ་ཕྲན་བཞིན་འཇོམས་གྱེས་པས་སྔར་བཞིན་འཚོ། །ལྕགས་ཀྱི་ལྗོངས་སུ་ཐོ་བས་རྡུལ་བཞིན་འཐག །རབ་ཏུ་བཙིར་བས་ཁྲག་གི་རྒྱུན་འབབ་པ། །མི་ལོ་ཉིས་བརྒྱ་མཐའ་བྲལ་ཞག་གཅིག་སྟེ། །འཚེ་མའི་ཉིས་སྟོང་བསྡུས་འཇོམས་ཉིན་ཞག་གཅིག །རང་ལོ་སྟོང་ཕྲག་གཉིས་སུ་སྡུག་བསྔལ་ལོ། །དེ་ཡང་མི་ལོ་བྱེ་བ་ཕྲག་སུམ་འབུམ་དང་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཐུབ་པར་གསུངས། བཞི་པ་ངུ་འབོད་ནི། ངུ་འབོད་འབར་བའི་མེས་ཚིག་འོ་དོད་འབོད། །ལྕགས་ཞུན་བསྐོལ་བར་འཚེད་པས་སྡུག་བསྔལ་བ། །མི་ལོ་བཞི་བརྒྱ་དགའ་ལྡན་ཉིན་ཞག་གཅིག །དེ་ཡི་བཞི་སྟོང་ངུ་འབོད་ཞག་གཅིག་སྟེ། །རང་ལོ་བཞི་སྟོང་བར་དུ་སྡུག་བསྔལ་བ། །མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། །བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་དང་ཡང་སྟོང་དང་བྱེ་བ་བདུན་ཕྲག་བར་དུ་ཐུབ་པའོ། །ལྔ་པ་ངུ་འབོད་ཆེན་པོ་ནི། འབོད་སྒྲོགས་ཆེན་པོ་ལྕགས་ཁྱིམ་འབར་བ་རུ། །འབར་བའི་མེས་བསྲེགས་གཤིན་རྗེས་འཚོག་བར་བགྱིད། །མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག་སྟེ། །དེ་ལོ་བརྒྱད་སྟོང་ངུ་འབོད་ཆེའི་ཞག་གཅིག །རང་ལོ་བརྒྱད་སྟོང་ཉིད་དུ་སྡུག་བསྔལ་བ། །མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། །བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དང་དྲུག་ཅུ་རྩ་དྲུག་བར་དུ་ཐུབ་པ་ཡིན། དྲུག་པ་ཚ་བ་ནི། ཚ་བ་ལྕགས་ཁང་ནང་བཞུགས་མདུང་ཐུང་གིས། ཀླད་པ་འགེམས་ཤིང་ཀླད་པ་འབྲུ་བ་དང་ཐོ་བས་རབ་ཏུ་བརྡུང་། འབར་བའི་མེ་ལྕེས་ཕྱི་ནང་ཀུན་ཏུ་བསྲེག །མིའི་ལོ་སྟོང་དང་དྲུག་བརྒྱ་གཞན་འཕྲུལ་ཞག །དེ་ཡི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག །རང་ལོ་ཁྲི་དང་དྲུག་སྟོང་བར་ཐུབ་པ། །མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། །བཞི་འབུམ་དང་ནི་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་སྟོང་ལྔ་བརྒྱ་དང་སུམ་ཅུ་སྙེད་མཆིས་སོ། །བདུན་པ་རབ་ཏུ་ཚ་བ་ནི། རབ་ཏུ་ཚ་བ་ལྕགས་ཁྱིམ་ཉིས་རིམ་ནང་། །འབར་བའི་མེ་དང་མདུང་རྩེ་གསུམ་པས་བསྣུན། །སྤྱི་བོ་ཕྲག་པ་གཉིས་བྱུང་ལེབ་མས་དཀྲིས། །ཟངས་ཆེན་ཁོལ་མར་འཚེད་པས་སྡུག་བསྔལ་བ། །ཚེ་ཚད་བར་གྱི་བསྐལ་པ་བསྐལ་པ་ཆགས་འཇིག་སྟོངས་གནས་བཞིའི་རིམ་པར་བར་བསྐལ་དུ་བརྩིས་པའི་ཕྱེད་ཐུབ་སྟེ། མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས། སྤྱིར་འཇིག་རྟེན་ཆགས་གནས་འཇིག་སྟོངས་བསྐལ་ཆུང་བཞི་ལ་བར་བསྐལ་གཅིག་སྟེ་བརྒྱད་ཅུ་བསྐལ་ཆེན་ནོ། །བརྒྱད་པ་མནར་མེད་ནི། མནར་མེད་ལྕགས་ཁང་མེ་ལྕེ་འབར་བའི་ནང་། །སེམས་དམྱལ་ཀུ་ཅོ་སྨྲེ་སྔགས་འདོན་པ་ལས། །མེ་དང་སེམས་ཅན་སོ་སོར་མཐོང་བ་མེད། །མར་མེ་འབར་བ་སྙིང་པོ་ལ་ཞེན་བཞིན། །སྲོག་གི་ཟུངས་ཙམ་མེ་ནང་དབུས་གནས་པ། །ལས་རྣམ་འབྱེད་ལས། མནར་མེད་པའི་སྒོ་ན་ལྕགས་ཀྱི་རི་དཔག་ཚད་སྟོང་དྲུག་ཁྲི་པ་ཞིག་ཡོད་པ་དེ། དེ་ཉིད་སེམས་ཅན་དམྱལ་བ་དག་གིས་དོར་བས་ཟད་པ་ན་དེ་དག་གི་ཚེ་འཕོ་བ་ཡིན་ཏེ་དཔག་ཏུ་མེད་དོ། །ཞེས་གསུངས་པ་ནི་ལས་ཤིན་ཏུ་འཐུག་པ་ཆོས་སྤངས་པ་དང་། དམ་ཚིག་ཉམས་པ་ལ་སོགས་པ་ཡིན་པར་མངོན་ནོ། །དྲན་ཉེར། བར་བསྐལ་གནས་པའི་ཡུན་གཅིག་བརྣག་དགོས་ཏེ། །དེ་ལས་ཆེ་བའི་སྡུག་བསྔལ་གཞན་མེད་པས། །མནར་མེད་བསྟིར་མེད་ཅེས་སུ་བཤད་པ་ཡིན། །གཉིས་པ་ཚ་དམྱལ་གྱི་སྡུག་བསྔལ་ཐུན་མོང་དུ་བསྟན་པ་ནི། གོང་དུ་སྨོས་པའི་དམྱལ་བ་དེ་དག་ཀྱང་། རྣམ་འབྱེད་ལས། ཐ་མལ་ཙནྡ་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་གསུངས་པས། རིམ་བཞིན་མེ་ལྕེ་བདུན་འགྱུར་གྱིས་ཚ་ལ། འོག་མར་སྔ་མའི་སྡུག་བསྔལ་ལྷག་དང་བཅས། །ཇི་སྲིད་ལས་མ་ཟད་པར་སྡུག་བསྔལ་མྱོང་། །གཉིས་པ་ཉི་ཚེ་ཉེ་འཁོར་ལ་གཉིས། ཉི་ཚེ་བ་དང་། ཉེ་འཁོར་བའོ། །དང་པོ་ལ་གཉིས་སྡུག་བསྔལ་བསྟན་པ། ཉི་ཚེ་རི་དང་ལྗོན་ཤིང་ནམ་མཁའ་དང་། །བྲག་བར་མེ་ཆུ་ངེས་མེད་གནས་རྣམས་སུ། །ཉུང་ངུ ར་གནས་དང་འདུས་དང་གཅིག་པུར་གནས། །དེར་ནི་སྡུག་བསྔལ་གང་རུང་རེ་རེས་གདུངས། །དེ་ཕྱིར་ཉི་ཚེ་བ་ཞེས་བཤད་པ་ཡིན། །གཉིས་པ་ལོག་རྟོག་དགག་པ་ནི། གཞན་དག་ཚེ་ཉི་མ་གཅིག་ལས་མེད་པས་དང་ཁ་ཅིག་འདུས་པ་ཉུང་སྟེ་གཅིག་པུར་གནས་པ། དེ་ཡིས་ཉི་ཚེར་འདོད་པ་ནི་འཁྲུལ་པ་སྟེ། བྲག་བར་སྡིག་གཟུགས་ཚེ་ཡང་རིང་ཡོད། ལྕགས་ཀྱི་ཁྱིམ་ན་གནས་པའི་རབས་ལས། ད་དུང་ལོ་ནི་མང་པོ་ཞིག ཕྱིར་ཡང་དམྱལ་བ་འདིར་གནས་སོ། །ཞེས་བཤད་ལ། ཉི་ཚེར་གདུགས་ཚོད་འདུས་པའི་ཉན་ཐོས་གཟུགས། །ལྔ་བརྒྱ་ཕན་ཚུན་མཚོན་གྱིས་འདེབས་པར་གསུངས། །གཉིས་པ་ཉེ་འཁོར་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། ཉེ་འཁོར་མནར་མེད་ཁང་པའི་ཕྱི་རོལ་བཞིར། །མེ་མ་མུར་དང་རོ་མྱགས་མཚོན་ཆའི་ཐང་། །ཆུ་བོ་རབ་མེད་བཞི་བཞི་བཅུ་དྲུག་གོ །གཉིས་པ་རྒྱས་པར་བཤད་པ་ལ་དྲུག དང་པོ་མེ་མ་མུར་གྱི་འོབས་ནི། མནར་མེད་སྒོ་བྱེ་སྙམ་ལས་ཕྱིར་འཐོན་པས། །འོབས་བཟང་གྲིབ་མ་མཐོང་ནས་ཕྱིན་མ་ཐག །མདག་མེ་འབར་བ་པུས་མོ་ནུབ་བརྒལ་བས། །ཤ་ཀུན་ཚིག་ནས་རུས་པ་ཀུན་དའི་མདོག །ཡང་སོས་སྔར་བཞིན་ཤིན་ཏུ་སྡུག་བསྔལ་ལོ། །གཉིས་པ་རོ་མྱགས་ཀྱི་འདམ་ནི། ཡང་ནི་བསིལ་བའི་འདམ་མཐོང་ཞུགས་མ་ཐག །རོ་མྱགས་རུལ་དྲི་ང་བའི་འདམ་བྱིང་ནས། །ལྕགས་ཟངས་གསེར་གྱི་མཆུ་ཅན་སྲིན་བུས་འབིགས། །གསུམ་པ་སྤུ་གྲིའི་ཐང་། སླར་ཡང་ཐང་ཉམས་དགའ་མཐོང་ཕྱིན་མ་ཐག །སྤུ་གྲི་འབར་བས་དུམ་བུར་གཏུབས་ཤིང་འཚོ། །བཞི་པ་རལ་གྲིའི་ནགས། ནགས་འདབས་ཡིད་འོང་གང་དུ་ཕྱིན་པ་ལས། །རལ་གྲིའི་ནགས་ཚལ་ལས་རླུང་འཁྲུག་པས་བཅོམ། །ལྔ་པ་ཤལ་མ་རི། དེ་འདས་རི་བོ་རབ་ཏུ་ཉམས་དགའི་རྩེར་སྔོན་གྱི་ཆགས་ཡུལ་དང་ཉེ་དུ་སོགས་ཀྱིས་འབོད་མཐོང་སྟེ་ཕྱིན་པ་ལས། ལྕགས་ཀྱི་ཐུར་མ་རྣོན་པོས་ཤ་ཁྲག་གཟགས། །སྟེང་དུ་སོན་ཚེ་བྱ་རྒོད་ཀླད་པ་འགེམས། །སླར་ཡང་རི་ཡི་དྲུང་ནས་འབོད་པ་སྙམ། །འཐུར་དུ་འབབས་པས་ཐུར་མས་གྱེན་དུ་གཟགས། །ཐང་མཚམས་སྐྱེས་པ་བུད་མེད་མཆེ་རྣོན་ཅན། །འབར་བས་འཁྱུད་དེ་ཤིན་ཏུ་སྡུག་བསྔལ་ཞིང་། །ཁྱི་དང་ཅེ་སྤྱང་མང་པོས་ཟ་བར་བགྱིད། །དྲུག་པ་ཐལ་ཚན་གྱི་ཆུ་བོ་རབ་མེད། ཡང་ནི་བསིལ་བའི་ཆུ་ཀླུང་འབབ་མཐོང་ནས། །དགའ་བས་སོང་སྟེ་རབ་ཏུ་འབོག་མ་ཐག །ཐལ་ཚན་རྐེད་ནུབ་ཤ་རུས་ཚིག་གྱུར་ཅིང་། །འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་མཐོང་། །དེར་ནི་ལོ་སྟོང་མང་པོར་སྡུག་བསྔལ་ལོ། །གསུམ་པ་དོན་བསྡུ་བ། དེ་ལྟའི་དམྱལ་བར་སུ་ཞིག་འཇིགས་མི་བྱེད། །སྲིད་ན་དེ་འདྲའི་སྡུག་བསྔལ་དཔག་ཏུ་མེད། །རང་བཞིན་ཤེས་ནས་འདའ་བའི་ཐབས་འཚལ་ལོ། །གསུམ་པ་གྲངས་དམྱལ་ལ་གསུམ། དང་པོ་སྡུག་བསྔལ་དངོས། གྲང་བས་ཉམ་ཐག་པ་ཡང་རྣམ་པ་བརྒྱད། །གངས་སོགས་ཤིན་ཏུ་གྲང་བའི་གནས་དག་ཏུ། །མུན་ནག་བུ་ཡུག་འཚུབས་པས་སྦྲེབས་པའི་ལུས། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །གྲང་བས་སོ་འ ཐམས་སྨྲེ་སྔགས་ཨ་ཆུ་ཟེར། །ཀྱི་ཧུད་ཨུཏྤལ་ལྟར་གས་པདྨ་དང་། །པདྨ་ཆེ་ལྟར་གས་པའི་རྨ་ནང་དུ། །སྲོག་ཆགས་མཆུ་རྣོན་འབར་བས་ཟ་བ་ནི། །ཇི་སྲིད་ལས་མཐའ་གཏུགས་ཚེ་གཡོ་བར་འགྱུར། གཉིས་པ་ཚེ་ཚད། ཚེ་ཡི་ཚད་ནི་ཀོ་ས་ལ་ཡི་ཁལ། །བཅུ་ཚད་ཉི་ཤུ་ཤོང་བའི་ཏིལ་རྫང་ནས། །ལོ་བརྒྱར་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུ་འགྱུར། །གསུམ་པ་དེ་དག་ལས་འདའ་བར་གདམས་པ། །སེམས་ལྡན་དག་གིས་སེམས་དམྱལ་འཇིག་རྟེན་ལས། །རབ་ཏུ་རྒྱལ་ཕྱིར་བརྩོན་པའི་སྟོབས་བསྐྱེད་ཅིག །གསུམ་པ་ཡི་དྭགས་ལ་གསུམ། དང་པོ་བྱིང་ན་གནས་པ། ཡི་དྭགས་བྱིངས་མཁར་རྒྱུ་བའི་བྱིངས་གནས་པ། ཕྱིའི་སྒྲིབ་པ་ཅན་ལུས་ཆེ་རྐང་ལག་ཕྲ་ཞིང་ལྟོ་བ་ཡངས། མགྲིན་པ་ཕྲ་ཞིང་ཁབ་ཀྱི་མིག་ཙམ་ཁ། །ཟས་སྐོམ་མི་རྙེད་བཀྲེས་སྐོམ་འབར་བས་གདུངས། །སྨན་ཤིང་མེ་ཏོག་ལ་སོགས་མཐོང་བས་བསྐམས། །གང་འདོད་མི་ཐོས་པས་ཕྱི་རོལ་ཡིད་དུ་མི་འོང་ངན་སྐྱུགས་ཟ། །ཟས་སྐོམ་མཐོང་ཡང་བསྲུང་བར་སྣང་བ་དང་། །ནང་གི་སྒྲིབ་པས་ལྟོ་བར་མེ་འབར་ཞིང་། །ཁ་ནས་མེ་ལྕེ་དུད་པར་བཅས་པ་འཐུལ། །སྤྱི་མཐུན་སྒྲིབ་པས་དབུལ་ཕོངས་འཇིགས་སྔངས་འཚེ། །ཉམ་ངའི་གནས་སུ་མགོན་མེད་སྡུག་བསྔལ་ཉེན། །གཉིས་པ་མཁའ་ལ་རྒྱུ་བ། སྡུག་བསྔལ་སྣ་ཚོགས་དང་ལྡན་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ལས་ཀྱི་རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་རྒྱུ། །གནོད་པ་སྣ་ཚོགས་མངོན་པར་བསྒྲུབ་པ་སྟེ། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ཚེ་ཚད་མི་ཡི་ཟླ་བ་ཉིན་ཞག་གཅིག །རང་ལོ་ལྔ་བརྒྱ་མི་ལོ་ཁྲི་ལྔ་སྟོང་། །གཤིན་རྗེའི་འཇིག་རྟེན་དག་ཏུ་སྡུག་བསྔལ་ལོ། །གསུམ་པ་དེ་དག་ལས་འདའ་བར་བསྟན་པ། དེ་ལྟའི་རང་བཞིན་སྐྱོ་བའི་ཚུལ་མཐོང་ནས། །དོན་མཐུན་སྐྱེ་བོས་ཐར་པ་བསྒྲུབ་པའི་ཕྱིར། །སྲིད་པར་དགའ་བའི་བློ་གྲོས་རྒྱང་བསྲིངས་ཏེ། །ངེས་པར་ཞི་བ་དམ་པའི་ཆོས་བསྒྲུབ་བོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ་གཉིས། དང་པོ་སྡུག་བསྔལ་དངོས། དུད་འགྲོ་བྱིངས་གནས་ཆུ་གཏེར་གླིང་བཞིའི་བར་ཐང་བཞི་ཡི་ཁྱོན་ན་གནས་པ་ཉ་དང་ཆུ་སྲིན་སོགས་གཅིག་གིས་གཅིག་ཟ་སྡུག་བསྔལ་དཔག་ཏུ་མེད། གླིང་བར་གླིང་འདིའི་ལྕགས་རི་ཕར་འདས་གཞན་གྱི་ཚུར་འདས་པ་ཞིབ་མ་བསྒྲིགས་པའི་ཕྱི་མཐའ་ལྟ་བུའི་གླིང་བར་གྱི་བར་གྱི་མུན་པ་སྟེ། ཉི་ཟླའི་སྣང་བ་མེད་པའི་ཕྱིར་མུན་ནག་རྒྱ་མཚོར་གནས་པ་ཡང་། ཚ་གྲང་བཀྲེས་སྐོམ་གཅིག་ཟའི་འཚེ་བས་འཇིགས། །ཁ་འཐོར་མི་ཡུལ་བྱ་དང་རི་དྭགས་སོགས། །རྔོན་པས་གཙེ་ཞིང་རང་རང་གནོད་པས་ཉེན། །བདག་ཏུ་བཟུང་བའི་རྟ་གླང་རྔ་མོ་ར་དང་བོང་བུ་སོགས། བཀོལ་སྤྱད་རྡེག་འཚོག་སྡུག་བསྔལ་མཐའ་ཡས་ཤིང་། །ཤ་དང་པགས་པ་རུས་པའི་ཕྱིར་འཆི་བས། །རང་བཞིན་སྡུག་བསྔལ་ཕ་མཐའ་མི་མངོན་ཞིང་། །ཀླུ་རྣམས་ཉིན་མཚན་ཕྱེད་མའི་བདེ་སྡུག་དང་། །སྔ་དྲོ་ཕྱི་དྲོ་འགྱུར་བའི་བདེ་སྡུག་དང་། ཁ་ཅིག་གནས་སུ་བྱེ་ཚན་ཆར་འབབས་ལ། །ལ་ལ་གཅིག་པུར་གྲོགས་བྲལ་ཕོངས་པས་ཉེན། །ཕལ་ཆེར་རྨོངས་དང་མཁའ་ལྡིང་འཇིགས་ལ་སོགས། །སྡུག་བསྔལ་རྣམ་པ་སྣ་ཚོགས་དུ་མ་ལྡན། །ཚེ་ཡང་མ་ངེས་ཁ་ཅིག་ཉིན་རེ་ལ། །འཇོག་པོ་ལ་སོགས་བསྐལ་པར་གནས་པའང་གསུངས། །གཉིས་པ་དེ་ལས་འདའ་བར་གདམས་པ། འདི་དག་བསམས་ནས་དགེ་བ་སོགས་ལེགས་པའི་ཆོས་ལས་བྱོལ་ནས་སོང་བས་དུད་འགྲོའི་འཇིག་རྟེན་ལས་ཐར་འདོད་རྣམས་ཀྱིས་ཕན་བདེ་བསྒྲུབ་པའི་ཕྱིར། མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་བཏོད་ལ། །ཉིན་མཚན་བརྩོན་པས་དགེ་ལ་གཞོལ་བར་མཛོད། །བཞི་པ་མིའི་སྡུག་བསྔལ་བསམ་པ་ལ་གསུམ། སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱི་ངོ་བོ་སྤྱིར་བསྟན། རྣམ་པ་བརྒྱད་ཀྱི་དབྱེ་བ་བྱེ་བྲག་ཏུ་བཤད། དེ་ལས་འདའ་བར་གདམས་པའོ། །དང་པོ་ནི། མཐོ་རིས་མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། མྱ་ངན་ཡིད་མི་བདེ་དང་འཁྲུག་ལ་སོགས། །གཅིག་མ་སངས་པར་གཅིག་གིས་སྡུག་བསྔལ་བ་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཟས་སོགས་དུག་འདྲེས་ཟོས་པས་མཚོན་འགྱུར་བ་ཡི་སྡུག་བསྔལ་དང་། ཟས་གོས་སྤྱོད་ལམ་ཉེས་པས་ནད་སོགས་སུ་ཕྱི་མའི་སྡུག་བསྔལ་འདུ་བྱེད་མཚོན་པ་ཁྱབ་པ་འདུ་བྱེད་སྟེ། སྡུག་བསྔལ་ཉིད་གསུམ་དག་དང་དེ་བཞིན་དུ། །སྐྱེ་རྒ་ན་འཆི་མི་སྡུག་ཕྲད་པ་དང་། །སྡུག་བྲལ་འདོད་པས་ཕོངས་དང་ཉེ་བར་ལེན། །རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་ཚད་མེད་དེ། །ཚད་བཟུང་དུ་མེད་པའི་ཕྱིར་རོ། །གཉིས་པ་རྣམ་པ་བརྒྱད་ཀྱི་དབྱེ་བ་ལ་བརྒྱད། དང་པོ་སྐྱེ་བའི་སྡུག་བསྔལ། བར་དོར་འཁྱམས་པའི་དྲི་ཟ་ཉེ་བར་ལེན་པས་མངལ་གནས་འཛིན་པ་ལ། མ་རིག་རྣམ་ཤེས་རླུང་སེམས་ཐིག་ལེར་འདུས། ཕ་མའི་འདུ་འཕྲོད་ལས་ཐིག་ལེ་དཀར་དམར་འདྲེས་པའི་སྦུབས་སུ་རྣམ་ཤེས་ཞུགས་ཏེ། ཞག་བདུན་ཕྲག་དང་པོར་མེར་མེར་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུ། གཉིས་པར་ནུར་ནུར་པོ་བལ་སྣབས་ཀྱི་རྣམ་པ་ལྟ་བུ། གསུམ་པར་ལྟར་ལྟར་པ་མཐེབ་མཛུབ་ཀྱི་རྣམ་པ་ལྟ་བུ། བཞི་པར་མཁྲང་གྱུར་སྒོ་ངའི་རྣམ་པ་ལྟ་བུ། ལྔ་པར་གོར་གོར་པོ་པདྨའི་འདབ་མ་ལྟ་བུ། དྲུག་པ་ལ་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུ། བདུན་པར་རུས་སྦལ་གྱི་རྣམ་པ་ལྟ་བུ། དཔེར་ན་མགོ་དང་རྐང་ལག་ཅུང་ཟད་དོད་པས་སྦལ་བའི་རྣམ་པ་ལྟ་བུའོ། །དེ་ལྟར་མེར་ནུར་ལྟར་མཁྲང་གོར་ཉ་རུས་སྦལ་འདྲ། །རིམ་བཞིན་བདུན་ཕྲག་བདུན་དུ་ཆགས་པའི་ལུས། །མ་ཡི་ངལ་དུབ་བཀྲེས་སྐོམ་ཚ་གྲང་སོགས། །ཅུང་ཟད་ཙམ་ལའང་སྡུག་བསྔལ་དཔག་ཏུ་མེད། །མུན་ནག་དོག་ཅིང་ཉམ་ང་དྲི་མི་ཞིམ། །འཁུམས་པའི་སྡུག་བསྔལ་མི་བཟད་བརྣག་དགོས་སོ། །དེ་ནས་བདུན་ཕྲག་བདུན་ནས་ཉི་ཤུ་རྩ་དྲུག་གི་བར་ལུས་ཀྱི་དབང་པོ་ཡན་ལག་བ་སྤུ་ལ་སོགས་འགྲུབ། དེ་ནས་བདུན་ཕྲག་སུམ་ཅུ་རྩ་དྲུག་བར་སྙེད་དུ། །ལུས་ཟུངས་བརྟས་དང་ཆེར་བསྐྱེད་གཡོ་བར་བྱེད། །དེ་ནས་རུས་པའི་འཁྲུལ་འཁོར་བཙིར་བའི་བར། །ལས་གྱི་རླུང་གིས་མགོ་མཇུག་སློག་པས་བཙའ། །འཆི་བས་ཉེན་པའི་སྡུག་བསྔལ་བསྡུས་འཇོམས་འདྲ། །བཙས་ནས་རེག་པས་པགས་པ་བཤུས་པ་བཞིན། །ཁྲུས་བྱས་ཤ་བུར་སྤུ་གྲིས་རེག་དང་མཚུངས། །གཉིས་པ་རྒས་པའི་སྡུག་བསྔལ། དེ་ནས་རྒས་པའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ། །ལང་ཚོ་ཉམས་པས་ཀུན་གྱི་ཡིད་མི་འོང་། །སྟོད་སྨད་མི་ཐེག་འཁར་བ་ལ་བརྟེན་ཅིང་། །ལུས་ཀྱི་དྲོད་ཉམས་ཟས་ཀྱང་འཇུ་བར་དཀའ། །མཐུ་སྟོབས་ཉམས་པས་འགྲོ་འདུག་བསྒུལ་བསྐྱོད་དཀའ། །འདོད་སར་མི་ཕྱིན་ལྷུ་ཚིགས་རྣམ་པར་འགྱུར། །དབང་པོ་ཉམས་པས་མིག་འགྲིབ་གཟུགས་མི་མཐོང་། །སྒྲ་སྐད་མི་ཐོས་དྲི་རོ་རེག་མི་ཚོར། །དྲན་པ་མི་གསལ་གཏི་མུག་གཉིད་དུ་བྱིང་། །ཡུལ་གྱི་ལོངས་སྤྱོད་ཉམས་པས་ཡོན་ཏན་ཆུང་། །ཟས་སོགས་ཞིམ་པོའང་དེ་ལས་ལོག་པར་སྣང་། །ཚེ་ཉམས་འཆི་བས་འཇིགས་དང་འདུ་ཤེས་འཁྲུག་ཚིག་པ་ཟ་བྱིས་པ་བཞིན་དུ་བཟོད་པའི་སྟོབས་ཆུང་ལ་བསྲན་མི་བཟོད། སྣུམ་ཟད་མར་མེ་ཇི་བཞིན་མྱུར་དུ་འགྲོ། །གསུམ་པ་ན་བའི་སྡུག་བསྔལ། དེ་ནས་ན་བའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ། ལས་བརྒྱ་པའི་སྟོད་འགྲེལ་ལས། ན་བས་གདུང་བའི་ལུས་ཅན་ནི། །དམྱལ་བའི་ཚོར་བ་དེ་འདྲ་སྟེ། །དེ་སྙེད་ཕྱིར་ཕྱིར་ལྡང་གྱུར་པ། །སྲེད་ཅན་སྲིད་པའི་ཟུག་རྔུ་འདྲ། །ཞེས་གསུངས་པ་བཞིན། ལུས་ཀྱི་རང་བཞིན་འགྱུར་དང་ཡིད་མི་བདེ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་ཞིང་། །སྲོག་དང་བྲལ་བར་དོགས་པས་མྱ་ངན་སྐྱེ། །སྡུག་བསྔལ་མི་བཟོད་སྨེ་སྔགས་འབྱིན་པར་བྱེད། །བཞི་པ་འཆི་བའི་སྡུག་བསྔལ། ཚེ་ཟད་པའམ་མ་ཟད་རུང་སྟེ་བར་མ་དོར་འཆི་བའི་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཡང་། ཟས་གོས་གཏམ་དང་མལ་གྱི་ཐ་མལ་ཉལ། །སྲོག་ལུས་འཁོར་གཡོག་གཉེན་མདུན་ལོངས་སྤྱོད་འདོར། །གཅིག་པུ་ས་ཚུགས་མེད་པར་འགྲོ་བས་འཇིགས། །ལྔ་པ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཡང་། །ཡིད་དུ་མི་འོང་གནོད་འཚེའི་འཇིགས་པས་ཉེན། །དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ། བྱམས་ཤིང་སྡུག་པའི་ཡུལ་དང་བྲལ་བ་ཡང་། །མྱ་ངན་སྨྲེ་སྔགས་ཡིད་མི་བདེ་བའི་གཞི། །ཡོན་ཏན་རྗེས་དྲན་འདོད་པས་གདུང་བར་བྱེད། བདུན་པ་འདོད་པས་ཕོངས་པའི་སྡུག་བསྔལ། འདོད་པ་རྣམས་ཀྱིས་ཕོངས་པའི་སྡུག་བསྔལ་ནི། །དོན་མ་གྲུབ་པས་སེམས་ཀྱི་ཟུག་རྔུ་ལྡང་། །དབུལ་བས་ཉམ་ཐག་བཀྲེས་སྐོམ་ཡི་དྭགས་འདྲ། །བརྒྱད་པ་ཉེར་ལེན་ཕུང་པོའི་སྡུག་བསྔལ། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཡང་། །ཟག་བཅས་ཉིད་ཕྱིར་སྡུག་བསྔལ་ཀུན་གྱི་གནས། །རྟེན་དང་སྣོད་དང་འབྱུང་ཁུངས་ལགས་པར་གསུངས། །གསུམ་པ་དེ་ལས་འདའ་བར་གདམས་པ། དེ་ལྟར་མི་ཡི་འཇིག་རྟེན་མཐའ་དག་ནའང་། ཕྱི་མའི་སྡུག་བསྔལ་རྒྱུ་དང་སྔ་མའི་མི་དགེའི་འབྲས་བུ་ཉིད་ལ་སྤྱོད་པའི་ཕྱིར་བདེ་བ་མེད། དེ་ལས་ཐར་ཕྱིར་ལེགས་པའི་ཆོས་བསམས་ཏེ། །འཁོར་བའི་གནས་ལས་ཐར་པའི་ཐབས་འཚལ་ལོ། །ལྔ་པ་ལྷ་མིན་ལ་གཉིས། དང་པོ་སྡུག་བསྔལ་དངོས། ལྷ་མིན་རྣམས་ལའང་བདེ་བའི་སྐབས་མེད་དེ་རང་སྡེ་རྣམས་དོན་མེད་འཐབ་རྩོད་འཁྲུག་ཅིང་ཞེ་སྡང་ལ། ལྷ་ཡི་དཔལ་ལ་མི་བཟོད་ཕྲག་དོག་ལྡན། །གཡུལ་ངོར་སྡུག་བསྔལ་བརྒྱ་ཕྲག་བརྟེན་འཚལ་ལོ། །ལྷ་མིན་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཉན་རང་གི་བདེན་མཐོང་མེད་ཀྱང་། སྤྱིར་ཐེག་ཆེན་གྱི་བདེན་མཐོང་ཡོད་པར་དཀོན་བརྩེགས་ལ་སོགས་པ་ལས་གསུངས་སོ། །གཉིས་པ་ཆུ་བོ་དེ་ལས་འདའ་བར་གདམས་པ། དེ་བས་དགེ་ལེགས་ཞི་བའི་འགྲོ་བ་དག །མྱུར་བ་ཉིད་དུ་ཐར་པའི་ཆོས་མཛོད་ཅིག །དྲུག་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། དང་པོ་འདོད་ལྷའི་སྡུག་བསྔལ་བསྟན་པ། འདོད་ལྷའི་གནས་ནའང་སྡུག་བསྔལ་ཚད་མེད་དེ། །བག་མེད་འདོད་པས་མྱོས་དང་འཆི་འཕོ་ལྟུང་། །མེ་ཏོག་བརྙིངས་དང་སྟན་ལ་ཉམ་མི་དགའ། །གྲོགས་ཀྱིས་སྤོང་དང་ཕྱི་མའི་གནས་ལ་འཇིགས། །ཚོར་བ་མི་བཟད་ལྷ་ཡི་ཞག་བདུན་འབྱུང་། །གཉིས་པ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ། ཚངས་རིས་ལ་སོགས་གཟུགས་ཁམས་བསམ་གཏན་ལྷ། །སྔ་མའི་ལས་ཟད་སྲིད་པ་འོག་མར་ལྷུང་། །འགྱུར་བའི་སྡུག་བསྔལ་མཐོང་ནས་སྡུག་བསྔལ་ལ། །གཟུགས་མེད་ཞི་གནས་ལས་ཟད་ཚུལ་མཐོང་ནས། །སྲིད་པ་ཕྱི་མར་འདུ་བྱེད་སྡུག་བསྔལ་ལྡན། །མཐོ་རིས་ཐོབ་ཀྱང་ཡིད་བརྟན་མི་རུང་བས། །སྐལ་བཟང་རྣམས་ཀྱིས་ཐར་པ་བསྒྲུབ་པར་བྱ། །གསུམ་པ་འཁོར་བར་དགའ་བའི་སྐྱེ་བོ་རྟག་ཏུ་སྡུག་བསྔལ་བ་བསྟན་པ། འཁོར་བའི་བདེ་ལ་ཆགས་པའི་འགྲོ་བ་ཀུན། །མེ་ཡི་འོབས་སུ་སྲེད་པས་གདུང་བར་ཟད། །བཞི་པ་ཐམས་ཅད་རང་ལ་ཐུགས་རང་ལས་རང་གིས་སྤྱོད་པར་བསྟན་པ་ལ་ལྔ། དང་པོ་ཐར་པ་རང་ལ་རག་ལས་པས་རང་གི་བརྩོན་པར་བསྟན་པ། ངན་འགྲོའི་གནས་དེ་སངས་རྒྱས་ཀྱིས་སྐྱོབ་མོད་སྙམ་ན། རང་གི་ཉེས་པ་སྐྱོབ་པར་དཀའ་སྟེ། འདི་ལྟར་ཐར་པ་རང་ལ་རག་ལས་ཤིང་། །ཐར་པའི་ཐབས་ནི་ལྷ་མའི་སྟོན་པས་གསུངས། །གཞན་གྱིས་གློ་བུར་འབྱིན་པའི་སྐབས་མེད་དེ། །གཉིད་མྱོས་རྨི་ལམ་སུས་ཀྱང་དགག་མེད་བཞིན། །གལ་ཏེ་ནུས་ན་བདེ་གཤེགས་སྲས་བཅས་ཀྱི། །ཐུགས་རྗེའི་ཟེར་གྱིས་འཁོར་བ་སྟོངས་ཟིན་ངེས། །དེ་བས་རང་ཉིད་བརྩོན་པའི་གོ་བགོས་ཏེ། །ཐར་ལམ་འཛེག་ལ་བརྩོན་པའི་དུས་ལ་བབས། །གཉིས་པ་རང་གི་ལས་སྨིན་པ་ལ་གཞན་གྱིས་དགག་དཀའ་བར་བསྟན་པ། གྲངས་མེད་འདས་པའི་སངས་རྒྱས་དེ་དག་གིས། །གསོ་བའི་སྤྱོད་ཡུལ་མ་གྱུར་བདག་ལྟ་བུ། །སྡིག་པའི་རང་བཞིན་སྲིད་ལམ་དགོན་པར་འཁྱམས། །སྔར་བཞིན་བརྩོན་པ་མེད་ན་ཡང་དང་ཡང་། །འགྲོ་དྲུག་གནས་སུ་སྡུག་བསྔལ་བྱེད་འདི་སོམས། །གསུམ་པ་རྒྱལ་བའི་ཐུགས་རྗེས་འདྲེན་པའང་རང་གི་ལས་སུ་བསྟན་པ། འཁོར་བའི་སྡུག་བསྔལ་མཁའ་ལྟར་མཐའ་ཡས་ཤིང་། མེ་ལྟར་མི་བཟད་སྡུག་བསྔལ་རིགས་མི་འདྲ་བ་དཀར་དམར་ལ་སོགས་པའི་ཡུལ་ལྟར་སྣ་ཚོགས་ལ། བཟོད་པའི་སེམས་ཁྱོད་གནས་མིན་སྨད་པའི་གནས་ངོ་ཚ་མི་ཤེས་ཁྲེལ་བག་བྲལ་བ་ལ། ཐུགས་རྗེའི་གོ་སྐབས་འཇུག་པ་ག་ལ་འགྱུར། །ཐབས་མཁས་མཛད་པའི་ཕྲིན་ལས་དེ་ཡང་ནི། །གདུལ་བྱའི་ལས་རྐྱེན་དག་ལས་འབྱུང་བར་གསུངས་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། ཟླ་བའི་དཀྱིལ་འཁོར་ཤར་གྱུར་ཀྱང་། །སྣོད་དུ་མ་གྱུར་མི་སྣང་ལྟར། །སངས་རྒྱས་ཐུགས་རྗེའི་ཟླ་བ་ཡང་། །སྐལ་བ་མེད་གྱུར་མི་སྣང་ངོ་། །ཞེས་སོ། །བཞི་པ་རང་གི་ལས་སུ་མ་རྟོགས་པའི་སྐྱེ་བོ་ལ་སྐྱོ་བར་བསྟན་པ། དེ་བས་རང་གི་ཉེས་ཀུན་ཤེས་བྱས་ཏེ། །འཁོར་བའི་སྡུག་བསྔལ་སྙིང་ནས་དྲན་བྱས་ལ། །བདག་དང་འགྲོ་ཀུན་སྲིད་ལས་ཐར་བྱའི་ཕྱིར། །ཞི་བའི་ལམ་ལ་ཡང་དག་འཛེག་པར་གྱིས། །ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བ། །བདག་སྙིང་ལྕགས་ཀྱི་གར་བུ་ཆེན་པོའམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ལྔ་པ་ལས་ངན་འཁོར་བའི་བག་ཆགས་སྦྱང་དགོས་པར་བསྟན་པ། འཁོར་བ་མི་བཟད་སྡུག་བསྔལ་ཅན་ཕུང་པོ། དེའི་རྒྱུ་རྩ་ཉོན་དྲུག་ཉེ་ཉོན་ཉི་ཤུ་སྟེ་ཉོན་མོངས་ཉེ་བའི་ཉོན་མོངས་ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་བསྡུས་པ་ནད་དང་གནོད་པ་རྣམ་པ་སྣ་ཚོགས་དུ་མའི་འབྱུང་ཁུངས་ལ། སེམས་ཤེས་སུ་ཞིག་སྲེད་པ་འཕེལ་བར་བྱེད། །དེ་བས་མྱུར་དུ་སྲིད་ལས་རྒྱལ་བར་མཛོད། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་སྔོ་བ། དེ་དག་གི་རང་བཞིན་དབྱངས་སུ་བསྙད་པའི་དགེ་བ་སེམས་ཅན་ལ་ཕན་པའི་རྒྱུར་བསྔོ་བ་དེ་ལྟར་བདེ་འབྱུང་ཆོས་ཀྱི་དགའ་སྟོན་གྱིས་གྲོང་ཁྱེར་ཁམས་གསུམ་གྱི་འགྲོ་བ་ཇི་སྙེད་ཀུན། འཕགས་པའི་འབྱོར་པས་བདེ་དགའི་ཤས་འཚོ་སྣ་ཚོགས་སྡུག་བསྔལ་གྱིས་དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འཁོར་བ་སྡུག་བསྔལ་གྱི་ལེའུ་སྟེ་གསུམ་པའོ།། །། ༈ བཞི་པ་ལས་རྒྱུ་འབྲས་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སྲིད་པའི་བདེ་སྡུག་མཐོ་དམན་རྣམས། །སྔོན་བསགས་ལས་ལས་བྱུང་བ་ཐུབ་པས་གསུངས། །གཉིས་པ་ལ་གསུམ་སྟེ། སྲིད་པ་སྒྲུབ་པའི་ལས་དང་། ཞི་བར་སྦྱོར་བའི་ལས། དེ་གཉིས་ཀྱི་གནས་སྐབས་གཞན་བསྟན་པའོ། །དང་པོ་གསུམ་སྟེ། ལས་ཀྱི་ངོ་བོར་མདོར་བསྟན། དེའི་རྟེན་གཞི་བྱེ་བྲག་ཏུ་བཤད། རྟེན་ཆོས་ལས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་མདོར་བསྟན་ནི། འཁོར་བར་འདུ་བྱེད་ལས་དེ་དཀར་ནག་གཉིས། །དགེ་དང་མི་དགེ་བཅུ་བཅུའི་རང་བཞིན་ནོམ། །གཉིས་པ་རྟེན་གཞི་བྱེ་བྲག་ཏུ་བཤད་པ་ལ་བཅུ་གཉིས། དང་པོ་ཀུན་གཞི་དང་ཚོགས་བརྒྱད་ཀྱི་ངོ་བོར་སྤྱིར་བསྟན་པ། དེ་ཡི་རྟེན་གཞི་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ངོ་བོ་གཏི་མུག་ཡིན་པས་ལུང་མ་བསྟན་ཏེ། དེ་ཡང་འཁོར་འདས་ཀྱི་སྤྱི་གཞི་ལུང་མ་བསྟན་དབྱིངས་དེ་བཞིན་ཉིད། དེའི་ངང་ན་རིག་པ་འདུས་མ་བྱས་པའི་རང་གཞིན་ཡོན་ཏན་ལྷུན་གྲུབ་ཏུ་བརྟེན་པའི་ཆ་ནས་སྦྱོར་བ་དོན་གྱི་ཀུན་གཞིའམ་བདེ་གཤེགས་སྙིང་པོ། དེ་ཉིད་མ་རིག་པས་གཞི་བྱས་དགེ་སྡིག་ཚོགས་བརྒྱད་ཀྱི་རྟེན་གྱི་ཆ་ནས་བག་ཆགས་སྣ་ཚོགས་པ་ཡི་ཀུན་གཞིའམ་ལྷན་ཅིག་སྐྱེས་པའི་མ་རིག་པ། དེ་ནི་སེམས་ཉིད་དག་པ་ལ་བརྟེན་པ་མེད་པའི་ཚུལ་གྱིས་བརྟེན་ཏེ་མཁའ་ལ་སྤྲིན་ལྟར་རོ། །ལམ་བདེན་འདུས་བྱས་ཀྱི་ཆ་ཐམས་ཅད་ཀྱང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས་དེ་ལ་གནོད་པར་ཡང་བྱེད་དེ་བུད་ཤིང་ལ་བརྟེན་པའི་མེས་དེ་ཉིད་བསྲེགས་པ་བཞིན་ནོ། །དེས་ན་རྣམ་བྱང་བརྟེན་ཚུལ་ལམ་གྱི་རྣམ་བྱང་ཙམ་ལས། དག་པ་མཐར་ཐུག་གི་རྣམ་བྱང་ཆོས་སོ་བདུན་སོགས་འདི་ལ་མི་བརྟེན་ཏེ་སྦྱོར་བ་དོན་གྱི་ཀུན་གཞི་སྙིང་པོའི་ཁམས་ལ་བརྟེན་ནོ། །དེས་ན་བྲལ་གཞི་ནི་ཁམས་སམ་སྙིང་པོ། བྲལ་རྒྱུ་ནི་དེ་སྟེང་གི་དྲི་མ་སྦྱོང་བྱེད་ཐར་པ་ཆ་མཐུན་གྱི་དགེ་བ་ལམ་བདེན། བྲལ་འབྲས་ནི་སྙིང་པོའི་ཡོན་ཏན་རྣམས་མངོན་དུ་གྱུར་པ། བྲལ་བྱ་ནི་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པའི་ཚོགས་བརྒྱད་བག་ཆགས་དང་བཅས་པ་སྟེ། འདི་དག་གསང་སྔགས་ལྟར་ན་སྦྱང་གཞི་སྦྱོང་བྱེད། སྦྱངས་འབྲས། སྦྱང་བྱ་དང་བཞིར་བཤད་པ་དང་དོན་གཅིག དེས་ན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་མེ་ལོང་དང་འདྲ་རྟོག་མེད་ངོ་བོའི་སྟེང་ཀུན་གཞིའི་ཤེས་པ་གསལ་བ་ཡུལ་དུ་མི་རྟོག་ཅིང་། འཆར་གཞི་བྱེད་པས་མེ་ལོང་དྭངས་དང་འདྲ། དེ་ལས་གཟུགས་སོགས་ཡུལ་འཛིན་དབང་ཤེས་ལྔ་པོ་རང་ངོ་མི་རྟོག་མེ་ལོང་གི་གཟུགས་བརྙན་བཞིན། དེ་རྗེས་ཡུལ་ངོ་བོ་ཙམ་པ་ཡིད་ལ་ཡུལ་དུག་གསུམ་མཚུངས་ལྡན་དུ་ཤར་བ་ནི་ཉོན་ཡིད་དེ་གཟུང་འཛིན་ཡུལ་འབྱེད་ཤེས་པ་རྣམས་ཏེ། དེ་ཡང་ལས་སོག་པའི་སྒོ་ནི་ཡིད་ཀྱི་དབང་པོ་དང་། སྒོ་ལྔའི་རྣམ་ཤེས་རྟེན་དང་བཅས་པའོ། །སོག་བྱེད་ཉོན་མོངས་པ་ཅན་གྱི་ཡིད་དང་། དགེ་བར་སེམས་པའི་ཡིད་དང་། ཡིད་ཤེས་བར་མའོ། །གང་ལ་སོག་ན་ཀུན་གཞིའི་སྟེང་དུ་སོག་གོ །དེ་དག་འཕེལ་འགྲིབ་གོ་འབྱེད་པ་ནི་ཀུན་གཞིའི་རྣམ་ཤེས་སོ། །སྐད་ཅིག་རྗེས་འཐུད་དེ་ལ་འཛིན་པ་སྟེ་མིག་ཤེས་ནི་གཟུགས་རྣམ་པར་ཤེས་པའི་ཆ་ཙམ་ཡིན། ཡུལ་ཤེས་པའི་ཆ་ནས་རྣམ་ཤེས་ཞེས་བྱ། ཀུན་གཞིའི་རྣམ་ཤེས་ནི་ཡུལ་མི་འཛིན། དེའི་རྗེས་ལ་དཔྱོད་པ་ཞིབ་མོ་རྟོག་དང་གཟུགས་སོགས་ལ་ཞིབ་མོར་མི་རྟོག་པ་ཡིད་སེམས་ཡིན་པས་ཉོན་ཡིད་ཡིད་ཤེས་ཏེ། དེ་རྗེས་དཔྱོད་པ་ཞི བ་མོ་ཐམས་ཅད་ནི་འཛིན་པའི་རྟོག་པར་བཤད་དོ། །དེའང་ཡིད་ཀྱིས་སྐད་ཅིག་དང་པོར་ཡུལ་རིག་ཀྱང་དཔྱོད་པས་རྗེས་མ་མཐུད་ན་ལས་མི་སོག་གོ། གཉིས་པ་དེ་ལ་ལས་སོག་པ་དང་བརྟེན་ཚུལ་བྱེ་བྲག་ཏུ་བསྟན་པ། དེ་ཡང་ཆགས་རྟོག་གཟུང་འཛིན་རགས་པའི་དགེ་སྡིག་གིས་འདོད་པར་འདུ་བྱེད་བག་ཆགས་ཀུན་གཞིར་བརྟེན། གནས་ལུགས་ཀྱིས་མ་ཟིན་པའི་ཏིང་འཛིན་སྣང་ཡུལ་ལ་རྟོག་པ་མ་སྐྱེས་པའི་མི་རྟོག་གསལ་སྣང་གཟུགས་སུ་འདུ་བྱེད་ལ། སྣང་ཡུལ་འགག་པའི་མི་རྟོག་རྩེ་གཅིག་གཟུགས་མེད་བག་ཆགས་ཀུན་གཞི་ལ་བརྟེན། འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །དུས་རྣམས་ཀུན་ཏུ་ཉེ་བར་བརྟེན་པ་ཡིན། །གསུམ་པ་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་རང་དུས་ངོས་བཟུང་བ། ཤེས་པ་གང་དུའང་མི་རྟོག་ཡེངས་ཐབས་ཚེ། སྣང་ཡུལ་མི་འཛིན་རྩེ་གཅིག་ཀུན་གཞིའི་དུས་སོ། །ཡུལ་སྣང་ས་ལེར་མཐོང་དུས་གསལ་སྣང་གང་ལའང་དེར་འཛིན་མི་འཇུག་པ། ཀུན་གཞིའི་རྣམ་ཤེས་དྭངས་གསལ་གཡོ་བ་མེད། དེའི་ཚེ་ཡུལ་སོ་སོར་གསལ་ལ་རིག་པ་སྒོ་ལྔའི་ཡུལ་དང་རྟོག་དཔྱོད་དགག་སྒྲུབ་ཤར་བ་གཟུང་འཛིན་གྱིས་ཡིད་ཀྱི་རྣམ་ཤེས་དང་ཉོན་ཡིད་ཀྱི་སྐབས་སོ། །ཚོགས་བདུན་ཡུལ་ལ་རགས་པ་རྟོག་པ་ན། །རྣམ་ཤེས་བདུན་ཞེས་ཉེ་བར་བཏགས་པ་ཡིན། །བཞི་པ་དེ་གོམས་པས་ཁམས་གསུམ་གྱི་འཁྲུལ་སྣང་འགྲུབ་ཚུལ། འདི་དག་གོམས་པས་ཁམས་གསུམ་སྲིད་པ་རུ། །སྒོ་གསུམ་འཁྲུལ་ཞིང་སྡུག་བསྔལ་འདུ་བྱེད་ཡིན། །ལྔ་པ་ཁམས་གསུམ་སོ་སོའི་སར་གང་གཙོ་ངོས་བཟུང་བ། དེ་ཡང་འདོད་པར་ཚོགས་བདུན་གཙོ་བོ་ལ། །གཟུགས་སུ་ཀུན་གཞིའི་རྣམ་ཤེས་གཟུགས་མེད་དུ། །མི་རྟོག་ཀུན་གཞི་འབའ་ཞིག་གཙོ་བོར་ལྡན། །གཞན་གཉིས་འཁོར་གྱི་ཚུལ་དུ་བག་ལ་ཉལ། །རང་རང་ས་དེར་ལྡན་པ་ཤེས་པར་བྱ། །དྲུག་པ་འདོད་པར་ཉིན་མཚན་ངེས་པའི་ཤེས་པ་ངོས་བཟུང་བ། འདི་ལྟར་འདོད་ན་མཚན་མོ་ཉལ་བའི་ཚེ། །ཡུལ་ལྔའི་ཤེས་པ་ཉོན་ཡིད་དང་བཅས་པ་རིམ་གྱིས་ཡིད་ཤེས་དུ་ཐིམ། དེ་ཡང་ཀུན་གཞི་རྣམ་ཤེས་དང་དེ་ཉིད་ཀུན་གཞིར་ཐིམ་པས་གསལ་ལ་མི་རྟོག་པ་རྩེ་གཅིག་སྣང་ཡུལ་མེད་པ་དེའང་རྟོག་པ་གཡོ་བའི་རླུང་རྣམས་དང་། ཚོགས་བདུན་བརྟེན་པའི་རྩའི་རླུང་རོ་རྐྱང་དུ་ཆུད་ནས་དབུ་མའི་ནང་དུ་འཇུག་པའི་ཚེ་ཀུན་གཞི་སུམ་མཉམ་གྱི་རྣམ་པར་ཤེས་པ་ཞེས་བྱ་སྟེ། རླུང་སུམ་མདོ་གཅིག་ཏུ་མཉམ་པའི་ཕྱིར་རོ། །དེ་ནས་དབུ་མར་ཚུད་དེ་རོ་གཅིག་པ་ཀུན་གཞིའི་དུས་ཏེ་གཉིད་འཐུག་པོར་སོང་སྟེ་རྨི་ལམ་མེད་པའོ། །དེ་ནས་ཀུན་གཞི་ཆོས་དབྱིིངས་སུ་ཐི མ་པ་ནི་དབུ་མའི་ནང་ན་འོད་གསལ་མཆོག་མི་འགྱུར་གྱི་རྩ་རགས་པའི་ཁམས་དང་། རླུང་མི་རྒྱུ་བའི་དྭངས་མ་འོད་ཀྱི་རང་བཞིན་ཡོད་པ་དེར་དབུ་མའི་རླུང་དྭངས་མ་ཤེས་པ་ཉིད་ཚུད་པའི་ཚེ་སྣང་བའི་འོད་གསལ་ཐིག་ལེ་སོགས་དང་། སྟོང་པའི་འོད་གསལ་སེམས་ཉིད་སྤྲོས་བྲལ་འཆར་པའི་ངང་དེ་ཉིད། ཆོས་དབྱིངས་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ནུབ་སྟེ་རང་བཞིན་སྤྲོས་དང་བྲལ་བ་དར་ཅིག་འཆར་བས་དེ་ངོས་ཟིན་ན་འཁྲུལ་པ་བཟློག་གོ །སླར་ཡང་མཆེད་པས་ཆོས་དབྱིངས་ལས་ཀུན་གཞི། དེ་ལས་ཀུན་གཞིའི་རྣམ་ཤེས། དེ་ལས། ཡིད་ཉིད་གཅིག་པུ་ལངས་པས་རྨི་ལམ་སེམས་སྣ་ཚོགས་དགག་སྒྲུབ་མེད་བཞིན་སྣང་བར་བྱེད་དེ་སྲོག་རྩའི་ཡིད་དྲན་པ་རྣམ་རྟེན་གྱི་སྦུབས་མཆེད་པའི་དུས་སོ། །དེ་ལས་མཆེད་པས་དེ་ནས་དབང་པོ་སོ་སོ་ལ་བརྟེན་པའི་རྩ་རླུང་ཞུགས་པས་གཉིད་སད་ཉིན་དུས། ཚོགས་དྲུག་གི་རྣམ་ཤེས་ཡུལ་ལ་འཇུག་པས་ལས་འདུ་བྱེད། ཉིན་མཚན་ཁོར་ཡུག་དེ་ལྟར་སྣང་བ་ཡིན། བདུན་པ་གཟུགས་ཁམས་རང་སའི་ཤེས་པ་ངོས་བཟུང་བ། གཟུགས་སུ་རང་སའི་ཤེས་པ་བསམ་གཏན་བཞི། །ཀུན་གཞིའི་ཤེས་ཉིད་ངང་དུ་གནས་པ་ལས། །ཡུལ་རྣམས་འཛིན་པའི་ཤེས་པ་ཕྲ་མོ་རྣམས། །སྐབས་འགར་ཉེ་བར་འབྱུང་གིས་ཕལ་ཆེར་ནི། །ཏིང་འཛིན་གོམས་པས་ཉེ་བར་གནས་པ་ཡིན། །བརྒྱད་པ་གཟུགས་མེད་རང་སའི་ཤེས་པ་ངོས་བཟུང་བ། གཟུགས་མེད་རང་སའི་ཤེས་པ་ཀུན་གཞིའི་ངང་། །མཁའ་སོགས་རྣམ་བཞི་ཞི་གནས་རྩེ་གཅིག་ཏུ། །ཉེ་བར་གནས་པས་ཤིན་ཏུ་ཕྲ་བ་ཡི། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །མིང་བཞིའི་ཕུང་པོར་སེམས་ཀྱི་རྒྱུད་བརྟེན་ནས། །ཞི་གནས་རྩེ་གཅིག་བསྐལ་པར་མི་སད་དེ། །རྣམ་དཔྱོད་དགེ་བའི་ས་བོན་འདེབས་པའང་མེད། །དགུ་པ་ཁམས་གོང་མའི་སེམས་ལས་གྲོལ་དགོས་པར་གདམས་པ། དེ་ལྟར་བསམ་གཏན་གཟུགས་མེད་སེམས་དེ་ཡང་། །སྔ་མའི་འབྲས་ཡིན་ཟད་ནས་ཚེ་འཕོ་ལ། །ངོ་བོ་ལུང་མ་བསྟན་ཡིན་གཏི་མུག་ཕྱིར། །འཁོར་བའི་གནས་སུ་ཕྱིན་ཅི་ལོག་རྒྱུ་འབྲས། །ཡང་ཡང་བསྐྱེད་ཕྱིར་དེ་ལས་ཐར་དགོས་སོ། །བཅུ་པ་འདོད་པར་ལས་ཁྱད་པར་ཅན་གྱི་བསགས་བྱང་དགོས་པར་གདམས་པ། འདོད་པའི་སེམས་དེ་གོམས་ཚུལ་ཇི་བཞིན་ཉིད་རགས་པ་ཡིན། ལས་ཀྱི་ས་ཡིན། ཆོས་སྤྱོད་པའི་སྣོད་ཁྱད་ཅན་ཡིན་ཕྱིར་མཐོ་དམན་ཐར་པའི་རྒྱུ་ཡང་བྱེད། བཅུ་གཅིག་པར་འདོད་པར་ཉིན་དུས་ཀྱི་ཤེས་པའི་ཆ་དབྱེ་བ། ཉིན་དུས་ཕལ་ཆེར་ཚོགས་བདུན་ཤེས་པ་གཙོ། །གཞན་གཉིས་ངོ་བོ་གཅིག་པའི་འཁོར་དུ་ཡོད། །དེ་ཡང་གཟུགས་འཛིན་པའམ་མཐོང་བའི་ཆ་མིག་གི་རྣམས་ཤེས་ཏེ། དེར་གསལ་རྟོག་བྲལ་གྱི་ཤེས་པ་གསལ་ཆ་ནི་ཀུན་གཞིའི་རྣམ་ཤེས། དེ་ཡི་མི་རྟོག་པའི་ཆ་ཉིད་ཀུན་གཞིའོ། །ལྷག་མ་སྒྲ་ཐོས། རོ་མྱོང་། རེག་བྱ་རེག དྲན་པའི་ཡུལ་ལ་ཡིད་ཀྱིས་རིག་པའི་རྣམ་ཤེས་སོགས་དྲུག་ཀྱང་དེ་བཞིན་ཤེས་པར་བྱ། བཅུ་གཉིས་པ་འདོད་པར་ཉིན་མཚན་གྱི་ཤེས་པ་ལ་ངོ་བོ་གཅིག་པའི་གནས་སྐབས་བསམ་པ། གཉིད་དུ་རྩེ་གཅིག་རྨི་ལམ་སད་དུས་ན། །ཀུན་གཞི་ཀུན་གཞིའི་རྣམ་ཤེས་ཡིད་དང་ནི། །ཚོགས་དྲུག་རིམ་བཞིན་གཉིད་འཐུག་གི་ཚེ་ཀུན་གཞ་ིགཅིག་དང་རྨི་ལམ་གྱི་དུས་ཀུན་གཞི་རྣམ་ཤེས་དང་། ཡིད་ཤེས་གཉིས་ངོ་བོ་གཅིག་པ་དང་། སད་དུས་ཚོགས་བརྒྱད་ཐམས་ཅད་ངོ་བོ་གཅིག་པའི་དུས་སུ་ཤེས་བྱ། གསུམ་པ་རྟེན་ཆོས་ལས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ། རྩ་བའི་ལས་མདོར་བསྟན། དེའི་བསྐྱེད་པའི་ལས་དངོས་རྒྱས་པར་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་རྩ་བའི་ལས་ནི། དེ་ལ་རྟེན་པའི་ཆོས་ལས་ཀྱི་རྩ་བ་སེམས་ཉིད་འོད་གསལ་བའི་རང་ངོ་མ་རིག་པ་གཟུང་འཛིན་གྱི་རྩལ་ངོ་བོ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེས་བསྐྱེད་སྲིད་པར་འདུ་བྱེད་དགེ་མི་དགེའི་ལས་དཀར་ནག་གཉིས་ཏེ། གཉིས་པ་དེས་བསྐྱེད་པའི་ལས་ལ་གཉིས། མི་དགེ་བ་བཅུ་དང་། དགེ་བ་བཅུའོ། །དང་པོ་མི་དགེ་བཅུ་ལ་གཉིས་ཏེ། རང་བཞིན་དང་འབྲས་བུའོ། །རང་བཞིན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། འཁོར་བར་མཐོ་རིས་ནས་དམན་སར་ལྟུང་ཞིང་སྡུག་བསྔལ་འབའ་ཞིག་བསྐྱེད་ཕྱིར་མི་དགེ་བ་སྟེ། དབྱེ་ན་བཅུ་ཉིད་སོ་སོར་སྣང་བ་ཡིན། །མི་དགེའི་ལས་བཅུ་ལུས་གསུམ་ངག་གི་བཞི། །ཡིད་གསུམ་རིམ་བཞིན་སོ་སོར་དབྱེ་བ་ནི། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ་ལུས་ཀྱི་ལས་གསུམ་ནི། སྲོག་གཅོད་བསམ་བཞིན་མ་ནོར་གཞན་བསད་ལ། །ཕྱོགས་མཐུན་རྡེག་འཚོག་ལ་སོགས་སྲོག་ལ་འཚེ། །མ་བྱིན་ལེན་པ་གཞན་ནོར་བརྐུ་བ་སྟེ། །ཕྱོགས་མཐུན་མཐུན་པའི་རིམ་གྲོ་བསྟེན་པ་སོགས་གཡོ་སྒྱུས་ཕ་རོལ་ནོར་ལ་ལེན། འདོད་ལོག་གཞན་གྱིས་བདག་བཟུང་ཉེ་དུ། དབང་པོའི་སྒོ་གཞན་གནས་དང་དུས་མི་རུང་བ་ཉིད་ལ་སྤྱོད། །ཕྱོགས་མཐུན་ལག་པ་སོགས་གཞན་གྱིས་བགྲོད་{བསྒྲོད}བྱ་མིན་པར་རྩོལ་སོགས་འཁྲིག་པའི་ཆོས། གཉིས་པ་ངག་གི་ལས་བཞི། བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་ཚིག་དོོན་གོ །ཕྱོགས་མཐུན་དྲང་སོགས་གཞན་སེམས་སླུ་བ་ཉིད་དེ་དྲང་པོར་བརྗོད་པས་ཕ་རོལ་བསླུ་བར་མཐོང་ནས་དེ་བརྗོད་པའོ། །ཕྲ་མ་ཕ་རོལ་འབྱེད་ཚིག་སྨྲ་བ་སྟེ། །ཕྱོགས་མཐུན་གཞན་ཚིག་གཞན་ཟློས་མི་མཐུན་བྱེད། །ངག་འཁྱལ་བསྟན་བཅོས་ངན་དང་བྲེ་མོའི་གཏམ། །ཕྱོགས་མཐུན་འབྲེལ་མེད་བརྗོད་སོགས་ཆོས་མིན་གཏམ། །ཚིག་རྩུབ་ཕ་རོལ་ཞེར་འདེབས་རྩུབ་མོའི་ཚིག །ཕྱོགས་མཐུན་འཇམ་སོགས་གཞན་ཡིད་མི་བདེའི་གཏམ། །གསུམ་པ་ཡིད་ཀྱི་ལས་གསུམ། བརྣབ་སེམས་གཞན་འབྱོར་མི་བཟོད་བདག་གིར་བྱེད། ཕྱོགས་མཐུན་ཕ་རོལ་པོ་ལ་ཁྲོ་བཞིན་པས་ཐོས་སོགས་ཕ་རོལ་དཔལ་ལ་བརྐམ། གནོད་སེམས་གཞན་ལ་གནོད་འཚེས་ཞེ་སྡང་ཞིང་། །ཕྱོགས་མཐུན་ཕན་པར་མི་འདོད་ཁྲོ་བའི་སེམས། །ལོག་ལྟ་རྟག་ཆད་རྒྱུ་འབྲས་མེད་པར་བལྟ། །ཕྱོགས་མཐུན་ཆོས་དང་གང་ཟག་ལ་སྒྲོ་སྐུར་འདེབས་སོགས་ཕྱིན་ཅི་ལོག གཉིས་པ་འབྲས་བུ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་མདོར་བསྟན་ནི། ཡུལ་དང་ཀུན་སློང་བསམ་སྦྱོར་ངན་པ་ཡིས། །མི་དགེའི་ལས་བཅུ་སྤྱད་པའི་འབྲས་བུ་ནི། །རྣམ་སྨིན་རྒྱུ་མཐུན་དབང་དང་མན་ངག་གིས་བསྟན་པའི་བྱེད་པ་བཞི། གཉིས་པ་ལ་ལྔ། དང་པོ་རྣམ་སྨིན་གྱི་འབྲས་བུ། ལས་བཅུ་ཆུང་ངུས་དུད་འགྲོ་འབྲིང་ཡི་དྭགས། །ཆེན་པོས་དམྱལ་བར་སྡུག་བསྔལ་རྣམ་སྨིན་འབྲས། །གཉིས་པ་བྱེད་པ་རྒྱུན་མཐུན། རྒྱུ་མཐུན་གཉིས་ལས་གང་བྱེད་དེར་སྐྱེ་བ། །བྱེད་པ་རྒྱུ་མཐུན་འབྲས་བུ་ལགས་པར་གསུངས། །གསུམ་པ་མྱོང་བ་རྒྱུ་མཐུན། མཐོ་རིས་ཐོབ་ནའང་ཚེ་ཐུང་ནད་མང་ཞིང་། །ཡོ་བྱད་མི་འབྱོར་དགྲ་དང་ཐུན་མོང་འགྱུར། །ཁྱིམ་ཐབ་མི་མཛེས་དགྲ་ཟླར་འགྱུར་བ་དང་། །ལས་བརྒྱ་པ་ལས། ཁྱིམ་ཐབ་ཡིད་དུ་མི་འོང་ཞིང་། །གཞན་དང་ཐུན་མོང་དུ་འགྱུར་རོ། །ཞེས་སོ། །སྐུར་བ་མང་ལ་གཞན་གྱིས་སླུ་བ་དང་། །གཡོག་འཁོར་མི་འདུམ་འཁོར་གཡོག་ངན་པ་དང་། །མི་སྙན་ཐོས་དང་འཐབ་མོའི་ཚིག་ཏུ་འགྱུར། །ཚིག་བཟུང་མི་འོས་མ་ངེས་སྤོབས་པ་དང་། །ཆོག་མི་ཤེས་དང་འདོད་པ་ཆེ་བར་འགྱུར། །ཕན་པ་མི་ཚོལ་གཞན་གྱིས་གནོད་པའི་གནས། །ལྟ་བ་ངན་དང་གཡོ་སྒྱུ་ཆེ་བ་སྟེ། །དེ་ཡང་མི་དགེ་བཅུ་ལ་རིམ་བཞིན་གཉིས་གཉིས་ལྡན། མྱོང་བ་རྒྱུ་མཐུན་འབྲས་བུ་ལགས་པར་གསུངས། །བཞི་པ་དབང་འབྲས། དབང་གི་འབྲས་བུ་ཕྱི་རོལ་ཡུལ་ལ་སྨིིན། །དེ་ཡང་མ་དག་གཞན་དབང་གནས་སྐབས་འདིར། །སྲོག་བཅད་པས་ནི་ས་ཕྱོགས་གཟི་བརྗིད་ཆུང། །སྨན་ཤིང་ལོ་འབྲས་མེ་ཏོག་བཟའ་བཏུང་སོགས། །མཐུ་ཆུང་འཇུ་དཀའ་ཚེ་ལ་བར་དུ་གཅོད། །མ་བྱིན་ལེན་པས་ལོ་ཐོག་འབྲས་མི་སྨིན། །སད་སེར་མུ་གེས་འཇིགས་པའི་ཡུལ་དུ་སྐྱེ། །ལོག་པར་གཡེམ་པས་བཤང་གཅི་འདམ་རྫབ་ཁྲོད། །ལྗན་ལྗིན་མི་གཙང་དྲི་ང་སྐྱེ་བའི་ཡུལ། །དོག་ཅིང་ཉམ་ང་ཉམས་མི་དགའ་བར་སྐྱེ། །བརྫུན་གྱིས་ཡུལ་རྣམས་མི་མཐུན་འཇིགས་དང་བཅས། །འབྱོར་པ་གཡོ་ཞིང་གཞན་གྱིས་སླུ་བར་སྐྱེ། །ཕྲ་མས་ས་ཕྱོགས་བགྲོད་དཀའ་མཐོ་དམན་ཅན། །ངམ་གྲོག་གཡང་ས་གཅོང་རོང་ལ་སོགས་པ། །རེག་ན་མི་བདེ་སྣ་ཚོགས་ཡུལ་དུ་སྐྱེ། །རྩུབ་མོས་སྡོང་དུམ་རྡོ་གསེག་ཚེར་མ་དང། །རྡུལ་དང་ཉལ་ཉིལ་འབྲས་ངན་རྩུབ་པ་དང། །ཚ་སྒོ་ལ་སོགས་མི་དགེའི་ཡུལ་དུ་སྐྱེ། །བཀྱལ་བས་ལོ་འབྲས་མི་སྨིན་དུས་ཚིགས་ལོག །རིང་དུ་མི་བརྟན་མི་གནས་ཡུལ་དུ་སྐྱེ། །བརྣབ་སེམས་འབྲས་སོགས་ཉུང་ཞིག་སྦུན་པ་མང། །བཟང་པོའི་དུས་ཚིགས་འགྱུར་བ་མཐོང་བར་སྐྱེ། །གནོད་སེམས་ལོ་ཐོག་འབྲས་བུ་ཚ་ཞིང་ཁ། །རྒྱལ་པོ་ཆོམ་རྐུན་མི་རྒོད་སྦྲུལ་ལ་སོགས། །རང་བཞིན་གནོད་པ་མང་བའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་ཆེན་འབྱུང་ཁུངས་མི་ལྡན་ཞིང་། །སྨན་ཤིང་མེ་ཏོག་འབྲས་བུ་ཉུང་བ་དང་། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །ལྔ་པ་སྐྱེས་བུ་བྱེད་འབྲས། སྐྱེས་བུ་བྱེད་པའི་འབྲས་བུ་མི་དགེ་བ། །གང་བྱས་དེ་ཉིད་འཕེལ་བྱས་སྡུག་བསྔལ་བསྐྱེད། །གསུམ་པ་དོན་བསྡུ་བ། མདོར་ན་རང་བཞིན་མི་དགེ་བཅུ་པོ་རྣམས། །དུག་དང་འདྲ་སྟེ་གང་གིས་ལོངས་སྤྱད་པ། །ཆེ་འབྲིང་ཆུང་ངུས་སྡུག་བསྔལ་ཆེར་བསྐྱེད་པས། །དགྲ་བཞིན་རབ་ཏུ་སྤང་ལ་འབད་འཚལ་ལོ། །གཉིས་པ་དགེ་བ་བཅུའི་ལས་ལ་གཉིས། དང་པོ་ངོ་བོ་སྤྱིར་བསྟན་པ། མཐོ་རིས་འཕེན་པ་དགེ་བའི་ལས་བཅུ་ཡང་། མི་དགེ་བཅུ་ལས་ལོག་ཙམ་གྱིས་དགེ་བཅུར་མི་འགྱུར་ཏེ། རྒྱུད་བསྡམས་པ་མེད་པའི་ཕྱིར། དེས་ན་མི་དགེ་བཅུ་སྤོང་བའི་སེམས་པ་དགེ་བ་བཅུ་ཡིན་སྟེ། སྲོག་མི་གཅོད་དང་མ་བྱིན་ལེན་པ་སྤངས། །ལོག་པ་མི་གཡེམ་བརྫུན་དང་ཕྲ་མ་སྤོང་། །ངག་འཁྱལ་ཚིག་རྩུབ་མི་སྨྲ་བརྣབ་སེམས་མེད། །གནོད་སེམས་ལོག་ལྟ་རིང་དུ་སྤངས་པ་སྟེ། །གཉིས་པ་འབྲས་བུ་བྱེ་བྲག་ཏུ་བསྟན་པ། ཆུང་ངུས་མི་དང་འབྲིང་གིས་འདོད་པའི་ལྷ། །ཆེན་པོས་བསམ་གཏན་གཟུགས་མེད་ཏིང་འཛིན་འབྲེལ། །གོང་མའི་ཁམས་གཉིས་བདེ་བ་འཛིན་པར་བྱེད། །འབྲས་བུ་བཞི་སྟེ་སྔར་གྱི་ལྡོག་པའི་དཔེས། །དགེ་བཅུའི་འབྲས་བུ་མཐོ་རིས་ཤེས་པར་བྱ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ། དེ་ལྟར་དགེ་བ་བསོད་ནམས་ཆ་མཐུན་བཅུས། །བདེ་འགྲོར་འཕེན་ཞིང་རང་བཞིན་མི་དགེ་བཅུས། །ངན་འགྲོར་ལྟུང་བའི་རྒྱུ་འབྲས་དཀར་ནག་ལས། །བླང་དོར་བྱེད་པ་འཇིག་རྟེན་དགེ་བའི་ལམ། །ལྷ་མིའི་ཐེག་པ་ལགས་པར་ཐུབ་པས་གསུངས་ཏེ་སྙིང་པོ་མཆོག་ལས། ལྷའི་ཐེག་པ་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། མིའི་ཐེག་པ་དགེ་བ་བཅུ་སྟེ། འདི་ནི་ལེགས་པའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པའོ། །ཞེས་སོ། །དགེ་བཅུ་འདིས་ནི་ཕྱི་མར་བདེ་འགྲོ་བསྒྲུབ་པས་ན། ཐར་པའི་རྟེན་དུ་ཡང་དག་གཞག་པར་མཛད། ལེགས་པའི་ཆོས་ཀྱི་རྟེན་འདི་ལེགས་ལྡན་འགྲོ་བ་རྣམས་ཀྱིས་བསྟེན་པར་མཛོད། གཉིས་པ་ཞི་བར་སྦྱོར་བའི་ལས་ལ་གསུམ། ལས་ཀྱི་ངོ་བོ་སྤྱིར་བསྟན་པ། དེའི་རྟེན་གཞི་བྱེ་བྲག་ཏུ་བཤད། རྟེན་ཆོས་ལས་ཀྱི་དབྱེ་བ་ངེས་པའོ། །དང་པོ་ལས་ཀྱི་ངོ་བོ་ལ་གཉིས། དང་པོ་ངོ་བོ་དངོས་བསྟན་པ། ཐར་པའི་དགེ་མཆོག་འཁོར་བ་རིང་དུ་བྱེད། །དེ་ཡང་སྲིད་པར་འདུ་བྱེད་མཐོ་དམན་ལས། །དཀར་ནག་གཉིས་ཀ་ལས་འདས་ཞི་ལ་གཞོལ། །ཐར་པའི་ཆ་མཐུན་ལ་སོགས་ཟག་མེད་རྒྱུ། །དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་དང་། །ཕ་རོལ་ཕྱིན་དྲུག་ལ་སོགས་ལམ་ལྔས་བསྡུས། །དེ་ཡང་གང་ཟག་ཆོས་བདག་མེད་རྟོགས་ནས། །ཐབས་དང་ཤེས་རབ་ཟུང་འབྲེལ་དགེ་བ་ཡིས། །སྲིད་ཞིར་མི་གནས་འགྲོ་བའི་དོན་བྱེད་ཅིང་། །རྒྱལ་བའི་གོ་འཕང་མཐའ་ཡས་བསྒྲུབས་པས་ན། །རྣལ་འབྱོར་དགེ་བ་འཇིག་རྟེན་ཀུན་ལས་འདས། །གཉིས་པ་དེ་ཉིད་སྒྲུབ་ཚུལ་བསྟན་པ། དེ་ཡང་སྦྱིན་སོགས་ལྔ་དམིགས་བཅས་བསོད་ནམས་ཀྱི་ཚོགས་ཡིན་ལ། ཤེས་རབ་དམིགས་མེད་ཡེ་ཤེས་ཚོགས་ཏེ་ཟུང་འབྲེལ་གྱིས་སྒྲིབ་གཉིས་སྦྱངས་ནས་སྐུ་གཉིས་མངོན་དུ་བྱེད། དེ་ཡང་ས་མཚམས་ཀྱི་ཟག་བཅས་ཟག་མེད་ཆོས་མཆོག་མན་སོ་སོའི་སྐྱེ་བོའི་ཟག་བཅས་ཏེ། དེ་ཡན་འཕགས་པའི་ཟག་མེད། མཉམ་བཞག་ཟག་མེད། རྗེས་ཐོབ་ཟག་བཅས་ཏེ་སྤྱོད་ཡུལ་ཅན་ལམ་ཟག་བཅས་ཟག་མེད་གཉིས། ཕར་ཕྱིན་ལྔ་ཟག་བཅས། ཤེས་རབ་ཟག་མེད་ཉིད་དགེ་བ་ཟག་བཅས་ཟག་མེད་དོ། །རིམ་བཞིན་སྤྱད་པས་ཐར་པ་ཐོབ་པ་ཡིན། །གཉིས་པ་རྟེན་གཞི་ནི། ཐར་ཆ་བྲལ་རྒྱུས་བསྡུས་པ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པ། དེའི་བྲལ་འབྲས་རིགས་སམ་སྙིང་པོ་ལ་བརྟེན་པའི་ཚུལ་ནི་ཐར་པ་དགེ་བའི་རྟེན་ནི་རིགས་ཡིན་ལ། དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ་རང་བཞིན་གྱི་དྲི་མེད་སངས་རྒྱས་ཀྱི་ཁམས་ཏེ་རང་བཞིན་གནས་པའི་རིགས་ཏེ། དེའང་སེམས་ཅན་གྱི་དུས་ན་སེམས་ཀྱི་ཆོས་ཉིད་ལ་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་དང་། སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་། དྲི་མས་བསྒྲིབས་པས་མངོན་སུམ་དུ་མི་གསལ་བའི་ཕྱིར་ཁམས་སམ་རིགས་ཞེས་བཏགས་ཤིང་། སངས་རྒྱས་པའི་ཚེ་དྲི་མ་ཐམས་ཅད་བྲལ་བས་བྱང་ཆུབ་ཅེས་བརྗོད་ཀྱང་། ངོ་བོ་སེམས་ཉིད་ཀྱི་ནུས་པ་རྫོགས་པར་སྣང་མི་སྣང་ཙམ་ལས། དང་པོ་སེམས་ཅན་གྱི་དུས་ན་མེད་པའི་ཡོན་ཏན་ཕྱིིས་གསར་དུ་བསྐྱེད་པར་འདོད་པ་ནི་མ་ཡིན་ཏེ་འཕོ་འགྱུར་མེད་པའི་ཕྱིར་རོ། །དེས་ན་ཚོགས་གཉིས་དང་སྐུ་གཉིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མིན་ཏེ། རིགས་གཉིས་རིམ་བཞིན་སྐུ་གཉིས་ཀྱི་བྲལ་རྒྱུ་ཡིན་པས། དེ་ཡི་སྣང་ཆ་སྐུ་གཉིས་དཔེ་རྣམ་དགུ། །སྙིང་རྗེའི་རང་བཞིན་ཡེ་ནས་གནས་པ་ནི། །དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པས་རྒྱས་འགྱུར་རིགས་ཞེས་བདེ་བར་གཤེགས་པས་གསུངས་ཏེ་བཀའ་ཐ་མ་ངེས་པ་དོན་གྱི་མདོ་སྡེ་སངས་རྒྱས་ཀྱི་གསང་བ་ཆེན་པོ་ཇི་ལྟ་བ་བཞིན་མངོན་སུམ་དུ་སྟོན་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། དཔལ་ཕྲེང་སེངྒེའི་ང་རོ་སྒྲས་ཞུས། བུ་མོ་རིན་ཆེན་གྱིས། ལྷ་མོ་དྲི་མ་མེད་པས་ཞུས། སོར་ཕྲེང་ཅན་གྱི་མདོ་དང་། མྱང་འདས་ཆེན་པོ་དང་། བྱམས་ཞུས་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ནས། གྱད་ཀྱི་དཔྲལ་བའི་ནོར་བུའི་དཔེ་དང་། སྟོང་གསུམ་དར་ཡུག་གི་དཔེ་དང་། རྒྱུད་བླར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་པའི་སྐུ་དང་ནི། །བུད་མེད་ངན་པའི་ལྟོོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་དཔེ་དགུ་དང་། ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེའི་བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་གཞན་ཡང་རྡོ་ཁམས་གསེར་དང་བུམ་ནང་མར་མེ་སོགས་དཔེ་དུ་མས་བསྟན་པ་དང་། དེ་ཉིད་ཕལ་གྱིས་རྟོགས་དཀའ་བའི་དཔེ། དམུས་ལོང་གིས་མར་གྱི་ཁ་དོག་དྲིས་པ་དང་གླང་པོ་ཆེའི་གཟུགས་ལ་རྟོག་པའི་དཔེ་དང་། རིམ་གྱིས་འཕགས་པ་རྣམས་ཀྱིས་མཐོང་བའི་དཔེ། སྨན་པས་མིག་ཐུར་བཏང་སྟེ་དམུས་ལོང་གི་མིག་ཕྱེ་བའི་དཔེ་དང་། དེ་ཉིད་སེམས་ཅན་ལ་བསྟན་པའི་དགོས་པ་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ལྔ་སྐྱེ་ཚུལ། དེ་ལ་ལོག་རྟོག་གི་སྐྱོན་སྤོང་བ། དཀའ་འཁོར་དྲང་ངེས་དང་། བུད་མེད་བུ་གསོ་བའི་དཔེ་སོགས། མདོ་ནས་གསུངས་པའི་དོན་རྒྱས་པར་འགྲེལ་ཆེན་དུ་གསལ་བ་ལྟར་ལ། རྩ་བ་རིག་པའི་ཡེ་ཤེས་འོད་གསལ་ལ། །ངོ་བོ་དུག་གསུམ་མེད་པས་དགེ་བ་ཡིན། །གསུམ་པ་རྟེན་ཆོས་ལས་ཀྱི་དབྱེ་བ་ལ་གསུམ། ཐར་པ་ཆ་མཐུན་གྱི་རྩ་བའི་ལས། དེའི་བསྐྱེད་པ་ཡན་ལག་གི་ལས། ལས་ཀྱི་འབྲས་བུ་བསྟན་པའོ། །དང་པོ་རྩ་བའི་ལས་ནི། རང་བཞིན་ཆོས་སྐུའི་རིགས་སད་པའི་རྟགས་འཇུག་པ་ལས་གསུངས་པ་དང་། གཟུགས་སྐུ་ཆོས་ཅན་གྱི་རིགས་སད་པའི་རྟགས་མདོ་རྒྱན་ནས་གསུངས་པ་ལྟར། རིགས་དེ་སད་ལས་སེམས་གཉིས་རབ་བསྐྱེད་དུས། །སྙིང་རྗེ་མངོན་བསྒྲུབས་ཀུན་རྫོབ་བསོད་ནམས་ཚོགས། །བུམ་སོགས་གསང་ཤེར་གསུམ་དབང་བསྐྱེད་རིམ་དག་པར་བྱེད་པ་སྟེ་དམིགས་བཅས་བསོད་ནམས་ཀྱི་ཚོགས་སོ། །སྟོང་པ་རང་བཞིན་དོན་དམ་ཡེ་ཤེས་ཚོགས། །བཞི་པ་ཚིག་དབང་རིན་པོ་ཆེ་རྫོགས་རིམ་དག་པར་བྱེད་པའི་ཡེ་ཤེས་ཕྱག་རྒྱ་ཆེ། འོད་གསལ་སོགས་སྤྲོས་མེད་ཐམས་ཅད་དོ། །ལེགས་པར་བསྒོམས་ཤིང་རིམ་གཉིས་སྤེལ་བ་ཡིས། །ཉོན་མོངས་ཡེ་ཤེས་གནས་གྱུར་དགེ་བ་རྣམས། །ཆེས་ཆེར་འཕེལ་བས་ཁམས་ཀྱི་སྒྲིབ་སྦྱངས་ཏེ། །ཆོས་གཟུགས་དྲི་མེད་ཉི་མ་མཐོང་བར་འགྱུར། །གཉིས་པ་དེའི་བསྐྱེད་པ་ཡན་ལག་གི་ལས་ལ་གཉིས། དང་པོ་ཟུང་འབྲེལ་ཁྱད་པར་ཅན་གྱི་ལས་བསྟན་པ། འཇིག་རྟེན་ཆོས་རབ་དགེ་བ་རྣམ་པ་བཅུ། །བསམ་གཏན་གཟུགས་མེད་ལ་སོགས་སྣང་བཅས་ཚོགས། །བསོད་ནམས་ཆ་མཐུན་ཡིན་ཡང་ཐབས་ཤེས་ཀྱིས་ཟིན་པས་ཐར་པ་ཆ་མཐུན་དུ་འགྱུར་བས། འཇིག་རྟེན་འདས་གང་ཤིན་ཏུ་སྤྲོས་པ་མེད་། །དོན་དམ་ཡེ་ཤེས་ཚོགས་ཏེ་མཉམ་རྗེས་ཡུལ། །ཟུང་དུ་འབྲེལ་བར་སྤྱད་ལས་ལེགས་དགུ་འགྲུབ། །གཉིས་པ་ལས་སུ་བརྟགས་པའི་ངེས་ཚིག་བཤད་པ། དེ་ཡང་སྲིད་པར་འདུ་བྱེད་དགེ་བ་ལྟར། །ལས་རང་བཞིན་མེད་པར་ཤེས་ཤིང་ཐབས་ཤེས་ཟུང་དུ་ཚུད་པས། ཞི་བར་འདུ་བྱེད་ཚུལ་གྱིས་ལས་སུ་བཤད། །སྲིད་ལས་འདའ་ཕྱིར་ལས་ལས་ཐར་པ་ལགས། །གསུམ་པ་འབྲས་བུ་ལ་གཉིས། འབྲས་བུ་བཞིའི་རང་བཞིན་སྤྱིར་བསྟན་པ་དང་། སྦྱིན་སོགས་ཁྱད་པར་ཅན་གྱི་འབྲས་བུ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་མདོར་བསྟན་བ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་ནི། ལམ་ཞུགས་དགེ་བ་བཅུ་ཡི་འབྲས་བུ་ཡང་། །རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་ལས་ཏེ། །གཉིས་པ་རྒྱས་བཤད་ལ་བཞི། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། དེ་དག་ཆུང་འབྲིང་ཆེན་པོ་སྤྱད་པ་ཡིས། །གནས་སྐབས་ལྷ་མི་མཐར་ཐུག་ངེས་ལེགས་འགྱུར། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། རྒྱུ་མཐུན་བྱེད་པས་ངང་གིས་དགེ་ལ་གཞོལ། །མྱོང་བས་ཚེ་རིང་བ་དང་ལོངས་སྤྱོད་ཆེ། །མཐུན་པའི་ཁྱིམ་ཐབ་དགྲ་ཟླ་མེད་པ་དང་། །སྐུར་བ་མི་འབྱུང་ཕན་ཚུན་མཛའ་བཤེས་བཞིན། །ཚིག་གཟུང་འོས་དང་ཀུན་གྱི་རྣ་བར་སྙན། །ཆོག་ཤེས་བྱམས་ལྡན་ལྟ་བ་བཟང་པོར་འགྱུར། །གསུམ་པ་དབང་གི་འབྲས་བུ་ནི། དབང་གིས་ཡུལ་བཟང་གཟི་བརྗིད་ཕུན་སུམ་ཚོགས། །བཟའ་བཏུང་སྨན་སོགས་འཇུ་སླ་མཐུ་ཆེ་ཞིང་། །ཕྱོགས་གཙང་སྨན་སོགས་དྲི་ཞིམ་ངད་དང་ལྡན། །གཞན་གྱིས་མི་བསླུ་འཇིགས་བྲལ་གནོད་འཚེ་མེད། །སྐྱེ་དགུ་མཐུན་དང་རྡོ་གསེག་ཚེར་མ་མེད་པས་རེག་ན་མཆོག་ཏུ་བདེ། དུས་ཀྱི་རྗེས་འགྲོ་ལོ་ལེགས་སྨིན་འབྲས་བུས་ཕྱུག ས་ཕྱོགས་མཉམ་ལ་མཚོ་བསིལ་རྫིང་བུས་བརྒྱན། །མེ་ཏོག་འབྲས་མང་བཟང་དགུ་འཕེལ་བ་མཐོང་། །ལོ་འབྲས་སྨིན་སོགས་རོ་མཆོག་བདའ་བ་དང་། །འབྱུང་ཁུངས་བཟང་ཞིང་དཔུང་གཉེན་ལྡན་པར་སྐྱེ། །བཞི་པ་བྱེད་པའི་འབྲས་བུ་ནི། སྐྱེས་བུ་བྱེད་པ་དགེ་ལས་དགེ་འཕེལ་བས། །ལེགས་དགུའི་བསམ་པ་ཡིད་བཞིན་འགྲུབ་པ་ཡིན། །གཉིས་པ་སྦྱིན་སོགས་ཁྱད་པར་ཅན་གྱི་འབྲས་བུ་ལ་གཉིས། དང་པོ་སྦྱིན་སོགས་དྲུག་གི་འབྲས་བུ་ནི། གཞན་ཡང་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་འགྲུས་ཡོན་ཏན་བརྗིད། །བསམ་གཏན་སེམས་ཞི་བློ་ཡིས་གྲོལ་བ་འཐོབ། །གཉིས་པ་བྱམས་སོགས་བཞིའི་འབྲས་བུ་ནི། བྱམས་པས་ཡིད་འོང་སྙིང་རྗེས་ཕན་པ་འགྲུབ། དགའ་བས་ཕུན་ཚོགས་བཏང་སྙོམས་རྙོག་པ་མེད་པ་སེམས་ལས་སུ་རུང་ངོ་། །མདོར་ན་བསོད་ནམས་ཡེ་ཤེས་ཚོགས་རབ་འབྲས། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་འགྲུབ། །འདི་ནི་ལམ་བཟང་དམ་པའི་འཇུག་ངོགས་ཤིང་རྟ་ཆེན་པོའི་སྲོལ། དུས་གསུམ་རྒྱལ་བས་ཕུན་ཚོགས་སྒྲུབ་བྱེད་ཡིན། །དོན་གསུམ་པ་དེ་གཉིས་ཀྱི་གནས་སྐབས་གཞན་བསྟན་པ་ལ་གསུམ་ལས་རྒྱུ་འབྲས་ཀྱི་རང་བཞིན་བསྟན་པ། ཚུལ་གཞན་གྱི་ལོག་རྟོག་དགག་པ། ཡང་དག་པའི་རྒྱུ་འབྲས་སྒྲུབ་པའོ། །དང་པོ་རྒྱུ་འབྲས་ཀྱི་རང་བཞིན་ལ་གསུམ། དང་པོ་ལས་འབྲས་ཀྱི་ངོ་བོ་རྟེན་འབྲེལ་དུ་བསྟན་པ། དེ་ལྟར་སྲིད་ཞི་འདུ་བྱེད་ལས་རྣམས་ནི། །སེམས་ལ་བརྟེན་ཞིང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ལ། ནམ་མཁའ་བཞིན་བྱེད་པོ་མི་དམིགས་ཤིང་སྤྲོས་དང་བྲལ་ཡང་། དེ་ལ་དེ་བརྟེན་གྱི་ཚུལ་གྱིས་བདེན་པ་གཉིས་དོན་རྟེན་ཅིང་འབྲེལ་བར་འབྱུང་། གཉིས་པ་ལས་འབྲས་ཀྱི་སྣང་ཚུལ་སྒྱུར་མར་བསྟན་པ། གདོད་ནས་སྤྲོས་བྲལ་རྣམ་དག་ལ་མེད་བཞིན་སྣང་བ་ཡི་ལས་ནི་རྩ་བ་མ་རིག་པ་ལ་བརྟེན་པ། རྐྱེན་ཡུལ་ལས་སྐྱེས་པ། རྒྱུ་དུག་གསུམ་དང་འབྲེལ་བ་སྟེ། དཔེ་ཀུན་བྱེད་རི་མོ་མཁན་འདྲ་ཞིང་། རྟག་ཏུ་རྗེས་འགྲོ་ལུས་ཀྱི་གྲིབ་མ་འདྲ། །གཞན་དུ་མི་འཕོ་ལུས་ཀྱི་བདེ་སྡུག་བཞིན། །རང་བཞིན་བཟློག་དཀའ་ཆུ་ཀླུང་འབབ་འདྲ་ཞིང་། །མཐོ་དམན་ལྟུང་བྱེད་འགྲོ་ཀུན་དབང་པོ་རྒྱ་པོ་དང་འདྲ་སྟེ་བདེ་སྡུག་ལ་དབང་བྱེད་པས་སོ། །ཤིན་ཏུ་རྒྱ་ཆེན་ནམ་མཁའི་དབྱིངས་འདྲ་ཞིང་། །དཀར་ནག་མི་འགྱུར་ཀུན་ད་ཨུཏྤ ལ་འདྲ། །གསུམ་པ་ལས་འབྲས་ཀྱི་རང་བཞིན་སྣང་ལ་རང་བཞིན་མེད་པར་བསྟན་པ། ལས་རྣམས་བརྟགས་ན་ངོ་བོ་འགའ་མེད་ཀྱང། །རྨི་ལམ་བཞིན་དུ་བདེ་སྡུག་སྣ་ཚོགས་བྱེད། །བློས་བཏགས་ལས་རྣམས་དངོས་པོ་མཚན་མ་མེད། །རྒྱུ་འབྲས་མི་བསླུ་རྟེན་འབྲེལ་ཟབ་མོ་ཉིད། །ཡོད་མིན་མེད་མིན་རང་བཞིན་གཉིས་སུ་མེད། །ཇི་ལྟར་སྤྱད་པ་དེ་ལྟར་རྣམ་པར་སྨིན། །འདི་ནི་ཇི་སྙེད་ཇི་བཞིན་གཟིགས་པའི་ཡུལ། །རྣམ་ཀུན་མཁྱེན་པ་དེ་ཡིས་ལེགས་པར་གསུངས། །གཉིས་པ་ཚུལ་གཞན་གྱི་ལོག་རྟོག་དགག་པ་ལ་བཞི། དང་པོ་ཚུལ་གཞན་གྱི་རང་བཞིན་བརྗོད་པ། ནམ་མཁའ་ལྟ་བུའོ་ཞེས། གང་ཞིག་ལས་འབྲས་ཁྱད་དུ་གསོད་པ་དག །མུ་སྟེགས་ཆད་པར་ལྟ་བའི་སློབ་མ་སྟེ། །སྟོང་པའི་ལྟ་ལ་གདེང་ཙམ་སུ་འཆའ་བ། །ཆད་པའི་མཐར་ལྷུང་འོག་ནས་འོག་ཏུ་འགྲོ། །ལམ་ངན་ཞུགས་པ་དེ་དག་གནས་ངན་ལས། །ནམ་ཡང་མི་ཐར་བདེ་འགྲོ་རིང་དུ་བྱེད། །གཉིས་པ་དེ་དག་གི་ཁས་བླངས་དགོད་པ། རྒྱུ་འབྲས་སྙིང་རྗེ་བསོད་ནམས་ཚོགས་འདི་དག །དྲང་དོན་བྱིས་པའི་ཆོས་ཏེ་སངས་མི་རྒྱ། །ངེས་དོན་བྱར་མེད་ནམ་མཁའ་ལྟ་བུའི་དོན། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་སྒོམས་ཤིག་ལོ། །གསུམ་པ་བཞད་གད་ཀྱི་གནས་སུ་བསྟན་པ། ཆད་པ་རྒྱང་འཕེན་པས་ཀྱང་མངོན་སུམ་པ་འདི་མེད་པར་མི་སྨྲ་ན་དེ་ལས་ཀྱང་ཆད་པའི་ལྟ་བ་ཅན་དམན་པ་ལས་ཀྱང་དམན་པའི་ལམ་ཞུགས་དག ཐར་པའི་རྒྱུ་ཉིད་བཀག་ནས་འབྲས་བུ་བསྒྲུབ་པ་མཚར། བཞི་པ་ཚར་བཅད་ཀྱི་རིགས་པ་དགོད་པ། ནམ་མཁའ་ཡིན་ན་གྲུབ་ཟིན་པས་བསྒོམ་ཡང་ཅི་ཞིག་དགོས། སྔར་མིན་ན་བསྒོམས་ཀྱང་ངལ་བ་དོན་མེད་དོ། །ཅང་མེད་བསྒོམས་པས་ཐར་པ་ཐོབ་འགྱུར་ན། །ཚུ་རོལ་མཛེས་པ་ནམ་མཁའི་ཡིད་ཅན་རྣམས་ཀྱང་སངས་རྒྱས་འགྱུར། ཉོན་མོངས་ལས་གྲོལ་བའི་ཕྱིར་ཞེ་ན། བསྒོམ་པར་ཁས་བླངས་ནས་ཀྱང་རྒྱུ་འབྲས་གྲུབ། །དེ་ཕྱིར་ལམ་ངན་དེ་འདྲ་རྒྱང་སྲིངས་ཤིག །གསུམ་པ་ཡང་དག་པའི་རྒྱུ་འབྲས་བསྒྲུབ་པ་ལ་གཉིས། དང་པོ་རྟེན་འབྲེལ་སྒྱུ་མའི་ལས་རྣམ་པར་བཞག་པ། ཡང་དག་ལམ་ནི་རྒྱུ་འབྲས་རྟེན་འབྲེལ་ཏེ་ཚོགས་གཉིས་ལས་སངས་རྒྱས་འགྲུབ་སྟེ། ཐབས་དང་ཤེས་རབ་མཉམ་སྦྱོར་ལྷུན་གྱིས་གྲུབ། །སྣང་ལ་རང་བཞིན་མེད་པའི་ལས་འབྲས་ཀྱིས། །སྣང་ལ་རང་བཞིན་མེད་པའི་ལམ་བསྒོམས་ཏེ། །སྣང་ལ་རང་བཞིན་མེད་པའི་འབྲས་བུ་འཐོབ། །སྣང་ལ་རང་བཞིན་མེད་པའི་སེམས་ཅན་དོན། །སྣང་ལ་རང་བཞིན་མེད་པར་མཛད་པ་ནི། །དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ཡིན། །དེ་བས་ངེས་དོན་མདོ་རྒྱུད་སྙིང་པོའི་དོན། །ཚོགས་གཉིས་ཟུང་འཇུག་རིམ་གཉིས་བསྐྱེད་རྫོགས་ཀྱིས། །མྱུར་དུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན། །གཉིས་པ་དགེ་སྡིག་བླང་དོར་དུ་བྱ་བའི་མཆོག་ཐར་པའི་ལས་སྒྲུབ་པར་གདམས་པ། འདིར་ནི་སྲིད་པར་འདུ་བྱེད་རྒྱུ་འབྲས་ཀུན། །ཆ་དང་བཅས་པ་མ་ལུས་རབ་སྤངས་ནས། །ཐར་པའི་རྒྱུ་འབྲས་ནན་ཏན་སྙིང་པོར་བྱ། །མྱུར་དུ་མངོན་མཐོ་ངེས་ལེག་བྱང་ཆུབ་འགྲུབ། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་བདེ་ཆེན་ཆོས་ཀྱི་ཆར་བསིལ་བས། །འགྲོ་སེམས་ས་བཞིར་ཚོགས་གཉིས་རབ་རྒྱས་ཏེ། །ལས་དང་ཉོན་མོངས་ཡོངས་གང་སྲིད་པ་འདིར། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུ་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ལས་རྒྱུ་འབྲས་ཀྱི་ལེའུ་སྟེ་བཞི་པའོ།། །། ༈ ལྔ་པ་དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་ལས་འབྲས་མ་ནོར་ལེགས་པའི་ལམ། །དམ་པ་རྣམས་ལ་ཉེ་བར་བརྟེན་ལས་འབྱུང་། །གཉིས་པ་ལེའུ་དངོས་ལ་བདུན། གང་ལ་བརྟེན་པ་བླ་མའི་རང་བཞིན། གང་གིས་བརྟེན་པ་སློབ་མའི་ཁྱད་པར། ཇི་ལྟར་བརྟེན་ཚུལ་ཐབས་ཀྱི་ཡན་ལག འགལ་ཟླ་སྡིག་པའི་རྩ་ལག་སྤང་བ། མཐུན་རྐྱེན་དགེ་བའི་རྩ་བ་བསྟན་པ། ལམ་ཟབ་བླ་མའི་རྣར་འབྱོར་བསྟན་པ། རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པའོ། །དང་པོ་ལ་ལྔ། ལེགས་དགུའི་འབྱུང་གནས་དམ་པ་བསྟེན་པ། བསྟེན་པ་བཟང་ངན་གྱི་ལེགས་ཉེས་བསམ་པ། བཤེས་གཉེན་དམ་པའི་མཚན་ཉིད་བསྟན་པ། དེའི་ཡོན་ཏན་རླབས་ཆེན་བསམ་པ། དམ་པ་བསྟེན་པའི་མན་ངག་སྦྱིན་པའོ། །དང་པོ་ནི། དུས་གསུམ་རྒྱལ་བ་སྲས་བཅས་ཉན་རང་ཚོགས། །བྱང་ཆུབ་གསུམ་བརྙེས་དགེ་བའི་བཤེས་ལས་བྱུང་། །སྲིད་ན་མངོན་མཐོ་བདེ་བའི་ཤས་ཐོབ་པ། །དེ་ཡང་དམ་པ་དག་ལ་བརྟེན་ནས་འབྱུང་། །དེ་ཕྱིར་སྐྱེ་བོ་དམ་པ་བསྟེན་པར་བྱ། །གཉིས་པ་ནི། ཇི་ལྟར་ཙནྡན་ཤིང་ལ་འཁྲི་ཤིང་དེ་བས་ཀྱང་མཐོ་ཞིང་བསུང་ཞིམ་པ་དང་། མི་གཙང་འདམ་དུ་བརྟེན་པའི་རྐུ་ཤ་ཡང་གཙོག་པ་ལྟར། དམ་པ་བསྟེན་པས་རང་ཉིད་དམ་པར་འགྱུར། །ངན་པ་བསྟེན་པས་རང་ཉིད་ངན་པར་འགྱུར། །དེ་ཕྱིར་སྐྱེ་བོ་དམ་པ་བསྟེན་པ་དང་། །སྡིག་པའི་བཤེས་གཉེན་སྤངས་ལ་ནན་ཏན་བྱ། །གསུམ་པ་བཤེས་གཉེན་དམ་པའི་མཚན་ཉིད་ལ་གསུམ། དང་པོ་བཤེས་གཉེན་སྤྱིའི་མཚན་ཉིད། དམ་པ་དེ་ཡང་ཆོས་ཚུལ་དུ་ཞེ་ན། །འཇིག་རྟེན་འདྲེན་ཕྱིར་ཀུན་དང་ཆ་མཐུན་ལ། །འཇིག་རྟེན་འདས་ཕྱིར་ཀུན་དང་ཆ་མི་མཐུན། །སྒོ་གསུམ་སྤྱོད་པ་ཀུན་ལས་ཁྱད་པར་འཕགས། །གཉིས་པ་ཁྱད་པར་གྱི་མཚན་ཉིད། ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་པ། །ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད། །ཐུགས་ནི་ཟབ་ཞི་ཀུན་མཁྱེན་ཡེ་ཤེས་མཛོད་དེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་ཡས་པས་སེམས་ཅན་ལ་ཕན་ཞིང་ཐོས་དང་སྙིང་རྗེ་ཆེ། ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ། །ཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན། །བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན། །འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ལ་བརྟེན། །གསུམ་པ་གསང་སྔགས་བླ་མའི་མཚན་ཉིད། ཁྱད་པར་གསང་སྔགས་བླ་མའི་མཚན་ཉིད་ནི། དཀྱིལ་འཁོར་ཕྱི་ནང་གི་དབང་དང་སྡོམ་པ་དམ་ཚིག་གཙང་ལྡན་ཞིང་། རྒྱུད་དོན་མན་ངག་རྒྱ་ཚོའི་ཕ་རོལ་ཕྱིན་ཏེ་མཁས་པ། བསྙེན་སྒྲུབ་ལས་སྦྱོར་ཕྲིན་ལས་ལ་སྦྱངས་པས་མངའ་བརྙེས་ཤིང་། རྟོགས་བྱ་ལྟ་བ་ལ་མ་རྨོངས། ཉམས་མྱོང་བསྒོམ་པ་ལ་འདྲིས། སྣ་ཚོགས་སྤྱོད་པ་དང་འབྲེལ་ཏེ་ལྟ་སྒོམ་སྤྱོད་འབྲས་ཉམས་རྟགས་དྲོད་ཚད་ཐོབ། བརྩེ་ཆེན་སྙིང་རྗེས་ཐབས་མཁས་གདུལ་བྱ་སྨིན་གྲོལ་འགོད་པ་སྟེ་བི་མ་ལའི་དགོངས་པའོ། །དེའི་སྟེང་དུ་བརྒྱུད་པ་ལ་སེལ་མེད་པའི་བྱིན་རླབས་སྤྲིན་ཕུང་མ་ཡལ་བ་སྟེ་དེ་འདྲའི་མཁས་གྲུབ་དཔལ་ལྡན་བླ་མ་བསྟེན། བཞི་པ་ཡོན་ཏན་བསམ་པ་ལ་ལྔ། དང་པོ་མཐའ་ཡས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡོན་ཏན་ལ་བསམ་པ། དེ་ལྟ་བུའི་བླ་མ་གང་གི་ཡོན་ཏན་ཤིན་ཏུ་མཐའ་ཡས་ཏེ། འགྲོ་བའི་གཉེན་གྱུར་ཕྱོགས་ཙམ་རབ་བསྔགས་ན། སྡོང་པོ་བཀོད་པ་ལས་གསུངས་པ་རྣམས་ཏེ། སྲིད་མཚོ་སྒྲོལ་བས་གྲུབ་ཆེན་མཉེན་པ་སྟེ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་བླ་ན་མེད། །རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་སྟེ། །ལས་དང་ཉོན་མོངས་མེ་འཇིལ་བདུད་རྩིའི་ཆུ། །ཆོས་ཆར་བསིལ་བས་ཆར་སྤྲིན་བཟང་པོ་སྟེ། །འགྲོོ་ཀུན་དགའ་བསྐྱེད་ལྷ་ཡི་རྔ་བོ་ཆེ། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་མུན་སེལ་སྒྲོན་མེ་འོད་པོ་ཆེ། །སྐྱེ་དགུའི་བདེ་འབྱུང་དཔག་བསམ་ཤིང་ཆེན་ཏེ། །ཅི་བསམ་འདོད་དགུ་ལྷུན་གྲུབ་རིན་ཆེན་བུམ་པ་བཟང་། བྱམས་ཆེན་ཉི་མ་འོད་ཟེར་དཔག་མེད་དེ། །ཉོན་མོངས་གདུངས་སེལ་ཟླ་བ་ཕན་བདེའི་འོད་དཀར་ཅན། ཚད་མེད་ཡོན་ཏན་གཞལ་དུ་མེད་པའི་ཡོན་ཏན་ལ་བསམ། མདོ་ཕལ་ཆེར་ལས་དགོངས་ཀློང་ཡངས་པས་དྲི་མེད་མཁའ་འདྲ་ལ། གཟུངས་དང་ཏིང་འཛིན་འོད་གསལ་གཟའ་སྐར་ལྷུན་གྲུབ་འདྲ། མཁྱེན་བརྩེའི་རང་བཞིན་དཔག་མེད་མཚོ་འདྲ་ཞིང་། །ཐུགས་རྗེའི་རླབས་ཆེན་གཡོ་བས་ཆུ་ཀླུང་འདྲ། །རྣམ་གཡེང་མི་བསྐྱོད་གངས་རིའི་དཔལ་འདྲ་ཞིང་། །དེ་བཞིན་ཉིད་ལས་མཆོག ཏུ་མི་གཡོ་རི་རྒྱལ་ལྷུན་པོ་འདྲ། སྲིད་གནས་མི་གོས་འདམ་སྐྱེས་པད་འདྲ་ཞིང་། །ཀུན་ལ་ཐུགས་སྙོམས་བྱམས་སྡུག་ཕ་མ་འདྲ། །ཡོན་ཏན་མཐའ་ཡས་རིན་ཆེན་གཏེར་འདྲ་ཞིང་། །འཇིག་རྟེན་འདྲེན་པས་རྒྱལ་བའི་དབང་པོ་འདྲ། །ས་ཆེན་འགྲོ་བའི་རྟེན་དུ་གྱུར་པའི་ཡོན་ཏན་དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ་གང་ན་བཞུགས་རྣམས་སངས་རྒྱས་ཀུན་དང་མཉམ་སྟེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པ་དེའི་རྒྱུ་མཚན། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་པ་དང་། གསང་བ་རབ་འབྱམས་ལས། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བླ་མ་མཆོག་ཡིན་དངོས་གྲུབ་ཆེ། །ཞེས་སོ། །དེའི་རྒྱུ་མཚན་མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཞིང་། རང་དོན་མི་གཉེར་བས་རླབས་ཆེན་ཕྲིན་ལས་ཁུར་ཆེན་དཔག་ཏུ་མེད། སྐྱོ་ངལ་མེད་པས་ས་ཆེན་འགྲོ་བ་ཀུན་གྱི་རྟེན་བཞིན་ནོ། །རྒྱལ་བ་ཀུན་དང་སྐལ་བ་མཉམ་པའི་ཡོན་ཏན། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ཏེ། །དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་དཔལ་ཉིད། །སྙིགས་དུས་འགྲོ་བ་གདུལ་དཀའི་དོན་མཛད་པས། །གདུལ་བྱའི་ངོར་ནི་སངས་རྒྱས་ཀུན་བས་ལྷག །ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་ཡང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག ཅེས་དང་། དོ་ཧ་ལས། དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ཉིད། ཅེས་གསུངས་པ་ལྟར། དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །སྒོ་གསུམ་ཟོལ་མེད་གཙང་མའི་སྤྱི་བོས་བསྟེན། །བྱིན་རླབས་ཕན་བདེའི་སྤྲིན་ཚོགས་མངའ་བའི་ཡོན་ཏན། དེ་དག་གིས་ནི་ངན་འགྲོའི་ལམ་འགོག་ཅིང་། །བདེ་འགྲོའི་སྐས་འཛུགས་འདི་ཕྱིར་ཕན་བདེ་མཛད། །ཡང་དག་དོན་སྟོན་སེམས་རྒྱུད་བྱིན་གྱིས་རློབས། །ཚེ་འདིར་སྨིན་གྲོལ་ལམ་ལ་འགོད་པས་ན། །རྟག་བརྟན་འཕོ་འགྱུར་མེད་པའི་དད་པ་ཡིས། །དུས་རྣམས་ཀུན་ཏུ་སྐྱོ་ངལ་མེད་པར་བསྟེན། །ལྔ་པ་དམ་པ་བསྟེན་པའི་མན་ངག་ལ་གཉིས། དང་པོ་མདོར་བསྟན། ཇི་ལྟར་ཉོན་མོངས་པའི་ནད་ཞི་བའི་ཕྱིར། ནད་པས་སྨན་པའི་རྒྱལ་པོ་དང་། ཉེས་པའི་འཇིགས་པས་སྐྱབས་ཕྱིར་དམངས་ཀྱི་རྒྱལ་པོ། སྐྱེ་ཤིའི་འཇིགས་པ་ལས་ཐར་པའི་ཕྱིར་འགྲོན་པོས་སྐྱེལ་མ་དང་། རང་གཞན་དོན་གཉིས་འགྲུབ་པའི་ཕྱིར་ཚོང་པས་དེད་དཔོན་འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་ཕྱིར་གྲུབ་པས་མཉེན་པ་ལྟར། ཉོན་མོངས་ཞི་ཕྱིར་ཉེས་ཀུན་གནོད་བྲལ་ཕྱིར། །སྐྱེས་ཤིས་འཇིགས་ཕྱིར་དོན་གཉིས་ལྷུན་གྲུབ་ཕྱིར། །སྲིད་མཚོ་བརྒལ་ཕྱིར་བླ་མ་བསྟེན་པར་བྱ། །གཉིས་པ་རྒྱས་པར་བཤད་པ། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་སྟེ། །ནན་ཏན་བརྩོན་པས་སྨན་ཉིད་བསྟེན་ཚུལ་དང་། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །བསྟེན་ཚུལ་གཞན་རྣམས་ཚུལ་དེས་དཔག་བྱས་ལ། །དག་པའི་འདུ་ཤེས་བཞི་ཡིས་བསྟེན་པར་བྱ། །གཉིས་པ་གང་གིས་བསྟེན་པ་སློབ་མའི་ཁྱད་པར་ལ་གསུམ། དང་པོ་སློབ་མ་ངན་པའི་རང་བཞིན་སྤང་བ། གཞན་དུ་སྐལ་ངན་སློབ་མ་ཉེས་ཀུན་གཞི། །དད་དང་ངོ་ཚ་ཁྲེལ་མེད་སྙིང་རྗེ་ཆུང་། །རིགས་དང་རང་བཞིན་ཀུན་སྤྱོད་སྐལ་བ་ངན། །སེམས་དང་ལས་དང་ཉོན་མོངས་དུག་ལྔ་རགས། །ཆོས་དང་ཆོས་མིན་དགེ་སྡིག་བསླབ་པ་འཆལ། །སྡོམ་དང་དམ་ཚིག་མི་བསྲུང་གཉེན་པོ་མེད་པས་རབ་རྨོངས་པ་བློ་གྲོས་ཆུང་ཞིང་དགང་སྟེ་མ གུ་དཀའ་བ། ཁྲོ་དང་ཚིག་རྩུབ་འཕེལ་བ་དེ་དག་གིས། །བླ་མ་རི་དྭགས་ཆོས་ལ་གླ་རྩི་དང་། །རང་ལ་རྔོན་པ་ནན་ཏན་མདའ་འཕེན་དང་། །ཆོས་གྲུབ་འབྲས་བུ་གཞན་དུ་འཚོང་བའི་ཚུལ། །འདུ་ཤེས་ལོག་པ་ལྔ་ཡིས་བསྟེན་པ་ནི། །དམ་ཚིག་མེད་པས་འདི་ཕྱིར་སྡུག་བསྔལ་འཐོབ། །དམ་ཚིག་གསུམ་བཀོད་པའི་རྒྱུད་འགྲེལ་དུ། གསང་སྔགས་རྡོ་རྗེ་སློབ་དཔོན་སྨོད། །ཆོས་ལ་དབང་ཟ་ནོར་དང་བརྗེས། །རིགས་པས་དམ་ཚིག་མི་བསྲུང་བ། །དེ་དག་ཚེ་འདིར་ཚེ་ཐུང་ཞིང་། །དཔལ་དང་སྐལ་བ་བཟང་པོ་ཉམས། །མཁའ་འགྲོའི་ཆད་པས་སྡུག་བསྔལ་ཞིང་། །ཕྱི་མ་ངན་སོང་ཉིད་དུ་ལྷུང་། །ཞེས་སོ། །གཉིས་པ་ངན་པའི་ཀུན་སྤྱོད་སྤང་བ། ལ་ལས་ཐོག་མར་མ་བརྟགས་བབ་ཅོལ་འཇུག །གསར་ངེས་ཡོན་ཏན་བརྗོད་ཅིང་ཕྱི་ནས་སྨོད། །ཁ་ཅིག་འདྲེས་མས་ངོ་ལྐོག་གིས་བསྟོད་སྨད་ངན་གཡོའི་ཚུལ། ཟུར་གྱིས་བླ་མ་ཉེ་འཁོར་སུན་འབྱིན་པ། །དེ་དག་གིས་ནི་འབྲས་བུ་མནར་མེད་ཉིད། །གསུམ་པ་སློབ་མ་བཟང་པོའི་རང་བཞིན་བསྟན་པ། སྐལ་བཟང་སློབ་མ་དད་དང་ཤེས་རབ་ཆེ། །བརྩོན་འགྲུས་བག་ཡོད་དྲན་དང་ཤེས་བཞིན་ལྡན། །བཀའ་ལས་མི་འདའ་སྡོམ་དང་དམ་ཚིག་བསྲུང་། །སྒོ་གསུམ་དུལ་ཞིང་སྙིང་རྗེ་ཕན་སེམས་ཆེ། །ཁོངས་ཡངས་སྤྲོ་རིང་གཏོང་ཕོད་དག་སྣང་ཆེ། །བརྟན་ཞིང་མོས་གུས་ཆེ་བ་དེ་དག་གིས། །གསུམ་པ་ཇི་ལྟར་བསྟེན་པ་ཐབས་ཀྱི་ཡན་ལག་ལ་གསུམ། སྤང་བྱ་སྤང་བའི་ཐབས། བླང་བྱ་བསྟེན་པའི་ཐབས། དེ་གྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་སྤང་བྱ་ལ་དྲུགདང་པོ་བླ་མའི་ཉེས་སྐྱོན་བརྟག་པ་སྤང་བ། རྟག་ཏུ་བླ་མའི་ཡོན་ཏན་དྲན་བྱ་ཞིང་། །སྐྱོན་ལ་མི་རྟོག་མཐོང་ཡང་ཡོན་ཏན་བསམ། །རང་སྣང་ཡིན་ངེས་ཁོང་ལ་མི་མངའ་ཞེས། །སྐྱོན་གཅིག་སེམས་ན་ཡོན་ཏན་བརྒྱ་འགྱུར་དུ་སྙིང་ནས་བསམ་ཞིང་བཤགས་སྡོམ་གཉེན་པོ་བསྟེན། གཉིས་པ་བླ་མའི་ཐུགས་དང་འགལ་བ་སྤང་བ་ནི། བླ་མ་མི་མཉེས་ཆ་དང་བཅས་སྤངས་ཤིང་། །ཇི་ལྟར་མཉེས་པའི་ཐབས་ལ་འབད་པར་བྱ། །བླ་མས་བཀའ་སྩལ་ནམ་ཡང་མི་བཅག་ཅིང་། །བླ་མའི་ཉེ་འཁོར་སྡུག་པའང་བླ་མ་བཞིན། །བླ་མའི་འཁོར་གཡོག་སློབ་མར་མི་བསྡུ་ཞིང་། །ཆོས་བཤད་དབང་བསྐུར་ལ་སོགས་ཞུས་ཏེ་བྱ། །གསུམ་པ་ལུས་ཀྱི་མ་གུས་པ་སྤང་བ། བླ་མའི་སྤྱན་སྔར་ལུས་ངག་ཡིད་སྡོམ་ཞིང་། །རྐང་པ་བརྐྱང་དང་སྐྱིལ་ཀྲུང་རྒྱབ་མི་བསྟན། །ངོ་འཛུམ་མི་གནག་ཁྲོ་གཉེར་བསྟན་མི་བྱ། །བཞི་པ་ངག་གིས་མ་གུས་པ་སྤང་བ། བབ་ཅོལ་མི་སྨྲ་བརྫུན་ཚིག་ཕྲ་མ་དང་། །གཞན་གྱི་སྐྱོན་བརྗོད་མི་སྙན་རྩུབ་མོའི་ཚིག །མ་བརྟགས་འབྲེལ་བ་མེད་རྣམས་སྨྲ་མི་བྱ། །ལྔ་པ་ཡིད་ཀྱིས་མ་གུས་པ་སྤང་བ། བླ་མའི་རྫས་ལ་བརྣབ་སེམས་མི་བྱ་ཞིང་། །སློབ་འབངས་ཡོན་བདག་སྡེར་བཅས་གནོད་སེམས་ཆ་དང་བཅས་ཀུན་བསྡམ། དགོས་དབང་གིས། བླ་མའི་མཛད་སྤྱོད་སྣ་ཚོགས་ཆོ་འཕྲུལ་ལ། །འཇིག་རྟེན་མཐུན་འཇུག་ཅུང་ཟད་ལ། ཁ་ཞེ་འཛོལ་བས་འཁྲུལ་པར་མི་བརྟག་ཅིང་། །འདི་ནི་མི་རིགས་ཁོ་རང་མཛད་མོད་སྙམ། །ཅུང་ཟད་འགལ་འདུ་ཉེས་སྐྱོན་ལོག་ལྟ་དོར། །དྲུག་པ་བླ་མར་རང་སྣང་ལོག་པ་སྤང་བ། གལ་ཏེ་བླ་མ་སྡང་བར་མངོན་ན་ཡང་། །རང་སྐྱོན་ཡོད་ངེས་བརྟགས་ལ་བཤགས་སྡོམ་བྱ། །སྤྱི་གཙུག་བསྒོམས་ལ་ཀྱེ་ཀྱེ་བླ་མ་རིན་པོ་ཆེ་སོགས་གསོལ་བ་དྲག་པོ་ཉིན་མཚན་ཐུན་བཞིར་ལན་བདུན་བདུན་གདབ། དེ་ཡིས་མཉེས་ཤིང་དངོས་གྲུབ་མྱུར་དུ་འཐོབ། །གཉིས་པ་བླང་བྱ་བསྟེན་ཐབས་ལ་བཞི། དང་པོ་ལུས་ངག་མདང་གསལ་གྱིས་མཉེས་པ། བླ་མ་མཐོང་ཚེ་ལྡང་དང་ཕྱག་ཚལ་ཞིང་། །བཞུགས་ཚེ་སྟན་སོགས་མཁོ་བའི་ཡོ་བྱད་དབུལ། །སྙན་པར་སྨྲ་བས་བསྟོད་ཅིང་ཐལ་མོ་སྦྱོར། །བཞུད་ཚེ་ལྡང་དང་ཞབས་འབྲིང་བསྙེན་བཀུར་བྱ། །གཉིས་པ་རང་སེམས་རྣམ་དག་གིས་མཉེས་པ། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཅིང། །གུས་དང་འཇིགས་བཅས་ཞུམ་པས་གནས་པར་བྱ། །ཇི་ལྟར་བག་མ་གསར་པའི་ཚུལ་བཞིན་དུ། །སྒོ་གསུམ་ཞི་བས་བླ་མའི་དྲུང་འདུག་གིས། །འཕྱར་ཞིང་གཡེང་ལ་རྒོད་བག་བྱ་བ་མིན། །ཕྱོགས་རིས་མ་ཡིན་ཁེ་དང་གྲགས་པས་མིན། །གཡོ་སྒྱུས་མ་ཡིན་དེ་བཞིན་ཚུལ་འཆོས་མིན། །ངོ་ལྐོག་མ་ཡིན་ཉེ་རིང་ཆགས་སྡང་མིན། །གསུམ་པ་བསྙེན་བཀུར་ཞབས་ཏོག་གིས་མཉེས་པ། རང་ལ་འབྱོར་པ་ཡོད་ན་བླ་མ་མཆོད། །ལུས་ངག་ཞབས་ཏོག་བསྙེན་བཀུར་སྲི་ཞུ་དང་། །ཚེ་འདི་བློས་བཏང་བསྒྲུབ་པས་མཉེས་པར་བྱེད། །བཞི་པ་རང་ཕྱོགས་འགྱུར་མེད་ཀྱིས་མཉེས་པ། གཞན་གྱིས་མི་སྙན་བརྗོད་ནའང་དེ་ཟློག་ཅིང། །ནུས་པ་མེད་ན་སླར་ཡང་ཡོན་ཏན་བསམ། །རྣ་བ་དགབ་ཅིང་སྙིང་རྗེས་ཕན་པ་བསྒྲུབ། །དེ་ལ་མི་བརྟེན་བག་ཕེབས་སྨྲ་བ་མིན། །གསུམ་པ་དེེས་འགྲུབ་པའི་འབྲས་བུ། དེས་ནི་ཚེ་རབས་ཀུན་དུ་ཕན་པ་འགྲུབ། །དམ་པ་རྣམས་དང་ཕྲད་ཅིང་ཆོས་རབ་ཐོས། །ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན། །སྣ་ཚོགས་ཡོན་ཏན་འབྱོར་པས་ཡོངས་གང་ཞིང་། །འགྲོ་ལ་ཞི་བདེའི་དགའ་སྟོན་འབྱེད་པ་ཡིན། །བཞི་པ་འགལ་ཟླ་སྡིག་པའི་རྩ་ལག་སྤང་བ་ལ་གསུམ། དང་པོ་སྡིག་པའི་བཤེས་གཉེན་སྤང་བ། དེ་ལྟར་དམ་པ་རྣམས་ལ་ལེགས་བསྟེན་པས། །སྡིག་པའི་བཤེས་གཉེན་ངན་པའང་ཀུན་དུ་སྤང་། །དེ་ཡང་སྔར་བཤད་ཡོན་ཏན་མི་ལྡན་ཞིང་། །ལོག་པའི་སྐྱོན་མང་སྡོམ་དང་དམ་ཚིག་འཆལ། །བྱམས་དང་སྙིང་རྗེ་ཤེས་རབ་ཐོས་པ་ཆུང་། །ལེ་ལོ་སྙོམ་ལས་མི་ཤེས་ང་རྒྱལ་ཆེ། །ཀོ་ལོང་གདུག་རྩུབ་ཉོན་མོངས་དུག་ལྔ་རགས། །དབེན་པར་གནས་ཀྱང་འདུ་འཛི་དང་ཉོན་མོངས་པའི་ཆར་འབབ་པས་ཚེ་འདི་དོན་གཉེར་ཕྱི་མ་རྒྱང་རིང་འཕང་། ཆོས་ལྟར་སྟོན་ཡང་ཆོས་མིན་ཟོག་པོའི་རིགས་ཏེ་ཚིག་དོོན་འཛོལ་བའོ། །མི་གཙང་ཕུང་པོ་ལྟ་བུའི་བླ་མ་ནི། །གདུལ་བྱའི་བུང་བ་མང་པོ་འདུ་ཡང་རིང་དུ་སྤང། །དད་ལྡན་ལོག་ལམ་ངན་འགྲོར་འཁྲིད་པས་ན། །ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །གཉིས་པ་སྡིག་པའི་གྲོགས་པོ་སྤང་བ། སྡིག་པའི་གྲོགས་པོ་དེ་ཡང་སྤང་བྱ་སྟེ། །ཇི་ཙམ་འགྲོགས་པ་དེ་ཙམ་སྡིག་པ་འཕེལ། །དགེ་བ་འགྲིབ་ཅིང་ཉོན་མོངས་ཆར་བཞིན་འབབ། །བདེ་འགྲོ་འགོག་ཅིང་ངན་འགྲོའི་འབབ་སྟེགས་ཏེ། །དམ་པ་སྨོད་ཅིང་དཀར་པོའི་ཆོས་ལ་སྡང། །ངན་པ་བསྟོད་ཅིང་ནག་པོའི་ཆོས་ལ་བསྟེན། །སྐལ་མཉམ་མི་དགེ་སྤྱོད་རྣམས་བསྔགས་པ་སྟེ། །རྟག་ཏུ་ལོག་ལམ་ངན་འགྲོར་འཁྲིད་པས་ན། །བློ་མིག་ལྡན་པས་རིང་དུ་སྤང་བར་བྱ། །གསུམ་པ་བཤེས་དང་གྲོགས་ངན་སྤང་བའི་ཕན་ཡོན། སྡིག་པའི་བཤེས་གཉེན་གྲོགས་བཅས་སྤངས་པ་ཡིས། །འདི་ཕྱིར་བདེ་ཞིང་ལེགས་པའི་ཡོན་ཏན་འགྲུབ། །རྟག་ཏུ་དགེ་འཕེལ་ཐར་ལམ་ཟབ་མོ་ཟིན། །སྐྱེ་བོ་ངན་པ་ནམ་ཡང་མི་མཐོང་ཞིང་། །བདེ་གཤེགས་སྲས་ཀྱིས་བསྐོར་བའི་མགོན་པོ་ཡིས། །བདག་ལ་དགོངས་ཤིང་བྱིན་གྱིས་རློབ་པར་མཐོང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །དེ་སོགས་བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །ལྔ་པ་མཐུན་རྐྱེན་དགེ་བའི་རྩ་ལག་བསྟེན་པ་ལ་གསུམ། དང་པོ་དགེ་གྲོགས་བསྟེན་པར་འོས་པ། དགེ་བའི་གྲོགས་པོ་དམ་པ་རྟག་ཏུ་བསྟེན། །དེ་དག་གིས་ནི་དགེ་བའི་ལས་འཕེལ་ཞིང་། །སྡིག་དང་ཉོན་མོངས་འགྲིབ་ལ་ཉེས་པ་འགོག །སྲིད་ལས་མཐར་འབྱིན་མངོན་མཐོ་ངེས་ལེགས་འགྲུབ། །ཚེ་འདིར་བདེ་ཞིང་ཕྱི་མ་འབྲས་དང་བཅས། །རྟག་ཏུ་དོན་ཡོད་ལྷ་མིའི་འདྲེན་པར་འགྱུར། །གཉིས་པ་དེའི་ཕན་ཡོན་ལ་བསྔགས་པ། དགེ་བའི་བཤེས་དང་དགེ་གྲོགས་བསྟེན་པ་ཡིས། །དགེ་ཚོགས་འཕེལ་ཞིང་འབྲས་བུ་བདེ་བ་འཐོབ། །སྲིད་ན་མི་འཇིགས་ཕན་བདེ་དཔག་མེད་ཅིང་། །འགྲོ་བའི་དོན་གཉིས་འབྱོར་པ་མཐའ་ཡས་འགྲུབ། །འདི་ནི་རྣམ་འདྲེན་རྒྱལ་བའི་སྤྲུལ་པ་སྟེ། །སྙིགས་མའི་དུས་སུ་དེ་ལྟར་སྣང་བ་ཡིན། །དེ་བས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སྐྱེ་བོ་དམ་པ་རྣམས་ལ་བརྟེན་པར་བྱ། །གསུམ་པ་ཡོན་ཏན་གཞན་ཡང་བསྟན་པ། དེ་ཡིས་དག་སྣང་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །ཉམས་དང་རྟོགས་པ་རང་བཞིན་གོང་དུ་འཕེལ། །གཞན་དོན་དཔག་མེད་ཅི་བསམ་ཆོས་བཞིན་འགྲུབ། །དྲུག་པ་ལམ་ཟབ་བླ་མའི་རྣལ་འབྱོར་བསྟན་པ་ལ་གསུམ། རྒྱུན་དུ་བསྒོམ་པ་ལས་ཚོགས་དང་བཅས་པ། བར་ཆད་བཟློགས་པ་དམིགས་གནད་དང་བཅས་པ། ཐབས་དེས་གྲུབ་པ་ཕན་ཡོན་དང་བཅས་པའོ། །དང་པོ་རྒྱུན་དུ་བསྒོམ་པ་ལས་ཚོགས་དང་བཅས་པ་ལ་གསུམ། སྒོམ་ཚུལ། ལས་ཚོགས། ཆ་རྐྱེན་ནོ། །དང་པོ་སྒོམ་ཚུལ་ལ་གཉིས། དང་པོ་བསྐྱེད་པ་སྐུའི་ལམ་ཁྱེར། ཇི་ལྟར་བསྒོམ་ཞིང་གསོལ་བ་གདབ་པ་ནི། །རྒྱུན་དུ་ཚོགས་བསག་སྒྲིབ་པ་སྦྱོང་བ་ལ། །སྟན་བདེ་བར་སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཡི་དམ་གང་མོས་བསྒོམ་པའི་ཉིན་མོ་སྤྱི་གཙུག་མཚན་མོ་སྙིང་ནང་དུ། རྩ་བའི་བླ་མ་གང་མོས་ཡི་དམ་དང། །མཁའ་འགྲོ་གཉིས་མེད་མཚན་དཔེས་བརྒྱན་པའི་མཐར། །བརྒྱུད་པའི་བླ་མ་དཔའ་བོ་མཁའ་འགྲོས་བསྐོར། །ཡིད་ཀྱིས་མཆོད་ཅིང་འདོད་དོན་གསོལ་བ་གདབ། །འདི་གུ་རུ་པདྨའི་མན་ངག་རྩ་བ་གསུམ་བསྒྲིལ་དུ་སྒྲུབ་པ་སྟེ། བླ་མས་བྱིན་གྱིས་རློབས། ཡི་དམ་གྱིས་མཆོག་གི་དངོས་གྲུབ་སྟེར། མཁའ་འགྲོས་བར་ཆད་སེལ་ཞིང་གཙོ་བོ་ཐུན་མོང་གི་དངོས་གྲུབ་འགྲུབ་པ་སྟེ་མདོར་ན། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་སོ། །གཉིས་པ་གྲགས་སྟོང་གསུང་གི་ལམ་ཁྱེར། མཚན་དེ་ཤེས་ན་རྒྱ་སྐད་མ་ཤེས་ན་དེ་རང་བཅུག་ནས་ཐོག་མར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པས་ༀ་སྦྱིན་ཞིང་ཐ་མར་ཨཱ་ཧཱུྃ་ལས་དམིགས་གང་འདོད་ཞི་བ་ལ་ཤིནྟིང་ཀུ་རུ་སོགས་ཤམ་བུར་གདགས། གཉིས་པ་ལས་ཚོགས་ལ་བཞི། དང་པོ་ཞི་བ། དམིགས་པ་ནད་གདོན་སྡིག་སྒྲི་བ་ཞི་བར་འདོད་པ་ཡིས། ཐམས་ཅད་དཀར་པོའི་འོད་ཟེར་རབ་འཕྲོས་པས། །མི་མཐུན་ཕྱོགས་ཞི་དངོས་གྲུབ་ཐོབ་པར་བསམ། །གཉིས་པ་རྒྱས་པ། ཚེ་དཔལ་འབྱོར་སོགས་རྒྱས་པའི་ལས་འདོད་པས། །སེར་པོ་འདོད་དགུའི་ཆར་པ་འབེབས་ལུས་དང་གནས་ཁང་གང་བར་བསམ། གསུམ་པ་དབང་། དབང་དང་དགུག་པ་ལ་སོགས་དབང་རྣམས་ལ། ཐམས་ཅད་དམར་པོ་འོད་ཟེར་ལྕགས་ཀྱུའི་ཚུལ་གྱིས་གང་འདོད་དྲངས་ཏེ་རྐང་འོག་ཚུད་པར་བསམ། བཞི་པ་དྲག་པོ། བགེགས་དང་གདོན་སོགས་ཚར་གཅོད་མངོན་སྤྱོད་ལ། །ཐམས་ཅད་མཐིང་ནག་འོད་ཟེར་མཚོན་ཆ་འཕྲོ། །མེ་དཔུང་རྩིབས་སྟོང་འཁོར་ལོས་འཇོམས་པར་བསམ། །གསུམ་པ་ཆ་རྐྱེན་ལ་གསུམ། དང་པོ་སྔགས་ཀྱི་གནད། ཁྱད་པར་དུ་སྔགས་བཟླས་རང་སྒྲས་སྟོང་གསུམ་གཡོ་འགུལ་ལྡེག་ཅིང་འཕར། མེར་མེར་འུར་འུར་ཡོད་པར་བསམ་པས་ལས་རྣམས་འགྲུབ་ཅིང་ལས་བཞི་སོ་སོའི་ལྷག་པའི་བསྐྱེད་རིམ་བཞིན་བསྒོམ་པར་བྱའོ། །གཉིས་པ་རྫོགས་རིམ་གྱི་རྣལ་འབྱོར། རྗེས་རྣམས་སྣང་སྲིད་རང་ལ། རང་བླ་མ་རིམ་བསྡུ་དེ་མི་དམིགས་སྟོང་པའི་ངང་དར་ཅིག་གློད་ལ་དགེ་བ་བྱང་ཆུབ་བསྔོ། གསུམ་པ་ཕན་ཡོན་གྱི་རང་བཞིན། སོ་སོའི་ལས་དང་རྗེས་མཐུན་དངོས་སམ་རྨི་ལམ་དུ་རྟགས་རྣམས་འབྱུང་བ་འདི་ནི་ཟབ་ལམ་བདེ་ཆེན་རྒྱ་མཚོ་ཡིན། གཉིས་པ་བར་ཆད་བཟློགས་པ་བླ་མའི་རྣལ་འབྱོར་ལ་ལྔ། དང་པོ་མགྲོན་བསམ་པ། ཁྱད་པར་ནད་གདོན་བར་ཆད་འཆི་བླུས་ཚེ། །མདུན་གྱི་ནམ་མཁར་པད་སྡོང་སེངྒའི་ཁྲིར། །མི་འཇིགས་ཡངས་པ་ཅན་སྟེང་བླ་མ་དང་། །སངས་རྒྱས་དབྱེར་མེད་འཛུམ་མདངས་ལྡན་པ་ལ། །བརྒྱུད་པའི་བླ་མ་བྱང་སེམས་མཁའ་འགྲོས་བསྐོར། །འོག་ཏུ་རིགས་དྲུག་ལན་ཆགས་སྙིང་རྗེའི་མགྲོན། །དུས་གསུམ་ཕ་མ་འཁོར་བའི་སེམས་ཅན་བསམ། །སྤྱན་དྲངས་མཆོད་བསྟོད་བསྡུས་པ་བྱས་ལ། གཉིས་པ་མཆོད་རྫས་སྤྲུལ་པ། རང་སེམས་སྤྱི་གཙུག་ཧཱུྃ་དཀར་པོ་འཐོན་དཔའ་བོའི་སྐུ་དཀར་པོ་རལ་གྲིའམ་ཆུ་གྲི་ཐོད་པ་ཐོགས་པའི་རྣམ་པ་ཡིས། ལུས་ཀྱི་ཐོད་པ་སྨིན་མཚམས་མཛོད་སྤུར་བཅད། །ཐོད་པའི་སྒྱེད་པུ་གསུམ་སྟེང་བཞག་པའི་ནང་། །ལུས་ཀྱི་ཤ་ཁྲག་རུས་པས་ཁེངས་པ་ལ། །སྟེང་ནས་བདུད་རྩིའི་ཆར་བབ་འོག་ནས་ཡཾ་ལས་རླུང་རམ་རཾ་ལས་མེ་འབར་བས། ཐོད་པ་སྟོང་གསུམ་དང་མཉམ་བདུད་རྩིས་ཁེངས། གསུམ་པ་མཆོད་པ་འབུལ་ཞིང་དངོས་གྲུབ་བླང་བ། རང་སེམས་དཔའ་བོ་གྲངས་མེད་སྤྲུལ་པ་ཡིས། །ཐོད་པས་ཐམས་ཅད་དུས་མཉམ་བདུད་རྩི་བཀྱེ། །ཞི་བའི་མགྲོན་མཉེས་ཚོགས་རྫོགས དངོས་གྲུབ་ཐོབ། །སྲིད་པའི་མགྲོན་མཉེས་ཐོག་མེད་ལན་ཆགས་འཁོར། །ཁྱད་པར་གང་གནོད་གདོན་མཉེས་བར་ཆད་ཞི། །ཐམས་ཅད་མཉེས་པའི་འོད་ཟེར་བདག་ལ་ཕོག །ནད་ཞི་གདོན་ཞི་བར་ཆ ད་རང་སར་ཞི། །འཆི་བ་བསླུས་ཤིང་དངོས་སྒྲུབ་ཐོབ་པར་བསམ། །བཞི་པ་རྒྱས་གདབ་བྱ་བ། རྗེས་ལ་ཐམས་ཅད་མི་དམིགས་སེམས་ཀྱི་ངང་། །སེམས་ཉིད་མི་དམིགས་ཆོས་དབྱིངས་མཉམ་པར་བཞག །སྒྱུ་མའི་རང་བཞིན་དག་པས་བསྔོ་བར་བྱ། །ལྔ་པ་ཕན་ཡོན་བསྟན་པ། རྣལ་འབྱོར་ཀུ་སཱ་ལི་རྣམས་ཀྱི་ནང་གི་ཚོགས་འཁོར་བཟང་པོ་འདིས་ནི་མི་མཐུན་རྐྱེན་རྣམས་ཞི་བ་དང་། ཚོགས་ཆེན་རབ་རྫོགས་སྒྲིབ་ཀུན་བྲལ་བ་སྟེ། །བྱིན་རླབས་ཚད་མེད་རྟོགས་པ་རྒྱུད་ལ་སྐྱེ། །བདག་འཛིན་མེད་ཅིང་ངེས་འབྱུང་བློ་སྣ་ཐུང་། །བསམ་པ་འགྲུབ་ཅིང་སྣང་སྲིད་བླ་མར་འཆར། །གནད་གཅོད་མེད་ཅིང་འཆི་ཀའི་འོད་གསལ་འགྲུབ། །བར་དོར་གྲོལ་ཞིང་དོན་གཉིས་ཕུན་སུམ་ཚོགས། །དེ་ཕྱིར་བླ་མ་བསྒྲུབ་ལ་ནན་ཏན་བྱ། །གསུམ་པ་ཐབས་དེས་གྲུབ་པའི་ཕན་ཡོན། གང་གིས་བསྐྱེད་རིམ་བསྐལ་པར་བསྒོམས་པས་ཀྱང་། །བླ་མ་སྐད་ཅིག་དྲན་པ་མཆོག་ཏུ་གསུངས། །འཁོར་ལོར་ཆུབ་པ་རོལ་བའི་རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་ཡིས་སྐུ་ནི་བསྒོམས་བྱས་པས། །མགོན་པོ་ཀུན་གྱི་དབང་ཕྱུག་ཅེས། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་སོ། །བདུན་པ་རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་ལ་གཉིས། དང་པོ་ཕན་བདེའི་འབྱུང་གནས་བཤེས་གཉེན་བསྟེན་པར་གདམས་པ། དོན་གཉིས་ཀྱི་དཔལ་ལྡན་ཆོས་ཀྱི་འབྱོར་པ་དམ་པའི་གཞིར་གྱུར་པ་ཡི་སངས་རྒྱས། ཡོན་ཏན་ཡོངས་གང་ཕན་བདེའི་སྤྲིན་ཚོགས་ཅན། །ས་གསུམ་གདུལ་བྱ་དབང་པོ་ཆུང་འབྲིང་ཆེན་པོའམ། དང་པོ་འཇུག་པའི་གཞི། བར་དུ་འཇུག་པའི་ལམ། ཐ་མར་དོན་གྱི་སྙིང་པོ་གསུམ་ལ་དགོངས་པའི་ཆོས་འཁོར་རིམ་པ་གསུམ་གྱི་བདུད་རྩི་དམ་པའི་ཆར་འདོད་པས། ཐུགས་རྗེའི་ངང་ཅན་རྣམས་ལ་ཐོབ་པར་འདོད་པ་དེས་དགེ་བའི་བཤེས་གཉེན་བརྟེན་པར་བྱའོ། །གཉིས་པ་སྐྱོ་དུབ་སྤངས་ཏེ་བསྟེན་པར་གདམས་པ། ཐོག་མེད་དུས་ནས་ཉེ་བར་གོམས་པ་ཡི། །ཡིད་མཁའི་ཉོན་མོངས་གདུང་བ་ཞི་བའི་ཕྱིར། །ཚོང་དཔོན་གྱི་བུ་ནོར་བཟང་གིས་འཇམ་དཔལ་སོགས་ཀྱིས་ལུང་སྟོན་ཅིང་བྱིན་གྱིས་རློབ་པའི་བླ་མ་ལྔ་བཅུ་ང་བཞི། དེ་དག་གིས་གདམས་པས་རྗེས་སུ་བསྟན་པའི་བླ་མ་ང་བཞི་སྟེ་བརྒྱ་རྩ་བརྒྱད་བསྟེན་པའམ་རྟག་ཏུ་ངུ་ཡིས་ལུས་བཙོངས་ཏེ་ཆོས་འཕགས་ལ་བཀུར་བ་བཞིན་ཆོས་ཚོལ་བས། སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་དགེ་བའི་བཤེས་གཉེན་བརྟེན་ཚུལ་གྱི་མན་ངག་དོན་སྤྱོད་དབང་པོའི་རྒྱུད་སྟོང་ལྡན་པ་ལས་ཀྱང་། སྐྱེ་དགུ་སྐལ་བཟང་རྣ་བའི་བདུད་རྩིར་ལྷུང་བའི་བསོད་ནམས་ལས། ཉེས་གྱུར་ལོག་པའི་ལམ་སྡིག་བཤེས་ལ་བསྟེན་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་ལྔ་པའོ། །། ༈ དྲུག་པ་སྐྱབས་སུ་འགྲོ་བའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། མྱང་འདས་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་ཐར་ཆགས་སོ། །ཞེས་སོགས་གསུངས་པ་ལྟར། ཐར་པའི་ལམ་ལ་རིམ་གྱིས་བསླབ་པར་བྱའོ། །གཉིས་པ་ལ་བཞི་སྟེ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་སོང་བའི་བསླབ་བྱ། སྐྱབས་འགྲོ་རྒྱུད་ལ་བསྟེན་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། དང་པོ་སྐྱེས་བུ་གསུམ་གྱི་དབྱེ་བ་བསྟན་པ། དེ་ལ་ཐོག་མར་ལམ་རྣམས་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ། སྐྱེས་བུ་ཆུང་རྣམས་ངན་འགྲོས་འཇིགས་པ་སྟེ། །འབྲིང་གཉིས་སྲིད་པས་འཇིགས་དང་ཆེན་པོ་རྣམས། །འཁོར་བའི་སྡུག་བསྔལ་ཆ་དང་བཅས་མཐོང་ནས། །གཞན་གྱི་སྡུག་བསྔལ་མི་བཟོད་ཞི་བདེས་འཇིགས། །རྒྱལ་སྲས་ཐེག་པ་ཆེ་རྣམས་འགྲོ་བའི་ཕྱིར། །སྐྱབས་སུ་འགྲོ་བྱེད་གང་ཟག་གསུམ་དང་བསམ་པ་གསུམ་ཕལ་པ་མཆོག་དང་བླ་ན་མེད་པའོ། །གཉིས་པ་བློ་རིགས་གསུམ་གྱི་དུས་ཚིགས་ངོས་བཟུང་བ། དུས་ཀྱང་བསམ་པའི་རྗེས་འགྲོ་ཆུང་ངུ་རྣམས། །ཕྱི་མའི་བདེ་འབྲས་བར་དུ་འགྲོ་བ་སྟེ། །འབྲིང་གཉིས་གནས་སྐབས་ཇི་སྲིད་འཚོ་བ་དང་། །མཐར་ཐུགས་ཉན་རང་འབྲས་ཐོབ་བར་དུ་འགྲོ། །མཆོག་རྣམས་བྱང་ཆུབ་བར་དུ་རྟག་འགྲོ་ཞིང་། །ཡེ་ཤེས་གཞལ་མེད་བསམ་ཡས་བར་དུའོ་ཞེས་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་བར་དུའོ། །གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ། མཆོག་གསུམ་བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི། ཡུལ་རྣམས་གཉིས་ཏེ་སྐྱེས་བུ་ཆུང་འབྲིང་གཉིས་ཐུན་མོང་རྒྱུ་དང་ནི། སྐྱེས་བུ་ཆེན་པོའི་ཡུལ་ཐུན་མོང་མ་ཡིན་འབྲས་བུའི་སྐྱབས་གནས་གཉིས། རྒྱུ་དང་འབྲས་བུར་དམ་བཅའ་དེ་ཡང་ནི། དུས་གཞན་དུ་རང་འབྲས་ཀྱི་བྱང་ཆུབ་གསུམ་གང་ཡིན་རང་རྒྱུད་ལ་འགྲུབ་འདོད་རྒྱུ་ཡི་ཐེག་པ་དང་། ད་ལྟ་ཉིད་གྲུབ་རང་སེམས་འབྲས་བུའི་ཚུལ། །རྡོ་རྗེ་ཐེག་པ་དག་གི་དབྱེ་བས་བཞག །ཡེ་ཤེས་གྲུབ་པ་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་སོ། །མཚན་ཉིད་ཐེག་ལས་དེ་ཉིད་གསུངས་པ་ནི། །མིང་ཙམ་མཐུན་པའི་ཕྱོགས་གཅིག་ངེས་པར་བྱ། །གཉིས་པ་མཆོག་གསུམ་བྱེ་བྲག་ཏུ་བཤད་པ་ལ། སངས་རྒྱས་དང་ཆོས་བསྟན། ལུང་དང་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད། དགེ་འདུན་དཀོན་མཆོག་གི་གནས་བསྟན་པའོ། །དང་པོ། ཐུན་མོང་རྒྱུ་ཡི་ཡུལ་ནི་དམིགས་བཅས་དཀོན་མཆོག་གསུམ། སངས་རྒྱས་ཐེག་དམན་པས་སྤྲུལ་སྐུ་མཆོག་ཡིན་མཚན་དཔེས་བརྒྱན་པ། ཐེག་ཆེན་པས་སྐུ་གསུམ། ཆོས་རྣམ་གཉིས་ཏེ་དྲི་མེད་ལུང་གི་ཆོས། །མདོ་དང་རྒྱུད་སྡེ་ཐེག་པ་སྣ་ཚོགས་དོན། །གསུང་རབ་ཡི་གེར་སྣང་བའི་གཟུགས་བརྙན་ཡིན། །གཉིས་པ་ལུང་དང་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལུང་དང་། རྟོགས་པའི་ཆོས་སོ། །དང་པོ་ལུང་ལ་གཉིས། དང་པོ་ཕྱིའི་ལུང་གི་ཆོས་ནི། དེ་ཡང་མདོ་སྡེ་གསུང་རབ་བཅུ་གཉིས་ཏེ། སྡེ་ཚན་མཐུན་པར་གཅིག་ཏུ་བསྡུས་པ་མདོ་སྡེ་དང་པོ་ལྷུག་པའི་མཐར་ཚིགས་བཅད་ཀྱིས་བསྡུས་པ་དབྱངས་བསྙད་སངས་རྒྱས་ལ་སོགས་པར་ལུང་བསྟན་ཐོག་མ་ནས་ཚིགས་སུ་བཅད་འབའ་ཞིག་པ། ཆོས་ཉན་པ་པོ་ལ་བསྐུལ་ནས་བསྟན་པ་ཆེད་བརྗོད། རང་རང་གི་རྟོགས་པ་བརྗོད་དང་སྔོན་གྱི་རབས་བསྟན་པ་དེ་ལྟར་བྱུང་། གཞི་འགའ་ཞིག་གིས་རྐྱེན་ནས་བཅས་པ་གླེང་གཞི། གང་སྟོན་པ་རྒྱས་པ་མཐའ་ཡས་པ་ཤིན་ཏུ་རྒྱས་དང་། ངང་པ་ལ་སོགས་པར་སྐྱེས་པའི་ཚུལ་སྐྱེས་རབས་བཅས། དོན་གཅིག་མདོར་བསྟན་ནས་སླར་དེའི་འགྲེལ་བར་བསྟན་པ་གཏན་ཕབ། ངོ་མཚར་བ་སྙིང་པོའི་དོན་བསྟན་པ་ནི་རྨད་དུ་བྱུང་བའི་སྡེ་རྣམས་སོ། །གཉིས་པ་ནང་ལུང་གི་ཆོས་ནི། རྒྱུད་ནི་བྱ་སྤྱོད་རྣལ་འབྱོར་ཕྱི་ཐུབ་པ་རྒྱུད། ནང་ཐབས་ཤེས་གཉིས་མེད་ཕ་མ་གཉིས་སུ་མེད། ནང་པ་སྔགས་ཏེ་རྣལ་འབྱོར་ཆེན་པོའོ། །དེ་ཡི་ཡི་གེ་གླེགས་བམ་ལ་སོགས་ཡིན། །གཉིས་པ་རྟོག་པའི་ཆོས་ལ་བཞི། དང་པོ་དབྱེ་བ་སྤྱིར་བསྟན་པ། རྟོགས་པའི་ཆོས་ནི་ས་ལམ་བསྐྱེད་རྫོགས་ཏེ། །གཟུངས་དང་ཏིང་འཛིན་ཡེ་ཤེས་སྙིང་པོ་ཅན། །ཐུགས་རྗེའི་རང་བཞིན་ཐབས་ཚུལ་དཔག་མེད་དོ། །གཉིས་པ་ལམ་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད་པ། དེ་དག་གི་རྟེན་དེ་ཡང་ཐེག་དམན་ལྟར་དམན་ལམ་ས་བརྒྱད་དང་། ཐེག་ཆེན་ལྟར་ན་རབ་དགའ་དྲི་མེད་འོད་བྱེད་པ། འོད་འཕྲོ་སྦྱང་དཀའ་མངོན་གྱུར་རིང་དུ་སོང་། །མི་གཡོ་ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་ཏེ། དེ་དག་སོ་སོའི་ངེས་ཚིག་དང་། སྐྱེ་བ་འཛིན་པའི་ཁྱད་པར། ཀུན་རྫོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་རྒྱས་པར་གསུངས་སོ། །གསུམ་པ་འབྲས་བུ་རྟོགས་པའི་ཆོས་ཁྱད་པར་དུ་བཤད་པ། སློབ་པའི་ས་བཅུ་བཅུ་གཅིག་ཀུན་ཏུ་འོད། །སྤྲུལ་སྐུའི་ས་སྟེ་རྒྱུ་ཡི་ཐེག་པས་བཞག །ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ་སོགས་རྒྱས་པར་གསུངས། རྡོ་རྗེའི་ཐེག་པར་ཡོན་ཏན་རིགས་དབྱེ་བས། དེ་སྟེང་བཅུ་གཉིས་མ་ཆགས་པདྨ་ཅན་སེམས་དཔའ་ལ་མི་སྣང་བ་སངས་རྒྱས་ལོངས་སྤྱོད་ཆེན་པོའི་སྐུ་གཅིག་དང་དུ་མ་མེད་པ་ལྷུན་གྱིས་གྲུབ་པ། ཡང་དེའི་སྟེང་དུ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་ཡེ་ཤེས་བླ་མ་ལ་སོགས་རྣམ་བཞག་དཔག་ཏུ་མེད་ཀྱང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བའོ། །བཞི་པ་དེ་དག་གི་དོན་བསྡུ་བ། ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་དང་། །རིམ་གཉིས་ལ་སོགས་ཟབ་མོ་སེམས་དང་ཡེ་ཤེས་ཀྱི་ཡུལ། དམ་ཆོས་ཉི་མ་དྲི་མེད་འོད་མངའ་འོ། །གསུམ་པ་དགེ་འདུན་དཀོན་མཆོག་གི་གནས་བསྟན་པ། དགེ་འདུན་ཐེག་དམན་སོ་སྐྱེ་དང་འཕགས་པ་ཉན་རང་སྐྱེས་བུ་ཟུང་བཞི་དང་ཐེག་ཆེན་རྒྱལ་སྲས་སར་གནས་ཕྱི་སྟེ་ནང་མཁའ་འགྲོ་ཤུགས་འགྲོ། སྔགས་སྐྱེས་སོགས་དང་། གསང་སྔགས་རྗེས་སློབ་རིགས་འཛིན་བཞི་སྟེ། ཚོགས་སྦྱོར་དུ་བསྐྱེད་རྫོགས་སྒྲུབ་པས་ལུས་ཐ་མལ་དུ་ཡོད་ལ་སེམས་ལྷ་སྐུར་གྲུབ་པ་རྣམ་སྨིན། འདིས་ཆོས་མཆོག་མ་ཐོབ་པར་འདས་ན་བར་དོར་ཕྱག་ཆེན་ལ་སྦྱོར། ཆོས་མཆོག་ཐོབ་ན་ཚེ་དབང་ལ་དངོས་སུ་སྦྱོར་རོ། །ཚེ་འདིར་ཆོས་མཆོག་མཐར་ཕྱིན་ནས། ལུས་རྡོ་རྗེའི་སྐུ་ཐོབ་པས་སྐྱེ་ཤི་མེད་ཅིང་སེམས་མཐོང་ལམ་སྐྱེ་བས་ཚེ་དབང་། སྤྲུལ་པ་དང་ཡོན་ཏན་ནི་ས་དང་པོའི་ཇི་སྙེད་པའོ། །ས་གཉིས་པ་ནས་བཅུ་པའི་བར་སྒོམ་ལམ་ས་དགུ་ལ་གནས་པ་ནི་ཕྱག་ཆེན་ཏེ། ས་གཉིས་པ་ནས་ལྔ་པའི་བར་རྡོ་རྗེའི་རིག་འཛིན། དྲུག་བདུན་གཉིས་འཁོར་ལོའི། བརྒྱད་པར་རིན་པོ་ཆེའི། དགུ་པར་པདྨའི། བཅུ་པར་རལ་གྲིའི་རིག་འཛིན་ནོ། །ལྷུན་གྲུབ་རིག་འཛིན་ནི་སངས་རྒྱས་ཀྱི་ས་སྟེ། དེ་ལྟར་རིག་འཛིན་བཞིས་བསྡུས་པའི་ལམ་ལྔ་པོ་གོང་ནས་གོང་དུ་འགྲོ་བ་རྣམས་ནི་ནང་དུ་འདོད་དོ། །གསུམ་པ་ཇི་ལྟར་སྐྱབས་སུ་འགྲོ་ཚུལ་ལ་གཉིས། རྒྱུའི་སྐྱབས་སུ་འགྲོ་ཚུལ་དང་། འབྲས་བུའི་སྐྱབས་སུ་འགྲོ་ཚུལ་ལོ། །དང་པོ་རྒྱུའི་སྐྱབས་འགྲོ་ལ་གསུམ། དང་པོ་རྒྱུའི་སྐྱབས་ཡུལ་བསམ་པ། འདི་དག་དམིགས་པའི་ཡུལ་ཏེ་ནམ་མཁར་སྤྲིན་ཕུང་བཞིན་དུ་བསམ། ཁྱད་པར་ནང་ལྟར་ན་བླ་མ་ཕྱི་ལྟར་སངས་རྒྱས་གཙོ་བོར་འདོད། གཉིས་པ་དེ་ལ་སྐྱབས་སུ་འགྲོ་བ། རྣམ་པ་དངོས་ཕྱི་མཆོད་སྤོས་དང་མེ་ཏོག་སོགས། ནང་མཆོད་བདུད་རྩི་སོགས། ཡིད་གསང་གསང་མཆོད་དགྱེས་མཉམ་བྱང་ཆུབ་མཆོག་གི་མཆོད་པས་རབ་མཆོད་དེ། བདག་དང་འགྲོ་ཀུན་གུས་པས་ཐལ་སྦྱར་ཞིང་། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་གཞན་དོན་སྐྱབས་སུ་འགྲོ། །སྙིང་ཁོང་རུས་པའི་གཏིང་ནས་ཡང་ཡང་བྱ། །གསུམ་པ་དེའི་ཕན་ཡོན། དགྱེས་ཤིང་འོད་ཟེར་བཀྱེ་བས་རང་གཞན་གྱི། །སྒོ་གསུམ་སྒྲིབ་སྦྱངས་དངོས་གྲུབ་ཐོབ་པར་བསམ། །དེ་ཡིས་བསོད་ནམས་ཚོགས་རྫོགས་གཟུགས་སྐུ་འགྲུབ། །གཉིས་པ་འབྲས་བུའི་སྐྱབས་འགྲོ་ལ་གསུམ། དང་པོ་སྐྱབས་ཡུལ་ངོས་བཟུང་བ། མཐར་ཐུག་འབྲས་བུའི་སྐྱབས་གནས་ཆོས་སྐུ་སྟེ། །སངས་རྒྱས་ཆོས་ཚོགས་སྙིང་པོ་དོན་གྱི་ལྷ། །རང་སེམས་འོད་གསལ་སྤྲོས་ཀུན་བྲལ་བ་ཡིན་ཏེ་དཀོན་མཆོག་གསུམ་གྱི་རང་བཞིན་དེ་ལ་སྐྱབས་སུ་འགྲོའོ། །གཉིས་པ་དེ་ལ་སྐྱབས་འགྲོ་བྱེད་ཚུལ་ནི། དེ་ཡི་ལམ་འཁྱེར་སྐྱབས་སུ་འགྲོ་བ་ནི་རྟེན་གྱི་སྤྱན་སྔར་ཡང་ཡང་སྐྱབས་འགྲོ་ཞིང་། རྒྱུ་ཡི་ཐུན་རྗེས་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་ཐམས་ཅད་རང་གི་སེམས་ཡིན་པས། དོན་ལ་འགྲོ་བྱ་འགྲོ་བྱེད་གཉིས་མེད་པས། །ཇི་བཞིན་ངང་ལ་དེ་བཞིན་མཉམ་པར་བཞག །ཡུལ་སེམས་གཉིས་སུ་འཛིན་ན་མཐར་ཐུག་མིན། །འབྲས་བུའི་སྐྱབས་འགྲོ་སྨོན་པ་མེད་པ་ཡིན། །གསུམ་པ་དེའི་ཕན་ཡོན་བསྔགས་པ། དེས་ནི་ཡེ་ཤེས་ཚོགས་རྫོགས་ཆོས་སྐུ་འགྲུབ། །རྗེས་སྣང་རྨི་ལམ་སྒྱུ་མར་བསྔོ་བ་བྱ། །བཞི་པ་དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་བསྟན་པ་ལ་གསུམ། རྒྱུའི་བསླབ་བྱ། འབྲས་བུའི་བསླབ་བྱ། ཐུན་མོང་དུ་གདམས་པའོ། །དང་པོ་རྒྱུའི་བསླབ་བྱ་ལ་བཞི། དང་པོ་སྤྱིར་བསྟན་པ། བསླབ་བྱ་གཉིས་ལས་རྒྱུ་ཡི་རིམ་པ་ནི། །སྲོག་དང་རྒྱལ་སྲིད་བྱ་དགའ་ལ་སོགས་ཕྱིར། །བླ་མ་དང་ནི་དཀོན་མཆོག་སྤང་མི་བྱ། །གཉིས་པ་དམིགས་ཀྱི་བསལ་བ། བླ་མར་སྐྱབས་སོང་མཆོད་འོས་མི་བསླུ་ཞིང། །དམ་པ་རྣམས་ལ་སྐུར་འདེབས་མི་སྙན་སྤང་། །གསུམ་པ་ཆ་ཤས་ཀྱི་དབྱེ་བ། སངས་རྒྱས་སྐྱབས་སོང་ལྷ་གཞན་ཕྱག་མི་འཚལ་{བཙལ}། །ཆོས་ལ་སྐྱབས་སོང་སེམས་ཅན་འཚེ་བ་སྤང་། །དགེ་འདུན་སྐྱབས་སོང་མུ་སྟེགས་ཅན་མི་འགྲོགས། །རྔ་བོ་ཆེ་ལས། ང་ཉིད་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་བྱེད་དོ། །ཞེས་དང་། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་སོ། །བཞི་པ་དོན་བསྡུ་བ། དེས་ན་དེ་དག་གཟུགས་ལའང་དད་པས་རབ་མཆོད་ཅིང་། ཉིན་མཚན་འཁོར་མོའི་དུས་དྲུག་སོགས་སུ་རྗེས་དྲན་རྟག་པར་སྐྱབས་སུ་འགྲོ། གཉིས་པ་འབྲས་བུའི་བསླབ་བྱ་ནི། འབྲས་བུའི་བསླབ་བྱ་མཉམ་པ་ཉིད་ལ་ནན་ཏན་དུ་བསམ་པར་བྱ། བཟང་ངན་མི་རྟོག་མཆོག་དམན་བླང་དོར་མིན། །སྤྲོས་ལ་མི་བརྟེན་ཆོས་ཉིད་གཉུག་མར་སྦྱང་། །ཆོས་ཐམས་ཅད་གཉིས་འཛིན་དང་བྲལ་བར་སློབ། ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་ཏུ་སྤྱད། གསུམ་པ་ཐུན་མོང་དུ་གདམས་པ། གཏོང་རྒྱུ་བཏགས་པ་བ་བྱང་ཆུབ་ཐོབ་ཚེ་ཁས་ལེན་མཐར་ཕྱིན་པས་ཁས་ལེན་འདས་པ་དང་། མཚན་ཉིད་པ་ནི་ལོག་ལྟ་སྐྱེས་པ་དང་བསླབ་པ་ཕུལ་བས་གཏོང། བསླབ་བྱ་ཉམས་པས་དམན་པར་ལྟུང་བ་སྟེ། །བག་ཡོད་དྲན་པས་བསྒྲིམས་ཏེ་བླང་དོར་བྱ། །ལྔ་པ་སྐྱབས་འགྲོའི་ཕན་ཡོན་ལ་བདུན། དང་པོ་རྟག་ཏུ་ཕན་བདེས་སྐྱོབ་པའི་ཕན་ཡོན། སྐྱབས་གཞན་དབང་ཕྱུག་སོགས་གང་གིས་སླུ་བ་དེ་མཐོང་ནས། ལྷག་པར་ཐུགས་རྗེའི་ལྷ་ལ་དད་པ་ཉིད། །ཚེ་རབས་ཀུན་དུ་ངན་སོང་གི་འཇིགས་བྲལ་སྐྱོབ་པ་སྟེ། དེ་ལས་ཕན་བདེ་བྱེད་པ་གང་ཞིག་ཡོད། །གཉིས་པ་ཐར་པའི་ལོ་ཏོག་འཕེལ་བའི་ཕན་ཡོན། སྐྱབས་སུ་འགྲོ་བའི་གང་ཟག་དེ་ནི་སེམས་གཙང་དད་པའི་ས་གཞི་ལ། བསོད་ནམས་ཡེ་ཤེས་ཆར་ཆུས་ལེགས་བྲན་ཏེ། །ཆོས་ཁམས་དགེ་བའི་མྱུ་གུ་ཆེར་འཕེལ་བས། །རྒྱལ་བའི་ཕུན་ཚོགས་ལོ་ཐོག་སྨིན་པར་བྱེད། །གསུམ་པ་ཡོན་ཏན་རླབས་ཆེན་འགྲུབ་པའི་ཕན་ཡོན། གང་ཟག་དེའི། ཆོས་ཚུལ་དགེ་བ་ངོ་ཚ་ཁྲེལ་ཡོད་ཤེས། །བག་ཡོད་དྲན་པ་ཡོན་ཏན་ཚོགས་མང་ཞིང་། །གཟུངས་སྤྲིན་ཡེ་ཤེས་ཉི་མ་སེམས་ལ་འཆར། །རྨི་ལམ་ན་ཡང་མི་འབྲལ་མཐོང་བ་དང་། །ཚེ་རབས་དྲན་ཞིང་རིགས་དང་འབྱོར་པས་མཛེས། །བཞི་པ་མཐར་ཐུག་བྱང་ཆུབ་ཐོབ་པའི་ཕན་ཡོན། འགྲོ་ཀུན་ལྷ་རྣམས་དགའ་བས་བསྲུངས་ཤིང་དགེ་བ་འཕེལ་བས་དོན་གཉིས་ལྷུན་གྱིས་གྲུབ། །མཐར་ཡང་རང་ཉིད་ལུས་ཅན་ཀུན་གྱི་སྐྱབས། །དཔུང་གཉེན་བྱེད་པས་སྐུ་གསུམ་འབྱོར་པ་འཛིན། །ལྔ་པ་བསོད་ནམས་ཚད་མེད་འགྲུབ་པའི་ཕན་ཡོན། སྐྱབས་སོང་ཡོན་ཏན་གལ་ཏེ་གཟུགས་མཆིས་ན། །ནམ་མཁའ་ཆེས་ལྷག་བསོད་ནམས་ཕ་མཐའ་ཡས། །དྲུག་པ་ལེགས་དགུའི་ཡོན་ཏན་འཕེལ་བའི་ཕན་ཡོན། ལེགས་པའི་ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །དེ་ལ་མཁས་པ་སུ་ཞིག་བརྟེན་མི་བགྱིད། །བདུན་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕན་ཡོན་བསྔགས་པ། མཆོག་གསུམ་ནི། ཉེས་སྤོང་ཞི་བ་འགྲོ་བ་ཀུན་གྱི་གཉེན། །དད་བརྒྱའི་སྤྱི་བོས་རབ་ཏུ་ཕྱག་འཚལ་ཞིང་། །ས་གསུམ་བསོད་ནམས་འདྲེན་མཆོག་དཔག་བསམ་ཤིང་། །ཕན་བདེའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་བདེ་ཆེན་ཆོས་ཆར་ཡོན་ཏན་མཆོག་བསྒྲགས་པས། །སྐྱེ་དགུ་དམ་པའི་སྤྱོད་ལ་ལེགས་གཞོལ་ཞིང་། །ཉེས་གྱུར་དམན་པའི་ཡུལ་ལ་བརྟེན་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། སྐྱབས་སུ་འགྲོ་བའི་ལེའུ་སྟེ་དྲུག་པའོ།། །། ༈ བདུན་པ་ཚད་མེད་བཞིའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སྐྱབས་སོང་རྟེན་གྱི་གང་ཟག་གིས་ནགས་ནང་ཡིད་འོང་དཔེར་བྱས་ནས། བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའིི་ནགས་ཀྱི་གྲིབ་བསིལ་བཏང་སྙོམས་ཀྱི་མཚོ་རྫིང་ཕུ་ཆུ་སོགས་ཆུ་གཙང་གིས། སྲིད་པར་དུབ་པའི་འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱང་ངོ་། །གཉིས་པ་ལ་བཞི། ཚད་མེད་དང་ཚངས་གནས་ཀྱི་ཁྱད་པར། ཚད་མེད་པ་བཞིའི་བསྒོམ་ཚུལ། སྒོམ་པ་དག་གི་འབྲས་བུ། ཐར་ལམ་ངེས་པའི་གཞུང་ལམ་བསྟན་པའོ། །དང་པོ་ལ་བཞི། དང་པོ་རྒྱུ་དང་བྱེད་ལས་ཀྱི་ཁྱད་པར། དེ་ཡང་ཐར་པའི་ལམ་སེམས་བསྐྱེད་དང་མ་འབྲེལ་ན་ཚངས་པའི་གནས་པ་བཞི་སྟེ་སྲིད་པའི་རྒྱུ། ཞི་བའི་ལམ་སེམས་བསྐྱེད་གྱིས་ཟིན་པའི་དེ་རྣམ་བཞི། སྲིད་པའི་ཆུ་གཏེར་འདའ་ཕྱིར་ཚད་མེད་བཞི། གཉིས་པ་ངོ་བོ་དམིགས་པ་ཡུལ་གྱི་ཁྱད་པར། དམིགས་བཅས་ཀྱི་ཚད་མེད་བཞིའི་ཡུལ་མཐའ་ཡས་འགྲོ་བ་དམིགས་མེད་ཀྱི་ཚད་མེད་བཞིའི་ཡུལ་ཆོས་ཉིད་ལ། རྣམ་པ་ཀུན་ཁྱབ་དམིགས་བཅས་དམིགས་པ་མེད། གསུམ་པ་གནས་བཞི་ངེས་པའི་ཁྱད་པར། སྔ་མ་ཚངས་གནས་བཞིའི་དམིགས་ཡུལ་ཚད་ཡོད་ཉུང་ཟད་འགྲོ་བ་ལ། དམིགས་རྣམས་སེམས་བསྐྱེད་ཀྱིས་མ་ཟིན་པས་མ་དག་དམིགས་བཅས་ཚངས་པའི་རྒྱུ། བཞི་པ་ཐར་ལམ་སྙིང་པོའི་ཁྱད་པར། འདི་ནི་དམིགས་མེད་ཐར་པར་གཞོལ་བས་ན། །སྙིང་རྗེའི་རང་བཞིན་ཅན་གྱིས་བསླབ་པར་བྱ། །གཉིས་པ་སྒོམ་ཚུལ་ལ་གསུམ། གོ་དོན་ངེས་པས་སྤྱིར་བསྟན་པ། གོ་རིམ་ངེས་པས་བྱེ་བྲག་ཏུ་བཤད་པ། རྩལ་སྦྱངས་ངེས་པས་དོན་བསྡུ་བའོ། །དང་པོ་གོ་དོན་ངེས་པ་ལ་གསུམ། དང་པོ་ཚད་མེད་བཞིའི་དམིགས་ཡུལ། དམིགས་ཡུལ་བདེ་བ་མི་ལྡན་སྡུག་བསྔལ་གྱིས་ཉམ་ཐག སྐྱིད་ཅིང་འབྱོར་ལ་ཉེ་རིང་ཆགས་སྡང་ཅན་བཞི་པོ་རིམ་པར་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཡུལ། གཉིས་པ་རང་རང་གི་བློའི་རྣམ་པ་བསྟན་པ། རྣམ་པ་བདེ་ཐོབ་སྡུག་བསྔལ་བྲལ་བ་དང་། །དགའ་དང་མི་འབྲལ་སེམས་སྙོམས་ལས་རུང་འདོད། །གསུམ་པ་ཐོག་མར་འཇུག་པའི་གོ་རིམ། སྒོམ་ཚུལ་གོ་རིམ་ངེས་པ་མེད་ན་ཡང་། །དང་པོའི་གང་ཟག་ཐོག་མར་བཏང་སྙོམས་ཏེ། །ཉེ་རིང་བསྙམས་ནས་དེ་ནས་གཞན་གསུམ་སྒོམ། །གཉིས་པ་གོ་རིམ་ངེས་པས་བྱེ་བྲག་ཏུ་བཤད་པ་ལ་བཞི། བཏང་སྙོམས། བྱམས་པ། སྙིང་རྗེ། དགའ་བ་བསྒོམ་པའི་ཚུལ་ལོ། །དང་པོ་བཏང་སྙོམས་སྒོམ་པ་ལ་བཅུ་གཉིས། དང་པོ་ཆགས་སྡང་གི་སེམས་ལ་རྔན་བགྲང་བ། དེ་ཡང་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ། །བློ་ཡི་རྣམ་པ་འདི་ལྟར་བརྟག་པར་བྱ། །ད་ལྟ་ཕ་དང་མ་དང་བཤེས་ལ་ཆགས། །དགྲ་ལ་སྡང་བ་འདི་འདྲའི་སེམས་ཁྱོད་ངན། །གཉིས་པ་ཆགས་སྡང་མི་རིགས་པ་གྲོས་གདབ་པ། ཐོག་མཐའ་དུས་མེད་འཁྱམས་ཚེ་དགྲ་འདིས་ཀྱང་། །ཕ་མ་ལ་སོགས་བཤེས་བྱས་ཕན་པ་བསྒྲུབས། །དེ་ཡི་དྲིན་ལན་གནོད་སེམས་སྒོམ་བྱེད་དམ། །གསུམ་པ་ཆགས་སྡང་མི་འཐད་པའི་རིགས་པ་དགོད་པ། གཉེན་འདིས་ཀྱང་ནི་དགྲ་བྱས་གནོད་པ་བསྒྲུབས། །ད་ལྟ་ན་ཡང་དེ་ཡི་སྡུག་བསྔལ་འགོ །དེ་ཡི་ལན་དུ་ཕན་པ་ཇི་ལྟར་རིགས། །བར་མ་ཡང་ནི་མཛའ་དང་མི་མཛར་འགྱུར། །ཕན་གནོད་མ་ངེས་ཆགས་སྡང་རིགས་པ་མིན། །བཞི་པ་ཆགས་སྡང་མེད་པའི་བཏང་སྙོམས་ལ་སྦྱང་བ། དེ་བས་ཐོག་མར་མཛའ་བཤེས་ཕྱོགས་རྣམས་ལ། །བར་མ་བཞིན་དུ་ཆགས་པ་སྤང་བྱ་ཞིང་། །དེ་ནས་དགྲ་ལ་བར་མ་བཞིན་དུ་ནི། །སྡང་བ་སྤངས་ལ་ཉེ་རིང་མེད་པར་བྱ། །ལྔ་པ་རྨོངས་པ་མེད་པའི་བཏང་སྙོམས་ལ་དགོད་པ། བར་མའི་ཕྱོགས་ལའང་གཏི་མུག་དབྲལ་བའི་ཕྱིར། །འགྲོ་བའི་ཉོན་མོངས་མཉམ་དུ་སེལ་བའི་བློ། །སྲིད་དང་བྲལ་བ་དེ་འདྲ་རྣམ་པར་བསྒོམ། །ཐམས་ཅད་ཆགས་སྡང་ཉོན་མོངས་ཞི་ཞིང་སེམས་ལས་སུ་རུང་བར་ཤོག་ཅིག དྲུག་པ་སྙིང་རྗེ་ཆེན་པོའི་བཏང་སྙོམས་ལ་སྦྱང་བ། ཐམས་ཅད་བདེ་འདོད་སྡུག་བསྔལ་འདོར་འདོད་གཅིག །འོན་ཀྱང་མི་ཤེས་སྡུག་བསྔལ་རྒྱུ་ལ་སྤྱོད་པ་འདི་བཟློག་པར་བྱའོ། །བདུན་པ་ཉོན་མོངས་ཞི་བའི་བཏང་སྙོམས་སྒོམ་པ། ཀྱེ་མ་ཉམ་ཐག་འགྲོ་བའི་ཉོན་མོངས་ཚོགས། །བག་ཆགས་བཅས་ཀུན་ཞི་ལ་སེམས་སྙོམས་ཤོག །ཆགས་སྡང་དྲག་པོས་གཟིར་བའི་ལུས་ཅན་ཀུན། །ཉེ་རིང་སེམས་སྙོམས་ཆགས་སྡང་བྲལ་བར་ཤོག །བརྒྱད་པ་ཇི་ལྟར་སྒོམ་ཚུལ་དངོས། ཅེས་བསམ་འགྲོ་བ་གཅིག་ནས་གཉིས་དང་གསུམ། །ཡུལ་གྲུ་གཅིག་ནས་གླིང་གཅིག་གླིང་བཞི་ནས། །སྟོང་གཅིག་གཉིས་གསུམ་འཇིག་རྟེན་ཀུན་ལ་བསྒོམ། །དགུ་པ་སྒོམ་པའི་རྟགས་དང་ཚད་བཟུང་བ། འབྱོངས་པའི་ཚད་ནི་བདག་གཞན་དགྲ་གཉེན་མཉམ། །བཅུ་པ་དམིགས་པ་མེད་པའི་བཏང་སྙོམས་ལ་བློ་སྦྱངས། རྗེས་ལ་དམིགས་པ་མེད་པའི་བཏང་སྙོམས་ཡུལ། །ཐམས་ཅད་སེམས་ཏེ་སེམས་ཉིད་ནམ་མཁའ་འདྲ། །དོན་དམ་མ་སྐྱེས་སྟོང་པའི་ངང་དེ་ལ། །བློ་ཡིས་རྣམ་པ་སྤྲོས་དང་བྲལ་བར་གཞག །བཅུ་གཅིག་པ་དེས་ཚད། འབྱོངས་པའི་ཚད་ནི་ཟབ་ཞིའི་རྟོགས་པ་སྐྱེ། །བཅུ་གཉིས་པ་བཏང་སྙོམས་སྒོམ་པའི་འབྲས་བུ། འབྲས་བུ་ཉེ་རིང་རྙོག་པ་མེད་པའི་སེམས། །གནས་ལུགས་དོན་ལ་རང་བཞིན་ལྷུན་གྱིས་གྲུབ། །གཉིས་པ་བྱམས་པ་སྒོམ་ཚུལ་ལ་ལྔ། དང་པོ་བྱམས་པ་སྒོམ་པ་གདམས་པ། དེ་ལྟར་ཀུན་ལ་སེམས་སྙོམས་གྱུར་པ་ན། །རང་ཉིད་མ་ལ་བདེ་དང་ཕྲད་འདོད་ལྟར། །ལུས་ཅན་ཀུན་ལ་དེ་བཞིན་བསམ་པར་བྱ། །གཉིས་པ་ཇི་ལྟར་སྒོམ་ཚུལ། བྱམས་པའི་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ། །རྣམ་པ་གནས་སྐབས་ལྷ་མིའི་བདེ་བ་དང་། །མཐར་ཐུག་བྱང་ཆུབ་བདེ་དང་འཕྲད་པར་ཤོག །སྙམ་དུ་གཅིག་ནས་འགྲོ་བ་ཀུན་གྱི་བར། །ཕྱོགས་མཐའ་གཏུགས་པར་དེ་སྙེད་བསྒོམ་པར་བྱ། །གསུམ་པ་སྒོམ་པའི་རྟགས་ཚད། རྟགས་ནི་ཀུན་ལ་ཁྱབ་པའི་བྱམས་པ་མཆོག །བུ་གཅིག་བརྩེ་བའི་མ་བས་ལྷག་པ་འབྱུང་། །བཞི་པ་དམིགས་པ་མེད་པའི་བྱམས་པ། དེ་རྗེས་ཐམས་ཅད་མཉམ་པའི་ངང་ལ་གཞག །དམིགས་པ་མེད་པའི་བྱམས་པ་ཆེན་པོ་སྟེ། །བྱམས་དང་སྟོང་པ་ཟུང་དུ་ཆུད་པ་རྟགས། །ལྔ་པ་བྱམས་པའི་འབྲས་བུ་བརྗོད་པ། འབྲས་བུ་ཐམས་ཅད་དགའ་ཞིང་མཐོང་ན་ཡིད་འོང་སེམས་ལ་ཆགས་སྡང་གི་རྙོག་པ་མེད་པའི་སེམས་དག་པ་འཐོབ། གསུམ་པ་སྙིང་རྗེ་སྒོམ་ཚུལ་ལ་ལྔ། དང་པོ་སྙིང་རྗེ་སྒོམ་པར་གདམས་པ། བྱམས་པས་འགྲོ་ལ་ཁྱབ་པའི་རྗེས་ཉིད་དུ། །ཕ་མའི་སྡུག་བསྔལ་བློས་མི་བཟོད་པ་བཞིན། །འགྲོ་བའི་སྡུག་བསྔལ་བསམས་ལ་སྙིང་རྗེ་བསྐྱེད། །གཉིས་པ་སྒོམ་ཚུལ་དངོས་བསྟན་པ་ལ་གསུམ། དང་པོ་སྙིང་རྗེ་བསྐྱེད་པ། དེ་ཡང་བདག་གི་ཕ་མ་དྲིན་ཅན་རྣམས། །བདག་གི་ཆེད་དུ་སྡིག་པའི་ལས་བྱས་པས། །ཚ་གྲང་བཀྲེས་སྐོམ་གསད་གཅད་ལས་ཀྱིས་མནར། །སྐྱེ་རྒ་ན་འཆིའི་ཆུ་ཆེན་འཁྲུག་པར་བྱིང་། །སྡུག་བསྔལ་སྣ་ཚོགས་དུ་མས་ཉམ་རེ་ཐག །གཉིས་པ་ངེས་པ་དགོད་པ། དེ་ལས་ཐར་པའི་ལམ་མི་ཤེས་ཤིང་ཐར་འདོད་ཞི་བའི་སེམས་མེད་ལ། ཡང་དག་ལམ་སྟོན་དགེ་བའི་བཤེས་མེད་པས། །མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །འདི་དག་མཐོང་ནས་ཡལ་བར་འདོར་ཕོད་དམ། །གསུམ་པ་རང་བཞིན་བསམ་པ། དེ་བས་བདག་གི་ལུས་དང་ལོངས་སྤྱོད་དང། །དུས་གསུམ་དགེ་བས་འགྲོ་བའི་སྡུག་བསྔལ་དག །སྐད་ཅིག་ཉིད་ལ་བྲལ་བར་ཤོག་ཅིག་ཅེས། །སྙིང་ཁོང་རུས་པའི་གཏིང་ནས་བསམ་པར་བྱ། །གསུམ་པ་སྒོམ་པའི་རྟགས་ཚད། འགྲོ་བའི་སྡུག་བསྔལ་མི་བཟོད་རྟགས་སུ་བཤད། །བཞི་པ་དམིགས་པ་མེད་པའི་སྙིང་རྗེ། དམིགས་མེད་སྙིང་རྗེས་དེ་རྗེས་མཉམ་པར་བཞག །རྟགས་ནི་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ། །ལྔ་པ་སྙིང་རྗེ་སྒོམ་པའི་འབྲས་བུ། འབྲས་བུ་གནོད་སེམས་རྣམ་འཚེ་བྲལ་བའི་སེམས། །ལས་རུང་ཐོབ་ཅིང་གདོད་ནས་དག་པ་ཉིད་དེ་སངས་རྒྱས་བྱང་ཆུབ་དུ་འགྲུབ། བཞི་པ་དགའ་བ་སྒོམ་པ་ལ་དྲུག་ལས། དང་པོ་དགའ་བ་བསྒོམ་པར་གདམས་པ། དེ་ལྟར་སྙིང་རྗེས་བརླན་པའི་འགྲོ་བ་ལ། །རང་རང་བདེ་བར་གནས་ཏེ་དགའ་བ་བསྒོམ། །གཉིས་པ་སྒོམ་པ་དངོས་ཀྱི་རིམ་པ། དེ་ཡང་དམིགས་ཡུལ་བདེ་ལྡན་སེམས་ཅན་ཏེ། །རྣམ་པ་ཨེ་མ་འགྲོ་བ་འདི་དག་ཀུན། །བདག་གིས་བདེ་ལ་དགོད་པར་མ་དགོས་པར། །རང་རང་བདེ་བ་བདག་གིས་རྙེད་པ་རབ། །ད་ནི་དེང་ནས་བྱང་ཆུབ་སྙིང་པོའི་བར། །བདེ་ཞིང་སྐྱིད་པ་འདི་དང་མི་འབྲལ་ཤོག །སྙམ་དུ་གཅིག་ནས་ཀུན་ལ་བསྒོམ་པར་བྱ། །གསུམ་པ་འབྱོངས་པའི་ཚད། རྟགས་སུ་ཕྲག་དོག་མེད་ཅིང་དགའ་བ་སྐྱེ། །བཞི་པ་དམིགས་པ་མེད་པའི་དགའ་བ། དེ་རྗེས་མི་དམིགས་བསམ་གཏན་དགའ་བ་ཉིད། །སྣང་སྟོང་ཟུང་འཇུག་ཏུ་བསྒོམ། ལྔ་པ་དེའི་སྒོམ་ཚད། ལུས་ངག་སེམས་ལ་ཞི་བདེ་ལྷུན་གྱིས་གྲུབ་སྟེ་ཚེགས་མེད་དོ། །དྲུག་པ་དགའ་བ་བསྒོམ་པའི་འབྲས་བུ། འབྲས་བུ་འབྱོར་པས་ཉན་རང་གིས་མི་འཕྲོག་པས་བརྟན་ལ་དགའ་བ་འགྲུབ། གསུམ་པ་རྩལ་སྦྱང་ངེས་པའི་དོན་བསྡུ་བ་ལ་བདུན། དང་པོ་ཆ་ཤས་ནས་བསླབ་ཚུལ། དེ་ལྟར་གོམས་རྗེས་བྱམས་ནས་རིམ་པར་བསྒོམ། །དེ་ཡི་བཞི་པོའི་ཞེན་པ་རིམ་གྱིས་འགོག །གཉིས་པ་བྱམས་པའི་གེགས་སྙིང་རྗེའི་འགོག་ཚུལ། བྱམས་བསྒོམས་གཉེན་བཞིན་ཀུན་ལ་ཆགས་པ་ན། །སྙིང་རྗེས་སྡུག་བསྔལ་རྒྱུ་འབྲས་ཞེན་པ་འགོག །གསུམ་པ་སྙིང་རྗེའི་གེགས་དགའ་བས་འགོག་པ། སྙིང་རྗེ་དམན་པས་དམིགས་དང་བཅས་པ་ན། །དམིགས་མེད་དགའ་བས་སྐྱོ་བ་རྣམ་པར་འགོག །བཞི་པ་དགའ་བའི་གེགས་བཏང་སྙོམས་ཀྱིས་འགོག་པ། དགའ་བས་སེམས་གཡེངས་སྤྲོས་ལ་འཆེལ་བ་ན། །ཉེ་རིང་ཆགས་བྲལ་བཏང་སྙོམས་ཆེན་པོ་བསྒོམ། །ལྔ་པ་བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པ། བཏང་སྙོམས་བར་མ་ལུང་མ་བསྟན་བཞིན་ན། །སྔར་བཞིན་བྱམས་སོགས་རིམ་པས་བསྒོམ་པར་བྱ། །དེ་ཡིས་འབྱོངས་པར་སླ་ཞིང་བརྟན་པ་འཐོབ། །དྲུག་པ་སྤེལ་མ་སྒོམ་ཚུལ། གོམས་པ་ཤིན་ཏུ་བརྟན་པའི་རྣལ་འབྱོར་པས། །རིམ་དང་རིམ་མིན་སྤེལ་མ་ཐོད་རྒལ་བསྒོམ། །བདུན་པ་དེ་ལྟར་སྒོམ་པའི་ཡོན་ཏན། དེ་ཡིས་རྟོགས་པ་སོ་མར་ཐོབ་པ་དང་མི་བརྟན་པ་བོགས་འབྱིན་ཞིང་ཤིན་ཏུ་བརྟན་པས་ཆེས་བརྟན་ཉིད་དུ་འགྱུར། གསུམ་པ་སྒོམ་པ་དག་པའི་འབྲས་བུ་ལ་གཉིས། ཐུན་མོང་གི་འབྲས་བུ་སྤྱིར་བསྟན་པ། མཆོག་གི་འབྲས་བུ་བྱེ་བྲག་ཏུ་བཤད་པ་གཉིས་སོ། །དང་པོ་ཐུན་མོང་གི་འབྲས་བུ་ལ་བཞི། དང་པོ་རྣམ་སྨིན་གྱི་འབྲས་བུ། དེ་ལྟར་བསྒོམས་པའི་འབྲས་བུ་བཞི་དག་ལས། །རྣམ་སྨིན་མངོན་མཐོ་ངེས་ལེགས་གཉིས་འཐོབ་ལ། །འདོད་པར་ལྷ་མའི་ལུས་འགྲུབ་ཕན་བདེ་བྱེད། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ། རྒྱུ་མཐུན་བྱེད་པས་དེ་ཉིད་བྱེད་པ་དང་། །མྱོང་བས་མི་མཐུན་ཕྱོགས་གནོད་སེམས་རྣམ་འཚེ་མི་དགའ་བ་ཆགས་སྡང་བཞི་དང་བྲལ་བའི་བདེ་བ་འཐོབ། གསུམ་པ་བདག་པོའི་འབྲས་བུ། དབང་གིས་བྱམས་པས་ཡུལ་ཡིད་འོང་སྙིང་རྗེས་བདེ་ཞིང་དགའ་བས་སྨན་དང་མེ་ཏོག་སོགས་མང་བ་རབ་དགའི་ཡུལ། བཏང་སྙོམས་ཀྱིས་འགྲོ་བ་མཐུན་ཅིང་གནོད་པ་མེད་པ་འབྱོར་པས་བརྒྱན་པར་སྐྱེ། བཞི་པ་བྱེད་པའི་འབྲས་བུ། བྱེད་པས་བཞི་པོ་ཆེས་ཆེར་རབ་འཕེལ་བས། །རང་གཞན་དོན་གཉིས་འབྱོར་པ་ལྷུན་གྲུབ་འགྱུར། །གཉིས་པ་མཆོག་གི་འབྲས་བུ་ལ་བཞི། དང་པོ་བྱམས་པའི་འབྲས་བུ། བྱམས་པས་ཞེ་སྡང་མེད་ཅིང་ལོངས་སྤྱོད་རྫོགས། །མེ་ལོང་ཡེ་ཤེས་རབ་ཏུ་ཐོབ་པར་འགྱུར། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དཔེས་བརྒྱན་པའོ། །གཉིས་པ་སྙིང་རྗེའི་འབྲས་བུ། སྙིང་རྗེས་འདོད་ཆགས་མེད་ཅིང་ཆོས་ཀྱི་སྐུ། །སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱེད། །ཆོས་ཀྱི་སྐུ་ནི་སྟོབས་སོགས་མ་འདྲེས་ཆོས། གསུམ་པ་དགའ་བའི་འབྲས་བུ། དགའ་བས་ཕྲག་དོག་མེད་ཅིང་སྤྲུལ་པའི་སྐུ། །བྱ་གྲུབ་ཡེ་ཤེས་དམ་པ་ཐོབ་པར་འགྱུར། །སྤྲུལ་པའི་སྐུ་ནི་མ་ངེས་སྣ་ཚོགས་གཟུགས། །མཛད་པ་ལྷུན་གྱིས་གྲུབ་པའི་སྐུ་སྟེ་ཕྲིན་ལས་ཕུན་སུམ་ཚོགས་པ་ཡིན། བཞི་པ་བཏང་སྙོམས་ཀྱི་འབྲས་བུ། བཏང་སྙོམས་ང་རྒྱལ་རྨོངས་མེད་དེ་གཏི་མུག་གནས་སུ་དག་པའི་ངོ་བོ་ཉིད། མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད། །ངོ་བོ་ཉིད་སྐུ་ཆོས་ཉིད་སྤྲོས་དང་བྲལ། །བཞི་པ་ཐར་ལམ་ངེས་པའི་གཞུང་ལམ་དུ་བསྟན་པ་ལ་བཞི། དང་པོ་ཚད་མེད་བཞི་པོ་རྒྱལ་བས་བསྔགས་པ། དེ་ལྟར་བྱམས་སོགས་ཡོན་ཏན་མཐའ་ཡས་ཤིང་། །མཚུངས་བྲལ་ལྷ་མའི་སྟོན་པས་རབ་བསྔགས་མཛད། །དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པས། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། །གཉིས་པ་ཚད་མེད་ཡོད་མེད་ཀྱིས་ཐར་ལམ་ཡིན་མིན་དུ་བསྟན་པ། དེ་དག་མི་ལྡན་ལམ་དེ་ཕྱིན་ཅི་ལོག །སྟོན་པ་གཞན་ལ་སྐྱབས་སོང་ལམ་ངན་ཡིན། །ཚད་མེད་བཞི་པོ་དེས་བཟུང་ལམ་ནི་ཐར་པ་དྲི་མ་མེད། །དུས་གསུམ་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཡིན། [གསུམ་པ་ཞུ་མཆན། ]རྒྱུ་འབྲས་གཞུང་ལམ་གཅིག་པས་ཚད་མེད་བཞིར་བསྟན་ཚུལ། རྒྱུ་ཡི་ཐེག་པས་ས་བོན་མྱུ་གུ་བཞིན། །ཐབས་ཤེས་སྐུ་གཉིས་བསྐྱེད་པར་འདོད་ན་ཡང་། །འབྲས་བུའི་ཐེག་པས་སྐུ་ཡི་སྒྲིབ་པ་གཉིས། །སེལ་བྱེད་རྐྱེན་གྱི་རྣམ་པར་ཁས་ལེན་པས། །ཐབས་ཉིད་སྙིང་རྗེ་ཚད་མེད་ལམ་ལ་བརྟེན། །དོན་ལ་གཅིག་སྟེ་སྟོང་ཉིད་སྙིང་རྗེ་ཅན། །རྒྱུ་འབྲས་གཉིས་ཀས་མཐུན་པར་ཉམས་སུ་ལེན། །[བཞི་པ་ཞུ་མཆན། ]མདོ་རྒྱུད་མཐུན་པར་དབྱིངས་ཀྱི་དྲི་མ་སྦྱོོང་བྱེད་དུ་སྒོམ་ཚུལ། གཞན་ཡང་ཐོག་མེད་དགེ་བ་ཁམས་རང་བཞིན་གྱིས་དག་པ་ཡོན་ཏན་ཡེ་ལྡན་ཉིད་ས་བོན་ཚུལ། མ་བྱས་ཡེ་ནས་གནས་པར་འཁོར་ལོ་ཐ་མའི་མདོ་ནས་གསུངས། དེ་དང་སྔགས་སུ་རང་བཞིན་ཀྱི་དཀྱིལ་འཁོར་སྐུ་གསུམ་ཡེ་ལྡན་དུ་གསུངས་པ་ཉིད་གློ་བུར་གྱི་སྒྲིབ་པས་བསྒྲིབས་ཏེ་སེལ་འདོད་སྔགས་ཉིད་མཚུངས། མདོར་ན་མདོ་རྒྱུད་ལམ་རྣམས་ཀྱི་གཞི་ལམ་འབྲས་བུ་དངོས་བསྟན་སྦས་དོན་གྱི་ཚུལ་གཅིག་ཉིད་དུ། པད་འབྱུང་སོགས་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་ཕྱི་ནང་བཤད་པ་མཛད། དེ་ཕྱིར་རྒྱལ་སྲས་དམ་པའི་རྗེས་འགྲོ་ཞིང་། །ཚད་མེད་རྣམ་པ་བཞི་ལ་འབད་པར་མཛོད། །གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་ལེག་གསུངས་ཞི་བའི་རང་བཞིན་གྱིས། །འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས། །ལམ་གོལ་ཉན་རང་ལོག་པ་མུ་སྟེགས་བྱེད་དང་དམན་པ་ཡོངས་སུ་མ་རྫོགས་པར་ཞུགས་པ་དང་སྲིད་པའི་ལམ་པོ་ཆེ་ཡིས། དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཚད་མེད་བཞིའི་ལེའུ་སྟེ་བདུན་པའོ།། །། ༈ བརྒྱད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ་ལ་གསུམ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། དང་པོ་ནི། དེ་ལྟར་ཚད་མེད་ལེགས་པར་གོམས་པ་ཡིས། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་གཉིས་བསྒོམ། །གཉིས་པ་ལ་གསུམ། སེམས་བསྐྱེད་ཀྱི་ཕན་ཡོན། ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པའོ། །དང་པོ་ཕན་ཡོན་ལ་དྲུག དང་པོ་འཁོར་བ་ལས་ངེས་པར་འབྱིན་པའི་ཕན་ཡོན། དེ་ཡང་གྲུ་བོ་ཆེ་ལྟར་ཉོན་མོངས་སྲིད་མཚོ་མཐར་འབྱིན་ཞིང་། སྐྱེལ་མ་དཔའ་བོ་བཞིན་དུ་འཇིགས་དང་མྱ་ངན་སྡིག་ཀུན་སེལ་བྱེད་དེ། མེ་ལྟར་ལས་ཉོན་དང་སྡུག་བསྔལ་འདུ་བྱེད་རྣམ་པར་འཇོམས། དེད་དཔོན་དང་འདྲ་སྟེ་སྲིད་ནས་ཞི་བར་འགྲོ་བ་འདྲེན་བྱེད་ཡིན། གཉིས་པ་དགེ་ཚོགས་ཐེག་ཆེན་དུ་འགྱུར་བའི་ཕན་ཡོན། སེམས་བསྐྱེད་དེ་ཐོབ་ལ་མ་ཉམས་པར་ཡོད་པ་གང་ལ། སུམ་ཅུ་པ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པ་འཇུག་པ་རྣམ་པ་གཉིས། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་པ་ལྟར། སེམས་པ་མངོན་གྱུར་མེད་པའི་གནས་སྐབས་ལྡན་ན་ཡང་སྙིང་རྗེའི་དགེ་རྒྱུན་གོང་ནས་གོང་འཕེལ་ཞིང་། མཉམ་བཞག་ན་ཡང་བྱང་སེམས་དང་ཐབས་ཤེས་ཟུང་དུ་འབྲེལ། སེམས་བསྐྱེད་ཡོད་ན་ཐམས་ཅད་དགེ་བའི་ཕྱིར་ལུས་ངག་རྩོམ་པ་ལུང་མ་བསྟན་ཐམས་ཅད་དོན་ཡོད་ཅིང་། ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་སྡོང་འགྱུར། །གསུམ་པ་དགེ་རྩ་མི་ཟད་འཕེལ་བའི་ཕན་ཡོན། དགེ་གཞན་འབྲས་བུ་དམན་ཏེ་ཟད་པ་ལྟར། །རིན་ཆེན་སེམས་ཟིན་དགེ་བ་མི་ཟད་འཕེལ། །ཇི་ལྟར་རྒྱ་མཚོ་དྭངས་པའི་ཆུ་འབབ་དང་། །ས་གཞི་བཟང་པོར་ཏིལ་སོགས་ལོ་ཐོག་ཕུན་ཚོགས་བཞིན། བཞི་པ་དགེ་རྩ་བརྟན་ཞིང་ཐར་ལམ་སྙིང་པོ་བྱེད་པའི་ཕན་ཡོན། ལེགས་པའི་ཆོས་ཀུན་ཀྱི་རྩ་བ་ས་བོན་སྙིང་རྗེའི་བདག སྲིད་པ་ན་ཡང་བདེ་བའི་འབྲས་མང་ཞིང་། །ཞི་བའི་རང་བཞིན་བྱང་ཆུབ་མཆོག་གི་རྒྱུ། །རིན་ཆེན་སེམས་ལེགས་བསྐྱེད་ལ་འབད་པར་མཛོད། །ལྔ་པ་བསམ་དགུའི་རེ་བ་འགྲུབ་པའི་ཕན་ཡོན། དེ་ནི་དཔལ་རྒྱས་ཡིད་བཞིན་བུམ་པ་བཟང་། །འགྲོ་བའི་ནད་གསོ་བདེ་འབྱུང་སྨན་གྱི་མཆོག །ཡེ་ཤེས་ཉི་མ་གདུང་སེལ་ཟླ་བ་སྟེ། །མཁའ་བཞིན་དྲི་མེད་ཡོན་ཏན་རྒྱུ་སྐར་ཚོགས། །རྟག་ཏུ་ཕན་བདེ་བྱེད་པའི་རང་བཞིན་ལ། །དྲུག་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕན་ཡོན། བློས་བསམ་ཡས་བསོད་ནམས་སྤྲིན་ཚོགས་དཔག་ཏུ་མེད་དེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལེགས་པ་ཡོད་པ་ཇི་ལྟ་བར་བྱུང་ཆུབ་ཏུ་སེམས་བསྐྱེད་པའི་ལེགས་པ་དང་། ཡོན་ཏན་ཡང་དེ་ཙམ་སྟེ། ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེའོ། །ཞེས་གསུངས་པ་ལྟར། རྒྱལ་བའི་ཡོན་ཏན་ཤིན་ཏུ་རྨད་བྱུང་དང་། །ཆོས་ཀྱི་དབྱིངས་ལྟར་དཔག་ཡས་རྒྱ་ཆེའོ། །གཉིས་པ་ཇི་ལྟར་བསྐྱེད་པའི་ཚུལ་ལ་གཉིས། སེམས་བསྐྱེད་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་ནས་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་རང་བཞིན་ཤེས་པར་བྱ་བ་ལ་བདུན། དང་པོ་སེམས་བསྐྱེད་ཀྱི་མཚན་ཉིད། སེམས་བསྐྱེད་པ་ནི་ཚད་མེད་འགྲོ་བའི་ཕྱིར། །ཡང་དག་སངས་རྒྱས་ཐོབ་པར་འདོད་པ་སྟེ། །སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ལག་ལེན་ལ་ཁྱབ་པ། འགྲོ་བར་འདོད་དང་འགྲོ་བ་ཉིད་བཞིན་ནོ། །གཞན་ཡང་ཀུན་རྫོབ་དོན་དམ་དང་། སྐྱེ་འཕགས་ཀྱི་སེམས་བསྐྱེད་སོགས་ཡོད། གཉིས་པ་སྨོན་འཇུག་གི་རང་བཞིན། སྨོན་པ་ཚད་མེད་བཞི་ཡི་ངོ་བོ་ལ་འཇུག་པར་ཕ་རོལ་ཕྱིན་པ་དྲུག་དུ་འདོད་དེ། བྱམས་པས་ཞུས་པའི་མདོ་ལས། བྱམས་པ་དེ་ལ་གཞན་གྱི་དོན་དུ་སྨོན་པ་ཡང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡིན་ལ། ཡང་དག་པར་སྤྱོད་པ་དེ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་སྟེ། ཞེས་སོ། །གསུམ་པ་སྨོན་པའི་ཕན་ཡོན། འགྲོ་བ་གང་གིས་ཕྱོགས་མཐའ་གཏུགས་པའི་སངས་རྒྱས་ལ། བསྐལ་པ་བྱེ་བ་མང་པོར་བསྙེན་བཀུར་ཏེ། །རང་ཉིད་ལེགས་པ་ཙམ་ཞིག་དོན་གཉེར་བའི། །བསོད་ནམས་དེ་ཡིས་སྨོན་པའི་ཆར་མི་ཕོད། བཞི་པ་དེའི་འཐད་པ། འགྲོ་བའི་སྡུག་བསྔལ་ཉུང་ཟད་སེལ་བའི་བློ། །སྐད་ཅིག་སྐྱེས་པས་ངན་སོང་ཐར་གྱུར་ཅིང་། །ལྷ་མིའི་འདེ་བ་དཔག་མེད་མྱོང་བར་གསུངས་ཏེ་མཛའ་བོའི་བུ་མོ་དགའ་ལྡན་དང་། གྱད་བག་ཤི་ཏ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་པར་གསུངས་པ་ལྟ་བུའོ། །ལྔ་པ་འཇུག་པའི་ཕན་ཡོན། དེ་བས་འཇུག་པའི་ཕན་ཡོན་མཐའ་ཡས་ཏེ་དངོས་སུ་སྦྱོར་བས་ཡང་དག་ཁྱབ་པའི་ཕྱིར། སྐད་ཅིག་སྦྱོོར་བས་ཁྱབ་པའི་སེམས་མཆོག་གིས། །བསྐལ་པ་མང་པོའི་ཚོགས་གཉིས་བཟླུམས་པར་བཤད། །དེད་དཔོན་སྙིང་རྗེ་ཅན་གྱིས་བསྐལ་པ་བཞི་ཁྲི་དང་། བྲམ་ཟེའི་ཁྱེའུ་ཀརྨ་ལ་དགའ་བས་བསྐལ་པ་ཉི་ཁྲིའི་ཚོགས་བཟླུམས་པར་གསང་ཆེན་ཐབས་མཁས་ཀྱི་མདོ་ལས་གསུངས་པ་བཞིན་ནོ། །དྲུག་པ་གཞན་གྱི་ལོག་རྟོག་དགག་པ། དེ་ཕྱིར་བྱང་སེམས་དབང་རྣོན་གྱིས་གྲངས་མེད་གསུམ་དང་འབྲིང་གིས་བདུན། རྟུལ་པོས་སུམ་ཅུ་རྩ་གསུམ་སོགས་གསུངས་པ་ཀུན། མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང་། གསང་སྔགས་པས་ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག སྔགས་ཀྱི་རིག་འཛིན་དང་འཕགས་པ་དབང་རྣོན་མྱུར་བུལ་ཁྱད་མེད་གསུངས། དེ་ཡང་ཐབས་དང་བརྩོན་འགྲུས་ཤེས་རབ་མཆོག །གསུམ་གྱིས་བསྒྲུབ་གང་བླ་མེད་སྟོབས་ཆེའོ། །བདུན་པ་སྤྲོ་དགའ་མཆོག་ཏུ་བསྐྱེད་པ། འདི་ནི་སྙིང་རྗེའི་ལྗོན་ཤིང་སྙིང་པོ་ཅན། །འགྲོ་བའི་བྱ་ཚོགས་བསྟེན་པའི་ཁུར་ཆེན་ལེགས་པར་ཁྱེར་བ་ནི། ཚངས་སོགས་འཇིག་རྟེན་ན་ཡང་སྔོན་མེད་ཅིང་། །རང་ཉིད་ཕྱིར་ཡང་རྨི་ལམ་མ་རྨིས་ན། །གཞན་ཕྱིར་སྨོས་ཅི་འཚལ་བའི་བྱང་ཆུབ་སེམས། །སྔ་ན་མེད་པ་འཁྲུངས་ལ་དགའ་བ་བསྐྱེད། །གཉིས་པ་ཤེས་ནས་ཇི་ལྟར་བསྐྱེད་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གོ །དང་པོ་སྦྱོར་བ་ལ་བཞི། དང་པོ་རྟེན་དགེ་བའི་བཤེས་གཉེན། དེ་ཡང་རང་སྟོབས་ཀྱི་ནུས་པ་ཡོད་ན་མདུན་མཁར་སངས་རྒྱས་བྱང་སེམས་སྤྱན་དྲངས་ནས་དེའི་སྤྱན་སྔར་ལེན་པའམ། རང་ལ་ནུས་པ་མེད་པའམ་ཡོད་ཀྱང་བླ་མ་ལས་ལེན་པར་འདོད་ན། སེམས་བསྐྱེད་དེ་ཡང་དགེ་བའི་བཤེས་ལས་བྱུང་བ་སྟེ། ཡིད་བཞིན་དག་ལས་འདོད་དགུའི་ཆར་འབེབས་བཞིན། །དེ་ཡང་ཇི་ལྟ་བུ་ཞེ་ན། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་དེས་བློ་བཅོས་པའི་རིམ་པ། སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ཡིས། །སྐལ་བཟང་སློབ་མ་སྤྲོ་བ་བསྐྱེད་པ་ནི། །འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་ཞི་མཐར་ཞེན་པ་དགག་པ་སོགས། ཐོག་མ་བར་དང་མཐར་དགེའི་ཆོས་རྣམས་དང་མཐའ་གཉིས་སྤངས་པའི་བྱང་ཆུབ་སེམས་ཀྱི་བསྔགས་པ་མཐའ་ཡས་བརྗོད། གསུམ་པ་གནས་དང་བཀོད་པ་བཤམས་པ། གནས་གཙང་མཆོད་པས་མཛེས་ཤིང་ཉམས་དགའ་བར། །རྒྱལ་བའི་སྐུ་གཟུགས་ལ་སོགས་སྟ་གོན་བྱ། །བཞི་པ་སྔོན་འགྲོ་ཡན་ལག་བདུན་པ་བསྟན་པ་ལ་གསུམ། བསོད་ནམས་ཀྱི་ཞིང་བསམ་པ། ཡན་ལག་བདུན་པ་དངོས་བྱ་བ། དེའི་འཐད་པ་དགོད་པའོ། །དང་པོ་ལ་གསུམ། དང་པོ་དམིགས་པའི་རྟེན་བསམ་པ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་མཁའ་དབྱིངས་ཁྱབ་པར་བསམ་ཞིང་། ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར། སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །སོགས་ནས། རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཞེས་ལན་གསུམ་སོགས་བརྗོད་པས་དངོས་སུ་འབྱོན་པའོ། །གཉིས་པ་དེའི་འཐད་པ་དགོད་པ། འདི་ནི་རང་གི་སེམས་སྟོབས་དྲི་མེད་དང་། །མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་ཐུགས་རྗེ་ཡིས། །ཇི་ལྟར་བསམ་པ་དེ་བཞིན་འགྲུབ་པར་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། གང་གིས་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རླབས་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །གསུམ་པ་བཀུར་སྟི་རིམ་གྲོ་བྱ་བ། དེ་ནས་ཐལ་སྦྱར་མེ་ཏོག་སྙིིམ་བཀང་ནས། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སོགས་རིག་པ་མཆོག་ལས་གསུངས་པ་ལྟར་གནས་ཁང་དུ་སྤྱན་དྲང་བཞུགས་གསོལ་ཁྲུས་རྒྱན་གོས་སོགས་དབུལ། གཉིས་པ་ཡན་ལག་བདུན་པ་དངོས་ལ་བདུན། དང་པོ་ཕྱག་འཚལ་བའི་ཡན་ལག་ལ་གཉིས། དང་པོ་འཚལ་ཚུལ་དངོས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །གཉིས་པ་དེའི་ཕན་ཡོན། ས་འདི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་དུ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་ཕྱག་འཚལ་བའི་བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། ལུས་བཏུད་དབང་ཆེན་བར་གྱི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོས་སྒྱུར་འགྲོ་ཞིང་། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་འཐོབ། །གཉིས་པ་མཆོད་པའི་ཡན་ལག་ལ་གཉིས། མདོར་བསྟན་པ་རྒྱས་བཤད་དོ། །དང་པོ་མདོར་བསྟན་ནི། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་པ་བླ་མེད་རྒྱ་ཆེན་རྣམས་ཀྱིས་མཆོད། །གཉིས་པ་རྒྱས་བཤད་ལ། དངོས་འབྱོར་དང་ཡིད་སྤྲུལ་གཉིས། དང་པོ་དངོས་འབྱོར་ནི། དེ་ཡང་དངོས་སུ་བཤམས་པའི་མཆོད་པ། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་རེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་དང་། །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །གཉིས་པ་ཡིད་སྤྲུལ་ལ་ཐུན་མོང་དང་ཁྱད་པར་གཉིས། དང་པོ་ཐུན་མོང་ལ་བདུན། དང་པོ་གཞལ་ཡས་ཁང་རོལ་མོའི་སྤྲིན་ཅན་གྱི་མཆོད་པ། ཡིད་ལས་བྱུང་བ་ལྷ་སོགས་འཇིག་རྟེན་ཀུན་ན་ཡིད་འོང་བའི། །གཞལ་མེད་ཁང་བརྩེགས་རིན་ཆེན་དྲྭ་བ་ཅན། །གླུ་གར་སིལ་སྙན་བསྟོད་དབྱངས་ཆར་འབབ་ཅིང་། །རྒྱན་མཆོག་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་མཆོད། །གཉིས་པ་ཉེ་འཁོར་ཀུན་ནས་དགའ་བའི་མཆོད་པ། གཞན་ཡང་བདག་པོས་མ་བཟུང་བའི་རིན་ཆེན་རི་བོ་ནགས་ཚལ་པདྨའི་མཚོ། ངང་མོའི་འགྲོས་ཀྱིས་གཉེར་བ་དེ་དག་དང་། །སྨན་སོགས་དྲི་ཞིམ་ངད་ལྡང་དཔག་བསམ་ཤིང་། །མེ་ཏོག་འབྲས་བུ་དུད་པའི་ཚོགས་ཀྱིས་མཆོད། །གསུམ་པ་པདྨོ་རིན་ཆེན་མཛེས་པའི་མཆོད་པ། འདབ་སྟོང་གཡོ་བས་བུང་བ་བཟུང་བ་ཡི། །ལག་པའི་གདུ་བུ་ཀུ་མུ་ཏས་མཚན་ཞིང་། །སྤྲིན་བྲལ་ཉི་ཟླའི་ཟེར་གྱིས་རབ་ཕྱེ་བའི། །ཨུཏྤ་ལ་སོགས་ཡིད་འོང་རྣམས་ཀྱིས་མཆོད། །བཞི་པ་ཚལ་སོགས་ཀུན་ནས་དགེ་བའི་མཆོད་པ། ཙནྡན་བསིལ་བའི་ཁ་ཡི་སྦུབས་བསྐྱོད་པའི། །དྲི་ཞིམ་སེར་བུ་བདེ་བའི་ངད་རྣམས་དང་། །ཕུག་དང་བྲག་རི་སྨན་ལྗོངས་ཉམས་དགའ་བ། །ཆུ་བསིལ་རྫིང་བུ་གང་བ་རྣམས་ཀྱིས་མཆོད། །ལྔ་པ་ཉི་ཟླ་རིན་ཆེན་བཀོད་པའི་མཆོད་པ། སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་བྲལ་རྒྱུ་སྐར་ཕྲེང་བས་བསྐོར་བ་དང་། །ཉིན་བྱེད་འོད་སྟོང་དྲྭ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །དྲུག་པ་ཞིང་ཁམས་རྒྱ་མཚོའི་རྡུལ་གྱིས་མཆོད་པ། ཁོར་ཡུག་རིར་བཅས་བྱེ་བ་ཕྲག་བརྒྱའི་ཞིང་། །མ་ལུས་ཡོངས་བཀོད་འདོད་དགུའི་འབྱོར་པ་དང་། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ཀུན། །བློ་ཡིས་བླངས་ཏེ་ཐུབ་དབང་སྲས་བཅས་མཆོད། །བདུན་པ་རྒྱལ་སྲིད་རིན་པོ་ཆེའི་མཆོད་པ། བདག་པོས་ཡོངས་སུ་བཟུང་བའི་འདོད་དགུ་འབྱུང་བའི་བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། རྟ་མཆོག གླང་པོ། དམག་དཔོན་ཏེ་རྒྱལ་སྲིད་བདུན་དང་། ཡུངས་དཀར་བཱུར་བ། བིལྦ། ལི་ཁྲི། ཞོ། གི་ཝང་། མེ་ལོང་། དུང་གཡས་འཁྱིལ་ཏེ་བཀྲ་ཤིས་རྫས་བརྒྱད་དང་། ལྷམ་སྟན། བཞོན་པ། མལ་ཆ་དང་། ཁྲི་དང་། རལ་གྲི་དང་། པགས་པ་སྟེ་ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བས། ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་མཆོད། །གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ། དང་པོ་ཏིང་འཛིན་རྒྱལ་པོའི་མཆོད་སྤྲིན་མདོོར་བསྟན། ཏིང་ངེ་འཛིན་གྱི་མཆོད་པ་བཟང་སྤྱོད་ནས་འབྱུང་བ་ལྟར། ཏིང་འཛིན་ཡིད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །གཉིས་པ་ཕྱི་མཆོད་ཡིད་བཞིན་སྤྲིན་གྱི་རང་བཞིན་རྒྱས་པར་བཤད་པ། མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །ཚུལ་ཇི་ལྟར་ན། དཀོན་མཆོག་ཏ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཏེ། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་པ་ལྟར། སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་དང་། །གཟི་ལྡན་སྒྲོན་མ་ཞལ་ཟས་རོལ་མོའི་སྤྲིན། །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྤྲིན་གྱིས་མཆོད། །གསུམ་པ་ནང་མཆོད་ཡེ་ཤེས་རྒྱ་མཚོའི་རོལ་པ་ཀུན་ནས་སྤྲོ་བ། ནང་གསང་བའི་མཆོད་པ། བློ་ཡིས་འཇུག་པའི་སྤྲིན་ཅན་ཤིན་ཏུ་མཐའ་ཡས་པ། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་སོགས། །མཆོད་པའི་ལྷ་མོ་སྣ་ཚོགས་སྤྲིན་འཕྲོ་བས། །རྒྱལ་བ་སྲས་བཅས་མ་ལུས་མཉེས་གྱུར་ཅིག །གསུམ་པ་སྡིག་པ་བཤགས་པའི་ཡན་ལག སྦྱང་བྱ་སྡིག་པའི་སྒོ་དྲུག འགྲིམ་པའི་སྒོ། ལུས་ངག་ཡིད་གསུམ། ཀུན་སློང་ཉོན་མོངས་དུག་གསུམ། ཡུལ་ཕ་མ་མཁན་སློབ་སོགས་ལ། དུས་ཐོག་མ་མེད་ནས་ད་ལྟའི་བར། ངོ་བོ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ། སྦྱོར་བ་རང་གིས་བྱས་པའམ་གཞན་ལ་བྱེད་དུ་བཅུག་པའམ། རྗེས་སུ་ཡི་རང་བ་སྟེ། ཐོག་མེད་དུས་ནས་གོམས་པའི་བག་ཆགས་ཀྱིས། །ལས་དང་ཉོན་མོངས་སྡིག་པ་ཅི་མཆིས་པ། །བྱེད་ལས་མཐོ་རིས་དང་ཐར་པ་ལ་སྒྲིབ་ཅིང་ངན་སོང་སོགས། སྲིད་པའི་རྒྱུར་གྱུར་དེ་ཀུན་བཤགས་པར་བགྱི། །བཤགས་ཚུལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་གསལ་གདབ་པ་སོགས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་། དངོས་གཞི་སྟོབས་བཞིའི་དམིགས་གནད་དང་ལྡན་པས་བཤགས་ཤིང་། རྗེས་རང་གཞན་གྱི་སྡིག་པ་ཐམས་ཅད་ལྕེ་ཐོག་ཏུ་ནག་ལིང་ངེ་འདུས་པ། སངས་རྒྱས་དང་བྱང་སེམས་སོགས་ཀྱི་སྨིན་མཚམས་སོགས་ལས་བྱུང་བའི་འོད་ཟེར་གྱིས་དག་པར་བསམ་ཞིང་། སྡིག་ལྟུང་རང་བཞིན་མེད་པའི་ངང་ལ་བཞག བཞི་པ་རྗེས་སུ་ཡི་རང་བ། འགྲོ་བའི་བསོད་ནམས་ཕུང་པོ་མཐའ་ཡས་ལ། །རྟག་པར་བདག་ནི་རྗེས་སུ་ཡི་རང་ངོ་། །འདིས་དགེ་རྩ་མཉམ་པར་ཐོབ་ཅིང་བསོད་ནམས་ཚད་མེད་ཐོབ། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མ་ལུས་སྐྱེ་དགུའི་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །འདིས་ཆོས་སྤང་གི་སྒྲིབ་པ་དག་པ་དང་ཚེ་རབས་ཐམས་ཅད་ཆོས་དང་མི་འབྲལ། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ། དེང་ནས་སྲིད་པའི་རྒྱ་མཚོ་མ་སྟོངས་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་པར་གསོལ། །འདིས་དུས་མ་ཡིན་པའི་འཆི་བ་ཞི་ནས་ཚེ་རིང་པོ་འཚོ། བདུན་པ་བསྔོ་བའི་ཡན་ལག རང་གཞན་གཉིས་ཀས་དུས་གསུམ་དུ་བསགས་པའི་བསྔོ་རྒྱུའི་དགེ་བ་དེ་ཉིད་རྣམ་པ་སྒྱུ་མ་ལྟ་བུ་ཡིས་ཆེད་དུ་བྱ་བ་བདག་དང་འགྲོ་བ་ཀུན། མ་ལུས་ཕྱམ་གཅིག་གང་དུ་བསྔོ་ན་སངས་རྒྱས་ཁོ་ན་ཡིན་པས་དེ་འགྲུབ་པར་ཤོག འདིར་བསྔོ་སྨོན་གྱི་ཁྱད་པར་རྒྱུ་དགེ་བ་སྔོན་དུ་སོང་བ་དང་མ་སོང་བའི་ཁྱད་པར་གྱིས་དབྱེའོ། །གཉིས་པ་ཡན་ལག་བདུན་གྱི་འཐད་པ་དགོད་པ་ལ་གཉིས། དང་པོ་སྤང་བྱ་གེགས་ཀྱི་དྲི་མ་འབྱངས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་སླ་བའི་འཐད་པ། ཇི་ལྟར་ཁྲུས་ཀྱིས་སྦྱངས་པའི་རས་ཡུག་དག །ཚོན་གྱིས་བསྒྱུར་བས་ཁ་དོག་གསལ་བ་བཞིན། །དེ་ལྟར་སྔོན་དུ་འགྲོ་བས་སེམས་སྦྱངས་པའི། །རྒྱུད་ལ་དངོས་གཞིའི་སེམས་མཆོག་གསལ་བར་སྐྱེ། །གཉིས་པ་བླང་བྱ་དགེ་བའི་དཔུང་ཚོགས་བསྐྱེད་པས་སེམས་བསྐྱེད་སྐྱེ་སླ་བའི་འཐད་པ། ཡན་ལག་འདུན་པ། འདི་ནི་བསོད་ནམས་འབྲས་བུ་ཚད་མེད་དེ། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །གཉིས་པ་དངོས་གཞིའི་ཆོ་ག་ནི། དེ་ནས་དངོས་གཞི་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བྱས་ཏེ། །མགོན་པོ་སྲས་དང་བཅས་རྣམས་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་བསླབ་ལ་གནས་པ་ལྟར། །དེང་ནས་བདག་གིས་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །མ་བརྒལ་བ་རྣམས་བདག་གིས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ་བགྱི་ཞིང་། །དབུགས་མ་ཕྱུང་རྣམས་བདག་གིས་དབུགས་དབྱུང་སྟེ། །སེམས་ཅན་རྣམས་ནི་མྱ་ངན་འདས་ལ་འགོད། །གསུམ་པ་མཇུག་ལ་གསུམ། དང་པོ་དུས་གཞན་དུས་སེམས་བསྐྱེད་བཟུང་བའི་རིམ་པ། དེ་ལྟར་ཉིན་དང་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་གཉིས་སྐྱེད་ལ་འབད་པར་བྱ། །གཉིས་པ་ལན་གསུམ་བརྗོད་པའི་འཐད་པ། དེ་ལྟར་ལན་གསུམ་གྱི་བརྗོད་པ་དང་པོས་སྨོན་པ་སེམས་བསྐྱེད་ལ། གཉིས་པས་འཇུག་པ་སེམས་བསྐྱེད་གསུམ་པ་ཡིས། གཉིས་ཀ་བརྟན་ཞིང་དག་པ་ཐོབ་པར་འགྱུར་ཏེ་སྨོན་འཇུག་ངོ་བོ་གཅིག་ལ། ཆོ་ག་ལས་ཐ་དད་པ་ལྟར་ལྡོག་པ་གསུམ། བརྗོད་པ་གསུམ་ལས་སྐྱེ་བར་བཞེད་དོ། །གསུམ་པ་སྤྲོ་དགའ་བསྐྱེད་པ། དེང་ནས་བདག་ནི་འགྲོ་ཀུན་ཉེར་འཚོའི་གཞི། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཡང་ཐོབ། །སྲིད་ན་མི་འཇིགས་འགྲོ་བའི་དོན་བྱེད་ཅིང་། །རྟག་ཏུ་ཕན་པ་འབའ་ཞིག་ལྷུར་ལེན་པས། །མི་ཡི་སྲིད་པ་དོན་དང་བཅས་པར་གྱུར། །དོན་གསུམ་པ་སེམས་སྐྱེད་ཀྱི་བསླབ་བྱ་བསྟན་པ་ལ་གཉིས། བསླབ་མདོའི་གནས་སྤྱིར་བསྟན་པ་དང་། སྤྱོད་པ་རླབས་པོ་ཆེའི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་བསླབ་མདོའི་གནས་སྤྱིར་བསྟན་པ་ལ་ལྔ། དང་པོ་བསླབ་གཞི་བྱང་ཆུབ་ཀྱི་སེམས་ལ་གདམས་པ། ད་ནི་སེམས་གཙང་རིགས་ཡོད་པས་ནོར་བུ་རིན་པོ་ཆེ་འོད་འབར་བའི་འབྱུང་གནས་ལ་བྱི་དོར་བྱས་ན་དེ་བས་ཀྱང་མཛེས་པ་ལྟར་དགེ་བའི་ས་གཞི་ལ། བྱང་ཆུབ་སེམས་གཉིས་མྱུ་གུ་རབ་བསྐྱེད་དེ། དེ་གཟུང་བ་དང་དྲི་མ་དག་པ་དང་དགེ་བ་སྤེལ་ཕྱིར་བརྩོན་པར་བྱ། ཚུལ་ཇི་ལྟར། གཟུང་དག་སྤེལ་སྙམ་ན། སྨོན་པ་དང་འཇུག་པའི་རང་བཞིན་ལ་གནས་པ་ནི་སེམས་བཟུང་བའོ། །དེའི་མི་མཐུན་ཕྱོགས་སྤང་བའི་ཕྱིར་འབད་པ་ནི་དག་པར་བྱ་བའོ། །བདག་གི་བདེ་བ་དང་། སེམས་ཅན་གྱི་སྡུག་བསྔལ་བརྗེ་བ་ལ་སྤེལ་མར་བྱ་བ་ནི་སེམས་སྤེལ་བའོ། །དེ་ཡང་འདི་ལྟར་སྤྲོ་བ་དང་། དགེ་ཚོགས་མང་དུ་བསྟེན་པ་དང་། ཀུན་ཏུ་དགེ་བ་འབའ་ཞིག་པ་དང་། སེམས་ཅན་ཐམས་ཅད་བདག་ཉིད་ཀྱི་ཁུར་དུ་འཁུར་བ་དང་། བདག་དང་གཞན་དུ་མཉམ་པ་དང་། བདག་དང་གཞན་དུ་བརྗེ་བར་བྱ་བ་ནི་བསླབ་པའི་མདོ་བསྡུས་པ་སྟེ། སྤྱོད་འཇུག་ལས། སྒྱིད་ལུག་མེད་དང་དཔུང་ཚོགས་དང་། །ལྷུར་བླང་བདག་ཉིད་དབང་བྱ་དང་། །བདག་དང་གཞན་དུ་མཉམ་པ་དང་། །གཞན་དང་བདག་ཏུ་བརྗེ་བར་གྱིས། །ཞེས་སོ། །གཉིས་པ་སྨོན་འཇུག་བློའི་སྤྱོད་ཚུལ་བསྟན་པ། དེས་ན། འགྲོ་བའི་སྡུག་བསྔལ་བདག་གིས་བླང་བྱ་ཞིང་། །བདག་གི་བདེ་བས་འགྲོ་བ་བདེར་འགྱུར་ཏེ། །བྱང་ཆུབ་བར་དུ་དེ་དང་མི་འབྲལ་ཤོག །སྙམ་དུ་གཏོང་ལེན་སྤེལ་མར་སྦྱང་བྱ་ཞིང་། །དེ་ལྟར་བསྒོམས་ཀྱང་དངོས་སུ་འཕོ་བ་ནི་མེད་དེ་ལས་འབྲས་མི་བསླུ་བའི་ཕྱིར། དཔེར་ན་འཇམ་དཔལ་བཞིན། དེའི་སྨོན་ལམ་དུ། སེམས་ཅན་རེ་རེའི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་ཤོག །ཅེས་བཏབ་པའི་ཕྱིར། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམ། གཞན་ཡང་ཐེག་ཆེན་མན་ངག་ལས་བྱུང་བ་ལྟར། རྣམ་པ་བཅུ་གསུམ་གྱིས་ཕན་པ་བསྒྲུབ་དགོས་ཏེ། ཚེ་རབས་ཀྱི་ཕ་མ་ཡིན་པས་དྲིན་ཆེ་བ་དང་། བྱས་པ་མི་གཟོ་བ་དམན་པར་འགྱུར་བ་དང་། བདག་གི་ཕྱིར་སྔོན་སྡིག་པ་བྱས་པས་དེ་དག་ངན་སོང་དུ་གཞོལ་བ་དང་། དེ་དག་བདེ་སྡུག་འདོར་ལེན་གྱི་ཐབས་ལ་རྨོངས་པ་དང་། སྔར་སངས་རྒྱས་ཐམས་ཅད་ཀྱིས་བོར་བ་འདི་རྣམས་ངས་མ་དྲངས་ན་ཐེག་ཆེན་གྱི་རིགས་ཆད་པར་འགྱུར་བ་དང་། བདག་འཛིན་ཉོན་མོངས་ཀྱིས་དཀྲུགས་ཏེ་ཕྱིན་ཅི་ལོག་པས་ཀྱང་འདུལ་བའི་ཕྱིར་འབད་པས་སྨོན་ལམ་འདེབས་ལགས་གསུངས་པའི་ཕྱིར་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ལ། དེ་ལྟར་མ་རྟོགས་པས་ཀྱང་སྙིང་རྗེ་བ་དང་། དེ་དག་གི་དོན་མ་བྱས་ན་རང་གི་བསླབ་པའང་འདོར་བར་འགྱུར་བ་དང་། རང་གི་བྱང་ཆུབ་སྒྲུབ་པའི་དམིགས་ཡུལ་ཡང་ཡིན་པ་དང་། གཞན་དོན་བྱས་ན་རང་དོན་ཀྱང་ཤུགས་ལ་འགྲུབ་པ་དང་། དེས་སངས་རྒྱས་མཉེས་པར་འགྱུར་བ་དང་། སེམས་ཅན་གྱི་དོན་མ་བསྒྲུབས་ན་རང་ཉིད་ཉན་རང་དུ་ལྟུང་བ་དང་། དོན་དམ་པར་དམིགས་སུ་མེད་པས་ཀུན་རྫོབ་ཏུ་གཞན་དོན་བྱེད་པ་ལ་མི་དཀའ་བས་ཀྱང་ཕན་པ་བསྒྲུབ་དགོས་པས། དེ་ལྟར་བརྩོན་པ་ཆེན་པོས། སེམས་བསྐྱེད་དེ་ཡི་མི་མཐུན་ཕྱོགས་སེམས་ཞུམ་པ་སོགས་སྤང་སེམས་བསྲུང་བར་བྱ། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱད། །དེ་ཡི་མི་མཐུན་ཕྱོགས་སྤང་བརྩོན་པར་བྱ། གསུམ་པ་དྲན་ཤེས་བག་ཡོད་ཀྱི་གནས་ལ་གདམས་པ། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །མི་དགེ་སྤང་ཞིང་དགེ་ཆོས་རྒྱ་མཚོ་བསྒྲུབ། །བཞི་པ་བསྲུང་བྱ་བསླབ་མདོའི་རབ་{རང}ཏུ་དབྱེ་བ། བྱང་ཆུབ་སེམས་གཉིས་མི་ཉམས་བསླབ་བྱ་སྟེ། །ལོག་པར་ལྟ་སོགས་རྒྱལ་པོའི་ལྟུང་བ་ལྔ། །གྲོང་སོགས་བློན་པོའི་ལྔ་དང་ཕལ་པའི་བརྒྱད། །ཐུན་མོང་གཉིས་ཏེ་ཉི་ཤུ་ལྟུང་བྱེད་ལ། །ལོག་ལྟའི་ཕྱོགས་མཐུན་མ་གུས་པ་ཙམ་སོགས་ཀྱིས་མཚོན། དེ་དང་ཕྱོགས་མཐུན་ཉེས་བྱས་ཤེས་པར་བྱ། །ལོག་ལྟ་སོགས་དེ་དག་མི་ལྡན་པ་སྤང་སེམས་དགེ་བ་ལྟུང་དང་ཉེས་མེད་དེ་ཕྱོགས་མཐུན་གྱིས་ཀྱང་མ་གོས་པའོ། །དགེ་བའི་ཕྱོགས་མཐུན་ཇི་སྙེད་པ་ནི་བསླབ་བྱར་ཤེས་པར་བྱ། ལྔ་པ་སྤང་བླང་ངེས་པའི་གནས་གཞན་བསྟན་པ་ལ་གསུམ། ཆོས་བཞི་ངེས་པའི་བླང་དོར་བསམ་པ། གཞན་དོན་ངེས་པའི་བླང་དོར། གང་དག་ངེས་པའི་དབྱེ་བ་བསམ་པའོ། །དང་པོ་ཆོས་བཞི་ངེས་པའི་བླང་དོར་བསམ་པ་ལ་གསུམ། དང་པོ་ཆོས་བཞི་བླང་དོར་མདོར་བསྟན་པ། མདོར་ན་སྨོན་པའི་སྲུང་མཚམས་ནག་པོའི་ཆོས་བཞི་སྤང་བྱ་ཞིང་། དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། གཉིས་པ་ནག་པོའི་ཆོས་བཞི་རྒྱས་པར་བཤད་པ། བླ་མ་དང་མཆོད་འོས་བསླུ་དང་གཞན་འགྱོད་པ་མེད་ལ་འགྱོད་པ་བསྐྱེད། རྒྱལ་སྲས་དམ་པ་རྣམས་ལ་མི་སྙན་སྒྲོགས་པ་དང་། འགྲོ་བའི་ནང་ན་གཡོ་དང་སྒྱུའི་སྤྱོད་པ། །ནག་པོའི་ཆོས་བཞི་ལགས་པས་སྤང་འཚལ་ལོ། །གསུམ་པ་དཀར་པོའི་ཆོས་བཞི་རབ་ཏུ་དབྱེ་བ། ཤེས་བཞིན་རྫུན་སྨྲ་སྤངས་ནས་དམ་པ་བསྟེན་ཞིང་ཡོན་ཏན་བསྔགས་པ་བརྗོད། སེམས་ཅན་རྣམས་ནི་ཡང་དག་དགེ་ལ་བསྐུལ། །རྒྱལ་སྲས་རྣམས་ལ་སྟོན་པའི་དུ་ཤེས་བསྐྱེད། །གཡོ་སྒྱུ་མེད་པའི་ལྷག་པའི་བསམ་པས་འགྲོ་ལ་ཕན་བདེ་བྱེད་པ་སྟེ། དཀར་པོའི་ཆོས་རབ་བཞི་པོ་བསྟེན་པར་མཛོད། གཞན་ཡང་ཏིང་འཛིན་རྒྱལ་པོ་ལས་གསུངས་པ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས། དེའི་ཆོས་ལ་ལམ་གྱི་འདུ་ཤེས། དེ་སྒྲུབ་པ་གྲོགས་ཀྱི་འདུ་ཤེས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཏེ་འདུ་ཤེས་བཞི་ཡང་བསྐྱེད་པར་བྱའོ། །གཉིས་པ་གཞན་དོན་ངེས་པའི་བླང་དོར་བསམ་པ། འཇུག་སེམས་ཀྱི་བསྲུང་ཚུལ་རང་དོན་ལས་ཀྱང་གཞན་ཕན་གཙོར་འཛིན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་སྟེ། གཞན་དོན་དུ་འགྱུར་བ་དང་། འགྱུར་བ་ཤེས་པ་དང་། དགེ་ཚོགས་མི་འགྲིབ་པ་གསུམ་ཚང་ན་ལུས་ངག་མི་དགེ་བ་བདུན། གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན། །ཡིད་གསུམ་ནམ་ཡང་གནང་བའི་སྐབས་མེད་དོ། །རང་དོན་ཞི་བདེ་འདོད་པའི་དགེ་བ་ཡང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལྟུང་བ་སྟེ། །གཞན་ཕྱིར་ཕན་ན་མི་དགེ་གང་ལགས་པ། །དེ་ཡང་བསླབ་བྱ་ལགས་པར་རྒྱལ་བས་གསུངས། །དེའང་སྤང་བྱ་སྤོང་བའི་ཚུལ། ཤེས་བྱ་ཤེས་པའི་ཚུལ། བསྒྲུབ་བྱ་སྒྲུབ་པའི་ཚུལ་གྱིས་བསླབ་པ་གསུམ་ལས། སྔ་མ་ནི་རྩ་ལྟུང་དང་། མི་དགེ་བ་སོགས་གནང་བཀག་ཤེས་པས་བསྡོམ་པའོ། །བར་པ་ནི་སྤྱིར་ཤེས་བྱ་རིག་པའི་གནས་ལྔ་ལ་བསླབ་པ་དང་། ཁྱད་པར་བསླབ་སྡོམ་གྱི་རིམ་པ་ཤེས་པར་བྱ་བ་སྟེ་ལྟུང་ལྟུང་མེད་ཀྱི་དབྱེ་བསལ་དང་། བྱེ་བྲག སྨོན་སེམས་ཉམས་པའི་རྐྱེན་ཞུམ་པ་སྒྱིད་ལུག ལམ་གཞན་ལ་འཇུག་པ་སྟེ་གསུམ་དང་། འཇུག་སེམས་ཉམས་རྐྱེན། རྟེན་གཞི་སྨོན་པ་ཤོར་བ། འགལ་ཟླ་རྩ་ལྟུང་བྱུང་བ། སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་སོགས་ཤེས་པར་བྱས་ནས། ཉམས་པའི་ཉེས་པ་དང་། གོམས་ཐབས་སོགས་ལ་མཁས་པར་བྱ་བའོ། །ཕྱི་མ་བསྒྲུབ་ཚུལ་ལས། ཐེག་ཆེན་དབུ་མ་ལུགས་ལ། ནམ་མཁའི་སྙིང་པོའི་མདོ་ཡི་རྗེས་སུ་འབྲངས་ཏེ། དཀོན་མཆོག་གི་དཀོར་འཕྲོག་པ། དམ་པའི་ཆོས་སྤང་བ། རབ་བྱུང་ལ་ཆད་པ་གཅོད་པ། མཚམས་མེད་ལྔ་ལས་གང་རུང་བྱེད་པ། ལོག་པའི་ལྟ་བ་འཛིན་པ་སྟེ་བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། སྔ་མ་བཞི་པོའི་སྟེང་དུ། གྲོང་། ལྗོངས། གྲོང་ཁྱེར། གྲོང་རྡལ། ཡུལ་འཁོར་འཇོམས་པ་རྣམས་བསྣན་པ་བློན་པོ་ལ་ཉེ་བ་ལྔ། བློ་མ་སྦྱངས་པར་སྟོང་ཉིད་སྟོན་པ། ཐེག་ཆེན་གྱི་རིགས་ཅན་ཐེག་དམན་ལ་འགོད་པ། སོ་ཐར་སྤང་དུ་བཅུག་པ། ཐེག་དམན་གྱི་ལམ་ལ་འབྲས་བུ་མེད་པར་འཛིན་པ། ཕྲག་དོག་གིས་བདག་བསྟོད་གཞན་སྨོད། རྙེད་བཀུར་གྱི་ཆེད་དུ་བདག་ཉིད་ལ་བསྟོད་པ། དགེ་སློང་གི་རྫས་དབང་པོ་ཆེ་གཞན་ལ་སྦྱིན་པ། སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན་ནས་ཞི་གནས་འདོར་དུ་བཅུག་པ་སྟེ་ཕལ་ལ་ཉེ་བ་བརྒྱད་དང་། དེའི་སྟེང་ཐུན་མོང་དུ་སྨོན་འཇུག་གི་སེམས་གཉིས་འདོར་བ་སྟེ་རྩ་ལྟུང་ཉི་ཤུའོ། །རྣལ་འབྱོར་སྤྱོད་པའི་ལུགས། རྙེད་བཀུར་གྱི་ཕྱིར་དུ་བདག་བསྟོད་གཞན་སྨོད། སེར་སྣའི་དབང་གིས་ཆོས་ནོར་མི་སྟེར་བ། ཁྲོ་བས་བཤགས་ཀྱང་སླར་འཚོག་པ། ཐེག་ཆེན་སྤངས་ཤིང་དམ་ཆོས་འདྲ་སྣང་སྟོན་པ་སྟེ་རྩ་ལྟུང་བཞིར་གསུངས། ལེན་ཚུལ་ཡང་སེམས་ཙམ་ལུགས་ལ་ལན་གསུམ་ལས་ལྷག་པར་བླང་དུ་མེད་པར་བྱང་ས་ལས་བཤད་། དབུ་མའི་ལུགས་ལ་ལན་གྲངས་ཇི་ཙམ་བླང་ཡང་སྐྱེ་བར་བཞེད་དོ། །གསུམ་པ་གང་ཟག་ངེས་པའི་དབྱེ་བ་བསམ་པ། གང་གིས་སྒྲུབ་པའི་གང་ཟག་གི་རིམ་པ། རྒྱལ་སྲས་དེ་ཡང་རྣམ་པ་གསུམ་ཉིད་དེ། །རང་ཉིད་གྲོལ་ནས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །རང་དང་འགྲོ་བ་མཉམ་དུ་ཐར་འདོད་པ། །གྲུ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །འགྲོ་བ་བསྒྲལ་ནས་རང་ཉིད་ཞི་འདོད་པ། །རྫི་བོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གསུམ། །རིམ་བཞིན་གྲངས་མེད་སུམ་ཅུ་རྩ་གསུམ་དང་། །བདུན་དང་གསུམ་གྱིས་གྲོལ་བ་ཐོབ་པ་ནི། །དབང་པོའི་རིམ་པར་ལགས་པ་མདོ་ལས་གསུངས། །གཉིས་པ་སྤྱོད་པ་རླབས་པོ་ཆེའི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་མདོར་བསྟན། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་པ་སྟེ། །གཙོ་བོ་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཡོན་ཏན་བཞི་སོགས་སྤྱིར་བསྟན་ནས། གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། བྱེ་བྲག་འགྲོ་བ་དབུལ་བས་ཉམ་ཐག་མཐོང་ནས་ནི། ཟས་གོས་རྟ་དང་ཤིང་རྟ་གླང་པོ་སོགས། །མཁོ་དགུའི་ཡོ་བྱད་དཔག་མེད་གཏོང་བ་སྟེ། །བུ་དང་བུ་མོ་ལ་སོགས་གཏོང་བ་ཆེ། །མགོ་དང་མིག་སོགས་ཤིན་ཏུ་གཏོང་བ་སྟེ། །ཟང་ཟིང་དང་ནི་ཆོས་ཀྱིས་ཕན་པ་བསྒྲུབ། །དེའང་ངོ་བོ་སེར་སྣ་མེད་པ་རྒྱུ་གཏོང་སེམས་དག་པ། འབྲས་བུ་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབ་པ། བྱེད་ལས་རང་གཞན་གཉིས་རྗེས་སུ་འཛིན་ཅིང་ཚོགས་གཉིས་རྫོགས་པར་བྱེད་པས། དེས་ནི་རང་གི་སེར་སྣའི་ཚོགས་འཇོམས་ཤིང་། གཞན་དོན་གྱི་འབྱོར་པ་ཉེ་བར་སྐྱེ་བར་འགྱུར། གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་བསླབ་གསུམ་སྤྱིར་བསྟན་པ། ཕྱི་རོལ་པ་ལ་མེད་པས་ལྷག་པའི་ཚུལ་ཁྲིམས་ཀྱིས་ནི་རྒྱུད་ཉེས་སྤྱོད་བསྡོམས་ཤིང་། སེམས་ཀྱིས་དགེ་བ་ཆོས་སྡུད་ཞི་བ་རྣམས་བསྒྲུབས་ལ། ཐབས་ལ་མཁས་པས་གཞན་དོན་སྒྲུབ་པ་ཤེས་རབ་ཀྱིས་ནི་དོན་གཉིས་ཕུན་ཚོགས་འཐོབ་སྟེ། སངས་རྒྱས་པ་ན་སྡོམ་པས་སྒྲིབ་པ་སྤང་། ཆོས་སྡུད་ཀྱིས་ཇི་ལྟ་ཇི་སྙེད་གཉིས་འགྲུབ། དོན་བྱེད་ཀྱིས་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཐོབ། གཉིས་པ་ཚུལ་ཁྲིམས་གསུམ་བསྟན་པ། སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་དེ། །རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་གསུམ་རྟག་བསྲུང་། །གསུམ་པ་བསྲུང་བྱ་ངེས་པར་བཟུང་བ། ཁྱིམ་པས་དགེ་བསྙེན་བསྙེན་གནས་སྨོན་འཇུག་ལ། །རབ་ཏུ་བྱུང་བས་དགེ་སློང་དགེ་ཚུལ་དང་། །དགེ་སློབ་མ་ཡི་སྡོམ་པ་གང་ཡིན་སྟེང་། །བྱང་ཆུབ་སེམས་གཉིས་བསྲུང་བ་ཚུལ་ཁྲིམས་ཡིན། །གསུམ་པ་བཟོད་པ་ལ་བདུན། དང་པོ་བཟོད་པ་གསུམ་གྱི་དབྱེ་བ། ཕྱི་ནང་གནོད་པ་སྣ་ཚོགས་ལ་མི་ཁྲོ་བའི་བཟོད་པའམ། ཆོས་ཕྱིར་དཀའ་སྤྱད་ཀྱི་སྡུག་བསྔལ་ལ། ཇི་མི་སྙམ་དང་ལེན་དང་སྙིང་རྗེས་གཞན་དོན་ལ་སྐྱོ་ངལ་མེད་པ་དང་ཆོས་ལ་སོམ། དམིགས་མེད་ལ་མི་སྐྲག་པའི་བཟོད་པ་གསུམ་ཡང་བསྒྲུབ་པར་བྱ། གཉིས་པ་བཟོད་པ་སྒོམ་པའི་འཐད་པ། ཞེ་སྡང་ལྟ་བུའི་སྡིག་པ་འགའ་མེད་ལ། །བཟོད་མཚུངས་དཀའ་ཐུབ་བསོད་ནམས་གཞན་མེད་པས། །སྣ་ཚོགས་ཚུལ་གྱིས་བཟོད་ལ་ནན་ཏན་དུ། །ཁྲོ་བའི་མེ་ཆེན་འཇིལ་ལ་བརྩོན་པར་བྱ། །གསུམ་པ་རང་སེམས་འདུལ་བའི་རྒྱུ་མཚན། གནོད་པའི་ཡུལ་རྣམས་མི་བསྲུན་གྲངས་མེད་པས། །རེ་རེ་ཞིང་ཡང་གདུལ་བར་ཡོང་མི་ལོང་། །སེམས་གཅིག་བཏུལ་བས་ཐམས་ཅད་དུལ་འགྱུར་བ། །སེམས་འདུལ་བརྟུལ་ཞུགས་བསྲུང་ལ་ནན་ཏན་མཛོད། །བཞི་པ་ཡུལ་ལ་བཟོད་པའི་རིགས་པ་བརྗོད་པ། གནོད་ལ་བརྟེན་ནས་བཟོད་པའི་ལེགས་པ་འགྲུབ། །སྙིང་རྗེ་དང་ནི་བྱམས་སོགས་ཡོན་ཏན་སྐྱེ། །བྱང་ཆུབ་གྲོགས་གྱུར་དགྲ་ལ་སྟོན་པ་བཞིན། །གུས་དང་སྤྲོ་བས་བཟོད་པ་ཉེ་བར་བསྟེན། །ལྔ་པ་རང་གིས་ཉེས་པའི་རྒྱུན་མཚན་བསམ་པ། གཞན་ཡང་བདག་ཉིད་མེད་ན་མི་འབྱུང་ལ། །བྲག་ཅ་བཞིན་དུ་ཕན་ཚུན་བརྟེན་པ་ཅན། །རང་གིས་ཉེས་གྱུར་གནོད་པའི་ཚོགས་རབ་འདི། །འཕྲལ་གྱི་རྐྱེན་དང་སྔོོན་ལས་རྒྱུས་བསྐྱེད་ཕྱིར། །འདི་འབྱུང་རིགས་ཏེ་ལས་ཟད་ཐབས་འདི་ལ། །ཅི་ནས་སེམས་འདུལ་གཅིག་པུ་བསྲན་ཚུགས་བྱ། །དྲུག་པ་སེམས་ལོག་པའི་གློད་ཐབས་བསྟན་པ། མི་འདོད་ཐོག་ཏུ་བབ་ལ་མི་དགའ་བཏང་། །བཅོས་སུ་ཡོད་ན་མི་དགའ་ཅི་དགོས་ལ། །མེད་ན་ཕན་པ་མེད་པས་ཅི་བྱར་ཡོད། །དེ་བས་རྐྱེན་རྣམས་བཟོད་ལ་ནན་ཏན་བྱ། །བདུན་པ་ཆོས་ཀྱི་དོན་གྱི་བཟོད་པ་བཤད་པ། བརྟགས་ན་མཁའ་བཞིན་སྟོང་པའི་རང་བཞིན་ལ། །དགའ་དང་མི་དགའ་ཤོར་གོད་ལེགས་ཉེས་མེད། །དེ་ལ་གཉིས་སུ་བཟུང་ཡང་དོན་མེད་ཀྱིས། །ཐམས་ཅད་མཉམ་ཉིད་ངང་ལ་ནན་ཏན་མཛོད། །བཞི་པ་བརྩོན་འགྲུས་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞི། དང་པོ་བརྩོན་འགྲུས་བསྐྱེད་པའི་འཐད་པ་དགོད་པ། གང་ལ་བརྩོན་པའི་རང་བཞིན་དགེ་ལ་སྤྲོ། །དེ་ལ་དགེ་ཆོས་མི་ཟད་སྤྲིན་བཞིན་འདུ། །དྲི་ཞིམ་པདྨའི་ཚལ་དུ་བུང་བ་བཞིན། །གཉིས་པ་དེའི་མི་མཐུན་ཕྱོགས་བསྟན་པ། དེ་ཡི་མི་མཐུན་ཕྱོགས་གང་ལེ་ལོ་གསུམ། །བྱ་བ་ངན་ཞེན་ཚོང་སོ་ནམ་སོགས་འཇིག་རྟེན་པའི་དང་། དཀའ་བ་མཐོང་ནས་མི་འགྲུབ་སྙམ་སྟེ་སྦྱོར་བ་བཏང་བ་སྒྱིད་ལུག་པ། བདག་འདྲས་མི་ནུས་ཞེས་བདག་ཉིད་བརྙས། ལེགས་པ་མི་འགྲུབ་ཉེས་ཀུན་འབྱུང་བའི་གཞི། །ཕུན་ཚོགས་ཉམས་ལ་རྒུད་པ་སྐྱེ་བར་འགྱུར། །གསུམ་པ་དེའི་གཉེན་པོ་བརྩོན་འགྲུས་ཀྱི་ཡོན་ཏན་བསྔགས་པ། བརྩོན་འགྲུས་ལྡན་པ་འཇིག་རྟེན་གྱིས་བསྟོད་ཅིང་། །བརྩོན་འགྲུས་ལྡན་པ་མི་ཡི་བསམ་པ་འགྲུབ། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང་། །བརྩོན་འགྲུས་ལྡན་པ་མྱ་ངན་འདའ་བར་འགྱུར། །བཞི་པ་བརྩོན་འགྲུས་དངོས་ཀྱི་བརྩམས་ཚུལ་བསྟན་པ། དེ་ཡང་འཇིག་རྟེན་དགེ་ཆོས་མཆོག་རྣམས་དང་། །འཇིག་རྟེན་འདས་པའི་ལམ་ནི་གང་ཡིན་པ། །ཟག་བཅས་ཟག་པ་མེད་པའི་ཆོས་རྣམས་ལ། །མི་དགེ་སྤང་ཞིང་དགེ་བ་བསྒྲུབ་པའི་ཕྱིར། །ལུས་ཀྱིས་འབད་ཡིད་ཀྱིས་རྩོལ་ངག་གིས་བརྩོན་པས་ཡང་དག་གནས་པར་བྱ། དེའང་དབྱེ་ན། དགེ་བ་བསྒྲུབ་ཅིང་བདུད་བཞི་འཇོམས་པའི་རྒྱུ་གོ་ཆའི་བརྩོན་འགྲུས་དང་། ལམ་ལྔ་ས་བཅུ་རྫོགས་པར་བྱེད་པའི་རྒྱུ་སྦྱོར་བའི་བརྩོན་འགྲུས། རང་གཞན་གྱི་དོན་འགྲུབ་པའི་རྒྱུ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ་མམ། ཡང་ན་ཀུན་བཏུས་ལས། གོ་ཆ། སྦྱོར་བ། མི་འགོད་པ། མི་ལྡོག་པ། ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ། ཞེས་སོ། །ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་ནི། །ཆེས་ཆེར་གོང་དུ་ཡང་དག་འགྲོར་ཡོད་པས། །དེ་སྲིད་མི་ངལ་འབད་པས་བརྩོན་འགྲུས་བརྩམས། །ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཅུ་གཅིག དང་པོ་འགྱུར་ཞིང་མི་རྟག་པའི་རང་བཞིན་བསམ་ནས་བསམ་གཏན་ལ་བསྐུལ་བ། བསམ་གཏན་འདོད་པས་རྣམ་གཡེང་འདུ་འཛི་སྤང་། །ཡུལ་གྱི་དགའ་བ་སྟོན་ཀའི་སྤྲིན་འདྲ་ཞིང་། །གློག་ལྟར་མི་བརྟན་གཡོ་བའི་རང་བཞིན་ཏེ། །ལོངས་སྤྱོད་མི་རྟག་སྒྱུ་མའི་ཁང་བཟང་འདྲ། །ནམ་ཡང་ཡིད་བརྟན་མི་རུང་དེ་སྤངས་ཏེ། མྱུར་བ་ཉིད་དུ་ཞི་བའི་ནགས་འདབ་བསྟེན། །གཉིས་པ་འདོད་པ་རྣམས་ཀྱི་ཉེས་དམིགས་ལ་བསམས་ནས་བསམ་གཏན་ལ་བསྐུལ་བ། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །བསག་དང་བསྲུང་དང་ཚོལ་བས་སྡུག་བསྔལ་ཞིང་། །ཁེངས་དང་སྲེད་དང་འཇུངས་པས་སེར་སྣ་འཕེལ། །ངན་འགྲོར་འཁྲིད་ཅིང་བདེ་འགྲོའི་ལམ་འགོག་པས། །འདོད་པ་ཆུང་དང་ཆོག་ཤེས་ལྡན་པར་བྱ། །གསུམ་པ་ཡོ་བྱད་བསྙུངས་པའི་ཕན་ཡོན་ལ་བསམས་ནས་བསམ་གཏན་ལ་བསྐུལ་བ། ལུས་རྨ་ཇི་སྙེད་སྡུག་བསྔལ་ཁྱབ་པ་ལྟར། །ནོར་མང་ཇི་སྙེད་སྡུག་བསྔལ་དེ་བས་མང་། །ཡོ་བྱད་བསྙུངས་རྣམས་བདེ་བ་མཐའ་ཡས་ཏེ། །འཚེ་བ་ཉུང་ཞིང་དགྲ་རྐུན་འཇིགས་པ་མེད། །ཀུན་གྱིས་བསྟོད་ཅིང་འཕགས་པའི་ལམ་ལ་གནས། །བྱ་བ་ཉུང་ཞིང་སེམས་ལས་ཆུང་བས་ན་ཏིང་ངེ་འཛིན་འགྲུབ་པས། རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །བཞི་པ་བཤེས་དང་འགྲོགས་པའི་ཉེས་པ་བསམས་ནས་བསམ་གཏན་ལ་བསྐུལ་བ། བྱིས་དང་འགྲོགས་པའི་ཉེས་པ་ཚད་མེད་དེ། །སྡིག་པ་འཕེལ་ཞིང་མི་དགེ་ངང་གིས་འགོ །དགེ་བ་འགྲིབ་ཅིང་རྩོད་དང་ཉོན་མོངས་སྐྱེ། །བྱས་པ་མི་གཟོ་ནམ་ཡང་མགུ་བ་དཀའ། །དོན་མེད་བྱ་བ་མང་ཞིང་འདུ་འཛིའི་གཡེང་། །མེ་དང་སྦྲུལ་དང་གཅན་གཟན་ཁྲོད་འདྲ་བའི། །བྱིས་པ་རྣམས་ལས་ཐག་རིང་འབྱོལ་བར་བྱ། །ལྔ་པ་འདུ་འཛིས་བསླུ་བའི་རྒྱུ་མཚན་བསམས་ནས་བསམ་གཏན་ལ་བསྐུལ་བ། ཇི་སྲིད་སེམས་ལ་བརྟན་པ་མ་ཐོབ་པར། །ཕྱི་རོལ་ཡུལ་གྱིས་རབ་ཏུ་སླུ་བས་ན། །དབེན་པའི་གནས་སུ་སྤྲོ་བས་གནས་པར་བྱ། །དྲུག་པ་གཅིག་པུར་འགྲོ་བའི་རང་བཞིན་བསམས་ནས་བསམ་གཏན་ལ་བསྐུལ་བ། ཇི་སྲིད་སྐྱེས་བུ་བཞི་ཡིས་བཏེག་པའི་ལུས། །ངུད་མོའི་སྒྲ་དང་བཅས་པར་མ་གྱུར་བར། །བདག་ནི་ཞི་བའི་དགོན་པར་རབ་ཕྱོགས་ཏེ། །ལུས་སེམས་འདུ་འཛིའི་དགྲ་ལས་རྒྱལ་བར་བྱ། །བདུན་པ་ནགས་ཁྲོད་དབེན་པའི་ཡོན་ཏན་བསམས་ནས་བསམ་གཏན་ལ་བསྐུལ་བ། ནགས་ནི་ཆུ་གཙང་མེ་ཏོག་འབྲས་མང་ཞིང་། །བྲག་རིའི་ཕུག་དང་རྡོ་ལེབ་ཁང་བཟང་མང་། །དུད་པའི་ལྗོན་ཤིང་གྲིབ་མས་བརྒྱན་པའི་ཁྲོད། །བྱ་དང་རི་དྭགས་མང་པོ་གར་བྱེད་ཅིང་། །ཆུ་འགྲམ་མེ་ཏོག་བུང་བ་གླུ་ལེན་མཛེས། །བརྒྱད་པ་དེའི་གནས་ཀྱི་བཀོད་པ་བསམ་ནས་བསམས་གཏན་ལ་བསྐུལ་བ། སྤོས་དང་སྨན་སོགས་དྲི་ཞིམ་ངད་ལྡང་ཞིང་། །དབེན་ཞིང་ཉམས་དགའ་བསམ་གཏན་ངང་གིས་འཕེལ། །དུས་བཞིར་དགའ་བས་{བ་ལ}པདྨའི་མཚོ་འདྲ་སྟེ་སེར་བུའི་རླུང་གིས་སྨན་དང་མེ་ཏོག་གི་དྲི་ཞིམ་གྱི་ངད་ལྡང་ཞིང་། སོ་ཀ་དབྱར་དང་སྟོན་དུས་དགུན་དང་དཔྱིད། །རིམ་གྱིས་འགྱུར་བས་མི་རྟག་སྐྱོ་ཤས་འཕེལ། །དགུ་པ་མི་རྟག་སྐྱོ་བའི་རང་བཞིན་བསམས་ནས་བསམ་གཏན་ལ་བསྐུལ་བ། དུར་ཁྲོད་རུས་པ་འཐོར་བའི་ཚུལ་མཐོང་ནས། །བདག་གི་ལུས་ཀྱང་དེ་འདྲའི་ངང་ཚུལ་ཅན། །སོ་སོར་འགྱེས་ཆོས་ཅན་དུ་མཐོང་བར་འགྱུར། །འདུས་བྱས་སྙིང་པོ་མེད་པའི་འཁོར་བ་ལ། །དགའ་བའི་བློ་གྲོས་གང་ཡིན་རིང་དུ་བྱེད། །རྩོད་དང་ཉོན་མོངས་མེད་ཅིང་རྟག་ཞི་བས། །རང་གི་སེམས་ནི་ལས་རུང་བདེ་བ་འཐོབ། །བཅུ་པ་ནགས་ཚལ་བསྔགས་པའི་ཕན་ཡོན་བསམས་ནས་བསམ་གཏན་ལ་བསྐུལ་བ། དེ་འདྲའི་ནགས་ནི་རྒྱལ་བ་རྣམས་ཀྱིས་བསྔགས། །སྲིད་ལ་སྐྱོ་བས་དགོན་པར་རབ་ཕྱོགས་ཏེ། །གོམ་པ་བདུན་ཙམ་བོར་བའི་བསོད་ནམས་ནི། །གང་གིས་བསྐལ་པ་གངྒཱའི་སངས་རྒྱས་ལ། །བསྐལ་པར་མཆོད་པའི་བསོད་ནམས་ཕུང་པོ་ཡིས། །སྔ་མའི་བསོད་ནམས་བརྒྱ་སྟོང་ཆར་མི་ཕོད། །ཅེས་ཏིང་འཛིན་རྒྱལ་པོ་ལས་སོ། །དེ་ཕྱིར་ཞི་བའི་ནགས་འདབས་བསྟེན་པར་བྱ། །བཅུ་གཅིག་པ་བསམ་གཏན་སྒོམ་ཚུལ་དངོས་ལ་གདམས་པ། དེར་ནི་སྟན་ལ་སྐྱིལ་ཀྲུང་རབ་བཅས་ནས། །རྩེ་གཅིག་སེམས་ལ་མི་གཡོ་མཉམ་པར་བཞག །བྱིས་པ་ཉེར་སྤྱོད་དོན་རབ་འབྱེད་པ་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་དམ་པ་བསྒྲུབ། །དེ་དག་རིམ་པར་བསམ་གཏན་བཞི་དང་དེ་བཞིན་གཟུགས་མེད་བཞི། ལམ་ལ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བྱིས་པ་ཉེར་སྤྱོད་དང་ལམ་ལ་ཞུགས་ཟིན་པ། ཚོགས་སྦྱོར་གྱི་ལམ་པའི་ཏིང་འཛིན་ཐར་པའི་རྒྱུར་གྱུར་དོན་རབ་འབྱེད་པ། ས་དང་པོ་ཡན་གྱི་འཕགས་རྣམས་ཀྱིས། ཏིང་འཛིན་ཟག་མེད་དེ་བཞིན་གཤེགས་དགེའི་བསམ་གཏན་དེ་གསུམ་གྱི་མིང་རྣམས་ཤེས་པར་བྱ། དེས་ནི་འདོད་ཡོན་དགའ་བའི་སེམས་སྤོང་ཞིང་། །རིག་དང་མངོན་ཤེས་ཏིང་འཛིན་མངོན་པར་འགྲུབ། །སྤྱན་དང་རྫུ་འཕྲུལ་སེམས་ལ་རང་དབང་བསྒྱུར། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་ཤེས་རབ་གསུམ་གྱི་རང་བཞིན་ལ་གདམས་པ། ཤེས་རབ་གསུམ་སྟེ་ཐོས་བསམ་སྒོམ་པ་ཉིད་དེ། འདིར་གཞལ་བྱེད་དྲང་ངེས། དགོངས་ལྡེམ་བཞི་སྟེ། གཤིས་གྱི་གནས་ལུགས་སྟོན་པ་ངེས་དོན། གཤིས་ལ་འཇུག་པའི་ཐབས་བསྟན་པ་དྲང་དོན། དགོངས་པ་ནི་ཡིད་ལ་རྣམ་པར་བཞག་པ་ཙམ་སྟེ། དབྱེ་ན། མཉམ་པ་ཉིད་དང་། དོན་གཞན་དང་། དུས་གཞན་དང་། གང་ཟག་གི་བསམ་པ་ལ་དགོངས་པ་བཞི། ལྡེམ་དགོངས་ནི་ཕ་རོལ་གཟུད་པ་ལ་ལྟོས་པ་སྟེ། ཞུགས་པ་དང་། མཚན་ཉིད་དང་། གཉེན་པོ་དང་། བསྒྱུར་བ་ལྡེམ་དགོངས་བཞིའོ། །གཞལ་བྱ་བདེན་གཉིས་དང་། རྟེན་འབྲེལ་ལས། བདེན་གཉིས་ནི། སྣང་ལུགས་ཀུན་རྫོབ་སྟེ་མ་དག་པ་འཁོར་བའི་འཁྲུལ་སྣང་དང་། དག་པ་འོག་མིན་ན་བཞུགས་པའི་གཟུགས་སྐུ་སོགས་འཁྲུལ་མ་འཁྲུལ་ཐམས་ཅད་དང་། དེའི་གནས་ལུགས་ནི་དོན་དམ་སྟེ། མཚན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །དེས་ན་དོན་དམ་པར་དབྱེར་མེད་ལ། ཐ་སྙད་དུ་དབྱེར་ཡོད་དེ་ངོ་བོ་གཅིག་ལ་ལྡོག་པ་ཐད་དོ། །ཡང་ན་ཡུལ་གྱི་རྣམ་པ་ནི་ཡུལ་ཅན་ལ་ལྟོས་ནས་འཇོག་པས། ཆོས་ཅན་འཁྲུལ་པའི་སྣང་བ་ཀུན་རྫོབ་དང་། ཆོས་ཉིད་མ་འཁྲུལ་པའི་གཤིས་ལུགས་རང་བཞིན་གྱིས་འོད་གསལ་བ་དོན་དམ་སྟེ་གཉིས་སོ། །རྟེན་འབྲེལ་ལ་གསུམ་ལས། གཤིས་ཀྱི་རྟེན་འབྲེལ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྤྲོས་བྲལ་རྣམ་པར་དག་པ། འཁོར་བའི་རྟེན་འབྲེལ་ཕྱི་ནང་གཉིས་སུ་འཁོར་ཏེ། མ་རིག་པ་ནས། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་ལུགས་ལས་འབྱུང་བ་བཅུ་གཉིས་སོ། །མྱང་འདས་ཀྱི་རྟེན་འབྲེལ་ལུགས་ལྡོག་སྟོང་པ་བཅུ་གཉིས། ལམ་དང་འབྲས་བུ་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པ་རྣམས་སོ། །དེ་ལྟར་ཤེས་པའི། ལྷག་མཐོང་གྲུབ་པས་ཉོན་མོངས་ཚོགས་སྤོང་ཞིང་། །ཆོས་དང་ཆོས་ཅན་གནས་ལུགས་རབ་ཤེས་ནས། །སྲིད་པའི་གྲོང་ལས་མྱ་ངན་འདས་ཞིར་འགྲོ། །གཉིས་པ་ཤེས་རབ་རང་གི་ངོ་བོ་བསྟན་པ། དེ་ལྟར་གཏན་ལ་ཕབ་པའི་དོན། སྣང་འདི་གདོད་ནས་མ་སྐྱེས་གཟུགས་བརྙན་བཞིན། །ངོ་བོ་མེད་ལ་སྣ་ཚོགས་སྣང་བ་སྟེ། །རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་གསུངས་པ་ལྟར། གཤིས་སྣང་སྟོང་ཟུང་འཇུག་སྨྲ་བསམ་བརྗོད་མེད་བློ་འདས་ཆེན་པོ་ཉིད་རྟོགས་པར་བྱ་སྟེ། དེ་ལ་དོན་དམ་བདེན་པ་བློས་རྟོགས་སམ་མི་རྟགས་ཞེ་ན། དོན་དམ་བདེན་པའི་ངོ་བོ་རྟོགས་བྱ་རྟོགས་བྱེད་ལས་འདས་པས་རྟོགས་པར་གཞག་ཏུ་མེད་དེ། དཀོན་བརྩེགས་ལས། འོད་སྲུང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་བལྟར་མེད་པ། མངོན་དུ་བྱར་མེད་པ། ཐོབ་པ་མེད་པ། མ་ཐོབ་པ་མེད་པ་ཡིན་ནོ་ཞེས་སོ། །འོ་ན་འཕགས་པས་མ་རྟོགས་ས མ་ཞེ་ན། དོན་དམ་པ་དང་མཐུན་པའི་བློ་སྐྱེས་པ་ལས་དེ་སྐད་དུ་བཏགས་ཏེ། ཟླ་གྲགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེ་བ་ལས་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི་སྟོང་པ་ཉིད་ནི་རྟོགས་པ་མ་ཡིན་ནོ། །ཞེས་བཤད། དཔེར་ན་ནམ་མཁའི་རང་བཞིན་གོ་འབྱེད་པར་རྟོགས་པས། ནམ་མཁའ་ཉིད་བློ་དང་དབྱེར་མེད་དུ་མ་གྱུར་པ་བཞིན། རྡོ་གཅོད་ལས། ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་བཞིན་ནོ། །དེས་ན་དོན་དམ་མཐར་ཐུག་རྟོགས་བྱ་རྟོགས་བྱེད་མེད་པར་བཤད་པ་ལ། གང་ཟག་གིས་དེ་མི་རྟོགས་པར་ཐལ་ཟེར་བ་ནི་འབྲེལ་མེད་དེ་བཞད་གད་ཀྱི་གནས་སོ། །དེ་ལྟར་རང་བཞིན་དག་པའི་རྟེན་འབྲེལ་མཐོང་ནས་ནི། དེའི་ཆེ་བས་མི་གནས་མཆོག་གི་གོ་འཕང་མྱུར་དུ་རེག གསུམ་པ་ཤེས་རབ་དགོས་པའི་རྒྱུ་མཚན་བཤད་པ། དེ་ལྟར་ཤེས་རབ་ལྡན་པ་ཐབས་ཀྱིས་གྲོལ་འགྱུར་ཏེ། ཇི་ལྟར་དུག་ལ་སྔགས་ཀྱིས་བཏབ་པ་བཞིན། །ཤེས་རབ་མེད་ན་ཐབས་ཀྱིས་འཆིང་འགྱུར་ཏེ། །སྨན་ཉིད་ནད་དུ་སོང་བས་གདུང་བ་བཞིན། །དེ་ཕྱིར་གནས་ལུགས་རྟོགས་པའི་ཤེས་རབ་བསྐྱེད། །གསུམ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་བསྡུས་པ་ནི། ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་ན། །སྒྱུ་མའིི་སྐྱེ་བོ་ཇི་བཞིན་ཤེས་རབ་བྱ། །བྱེད་པོ་བདག་དང་བྱ་བའི་ཡུལ་བྱས་པའི་དགེ་བ་སྟེ། འཁོར་གསུམ་མི་རྟོག་དགེ་བའི་ཚོགས་གཉིས་ཀྱིས། །རྒྱལ་བའི་གོ་འཕང་ཞི་བ་ཐོབ་པར་འགྱུར། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བསྔོ་བ། དེ་ལྟར་དགེ་ལེགས་སྤྲིན་གྱི་བཞོན་པ་ལས་བྱུང་བའི་ཆོས་ཆར་བསིལ་པོ་ཡིས། འགྲོ་སེམས་གཙང་མའི་ལོ་ཐོག་ལེགས་བསྐྲུན་ཏེ། །སྲིད་པའི་ཉེས་ཚོགས་དབུལ་བས་རབ་ཕོངས་པའི། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ་སྟེ་བརྒྱད་པའོ།། །། ༈ དགུ་པ་བསྐྱེད་རྫོགས་ཟུང་འཇུག་ཆེན་པོའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ལེའུ་ལ་འཇུག་པ་རྒྱུའི་དོན་ནི། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གསང་སྔགགས་ཕྱི་ནང་བསྐྱེད་རྫོགས་དོན་ལ་འཇུག །གཉིས་པ་ལེའུ་དངོས་ཀྱི་དོན་ལ་གཉིས། གསང་སྔགས་ཀྱི་གོ་དོན་སྤྱིིར་བསྟན་པ་དང་། སྒྱུ་འཕྲུལ་དྲྭ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུད་སྡེའི་གནས་སྤྱིར་བསྟན་པ། བསྐྱེད་རྫོགས་ཀྱི་གནས་བྱེ་བྲག་ཏུ་བསྟན་པ་སྐབས་ཀྱི་དོན་བསྡུ་བའོ། །དང་པོ་རྒྱུད་སྡེའི་གནས་སྤྱིར་བསྟན་པ་ལ་གསུམ། དང་པོ་སྔགས་ཀྱི་ཐེག་པའི་འཕགས་ཚུལ་བཤད་པ། དེ་ཡང་ཐབས་མང་དཀའ་བ་མེད་ཕྱིར་དང་། དོན་གཅིག་ན་ཡང་འཇུག་སྒོ་དང་འཇུག་ཚུལ་མ་རྨོངས་ཏེ་མདོ་ལམ་ནས་སྤང་བྱ་ལམ་དུ་བསྒྱུར་མི་ནུས་པ་ལ་འདིར་ལམ་དུ་བྱེད་པ་ལྟ་བུ་དང་། དབང་པོ་ཤིན་ཏུ་རྣོན་པོའི་དབང་མཛད་དེ། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་བཞི་བསྟན། །གཉིས་པ་སྡེ་ཚན་བཞིར་ངེས་པའི་རྒྱུ་མཚན་དགོད་པ། དུས་དང་མི་རིགས་དབང་པོའི་རིམ་པ་སྟེ། །རྫོགས་ལྡན་སུམ་ལྡན་ཉིས་ལྡན་རྩོད་ལྡན་དང་། །བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་གདོལ་པའམ་དམངས། །རྟུལ་པོ་འབྲིང་རྣོན་ཤིན་ཏུ་རྣོན་པོ་ལ། །ཁྲུས་དང་གཙང་སྦྲ་གཙོར་སྟོན་རིག་པ་མཆོག་དང་། ལེགས་པར་གྲུབ་པ་དང་། འཇིག་རྟེན་གསུམ་སྣང་སོགས་བྱ་བའི་རྒྱུད། ལུས་ངག་བྱ་དང་སེམས་ཀྱི་སྒོམ་པ་ཀུན། ཆ་མཉམ་སྟོན་པ་པདྨ་རྩེ་མོ། རིགས་གསུམ་གྲུབ་པ་སོགས་སྤྱོད་པའི་རྒྱུད་སྡེ་དང་། སྒོམ་པ་གཙོར་སྟོན་ལུས་ངག་སྤྱོད་པ་ཀུན། གྲོགས་ཙམ་སྟོན་པ་ངན་སོང་སྦྱོར་བ། རྡོ་རྗེ་དབྱིངས་སོགས་རྣལ་འབྱོར་རྒྱུད་དང་ནི། སྒོ་གསུམ་གྱི་བྱ་བ་ཐམས་ཅད་དང་བྲལ་བ་གཟུང་འཛིན་མི་དམིགས་པའི་ངང་ནས་སྤང་བླང་དགག་སྒྲུབ་གཉིས་སུ་མེད་པར་སྤྱོད་ཅིག སེམས་ཀྱི་ཆོས་ཉིད་འོད་གསལ་ཡེ་ནས་སངས་རྒྱས་པའི་ཆེ་བ་རང་ལ་གནས་པའི་བརྟུལ་ཞུགས་མཆོག གཙང་སྦྲ་ཆུང་རྣམས་ངོར་ནི་སྒྱུ་འཕྲུལ། བདེ་མཆོག་གསང་འདུས་སོགས་རྣལ་འབྱོར་ཆེ། གསུམ་པ་གསང་སྔགས་ཕྱི་ནང་གི་ཁྱད་པར་བཤད་པ་ལ་གཉིས། སྤྱིའི་ཁྱད་པར་དང་། བྱེ་བྲག་གི་ཁྱད་པར་རོ། །དང་པོ་སྤྱིའི་ཁྱད་པར་ལ་གཉིས། གསང་སྔགས་ཕྱི་པ་དང་། ནང་པའི་ཁྱད་པར་རོ། །དང་པོ་ཕྱི་རྒྱུད་ཀྱི་ཁྱད་པར་ལ་གཉིས། དང་པོ་དབྱེ་བ་མདོར་བསྟན་པ་ནི། དེ་ཡང་བྱ་སྤྱོད་རྣལ་འབྱོར་ཐུབ་པ་རྒྱུད། །ཀྲི་ཡ་ཨུ་པ་ཡོ་ག་ཞེས་བྱའོ། །གཉིས་པ་ཁྱད་པར་རྒྱས་པར་བརྗོད་པ། དེ་དག་གསང་སྔགས་ཕྱི་སྟེ་ལྷ་རྣམས་ཀྱང་། །ཡབ་ཡུམ་ཟུང་འབྲེལ་བསྒོམ་པར་མི་ནུས་ཤིང་། །ཤ་ལྔ་བདུད་རྩི་ལྔ་སོགས་བསྟེན་མི་བྱེད། །གཙང་སྦྲ་ཀུན་དུ་སྤྱོད་པས་གནས་པ་ཡིན། །གཉིས་པ་ནང་རྒྱུད་གསུམ་གྱི་ཁྱད་པར། རྣལ་འབྱོར་བླ་མེད་རྒྱུད་ལའང་གསུམ་ཡིན་ཏེ། །ཕ་མ་གཉིས་སུ་མེད་པ་བླ་ན་མེད། །བསྐྱེད་རྫོགས་གཉིས་མེད་གཙོ་བོར་སྟོན་པ་སྟེ། །གསང་འདུས་དང་འཇམ་དཔལ་གཤིན་རྗེ་སོགས་མ་ཧཱ། ཡང་དག་ཕུར་པ་འཁོར་ལོ་སྡོམ་པ་ཀྱེ་རྡོར་སོགས་ཨ་ནུ། སྒྱུ་འཕྲུལ་སོགས་ཨ་ཏི་ཞེས་བྱའོ། །ལྷ་ཡང་འཁྲིལ་སྦྱོར་དམ་རྫས་ཁྱད་པར་ཅན། །གཙང་བཙོག་གཉིས་མེད་ཐམས་ཅད་རོ་གཅིག་ཏུ། །ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་གཅིག་གི་རོལ་པར་སྟོན་པ་ཡིན། གཉིས་པ་བྱེ་བྲག་གི་ཁྱད་པར་ལ་གཉིས། ཐུབ་པ་བརྒྱུད་གསུམ་དང་། ནང་བརྒྱུད་གསུམ་གྱི་ཁྱད་པར་རོ། །དང་པོ་ཐུབ་པ་རྒྱུད་གསུམ་ནང་ཚན་གྱི་ཁྱད་པར་ནི། བྱ་བས་རང་ཉིད་དམན་ལ་ལྷ་ཉིད་མཆོག །རྗེ་ཁོལ་ཚུལ་དུ་བསྒྲུབ་པས་དངོས་གྲུབ་ལེན། །སྤྱོད་པས་རང་དང་ལྷ་ཉིད་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་ཡིན། །རྣལ་འབྱོར་དངོས་གཞི་གཉིས་སུ་མེད་པ་ལ། །སྦྱོར་རྗེས་ལྷ་ནི་དགུག་གཤེགས་གཉིས་སུ་བྱེད། །ཆུ་ལ་ཆུ་བཞག་གཉིས་མེད་དངོས་གྲུབ་ལེན། །གཉིས་པ་ནང་པ་རྒྱུད་གསུམ་གྱི་ཁྱད་པར་ལ་གཉིས། དང་པོ་སོ་སོའི་ངོ་བོའི་ཁྱད་པར། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིའི་བསྐྱེད་རྫོགས་ཐམས་ཅད་གཉིས་མེད་བསམ་གྱིས་མི་ཁྱབ་པའི་འོད་གསལ་ཡེ་ཤེས་གཙོ་བོར་སྟོན་ཏེ་ནང་རྒྱུད་གསུམ་ཀུན་ཀྱང་ཐབས་ཤེས་ཟུང་འཇུག་ཆོས་ཀུན་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་མཉམ་པ་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་ཉམས་སུ་ལེན། གཉིས་པ་རྣམ་དག་ཤེས་པའི་ཁྱད་པར། འདིར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཤེས་པར་བྱ་བ་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བས་ཐག་བཅད་པ། ལམ་ཏིང་ངེ་འཛིན་ཟབ་མོའི་དཀྱིལ་འཁོར་དུ་བསྒོམས་པས་ཉམས་སུ་བླང་བ། འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ་དོན་གཉིས་ཕུན་སུམ་ཚོགས་པ་བསྟན་པའོ། །དེ་ལ་དང་པོ་ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་པ་ནི། བདག་དང་འགྲོ་ཀུན་ཡེ་ནས་སངས་རྒྱས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་ཀུན། །དཀྱིལ་འཁོར་གཅིག་ཏུ་གསལ་བཏབ་རིམ་གཉིས་བསྒོམ། འདིར་དག་པ་གཞི་ཡི་གནས་ལུགས་དང་། མ་དག་པ་གཞི་ཡི་འགྲུབ་ཚུལ། དེ་ལས་བསྐྱེད་པའི་རྡོ་རྗེ་ལུས་ཀྱི་གནས་ལུགས། དེ་ལ་ཡེ་ཤེས་ཆེན་པོ་ཁྱབ་ཚུལ། དེ་ཐམས་ཅད་ཡེ་ནས་སངས་རྒྱས་པར་བསྟན་པ་རྣམས་གཞུང་འགྲེལ་བཞིན་ཤེས་པར་བྱ་སྟེ། མདོར་ན། ཀུན་བྱེད་ལས། སེམས་ལས་མ་གཏོགས་པ་ཡི་སངས་རྒྱས་ནི། །ཀུན་བྱེད་རྒྱལ་པོས་སྔར་ཡང་ལུང་མ་བསྟན། །ཕྱིས་ནས་མི་སྟོན་ད་ལྟ་སྟོན་མི་མཛད། །དེ་བས་སངས་རྒྱས་སེམས་སུ་ཤེས་པར་བྱ། །ཞེ་གསུངས། དེས་ན་སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ་སྟེ། ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་སྟོན་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་རྟོགས་པར་བྱེད། །ཅེས་སོ། །དེའང་སྣ་ཚོགས་སུ་སྣང་བ་ཉིད་ནི་བསྐྱེད་པ་ཡིན་ལ། རང་བཞིན་མེད་པས་རྫོགས་པ་ཡིན་ཏེ། གཞི་དོན་གྱི་དཀྱིལ་འཁོར་ནི་བསྐྱེད་བྱ་སྐྱེད་བྱེད་དང་བྲལ་བར་ཤེས་པར་བྱའོ། །གཉིས་པ་བསྐྱེད་རྫོགས་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ལམ་ཏིང་འཛིན་ཟབ་མོས་ཉམས་སུ་ལེན་པ་ལ་གསུམ། ཐབས་བསྐྱེད་རིམ་གྱི་སྒོམ་ཚུལ་དབྱེ་བ་དང་། ཤེས་རབ་རྫོགས་རིམ་སྒོམ་ཚུལ་དབྱེ་བ། དེ་གཉིས་ཀྱི་དགོས་པ་བསྟན་པའོ། །དང་པོ་བསྐྱེད་རིམ་སྒོམ་ཚུལ་ལ་ལྔ། དང་པོ་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་སྒོམ་ཚུལ། དེ་ཡང་སྐྱེ་བཞིའི་རིམ་པས་སྒོམ་ཚུལ་ལ་བ ཞི། །སྒོང་སྐྱེས་བག་ཆགས་སྦྱང་ཕྱིར་སྔོན་འགྲོའི་ཚེ། །སྐྱབས་འགྲོ་སེམས་བསྐྱེད་རང་ཉིད་གཙོ་བོ་ཡབ་ཡུམ་གྱི་བསྐྱེད་རིམ་མདོར་བསྡུས་བསྒོམ་ནས། བསོད་ནམས་ཞིང་རབ་སྤྱན་དྲངས་མཆོད་སོགས་ཡན་ལག་བདུན་པའི་མཐར། གཤེགས་སུ་གསོལ་བའམ་རང་བཞིན་མེད་བསྒོམ་ཚོགས་གཉིས་སྔོན་སོང་ནས། གདོད་ཀྱིས་བསྐྱེད་རྫོགས་རྒྱས་པར་བསྒོམ་པ་ནི། །ཐོག་མར་སྒོ་ང་དེ་ལས་བྱ་སྐྱེ་བཞིན། །མདོར་བསྡུས་རྒྱས་པའི་བསྐྱེད་རྫོགས་རིམ་པས་བསྒོམ། །གཉིས་པ་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པའི་བསྐྱེད་རིམ་སྒོམ་ཚུལ། མངལ་སྐྱེས་བག་ཆགས་སྦྱང་ཕྱིར་བསྟན་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་ལས་མངལ་དུ་ཐིག་ལེ་དཀར་དམར་འདུས་པར་རྣམ་ཤེས་ཞུགས་པ་ལྟར་ས་བོན་དང་མེར་ནུར་ལྟར་དེ་ལས་ཕྱག་མཚན་དང་། ལྟར་མཁྲང་ལྟར་དེ་ལས་ནི་སྐུ་དེའི་རྒྱུ་འོད་ལྔའི་གོང་བུ་དང་། ཁྱབ་འཇུག་ཉ་དང་རུས་སྦལ་ལས་ལུས་ཕྱིར་རྫོགས་པ་ལྟར་འོད་ལས་སྐུར་བསྒོམ་པ་དང་འོད་ཟེར་སོགས་རིམ་གྱིས་རྒྱས་པར་བསྒོམ་གྱིས་ཡང་སྔར་བཞིན་དུ། ས་བོན་ལས་འོད་གོང་ཕྱག་མཚན་ལས་སྐུར་བཞེངས་པ་མདོར་བསྡུས་དང་སྔོན་དུ་ཚོགས་གསོག་རྣམས་མི་འགྲོའི་སྤྲོས་པ་ཆུང་བའི་བསྐྱེད་རྫོགས་ནི། ཇི་ལྟར་རླུང་སེམས་ཐིག་ལེ་དཀར་དམར་ལས། །མེར་ནུར་ལྟར་དང་མཁྲང་གྱུར་ལ་སོགས་ནས། །ལུས་ཡོངས་རྫོགས་ཏེ་བཙའ་བའི་བར་བཞིན་ནོ། །གསུམ་པ་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བ་འབྲིང་གི་བསྐྱེད་རིམ་སྒོམ་ཚུལ། དྲོད་གཤེར་ལས་སྐྱེས་བག་ཆགས་སྦྱང་བྱའི་ཕྱིར། །སྐྱབས་འགྲོ་སེམས་བསྐྱེད་སྟོང་ལས་ལྷ་རྣམས་ཀྱི། །མཚན་ཙམ་བརྗོད་ལས་ལྷར་གསལ་བསྐྱེད་རྫོགས་བསྒོམ། །ཇི་ལྟར་དྲོད་གཤེར་འདུས་ལས་གྲུབ་པའི་ལུས། །ཤིན་ཏུ་འགྲུབ་པར་སླ་བས་བཙའ་བ་བཞིན། །ས་བོན་ཕྱག་མཚན་སྤྲོས་པ་དགོས་པ་མེད། །བཞི་པ་བརྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བ་བསྡུས་པའི་བསྐྱེད་རིམ་སྒོམ་ཚུལ། བརྫུས་ཏེ་སྐྱེ་བའི་བག་ཆགས་སྦྱང་བྱའི་ཕྱིར། །སྐད་ཅིག་ཙམ་གྱིས་ཝལ་གྱིས་བསྐྱེད་རྫོགས་བསྒོམ། །ཇི་ལྟར་བརྫུས་སྐྱེས་སྐད་ཅིག་སྣང་བ་བཞིན། །མིང་ལས་རིམ་གྱིས་བསྐྱེད་རྫོགས་བསྒོམ་མི་དགོས། །ལྔ་པ་སྒོམ་ཚུལ་བཞིའི་རྣམ་གྲངས་བསམ་པ། དེ་ལྟར་བསྒོམ་ཚུལ་རྣམ་པ་བཞི་ཉིད་ཀྱང་། །གཙོ་བོར་སྐྱེ་བ་གང་བསྡུས་དེས་བསྒོམ་ལ། །བག་ཆགས་སྦྱང་ཕྱིར་ཀུན་གྱིས་དེ་བཞིན་བསྒོམ། །ཁྱད་པར་ལས་དང་པོ་ཡིས་སྒོང་སྐྱེས་བཞིན། །ཅུང་ཟད་བརྟན་པས་མངལ་སྐྱེས་བཞིན་བསྒོམས་ལ། །བརྟན་པ་ཆེ་བས་དྲོད་ཤེར་སྐྱེས་བཞིན་བསྒོམ། །ཤིན་ཏུ་གོམས་པ་ཡང་དག་བརྟན་པ་ཡིས། །རྫུས་སྐྱེས་བཞིན་དུ་སྐད་ཅིག་དཀྲོང་བསྐྱེད་བྱ། །གཉིས་པ་ཤེས་རབ་རྫོགས་རིམ་གྱི་སྒོམ་ཚུལ་དབྱེ་བ་ལ་གཉིས། དང་པོ་རྫོགས་རིམ་གྱི་རང་བཞིན་བསྟན་པ། རྫོགས་རིམ་དེ་ཡང་སྣང་བཅས་སྣང་མེད་དེ། བསྐྱེད་རིམ་ཐུགས་སྲོག་ན་དའི་བར་བསྡུས་ནས་དེ་ཡང་མཁའ་ལ་སྤྲིན་དེངས་བཞིན། མི་དམིགས་ངང་དུ་འཇོག་པ་སྣང་བ་མེད་དེ་ལས་དང་པོ་པས་སོ། །བསྐྱེད་རིམ་དེ་ཉིད་མི་དམིགས་པའི་ངང་ལ་འཇོག་པ་སྣང་མེད་ཀྱི་རྫོགས་པར་ཤེས་པར་བྱ་སྟེ། ཅུང་ཟད་གོམས་པས་སྣང་དུས་ཉིད་ནས་བསྐྱེད་རིམ་རང་བཞིན་མེད་པ་སྤྲོས་དང་བྲལ། མ་ཡེངས་བསྒོམ་པ་ཡིས་བདེ་གསལ་མི་རྟོག་པར་འཆར་བ་ནི་སྣང་བཅས་ཏེ། དེ་གཉིས་རིམ་པ་བཞིན་དུ། སྣང་མེད། ལས་དང་པོ་ཡིས་བསྐྱེད་རིམ་ཞེན་པ་དགག སྣང་ལ་བདེན་པར་ཞེན་པའི་གཉེན་པོར་བྱེད། །སྣང་བཅས། བརྟན་པ་རྣམས་ཀྱིས་རྫོགས་རིམ་ཞེན་པ་དགག །སྟོང་ལ་མཚན་མར་ཞེན་པའི་གཉེན་པོ་བྱེད། །གཉིས་པ་བསྒོམ་པ་བརྟན་པའི་འཆར་ཚུལ། དེ་ལྟར་གོམས་པས་ཕྱི་ནས་གང་སྣང་བསྐྱེད་རིམ་ཐབས་ཉིད་ལ། སྣང་སྟོང་གྲགས་སྟོང་རིག་སྟོང་གི་ཆོས་ཉིད་བདེན་མེད་དམ། འཛིན་མེད་དུ་ཤེས་པ་རྫོགས་རིམ་ཤེས་རབ་ཉིད་དུས་རྣམས་ཀུན་དུ་འདུ་འབྲལ་མེད་པར་འཆང་། །གསུམ་པ་བསྐྱེད་རྫོགས་གཉིས་ཀྱི་དགོས་པ་བསྟན་པ། རྟེན་བརྟེན་པའི་བསྐྱེད་རིམ་གྱིས་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདིའི་བདེན་ཞེན་འགོག་པ་སྟེ། དེས་གཟུགས་སྐུའི་སྒྲིབ་སྦྱོང་བསོད་ནམ་ཀྱི་ཚོགས་རྫོགས། ཞི་གནས་ཀྱི་ཏིང་འཛིན་སྐྱེ། རྫོགས་རིམ་གྱིས་བསྐྱེད་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤོང་། ཆོས་སྐུའི་སྒྲིབ་པ་སྦྱོང་། ཡེ་ཤེས་ཀྱི་ཚོགས་རྫོགས། ཕྱག་རྒྱ་ཆེན་པོའི་དོན་རྟོགས། མདོར་ན། གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན། བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །སྤྱིར་ཆོས་དྲུག་སོགས་རང་ལུས་ཐབས་ལྡན་དང་། གཞན་ལུས་ཕོ་ཉའི་ལམ་བསྟན་པ་སོགས་རྫོགས་རིམ་རྣམ་གྲངས་མང་པོ་གསུངས་ཀྱང་། རྫོགས་རིམ་གྱི་དགོས་པ་ནི། བསྐྱེད་རིམ་གྱི་ཞེན་པ་སྤངས་པས་ལྷ་ཆོས་ཉིད་དུ་རྟོགས་པ་དང་། ཐབས་ཁྱད་པར་ཅན་གྱིས་བདེ་གསལ་མི་རྟོག་པ་སྐྱེ་བ་དང་། ཐམས་ཅད་ལམ་དུ་འགྲོ་བས་ཅིར་སྣང་ཆོས་ཉིད་དུ་འཆར་བ་དང་། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པས་གནས་ལུགས་ཀྱི་ཕུ་ཐག་འཁྲུས་པ་ལ་སོགས་པ་དཔག་ཏུ་མེད་དོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ལ་གསུམ། དང་པོ་གསང་སྔགས་ཐེག་པར་འཇུག་པར་གདམས་པ། ཚུལ་འདི་ནི་མཐར་ཐུག་རྡོ་རྗེ་ཐེག་པ་སྟེ། དབང་པོ་རྣོན་པོ་ཚེ་འདིར་རྫོགས་སངས་རྒྱ། །དེ་རྗེས་གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སངས་རྒྱས་མཛད་པ་སྣ་ཚོགས་ལྷུན་གྱིས་གྲུབ། །འདི་ནི་གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་སྟེ། །སྐལ་བཟང་ཚེ་འདིར་གྲོལ་འདོད་རྣམས་ཀྱིས་བསྟེན། །གཉིས་པ་ལམ་བཞིར་དབང་དང་བྱིན་རླབས་བསྟན་པ། དེ་ཡང་གང་མོས་རྒྱུད་སྡེའི་རིམ་པ་ལ། །བརྟེན་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ། །ཐོག་མར་རིག་གཏད་རྗེས་གནང་དབང་ལ་སོགས། དེ་ཡང་བྱ་རྒྱུད་དུ་རིག་གཏད་པ་དང་། རྗེས་སུ་གནང་བ་དང་། མཎྜལ་ཙམ་ལ་བརྟེན་ནས་བུམ་པའི་ཆུས་དབང་བསྐུར། སྔགས་ཀྱི་རྗེས་གནང་སྦྱིན་པ་ཙམ་མོ། །སྤྱོད་རྒྱུད་དུ། རིག་པའི་དབང་ལྔ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དང་དྲུག རྣལ་འབྱོར་རྒྱུད་དུ་རིག་དབང་ལྔས་ཐོག་དྲངས་སློབ་མའི་དབང་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པར་བསྐུར། རྣལ་འབྱོོར་བླ་མེད་ལས་དབང་བཞི་རྫོགས་པར་བསྐུར་བ་སྟེ། རང་རང་གཞུང་ནས་གསུངས་པའི་ལུང་མནོས་ཏེ། །རང་གི་སེམས་འདི་ཡོངས་སུ་སྨིན་པར་བྱ། །གསུམ་པ་ནང་པ་དབང་གིས་སྨིན་པར་བསྟན་པ། ཁྱད་པར་མཆོག་གསང་རྣལ་འབྱོར་ཆེན་པོའི་ལམ། །སྨིན་བྱེད་དབང་བཞི་གྲོལ་བྱེད་བསྐྱེད་རྫོགས་ཏེ། །བུམ་དབང་གིས་ལུས་སྒྲིབ་སྦྱངས། བསྐྱེད་རིམ་བསྒོམ་པ་ལ་དབང་བ་དང་གསང་བས་ངག་སྒྲིབ་དག གཏུམ་མོ་བསྒོམ་པ་ལ་དབང་བ་དང་ནི། ཤེས་རབ་ཡེ་ཤེས་ཡིད་སྒྲིབ་སྦྱོང་། བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ལ་དབང་བ་དང་ཚིག་དབང་གིས་བག་ཆགས་མཐའ་དག་སྦྱོང་ཞིང་གནས་ལུགས་ཕྱག་ཆེན་བསྒོམ་པ་ལ་དབང་དངོས་གྲུབ་སྟེར་ཏེ། དེ་ཡང་། དང་པོ་གསུམ་གྱིས་བསོད་ནམས་ཚོགས་རྫོགས་ལ། །བཞི་པས་ཡེ་ཤེས་ཚོགས་རྫོགས་དེ་བཞིན་དུ། །དང་པོ་གསུམ་གྱིས་ཉོན་མོངས་པ་དང་བཞི་པས་ཤེས་བྱའི་སྒྲིབ་ཀུན་སྦྱོང་། ས་ལམ་གྱི་དག་པ་དང་སྦྱར་ན། བུམ་དབང་གིས་ཚོགས་ལམ། གསང་དབང་གིས་སྦྱོར་ལམ། ཤེས་རབ་ཡེ་ཤེས་ཀྱིས་མཐོང་ལམ། ཕྱག་རྒྱ་ཆེན་པོ་དོན་གྱི་དབང་གིས་སྒོམ་ལམ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ཕྱིར་སྨིན་བྱེད་དབང་བཞི་ཐོབ་པ་ཡིས། །གྲོལ་བྱེད་བསྐྱེད་རྫོགས་དོན་ལ་བསླབ་པར་བྱ། །དོན་གཉིས་པ་སྒྱུ་འཕྲུལ་དྲྭ་བའི་ཚུལ་སྒོམ་པ་ལ་གསུམ། སྨིན་བྱེད་དབང་གི་རིམ་པ་སྤྱིར་གདམས། གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་བྱེ་བྲག་ཏུ་གདམས་པ། གནས་སྐབས་སྒྲུབ་ཚུལ་ངེས་པས་དོན་བསྡུ་བའོ། །དང་པོ་སྨིན་བྱེད་ནི། རྒྱུད་ཐམས་ཅད་ཀྱི་རྩེ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྐབས་འདིར་ནི་ཕན་དབང་བཅུ་ནུས་དབང་ལྔ་ལས། དང་པོ་བཅུ་བུམ་དབང་། གསང་དབང་ལས་གསང་ཤེར་གཉིས། རྡོ་རྗེ་རྒྱལ་པོ་ཚིག་དབང་། འཆང་ཕྲིན་གཉིས་དེའི་བྱེད་ལས། ཉན་པ་ནི་གོང་དུ་སྤེལ་བའི་ཐབས་ཡིན་པས་དེར་བསྡུའོ། །དབང་རྫོགས་དམ་ཚིག་ལྡན་པ་ཡིས། དེ་ལ་དམ་ཚིག་གི་ངོ་བོ་སྔགས་ལ་ཞུགས་པའི་བརྟུལ་ཞུགས་བཟང་པོ་མི་ཉམས་པར་བསྲུང་བའི་ལྷག་བསམ། ངེས་ཚིག་དམ་དུ་བསྲུང་ན་མི་དགེ་བ་ཚིག་པའམ་ཡང་ན་སྐུ་གསུང་ཐུགས་སོགས་དམ་པའི་རྒྱར་གྱུར་པ་དེ་ལས་ཉམས་ནས་དམྱལ་མེས་ཚིག་པས་དམ་ཚིག་གོ །དབྱེ་ན། རྩ་བ་དང་ཡན་ལག་གཉིས་ཀྱི་སྤྱིར་སྒོ་གསུམ་མི་དགེ་བཅུ་ལས་བཟློག་ཅིང་བསྐྱེད་བཟླས་ཏིང་འཛིན་གསུམ་ལ་བརྩོན་པ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དང་། དེ་རེ་རེ་ལ་དགུ་དགུར་ཕྱེས་པས་ཉེར་བདུན། ཡན་ལག་གི་དམ་ཚིག ཤེས་བྱ། སྤྱད་བྱ། དང་བླང་། མི་སྤང་། བསྒྲུབ་བྱ་ལྔ་ལྔ་སྟེ་ཉེར་ལྔ། བྱེ་བྲག་གསང་སྙིང་ལྟར་ན། དཀོན་མཆོག་གསུམ་མི་སྤང་བ། བླ་མ་བཀུར་བ། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ། མཆེད་ལ་བྱམས་པ། གསང་བ་མི་སྨྲ་བ་སྟེ་རྩ་བ་ལྔ། དུག་ལྔ་མི་སྤང་བ་དང་། བདུད་རྩི་ལྔ་དང་དུ་བླང་བ་སྟེ་ཡན་ལག་གི་དམ་ཚིག་བཅུར་བཞེད། གཞན་སྔགས་གསར་མ་ལྟར་ན། བསྲུང་བྱའི་དམ་ཚིག་རྩ་ལྟུང་བཅུ་བཞི་སྤྱད་བྱའི་དམ་ཚིག་ལྔ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་གཉིས་སུ་བཞེད་དེ། དེ་ལྟར་དམ་ཚིག་གི་རྣམ་གྲངས་དང་། བསྲུང་ཚུལ། བསྲུང་བའི་ཕན་ཡོན་ཉམས་པའི་ཉེས་དམིགས། བཤགས་ཐབས་བསྐང་ཚུལ། སོར་ཆུད་པའི་རྟགས་ཚད་རྣམས་དང་། ཞར་བྱུང་གྲོགས་སྤྱོད་པའི་ཁྱད་པར་དང་། དེས་ལམ་གྱི་བོགས་ཕྱིན་ནས་དངོས་གྲུབ་ཐོབ་ཚུལ་སོགས་ཞིབ་ཏུ་ཤེས་པར་བྱས་ནས། གཉིས་མེད་ཨ་ཏིའི་དགོངས་པར་འཇུག་འདོད་པས། གཉིས་པ་གྲོལ་བྱེད་ལ་གསུམ། བསྐྱེད་པ་སྐུའི་རྣལ་འབྱོར། བཟླས་བརྗོད་གསུང་གི་རྣལ་འབྱོར། དྲན་རིག་ཐུགས་ཀྱི་རྣལ་འབྱོར་རོ། །དང་པོ་བསྐྱེད་པ་སྐུའི་རྣལ་འབྱོར་ལ་གཉིས། ཁྲོ་བཅུའི་སྲུང་འཁོར་གྱི་མཚམས་བཅད་པ་དང་། དེའི་དབུས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ལོ། །དང་པོ་ནི། ཐོག་མར་བདེ་བའི་བསྟན་ལ་སྐྱིལ་ཀྲུང་རབ་བཅས་ནས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དེ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པ། རང་བཞིན་སྤྲོས་དང་བྲལ་བའི་ངང་ཉིད་ལས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུར་བསྒོམས་རྗེས། རྒྱུའི་ཏིང་ངེ་འཛིན་ལ་གཉིས་ཀྱི་སྔོན་རོལ་བ་ནི་སྲུང་བའི་འཁོར་ལོ་ཏེ། དེའང་རྒྱུའི་ཧཱུྃ་ལས་བྷཱུྃ་འཕྲོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པའི་བསྲུང་བའི་འཁོར་ལོ་ཁོག་སྟོང་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བ་ཆོས་དབྱིངས་དང་མཉམ་པའི་རྩིབས་ནང་བཅུ་ལ་པད་ཉིའི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བཅུ་ཡིས་མཚན་པ་སྟེ། ཕྱི་ནང་མེ་དཔུང་འབར་བའི་དབུས་ན། གཉིས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ་ཚུལ་ལ་གསུམ། དང་པོ་རྟེན་གཞས་ཡས་ཁང་གདན་དང་བཅས་པ་བསྐྱེད་པ། འོད་གསལ་བའི་སེམས་ཉིད་ལ་ཞིང་ཁམས་དང་གཞལ་ཡས་ཁང་གི་བཀོད་པ་ཅི་ཡོད་པ་དེ་ཉིད་ཀུན་ཏུ་བཟང་པོའི་བཞུགས་གནས་ཡིན་པས་དཔལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཆེན་པོ་ནི། དངོས་གཞི་རྒྱུ་ཡི་ཏིང་ངེ་འཛིན། གཞལ་ཡས་ཁང་བསྐྱེད་མ་བསྐྱེད་གང་ལྟར་རུང་རང་ཉིད་གཙོ་བོ་མདོར་བསྡུས་སུ་བསྒོམས་ནས་སྟོང་ཉིད་དུ་བསམ་པའི་བར་ཡིན་ལ། སྐབས་འདིར་གཙོ་བོ་བསྐྱེད་པའི་ས་བོན་བསྒོམ་པ་ལ་སྦྱོར། དེ་ཡང་སྲུང་གུར་ནང་ཁང་འཁོར་ལོ་རྩིབས་བཞིའི་ལྟེ་བར། བྷཱུྃ་ལས་གཞས་ཡས་ཁང་སྒོ་བཞི་པ། སྒོ་རེ་རེ་ལ་རྣམ་ཐར་གསུམ་མཚོན་པའི་ཁྱུད་འགྲམ་ལོགས་གསུམ་དང་། གྲུ་ཆད་བཞི། སྒོ་བཞིར་རྟ་བབས་བཞིས་བརྒྱན་པ། ནང་ནས་རིམ་བཞིན་མཐིང་ལྗང་དམར་སེར་དཀར་བའི་རྩིག་པ་རིམ་པ་ལྔ་དང་། རྩ་བར་འདོད་སྣམ་དམར་པོ་ལ་མཆོད་བའི་ལྷ་མོ་འཁོད་པ། རྩིག་སྟེང་ཕ་གུ་སེར་པོ་དེ་སྟེང་མངའ་ཡབ་ཕིབ་ཆུང་གི་ཚུལ་དུ་ཕྱིར་འཕྱང་བའི་གདུང་སྣར་དྲྭ་བ་དང་དྲྭ་བ་ཕྱེད་པས་འཕྱང་བའི་གདུང་སྣ་གནོན་པ་ལ་པུ་ཤུ་མཆོད་རྟེན་བརྩེགས་སུ་བསྒྲིགས་པ། མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞིའི་གློ་འབུར་དང་། ཆོས་དབྱིངས་ཡེ་ཤེས་དབུས་མའི་བུམ་པ་ཟླུམ་པོའི་སྟེང་གི་ཆར་ཁེབས་ནི་དབུས་ཕྱུར་པོའི་ཡ་ཕིབས་ཏེ་མདའ་ཡབ་སྟེང་གི་ནམ་མཁར་ནོན་པར་ཕུབས་པའི་ཕིབས་ཉིས་རིམ་གྱི་རྣམ་པ་དབུས་དང་ཕྱོགས་བཞིར་རྡོ་རྗེ་རྩེ་ལྔ་པའི་རྭ་གྱེས་པ་འདྲ་བའི་རྩེ་མོ་ལ་རྡོ་རྗེ་དང་ནོར་བུའི་ཏོག་གིས་མཛེས་པ། ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །སྲུང་འཁོར་གྱི་ནང་ཁང་འཁོར་ལོ་རྩིབས་བཞིའི་ལྟེ་བར་བྷྲཱུྃ་ལས་གཞལ་ཡས་ཁང་སྒོ་བཞི་གྲུ་བཞི་རྟ་བབས་བཞིས་བརྒྱན་ཅིང་། རྩིག་པ་ལྔ་དང་འདོད་ཡོན་སྣམ་བུ་དང་། །ཕ་གུ་དྲྭ་ཕྱེད་མདའ་ཡབ་པུ་ཤུའི་མཛེས། །ཕྱུར་བུའི་ཐོད་པ་རིན་ཆེན་རྡོ་རྗེའི་ཏོག །དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དེ་ལྟ་བུའི་དཀྱིལ་འཁོར་གྱི་ནང་དབུས་སུ་སེངྒེ་ཤར་གླང་ཆེན་ལྷོོར་རྟ་དང་ནུབ་རྨ་བྱ་དང་བྱང་ཤང་ཤང་དང་པདྨ་ཉི་ཟླས་སྤྲས་པའི་སྟེང་། དེ་ལྟ་བུའི་དཀྱིལ་འཁོར་ཡང་གཞི་ལམ་འབྲས་བུའི་དག་པ་གསུམ་དང་སྦྱར་ན། གཞི་སེམས་ཅན་གྱི་སྐབས་སྐྱོན་ཡོན་གྱི་ཆ་གཉིས་གཉིས་རྩི་སྟེ། དཔེར་ན་ཡེ་ཤེས་ལྔའི་ཆ་ཉོན་མོངས་པ་ལྔར་རྩི་བ་བཞིན་ནོ། །ལམ་དང་སྦྱར་ན་བྱང་ཕྱོགས་སོ་བདུན་ཏེ་རྟ་བབས་བཞི་དྲན་པ་ཉེར་བཞག་བཞི། འཕན་བཞི་ཡང་དག་སྤོང་བ་བཞི། འཁོར་ལོ་སོགས་རྒྱན་བཞི་རྫུ་འཕྲུལ་རྐང་པ་བཞི། རྩིག་པ་ལྔ་དབང་པོ་ལྔ། ཕ་གུ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་ཕྱུར་བུ་ལྔ་སྟོབས་ལྔ། སེངྒེ་སོགས་ལྔ་ཉི་ཟླ་བཅས་གདན་ཀུན་བྱང་ཆུབ་ཡན་ལག་བདུན། ཀ་བ་བརྒྱད་འཕགས་ལམ་ཡན་ལག་བརྒྱད་སྒོ་བཞི་ཚད་མེད་བཞི་སོགས་ཚོགས་ལམ་ནས་བསྒོམ་ལམ་བར་གྱི་ཡོན་ཏན་རྣམས་དང་སྦྱར། འབྲས་དུས་སུ་སངས་རྒྱས་ཀྱི་སའི་ཡོན་ཏན་དང་སྦྱོར་ཏེ། ལམ་མཐར་ཐུག་པའི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་ཞིང་། ཁྱད་པར་མི་འཇིགས་བཞི་སེང་ཁྲི། སྟོབས་བཅུ་གླང་ཆེན། དབང་བཅུ་རྨ་བྱ། རྫུ་འཕྲུལ་བཞི་རྟ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་ཤང་ཤང་གི་ཁྲི་སོགས་ཏེ་མཐར་ཐུག་པའི་ཡོན་ཏན་དང་སྦྱར་རོ། །སྔགས་པ་ཁ་ཅིག་དེ་ལྟར་དག་པ་སྦྱར་བ་ཙམ་ཡིན་གྱི་དོན་ལ་མེད་ཟེར་བ་ལོག་རྟོག་སྟེ། བྱད་ཡོད་པའི་མཚོན་བྱེད་དུ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར། ཡོན་ཏན་དེ་ལྟ་བུའི་རྩལ་ལས། གཞལ་ཡས་ཁང་དང་ལྷ་རྣམས་རང་ཤར་དུ་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པར་ཤེས་པར་བྱའོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར། དམ་ཚིག་སེམས་དཔའ་གསལ་འདེབས་པ་ནི། དཀྱིལ་འཁོར་གྱི་ནང་གདན་སོ་སོའི་སྟེང་དུ་ལྷ་སོ་སོའི་ས་བོན་ཡོངས་སུ་གྱུར་པ་ལས། དབུས་སུ་རྣམ་སྣང་གཙོ་བོར་གྱུར་པའི་འོག་གཞི་འཁོར་ལོའ་ིརྩིབས་བཞིར། རིགས་ལྔ་སོ་སོའི་ཡུམ་དང་བཅས་པ། ཕྱི་རོལ་གྱི་གྲ་བཞི་དང་གྲུ་ཆད་བཞིར་སེམས་དཔའ་བརྒྱད་དང་། སེམས་མ་བརྒྱད་དང་སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད། བར་ཁྱམས་ཀྱི་སྣམ་བུ་ལ་ཐུབ་པ་དྲུག་རྣམས་སོ་སོའི་གནས་བཞུགས་ཏེ། སྐུ་མདོག་ཕྱག་མཚན་བརྒྱན་རྣམས་ཞིབ་པར་སྒྱུ་འཕྲུལ་རྔམ་གློག་ལས་འབྱུང་བ་ལྟར་རྫོགས་པ་ལས། མུ་མེད་འོད་ཟེར་ཕྱོགས་མཐའ་གཏུགས་པར་འཕྲོ། གསུམ་པ་རང་བྱུང་ཡེ་ཤེས་མཚོན་བྱེད་ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབ་པའི་ཚུལ། བར་ཁྱམས་སུ་བྱ་བྱེད་གཉིས་བཀོད་པར་གསུངས་པ་ནི་རྣམ་སྣང་གི་ལྟོ་བའི་བར་ཁྱམས་ཏེ། གཙོ་བོའི་ཐུགས་ཀར་གཞི་ཡི་ཀུན་ཏུ་བཟང་། ཡབ་ཡུམ་འཁྲིལ་སྦྱོར་མཚན་དཔེས་བརྒྱན་པའི་སྐུ། །མཁའ་ལྟར་དྲི་མེད་མཐོན་མཐིང་སྐྱིལ་ཀྲུང་ཚུལ། །ཚོན་གང་འོད་ཀྱི་གོང་བུ་འབར་བར་བསྒོམ། །དེ་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས། །ཐམས་ཅད་རྣམ་དག་ལྷ་དང་ལྷ་མོའི་ངང་། །དེ་ཡང་ཕུང་པོ་ལྔ་རིགས་ལྔ། དེའི་སྟོང་ཆ་ཡུམ་ལྔ། མིག་སོགས་ཤེས་བཞི་དང་དེའི་ཡུལ་གཟུགས་སོགས་བཞི་ནང་སེམས་ཡབ་ཡུམ། དབང་པོ་བཞི་དང་དུས་བཞི་ཕྱི་སེམས་ཡབ་ཡུམ། རེག་སོགས་བཞི་དང་། དུས་བཞི་སྒོ་བ་ཡམ་ཡུམ། ཉོན་དྲུག་སོགས་ཐུབ་དྲུག ཀུན་གཞི་དང་དེའི་རྣམ་ཤེས་དག་པ་ཀུན་བཟང་ཡབ་ཡུམ་གཉིས་སོ། །གཉིས་པ་བཟླས་བརྗོད་གསུང་གི་རྣལ་འབྱོར་ནི། ལྷ་རྣམས་ཀྱི་ཐུགས་སྲོག་ལས་སྔགས་ཕྲེང་ཡབ་ཡུམ་ཞལ་དང་མཁའ་གསང་ནས་འཁོར་བའི་འོད་ཟེར་གྱི་རྩེ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འཕྲོས་པས་དོན་གཉིས་བྱེད་པར་མོས་ལ། ཡི་གེ་གསུམ་དང་རིགས་ལྔའི་ས་བོན་བཟླས། །གྲགས་སྟོང་སྐྱེ་མེད་བྲག་ཅ་ཇི་བཞིན་ནོ། །དེ་ཉིད་ངང་ལ་མ་བཅོས་མཉམ་པར་བཞག །གསུམ་པ་དྲན་རིག་ཐུགས་ཀྱི་རྣལ་འབྱོར་ལ་གསུམ། དང་པོ་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་གཉིས་མེད་མཉམ་པར་བསྟན་པ། འཇོག་ཚུལ་དངོས་ནི། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་རང་གི་སེམས་ཉིད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་ནས་བཟླས་པ་དང་མཆོད་བསྟོད་སོགས་བྱེད་པ་ཡིན་གྱི། དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །འོན་ཀྱང་ལས་དང་པོ་པ་དང་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་སྤྱན་དྲངས་སོགས་བྱས་ཀྱང་འགལ་བ་ནི་མེད་ལ། དོན་དུ་ལུས་ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་ཏེ། ཡེ་ནས་དཀྱིལ་འཁོར་གསུམ་དུ་གྲུབ་པའམ་ཡིན་པའི་བདག་ཉིད་ལ། ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན་ནོ། །གཉིས་པ་བློའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་སྒོམ་ཚུལ་བསྟན་པ། རྗེས་ལ་ལས་དང་པོ་པས་ཞེན་པ་ཡོད་ན་སྣོད་བཅུད་རྟེན་བརྟེན་པའི་དཀྱིལ་འཁོར་རིམ་གྱིས་བསྡུ། ཡོད་མེད་སོགས་གང་དུའང་མི་དམིགས་ཏེ་སྤྲོས་དང་བྲལ་བར་གཞག སྦྱངས་པ་བྱས་པས་ཞེན་འཛིན་མེད་ན་བསྐྱེད་པ་དེ་ཉིད་རྫོགས་པར་ཤེས་པས་སྣང་སྟོང་སྒྱུ་མ་ཆུ་ཟླའི་ངང་ཉིད་ནས། རྗེས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱ། གསུམ་པ་ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པ། ཐུན་མཚམས་ཀྱི་སྤྱོད་ལམ་ཀུན་དུ་མཉམ་བཞག་ལ་ལྷའི་དཀྱིལ་འཁོར་བསྒོམ་པ་ལྟར་རྗེས་ཐོབ་ཏུ་ཡང་སྟོང་གསལ་སྒྱུ་མའི་ཚུལ། སྣང་དང་གྲགས་པ་ཐམས་ཅད་ལྷ་དང་སྔགས། སེམས་ཀྱི་དྲན་རིག་ཐམས་ཅད་རང་བྱུང་ཡེ་ཤེས་ཤར་གྲོལ་འཛིན་མེད་ཆེན་པོར་ཕྱམ་ཕྱམ་བཞག་པ་སྟེ། དྲན་དང་སེམས་པ་ཐམས་ཅད་ཡེ་ཤེས་སུ་བཞག་ཅིང་། ཐ་མལ་གྱི་སྣང་བ་དང་ཆགས་སྡང་ཉོན་མོངས་ཀྱི་དབང་དུ་མ་ཤོར་བར་སྐད་ཅིག་སྐད་ཅིག་ཙམ་ཡང་མ་ཡེངས་ཤེས་པར་བྱའོ། །གསུམ་པ་གནས་སྐབས་སྒྲུབ་ཚུལ་ངེས་པས་དོན་བསྡུ་བ་ལ་གསུམ། དང་པོ་རྩ་བ་དམ་ཚིག་བསྟན་པ། གྲོགས་རྩ་བ་ཡན་ལག་དམ་ཚིག་གཙང་མ་བསྲུང་། དེ་ཡང་། ཤེས་དང་མི་སྤང་སྤྱད་དང་དང་དུ་བླང་། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ལྔ་སྟེ། །ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་མདོར་བསྡུས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་སྟེ། དེ་ཡང་རང་སེམས་རྣམ་དག་ཚུལ་ལ་བསླབ་པ་སྟེ་མདོར་ན་རང་སེམས་དྲི་མས་གཙང་བའོ། །གཉིས་པ་གྲོགས་ཚོགས་མཆོད་སོགས་བསྟན་པ། བསྐང་བའི་དུས་ལ་དྲུག་ནི། ཉ་དང་གནམ་སྟོང་ཚེས་བརྒྱད་ཉི་ཤུ་དགུ། །ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །ཕྱིར་མཁའ་འགྲོ་རྒྱུ་ཞིང་ནང་དུ་རྩ་རླུང་ཁྱད་པར་ཅན་འདུ་བས་ཉེ་བའི་འདུ་བ་ཞེས་བྱ། ཁྱད་པར་ཡར་མར་གྱིས་ཚེས་བཅུ་ལ་བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། དེས་ཟླ་བ་དེའི་རིང་ལ་ཉམས་པ་ཐམས་ཅད་སོས་པ་དང་དངོས་གྲུབ་མྱུར་དུ་འགྲུབ་བོ། །གསུམ་པ་ཟབ་དོན་སྙིང་པོ་བསྟན་པ། ཡོན་ཏན་མངོན་དུ་བྱེད་ཚུལ། རླུང་སེམས་རྩ་དང་ཐིག་ལེའི་རྣལ་འབྱོར་འཁོར་ལོ་བཞི་ཡི་མན་ངག་སོགས། རྫོགས་རིམ་ཡང་ཟབ་གནད་ལ་ན ན་ཏན་སྙིང་པོར་བྱ། བསྡུ་ན་བསྐྱེད་རིམ་བསྡུས་པ་གཞིའི་ཀུན་བཟང་ཡབ་ཡུམ་དང་། རྫོགས་རིམ་བསྡུས་པར་སྙིང་གར་འོད་ལྔའི་ཐིག་ལེ་ལ་སེམས་འཛིན་པ་སོགས་བདེ་གསལ་མི་རྟོག་ཟུང་དུ་འཇུག་པའི་ལམ་བསྒོམས་པས། རྡོ་རྗེ་འཛིན་པ་དེ་ནི་ཚེ་འདིར་རྫོགས་སངས་རྒྱའོ། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་རབ་གསང་བླ་མེད་སྙིང་པོ་འདིས། །རང་བཞིན་ལྷུན་གྲུབ་ཧེ་རུ་ཀ་དཔལ་གྲོང་དུ་ཉེར་འཚོ་ཞིང་། འགྲོ་ཀུན་ལས་དང་ཉོན་མོངས་སྲིད་པ་འདིར། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། བསྐྱེད་རྫོགས་ཟུང་དུ་འཇུག་པའི་ལེའུ་སྟེ་དགུ་པའོ།། །། ༈ བཅུ་པ་གནས་ལུགས་གཞིའི་རང་བཞིན་མཐའ་བྲལ་རྫོགས་པ་ཆེན་པོ་དོན་གྱི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་ངོ་བོ་ཉིད་མེད་པ། ཆོས་ཀུན་གྱི་སྙིང་པོའི་བསྟན་པ་ལ་གོང་དུ་སྨོས་པའི་ཚུལ་དེ་ལྟར་བསྐྱེད་རྫོགས་ཟུང་འབྲེལ་རྣལ་འབྱོར་པས། ཆོས་རྣམས་མ་སྐྱེས་སྟོང་པའི་ཚུལ་ལ་འཇུག་སྟེ། དེའང་ཕྱི་དོན་དུ་ཞེན་པ་རང་སེམས་སུ་ཤེས་པའམ་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས་སྤོང་། དེ་ཡང་སྐྱེ་མེད་དུ་ཤེས་པས་གཉེན་པོ་ཉིད་ཀྱང་ངོ་བོ་མེད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་འཇུག་གོ །གཉིས་པ་ལེའུ་དངོས་ཀྱི་དོན་ལ་གསུམ། གནས་ལུགས་དོན་གྱི་རང་བཞིན་མདོར་བསྟན་པ། གཉིས་མེད་མཐའ་བྲལ་ཆེན་པོའི་ངོ་བོ་རྒྱས་པར་བཤད་པ། གཟུང་འཛིན་ཡེ་སྟོང་རྩ་བྲལ་དུ་དོན་བསྡུའོ། །དང་པོ་གནས་ལུགས་དོན་གྱི་རང་བཞིན་མདོར་བསྟན་པ་ནི། དེ་ཡང་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན་ཡེ་ནས་ཆོས་དང་གང་ཟག་གི་བདག་མེད་ཅིང་སྤྲོས་དང་བྲལ་བ་ལ། དེ་ལྟར་མ་ཤེས་པའམ་མ་རིག་པས་ང་དང་ང་ཡིར་འཛིན་པས་རྨི་ལམ་དང་འདྲ་བའི་སྲིད་པ་འདིར་འཁྱམས་ཏེ་འཁོར་འདས་བདེ་སྡུག་སོགས་སྣ་ཚོགས་སྣང་མོད་ཀྱང་། སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པས་སྟོང་པའི་ངང་། དཔེ་སྒྱུ་མའམ་རྨི་ལམ་དང་འདྲ་བར་མཁྱེན་པར་མཛོད། དེའང་འཇམ་དཔལ་རྣམ་པར་རོལ་པ་ལས། ཕྱི་རོལ་གྱི་ཡུལ་རྣམས་སེམས་སམ། རྟོག་པའི་བག་ཆགས་ཀྱི་སྣང་བའི་ཚུལ། ཝཱ་རཱ་ཎ་སཱི་ན་བྲམ་ཟེ་མེ་སྦྱིན་གྱིས་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་པས་དེར་མཐོང་སྟེ་བྲོས་པས་གྲོང་ཁྱེར་སྟོང་པ་དང་། ཟད་པར་དང་མི་སྡུག་པ་སོགས་བསྒོམས་པས་དེ་དང་དེར་འཕྲལ་དུ་སྣང་བ་ཡིན་ན། ཐོག་མེད་བག་ཆགས་ཀྱི་ལྟ་ཅི་སྨོས། སྣང་བ་ཐམས་ཅད་མ་ངེས་ཏེ། ལ་ལའི་སྣང་བ་ལ་ལའི་མུན་པ་སོགས་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱིས་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ་གསུངས། གཞན་ཡང་མི་གཅིག་ལའང་དགྲ་གཉེན་སོགས་སུ་མཐོང་བ་དང་། ཆུ་གཅིག་ཉིད་རླུང་གིས་དབའ་རླབས་མང་པོར་སྣང་བ་དང་། མར་མེ་གཅིག་ཉིད་མིག་བཙིར་{རྩིར}བས་གཉིས་སུ་སྣང་བ་དང་། ས་ར་ཧ་གཅིག་ཉིད་བཟང་ངན་གཉིས་སུ་མཐོང་བ་ལྟར། ཆོས་ཐམས་ཅད་དོན་ལ་གཉིས་སུ་མེད་པ་ལ་གཉིས་སུ་འཛིན་པས་བསླད་པ་དེ་དང་འདྲའོ་གསུངས། གཉིས་པ་གཉིས་མེད་མཐའ་བྲལ་ཆེན་པོའི་ངོ་བོ་རྒྱས་པར་བཤད་པ་ལ་གཉིས། ཕྱི་ཡུལ་སྣང་སྐྱེ་མེད་སྟོང་པའི་གཟུགས་བརྙན་དུ་ཐག་བཅད་པ། ནང་འཛིན་རྟོག་སྟོང་ཉིད་རྩལ་བྲལ་དུ་ལ་ཟླ་བའོ། །དང་པོ་ཕྱི་ཡུལ་སྣང་སྐྱེ་མེད་སྟོང་པའི་གཟུགས་བརྙན་དུ་ཐག་བཅད་པ་ལ་དྲུག དང་པོ་ཡུལ་སྣང་སྟོང་པའི་རང་གཟུགས་སུ་བསྟན་པ། འདི་ལྟར་ཕྱི་རོལ་རི་ལ་སོགས་པའི་སྣང་བའི་དངོས་པོ་ཀུན། རང་གི་སེམས་ལ་སྣང་ཡང་སྣང་ཡུལ་རི་སོགས་སེམས་སུ་གྲུབ་པ་མེད་དེ་རང་སེམས་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་ཅིང་ཁ་དོག་དང་དབྱིབས་སུ་སྣང་བའི་ཕྱིར། འོན་ཀྱང་སེམས་ལས་གཞན་དུའང་དངོས་པོར་གྲུབ་པ་འགའ་མེད་དེ། ཐོག་མེད་ནས་གོམས་པའི་བག་ཆགས་དབང་གིས་གཟུང་འཛིན་གཉིས་སུ་སྐྲ་ཤད་ལྟར་སྣང་ཡང་སྣང་དུས་ཉིད་ནས་གཟུང་འཛིན་གཉིས་མེད་པ། འདིར་གཟུང་བ་ནི་གཟུང་ཡུལ་ལས་སྐད་ཅིག་དང་པོར་སྐྱེས་པའི་རྟོག་པ་སྟེ་སེམས་ཉིད་གཟུང་བར་སྐྱེས་པ་ཅན་དང་། འཛིན་པ་ནི་རྗེས་ལས་སྐྱེས་ཀྱི་དཔྱོད་པ་སེམས་ལས་བྱུང་བ་རྣམས་སོ། །ཁ་ཅིག་རི་སོགས་གཟུང་བ་དང་། ཤེས་པ་འཛིན་པར་སྨྲ་བ་ནི་མ་ཡིན་ཏེ། དེ་ལྟར་འཕགས་པ་ལ་གཟུང་འཛིན་སྣང་བའམ། ཡང་ན་ཡུལ་སྣང་སྒྱུ་མ་ལྟ་བུ་མི་སྣང་བ་དང་། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་མི་འཐད་པ་སོགས་སྐྱོན་མང་ངོ། །བཞིན་དང་མེ་ལོང་ནང་གི་གཟུགས་བཞིན་ནོ། །གཉིས་པ་དེ་ཉིད་སེམས་དང་གཞན་དངོས་སུ་མ་གྲུབ་པ། །མེ་ལོང་གི་ནང་དེར་ནི་བྱད་ཉིད་སྣང་ཡང་མ་གྲུབ་ལ། བྱད་ལས་གཞན་གྱི་རྣམ་པ་བཏོད་བྱེད་མེད། །མེད་བཞིན་གཉིས་སུ་སྣང་བ་མངོན་སུམ་ལྟར། །སྣ་ཚོགས་ཆོས་རྣམས་དེ་བཞིན་ཤེས་པར་བྱ། །གསུམ་པ་སྣང་དུས་མཐའ་བྲལ་བརྗོད་མེད་དུ་བསྟན་པ། མ་བརྟགས་ན་བདེན་བདེན་ལྟར་སྣང་བས་ཉམས་དགའ་ཡང་རིགས་པས་བརྟགས་ན་ཡུལ་སེམས་གཉིས་ཀ་མ་གྲུབ་པས་ངོས་བཟུང་མེད། ཤིན་ཏུ་བརྟགས་ན་སྨྲ་བསམ་བརྗོད་ལས་འདས། །ཡོད་མེད་མི་དམིགས་མཐའ་བྲལ་མ་བྲལ་མེད། །བཞི་པ་སྐྱེ་སོགས་སྐྱེ་མེད་སྒྱུ་མ་ལྟར་བསྟན་པ། སྒྱུ་མའི་ཚུལ་དུ་སྐྱེ་སོགས་སྣང་ན་ཡང་། །སྣང་དུས་ཉིད་ནས་སྐྱེ་སོགས་རང་བཞིན་མེད། །སྨིག་རྒྱུའི་ཆུ་དང་རྫིང་བུའི་ཟླ་གཟུགས་བཞིན། །ལྔ་པ་ཡུལ་སྣང་སེམས་ཀྱི་བག་ཆགས་སུ་བསྟན་པ། ཁྱད་པར་མ་དག་འགྲོ་དྲུག་སྣང་བ་འདི། །མེད་བཞིན་སྣང་ལ་བག་ཆགས་འཁྲུལ་པའི་གཟུགས། །རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན། །དེ་བསལ་འདོད་པས་བད་ཀན་སྦྱོང་བ་ལྟར། །འཁྲུལ་སྣང་དག་འདོད་མ་རིག་ལིང་ཏོག་བསལ། །དྲུག་པ་འཁྲུལ་སྣང་གཞི་མེད་རྩ་བྲལ་དུ་སྦྱང་བར་བསྟན་པ། དེ་ཡི་གཉེན་པོར་རིག་པའི་ཡེ་ཤེས་ཀྱིས། །འཁོར་བའི་བག་ཆགས་སྟོང་པར་ལ་བཟླ་ཞིང་། །མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་གསུངས། སྟོང་པའི་རང་བཞིན་སྣང་བ་ཐག་བཅད་དེ་གཟུགས་སྟོང་པ། སྟོང་པ་ཉིད་གཟུགས་སོགས་བཞིན་སྣང་སྟོང་གཉིས་མེད་པའི་བདེན་པ་གཉིས་ཀྱི་དོན་ཤེས་པས། རྟག་ཆད་འཁོར་འདས་ཀྱི་མཐའ་གཉིས་གནས་བསལ་དབུ་མར་བསླབ་པ་ཡིས། སྲིད་ཞི་མི་གནས་ནམ་མཁའི་ངང་དུ་གྲོལ། །ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་དང་ནམ་མཁའ་འདྲའོ་ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །འདི་ནི་ངེས་དོན་སྙིང་པོའི་དམ་པ་སྟེ། །རང་བཞིན་རྫོགས་པ་ཆེན་པོའི་ཆེན་པོའི་གནས་ལུགས་ཡིན། །གཉིས་པ་ནང་འཛིན་རྟོག་སྟོང་ཉིད་རྩ་བྲལ་དུ་ལ་ཟློ་བ་ལ་དོན་བཅོ་ལྔ་སྟེ། དང་པོ་སེམས་ཀྱི་རྩ་བ་བཅད་པའི་འཐད་པ་དགོད་པ། ཕར་མ་ཞེན་ན་ཚུར་མི་གོས་པའི་ཕྱིར། སྣང་བའི་དངོས་ཀྱིས་ཕན་གནོད་གཉིས་སུ་མེད་དེ་འབྲེལ་བ་མ་གྲུབ་པའི་ཕྱིར། དེར་བདེན་པར་འཛིན་ཅིང་ཞེན་པས་སྲིད་པར་འཆིང་བས་ན། ཡུལ་སྣ་ཚོགས་སྣང་བ་ལ་བདེན་བརྫུན་སོགས་བརྟག་དཔྱད་མི་དགོས་ཀྱི། ནང་འཛིན་པའི་སེམས་ཀྱི་གཞིའམ་རྩ་བ་བཅད་པར་མཛོད། དོ་ཧ་ལས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་པས། །དེ་ལས་གཞན་དུ་སུས་ཀྱང་ཤེས་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ། །བསྟན་བཅོས་སྙིང་ལ་འཆང་བའང་དེ་ཡིན་ནོ། །ཞེས་དང་། དཀོན་བརྩེགས་ལས། ཁྱི་ལ་རྡོ་འཕང་གི་དཔེས། ཡུལ་གཟུགས་སོགས་རེ་རེ་ལ་ཕར་རྟོག་དཔྱོད་ཀྱིས་རང་བཞིན་མེད་པ་དང་། མི་རྟག་སོགས་ཤེས་ཀྱང་དེས་གཉེན་པོ་མི་ནུས་ཤིང་། སེངྒེ་ལ་རྡོ་འཕང་བའི་དཔེས་ནང་སེམས་ལ་དངོས་པོ་མེད་པར་ཤེས་ན་གྲོལ་བར་གསུངས་ཏེ། སེངྒེ་མི་ལ་ཟ་བ་ལྟར། དགེ་སློང་རྣལ་འབྱོར་སྤྱོད་པ་ཡིས། །ཕྱི་རོལ་འདོད་ཡོན་མཐོང་གྱུར་ན། །སེམས་ལས་བྱུང་བ་ཤེས་ནས་ནི། །སེམས་ཉིད་སྟོང་པར་ཤེས་པ་ཡིས། །དེས་ནི་རྣལ་འབྱོར་གྲོལ་བར་འགྱུར། །ཞེས་སོ། །གཉིས་པ་གཞི་མེད་སྟོང་པ་ཆེན་པོར་བསྟན་པ། སེམས་ནི་སྣང་ལ་རང་བཞིན་འགའ་མེད་དེ། །བཙལ་བས་མི་རྙེད་བལྟས་པས་མཐོང་བ་མེད། །ཁ་དོག་དབྱིབས་མེད་ངོ་བོ་ངོས་བཟུང་མེད། །ཕྱི་དང་ནང་མེད་དུས་གསུམ་སྐྱེ་འགག་མེད། །ཕྱོགས་དང་རིས་མེད་གཞི་རྩ་དངོས་པོ་མེད། །འདི་ཞེས་མི་མཚོན་བསམ་ཡུལ་འདས་པའི་སེམས། །གསུམ་པ་དུས་གསུམ་དུས་མེད་ཆེན་པོར་བསྟན་པ། དུས་གསུམ་དུ་འཆར་འཆར་འདྲ་ཡང་འདས་པའི་སེམས་འགགས་པ་མི་དམིགས་མ་འོངས་པ་མ་སྐྱེས་ཕྱོགས་ན་མེད། ད་ལྟར་མི་གནས་ཏེ་སེམས་ལ་སྐྱེ་འགག་གནས་གསུམ་གྱི་ཆ་མེད་ཅིང་། མེད་པའང་མ་གྲུབ་པས། རང་བཞིན་མཉམ་པའི་ངང་དུ་བཞག་པ་ཉིད་དོ། །བལྟ་ས་དང་ལྟ་མཁན་གཉིས་སུ་མ་གྲུབ་པའི་ཕྱིར་སེམས་ཀྱིས་སེམས་མ་ཚོལ་བར་དལ་དུ་ཆུག བཞི་པ་སྔ་ཕྱི་རིས་མེད་ཆེན་པོར་བསྟན་པ། སེམས་འཕྲོ་དུས་ཉིད་ནས། དགག་སྒྲུབ་དྲན་རིག་སྐད་ཅིག་ཡིད་ཀྱི་ཡུལ། །སྣང་ཙམ་ཉིད་ནས་ཕྱི་དང་ནང་གང་དུ་བཙལ་ནའང་མེད་དེ། བཙལ་བྱའི་དོན་གྱིས་ཚོལ་མཁན་བྱས་པས་བསླད། །རང་གིས་རང་བཙལ་ནམ་ཡང་རྙེད་མི་འགྱུར། །ངེས་པ་བརྟགས་ན་རང་གང་ཡང་མེད་དེ་གང་དུའང་དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །ལྔ་པ་གདོད་ནས་རྣམ་དག་ཆེན་པོར་བསྟན་པ། དེ་ལྟའི་དོན་དེ། ཡེ་ནས་སྐྱེ་མེད་རང་བཞིན་གཉུག་མའི་དོན། །མི་གནས་འགག་པ་མེད་པའི་སེམས་ཉིད་ནི། །དུས་གསུམ་གཞི་རྩ་མེད་པས་སྟོང་པའི་ངང་། །སྣ་ཚོགས་འཆར་གཞི་མ་འགགས་སྣང་བ་ལ། །བརྟགས་ན་དངོས་པོ་མཚན་མ་མེད་པས་རྟག་པ་མེད། རིག་ཙམ་དུ་རང་ཤར་འགག་པ་མེད་པས་ཆད་པ་མེད། གཉིས་དང་གཉིས་མེད་མེད་པས་བརྗོད་པས་བརྗོད་དུ་མེད། ཕུང་གསུམ་མིན་པས་འདི་ཞེས་གྲུབ་པ་མིན་པས་ངོས་བཟུང་མེད། མཐའ་ཡིས་མ་གོས་པའི་ཡེ་ཤེས་རང་བཞིན་གདོད་ནས་དག་པར་ཤེས་པར་བྱ། དྲུག་པ་བརྟག་དཔྱད་གཉིས་མེད་ཆེན་པོར་བསྟན་པ། བརྟགས་པས་མེད་ལྟར་མ་བརྟགས་དུས་ནའང་མེད། །རང་བཞིན་གཉིས་མེད་གདོད་མའི་ངོ་བོ་ལ། །བཟང་ངན་བླང་དོར་རེ་དོགས་མི་དམིགས་པས། །བརྟག་དང་དཔྱད་པས་འདི་ལ་ཅི་བྱར་ཡོད། །དུས་གསུམ་ཡིད་ཀྱིས་ཚོལ་ཁྲོ་མ་བྱེད་ཞོག །དོ་ཧ་ལས། གླང་ཆེན་ལོན་ནས་སེམས་ཚགས་ཆུད་པ་ན། །དེར་ནི་འགྲོ་འོང་བཅད་ནས་དལ་བ་སྟེ། །འདི་ལྟར་རྟོགས་ན་སུ་ལའང་འདྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་དང་། སེམས་ཀྱི་གླང་པོ་ཆེ་ནི་ཡན་དུ་ཆུག །དེ་ཉིད་ཀྱིས་ནི་བདག་ཉིད་ལ་དྲིས་ཤིག །ཅེས་གསུངས། བདུན་པ་གྲུབ་མཐའི་ཡུལ་འདས་ཆེན་པོར་བསྟན་པ། ལང་གཤེགས་ལས། བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་དེ་དག་བརྟག །ཅེས་གསུངས་པས། རྟོག་གེ་སྤྲོས་པའི་སྤུན་པས་བསྐྱོད་པའི་སེམས་རྣམ་གཡེང་རླུང་ལྟར་གཡོ་བས་མི་རྟོགས་ཀྱི། ནམ་མཁའ་རིན་པོ་ཆེའི་མདོ་དང་། གཤེད་དམར་རྒྱུད་དང་། བྱམས་ཆོས་ལས། འདི་ལ་བསལ་བྱ་སོགས། བ སལ་བཞག་འགྲོ་འོང་མེད་པའི་བྱང་ཆུབ་སེམས་ཏེ་དྲི་མ་ཡེ་ནས་མེད་པས་བྱང་། ཡོན་ཏན་ཡེ་ནས་རྫོགས་པས་ཆུབ། འཆར་ཚུལ་ཅིར་ཡང་མ་འགགས་པས་སེམས་ཉིད་སྐུ་གསུམ་ཡེ་ནས་ལྷུན་གྱིས་གྲུབ་པས། ཀུན་བྱེད་ཡེ་ཤེས་དྲི་མེད་ངོ་བོ་ཉིད། །ཇི་བཞིན་བཞག་པས་དེ་བཞིན་མཐོང་བ་ཡིན། །དེ་ཡང་གནད་མཐོང་གྲོལ་བ་ནི་ཡུལ་སྤངས་པ་ལ་མི་ལྟོས་ཏེ། སྣང་ཙམ་གྱིས་མི་འཆིང་བས་ཞེན་པ་སྤང་དགོས་ཏེ། ཏི་ལི་པས། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །ཞེས་དང་། དོ་ཧ་ལས། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་འབབ་ཅིང་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འགའ་ཞིག་བསྐྱེད་པར་ཟད། །ཅེས་སོ། །དེས་ན་རང་སེམས་སྐྱེ་མེད་དུ་དང་པོ་རྟོགས་པར་བྱ་བ་ཙམ་ལས། དུས་ཐམས་ཅད་དུ་རྟོག་དཔྱོད་ཀྱི་སྤྲོས་པས་བསླད་པར་མི་བྱ་སྟེ། ཀུན་བྱེད་ལས། རང་བཞིན་མ་བཅོས་ནམ་མཁའ་ལྟ་བུ་ལ། །བརྟག་དང་དཔྱད་པ་མང་པོས་ཅི་ཞིག་བྱ། །ཞེས་དང་། ཆོས་ཀྱི་རྒྱལ་པོའི་མདོར། མི་ལ་དུག་མདའ་ཕོག་པའི་དཔེས་གཏན་ཚིགས་མང་པོ་ལ་རྟོག་དཔྱོད་བྱས་པས། སེམས་རྟོག་པའི་དབང་དུ་སོང་བས་ཉོན་མོངས་པས་འཆིང་ལ། དེ་བས་རྣམ་པར་མི་རྟོག་པའི་སེམས་ལ་གནས་པར་བྱའོ། །ཞེས་དང་། དགོངས་འགྲེལ་ལས། སོ་སོར་རང་རིག་མཚན་ཉིད་སྤྱོད་ཡུལ་ནི། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པས། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་སོ། །དེའང་ཚིག་ཙམ་གྱིས་མི་ཕན་ཏེ། ཕལ་ཆེན་ལས། དཔེར་ན་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །བདག་ཉིད་ཀྱིས་ནི་མི་ཐོས་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས། དེས་ན་དོ་ཧ་ལས། གང་གིས་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བ། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུང་སྟེ་འཆི་བར་ཟད། །ཅེས་དང་། རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་ཐོབ་པ་དེ་ཡིས་ཆོག །ཞེས་སོ། །བརྒྱད་པ་བློ་བྲལ་བརྗོད་མེད་ཆེན་པོར་བསྟན་པ། འདིར་ནི་སྣ་ཚོགས་གྲུབ་མཐའ་མང་པོ་དང་། །བསམ་བརྗོད་རྟོག་པ་དུ་མས་ཅི་ཞིག་བྱ། །ངེས་པའི་དོན་ལ་གྲུབ་དང་མ་གྲུབ་མེད། །མཐའ་དང་དབུས་མེད་ཐེག་པའི་རྣམ་དབྱེ་མེད། །མཁའ་བཞིན་རྣམ་པར་དག་པས་འདི་ཞེས་རྒྱ་ཆད་དེའི་ཕྱོགས་ལྷུང་བ་མེད་དེ། དེ་ལ་ཡོད་མེད་བློས་བརྟགས་འཁྲུལ་པས་ན། །བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །དོན་མེད་གནས་ལ་རབ་ཏུ་ངལ་བར་ཟད། །དགུ་པ་བློས་བཏགས་དོན་མེད་ཆེན་པོར་བསྟན་པ། རང་རང་གི་གྲུབ་མཐས་མཇལ་བ་ཐམས་ཅད་དཔེ་ཇི་ལྟར་མཁའ་དབུས་དྭངས་པའི་སྐྱེད་མོས་ཚལ། མེ་ཏོག་འབྲས་མང་འབབ་ཆུས་བརྒྱན་པ་ཞིག །མངོན་དུ་བསམས་ནས་དེ་ཡི་རྣམ་དབྱེ་དང་། །མཐུན་ཕྱོགས་མི་མཐུན་ཕྱོགས་གང་རྩོད་པ་བཞིན། །འཁྲུལ་སྣང་གཞི་མེད་པ་ལ། གསར་དུ་སྒྲོ་བཏགས་ཤེས་བྱ་སྤྱི་བྱེ་བྲག དངོས་དངོས་མེད་སོགས་རྣམ་དབྱེ་གཞི་བཅས་ཀྱི་གྲུབ་མཐའ་འཆིང་བ་དར་གྱི་སྲིན་བུ་རང་གི་ཁ་ཆུས་འཆིང་བ་བཞིན། ངེས་ན་གཤིས་དོན་ནམ་མཁའ་འདྲ་བས་རྣམ་དབྱེ་ངོ་བོ་ཉིད་ཀྱིས་མེད་པར་རྟོགས་པར་བྱ་སྟེ། ཀུན་བྱེད་ལས། ཆོས་ཀུན་བྱང་ཆུབ་སེམས་ཡིན་དེ་དཔེ་ནི། ཀུན་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ། །བྱང་ཆུབ་སེམས་ཀྱི་དོན་ཡང་དེ་བཞིན་ནོ། །ཞེས་སོ། །བཅུ་པ་དམིགས་འཛིན་འཆིང་ཞེན་ཆེན་པོར་བསྟན་པ། དེས་ན་གློ་བུར་གྱི་སྒྲིབ་པའམ། རང་བཞིན་གྱི་སྒྲིབ་པ་ལ་སོགས་པའི་རྣམ་པ་གང་གི་ཡང་དྲི་མ་མེད་པ་སེམས་ཉིད་དག་པ་གཟོད་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་རང་བཞིན་ལ། བཅོས་བསྒྱུར་དྲི་མས་བསྒྲིབས་པ་ནམ་ཡང་མཐོང་བ་མེད་པས། དེ་ལ་བསྐྱེད་དང་རྫོགས་པའི་སྤྲོས་པས་ཅི་ཞིག་བྱ། འཛིན་ཞེན་མེད་པའི་དང་བའི་བསམ་གཏན་བློས་བྱས་ཀྱི་བསྒོམས་པས་བསླད་པར་ཟད། བཅུ་གཅིག་པ་འཛིན་མེད་གནས་ལུགས་ཆེན་པོར་བསྟན་པ། གདོད་ནས་རང་བཞིན་གྱིས་དག་པའི་སེམས་ཉིད་ལ། སྤང་བྱ་དང་གཉེན་པོས་བྲལ་ཐོབ་མེད་ཀྱིས་དམིགས་གཏད་ཤོལ། ཕྱི་ནང་གཟུང་འཛིན་མེད་ཀྱིས་ཆེད་འཛིན་ཐོང་། །ཉམས་མྱོང་ལ་འདི་ཞེས་ངོས་གཟུང་མེད་ཀྱིས་ཞེན་པ་ཆོད། འབྲས་བུ་ཐོབ་དང་མ་ཐོབ་མེད་ཀྱིས་རེ་དོགས་སྤོངས། བཅུ་གཉིས་པ་ཤར་གྲོལ་ཆོས་སྐུའི་རོལ་པར་བསྟན་པ། གཞི་གདོད་མ་ནས་འཕོ་འགྱུར་མེད་པའི་རིག་པ་ལ། བདེ་སྡུག་སོགས་སྣ་ཚོགས་རྐྱེན་གྱི་རྣམ་པ་གློ་བུར་དུ་ཅི་ཤར་ཡང་། སྐད་ཅིག་དེ་ལ་དེར་འཛིན་མེད་པར་ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ་ཏེ། ཆུ་དང་རླབས་བཞིན་དུ་ཆོས་སྐུར་ཕྱམ་གཅིག་གོ །བཅུ་གསུམ་པ་གང་ཤར་གཞི་མེད་ཆེན་པོར་བསྟན་པ། དགག་སྒྲུབ་ཀྱི་བློ་རྟོག་གང་དུ་བལྟས་ཚེ་བལྟ་མཁན་ཁོ་རང་གི་ངོ་བོ་སྟོར་ཏེ། བཙལ་བས་མི་རྙེད་ཡུལ་དང་ཕྱོགས་ན་མེད་པར་མ་ཟད། འཚོལ་མཁན་ཉིད་ཀྱང་མི་དམིགས་སྤྲོས་དང་བྲལ། ཚོལ་བར་བྱེད་པོ་ཤེས་པ་མི་གནས་བཙལ་བར་བྱ་བའི་ཡུལ་དགག་སྒྲུབ་གྱིས་སྟོང་། བཅུ་བཞི་པ་དེ་ཉིད་རྟོགས་པའི་ཚུལ་ཆེན་བསྟན་པ། དེ་ལྟར་རྟོགས་ན་རང་གནས་ཆོས་སྐུའི་བཙན་ས་ཟིན་ཏེ། མཁའ་བཞིན་དྲི་མེད་གདོད་མའི་ངང་དུ་ཕྱིན་པ་དེའི་ཕྱིར། ལྡོག་པའི་གནས་མེད་ད་ནི་གང་དུ་འགྲོ། །ཆོས་ཟད་པའི་སར་ཐུག་སྟེ་མཚན་འཛིན་གྱི་དྲི་མ་བྲལ་བ་དང་འགྲོ་འོང་མེད་པའི་དོན་རྟོགས་པས་འཁོར་བར་འོང་བ་འགའ་ཡང་མེད། སེམས་ཉིད་དབྱིངས་ཀྱི་ངང་དུ་ཕྱིན་པའི་དུས་འདི་ན། འཛིན་རྟོག་གདོད་མའི་གཞིར་དག་པས། སྒོ་གསུམ་རྩོལ་མེད་དུ་གྲོལ་བས་ཁོ་བོ་གང་ན་འདུག་པའི་དོན་མཐོང་ངམ་སྟེ་སྐལ་བ་དམན་པས་སུས་ཀྱང་མི་མཐོང་ཁོ་བོ་གང་ན་འདུག བཅོ་ལྔ་པ་ཀློང་གྱུར་རྟོགས་པའི་རྩལ་ཆེན་བསྟན་པ། དེ་ཉིད་ཤེས་ན་གཞན་ཞིག་དགོས་མི་འགྱུར། རྣལ་འབྱོར་པ་རྣམས་ཀྱང་ངས་ཇི་ལྟར་རྟོགས་པ་ལྟར་རྟོགས་ན་གྲོལ་བས་ན། གྲོལ་བ་རྣམས་ནི་ང་བཞིན་འཁྲུལ་པ་ཆད། དེས་ན་ད་ནི་མི་འདྲི་སེམས་ཀྱི་གཞི་རྩ་སྟོར། སེམས་ཀྱི་གཞི་རྩ་སྟོང་པར་རྟོགས་པས་གཏད་མེད་ཇི་ལྟར་ཤར་ཡང་བདེན་མེད་འཛིན་མེད་ངེས་མེད་སྣང་ལ་ངོས་བཟུང་གི་འདི་ཡིན་མེད། བྱ་བའི་རང་བཞིན་ཁྲིགས་སུ་མེད་པས་ཕྱལ་བ་ལྷུག་པ་ཡངས་པ་གཏད་སོའི་ཞེན་འཛིན་ལས་འདས་པར་ཕྱམ་གཅིག་པ། འདི་ལྟར་རྟོགས་ནས་ད་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཉུག་མ་དོན་གྱི་གླུ་ལེན་ཏེ། དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང་། །ཞེས་གནས་ལུགས་ཡིན་མིན་ལས་འདས་པའི་ཕྱོགས་བྲལ་ཆེན་པོའི་གནད་རྟོགས་པ་ཉི་མ་ལྟར་སྣང་བ་བྱས་ཏེ་ཐར་འདོད་ཀྱི་པད་ཚལ་དུ་བསྟན་ནས་བདེ་ཆེན་ཀུན་ཏུ་བཟང་པོའི་ས་ལ་སོང་ངོ་། །གསུམ་པ་གཟུང་འཛིན་ཡེ་སྟོང་རྩ་བྲལ་དུ་དོན་བསྡུ་བ་ལ་བཅུ་གསུམ། དང་པོ་ཡུལ་སྣང་རང་བཞིན་སྟོང་པར་བསྟན་པ། སྣང་སེམས་ཡེ་གྲོལ་དུ་གདམས་པ། ཀྱེ་ཧོ་གྲོགས་དག་སྣང་བའི་ཡུལ་ལ་ལྟོས། །ཐམས་ཅད་མ་སྐྱེས་སྟོང་པར་མཉམ་པ་ཉིད། །མེ་ལོང་གཟུགས་བརྙན་སྣ་ཚོགས་ཅི་ཤར་ཡང་། །མེ་ལོང་ངོས་ཡིན་དྭངས་པར་གཅིག་པ་བཞིན། །གཉིས་པ་སེམས་ཉིད་གཞི་མེད་རྩ་བྲལ་དུ་བསྟན་པ། སྣང་བ། དེ་ཉིད་འབྱེད་པའི་ཡིད་ལ་ཚུར་ལྟོས་དང་། །སེམས་ནི་མཁའ་འདྲ་དགག་སྒྲུབ་ཀུན་དང་བྲལ། །ལྟ་བྱེད་ཀྱི་ཤེས་པ་ཡུལ་ཐོག་ལ་གྲོལ་ཞིང་། ཡུལ་སྣང་གི་རྣམ་པ་འཛིན་མེད་དུ་སངས་པ་ནི། མཁའ་ལ་སྤྲིན་རྣམས་བྱུང་ནས་ཞིག་ན་ཡང་། །ནམ་མཁའི་ཆོ་འཕྲུལ་གཉིས་མེད་དག་པ་བཞིན། །རྣམ་པ་གཅིག་ཏུ་ན། ཆོས་ཐམས་ཅད་དང་པོ་ཡང་དབྱིངས་སྐྱེ་མེད་ལས་བྱུང་། ད་ལྟ་ཡང་དེར་གནས་མཐར་ཡང་དེར་གྲོལ། གང་ཤར་གྱི་ཤེས་པ་དེ་ཡང་། དང་པོ་སེམས་ཉིད་སྟོང་པའི་ངང་ལས་བྱུང་། ད་ལྟ་ཡང་དེར་གནས། མཐར་ཡང་དེར་ཡལ་བ་ཞེས་ཤེས་པར་བྱའོ། །དེ་ལྟ་བུའི་རང་བཞིན་ཡེ་ནས་སངས་རྒྱས་ཡིན་པར། ཀུན་བྱེད་ལས། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ནི། །ཡེ་ནས་སངས་རྒྱས་སྙིང་པོ་བྱང་ཆུབ་ལ། །རྩོལ་ཞིང་བསྒྲུབས་པས་སངས་རྒྱས་འགྲུབ་པ་མེད། །མ་སྐྱེས་རང་བཞིན་དག་པའི་ངང་དེར་ཞོག །ཅེས་གསུངས། དེས་ན་སེམས་ཉིད་རང་བཞིན་དྲི་མེད་གདོད་མའི་སངས་རྒྱས་ཏེ། མ་བྱས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དོ། །གསུམ་པ་གཉིས་མེད་རིས་མེད་སྟོང་པར་བསྟན་པ། ཡུལ་སེམས་གཉིས་ཀ་རྨི་ལམ་གྱི་ནང་ལྟར་དོན་ལ་གཉིས་མེད་ཡེ་ནས་རྣམ་པར་དག་པ་ལ། སྤང་བླང་གཉིས་སུ་བྱར་མེད་ཅིང་ཕྱོགས་རིས་དང་དགག་སྒྲུབ་མེད། ཡུལ་གང་སྣང་བདེན་མེད་ཡུལ་ཅན་གང་ཤར་སྟོང་པ་ཉིད་དེ། ཐམས་ཅད་མཉམ་ཉིད་འདི་ཞེས་གཟའ་གཏད་ཀུན་དང་བྲལ། བཞི་པ་ཡུལ་སེམས་གཏད་མེད་ཕྱོགས་བྲལ་དུ་བསྟན་པ། ཡུལ་ལ་གཅིག་ཏུ་ངེས་པ་མེད་པ་སྣང་བ་སྣ་ཚོགས་པ་ལྟར། བློ་ལ་ཡང་གཟའ་གཏད་མེད་པའི་ཕྱོགས་བྲལ་ཆེན་པོ་ཉིད་དུ་གྲོལ་བ་རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་བྱ། ལྔ་པ་ཐམས་ཅད་མཉམ་ཉིད་གཞི་རྫོགས་སུ་བསྟན་པ། འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ལ། །མཉམ་ཉིད་ལྔར་བལྟ་སྟེ་སྔར་འདས་པའི་ཆོས་རྣམས་འགགས་པས་མི་དམིགས་མཉམ་པ་ཉིད། མ་འོངས་ཆོས་རྣམས་མ་སྐྱེས་པས་ཕྱོགས་ན་མེད་པར་མཉམ་པ་ཉིད། ད་ལྟའི་ཕྱི་ནང་གི་ཆོས་རྣམས་ངོ་བོ་ངོས་བཟུང་མེད་པས་མི་གནས་མཉམ་པ་ཉིད། དུས་གསུམ་དུས་མེད་གཞི་བྲལ་གང་དུའང་མ་གྲུབ་པར་མཉམ་པ་ཉིད། ཐམས་ཅད་ཡེ་ནས་རྫོགས་པའི་ངང་ཉིད་ཅེས་གཟོད་མ་ནས་སྐྱེས་འགག་གནས་མེད་མཉམ་པ་ཉིད་དོ། །དྲུག་པ་ཕྱི་ནང་ཆོས་ཉིད་ཀུན་བཟང་དུ་བསྟན་པ། སྣང་སྲིད་འཁོར་འདས་སེམས་ཀྱི་གཟུགས་བརྙན་ནམ་འཁྲུལ་པའི་བག་ཆགས་ཏེ། སྣང་བ་སེམས་ཀྱི་འཁྲུལ་སྣང་དུ་ཐག་བཅད། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ནམ་མཁའི་རང་བཞིན་དུས་གསུམ་འཕོ་འགྱུར་མེད། །འགྱུར་མེད་རང་བཞིན་གཟོད་ནས་མྱ་ངན་འདས། །འགྱུར་བ་མེད་པའི་དོན་དེ་གཟོད་མ་ནས་ཞི་ཞིང་མྱང་འདས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས་གཞི་ནས་བྱང་ཆུབ་ཀུན་ཏུ་བཟང་པོ་ཡིན། བདུན་པ་དབྱིངས་གཅིག་གདོད་ནས་མཁའ་མཉམ་དུ་བསྟན་པ། ཆོས་ཐམས་ཅད་སྣང་དང་སྟོང་པ་དབྱེར་མེད་གདོད་མའི་ངང་། གཅིག་དང་དུ་མར་མི་དམིགས་སྤྲོས་དང་བྲལ། །ནམ་མཁའ་བཞིན་དུ་ཕྱོགས་དང་རིས་མེད་ཐམས་ཅད་མཉམ་པ་ཉིད་དེ། མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་མཉམ་དེ་ལ་རང་མཚན་མེད་པས་སྟོང་མཉམ། བློ་འཁྲུལ་ངོར་བདེན་མཉམ། གཤིས་ལ་བརྫུན་པར་མཉམ། སྣང་ཙམ་དུ་ཡོད་མཉམ་རང་བཞིན་མ་གྲུབ་པས་མེད་མཉམ། དོན་མཐའ་ལས་འདས་པར་མཉམ། དབྱིངས་གཅིག་གདོད་ནས་དག་པའི་ངང་ཉིད་དོ། །བརྒྱད་པ་གཟུང་འཛིན་འབྲེལ་མེད་སྒྲོ་བཏགས་སུ་བསྟན་པ། བློ་ཡིས་བརྟགས་པ་ཕུང་ཁམས་སོགས་ཆོས་ཐམས་ཅད་ངོ་བོས་སྟོང་། མིང་རྣམས་དོན་དེའི་ཕྱི་ནང་གང་དུའང་མེད་པས། གློ་བུར་བ་དོན་རང་མཚན་ཞེས་པའང་མིང་དང་རྟོག་པའི་རི་མོས་སྒྲོ་བཏགས་ཉིད། ཇི་ལྟར་སྣང་དུས་ནས་བདེན་རྫུན་གཉིས་མེད་དཔྱད་ན་ཡུལ་སེམས་གཉིས་འབྲེལ་བ་མེད་དེ་གཉིས་ཀ་དོན་ལ་མ་གྲུབ་པའི་ཕྱིར། དེས་ན་ཡུལ་སེམས་གཅིག་གིས་གཅིག་ལ་མ་གོས་གཟུང་འཛིན་མེད། དེ་ལྟར་གཟུང་འཛིན་གཉིས་མེད་ཀྱི་དོན་ལ་རྨོངས་པས་འཛིན་པ་ཐམས་ཅད་འཁྲུལ་པ་སྟེ། དེའང་བུ་ཆུང་གི་དུས་ན་དེ་ལྟ་བུའི་གྲུབ་མཐའ་དང་། རྣམ་དབྱེ་སྒྲོ་བཏགས་པ་མེད་པ་ལས། ཕྱིས་སྒྲོ་བཏགས་གོམས་པ་ནི། གྲུབ་མཐའ་ངན་པའི་དོན་ཐོས་པ་ལས་བྱུང་སྟེ། རྣམ་ངེས་ལས། སྐྱེ་བོ་རེང་བུར་སྐྱེ་འགྱུར་ཞིང་། །ཡོན་ཏན་ཉེས་པ་མ་མཐོང་ལ། །ཀྱེ་མ་གྲུབ་མཐའ་མི་བཟད་པའི། །གདོན་འདི་སུ་ཡིས་བགོས་པ་ཡིན། །ཞེས་བཤད་པ་བཞིན་ནོ། །དགུ་པ་ཡུལ་སེམས་འབྲེལ་མེད་སྟོང་པར་བསྟན་པ། ཇི་ལྟར་མེ་ལོང་གཟུགས་བཞིན་སྣང་བ་ནི། །ཡུལ་གྱི་རྣམ་པ་དབང་པོའི་ཤེས་ལ་ཤར། །དེ་ཉིད་བཟུང་བས་ཆགས་སྡང་སྲིད་པར་འཁྲུལ། །ནན་ཏར་གཏུགས་ན་ནི་སེམས་ནི་ཕར་ཡུལ་ལ་མ་འཕོས་ཤིང་། ཡུལ་གྱི་རྣམ་པ་ཚུར་ཤར་ཞེས་པའང་དཔྱད་ན་སེམས་ལ་ཚུར་ཤར་བ་མེད། ཡུལ་སེམས་གཉིས་ཀ་ངོ་བོ་མེད་ཕྱིར་གཉིས་སུ་མ་གྲུབ་བོ། །བཅུ་པ་གཞི་གྲོལ་ཡང་མཉམ་དབྱིངས་གཅིག་ཏུ་བསྟན་པ། དེས་ན་རྨི་ལམ་སྣ་ཚོགས་གཉིད་ཀྱི་ངང་དུ་གཅིག་པ་ལྟར་སྣང་བའི་ཡུལ་རྣམས་ཐམས་ཅད་རང་བཞིན་མེད་པར་གཅིགརྦ་རླབས་ཆུའི་ངང་དུ་གཅིག་པ་ལྟར་ཡུལ་ལ་འཆར་བའི་བློ་རྣམས་ཐམས་ཅད་ངོས་གཟུང་མེད་པར་གཅིག རབ་རིབ་དང་དེར་འཛིན་པའི་མིག་ཤེས་འཁྲུལ་པར་གཅིག་པ་བཞིན་སྣང་སེམས་གཉིས་མེད་གདོད་ནས་དག་པར་གཅིག གང་ལའང་བརྟག་དཔྱད་མི་དགོས་གཞི་ནས་གྲོལ་བར་གཅིག་སྟེ་ནམ་མཁའི་སྐྱེད་ཚལ་བཞིན་ནོ། །བཅུ་གཅིག་པ་ཆོས་རྣམས་དབྱིངས་གཅིག་སྟོང་མཉམ་དུ་བསྟན་པ། འཁོར་འདས་གཉིས་མེད་སེམས་ཀྱི་ངང་དུ་གཅིག་སྟེ་དཔེ་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་སྣ་ཚོགས་རྒྱ་མཚོའི་ངང་དུ་གཅིག་པ་བཞིན་ནོ། །ལྟ་སྒོམ་སྤྱོད་འབྲས་ཉམས་མྱོང་གི་རྣམ་པ་ཅི་ཤར་ཐམས་ཅད་རོ་མཉམ་ལྷན་ཅིག་སྐྱེས་པར་གཅིག་སྟེ། འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་དུ་གཅིག་པ་བཞིན་སེམས་ཀྱི་དགག་སྒྲུབ་སྟོང་པའི་ངང་དུ་གཅིག རྣམ་རྟོག་གང་ཤར་སྐྱེ་མེད་དུ་རང་གྲོལ་བས་གཉིས་སུ་མེད་པར་དག་པར་གཅིག་པ་ནི་དབའ་རླབས་རོལ་པ་ཆུ་བོའི་ངང་དུ་གཅིག་པ་བཞིན་ནོ། །དེ་ལྟར་སེམས་ཉིད་སྤྲོས་པ་དང་བྲལ་བར་རྟོགས་ན་སྐྱེས་བུ་མཁས་པ་ཡིན་ཏེ། ཕལ་ཆེན་ལས། དོན་ལ་རྣམ་པར་དཔྱོད་པ་ནི་མཁས་པ་ཡིན་གྱི་ཚིག་ལ་རྟོག་པས་མ་ཡིན་ནོ། །ཞེས་སོ། །བཅུ་གཉིས་པ་ཐམས་ཅད་གཉིས་མེད་རང་བཞག་ཏུ་བསྟན་པ། སྣ་ཚོགས་ངེས་གཟུང་མེད་པའི་ཆོས་རྣམས་ཀུན། །རང་བཞིན་གཉིས་སུ་མེད་པའི་གཟུགས་བརྙན་ཏེ། །བཟང་ངན་བླང་དོར་མེད་པའི་རོལ་པ་ལ། །བློ་ཡིས་གཉིས་སུ་མ་འཛིན་གང་བདེར་ཞོག །བཅུ་གསུམ་པ་རིག་སྟོང་རྣམ་ཡིན་ཆོས་སྐུར་བསྟན་པ། དེ་ལྟར་བཞག་དུས་གཏད་མེད་ཡུལ་ལ་ངེས་མེད་ཀྱི་སྣང་བ་ཤར། འཛིན་མེད་རིག་པ་རང་ཡན་དུ་ཤར་བས། རྣམ་ཡིན་ཆེན་པོ་ནི་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་ཆོས་ཀུན་མཉམ་པའི་རང་བཞིན་གྱིས། བློ་བྲལ་ངང་དུ་འཛིན་མེད་ལ་བཟླས་ནས་བསྟན་པའི་དགེ་བས། འགྲོ་བ་གང་དག་དབྱིངས་ཕྱོགས་བྲལ་ཆེན་པོ་རིག་པ་ཁོང་དུ་མ་ཆུད་པར་གྲུབ་མཐའི་ཕྱོགས་འཛིན་གྱིས་ཁོལ་བུར་དགག་སྒྲུབ་ཏུ་བཅིངས་པ་ཡིས། འཆིང་འགྲོལ་མེད་པའི་དོན་ལ་མ་རེག་པས་དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། གཞི་རྟོགས་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ལེའུ་སྟེ་བཅུ་པའོ།། །། ༈ བཅུ་གཅིག་པ་རང་བཞིན་ལམ་གྱི་སྒོམ་ཚུལ་བསམ་གཏན་དྲི་མ་མེད་པའི་ལེའུ་ལ་གསུམ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་ཆོས་ཀུན་མཉམ་པའི་དོན་མཐོང་ནས། མ་བསྒོམས་ན་མི་གྲོལ་བས་ངེས་པར་གནས་ལུགས་རེ་དོགས་ཀྱི་སྤྲོས་པ་ཆོད། ངང་ལ་ཇི་བཞིན་གཞག་པ་གཅེས་ཏེ། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། བསྐལ་པ་བཅུར་མཉན་པ་ལས་སེ་གོལ་གཏོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་ཏིང་འཛིན་བསྒོམ་ན་བསོད་ནམས་ཆེ་བར་གསུངས་སོ། །གཉིས་པ་ལེའུ་དངོས་ཀྱི་དོན་ལ་གསུམ། དབང་པོ་གསུམ་གྱི་རིམ་པ་མདོར་བསྟན། འབྲིང་དང་ཐ་མའི་རིམ་པ་རྒྱས་པར་བཤད། ས་དང་ལམ་གྱི་རིམ་པས་དོན་བསྡུ་བའོ། །དང་པོ་དབང་པོ་གསུམ་གྱི་རིམ་པ་མདོར་བསྟན་པ་ལ་གསུམ། དབང་པོ་རབ་ཀྱི་རིམ་པ། འབྲིང་དང་ཐ་མའི་རིམ་པ། དབང་པོ་གསུམ་གྱི་དོན་བསྡུ་བའོ། །དང་པོ་དབང་རབ་ལ་གཉིས། དང་པོ་རྟོགས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྟན་པ། བསྒོམ་པ་དེ་ཡང་དབང་པོའི་རིམ་པས་བསྟན་པ་སྟེ། སྔོན་བསོད་ནམས་བསགས་པའི་དབང་པོ་ཡང་རབ་བླ་མའི་བརྡ་ཐབས་ཀྱི་རྐྱེན་ཙམ་གྱིས་གནས་ལུགས་རྟོགས་པས་གྲོལ་ཏེ། འབད་རྩོལ་ལ་མ་ལྟོས་པར། སྒོམ་དང་བསྒོམ་བྱ་གཉིས་མེད་སེམས་ཉིད་རྣལ་མའི་དོན་མཐོང་ནས། སྣང་སྲིད་གཞི་གྲོལ་སེམས་ཉིད་བྱ་རྩོལ་མེད་པ། ཕྱོགས་བྲལ་རིག་པ་ཆུ་བོའི་རྒྱུན་བཞིན་འཆར་ཏེ། ཀློང་དུ་གྱུར་ན་བདེན་འཛིན་དང་བྲལ་བས་གཉེན་པོས་བསྒོམ་དུ་མེད་པས་ཞེན་མེད་ཀྱི་ངང་དུ་རྒྱུན་དུ་གནས་པ་ལས། གཉིས་པ་ཀློང་རྒྱུར་རྟོགས་པའི་གདེང་ཚད་བསྟན་པ། ཐུན་མཚམས་ཀྱི་རིས་མེད་འདི་ཡིན་འདི་མིན་ཞེས་ངོས་གཟུང་བྱར་མེད་དེ། ཆོས་ཐམས་ཅད་རང་གྲོལ་ཀུན་ཏུ་བཟང་པོའི་ཞིང་ལ་སྤྱོད་པས་དངོས་པོ་དང་མཚན་མའི་སྒོམ་པ་ལྟར་ངོས་བཟུང་གི་རྟགས་དང་ཚད་མེད། གོལ་སྒྲིབ་ནི་སྦྱང་བསྒྲོད་ལྟ་སྒོམ་གྱི་རྩོལ་ཞེན་ལས་འབྱུང་བས། འདིར་ནི་རང་བྱུང་གཞི་ཀློང་ཡངས་པའི་དོན་ཇི་བཞིན་ངང་ལ་ཡེ་བཞིན་གནས་པས་གང་དུའང་མ་ཕྱིན། གང་ལའང་མ་བལྟས་པས་ན། སྐྱོན་ཡོན་གཉིས་མེད། གོལ་དང་གོལ་ས་མེད། གོང་དུ་རྩལ་སྦྱོང་བ་དང་བོགས་འབྱིན་པ་མེད། ཐོབ་དང་མ་ཐོབ་མེད་པར་རང་སེམས་དོན་གྱི་སངས་རྒྱས་ཡེ་ནས་ལྷུན་གྲུབ་ཏུ་ཐག་ཆོད་པས། དེ་ལས་གཞན་པའི་འབྲས་བུར་ཕྱིས་ཐོབ་འདོད་ཀྱི་སྨོན་པ་མེད་པར་ད་ལྟ་ནས་རྫོགས་སངས་རྒྱས་པས། དེ་འདྲའི་རྣལ་འབྱོར་ནམ་མཁའ་རབ་འབྱམས་ཡིན་ཏེ། ཀུན་བྱེད་ལས། ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོ། །གཉིས་པ་འབྲིང་དང་ཐ་མའི་རིམ་པ་ལ་གསུམ། དང་པོ་ཆེད་དུ་རྩོལ་བས་སྒོམ་པའི་འཐད་པ་དགོད་པ། དབང་པོ་འབྲིང་དང་ཐ་མས་གོམས་ལ་བརྩོན་དགོས་ཏེ། ཇི་སྲིད་འཁོར་བའི་རྒྱུ་བདག་འཛིན་དབྱིངས་སུ་མ་ནུབ་པར། དེ་སྲིད་སྣ་ཚོགས་ཐབས་ཀྱིས་བསྒོམ་པར་བྱ་སྟེ། སྒོམ་མི་སྒོམ་གྱི་མཚམས་ཀྱང་སེམས་ལ་གཟུང་འཛིན་དབྱིངས་ནུབ་མ་ནུབ་ལ་བྱེད་དོ། །གཉིས་པ་མ་བསྒོམས་འཁོར་བར་འཁྱམས་པས་སྒོམ་དགོས་པའི་རྒྱུ་མཚན་བསྟན་པ། ཁྱད་པར་རྣམ་རྟོགས་ངན་པས་སྲིད་པར་འཁྲིད་དེ། ཕྱོགས་ཀྱི་གླང་པོས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡི། །ཞེས་སོ། །དེ་ཉིད་ལས་གྲོལ་ཕྱིར་བསམ་གཏན་གྱི་ཐབས་ལ་བརྟེན་པ་དུས་ཕྱི་ནས་ཤེས་རབ་ཆོས་ཀུན་མཐའ་གྲོལ་ཀློང་ཡངས་ཆེན་པོར་འཆར་ངེས་སོ། །གསུམ་པ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་དགོས་ཆེད་བསྟན་པ། སེམས་རྩེ་གཅིག་པའི་ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ལ། ཆོས་ཀུན་རང་བཞིན་མེད་རྟོགས་ཀྱི་ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། དེའང་ཞི་ལྷག་ངོ་བོ་གཅིག་པ་དང་། སོ་སོ་བ་གཉིས་ལས། དང་པོ་ནི། གནས་ཆ་ཞི་གནས་གསལ་ཆ་ལྷག་མཐོང་སྟེ། གསལ་སྟོང་མཐའ་བྲལ་དུ་རྟོགས་པ་ཞི་ལྷག་ཟུང་འབྲེལ་ལོ། །ཐ་དད་པ་ལ་གཉིས་ཏེ། སྒྲའི་རྗེས་སུ་མཐུན་པ་དང་དོན་གྱི་རྗེས་སུ་མཐུན་པའོ། །དང་པོ་ནི། ཐོས་པའི་དོན་ལ་སེམས་རྩེ་གཅིག་པ་ཞི་གནས་དང་། དེ་ལས་དོན་རྟོགས་པ་ལྷག་མཐོང་ངོ་། །གཉིས་པ་ནི། བསྒོམས་པས་དང་པོར་རྩེ་གཅིག་ཏུ་ཟིན་པ་ཙམ་ཞི་གནས་ལ། ཕྱིས་དེ་ཡང་རང་བཞིན་མེད་པར་རྟོགས་པ་ལྷག་མཐོང་སྟེ། དགོངས་པ་ངེས་འབྲེལ་ལས། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཤེས་རབ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་བའོ། །ཤེས་རབ་ལས་བྱུང་བ་ནི། མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །གདམས་ངག་ལས་བྱུང་བ་ནི། མན་ངག་གིས་སེམས་མི་གཡོ་བར་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །ཞེས་གསུང། གསུམ་པ་དབང་པོ་གསུམ་གྱི་དོན་བསྡུ་བ། དེས་ན་རབ་ཀྱིས་གསེར་གླིང་ནས་རྡོ་མི་རྙེད་པ་ལྟར་ངན་རྟོག་ཐམས་ཅད་ཆོས་སྐུར་ལྷོངས་ཏེ། གང་ཤར་ཆོས་ཉིད་དུ་གྲོལ་བས། བཟང་ངན་མེད་ན་གཉེན་པོ་བསམ་གཏན་ཐུན་འཇོག་ཏུ་བསྒོམ་མི་དགོས་སོ། །འབྲིང་གིས་ལྟ་བ་རྟོགས་པས་སྐྱེ་བ་མེད་པའི་ངང་བྱིང་རྒོད་དང་བྲལ་བའི་དྭངས་རྫིང་བུ་རྙོགས་བྲལ་མི་གཡོ་བ་ལྟར་བཞག་པས་ཞི་ལྷག་ཟུང་འབྲེལ་བསྒོམས་པ་ཡིས། བཟང་ངན་གྱི་རྣམ་པར་རྟོག་པ་དབྱིངས་སུ་ནུབ་པར་གྱུར་ནས་ཞི་ལྷག་ཟུང་འབྲེལ་རྟོགས་པ་ནམ་མཁའ་ལྟ་བུ་འཆར་ཏེ། ཏིང་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །མིང་དུ་མི་ཐོགས་ཉམས་མྱོང་འབྱུང་། །དེས་ན་ཏིང་ངེ་འཛིན་ཞེས་བྱ། །ཞེས་སོ། །དབང་པོ་ཐ་མས་ཐོག་མར་སེམས་མི་གནས་པ་གནས་པར་བྱ་བའི་ཐབས་སུ་ཞི་གནས་བཙལ་བ་ཡིས། གང་ལ་དམིགས་དེ་ལ་བརྟན་པ་ཐོབ་པར་སླ། དེ་ནས་སྣང་སྟོང་ཟུང་དུ་འཇུག་པའི་ལྷག་མཐོང་སོ་སོར་རྟོག་པ་ཉིད་བསྒོམས་པས། སྐྱེ་བ་མེད་པའི་དོན་རྟོགས་ཏེ། ཕྱི་ནང་སྣང་སེམས་གཞི་གྲོལ་ཆེན་པོར་འཆར། །དེས་ན་དབང་པོའི་རིམ་པ་ཤེས་པ་གཅེས། །དོན་གཉིས་པ་འབྲིང་དང་ཐ་མའི་རིམ་པ་རྒྱས་པར་བཤད་པ་ལ་གསུམ། དབང་པོ་འབྲིང་གི་སྒོམ་ཚུལ། ཐ་མའི་སྒོམ་ཚུལ། སྒོམ་པ་ཐོབ་པའི་ཏིང་ངེ་འཛིན་གྱི་དབྱེ་བའོ། །དང་པོ་འབྲིང་གི་སྒོམ་ཚུལ་ལ་གསུམ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པར་གདམས་པ། དེའི་དོན་ལ་ཇི་ལྟར་སྒོམ་པ་དངོས་བསྟན་པ། ཡེ་ཤེས་བཞིའི་འཆར་ཚུལ་བསྟན་པའོ། །དང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པར་གདམས་པ་ལ་ལྔ། དང་པོ་མཉམ་པར་འཇོག་པའི་འཐད་པ་དགོད་པ། ད་ནི་དབང་པོ་འབྲིང་གི་སྒོམ་པ་བསྟན། ཇི་ལྟར་ཆུ་ནི་དབའ་རླབས་ཀྱིས་རྙོག་པ་ན། དྭངས་པའི་གཟུགས་བརྙན་མི་འཛིན་ཅིང་མི་གསལ་གཡོ་བ་ལྟར། ཡིད་ནི་མི་བསྲུན་ཀུན་ཏུ་རྟོག་པས་འཕྱར་ཞིང་གཡོ་སྟེ། སྣ་ཚོགས་པའི་སྤྲོས་པ་ལ་ཀུན་དུ་འཆེལ་བ་ན། མངོན་ཤེས་སོགས་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པའི་སེམས་ཉིད་འོད་གསལ་དྭངས་པའི་ཡེ་ཤེས་དང་། སྤྱན་དང་མངོན་ཤེས་ཀྱི་གཟའ་སྐར་མི་འཆར་བས། གཅིག་ཏུ་མི་གཡོ་རྒྱ་མཚོ་དངས་པ་ལྟར་མཉམ་པར་བཞག་པ་གཅེས། གཉིས་པ་མཐའ་བྲལ་སྒོམ་པའི་མན་ངག་བསྟན་པ། བཞག་ཚུལ་མི་གཡོ་གསུམ་ལྡན། ལུས་ནི་མི་གཡོ་བ་ཆོས་བདུན་རི་རྒྱལ་ལྟ་བུ་ལ། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞགསྒལ་ཚིགས་དྲངས་པོ། ལྕེ་ཡ་སྐན། དབུགས་དལ་བ། མིག་སྣ་རྩེ། མགྲིན་པ་ཡིད་ཙམ་དགུག་པའོ། །དབང་པོ་མི་གཡོ་བ་ནི་དབང་པོ་དྲུག་མ་འགགས་ཤིང་ཡུལ་ལ་མི་རྟོག་ན་སྤྱན་དང་མངོན་ཤེས་སོགས་དབང་པོ་དང་བའི་ཡོན་ཏན་ཀུན་འཆར་བས། དབང་པོ་ལ་དགག་སྒྲུབ་མེད་པར་མཐའ་བྲལ་དཔེ་རྫིང་བུའི་ནང་དུ་ཡུལ་སྣང་གཟའ་སྐར་ཤར་བ་དང་འདྲ་སྟེ། དེའང་ཡུལ་སོ་སོ་ལ་རྟོག་པས་དེར་མ་བཟུང་ན་མི་གནོད་ཀྱི་སྟེང་དུ་སོ་སོའི་ཡོན་ཏན་འཆར་ཞིང་རྣམ་པར་སྣང་ལ་མི་རྟོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ། རྣམ་པ་མེད་ན་རྟོག་མི་རྟོག་གི་དཔྱད་ར་མེད་པའི་ཕྱིར་མི་རྟོག་ཡེ་ཤེས་ཀྱང་མེད་དོ། །དེས་ན་དབང་པོ་ལ་ཡུལ་སྣང་དུས་མི་རྟོག་པའི་ངང་དུ་བཞག་པས་སོ་སོར་རང་རིག་པའི་བློས་རྟོག་པ་འགྲོ་འོང་ཆད་པ་ལ་རླུང་འགགས་པར་བཤད་དེ། ཁ་སྣའི་རླུང་འགྱུ་ཡང་རྟོག་པ་མི་གཡོ་བས་སྤྲོས་པ་ཆད་པ་ལ་རྟོག་པ་ཤི་བར་བཏགས་པས། དེའི་དུས་སུ་གཉེན་པོ་ཤེས་རབ་ཀྱང་བསྐྱེད་ནས་བསྒོམ་མི་དགོས་ཏེ། དོ་ཧ་ལས། མིག་ནི་མི་འཛུམ་སེམས་ཀྱང་མི་འགོག་དང་། །རླུང་འགགས་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། །འཆི་བའི་ཚེ་ན་རྣལ་འབྱོར་པས་ཅི་བྱ། །ཞེས་སོ། །སེམས་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བར་བཞག་པ་ནི། ལུས་དང་དབང་པོ་མི་གཡོ་བ་ན་ཞར་ལ་འབྱུང་སྟེ། སྤྲོ་བསྡུ་མེད་པའི་སེམས་ཉིད་ལྷན་སྐྱེས་བདེ་གཤེགས་སྙིང་པོ་སྟོང་གསལ་འཁོར་འདས་བཟང་ངན་ནམ་ཐ་ན་རང་གི་ཏིང་འཛིན་ལའང་ཞེན་འཛིན་མེད་པས་དྭངས་པའི་ནམ་མཁའ་བཞིན། བྱིང་རྒོད་གཉིས་མེད་སྤྲོས་དང་བྲལ་བར་གཞག གསུམ་པ་དེ་ལས་སྐྱེས་པས་ཉམས་མྱོང་བསྟན་པ། དེའི་ཡོན་ཏན་དེ་ཚེ་དུས་གསུམ་དང་སྣང་སེམས་སོགས་རང་བཞིན་གཅིག་སྟེ་ཀུན་རྟོག་དབྱིངས་སུ་ཐིམ་ནས་གདོད་མའི་ངང་དུ་གཟུང་དང་འཛིན་པ་གཉིས་ཀ་མི་དམིགས་པའི་ཆོས་ཀྱི་སྐུ། དྲི་མེད་འོད་གསལ་བ་ཉི་མའི་སྙིང་པོ་ནི། །བདེ་གསལ་མི་རྟོག་མཐའ་དབུས་མེད་པ་འཆར། །བཞི་པ་དེ་ཚེ་རྟོགས་པའི་འཁྲུང་ཚུལ་བསྟན་པ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་དེའི་བློ་ངོར། ཆོས་ཅན་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་། །དེའི་ཆོས་ཉིད་སྐྱེ་མེད་དུ་མཐོང་བས། །སྣང་དང་སྟོང་པ་ཐམས་ཅད་ཕྱམ་གཅིག་ལ། །ཡོད་དང་མེད་པ་ཀུན་གྱི་མཐའ་ལས་འདས། །སྲིད་དང་ཞི་བ་གཉིས་སུ་མི་རྟོག་པ། །ཤེས་དང་ཤེས་བྱ་རོ་གཅིག་པའི་ཡེ་ཤེས་འཆར་བ་སྟེ་གཅིག་པའི་ངོ་བོ་ཉིད། དེའང་མཉམ་པ་ཉིད་དུ་རྟོགས་པས་མཉམ་དང་མི་མཉམ་མེད་པའི་ཆོས་ཉིད་མཐོང་། ལྔ་པ་དེ་ཉིད་དོན་ལ་སྒོམ་པར་གདམས་པ། འདི་ནི་འཕགས་པའི་བདེན་མཐོང་ཡེ་ཤེས་ཀྱི་དངོས་རྒྱུ་ཡིན་པས་ཆེས་ཆེར་གོམས་ན་ཕྱི་ནས་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བའི་བློ་མིག་གིས། རྒྱལ་བའི་ཆོས་སྐུ་ཕུན་ཚོགས་བསྒྲུབ་པས་ན། །སྐལ་བཟང་རྣམས་ཀྱིས་རྟག་ཏུ་མཉམ་པར་ཞོག །གཉིས་པ་དེའི་དོན་ལ་ཇི་ལྟར་སྒོམ་ཚུལ་དངོས་བསྟན་པ་ལ་དགུ། དང་པོ་སྟོང་གསལ་མཁའ་ལྟར་དག་པའི་སྒོམ་ཚུལ། བཞག་ཐབས་བརྒྱད་ལས། སེམས་ཉིད་མ་སྐྱེས་མཁའ་ལྟར་དག་པའི་ངང་། སེམས་བྱུང་མི་དམིགས་སྤྲིན་ཚོགས་དེངས་པ་བཞིན། །ཡེང་མེད་སྤྲོས་དང་བྲལ་བའི་ཤེས་པ་ཡིས། །ཇི་བཞིན་ངང་ལ་ཡེ་བཞིན་མཉམ་པར་ཞོག །གཉིས་པ་དྭངས་གསལ་རྒྱ་མཚོ་ལྟ་བུའི་སྒོམ་པ། མ་བྱིང་བས་དྭངས་ཤིང་མི་རྒོད་པས་སྟོང་པ་རྒྱ་མཚོ་རང་སར་གནས་པ་ལྟ་བུ་ལ་གཟུང་འཛིན་རྣམ་རྟོག་གི་རྙོག་བྲལ་དབའ་རླབས་མེད་པར་དྭངས་སང་ངེ་ཞོག གསུམ་པ་ནམ་མཁའ་སྤྲིན་དེངས་པ་ལྟ་བུའི་སྒོམ་པ། སྟོང་ཞིང་གསལ་བ་ནམ་མཁའ་ལྟ་བུ་ལ། ཀུན་རྟོག་སྤྲིན་མེད་ཕྱོགས་ལྷུང་བྲལ་བར་ཏེ་སེམས་ཉིད་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་ལ་རྣམ་རྟོག་གི་སྤྲོ་བསྡུ་མེད་པར་ཞོག བཞི་པ་མི་གཡོ་རི་རྒྱལ་ལྟ་བུའི་སྒོམ་པ། སེམས། བརྟན་ཞིང་མི་གཡོ་རི་རྒྱལ་ལྟ་བུ་ལ། །དགག་སྒྲུབ་གཉིས་མེད་རེ་དོགས་བྲལ་བར་ཞོག །ལྔ་པ་གསལ་དག་མེ་ལོང་ལྟ་བུའི་སྒོམ་པ། སེམས་གསལ་དྭངས་བྱེད་པ་དག་ཅིང་གསལ་བ་མེ་ལོང་ལྟ་བུ་ལ། སྒོ་ལྔའི་སྣང་ཡུལ་མ་འགགས་གཟུགས་བརྙན་ལྟ་བུར་འཛིན་རྟོག་མེད་པར་ཞོག དྲུག་པ་སྟོང་གསལ་འཇའ་ཚོན་ལྟ་བུའི་སྒོམ་པ། གཉེན་པོས་མ་བསླད་པར་ཡེ་གྲོལ་སོར་བཞག་སྣང་བ་སྟོང་པར་རྟོགས་པ་འཇའ་ཚོན་ལྟ་བུ་ལ་བྱིང་རྒོད་གཉིས་མེད་དག་ཅིང་གསལ་བར་ཞོག བདུན་པ་མ་ཡེངས་མདའ་མཁན་ལྟ་བུའི་སྒོམ་པ། སེམས་ཆོས་ཉིད་ཀྱི་ངང་ལས་གཞན་དུ་མ་ཡེངས་པར་རྩེན་ནེ་དཔེ་མདའ་མཁན་མདའ་སྲང་བ་ལྟ་བུ་ལ། དོན་གཉུག་མའི་ཡེ་ཤེས་སྤྲོ་བསྡུ་བྲལ་བར་ཞོག བརྒྱད་པ་བློ་བདེ་ལས་ཟིན་ལྟ་བུའི་སྒོམ་པ། རང་བཞག་ཆོས་སྐུར་ཐག་ཆོོད་ཤེས་པ་ལས་ཟིན་སྐྱེས་བུ་ལྟ་བུ་ལ་རེ་དོགས་གཉིས་མེད་རང་བབས་ལྷུན་གྱིས་གྲུབ་པར་ཞོག ཧ་ཅང་དྲན་པས་བསྒྲིམ་པའང་མི་དགོས་རྒྱ་ཡན་དུ་ཡེངས་ན་ཐ་མལ་དུ་ལྷུང་བས་རིང་བབས་ལྷུག་པར་བཞག་གོ །དགུ་པ་ཞི་ལྷག་ཟུང་དུ་འབྲེལ་བའི་སྒྲུབ་བྱེད་བསྟན་པ། བཞག་ཐབས་བརྒྱད་ཀྱི་ཚུལ་འདི་ནི་གཟུང་འཛིན་མེད་པས་རང་བཞིན་དག་པའི་ཏིང་ངེ་འཛིན་གཉུག་མའི་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིན་ཏེ། སྐྱེ་མེད་ངང་ཡིན་ཐོག་དེར་གནས་པས་ཞི་གནས་ལ། དེ་དུས་གསལ་སྟོང་སྤྲོས་དང་བྲལ་བས་ལྷག་མཐོང་ཉིད་ཅེས་བརྗོད་ཀྱང་དབྱེར་མེད་ངོ་བོ་གཅིག་པས་ཟུང་དུ་འབྲེལ་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའི་ཞི་གནས་ནི། ཡང་དག་པའི་བསམ་པ་སྟེ་ཞི་བའི་འདུ་ཤེས་ལའང་མི་གནས་སོ། །ལྷག་མཐོང་ནི་ལྟ་བ་མཐོང་བ་སྟེ། ལྟ་བ་ཉིད་ཀྱང་རྗེས་སུ་མི་མཐོང་ངོ་། །གང་གིས་དེ་ལྟར་མཐོང་བ་དེ་ཉིད་ཡང་དག་པར་མཐོང་བའོ། །ཞེས་སོ། །གསུམ་པ་ཡེ་ཤེས་བཞིའི་འཆར་ཚུལ་ངེས་པ་ལ་བཞི། དང་པོ་སྣང་བའི་ཡེ་ཤེས་ལ་གཉིས། དང་པོ་ཡེ་ཤེས་དངོས། དེ་ལྟར་བཞག་པས་ཡེ་ཤེས་བཞིའི་རིམ་པས་ལམ་གྱི་བསྒྲོད་ཚུལ་ཡང་། བཞག་ཐབས་བརྒྱད་ཀྱིས་སེམས་གཉུག་མར་གནས་པ་དེ་ཚེ་སྒྲ་བློ་ཞེན་ཡུལ་ལས་འདས་པའི་ཟབ་ཞི་སྤྲོས་དང་བྲལ་བའི་སེམས་ཉིད་སྨྲ་བསམ་བརྗོད་དུ་མེད་པའི་དོན་ཐོག་མར་མཐོང་བས། དེ་ནི་སྣང་བའི་ཡེ་ཤེས་ཞེས་བྱ་སྟེ་ཤིན་ཏུ་མི་རྟོག་པ་ཡི་འོད་གསལ་{གསར་པ་ཞུ་མཆན།} ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ཞེས་བྱའོ། །གཉིས་པ་དེའི་ཡོན་ཏན། དེ་ཉིད་མཐོང་སྟེ་ཀུན་རྟོག་རང་སར་གྲོལ་བས་འོད་གསལ་མ་བུ་འདྲེས་པས་སེམས་ནི་རབ་ཏུ་ཞི་ཞིང་། ཕྱི་ཡི་ཆོས་ཡུལ་ལྔ་ནང་གི་ཆོས་སེམས་ལ་དགག་སྒྲུབ་ཀྱི་ཞེན་པ་ཆུང་། སེམས་ཉིད་སྟོང་པའི་ངང་ནས་འགྲོ་ལ་སྙིང་རྗེ་ཕྱོགས་མེད་དུ་འཆར་བས། རང་གཞན་གྱི་དོན་དུ་རང་དགེ་བ་ལ་སྤྱོད་ཅིང་གཞན་ཡང་དགེ་ལ་བསྐུལ། རྟག་ཏུ་དབེན་པར་དགའ་ཞིང་རྣམ་གཡེང་དང་འདུ་འཛི་ཉུང་། ཐ་ན་རྨི་ལམ་ན་ཡང་མི་དགེ་བའི་སེམས་མེད་པར་དགེ་བའི་ཆོས་ལ་སྤྱོད་ཅིང་། སྒོ་གསུམ་ལ་ཤིན་སྦྱངས་ཐོབ། ཚོགས་ལམ་གྱི་ཡོན་ཏན་སྐྱེ། འོད་གསལ་གྱི་སྣང་བ་འབྱུང་། དེས་ནི་ཐར་པའི་ལམ་སྣ་ཟིན་པ་ཡིན་ནོ། །གཉིས་པ་མཆེད་པའི་ཡེ་ཤེས་ལའང་གཉིས། དང་པོ་ཡེ་ཤེས་དངོས། དེ་ནས་སྔར་གྱི་དོན་ལ་ཆེས་ཆེར་གོང་དུ་གོམས་པ་ཡིས། སེམས་སྟོང་གསལ་རང་བྱུང་གི་ཡེ་ཤེས་མཐོང་བའི་ཡོན་ཏན་ནམ་ཉམས་མྱོང་སྔོན་བས་རྒྱ་ཆེ་ཞིང་། ཕྱིའི་སྣང་བའང་ངང་གིས་རྨི་ལམ་སྒྱུ་མར་རབ་ཏུ་རྟོགས་ཏེ། ཆོས་རྣམས་རང་བཞིན་གཉིས་མེད་ཀྱི་ངང་དུ་དུ་མ་རོ་གཅིག་པར་རྟོགས་པས། ཉོན་མོངས་རྣམ་རྟོག་སོགས་སྐྱེས་དང་མ་སྐྱེས་མེད་པར་མཉམ་པར་མཐོང་བའི་ཚེ། གཉིས་པ་མཆེད་པའི་ཡེ་ཤེས་ཞེས་བྱ་ཤིན་ཏུ་མི་རྟོག་པ་ཤེས་རབ་དང་ཏིང་ངེ་འཛིན་ཤིན་ཏུ་རླབས་ཆེ་ཞིང་བསམ་གཏན་གྱི་དགའ་བས་བརྒྱན་པ་ཐོབ་པ་ཡིན་ནོ། །གཉིས་པ་ཡོན་ཏན་བརྗོད་པ། སྦྱོར་ལམ་དེ་ཡི་ཚེ་ལུས་སེམས་ཤིན་སྦྱངས་ཀྱི་རྟགས་ཁྱད་པར་ཅན་སྔོན་བས་རབ་ཏུ་དག་ཅིང་། ཐབས་དང་ཤེས་རབ་ཟུང་འཇུག་དྲི་མ་མེད་པའི་རྟོགས་པ་འཆར་ཏེ། མངོན་ཤེས་ལྡན་ཞིང་སྙིང་རྗེས་སེམས་ཅན་ལ་ཕན་པ་འགྲུབ། སྲིད་པ་ལ་སྐྱོ་བས་སེམས་ནི་ངེས་པར་འབྱུང་ཞིང་། རྨི་ལམ་ན་ཡང་ཆོས་ཀུན་རྨི་ལམ་དང་སྒྱུ་མ་སོགས་དེ་འདྲར་རྟོགས། ལུས་ཀྱི་ཕྱི་ནང་ཤིག་སྲོ་དང་འབུ་སྲིན་མེད། བྱིང་རྒོད་དང་བྲལ་ཞིང་ཉིན་མཚན་དུ་འབྲལ་མི་ཕོད་པའི་ཏིང་འཛིན་འགྲུབ་པ་སོགས་སྦྱོར་ལམ་གྱི་རྟགས་དང་ལྡན་པའི། སྐྱེ་བོ་དེས་ནི་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མྱུར་དུ་མཐོང་བར་འགྱུར་རོ། །གསུམ་པ་ཐོབ་པའི་ཡེ་ཤེས་ལ་གཉིས། དང་པོ་ཉམས་རྟགས། དེ་ནས་ཆེས་ཆེར་གོམས་པས་སྔོན་སྦྱོར་ལམ་བས་ལྷག་སྟེ་ཉོན་མོངས་པའི་རླུང་བརྒྱ་ཕྲག་བཅུ་གཉིས་དག ཏིང་འཛིན་རྟོགས་པའི་ཉི་མ་སྔོན་མེད་འཆར། ཆོས་ཀུན་དེ་བཞིན་ཉིད་དུ་ཚུལ་གཅིག་པས་མཉམ་པའི་དོན་མཐོང་ནས། སྤྱན་དང་མངོན་ཤེས་སྒྲིབ་པ་མེད་མངའ་བས། སྔགས་ལྟར་ན་རང་གི་ཁམས་ཡེ་ལྡན་གྱི་ཞིང་ཁམས་དང་། མཚན་ཉིད་ལྟར་ན། སངས་རྒྱས་བརྒྱའི་ཞལ་ལྟ་བ་སོགས་ཕྱིའི་ཞིང་ཁམས་བརྒྱ་སྟོང་བྱེ་བ་དཔག་མེད་མཐོང་། གཉིས་པ་ཡེ་ཤེས་དངོས། དེ་ཡི་ཚེ་ཟག་མེད་འཕགས་པའི་ཡེ་ཤེས་སྔར་མ་མཐོང་བ་གསར་དུ་མཐོང་བས་མཐོང་བའི་ལམ་ཏེ། གསུམ་པ་ཐོབ་པ་ཞེས་བྱ་ཆོས་ཉིད་ཀྱི་བདེན་པ་མངོན་དུ་གྱུར་པ་ཡིན་ཏེ། ཕལ་ཆེན་ལས། འཚོ་བ་ཆད་དང་མི་བསྔགས་ངན་འགྲོ་དང་། །འཁོར་གྱི་འཇིགས་བྲལ་ཉམས་ངའི་གནོད་པ་མེད། །ཅེས་འཇིགས་པ་ལྔ་ལས་གྲོལ་ལོ། །བཞི་པ་ཉེ་བར་ཐོབ་པའི་ཡེ་ཤེས་ལ་གཉིས། དང་པོ་ཉམས་རྟགས། དེ་ལས་ཆེས་ཆེར་སྒོམ་ལ་ཆུང་འབྲིང་ཆེར་གོང་དུ་འཕེལ་བ་ཡིས། ཆོས་ཉིད་རྟོགས་པའི་ཏིང་འཛིན་གྱི་ཡོན་ཏན་གྲངས་མེད་ཅིང་། ས་དང་པོ་ནས་བདུན་པའི་བར་རྗེས་ཐོབ་ལ་རྟོག་པ་ཡོད་པས་མཉམ་རྗེས་ཐ་དད་པ་དང་། དག་ས་གསུམ་ན་མངོན་གྱུར་གྱི་རྟོག་པ་མེད་པས་མི་རྟོག་མཉམ་པའི་ཆོས་ཉིད་ལས། གཟུངས་སྤྲིན་ཡེ་ཤེས་དྲི་མེད་སྔར་མཐོང་ལམ་སོགས་ལས་རྒྱ་ཆེ་ཞིང་། མཉམ་པར་བཞག་དང་མ་བཞག་གཉིས་མེད་པར། རྟག་ཏུ་མཉམ་བཞག་སྤྲུལ་པ་བསམ་ཡས་སྟོན་ཏེ། རྒྱལ་སྲས་ས་བཅུ་པ་དང་སངས་རྒྱས་གཉིས་གཞན་དོན་མཛད་པ་ལ་མཉམ་པར་གསུངས་པ་བཞིན་ཚད་མེད་ཞིང་དང་ཡེ་ཤེས་གཟིགས་པ་འཇུག གཉིས་པ་ཡེ་ཤེས་དངོས། དེའི་ཚེ་རྩ་ཁམས་དག་ཅིང་རླུང་སེམས་ལས་སུ་རུང་བའི་ཡོན་ཏན་མཆོག་ཤིན་ཏུ་རྒྱ་ཆེ་དྲི་མ་མེད་པ་ནི། སྒོམ་ལམ་གྱི་ཡེ་ཤེས་ཉེ་བར་ཐོབ་པ་ཞེས་བྱའི་ཡེ་ཤེས་ཏེ། འཕགས་ལམ་བརྒྱད་རྫོགས་ནས་མྱུར་དུ་བྱང་ཆུབ་འཐོབ། ཡོན་ཏན་དེ་དག་ཀྱང་རྡོ་རྗེའི་ལུས་ཀྱི་ལྟེ་བའི་འཁོར་ལོ་ལས་སུ་རུང་བས་ཚོགས་སྦྱོར་གྱི་ཡོན་ཏན་འཆར། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་། དེ་བཞིན་སྙིང་གསང་མཐོང་ལམ་སྐྱེ། མགྲིན་པས་ས་དང་པོ་ནས་བདུན་གྱི་བར་ལོངས་སྐུ་མཇལ། སྤྱི་བོས་དག་པ་ས་གསུམ་སྟེ། དབུ་མའི་མདུད་པ་ཉེར་གཅིག་གི་དང་པོ་གཉིས་གྲོལ་བས་ས་དང་པོ་ནས། ཉི་ཤུ་པ་གྲོལ་བས་ས་བཅུ་པའི་བར་གྱི་ཡོན་ཏན་རྣམས་འཆར་ཞིང་། ཉེར་གཅིག་པ་གྲོལ་བས། ཤིན་ཏུ་དག་པ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་འཆར་རོ། །དེའི་འཕྲོས་དོན་བར་དོའི་ཐིམ་རིམ་ཐམས་ཅད་རྫོགས་ནས་མཐར་འོད་གསལ་འཆར་ཏེ། དེའང་སེམས་ལ་སངས་རྒྱས་རང་ཆས་སུ་ཡོད་པ་ཉིད་རང་ལ་སྣང་སྟེ། སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་བཞི་དང་། སྣང་བའི་ཆ་ལས་གཟུགས་སྐུའི་འོད་གསལ་ལྔར་ཤར་ཏེ། དང་པོ་ནི། སྣང་མཆེད་ཐོབ་པ་ཉེར་ཐོབ་ཀྱི་ཡེ་ཤེས་བཞི་སྐྱེ་རིམ་བཞིན། སྔ་མ་གསུམ་པོའི་སྐབས་ཞེ་སྡང་གི་རྟོག་པ་སོ་གསུམ། འདོད་ཆགས་ཀྱི་བཞི་བཅུ། གཏི་མུག་གི་བདུན་ཏེ་རགས་པ་དང་། ཕྱི་མའི་དུས་ཕྲ་བ་འགགས་ཏེ་ཀུན་གཞི་ཆོས་སྐུར་ཐིམ་པའི་ཚེ་གཞིའི་འོད་གསལ་ཇི་བཞིན་པ་ཉིད་འཆར་བས། དེ་ཉིད་ངོ་ཤེས་ན་གྲོལ། དེའི་རྩལ་ལས་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་རིགས་ལྔའི་ཚོམ་བུ་འཆར། དེ་རྣམས་ངོ་མ་ཤེས་ན། སྲིད་པ་བར་དོའི་སྣང་བ་འཆར་བས། རབ་ཀྱིས་བདེན་མེད། འབྲིང་གི་བསྐྱེད་རྫོགས་སྒྱུ་མ་ལྟ་བུ། ཐ་མས་སྐྱབས་འགྲོ་སོགས་ཀྱིས་བར་དོའི་འཇིགས་པ་ལས་ལོག་ནས་མཐོ་རིས་སུ་སྐྱེ་སྟེ་ཕྱི་མ་ལ་གྲོལ་བར་གསུངས་སོ། །འདི་ནི་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་སྟེ། སྐལ་བཟང་དབང་རབ་རྣམས་འབྲས་བུ་ཚེ་འདིར་གྲོལ་བ་ཡིན་ནོ། །གཉིས་པ་ཐ་མའི་སྒོམ་ཚུལ་ལ་གསུམ། ཞི་ལྷག་གི་གནས་ལ་སྤྱིར་གདམས། སོ་སོའི་རིམ་པ་བྱེ་བྲག་ཏུ་བཤད་པ། ཟུང་འཇུག་གི་ཁྱད་པར་ངོས་བཟུང་བའོ། །དང་པོ་ཞི་ལྷག་གི་གནས་སྤྱིར་གདམས་པ་ནི། དབང་པོ་ཐ་མས་ཇི་ལྟར་བསྒོམ་པའི་རིམ་པ་ཡང་། དང་པོར་ཞི་ལྷག་སོ་སོར་རྩལ་སྦྱང་སྟེ། བརྟན་པར་གྱུར་ནས་གཉིས་ཀ་ཟུང་འཇུག་དབྱེར་མེད་དུ་བསྒོམ་པར་བྱའོ། །དེ་ཡང་ཇི་ལྟར་བསྒོམ་པའི་ཐབས་ཚུལ་དཔག་ཏུ་མེད་པའི་ཚུལ་ལ་བསླབ་དགོས་སོ། །གཉིས་པ་སོ་སོའི་རིམ་པ་ལ་གཉིས། ཞི་གནས་དང་ལྷག་མཐོང་ངོ་། །དང་པོ་ཞི་གནས་ལ་གསུམ། དང་པོ་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱིས་ལུས་སེམས་ཁོད་མཉམ་པ། ཐོག་མར་ཞི་གནས་བཙལ་བའི་རིམ་པ་ནི། གནས་དབེན་པའི་ཕྱོགས་སུ་བདེ་བའི་སྟན་ལ་རབ་ཏུ་འདུག་ནས། དབུགས་ཕྱིར་དབྱུང་བ་དང་ནང་དུ་རྔུབ་པའི་ཁ་དོག་དང་གྲངས་རྣམས་ཀྱིས། ཉིན་ཞག་འགར་རྣམ་རྟོག་འདུལ་ཞིང་སེམས་གནས་པར་བྱའོ། །དེའང་ལུས་གནད་སྐྱིལ་ཀྲུང་ལག་པ་པུས་མོར་བཀབ། རྩ་གསུམ་གསལ་བའི་རོ་མ་དཀར་པོ་སྣ་བུག་གཡས་ལ་རླུང་ཕར་འགྲོ་བའི་ཚེ་ནད་གདོན་སྡིག་སྒྲིབ་དག་པར་བསམ། རྔུབ་ཚེ་གཡོན་རྐྱང་མ་ནས་སངས་རྒྱས་སོགས་ཀྱི་ཏིང་འཛིན་ཡོན་ཏན་སོགས་འོད་དུ་ཞུ་ནས་ཞུགས་པ་དབུ་མར་ཐིམ་པར་བསམ་ལ་རླུང་ཁ་སྦྱར་དལ་བུ་བཟུང་། རླུང་གི་ཁ་དོག་བད་ཀན་གཉེན་པོར་རླུང་གི་རླུང་ལྗང་གུ། དབྱར་ཚ་བའི་གཉེན་པོ་ཆུ་རླུང་དཀར་པོ། སྟོན་མཁྲིས་པའི་གཉེན་པོ་ས་རླུང་སེར་པོ། དགུན་གྲང་བའི་གཉེན་པོ་མེ་རླུང་དམར་པོ་སྟེ་འདུ་ནད་ཀྱི་གཉེན་པོའོ། །དབྱིབས་སྙིང་ནང་རླུང་སེམས་ཀྱི་དྭངས་མ། གཞུ། གྲུ་གསུམ། ཟླུམ་པོ། གྲུ་བཞི་རྣམས། རེག་བྱ་དེ་མཐུན། གྲངས་ཁུག་པ་བདུན་ཚུན་ཆོད་དོ། །རླུང་དེ་སྣ་བུག་ནས་ཁྲུ་གང་ནས་སྟོང་གསུམ་བར་དུ་ཇེ་རིང་ལ་སྤྲོ། ཁམས་འདུས་ཚེ་ཧས་བསལ། དད་པ་དང་བདེ་བ་སོགས་སྐྱེས་ཚེ་ནང་དུ་བཟུང་། དེས་རྣམ་པར་མི་རྟོག་པའི་ཞི་གནས་སྐྱེ་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་པར་འགྱུར་རོ། །གཉིས་པ་ཡོངས་སུ་བཟུང་བའི་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པ། དེ་ནས་བྱམས་སོགས་ཚད་མེད་བཞི་དང་སྨོན་འཇུག་གི་སེམས་གཉིས་དང་། བསྐྱེད་རིམ་དང་ནི་བྲིས་སྐུ་དང་གླེགས་བམ་སོགས། དགེ་བའི་ཡུལ་ནི་གང་ཡང་རུང་བ་ཞིག་ལ། དམིགས་པ་རྩེ་གཅིག་པས་སེམས་མ་ཡེངས་མཉམ་པར་གཞག་གོ །གསུམ་པ་ཡོངས་སུ་རྫོགས་པ་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བ། དེ་ལྟར་བཞག་པས་སེམས་ནི་བཏང་འགྲོ་བཞག་སྡོད་ལ་ལས་སུ་རུང་ཞིང་། ཡུལ་གཞན་དུ་མི་འཕྲོ་དམིགས་པ་གར་གཏད་ཀྱི་ཡུལ་ལ་ཟིན་ཅིང་། ཡུན་ཇི་ཙམ་དུ་བཞག་པ་དེ་ཙམ་དུ་མཉམ་པར་གནས་ཤིང་། ལུས་ཀྱི་མདོག་སྣུམ་ངག་སྨྲ་བ་ཉུང་སེམས་ནི་དགའ་བདེས་ཁྱབ་པ་ན། རྩེ་གཅིག་མི་གཡོའི་ཞི་གནས་གྲུབ་པ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ་གཉིས་ཏེ། ཕྱི་གཟུང་བ་རང་བཞིན་མེད་པར་བརྟགས་པ་དང་། ནང་འཛིན་པ་རང་བཞིན་མེད་པར་བསམ་པའོ། །དང་པོ་གཟུང་བ་རང་བཞིན་མེད་པར་བརྟགས་པ་ལ་གཉིས། དང་པོ་གཟུང་ཡུལ་སྣང་སྟོང་རྩ་བྲལ་དུ་བསྟན་པ། དེ་ནས་ལྷག་མཐོང་གི་དོན་ལ་བསླབ་པ་ནི། ཕྱི་རོལ་སྣང་སྲིད་འཁོར་འདས་ཀྱི་ཆོས་འདི་རྣམས། དོན་ལ་མེད་བཞིན་སྣ་ཚོགས་སུ་སྣང་བས་མི་བདེན་པ་རྨི་ལམ་དང་སྒྱུ་མ་འདྲ་ཞིང་། དེ་བཞིན་གཟུགས་བརྙན་དང་སྤྲུལ་པ་དང་སྒྲ་བརྙན་དང་དྲི་ཟའི་གྲོང་ཁྱེར་དང་། མིག་ཡོར་དང་སྨིག་རྒྱུ་འདྲ་ཞིང་སྙིང་པོ་མེད་པ་སྣང་བས་ཏེ་སྣང་དུས་ནས་སྟོང་སྟེ་རང་བཞིན་སྟོང་པའི་ངང་ཉིད་དོ། །དེ་ཡང་འཁྲུལ་ངོར་སྣང་བའི་སངས་རྒྱས་བརྫུན་པ་སྤྲུལ་པའི་རང་བཞིན་ཆུ་ཟླ་ལྟར་དབྱིངས་ཆོས་སྐུ་དང་ལོངས་སྐུ་ལས་མ་གཡོས་བཞིན་སྣང་བ་བརྫུན་གྱི། དག་པ་སངས་རྒྱས་ཀྱི་རང་བཞིན་འོག་མིན་ན་བཞུགས་པ་མེད་པའི་བརྫུན་པ་ནི་མིན་ནོ། །འཁྲུལ་རྟོག་འཁོར་བའི་བདེ་སྡུག་སོགས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ཚེ་རབས་བགྲངས་པ་འདྲ་ཡང་། དོན་ལ་སྐྱེ་བ་མེད་པས་འཁོར་མ་འཁོར་གཉིས་ཀ་མེད་དེ་སྒྱུ་མའི་དཔེ་བརྒྱད་བཞིན་ནོ། །གཉིས་པ་དེའི་ངང་ལ་འཛིན་མེད་དུ་མཉམ་པར་བཞག་པ། དེ་ལྟར་སྒྱུ་མར་འཛིན་པ་ཙམ་ཡང་དོན་ལ་མི་དམིགས་པས་སྣང་བཏགས་ཀྱི་ཆོས་ཐམས་ཅད་ཡོད་མེད་སོགས་སྤྲོས་པའི་ཡུལ་ལས་འདས་པས་ནམ་མཁའ་དང་འདྲ་ཞིང་བདག་མེད་པས། སྐྱེ་མེད་སྤྲོས་དང་བྲལ་བར་མཉམ་པར་བཞག་གོ །དེ་ཡིས་ཕྱི་རོལ་ཆོས་ལ་བདག་མེད་པར་མཐོང་ཅིང་། བདེན་མེད་དུ་འཛིན་པའི་རྟོག་པའང་ལྡོག་པས། གཟུང་རྟོག་གི་བློ་དང་གཟུང་ཡུལ་གཉིས་ཀ་རང་བཞིན་མེད་པར་རྟོགས་པར་འགྱུར་རོ། །གཉིས་པ་འཛིན་པ་རང་བཞིན་མེད་པར་བསམ་པ་ལ་བཞིི། དང་པོ་སེམས་དང་སེམས་བྱུང་རང་ངོ་བརྟགས་པ། དེ་ནས་ནང་གི་སེམས་ལ་འདི་ལྟར་བརྟག་སྟེ། བཟང་ངན་སོགས་ཡུལ་སྣ་ཚོགས་སུ་རྟོག་ལ་བརྟགས་ན་ངོ་བོ་མེད་པའི་འཁྲུལ་པའི་སེམས། བླང་དོར་དགག་སྒྲུབ་དང་བདེན་བརྫུན་བདེ་སྡུག་བཏང་སྙོམས་སོགས་ཀྱི། ཡུལ་ལ་ཤ་ར་ར་འཕྲོ་ཞིང་འདི་ཞེས་ངོས་བཟུང་མེད་པ་ཁྱོད། དང་པོ་གང་ནས་འོངས་ད་ལྟ་གང་ན་གནས། ཐ་མ་གར་འགྲོ་དབྱིབས་དང་ཁ་དོག་ཅི་ལྟ་བུ་འདུག་སྙམ་དུ་སྐད་ཅིག་ཀྱང་མ་ཡེངས་པར་བརྟགས་ཤིང་དཔྱད་པའི་ཚེ་འདི་ལྟར་ཡུལ་ཤེས་གཉིས་ཀ་ངོ་བོ་མེད་པར་མཐོང་བར་འགྱུར་ཏེ། དཀོན་བརྩེགས་ལས། དཔེར་ན་ཤིང་ཉིད་རླུང་གིས་དྲུད་པ་ལས། །མེ་བྱུང་ནས་ནི་དེ་ཡིས་སྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ནི། །སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད། །ཅེས་སོ། །གཉིས་པ་སྟོང་པར་རྟོགས་པས་རྩ་བ་བཅད་པ། དགག་སྒྲུབ་ཀྱི་ཡུལ་ལ་འཕྲོ་བ་དང་། དེ་ལ་སོ་སོར་དཔྱོད་པའི་འཛིན་པའི་སེམས་ནི་ཡོད་པ་ལྟར་སྣང་བ་རྟོག་པས་བསླད་པ་སྟེ་དོན་ལ་ངོ་བོ་གང་ཡང་མེད་པ་ལ་སྐྱེ་རྒྱུ་མེད་པས། དང་པོར་སྐྱེ་བའི་རྒྱུས་སྟོང་ཞིང་། མ་སྐྱེས་པ་ལ་བར་དུ་གནས་མཁན་དང་ཐ་མར་འགག་རྒྱུ་མེད་པས་སྟོང་། དེ་བཞིན་ཁ་དོག་དང་དབྱིབས་མེད་ངོ་བོ་འདི་ཞེས་ངོས་བཟུང་བྱར་མེད། སེམས་འདས་པ་འགགས་ཤིང་མ་འོངས་པ་མ་སྐྱེས་ལ། ད་ལྟ་བ་གང་དུའང་མི་གནས་ཏེ་ཕྱི་ནང་གང་ནའང་མེད་དེ་བཙལ་བས་མི་རྙེད་དཔེར་ན་ནམ་མཁའ་དང་འདྲ་ཞིང་ངོས་བཟུང་དཔྱད་ར་མེད་པར་ཡངས་ཕྱམ་མེ་བ་བྱ་བྱེད་སྤྲོས་དང་བྲལ་བར་འཆར་བ་ནི་ཆོས་སྐུ་རང་ལུགས་ཀྱི་དགོངས་པར་ཤེས་པར་བྱའོ། །བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མ་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་སོ། །གསུམ་པ་དེའི་ངང་ལ་སྒོམ་ཚུལ་བསྟན་པ། དེ་ཚེ་སེམས་ལ་རྟོག་དཔྱོད་ཀྱིས་གང་ཡང་མི་བསམ་པར། ཁུར་གྱིས་དུབ་པའམ་ཆད་པ་ངལ་གསོ་བ་བཞིན་དུ་དཔྱད་པའི་རྗེས་སུ་ལྷོོད་ཀྱིས་གློད་དེ། ཅི་ཡང་མི་བསམ་གང་ཡང་ཡིད་ལ་བྱེད་པ་བོར་ཏེ། རིག་མདངས་བདེ་བ་དང་བཅས་མ་འགགས་པར་སྣང་བ་ཐམས་ཅད་རང་བཞིན་གཉིས་མེད་མཉམ་པའི་ངང་ལ་ཁྲོལ་ལེ་ཤིགས་སེ་བུན་ནེ་བཞག་སྟེ། དོ་ཧ་ལས། འཇུར་བུས་བཅིངས་པའི་སེམས་དེ་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །རྨོངས་རྣམས་གང་གིས་འཆིང་གྱུར་པ། །མཁས་རྣམས་དེ་ཡིས་རྣམས་པར་གྲོལ། །ཞེས་སོ། །སྤྱིར་ཡང་སེམས་བསྒྲིམས་ཏེ་བཟུང་ན་འཕྲོ་ཞིང་། གང་དགར་སོང་ཞིག་ཅེས་གློད་ན་རང་སོར་གནས་པ་ཆོད་ཉིད་ཡིན་ཏེ། དེ་ཉིད་ལས། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོ་ལྟ་བུར་བདག་གིས་མཐོང་། །བུ་ཁྱོད་རྣམས་ཀྱང་རང་ལ་ཅེར་ཏེ་ལྟོས། །ཞེས་སོ། །དེ་བཞིན་གཟིངས་ཀྱི་བྱ་རོག་ལྟར་སེམས་འཕྲོ་རུ་བཅུག་ནས། ད་ཅུང་ཟད་ཀྱང་ནང་དུ་མ་འོང་ཞིག་ཅེས་བྱས་ན། ཕྱི་ཡུལ་ལ་འཕྲོ་བ་བཞིན་བྱས་ཀྱང་ནང་དུ་ལོག་ནས་རང་སར་གནས་པ་འབྱུང་སྟེ། ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་ནི། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ་ཞེས་སོ། །བཞི་པ་དེ་ལྟར་སྒོམ་པའི་དགོས་པ་བརྗོད་པ། བསྒོམ་ཚུལ་དེ་ཡིས་ངར་འཛིན་གྱི་རྣམ་རྟོག་རྩད་བཅད་པས་གང་ཟག་གི་བདག་མེད་ཅིང་། འཛིན་པའི་སེམས་ལ་རང་བཞིན་མེད་པར་རྟོགས་ཏེ་སྔར་གཟུང་ཡུལ་ངོ་བོ་མེད་པས་གཟུང་བ་བདག་མེད་པར་རྟོགས་པས་བདག་མེད་གཉིས་ཀྱི་དོན་མཐོང་བས་གྲོལ་བར་འགྱུར་རོ། །གསུམ་པ་ཟུང་འབྲེལ་གི་ཁྱད་པར་ངོས་བཟུང་བ་ལ་གསུམ། ཟུང་འཇུག་དོན་གྱི་སྒོམ་ཚུལ། འོད་གསལ་རྟོགས་པའི་འཆར་ཚུར། ཞི་ལྷག་ངེས་པའི་རང་བཞིན་ནོ། །དང་པོ་ཟུང་འཇུག་དོན་གྱི་སྒོམ་ཚུལ་ལ་གསུམ། དང་པོ་གནས་ལུགས་དོན་གྱི་ཟུང་འཇུག ཞི་ལྷག་སོ་སོར་བརྟན་པ་ཐོབ་པ་དེ་ནས་ཞི་ལྷག་ཟུང་འཇུག་གཉུག་མའི་ཡེ་ཤེས་ནི། སྣང་བ་གཟུང་བ་དང་དེ་འཛིན་པའི་སེམས་སྣང་སྟོང་གཉིས་མེད་ཆུ་དང་ཆུ་ཟླ་དབྱེར་མེད་པ་བཞིན་ནོ། །གཉིས་པ་གཉིས་མེད་བློས་སྒོམ་ཚུལ། དེ་ལྟར་མ་རྟོགས་པར་བདག་གཉིས་སུ་གཟུང་བས་བག་ཆགས་ཀྱི་དབང་གིས་མེད་བཞིན་སྲིད་པར་འཁྲུལ་ན་ཡང་། རང་བཞིན་གཉིས་སུ་མེད་པར་ཤེས་པས་འབྲས་བུ་མྱ་ངན་འདས་ཞིར་འགྲོ། དེ་བས་གཉིས་མེད་མཉམ་པའི་དོན་ལ་འདི་ལྟར་བསླབ་པར་བྱ་སྟེ། འཁོར་འདས་ཀྱི་ཆོས་རྣམས་གདོད་མ་ནས་མ་སྐྱེས་མི་འགག་སེམས་ཀྱི་ངོ་བོ་ཉིད་དེ། སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་ཡེ་ནས་དག་ཅིང་དྲི་མ་མེད་པ་རང་བཞིན་གྱི་འོད་གསལ་བ་ཡིན་པས། མཐའ་ཡིས་མ་གོས་པའི་སེམས་ཉིད་དྲི་མེད་སྟོང་གསལ་སྤྲོས་པ་དང་བྲལ་བར་བློ་ཡི་རྩོལ་བས་མ་བཅོས་པར་གཞག མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། སེམས་ཉིད་རྣལ་མའི་དོན་ནི་ཀུན་གྱིས་རྟོགས་དཀའ་བས། །མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོད་ནས་དག་པས་ཀུན་གྱིས་དཔྱད་མི་བྱ། །གལ་ཏེ་དཔྱད་ན་དུག་སྦྲུལ་རྩེས་པ་ཁོ་ནར་ཟད། །ཅེས་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ངང་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ངང་གིས་གནས། །ཞེས་སོ། །གསུམ་པ་དྲོད་རྟགས་ཡོན་ཏན་གྱི་སྐྱེ་ཚུལ། དེ་ཡིས་ཉོན་མོངས་པའི་རྙོག་པ་རབ་ཏུ་ཞི་ཞིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་གནས་ཏེ། རིག་པ་དང་གྲོལ་པའི་ཡོན་ཏན་མངོན་ཤེས་དང་ཏིང་འཛིན་སོགས་འགྲུབ་པར་འགྱུར་ཞིང་། གཟུང་འཛིན་གཉིས་སུ་མེད་པའི་རྟག་ཆད་མཐའ་བྲལ་དབུ་མར་རྟོགས་པ་ཡིན་ནོ། །གཉིས་པ་འོད་གསལ་ལ་གསུམ། དང་པོ་སེམས་ཉིད་གཞིའི་འོད་གསལ། མཉམ་བཞག་དེ་ཡི་ཚེ་སེམས་ནི་སྤྲོ་བསྡུ་བྲལ་བ་ནམ་མཁའ་ལྟ་བུ་ལ། སྣང་ཡུལ་ནི་མ་འགགས་ཤིང་མི་དམིགས་པས་རང་བཞིན་གྱིས་སྤྲོས་དང་བྲལ་བ་སྟེ། སྒོམ་མཁན་དང་བསྒོམ་བྱ་གཉིས་སུ་མེད་པའི་ཆོས་ཉིད་ལ། བྱ་རྒྱུ་དང་བྱེད་མཁན་མེད་པས་རང་སར་གྲོལ་བའི་གདོད་མའི་ངང་། སེམས་སེམས་བྱུང་གི་དྲི་མ་མེད་པའི་རང་བཞིན་དག་པའི་སེམས་ཉིད་དོན་གྱི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །གཉིས་པ་དེ་ཉིད་བློས་རྟོགས་ཚུལ། དེའི་ཚེ་ཕྱི་གཟུང་བའི་ཡུལ་ལྔ་མི་དམིགས་ཏེ་ཆུ་ཟླ་དང་མིག་ཡོར་ལྟ་བུ་ལ། ནང་འཛིན་མཁན་གྱི་ཤེས་པ་ཆ་མེད་པས་ནམ་མཁའ་ལྟར་མི་དམིགས་ཤིང་གཡོ་བ་མེད་པའི་ཕྱོག་ལྷུང་དང་བྲལ་ཏེ། སྣང་སེམས་གཉིས་མེད་སྤྲོ་བསྡུ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་ངང་། ཟབ་ཞི་སྤྲོས་བྲལ་རང་བཞིན་གྱིས་འོད་གསལ་འདུས་མ་བྱས་པ། སོ་སོ་རང་རིག་པའི་ཡེ་ཤེས་བདུད་རྩི་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད། གསུམ་པ་གནས་ལུགས་ངང་དུ་ཕྱིན་ཚུལ། དེ་ལྟའི་ལྟ་བ་འཛིན་མེད་ཡངས་པ་ཆེན་པོའི་དོན་རྟོགས་ཤིང་དེའི་ངང་ལ་གནས་པའི་ཏིང་ངེ་འཛིན་གྱི་གྲུ་ཆེན་གྱིས། སྲིད་གསུམ་འཁོར་བའི་རྒྱ་མཚོའི་ཕ་རོལ་བརྒལ་བས་ན། ཡེ་ནས་སྤྲོས་པ་མེད་པས་གཞི་བདེའི་སྟེང་དུ་བློ་སྤྲོས་པ་མེད་པར་འདྲེས་པའི་དུས་དེར་བདེ་བ་རྒྱུན་མི་འཆད་དེ། དབྱིངས་ཡེ་དབྱེར་མེད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ཕྱིན་པ་ཡིན་ནོ། །གསུམ་པ་ཞི་ལྷག་ངེས་པའི་རང་བཞིན་ལ་གསུམ། དང་པོ་ངོ་བོ་ངེས་པའི་གྲུབ་ཚུལ། སེམས་སྤྲོ་བསྡུ་དང་བྲལ་བར་གནས་པས་ཞི་གནས་ཆོས་སྐུ་ཡི་རྒྱུ་ཅན་སྟོང་ཆ་ཡེ་ཤེས་ཀྱི་ཚོགས་ཤེས་རབ་རྫོགས་པའི་རིམ་པ་ཡིན་ལ། གསལ་བས་ལྷག་མཐོང་གཟུགས་སྐུ་ཡི་རྒྱུ་ཅན་སྣང་བ་ཉིད་བསོད་ནམས་ཀྱི་ཚོགས་ཐབས་བསྐྱེད་པའི་རིམ་པ་སྟེ། དེ་ལྟར་ཐབས་དང་ཤེས་རབ་ཚོགས་གཉིས་བསྐྱེད་རྫོགས་ལྷུན་གྱིས་གྲུབ་བོ། །དེའི་དུས་སུ་དམིགས་པ་མེད་པས་ཕྱིན་དྲུག་རྫོགས་པར་ཡང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པའོ། །མི་བསྲུང་བ་ནི་ཚུལ་ཁྲིམས་སོ། །མི་གནས་པ་ནི་བཟོད་པའོ། །མི་བརྩོན་པ་ནི་བརྩོན་འགྲུས་སོ། །མི་སེམས་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །ཞེས་སོ། །གཉིས་པ་རང་བཞིན་ངེས་པའི་སྒོམ་ཚུལ། དེ་ཡང་ཐོག་མར་ལྷག་མཐོང་རྟོགས་པའི་ཤེས་རབ་བསྐྱེད་བྱས་ནས། དེའི་རྗེས་སུ་ཞི་གནས་ཀྱིས་ནི་དེ་ཡི་ངང་ལ་གནས་པས་ཟུང་དུ་ཆུད་པར་ཤེས་པར་བྱའོ། །གསུམ་པ་གནས་ལུགས་ངེས་པའི་སྐྱེས་ཚུལ། མཉམ་པར་འཇོག་པའི་དུས་གང་ཚེ་གཟུང་འཛིན་གྱི་དངོས་པོ་དང་དངོས་མེད་དུ་འཛིན་པ་དག བློ་ཡི་མདུན་ནམ་རྣམ་པར་རབ་ཏུ་མི་གནས་པ། དེ་ཡི་ཚེ་དབྱིངས་དང་ཡེ་ཤེས་གཉིས་མེད་པར་ཟུང་དུ་འཇུག་པས་སེམས་དང་སེམས་བྱུང་གི་སྤྲོས་པའི་དམིགས་པ་མེད་པར་རབ་ཏུ་ཞི་བ་ཉིད་དོ། །དོན་གསུམ་པ་བསྒོམས་པས་ཐོབ་པ་ཏིང་ངེ་འཛིན་གྱི་རང་བཞིན་ལ་གསུམ། སེམས་ཉིད་ཡོན་ཏན་གྱི་འཆར་གཞི་མདོར་བསྟན། དེ་ལས་ཤར་བའི་ཡོན་ཏན་དངོས་རྒྱས་པར་བཤད། ཞི་ལྷག་ངེས་པས་དོན་བསྡུ་བའོ། །དང་པོ་ནི། རང་བཞིན་གདོད་ནས་དག་པའི་སེམས་ཉིད་ལ་ཡོན་ཏན་ཡེ་ལྡན་དུ་ཡོད་ཀྱང་། གནས་སྐབས་གློ་བུར་ཀུན་རྟོག་གི་དྲི་མས་བསྒྲིབས་པའི་ཚེ་མི་སྣང་བས། ཞི་ལྷག་ཟུང་འབྲེལ་གྱི་ལམ་བསྒོམས་པས་ཅི་རིགས་སུ་དག་པ་ན། བསམ་གཟུགས་སོགས་སྙོམས་འཇུག་དགུ་དང་རྫུ་འཕྲུལ་དང་མངོན་ཤེས་འགྲུབ། ཏིང་འཛིན་གྱི་རྣམ་པ་གྲངས་མེད་པ་དང་ཚིག་དང་དོན་གྱི་གཟུངས་སོགས་ཡོན་ཏན་གྱི་ཚོགས་དུ་མ་སྤྲིན་ལྷུན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་ལ་གཉིས། སྙོམས་འཇུག་དགུའི་སྒོམ་ཚུལ་དང་། ཏིང་ངེ་འཛིན་གྱི་ཐོབ་ཚུལ་ལོ། །དང་པོ་སྙོམས་དགུའི་སྒོམ་ཚུལ་ལ་གསུམ། དང་པོ་བསམ་གཏན་བཞིའི་སྒོམ་ཚུལ། སྙོམས་འཇུག་དགུ་ནི་སྐབས་འདིར་རང་གི་རྟེན་དལ་འབྱོར་ཐོབ་པས་མི་ལ་སྦྱར་ཏེ། རང་ས་འདོད་པའི་སེམས་གང་རྩེ་གཅིག་པ་སྔར་སྨོས་པའི་བདེ་གསལ་མི་རྟོག་པའི་ཉེར་བསྡོགས་{བལྡོག་འདིའི་རིགས་འདི་ལྟར་ཞུས།} དེ་ལས་དངོས་གཞི་རྟོག་པ་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན། དགའ་བདེའི་ཡན་ལག་ཅན་གྱི་བསམ་གཏན་དང་པོ་སྐྱེ་སྟེ། དང་པོ་འདོད་སེམས་རྩེ་གཅིག་ཏུ་འཇོག་དུས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་སྟེ། དེའང་མཉམ་པར་འཇོག་དགོས་སྙམ་དུ་རྟོག་པ་དང་བཅས་ཤིང་། དེ་ཉིད་གང་དུའང་མི་རྟོག་པའི་ངང་དུ་འཇོག་པའི་དྲན་རྩིའི་དཔྱོད་པ་དང་བཅས་པའི་སྦྱོར་བ་ལས་དངོས་གཞི་མི་རྟོག་པའི་ཡེ་ཤེས་སྐྱེའོ། །ཐུན་རྗེས་དང་ཐུན་མཚམས་སུ་རྟོག་དཔྱོད་དང་ལྡན་པའོ། །བསམ་གཏན་གཉིས་པ་ནི། བསམ་གཏན་དང་པོའི་སེམས་ཀྱི་ཉེར་བསྡོགས་དེ་ལས་དངོས་གཞི་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན། སེམས་གསལ་ལ་མི་རྟོག་པ་དགའ་བདེའི་རང་བཞིན་ཅན་གྱི་བསམ་གཏན་གཉིས་པ་སྐྱེ། ཉེར་བསྡོགས་དེ་ལས་དངོས་གཞི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་དགའ་བདེས་བརླན་པའི་ཡན་ལག་ཅན་བསམ་གཏན་གསུམ་པ་སྐྱེ། ཉེར་བསྡོགས་དེ་ལས་གསུམ་པའི་དགའ་བདེ་དང་བཅས་པའི་དངོས་གཞི་ཁྱད་པར་ཅན་དགའ་བ་སྡུད་པའི་ཏིང་ངེ་འཛིན། བསམ་གཏན་བཞི་པ་ཕན་ཡོན་ཡན་ལག་བཅས་པ་སྐྱེ། ཡུམ་བར་མ་ལས། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པའོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ། །ཞེས་སོ། །གཉིས་པ་ལྷག་མ་ལྔའི་སྒོམ་ཚུལ། བསམ་གཏན་གྱི་སེམས་ཐོབ་པའི་རྟེན་དེ་ལས་གཟུགས་མེད་ཀྱི་སེམས་ཁྱད་པར་ཅན་སྐྱེ་བས་ཆོས་ཐམས་ཅད་ནམ་མཁའ་ལྟར་དག་ཅིང་དྭངས་པ་དྲི་མ་མེད་པའི་ངོ་བོ་ཉིད་ཡིད་ལ་བྱེད་པའི་སེམས་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཐོབ་པར་འགྱུར། རྟེན་དེ་ལས་ཆོས་ཀུན་སེམས་ཙམ་ལ་སེམས་ཉིད་ཐོག་ཐ་སོགས་སྤྲོས་པ་མེད་པའི་རྣམ་ཤེས་ཙམ་སྟོན་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་པར་འགྱུར། རྟེན་དེ་ལས་སྣང་སེམས་གཉིས་ཀ་མི་དམིགས་པས་སྤྲོས་དང་བྲལ་བས་གང་དུའང་མི་མཐོང་བའི་སེམས་ཅི་ཡང་མེད་པའི་སྐྱེ་མཆེད་འགྲུབ་པར་འགྱུར། རྟེན་དེ་ལས་ཡོད་མེད་གང་གིའང་མཐའི་སྤྲོས་ཀུན་བྲལ་བས་སེམས། ཡོད་མིན་མེད་མིན་ཏེ་སྲིད་རྩེའི་སྐྱེ་མཆེད་འགྲུབ་པར་འགྱུར་རྟེན་དེ་ལས་སྣ་ཚོགས་ཉོན་མོངས་ཅན་གྱི་སྤྲོས་པའི་སེམས་མ་ལུས་པ་རང་བཞིན་གྱིས་འགོག་པ་ཞི་བ་ཐོབ་པར་འགྱུར། དབྱེ་ན། བློས་གཞིགས་ཤིང་དཔྱད་ནས་སོ་སོར་བརྟགས་པའི་འགོག་པ་དང་། མ་གཞིགས་པར་ཆོས་ཉིད་ཀྱི་ངང་ལ་འཇོག་པ་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་སོ། །དེའང་བྱང་ཆུབ་སེམས་དཔའི་འགོག་པ་ནི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པ་ཡིན་ཡང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྙིང་རྗེ་སྐྱེ་བས་སྤྲོས་པ་ཡོད་པ་མིན་ནོ། །སྤྱིར་སྐྱེ་འཕགས་ཀྱི་བསམ་གཏན་ནི་འབྲས་བུ་ཆེའི་སེམས་བར་མཉམ་དུ་ཐོབ་པ་ལས། བྱིས་པ་རྣམས་ཞི་གནས་ཀྱི་བདེ་བ་ལ་ཕྱོགས་ཏེ་ནམ་མཁའ་ལྟ་བུའོ་སྙམ་པ་དེའི་ངང་དུ་བློ་འཇུག་པ་ནུབ་པས། གཟུགས་མེད་ཀྱི་སེམས་ཀྱིས་སྲིད་རྩེར་འཕེན་ལ། འཕགས་པ་རྣམས་ལྷག་མཐོང་གི་ཡེ་ཤེས་ཀྱིས་བདག་མེད་པའི་དོན་རྟོགས་པའི་ཟུང་འབྲེལ་ཁྱད་པར་ཅན་གྱིས། མི་ཆེ་བའི་སེམས་ཐོབ་ནས་འོག་མིན་གྱི་བར་མཐོང་སྒོམ་གྱི་ཡེ་ཤེས་གོང་མ་ཐོབ་ནས་མྱ་ངན་ལས་འདའོ། །འཕགས་པ་དེའི་སེམས་ལ་བསམ་གཟུགས་ཀྱི་ཆའི་ཡོན་ཏན་ཚང་བས་ཏིང་འཛིན་དེ་དག་ལ་འཇུག་གི། སོ་སྐྱེས་ལྟར་ཁམས་དེ་དག་གི་སེམས་རང་མཚན་པ་མེད་དེ་ཐེག་ཆེན་འཕགས་པ་རྣམས་ཁམས་གོང་མར་སྐྱེ་བ་མི་འཛིན་པའི་ཕྱིར་རོ། །གསུམ་པ་མངོན་ཤེས་རྫུ་འཕྲུལ་ཐོབ་ཚུལ། དེ་ལྟར་མཐར་གྱིས་གནས་པའི་ཏིང་ངེ་འཛིན་གྱི་སྙོམས་འཇུག་དགུ་པོ་ཡང་ཡས་མར་གོ་རིམ་བཞིན་རིམ་པར་བསྒོམ་པ་སེངྒེ་རྣམ་བསྒྱིངས་དང་། རིམ་དང་རིམ་མིན་ཐོད་རྒལ་དུ་རྩལ་སྦྱངས་པས་སྔར་མི་ཤེས་པའི་རང་གཞན་གྱི་སྔ་ཕྱིའི་ཚེ་རབས་དེར་བསགས་པའི་ལས་རྣམས་དང་། དགེ་མི་དགེ་སོགས་སེམས་ཀྱི་སྤྱོད་ཡུལ་གང་ཡིན་ཤེས་པ་དང་། གནས་གང་དུ་འཆི་འཕོ་བ་དང་སྐྱེ་བ་དང་། རི་སོགས་སྒྲིབ་པས་ཆོད་ཀྱང་མ་བསྒྲིབས་པར་མཐོང་། དངོས་པོ་རྣམས་གཅིག་དང་དུ་མར་རྫུ་ཞིང་རྣམ་པར་འཕྲུལ་བ་དང་། ཉོན་མོངས་པ་མེད་ཅིང་ཇི་སྙེད་པའི་ཆོས་ཀུན་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཞིང་རྣམ་བདེ་གཤེགས་སྲས་བཅས་ཀྱིས་གང་བ་མཐོང་བ་དང་། གཉིས་པ་ཏིང་ངེ་འཛིན་གྱི་ཐོབ་ཚུལ། དེ་ཚེ་དག་མ་དག་གི་སྣང་བ་སྒྱུ་མར་རབ་ཏུ་རྟོགས་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉིད་དང་ནི། སེམས་ཉོན་མོངས་ཀྱི་གདུང་བ་དང་བྲལ་བས་རྙོག་པ་རབ་ཏུ་ཞིའི་ཕྱིར། ཟླ་བ་དྲི་མ་མེད་པའི་ཏིང་ངེ་འཛིན་དང་། ཆོས་ཀུན་མི་དམིགས་མཉམ་པའི་ངང་དུ་རོ་གཅིག་པར་རྟོགས་པས། ནམ་མཁའ་ལྟར་གོས་པ་མེད་པའི་ཏིང་ངེ་འཛིན་སོགས། བློ་རྫས་གཅིག་ལ་ཆའི་ཡོན་ཏན་ཇེ་མང་དུ་གོང་དུ་འཕེལ་བས་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་འགྲུབ་པར་འགྱུར། གསུམ་པ་ཞི་ལྷག་ངེས་པའི་དོན་བསྡུ་བ། དོན་གསུམ་པ་ས་དང་ལམ་གྱི་ཡོན་ཏན་ལ་དྲུག་ལས། དེའང་སོ་སོར་རྟོག་པའི་ལྷག་མཐོང་གིས་ནི་ཆོས་རབ་ཏུ་རྟོགས་པའི་དོན་རྣམས། ཞི་གནས་དམ་པས་རྩེ་གཅིག་ཏུ་རྒྱུད་ལ་གཟུང་བའི་ཕྱིར་ལྷག་མཐོང་ནི་གཟུངས་དང་ཞི་གནས་ནི་ཏིང་འཛིན། དེ་གཉིས་ཟུང་འབྲེལ་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ། །དང་པོ་ཚོགས་ལམ་ལ་གསུམ། དང་པོ་ཆུང་ངུ་། བྱེ་བྲག་ལམ་གྱི་དབྱེ་བ་སངས་རྒྱས་རྣམས་ལམ་ལྔའི་རིམ་པ་བགྲོད་ལས་གྲོལ་བ་སྟེ། དེའང་ཚོགས་ལམ་གྱི་རྒྱུ་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེ་བའི་རྟེན་རིགས་སད་པ། འབྲས་བུ་ནི་ལམ་ཕྱི་མ་བཞི། ངེས་ཚིག་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པས་སོ། །དབྱེ་ན་ཆུང་འབྲིང་ཆེ་གསུམ་ཏེ་ཆུང་ངུར་ལུས་ཚོར་སེམས་དང་ཆོས། དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་ཞིང་འདིའི་སྐབས་སུ་སྦྱོར་ལམ་སྐྱེ་བའི་དུས་མ་ངེས་པའོ། །འབྲིང་པོར་ཡང་དག་སྤོང་བ་བཞི། སྦྱོར་ལམ་ཚེ་ཕྱི་མར་སྐྱེ་ངེས་པ། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་ཚེ་འདིར་སྐྱེ་ངེས་པའོ། །ལམ་འདི་ཡི་གཉེན་པོའི་ཁྱད་པར་འདུ་བྱེད་ལ་ཉེས་དམིགས་སུ་ལྟ་བས་སུན་འབྱིན་པ། སྤངས་པ་ནི་ཟག་བཅས་ལ་སྐྱོན་དུ་མཐོང་བས་མངོན་ཞེན་མངོན་གྱུར་པའི་ངོ་སྐལ་དུ་གྱུར་ཚད། རྟོགས་པ་ནི་བདག་མེད་གཉིས་ཐོས་བསམ་གྱིས་དོན་སྤྱིའི་ཚུལ་དུ་རྟོགས་པ་ཤས་ཆེ། སྒོམ་བྱུང་གི་རྟོགས་པའང་ཡོད། ཡོན་ཏན་སྤྱན་དང་མངོན་ཤེས་སོགས་ཅི་རིགས་ཡོད། བསྒོམ་པའི་ཁྱད་པར་ཆོས་ཀྱི་སྡོམ་བཞི་དང་། དད་སོགས་ལྔ་དབང་པོའི་ངོ་བོར་མ་སྐྱེས་པའི་ཐར་ཆ་ལྔ་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དང་། མི་སྡུག་པ་སོགས་དུག་གསུམ་གྱི་གཉེན་པོར་གྱུར་པ་རྣམས་སོ། །ཚོགས་ལམ་ཆུང་ངུར་ལུས་ཚོར་སེམས་དང་ཆོས། དྲན་པ་ཉེ་བར་བཞག་པ་དོན་དམ་རང་བཞིན་མེད་པ་དང་ཀུན་རྫོབ་ཏུ་མི་གཙང་བ་སོགས་བཞི་བསྒོམ་ཞིང་། གཉིས་པ་འབྲིང་། འབྲིང་དུ་འདུན་དང་འབད་རྩོལ་བརྩོན་འགྲུས་བཞིས། དགེ་བ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་སྤེལ་བ་མི་དགེ་མི་སྐྱེད་སྐྱེས་སྤང་གི་ཞེན་བཞི་ཡང་དག་སྤོང། གསུམ་པ་ཆེན་པོར། ཆེན་པོར་འདུན་སེམས་དཔྱོད་དང་དྲན་པ་བཞིས། རྫུ་འཕྲུལ་རྟེན་འགྲུབ་རྐང་པ་བཞི་པོ་བསྒོམ་གཞན་ཡང་བྱང་ཆུབ་ལ་དམིགས་པའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་པ་དང་ཟས་ཀྱི་ཚོད་རིག་པ་སོགས་ཚོགས་ལམ་གྱི་རྣལ་འབྱོར་བདུན་ཀྱང་ངོ་། །གཉིས་པ་སྦྱོར་ལམ། སྦྱོར་ལམ་གྱི་རྟེན་ནི་ཚོགས་ལམ་ཆེན་པོ་གང་ལ་སྐྱེས་པ་སྟེ། བྱེ་བྲག་བསམ་གཏན་ས་དྲུག རྒྱུ་ཚོགས་ལམ་མཐར་ཐུག ངོ་བོ་ནི་སྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས། དབྱེ་ན་དྲོད་རྩེ་བཟོད་མཆོག་བཞི། དང་པོ་གཉིས་སུ་དབང་པོ་ལྔ། ཕྱི་མ་གཉིས་སུ་སྟོབས་ལྔ། གཉེན་པོའི་ཁྱད་པར་མགོ་གནོན་གྱིས་སྤོང་། སྤངས་པའི་ཁྱད་པར་སྒྲིབ་པའི་ས་བོན་དང་མངོན་གྱུར་ཉམས་སྨད། རྟོགས་པའི་ཁྱད་པར་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་བདག་མེད་གཉིས་དོན་སྤྱིའི་ཚུལ་གྱིས་རྟོགས། ཡོན་ཏན་གྱི་འཕགས་ཆོས་གཟུངས་དང་མངོན་ཤེས་སོགས་དུ་མ་ཡོད། ཚོགས་ལམ་ཆེན་པོ་དང་འདི་གཉིས་སྒོམ་བྱུང་དུ་ཁྱད་མེད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅུང་ཟད་གསལ་བས་མཐོང་ལམ་ལ་ཉེ་རིང་གི་ཁྱད་ཡོད་དོ། །སྦྱོར་ལམ་བཞི་སྟེ་དྲོད་སྣང་བ་ཐོབ་པའི་ཡེ་ཤེས་དང་རྩེ་མོ་རུ་སྣང་བ་མཆེད་པའི་ཡེ་ཤེས་སུ། དད་བརྩོན་དྲན་དང་ཏིང་འཛིན་ཤེས་རབ་ཀྱིས། རྣམ་བྱང་ལ་དབང་བྱེད་པས་དབང་པོ་ལྔ་དང་བཟོད་པ་དེ་ཁོ་ན་ཉིད་ཕྱོགས་གཅིིག་ལ་ཞུགས་པའི་ཡེ་ཤེས། ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་སུ། དད་སོགས་མི་མཐུན་པའི་གཡོ་བས་མི་བརྩི་བའི་སྟོབས་ལྔ་པོ་རབ་ཏུ་སྒོམ་པར་བྱེད་དོ། །གསུམ་པ་མཐོང་ལམ། མཐོང་ལམ་སྐྱེ་བའི་རྟེན་ཆོས་མཆོག་ཆེན་པོ་དང་གཅིག་པས་འགྲོ་དྲུག་གང་རུང་། བསམ་པའི་རྟེན་བསམ་གཏན་བཞི་པ། རྒྱུ་ཆོས་མཆོག་མཐར་ཐུག་དངོས་རྒྱུ་དང་གཞན་བརྒྱུད་རྒྱུ། འབྲས་བུ་ཕྱི་མ་གཉིས། ངོ་བོ་བདེན་བཞིའི་དབྱེ་བས་ཁམས་ཀྱི་དྲི་མ་སྤོང་བ་ལ་ལྟོས་ན་ཡེ་ཤེས་སྐད་ཅིག་བཅུ་དྲུག་སྟེ། དེ་ཡང་བདེན་པ་བཞི་རེ་རེ་བཞིན། ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་བཞི་བཞི་བཅུ་དྲུག སྤང་བྱའི་དྲི་མ། འཇིག་མཐར་ལོག་གསུམ་མཆོག་འཛིན་གཉིས་ཏེ་ལྟ་བ་ལྔ། ཆགས་ཁྲོ་ང་རྒྱལ་མ་རིག་ཐེ་ཚོམ་སྟེ་ལྟ་མིན་ལྔ་བཅས་བཅུ་པོ་འདོད་ཁམས་སུ་བདེན་བཞི་རེ་རེ་ལ་བཅུ་ཆར་ལོག་པར་ཞུགས་པས་བཞི་བཅུ། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་མ་གཏོགས་དགུ་དགུ་སྟེ་བདུན་ཅུ་རྩ་གཉིས་བཅས་མཐོང་སྤང་བརྒྱ་དང་བཅུ་གཉིས་སོ། །ལོག་པར་འཇུག་ཚུལ། འཇིག་ལྟས་ཡུལ་བདེན་བཞི་ལ་དམིགས་ནས་བདག་དང་བདག་གིར་འཛིན། མཐར་འཛིན་གྱིས་རྟག་ཆད་དུ་འཛིན། ལོག་ལྟས་མེད་པར་འཛིན། མ་རིག་པས་མི་ཤེས་བཞིན་དུ་འཇུག ཐེ་ཚོམ་གྱིས་ཐེ་ཚོམ་ཟ་བཞིན་འཇུག་པས་དངོས་སུ་ལོག་ཞུགས་སོ། །དེ་ལྔ་ལ་འདོད་ཆགས་ཀྱིས་ཞེན་ཅིང་ཆགས། ང་རྒྱལ་གྱིས་རློམ་ཞིང་ཁེངས། ལྟ་བ་མཆོག་འཛིན་གྱིས་དམ་པར་འཛིན། ཚུལ་བརྟུལ་གྱིས་དག་གྲོལ་གྱི་ལམ་དུ་འཛིན། ཁོང་ཁྲོས་དེ་དང་མི་མཐུན་པ་ལ་ཁྲོ་བའི་སེམས་སུ་བྱེད་དེ་ཕྱི་མ་ལྔ་ལོག་པ་ལ་ལོག་ཞུགས་སོ། །མནར་སེམས་དགུ་ནི། བདག་ལ་དགྲས་སྔར་གནོད་པ་བྱས། ད་ལྟ་མ་འོངས་པ་ན་བྱེད་པའི་འགྱུར་སྙམ་པ་གསུམ། དེ་བཞིན་གཉེན་ལ་གསུམ། བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་སོ། །གདགས་པར་འགྱུར་སྙམ་པ་གསུམ་སྟེ་དགུའོ། །གཉེན་པོ་ནི། ཁམས་གསུམ་ཀའི་མཐོང་སྤང་དྲིལ་ནས་སྤོང་བས། སྡུག་ཀུན་འགོག་ལམ་གྱི་ཆོས་བཟོད་བཞི་བློ་རྫས་གཅིག་ལ་ལྡོག་པ་ཐ་དད་པས་སྐད་ཅིག་གཅིག་ལ་སྐྱེ་དུས་མཐོང་སྤང་ས་བོན་རྩ་བ་ནས་སྤང་བའི་གཉེན་པོ་བར་ཆད་མེད་ལམ་ཡིན་པས་མཐོང་སྤང་བརྒྱ་བཅུ་གཉིས་པ་སྐད་ཅིག་ལ་སྤངས། དེའང་བདེན་བཞི་སོ་སོའི་ཆོས་བཟོད་ཀྱི་ཉེ་རྒྱུ་དང་དེའི་ངོ་སྐལ་གྱི་སྤང་བྱ་ནུས་ལྡན་གཉིས་འཕྲད། དུས་གཉིས་པ་ལ་དངོས་རྒྱུ་དང་སྤང་བྱ་ནུས་མེད་གཉིས་འཕྲད། དུས་གསུམ་པ་ལ་ཆོས་བཟོད་བཞི་སྐྱེ་བ་དང་། དེའི་ངོ་སྐལ་གྱི་ས་བོན་ཕྲ་མོ་མཐའ་དག་འགགས་པ་དུས་མཉམ། དེ་ནས་ཆོས་ཤེས་བཞི་བློ་རྫས་གཅིག་པས་ཁམས་གསུམ་གྱི་སྤང་བྱ་ལས་གྲོལ། གཉེན་པོ་རྣམ་གྲོལ་གྱི་ལམ། དེ་བཞིན་དུ་རྗེས་བཟོད་བཞི་དང་། རྗེས་ཤེས་བཞི་ནི་ཐག་བསྲིང་གི་གཉེན་པོ་ཁྱད་པར་གྱི་ལམ་མོ། །སྤང་བ་དེ་དག་ཀྱང་སྒྲིབ་པ་གཉིས་ཡིན་ཏེ། སེམས་རབ་ཏུ་མ་ཞི་བར་བྱེད་པ་སེར་སྣ་སོགས་ཉོན་སྒྲིབ། འཁོར་གསུམ་བདེན་ཞེན་གཟུང་འཛིན་གྱི་རྟོག་པའི་ཡུལ་ཡུལ་ཅན་ཤེས་སྒྲིབ་དེའང་ཉོན་སྒྲིབ་ཀུན་བརྟགས་མཐོང་སྤང་། ལྷན་སྐྱེས་སྒོམ་སྤང་། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པར་རགས་པ་མཐོང་སྤང་། ཕྲ་བ་སྒོམ་སྤང་ངོ་། །རྟོགས་པའི་ཁྱད་པར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་བདག་མེད་གཉིས་མངོན་སུམ་དུ་མཐོང་བའི་ལམ་སྟེ་ས་དང་པོ་རབ་ཏུ་དགའ་བའི་སར། ཡོན་ཏན་གྱི་ཁྱད་པར་བརྒྱ་ཕྲག་བཅུ་གཉིས་སོགས། དུས་ཀྱི་ཁྱད་པར་བྱ་རྫོགས་ཀྱི་སྐད་ཅིག་བཞི་ལ་ངོ་བོ་རིག་བཞི་ལྡོག་པ་བཅུ་དྲུག་ཏུ་སྐྱེ། དེའི་ཚེ་བསྒོམ་པ་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་དགའ་བ་དང་། ཤིན་ཏུ་སྦྱངས་པ་མཐོང་སྤང་དང་བྲལ་བས་ཡང་དག་མཐོང་ལམ་བྱང་ཆུབ་ཀྱི། ཡན་ལག་ཡིན་པས་བདུན་པོ་དག་ནི་ལེགས་བསྒོམ་ཞིང་། བཞི་པ་སྒོམ་ལམ། དེ་ནས་མཐོང་ཟིན་གོང་ནས་གོང་དུ་གོམས་པར་བྱེད་པས་སྒོམ་ལམ། དབྱེ་ན་ཆུང་འབྲིང་ཆེན་པོ་རེ་རེ་ཞིང་། ཆུང་ངུའི་ཆུང་ངུ་ཆུང་ངུའི་འབྲིང་དང་ནི། །ཆུང་ངུའི་ཆེ་སོགས་ས་དགུ་རིམ་པ་བཞིན་ཏེ། དེ་ཡང་ཆུང་ངུའི་ཆུང་འབྲིང་ཆེ་གསུམ་ནི། ས་གཉིས་པ་དྲི་མ་མེད་པ་དང་། གསུམ་པ་འོད་བྱེད། བཞི་པ་འོད་འཕྲོ་ཅན་གསུམ། འབྲིང་གི་ཆུང་འབྲིིང་ཆེ་གསུམ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ་གསུམ། ཆེན་པོའི་ཆུང་འབྲིང་ཆེ་གསུམ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེའི་ངོ་སྐལ་གྱི་སྒོམ་སྤང་ཡང་། ཆེ་འབྲིང་ཆུང་གསུམ་ལ། ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་སོགས་གསུམ་གསུམ་དུ་དབྱེ་བའི་དགུའོ། །སྤོང་ཚུལ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ས་གཉིས་པས་སྒོམ་སྤང་ཆེན་པོ་སྤོང་བ་ནས་མཐར་སྒོམ་སྤང་ཆུང་ངུའི་ཆུང་ངུ་ས་བཅུ་པས་སྤོང་བ་ཡིན་ནོ། །དེ་ལྟ་བུའི་སྒོམ་ལམ་སྐྱེ་བའི་རྟེན་ནི་མཐོང་ལམ་དང་གཅིག་སྟེ། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་། འདོད་གཟུགས་ཀྱི་ལྷ་ལ་སྐྱེ་བ་ཤས་ཆེ་བ། གཞན་ལའང་སྐྱེ་སྲིད། གནས་པའི་རྟེན་ནི་ཐམས་ཅད་ལ་རུང་། སེམས་ཀྱི་རྟེན་ནི་བསམ་གཏན་བཞི་པ་ལ་བརྟེན་པ་ཤས་ཆེ་གཞན་ལའང་རུང་བར་འཆད། རྒྱུ་ནི་ལམ་དང་པོ་གསུམ། འབྲས་བུ་ནི་མི་སློབ་པའི་ལམ་མོ། །ངོ་བོ་ནི་ས་དགུའི་རང་རང་གི་དྲི་མ་སྤོང་བའི་གཉེན་པོ་ལ་ལྟོས་ནས། སྦྱོར་བ་དང་། བར་ཆད་མེད་ལམ། རྣམ་གྲོལ་གྱི་ལམ། ཁྱད་པར་གྱི་ལམ་སྟེ་བཞིའོ། །དེ་དག་ཀྱང་ས་རང་རང་གི་སྒྲིབ་པ་སྤོང་བ་ལ་སྦྱོར་བ་སྟེ་རང་སའི་ཡེ་ཤེས་སྐྱེ་བའི་སྔ་ལོགས་སུ་སྒྲིབ་པ་མངོན་གྱུར་གྱི་ཉོན་མོངས་མགོ་ག ནོན་གྱིས་སྤོང་། དངོས་གཞིའི་ཡེ་ཤེས་སྐྱེ་བཞིན་པ་བར་ཆད་མེད་ལམ་དེས་རང་སྐལ་འཆལ་ཚུལ་སོགས་ཀྱི་ས་བོན་རྩ་བ་ནས་སྤོང་བས་འདི་གཉིས་ནི་སྤོང་བའི་གཉེན་པོའོ། །སྐད་ཅིག་གཉིས་པ་ནས་སའི་དངོས་གཞི་རྣམ་གྲོལ་གྱི་ལམ་ནི་རྟེན་གྱི་གཉེན་པོའོ། །སའི་མཇུག་གི་ཁྱད་པར་གྱི་ལམ་ནི་ཐག་བསྲིང་གི་གཉེན་པོའོ། །ས་དེའི་སྐད་ཅིག་དང་པོ་ནས་རྫོགས་ཀྱི་བར་རང་རང་གི་དྲི་མ་ཐམས་ཅད་ཚུལ་དེས་སྤོང་ཞིང་། དྲི་མ་ཡོངས་རྫོགས་ས་དེ་འགགས་པ་དང་མཉམ་པ་སྤོང་བའོ། །ཡོན་ཏན་ནི། སྟོང་ཕྲག་བཅུ་གཉིས་སོགས། སྤང་བྱའི་དྲི་མ་ནི། ལྷན་སྐྱེས་ཀྱི་དྲི་མ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ལྟ། མཐར་ལྟའོ། །དེ་དག་ཁམས་ཀྱི་དབྱེ་བས་འདོད་པ་ན་དྲུག གཟུགས་ཁམས་ན་ཁོང་ཁྲོ་མ་གཏོག་ལྔ་ལྔ་སྟེ་བཅུ་དྲུག་གོ །སའི་སྒོ་ནས་དབྱེ་ན་འདོད་པ་ན་དྲུག བསམ་གཟུགས་བརྒྱད་ན་ལྔ་ལྔ་བགྲངས་པས་ཞེ་དྲུག་གོ །དེ་དག་ཀྱང་ཆེ་འབྲིང་གིས་དབྱེ་ན། འདོད་པར་དྲུག་ལ་དགུ་དགུར་ཕྱེ་བས་ལྔ་བཅུ་རྩ་བཞི། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བོར་བའི་ལྷག་ལྔ་ལ་དགུ་དགུར་ཕྱེ་བས་བཞི་བཅུ་རྩ་ལྔ་སྟེ། དེ་ལྟར་ཚན་བརྒྱད་ལ་སུམ་བརྒྱ་དྲུག་ཅུ་དེ་དང་འདོད་པའི་རེ་བཞི་བསྡོམས་པས། བསྒོམ་སྤང་བཞི་བརྒྱ་དང་བཅུ་བཞིའོ། །སྤོང་ཚུལ་གོང་སྨོས་སྦྱོར་བས་མགོ་སྨད། བར་ཆད་མེད་པས་དངོས་སུ་སྤངས། རྣམ་གྲོལ་གྱིས་རྟེན་གཉེན་པོ་བྱས། ཁྱད་པར་གྱི་ལམ་གྱིས་ཐག་བསྲིང་གི་གཉེན་པོ་བྱེད་ཚུལ་གྱིས་ས་དགུ་པོ་རྣམས་སུ་མངོན་གྱུར་དང་། ས་བོན་རྣམས་སྤང་བ་ཡིན་ནོ། ས་དགུ་པོ་དེ་དག་རྣམས་སུ། ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་འཛིན་ཏེ་འཕགས་པའི་ལམ་བརྒྱད་བསྒོམ། ས་འདི་དག་རང་རང་གི་ངོ་བོ་ལ་ལྟོས་ན་དམིགས་བསམ་ལས་འདས་ཀྱང་། ཁམས་ཀྱི་སྒྲིབ་པ་རྣམས་རིམ་པར་བསལ་ཚུལ་ལ་ལྟོས་ཏེ་ཐ་དད་དུ་བཞག་གོ །དྲི་མ་སོ་སོ་བ་རྣམས་དག་པ་མཐར་ཐུག་ཏུ་གདོད་མའི་དབྱིངས་སམ་འོད་གསལ་བའི་སངས་རྒྱས་རང་གསལ་དུ་མཐོང་བས་ཚེས་ཀྱིས་དབང་གིས་ཟླ་བ་ལྟར་སྣང་བ་ཡིན་ནོ། །ལྔ་པ་མི་སློབ་པའི་ལམ། དེ་ལྟར་བྱང་ཆུབ་ཕྱོགས་ཆོས་སུམ་བཅུ་བདུན་པོ། ཚོགས་སྦྱོར་མཐོང་སྒོམ་སྟེ་སློབ་པའི་ལམ་བཞི་རིམ་པ་བཞིན་བསྒོམ་པའི་འཇུག་ཐོགས་སུ། མི་སློབ་པའི་ལམ་ནི། སློབ་ལམ་གྱིས་བསྡུས་པའི་བྱང་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་མཐར་མི་སློབ་པའི་བྱང་ཆུབ་མངོན་དུ་བྱེད་པ་སྟེ། ལུས་ཀྱི་རྟེན་ཐེག་པ་ཐུན་མོང་བ་ལྟར་ན་འཛམ་གླིང་གི་རྒྱལ་རིགས་སམ་བྲམ་ཟེ་གང་རུང་། ཐེག་ཆེན་ལྟར་ན་ལོངས་སྐུ་འོག་མིན་དུ་ཐོབ་པས་དེའི་རྟེན་མདོར་ན་བྱང་སེམས་ས་བཅུ་པ་དེའི་རྟེན་གང་ཡིན་པའོ། །བསམ་པའི་རྟེན་བསམ་གཏན་{ རྟན}བཞི་པ། རྒྱུ་ནི་ཐེག་ཆེན་སློབ་ལམ་བཞི། འབྲས་བུ་ནི་ཕྲིན་ལས་ཆེན་པོས་འགྲོ་བ་མཐའ་དག་བྱང་ཆུབ་ལ་འགོད་པ། ངོ་བོ་ནི་སངས་རྒྱས་ཀྱི་སའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་མི་ཟད་རྒྱན་འཁོར་ལྔ། སྤངས་པ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ། རྟོགས་པ་ནི་ཆོས་སྐུ་ཡོངས་རྫོགས་མངོན་སུམ་དུ་རྟོགས་པ། ཡོན་ཏན་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་ཡས་པ་ཐམས་ཅད་རྫོགས་པར་མཐར་ཕྱིན་མི་སློབ་པ་སྟེ་སངས་རྒྱས་ས་ཀྱི་ལ་མི་གནས་པའི་མྱ་ངན་ལས་འདའ་བར་འགྱུར་རོ། །དྲུག་པ་ས་ལམ་བགྲོད་པའི་ངེས་བཟུང་། ས་ལམ་གྱི་དགོས་པ། དེ་ལྟར་ས་དང་ལམ་རྣམས་ཡོངས་སུ་རྫོག་པར་མ་བགྲོད་པའི། བླ་ན་མེད་པའི་སངས་རྒྱས་དེ་འདྲ་དུས་ནམ་ཡང་འབྱུང་བ་མེད་དོ། དུས་ཀྱི་ཡུན་བསྐལ་པ་མང་པོའམ་མི་ཚེ་བཅུ་དྲུག་སོགས་ཚེ་རབས་དུ་མའམ་ད་ལྟའི་ཚེ་གང་སྟེ་ཚེ་གཅིག་གི་སངས་རྒྱས་ཏེ་གྲོལ་བ་ཐོབ་ཀྱང་རུང་། དེ་དག་ཀུན་ཀྱང་ས་དང་ལམ་འདིར་བརྟེན་ནས་བགྲོད་དགོས་ཏེ་སྒྲིབ་པ་དག་ཅིང་ཡོན་ཏན་རྫོགས་པར་ཐོབ་དགོས་པས་ན། རྒྱུ་འབྲས་ཐེག་པ་གང་ལ་ཞུགས་ཀྱང་རུང་སྐལ་བཟང་རྣམས་ཀྱིས་ས་དང་ལམ་གྱི་ཁྱད་པར་རྣམས་མཁྱེན་ནས་ཡང་དག་པར་བགྲོད་པར་མཛོད་ཅིག གསུམ་པ་ལེའུ་རྫོགས་པ་འཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་ཡང་དག་པའི་ལམ་ཟབ་ཞི་འོད་གསལ་སྙིང་པོ་ཅན་གྱི་ཆོས་ཆར་ལེགས་པར་ཕབ་པའི་དགེ་བ་ཡིས་མཐའ་ཡས་པའི་འགྲོ་བ་ཀུན་གྱི་སེམས་ཀྱི་རྙོག་པ་ཉོན་མོངས་པའི་ཚོགས་རྣམས་རབ་ཏུ་ཞི་ནས་ཐོག་མ་མེད་པའི་སྲིད་འདིར་དུས་ཡུན་རིང་དུ་ཀུན་རྟོག་གི་སྤྲོས་ལ་འཆེལ་བ་ཡིས། དུབ་པའི་སེམས་ཉིད་འདི་རང་བཞིན་གྱིས་དག་པའི་ཆོས་སྐུ་བདེ་བ་ཆེན་པོའི་དགོན་པར་དེ་རིང་ངལ་སོས་ཤིག་སྟེ་སོས་པར་གྱུར་ཅིག གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ལམ་བསམ་གཏན་དྲི་མ་མེད་པ་ཞི་ལྷག་ཟུང་དུ་འབྲེལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། ༈ བཅུ་གཉིས་པ་སྒྲུབ་ཚུལ་ཐབས་ལ་མཁས་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། གོང་དུ་བཤད་མ་ཐག་པ་དེ་ལྟར་ཞི་ལྷག་ཟུང་འཇུག་བསམ་བཏན་འགྲུབ་པའི་རྒྱུ་ནི། ལམ་གྱི་ངོ་བོ་ཡང་དག་པའི་ཏིང་འཛིན་མི་གཡོ་བ་དེ་ཡང་སྦྱོར་བ་ཡན་ལག་གསུམ་གྱིས་འགྲུབ་པས་དེ་ལ་བསླབ་པར་བྱ་དགོས་ཏེ། གཉིས་པ་ལེའུ་དངོས་ཀྱི་དོན་ལ་གཉིས། སྒྲུབ་ཚུལ་གསུམ་གྱི་ངོ་བོ་མདོར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། གསུམ་གང་ཞེ་ན། གང་ཟག་གང་གིས་བསྒྲུབ་པ་ཆོ་གའི་ཡན་ལག་དང་། ཚུལ་ཇི་ལྟ་བུས། ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་དང་། གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་གོ །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། གང་གིས་སྒྲུབ་པའི་གང་ཟག ཇི་ལྟར་གྲུབ་པའི་ཐབས། གང་སྒྲུབ་པའི་ངོ་བོ་བསྟན་པའོ། །དང་པོ་གང་གིས་སྒྲུབ་པའི་གང་ཟག་ལ་ལྔ། དང་པོ་བསྲིང་བ་གཉིས་ལྡན་གྱིས་འགྲུབ་པ། གང་གིས་བསྒྲུབ་པའི་གང་ཟག་གམ་སྐྱེ་བོ་སྲིད་ལས་ངེས་པར་འབྱུང་བའི་བློ་ཅན་གྱིས། ལུས་ནི་འདུ་འཛིའི་གྲོང་ལས་དབེན་པར་རྒྱང་བསྲིངས་ཤིང་། སེམས་ནི་རྣམ་རྟོག་གི་སྤྲོས་པའི་ཚོགས་ལས་རིང་དུ་བསྲིང་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས། གང་དག་ཁྱིམ་གྱི་ནང་ན་འདུག་བཞིན་དུ། །བྱང་ཆུབ་དམ་པ་ཡོངས་དག་རྙེད་པ་ནི། །དེ་འདྲའི་སངས་རྒྱས་སྔོན་ཆད་མ་བྱུང་ཞིང་། །ད་ལྟ་མི་གནས་མ་འོངས་པ་ན་མེད། །ཅེ་གསུངས། དེས་ན་ལུས་སེམས་རབ་ཏུ་དབེན་ཞིང་། ཞི་གནས་ཀྱི་བརླན་དང་ལྡན་པ་དེ་ཡིས་ཏིང་འཛིན་མཆོག་འདི་ནི་མྱུར་དུ་འགྲུབ། གཉིས་པ་རང་རྒྱུད་དག་པས་འགྲུབ་པ། དད་པ་དང་ལྡན་ན་ཆོས་ལ་འཇུག་ཅིང་གོང་དུ་འཕེལ་བའི་ཕྱིར་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ན་བསྒོམ་ལ་སྤྲོ་བ་དང་མི་འདོར་བས་རྣལ་འབྱོར་དུ་བྱེད་ལ། བག་ཡོད་པས་རྣམ་གཡེངས་ལས་སེམས་བསྲུང་བ་དང་། དེ་བཞིན་ཚུལ་ཁྲིམས་དག་ཅིང་དགེ་ལ་སྤྲོ་བ་དང་། མང་དུ་ཐོས་པ་དང་འདོད་པ་ཆུང་ཞིང་ཆོག་ཤེས་དང་ལྡན་ན། རྒྱུ་དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ་པར་འགྱུར་ཏེ། དཀོན་བརྩེགས་ལས་། དད་པ་ཅན་གྱི་མི་རྣམས་ལ། །དཀར་པོའི་ཆོས་ནི་ངང་གིས་འབྱུང་། །ཞེས་དང་། ཟླ་བ་སྒྲོན་མེར། ཡོན་ཏན་ཚོགས་རབ་འདོད་དང་ཆོག་ཤེས་ལྡན། །མང་དུ་ཐོས་ཤིང་ཡོ་བྱད་བསྙུང་བ་དང་། །དགོན་པར་གནས་ཤིང་གཅིག་པུར་དབེན་ལ་དགའ། །དེ་ཡིས་ཏིང་འཛིན་མཆོག་འདི་རྙེད་མི་དཀའ། །ཞེས་སོ། །གསུམ་པ་རང་སེམས་དད་པས་འགྲུབ་པ། ལུས་སེམས་རྒོད་བག་གི་རྣམ་པ་རྣམས་བསྡམས་ཤིང་གཡེངས་རྐྱེན་སྤངས་ཏེ་དབེན་པར་གནས་པ་ལ་དགའ་ཞིང་། ཏིང་འཛིན་བསྒོམ་པའི་དུས་གཉིད་རྨུགས་དང་སྙོམ་ལས་ཀྱིས་ཞི་གནས་ལ་བར་དུ་གཅོད་པ་དང་། སྨྲ་བ་ལ་དགའ་བ་ཡིས་ཏིང་འཛིན་སྔར་ཡོད་འགྲིབ་ཅིང་ཕྱིས་སྐྱེ་བའི་གེགས་བྱེད་པས་སྤངས། དེ་བཞིན་ལྷག་མཐོང་གི་གེགས་ཕྱི་རོལ་དུ་གཡེངས་རྐྱེན་རྒོད་འགྱོད་གཉིས་མེད་ཅིང་ཆགས་སྡང་གི་རྒྱུ་སྐྱེ་བོ་གཞན་དང་འདྲིས་པ་ཉུང་བ་དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ་སྟེ། སྔ་མ་ལས། འདུ་འཛི་མེད་ཅིང་དབེན་ལ་དགའ་བ་དང་། །འདྲིས་པ་ཉུང་ཞིང་གཉིད་དང་སྙོམ་ལས་སྤངས། །མི་ཞུམ་རྒོད་པ་མེད་ཅིང་ལུས་སེམས་བསྡམས། །དེ་ཡིས་ཏིང་འཛིན་མཆོག་འདི་རྙེད་མི་དཀའ། །ཞེས་དང་། ཡེ་ཤེས་ཕྱག་རྒྱ་ལས། ཚོགས་ལས་བསྲིངས་ཤིང་རབ་ཏུ་ཞི་ལ་མོས། །རི་དྭགས་ལྟ་བུར་མཛེས་ཤིང་གནས་མེད་རྒྱུ། །མཁའ་ལ་རླུང་བཞིན་རྙེད་ལ་མི་ཆགས་པ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །ཞེས་སོ། །བཞི་པ་ངང་གིས་དབེན་པས་འགྲུབ་པ། གྲོང་དང་གྲོང་འདབས་{འདབ}ཀྱི་སྐྱེ་བོའི་འདུ་འཛི་མེད། ས་མདོ་ལ་སོགས་པའི་གནས་དང་དགོན་པར་རབ་བྱུང་སོགས་སྐྱེ་བོ་མང་པོའི་རྟེན་འདྲིས་མེད། ཚེ་འདིའི་དོན་དང་བྱ་བ་སྣ་ཚོགས་པས་བྲེལ་བ་མེད་པ་དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། ལྔ་པ་ངེས་པར་འབྱུང་བས་འགྲུབ་པ། ཚེ་འདིའི་བདེ་དང་ཕྱི་མ་ལྷ་མིའི་བདེ་འབྲས་དང་། རང་དོན་གཅིག་པུར་ཉན་རང་གི་ཞི་བ་གཉེར་བ་མིན་པར་མཐའ་ཡས་པའི་འགྲོ་བའི་ཕྱིར། སྲིད་ལས་ཐར་འདོད་མི་རྟག་པའི་ཚུལ་སོགས་བཞིའི་ངེས་འབྱུང་སྐྱོ་ཤས་ཅན། དེ་ཡིས་ཏིང་འཛིན་མཆོག་འདི་མྱུར་དུ་འགྲུབ་སྟེ། ཏིང་འཛིན་མཆོག་དམ་པ་ལས། སྲིད་པའི་བདེ་ལ་རབ་ཏུ་མ་ཆགས་ཤིང་། །གཅིག་པུར་ཞི་བ་ཚོལ་བའི་སེམས་བྲལ་ཏེ། །འདུས་བྱས་རྣམས་ལ་སྐྱོ་བའི་ཡིད་ལྡན་པ། །དེ་ཡིས་ཏིང་འཛིན་མཆོག་རབ་དམ་པ་འགྲུབ། །ཅེས་གསུངས། དེ་ལ་ཚེ་འདིའི་བདེ་བ་སྤྱི་དང་། ཁྱད་པར་གྱི་ཡོ་བྱད་དམ་ནོར་ལ་སྲེད་པ་སྤང་དགོས་ཏེ། བཤེས་སྤྲིང་ལས། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོའི་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བརྩོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་སོ། །ནང་སེམས་ཅན་ལ་ཆགས་པ་སྤངས་དགོས་ཏེ། དྲན་པ་ཉེར་བཞག་ལས། བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཕུང་། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྣམ་པར་སྤངས ། །ཞེས་སོ། །མདོར་ན་རང་རྒྱུད་ལ་གང་ཤས་ཆེ་བའི་ཉོན་མོངས་པ་དེ་དང་པོར་བརྟགས་ནས་གཙོ་བོར་སྤོང་ཞིང་། དབང་པོ་དྲུག་གི་ཡུལ་ལ་ཞེན་པ་དང་། རྒྱན་པོ་འགྱེད་སོགས་གྲགས་པ་ཉམས་པའི་རྒྱུ་དང་། ཚུལ་བརྟུལ་མཆོག་འཛིན། ཆོས་བརྒྱད་ལ་ཞེན་པ་སོགས་ཉེས་པའི་ཚོགས་སྤང་ཞིང་། དད་སོགས་འཕགས་པའི་ནོར་བདུན་བསྒྲུབ་པ་དང་། སྐྱེ་བོ་གཞན་རྣམས་དགེ་བ་ལ་བསྐུལ་བ་སོགས། བསམ་གཏན་པ་དགོན་པར་གནས་པས་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་མ་འགལ་བར། ཐ་ན་བྱ་དང་རི་དྭགས་འབུ་སྲིན་སོགས་ལའང་མི་འཚེ་ཞིང་ཟས་སོགས་བྱིན་ནས། དཀོན་མཆོག་གསུམ་གྱི་མཚན་དང་གཟུངས་སྔགས་སོགས་རྣ་བར་བསྒྲགས། ནམ་ཞིག་འདི་རྣམས་ཀྱང་སངས་རྒྱས་ངེས་སྙམ་པ་དང་། འདི་དག་བདག་གིས་འཁོར་བ་ལས་ཐར་བར་བྱ། འདི་དག་སྤྲུལ་པ་ཡིན་པའང་སྲིད་སྙམ་དུ་གུས་པ་བསྐྱེད་ཅིང་དག་སྣང་སྦྱང་། མི་རྟག་པ་ཉིད་ཡིད་ལ་བྱ་ཞིང་། སྐད་ཅིག་ཀྱང་མ་ཡེངས་པར་དགེ་བས་དུས་འདའ་བར་བྱའོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ལ་བཞི། ཞི་ལྷག་སྒྲུབ་ཚུལ་གྱི་གོ་དོན་སྤྱིར་བཞག ཞི་གནས་སྒྲུབ་པའི་ཐབས་བྱེ་བྲག་ཏུ་བཤད། ལྷག་མཐོང་སྒྲུབ་པའི་ཐབས་རྒྱ་ཆེར་བཤད། ཟུང་འཇུག་སྒྲུབ་པའི་ཐབས་རབ་ཏུ་དབྱེ་བའོ། །དང་པོ་ཞི་ལྷག་སྒྲུབ་ཚུལ་གྱི་གོ་དོན་ལ་གསུམ། དང་པོ་བསམ་གཏན་གྱི་སྒྲིབ་པ་ལྔ་སྤང་བར་གདམས་པ། ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་ཀྱང་། གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ། རྨུགས་པ་ནི་ཡུལ་མི་གསལ་བའི་ཤེས་པ་ལུང་མ་བསྟན། རྒོད་པ་ནི་ཡུལ་ཕྱིར་འཕྲོ་བ། འགྱོད་པ་ནི་བྱ་བ་འགའ་ཞིག་ཡིད་ལ་བཅགས་པས་མངོན་པར་མི་དགའ་བ། ཐེ་ཚོམ་ནི་གཉིས་བཅས་ཀྱི་བློས་ཟིན་མེད་པས་བྱ་བ་བསྒྲུབ་པ་ལ་བར་དུ་གཅོད་པ་སྟེ། དེ་ལྟར་གཉིད་རྨུགས་རྒོད་འགྱོད་ཐེ་ཚོམ་སྟེ་བསམ་གཏན་ལ་སྒྲིབ་པའི་སྒྲིབ་པ་ལྔ་པོ་དེ་དང་གཞན་འདོད་འདུན་གནོད་སེམས་སོགས་སྤངས་ཏེ་ཞི་ལྷག་ཟུང་འབྲེལ་ཚུལ་གྱིས་བསྒྲུབ་པར་བྱའོ། །དེའང་གཉིད་རྨུགས་གཉིས་ཀྱིས་ཞི་གནས་གསལ་དྭངས་ཕྱེད་པ་ལ་བྱིང་པར་བྱེད་པས་རབ་ཏུ་སྒྲིབ། རྒོད་འགྱོད་གཉིས་ཀྱིས་ལྷག་མཐོང་དྭངས་ལ་རྩེ་གཅིག་པ་འཕྲོ་བར་བྱེད་ཅིང་རྣམ་པར་གཡེང་། ཐེ་ཚོམ་གཉིས་ཀའི་གནོད་བྱེད་དེ་མི་འགྲུབ་པའི་རྒྱུ་མི་མཐུན་པའི་ཕྱོགས་སོ། །གཉིས་པ་དེའི་གཉེན་པོ་བསྟེན་པར་གདམས་པ། དེ་ལྟར་ལྔ་པོ་ཉིད་བྱིང་རྒོད་གཉིས་སུ་འདུ་སྟེ་གཉིད་རྨུགས་གཉིས་བྱིང་། གཞན་རྣམས་རྒོད་པའོ། །དེས་ན། བྱིང་ན་གསེང་ཞིང་ཡིད་བྱེད་བཅུ་གཅིག་བསྒོམ། །རྒོད་ན་རྩེ་གཅིག་གནས་པའི་ཐབས་དགུ་བསྒོམ། །གསུམ་པ་ཟུང་འབྲེལ་སྒྲུབ་པའི་གཉེན་པོར་བསྟན་པ། ཞི་གནས་མེད་པའི་ལྷག་མཐོང་སྤྲོས་ལ་རྒོད་དེ་ཚིག་གི་གོ་ཡུལ་ཙམ་དང་། ལྷག་མཐོང་མེད་པའི་ཞི་གནས་ལུང་མ་བསྟན། འཁོར་བའི་ས་བོན་ལས་མི་འཕགས་པས། དེ་གཉིས་ཟུང་འབྲེལ་ནི་སྒྲིབ་པའི་གཉེན་པོ་མཆོག་གི་ལམ་ཡིན་པས་འབད་པར་བྱའོ། །གཉིས་པ་ཞི་གནས་སྒྲུབ་པ་ལ་བཞི་སྟེ། དང་པོ་དལ་ལ་མ་ཡེངས་པ་ཐབས་ཀྱི་མཆོག་ཏུ་བསྟན་པ། དེའང་ཞི་གནས་ནི་ལུས་ངག་ཡིད་སེམས་དལ་བས་ཏེ། ལུས་དལ་བས་རྩ་དལ། རྩ་དལ་བས་རླུང་དལ། རླུང་དལ་བས་ཁམས་རང་བཞིན་གྱིས་གནས་པ་འགྲུབ་སྟེ། དེ་ཡང་ཆོས་ཀུན་རང་བཞིན་སྤྲོ་བསྡུ་དང་བྲལ་བ་མཉམ་པའི་ངང་དེར། གཟུང་འཛིན་གྱི་དམིགས་པ་རབ་ཞི་སྤྲོ་བསྡུ་མེད་པ་ནི་ཞི་གནས་ཀྱི་ངོ་བོའམ། གཙོ་བོའི་ཡན་ལག་ཡིན་ལ། དེ་བརྟན་པར་བྱ་བའི་དོན་དུ་དམིགས་པ་ཡུལ་གཅིག་ལ་སེམས་འཛིན་པས་ཅུང་ཟད་མི་རྟོག་པ་འཁོར་གྱི་ཚུལ་ཏེ། དེའང་གཤིས་ལ་སེམས་འདིའི་རང་བཞིན་གང་ནས་ཀྱང་མ་འོངས་མི་འགྲོ་མི་གནས་པའི་རང་ལུགས་ཕྱམ་ཕྱལ་ལེ་བ་ཞིག་དུས་རྒྱུན་ཡོད་དེ། གསལ་དྭངས་ཕྱེད་པའི་ཆ་ལྷག་མཐོང་། གནས་ཆ་དེ་ཞི་གནས། གཉིས་སུ་མེད་པས་ཟུང་འབྲེལ་ཏེ། ཡོད་ནི་སེམས་ཅན་ཀུན་ལ་རྟག་ཏུ་ཡོད་ཅིང་། གསལ་བ་ནི་ངང་གིས་མི་གཡོ་བ་ངལ་སོས་པ་ལ་སོགས་པའི་དུས་སུ་ངོ་འཕྲོད་པར་སླ་བ་ཡིན་ནོ། །རྣལ་འབྱོར་པས་ནི་འཕྲོས་སམ་གནས་ཀྱང་རང་བབས་བཅོས་བསླད་མེད་པའི་ཞི་ལྷག་ཤེས་པར་གྲོལ་བ་ཡིན་ནོ། །གཉིས་པ་དམིགས་རྟེན་ཡུལ་གྱི་བྱེ་བྲག་བསྟན་པ། དམིགས་པ་ལ་སེམས་འཛིན་ལུགས། དེ་ཡང་སྣང་བཅས་སྣང་མེད་རྣམ་པ་གཉིས། །ཕྱི་ནང་གཉིས་ཏེ་བཞི་ཡིས་ཟིིན་པར་འགྱུར། །སྣང་བཅས་ལ་སེམས་བཟུང་ཚུལ་གཟུགས་སོགས་སྒོ་ལྔའི་ཡུལ་རྣམས་ལ་སེམས་མ་ཡེངས་པར་གཏད་དེ་འཇོག དེ་བརྟན་སྣང་མེད་ལ་སེམས་བཟུང་བ་གང་དུའང་མི་རྟོག་པ་སེམས་རྩེ་གཅིག་པའི་ངང་ལ་འཇོག དེ་བཞིན་ཕྱི་ནི་ཕྱི་རོལ་རྡོའམ། ཤིང་ངམ་སྐུ་གཟུགས་ལ་སོགས་པའི་རྟེན་ཞིག་ལ་སེམས་མ་ཡེངས་པར་བཟུང་བ་དང་། ནང་ཉིད་ལུས་ནང་དུ་ལྷ་སྐུའམ། ཡི་གེ་སྙིང་གར་པདྨ་འཐུར་འཕྱང་དང་ཕྱག་མཚན་འོད་སོགས་ལ་སེམས་འཛིན་ཏེ། དེའང་སྤྲོས་པ་ཤས་ཆེ་བས་ཕྱིར་བཟུང་ན་འཕྲོ་བས་ནང་དུ་བ ཟུང་། རྟོག་པ་ཉུང་བས་ནང་དུ་བཟུང་ན་བྱིང་བས་ཕྱིར་བཟུང་། དང་པོ་མཚན་བཅས་གང་རུང་ཞིག་ལ་སེམས་བཟུང་བས་རྗེས་ལ་མཚན་མེད་ངང་གིས་འབྱུང་ངོ་། །གསུམ་པ་རྣམ་པ་བློས་འཇོག་ཚུལ་བསྟན་པ། མདོར་ན། དམིགས་ཡུལ་གཅིག་ལ་རྩེ་གཅིག་སེམས་འཇོག་པ། །ཞི་གནས་བསྒྲུབ་པའི་ཐབས་ཀྱི་ཡན་ལག་ཡིན། །དེ་ནས་སེམས་གནས་པའི་ཐབས་དགུས་བརྟན་པར་བྱ་སྟེ། དམིགས་པ་དེ་ལ་སེམས་རྒྱུན་དུ་འཇོག་པར་བྱེད། ཕྱིར་འཕྲ་ོན་སེམས་བརླན་ཏེ་འཇོག་པར་བྱེད། ཕྱི་ཕྱིར་བཏུད་དེ་ཉེ་བར་འཇོག་པར་བྱེད། དེ་ལ་དགའ་བ་བསྐྱེད་ནས་འདུལ་བར་བྱེད། རྣམ་གཡེང་གི་ཉེས་པ་ཞི་བར་བྱེད། གཉིད་རྨུགས་ལ་སོགས་བསལ་ནས་རྣམ་པར་ཞིི་བར་བྱེད། གཞན་ལ་མི་འཕྲོ་བར་རྩེ་གཅིག་ཏུ་བྱེད། དེ་ལ་མི་རྩོལ་བར་མཉམ་པར་འཇོག་པར་བྱེད་པ་སྟེ་དགུའོ། །བཞི་པ་རྩལ་སྦྱོང་བོགས་ཀྱི་འབྱིན་ཚུལ་བསྟན་པ། ཐབས་དེ་ཡིས་རྩེ་གཅིག་ཞི་གནས་སྐྱེས་པའི་ཚེ་སེམས་རྩེ་གཅིག་ཟིན་པ་ཙམ་གྱིས་རྐྱེན་མི་ཐུབ་ཅིང་། ལྷག་མཐོང་དང་ཡང་འབྲེལ་མི་རུང་བས། སྣང་བ་སྒྱུ་མ་སོགས་སུ་སྤེལ་ཞིང་བརྟན་པའི་ཕྱིར་ལྷག་མཐོང་ཡེ་ཤེས་སྤྲོ། བོགས་འབྱིན་དུ་འགྲོ་འདུག་སོགས་སྤྱོད་ལམ་ཀུན་དང་བསྲེ་ཞིང་བསྒོམ་པ་གཅེས། སྟེངས་ཏེ་བོགས་སྐྱེད་མེད་ན་ལུས་སེམས་གསེངས་ཏེ་གཡེངས་པའི་རྗེས་ལ་སྔར་བཞིན་དུ་སྒོམ་སྟེ་འདིས་ནི་དམིགས་པ་གང་ལ་འཇོག་འདོད་པ་དང་། དུས་ནམ་གྱི་ཚེ། ཡུན་ཇི་ཙམ། ཚུལ་ཇི་ལྟར་འཇོག་པ་རྣམས་ལ་རང་དབང་ཐོབ་པས་དུས་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ལྷག་མཐོང་སྒྲུབ་པ་ལ་གསུམ། དང་པོ་གསལ་དྭངས་ཕྱེད་ལ་མ་ཡེངས་པ་ཐབས་ཀྱི་མཆོག་ཏུ་བསྟན་པ། ཞི་གནས་ཀྱི་ཚེའང་ལྷག་མཐོང་འདོད་པས་སེམས་གསལ་ལ་དྭངས་པའི་ངང་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བ་སོ་སོར་རྟོག་པ་ན་གཙོ་བོའི་ཡན་ལག་ཡིན་ལ། བློ་མི་རྟོག་པའམ་མི་འཕྲོ་བར་མཉམ་པར་འཇོག་པ་ཡི་གསལ་ཆ་འཁོར་གྱིས་ཕལ་པའི་ཚུལ་དུ་ཡོད། གཉིས་པ་དམིགས་རྣམ་ངེས་པའི་སྒོམ་ཚུལ་བསྟན་པ། སོ་སོར་རྟོག་པའི་ལྷག་མཐོང་དེ་ཡང་ཆོས་ཅན་དང་ཆོས་ཉིད་རྣམ་པ་གཉིས་ཏེ། མཉམ་བཞག་བརྟན་པའི་ངང་ལས་ཆོས་ཅན་ཕྱི་རོལ་གྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མའི་དཔེ་བརྒྱད་དུ་བལྟ་བྱ་ཞིང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཆོས་ཚུལ་འདི་དག་སྒྱུ་མ་སྨིག་རྒྱུ་དང་། །རྨི་ལམ་མིག་ཡོར་སྒྲ་བརྙན་སྤྲུལ་པ་འདྲ། །གར་མཁན་ཚོན་འདྲ་གང་གིས་རྟོགས་གྱུར་པ། །བསོད་ནམས་ཞིང་རབ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཆོས་ཉིད་རང་བཞིན་གྱིས་མ་སྐྱེས་པ་མཁའ་ལྟར་སྟོང་པའི་རྩལ་སྦྱང་བྱ། དེའི་ངང་ལ་མ་བཅོས་པར་འཇོག་པའོ། །སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་སོ། །དེས་ན་བློའི་ཚོལ་ཁྲོ་དང་བྲལ་བར་ཆོས་ཉིད་དམ། གནས་ལུགས་ཇི་བཞིན་པའ་ིངང་ལ་བཞག་པས་སྣང་ཡུལ་སྒྱུ་མར་རྟོགས་ལ་འཛིན་བྱེད་མ་ཞུགས་པ་སྟོང་གསལ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་འཆར་བར་འགྱུར་རོ། །གསུམ་པ་རྩལ་སྦྱོང་བོགས་ཀྱི་འབྱིན་ཚུལ་བསྟན་པ། ལྷག་མཐོང་སྟེངས་ནས་སྐྱེད་མེད་ན་སྣ་ཚོགས་ཆོས་ལ་དགག་སྒྲུབ་སོགས་མང་པོ་སྤྲོས་ཏེ་སྒྱུ་མ་ལྟ་བུར་ཝལ་ཝལ་རྩལ་སྦྱང་སྟེ། སྒྱུ་མ་ཡང་སྟོང་པ་གཉིས་མེད་དུ་ལ་བཟླ་བས་དག་པར་བལྟ་བ་དང་། རྟོག་པ་འཕྲོ་ན་སྔར་བཞིན་ཞི་གནས་ངང་ལ་མཉམ་པར་བཞག དེའི་ངང་དུ་སྟེང་ན་ཡིད་བྱེད་བཅུ་གཅིིག་བསྒོམ་པར་བྱ་སྟེ། དེའང་རྟེན་འབྲེལ་ལ་སོགས་པའི་ཆོས་ལ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཡིད་ལ་བྱེད་པ་དང་། དེས་འཕྲོ་ན་ཞི་གནས་ལ་བཞག་སྟེ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་བཅས་པའི་ཡིད་ལ་བྱེད་པ་དང་། དེས་རྟོག་ན་རྟོག་དཔྱོད་མི་འགྱུར་བའི་ངང་དུ་མི་རྟོག་པ་སྟེ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་དང་། དེའི་དོན་ལ་མ་ཡེངས་པའི་ཞི་གནས་ཡིད་ལ་བྱེད་པ་དང་། དེ་ཡང་གསལ་དྭངས་ཕྱེད་པའི་ལྷག་མཐོང་ཡིད་ལ་བྱེད་པ་དང་། དེའི་ཚེ་གསལ་སྟོང་གཉིས་སུ་མེད་པའི་ཟུང་དུ་འབྲེལ་བ་ཡིད་ལ་བྱེད་པ་དང་། དེའི་ངང་ལ་རྒྱུན་བསྲིང་བའི་ཕྱིར་སེམས་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། དེའི་དུས་སུ་སེམས་གནས་པའི་ངང་ལས་མི་གཡོ་བ་ཞི་གནས་ཀྱིས་མཚན་མ་ཡིད་ལ་བྱེད་པ་དང་། གསལ་དྭངས་ཕྱེད་པ་ལྷག་མཐོང་གི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། སྟོང་གསལ་གཉིས་མེད་དུ་འབྲེལ་བ་ཟུང་འཇུག་གི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་རྣམས་སོ། །དེ་ལྟར་སེམས་འཕྲོ་ན་བཏུལ་བྱིང་ན་གསེང་། ཞི་ལྷག་གཉིས་སུ་མེད་པ་རྩལ་སྦྱངས་པས། དེ་ཚེ་ནམ་མཁའ་ལྟ་བུའི་འོད་གསལ་ནི། །ཞི་ལྷག་ཟུང་འཇུག་སྟོང་གསལ་སྤྲོས་དང་བྲལ་བའི་ངོ་བོ་མཐོང་། དེ་ཡིས་བྱིང་རྒོད་སྒྲིབ་གཉིས་སྤྲིན་ལས་གྲོལ་བ་འགྲུབ། རེས་འགའ་ཞི་གནས་ཀློང་དུ་གྱུར་པ་རྒྱ་མཚོ་ལྟ་བུའི་འོད་གསལ་ཏེ་སེམས་གསལ་དྭངས་འཛིན་མེད་དུ་འཆར་རོ། །རྟོག་པའི་འགྱུ་བ་ཤར་གྲོལ་ལྷག་མཐོང་འོད་གསལ་ཀློང་དུ་གྱུར་པས་ངང་དྭངས་རྟོག་མེད་ལྷུན་གྱིས་གྲུབ། བོགས་འབྱིན་དུ་སྤྱོད་ལམ་ཀུན་དང་དེ་ཉིད་བསྲེ། འདིས་ནི་ལྷག་མཐོང་མྱུར་དུ་འགྲུབ་པར་འགྱུར་ཏེ་སེམས་ཉིད་འཕོ་འགྱུར་བཅོས་བསླད་དང་བྲལ་བ་སྟོང་གསལ་རྗེན་པའི་ངོ་བོ་མཐོང་དུས། སེམས་གནས་ཀྱང་ཆོས་ཉིད་ཀྱི་ངང་དུ་གནས་པས་ཡིན་མིན་གདོད་ནས་དག་པའི་གདེང་ཐོབ། འཕྲོ་བ་ཆོས་ཉིད་ཀྱི་རོལ་པར་ཤར་བས་གང་སྣང་ཡེ་ཤེས་ཀྱི་རྩལ་དུ་ཤེས་ཏེ་རྐྱེན་སྣང་རང་བྱུང་གི་ཡེ་ཤེས་སུ་གྲོལ་བའི་དུས་སོ། །དེའི་ཚེ་རང་སེམས་སྐུ་གསུམ་གྱི་ངོ་བོར་མཐོང་བས་རྩོལ་སྒྲུབ་མཚན་མའི་ཆོས་ལས་གྲོལ་བ་ནི། ཀུན་བྱེད་ལས། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ཅེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ཟུང་འཇུག་སྒྲུབ་པའི་ཐབས་ལ་ལྔ། དང་པོ་ཕྱམས་བརྡལ་འཛིན་མེད་ཐབས་ཀྱི་མཆོག་ཏུ་བསྟན་པ། ཞི་ལྷག་གི་ངོ་བོ་གསལ་སྟོང་ཟུང་འཇུག་ཏུ་ཤེས་པ་ལ་འཕྲོ་གནས་གཉིས་མི་འགལ་བས་མཉམ་པའི་ངང་། གསལ་སྟོང་ངམ་འཕྲོ་གནས་གཉིས་ཀར་རྣམ་པར་མི་རྟོག་པའི་ཡེ་ཤེས་གཙོ་བོ་ལ། དེའི་ངང་ལས་ཡེངས་མེད་སྤྲོས་དང་བྲལ་བ་འཁོར་གྱི་ཚུལ་དུ་གནས་སོ། །དེའང་དུས་ཐམས་ཅད་དུ་སེམས་ཉིད་གཉིས་མེད་གཙོ་བོ་ཡིན་ཡང་། དེ་ཞི་ལྷག་གིས་མཉམ་པར་བཞག་དུས་རྟོགས་པར་སླ་བས། ཐབས་ཡེངས་མེད་དེ་འཁོར་རམ་ཡན་ལག་ཏུ་ལྡན་པ་ཡིན་ནོ། །དེའི་ཚེ་སེམས་གཞི་མེད་དུ་གློ་བུར་གྱི་སྤྲོས་པ་ནུབ་པས་ཆུ་ལ་ཆུ་བཞག་པ་ལྟར་རོ་མཉམ་དབྱེར་མེད་དུ་ཤེས་པར་བྱའོ། །གཉིས་པ་དམིགས་རྣམས་ངེས་པའི་སྒོམ་ཚུལ་བསྟན་པ། དེའི་ངང་ལས་རྟོག་པ་ཇི་ལྟར་ཤར་རམ་གནས་ཀྱང་དེ་ཡི་ངང་ལ་མ་བཅོས་པར་བཞག་པས། ཆུ་ལ་རླབས་ཞི་བ་ལྟར། རྣམ་རྟོག་གང་ཤར་ཤར་བས་གྲོལ་ཏེ་ཤར་དུས་སུ་གྲོལ་ལ་གྲོལ་ཐོག་ཏུ་གནས་པས་ཤར་གྲོལ་མཉམ་པ་ཉིད་དེ། དེ་ལྟར་ཞི་ལྷག་ཟུང་འབྲེལ་བས་ཉམས་བདེ་གསལ་མི་རྟོག་པ་འཆར་རོ། །དེའི་ཚེ་ཤར་བས་གྲོལ་བ་ལྷག་མཐོང་ཡིན་ལ་སྣང་བཅས་བསོད་ནམས་ཀྱི་ཚོགས་བསྐྱེད་རིམ་དུ་ལྷུན་གྱིས་གྲུབ་ཅིང་། རང་ཞི་བའི་རང་རིག་པ་དྭངས་གསལ་དང་བཅས་པ་ལ་གནས་པ་ཞི་གནས་ཏེ། སྣང་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་རིམ་པར་གྲུབ་པས། ཟུང་འཇུག་གི་རང་བཞིན་དུ་ཡེ་ནས་སེམས་ལ་སྣང་སྟོང་དང་ཐབས་ཤེས་དང་བསྐྱེད་རྫོགས་ལྷུན་གྱིས་གྲུབ་སྟེ་གནས་སོ། །གསུམ་པ་གེགས་ཀྱི་དྲི་མ་སེལ་ཐབས། དེ་ལྟར་ཟུང་འཇུག་བཅོས་བསླད་མེད་པར་བསྒོམས་པས་སྟེངས་ན་ཞི་ལྷག་སོ་སོར་རྩལ་སྦྱང་སྟེ། ཞི་གནས་སྟེངས་ན་ལྷག་མཐོང་དང་། ལྷག་མཐོང་སྟེངས་ན་ཞི་གནས་བསྒོམ་ཞིང་། བྱིང་རྒོད་ཚེ་ན་ལྡོག་ལ་ཏེ་བྱིང་ན་ལྷག་མཐོང་རྒོད་ན་ཞི་གནས་བསྒོམ་པར་བྱ་སྟེ་དེས་སྐྱོན་ལས་གྲོལ་ལོ། །བཞི་པ་བོགས་འབྱིན་གནད་ཀྱི་མན་ངག དེའི་བོགས་འབྱིན་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མར་རྒྱབ་ཕྱོགས་པས་གཙུག་ཏོར་རྣམ་པར་ལྟ་བའི་ལྟ་སྟངས་ཀྱིས་མཁའ་ལ་རབ་ཏུ་བལྟས་པས། སེམས་སྟོང་གསལ་གྱི་ཤེས་པ་སྤྲོས་པ་དང་བྲལ་བ་འཆར་བ་ནི་ཟུང་འཇུག་གི་ཡེ་ཤེས་སོ། །ལྔ་པ་རྩལ་སྦྱོང་ཟབ་དོན་སྙིང་པོ། དེའི་ཚེ་ཕྱི་རོལ་གྱི་དཔེ་ཡི་ནམ་མཁའ་དག་པ་ལས། དེས་མཚོན་པའི་ནང་གི་ཤེས་པ་སྟོང་གསལ་འགག་མེད་ནི་ཆོས་ཉིད་དོན་གྱི་ནམ་མཁའ་ཆེའོ། །དེ་ལས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཉམས་དང་། ལྷན་གཅིག་ཤར་བས། ཆོས་ཉིད་ནམ་མཁའི་མཚན་ཉིད་དུ་རང་གྲོལ་ཏེ་དངོས་པོ་དང་མཚན་ཉིད་ཐམས་ཅད་ལས་གྲོལ་བ་ནི། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་སྟེ། །ནམ་མཁའ་སུམ་སྤྲུགས་དགོངས་པ་ཤེས་པར་བྱ། །དེའི་དུས་སུ་དུ་བ་ལ་སོགས་པའི་རྟགས་བཅུ་དང་། འོད་ལྔའི་སྣང་བའང་རླུང་སེམས་དབུ་མར་ཚུད་པའི་རྟགས་རྣམས་ཀྱང་ངང་གིས་འབྱུང་ངོ་། །གསུམ་པ་གང་སྒྲུབ་པའི་ངོ་བོ་བསྟན་པ་ལ་བརྒྱད། དང་པོ་བརྗོད་བྲལ་གྱི་ངོ་བོ་བསྟན་པ། གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་ནི། ཆོས་ཐམས་ཅད་རྩོལ་སྒྲུབ་སྤང་བླང་ལས་འདས་པས་རོ་མཉམ་རྫོགས་པ་ཆེན་པོའི་ངང་སྟེ། དེའི་དོན་རྟོགས་པས་ལྟ་བ། དེའི་ངང་ལས་མ་ཡེངས་པས་བསྒོམ་པ། དེ་ཡང་ཡོད་མེད་རེ་དོགས་ལས་འདས་པས། སྤང་བླང་མི་བྱ་བར་གང་ལའང་དམིགས་གཏད་དང་ཞེན་པ་དོར། འཛིན་ཞེན་ཡོད་ན་དེ་ཐམས་ཅད་སྲིད་པའི་འདུ་བྱེད་དེ་སྲིད་ལས་གྲོལ་མི་ནུས་ལ། གང་ལའང་དམིགས་གཏད་ཀྱི་མཚན་མ་མེད་ན་མཁའ་བཞིན་དུ་བཅིངས་གྲོལ་མེད་དོ། །གཉིས་པ་སྣ་ཚོགས་དུ་མ་རོ་གཅིག་ཏུ་བསྟན་པ། ཇི་ལྟར་གཟུགས་བརྙན་སྣ་ཚོགས་མེ་ལོང་ངང་ལས་གཞན་མིན་པ། དེ་ལྟར་ཆོས་རྣམས་སྣ་ཚོགས་སྟོང་པའི་ངང་དུ་ཤེས་པར་བྱ། གསུམ་པ་འཆར་ཚུལ་ངང་དྭངས་སྐྱེ་མེད་དུ་བསྟན་པ། ཇི་ལྟར་སྤྲིན་རྣམས་སྣ་ཚོགས་ནམ་མཁའི་ངང་ལས་མ་གཡོས་པ་དེ་བཞིན་བློ་ལ་དགག་སྒྲུབ་སྣ་ཚོགས་ཅི་ཤར་ཡང་སེམས་ཉིད་ཀྱི་ངང་ལས་མ་གཡོས་སོ། །བཞི་པ་ཉམས་རྟོགས་རོལ་པའི་རྩལ་སྣང་དུ་བསྟན་པ། ཇི་ལྟར་ཆུ་བོ་སྣ་ཚོགས་རྒྱ་མཚོའི་ངང་དུ་རོ་གཅིག་པ་དེ་བཞིན་དུ་ཉམས་རྟོགས་སྣ་ཚོགས་སྒོམ་པའི་ངང་དུ་རོ་གཅིག་གོ །ལྔ་པ་འཁོར་འདས་རིག་པའི་རང་སྣང་དུ་བསྟན་པ། ཇི་ལྟར་སྒྱུ་མ་སྣ་ཚོགས་སྤྲུལ་པའི་ངང་སྟེ་སྣང་དུས་ནས་རང་བཞིན་མེད་པ་དེ་བཞིན་འཁོར་འདས་སྣ་ཚོགས་ཆོས་ཉིད་ངང་ལས་མི་གཡོའོ། །དྲུག་པ་ཆོས་རྣམས་ཡེ་གྲོལ་དབྱེར་མེད་དུ་བསྟན་པ། ཇི་ལྟར་ཕྱོགས་བཅུའི་ནམ་མཁའ་གཞི་བྲལ་ངང་སྟེ་ཐ་དད་མེད་པ་ལྟར། དེ་བཞིན་ཡེ་གྲོལ་ཆོས་རྣམས་ལྟ་བའི་ངང་ལ་རང་བཞིན་གཉིས་སུ་མེད་དོ། །ཇི་ལྟར་ཆུ་ལ་ཆུ་བཞག་པ་འདྲེས་ནས་གཉིས་མེད་ངང་། དེ་བཞིན་སེམས་དང་སེམས་ཉིད་ཀྱི་ངང་དུ་སེམས་བྱུང་གི་རྟོག་པ་རང་ཞིར་ཐིམ་པས་དབྱེར་མེད་ངང་། བདུན་པ་སྣང་སེམས་སྒྱུ་མ་གཉིས་མེད་དུ་བསྟན་པ། ཇི་ལྟར་སྣ་ཚོགས་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་དེ་བཞིན་བླང་དོར་གཉིས་མེད་སྤྱོད་པའི་ངང་དུ་རོ་གཅིག་པའོ། །ཇི་ལྟར་མཚོ་དང་དབའ་རླབས་ཆུ་བོའི་ངང་ལས་གཞན་མིན་པ་དེ་བཞིན་རྟོག་པ་དང་མི་རྟོག་པ་མཉམ་པའི་ངང་ཉིད་དོ། །བརྒྱད་པ་རིག་སྟོང་ཆོས་དབྱིངས་ཁྱབ་བརྡལ་དུ་བསྟན་པ། ཇི་ལྟར་ཚོང་པ་དོན་གྲུབ་པ་རེ་དོགས་མེད་པའི་ངང་དུ་བློ་བདེ་བའི་ངང། དེ་བཞིན་སངས་རྒྱས་རང་སེམས་སུ་ཐག་ཆོད་པས་རེ་དོགས་གཉིས་མེད་འབྲས་བུའི་ངང་དུ་བློ་བདེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་བླང་དོར་མེད་པའི་ངང་འདིར་ཆོས་ཐམས་ཅད་ཕྱམ་གཅིག་རྫོགས་པས་རྫོགས་པ་ཆེན་པོའི་ངང་སྟེ། བྱ་རྩོལ་མཚན་མའི་འདུ་ཤེས་ལས་གྲོལ་བས་ཁྱབ་གདལ་དབྱིངས་ཀྱི་ཆོས་ཉིད་ཤེས་པར་བྱའོ། །དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་རྨད་དུ་བྱུང་བའི་དགེ་བ་དྲི་མེད་སྣ་ཚོགས་གཉིས་མེད་ནམ་མཁའ་ལྟར་ཡངས་ཤིང་རོ་གཅིག་གིས། འགྲོ་ཀུན་བདག་གཞན་གཟུང་འཛིན་གྱི་འཆིང་བ་ལས་གྲོལ་ཏེ། དུས་རིང་མོ་ནས། འདི་ཞེས་དམིགས་པས་འཁྲུལ་པའི་སྲིད་པ་འདིར། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ༈ བཅུ་གསུམ་པ་འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་ཐབས་དང་ཤེས་རབ་མཐར་ཕྱིན་ནས། སྐུ་དང་ཡེ་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ་སྟེ་ལམ་གྱི་ཡོན་ཏན་རྫོགས་པ་ན་སེམས་ཉིད་འོད་གསལ་བའི་ཁམས་ཀྱི་སྒྲིབ་བྱེད་དྲི་མ་མཐའ་དག་དང་བྲལ་བའི་སངས་རྒྱས་སམ་བྱང་ཆུབ་ཅེས་བྱ་བ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ནུས་པ་ཅི་ཡོད་པ་མངོན་དུ་ཐོབ་པའོ། །དེ་ལ་འོག་མིན་དུ་སངས་རྒྱས་ཚུལ་དང་། སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག་མི་འདྲ་བར་མདོ་རྒྱུད་ལས་གསུངས་པ་འགྲེལ་ཆེན་ལྟར་ཤེས་པར་བྱའོ། །འདིར་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་བཞག་བརྗོད་པ། གཉིས་པ་ལེའུ་དངོས་ཀྱི་དོན་ལ་གསུམ། ཞི་བ་བྱང་ཆུབ་བརྙེས་ཚུལ་སྤྱིར་བསྟན། སྐུ་ལྔ་ལྷུན་གྲུབ་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད། ནང་དབྱིངས་རྣམ་དག་གི་འཆར་གཞིའི་དོན་བསྡུ་བའོ། །དང་པོ་ཞི་བ་བྱང་ཆུབ་བརྙེས་ཚུལ་ལ་གཉིས། དང་པོ་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་བརྙེས་ཚུལ། ལམ་གྱི་ཡེ་ཤེས་དག་པ་མཐར་ཐུག་པ་དེའི་ཚེ་སྤང་བྱ་གཟུང་བ་དང་འཛིན་པའི་རང་བཞིན་སེམས་དང་སེམས་བྱུང་ཚོགས་བརྒྱད་ཀུན་གཞིར་བཅས་པ་ཀུན་སེམས་ཉིད་འོད་གསལ་བ་ཆོས་ཀྱི་དབྱིངས་སུ་འཇུག་པ་རབ་ཞིའི་ཚེ་དབྱིངས་གདོད་མའི་གཞི་དང་ཡེ་ཤེས་ཐིམ་བྱའི་རིག་པ་གཉིས་སུ་མེད་པར་འདྲེས་ཏེ་རོ་གཅིག་ཏུ་གྱུར་པ་དེ་ཚེ་ཡེ་ནས་དྲི་མ་མེད་པ་རང་བཞིན་རྣམ་དག་དང་གློ་བུར་གྱི་དྲི་མ་ཆ་དང་བཅས་པ་དག་པ་གཉིས་ལྡན་གྱི་སེམས་ཀྱི་དམ་པ་སྤྲོས་ཀུན་ཞི་བ་སྟེ་སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། ཅེས་སོ། །གཉིས་པ་ཞི་བ་ནང་དབྱིངས་ལས་རྟག་ཏུ་མི་གཡོ་བར་བསྟན་པ། དེའི་ཚེ་ཆོས་སྐུ་སྤྲོས་ཀུན་ཞི་བ་ཆེན་པོ། ཤིན་ཏུ་སྐྱེ་མེད་འོད་གསལ་སྙིང་པོའི་ངང་དུ་ཕྱིན་པ། དབྱིངས་ནམ་མཁའི་ངང་དུ་ཡེ་ཤེས་གནམ་གང་གི་ཟླ་བ་ནང་གསལ་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་རྟེན་ནམ་མཆར་གཞིར་གནས་པ་ལས། ཕྱིར་སྣང་ལོངས་སྐུའམ་གདུལ་བྱའི་སྣང་ངོར་སྣང་བ་ནི་ཡེ་ཡོད་པ་མ་ཡིན་ཏེ། མཐའ་བཞིའི་དྲི་མ་ལས་འདས་པ་ཆོས་སྐུ་ཉག་གཅིག་གི་དུས་ཡིན་པའི་ཕྱིར་རོ། །གནམ་གང་ན་ནམ་མཁའ་ལ་ཟླ་བ་ཡོད་ཀྱང་དབྱིངས་སུ་ནུབ་པ་ལྟར་གཞན་གྱིས་བལྟར་རུང་བའི་མངོན་གསལ་དུ་མེད་པ་བཞིན་དུ་ཟབ་ཅིང་ཕྲ་བའི་ཆོས་སྐུའི་ཡེ་ཤེས་མཁའ་དབྱིངས་པདྨོར་འཁྱིལ་བ་གང་དུའང་མི་རྟོག་ཞི་བ་བརྙེས་པའི་ཚེ་དབྱིངས་ཀྱི་སྐུ་གསུམ་ནང་དབྱིངས་ཕྲ་བའི་ཡེ་ཤེས་སུ་བཞུགས་པ་སྟེ། ཡེ་ཤེས་སྣང་བ་ལས། དབྱིངས་སུ་འཁྱིལ་བས་མཐོང་དུ་མེད། །མེད་པ་མིན་ཏེ་ཕྲ་བའི་ཕྱིར། །ཚེས་ཀྱི་སྔོན་རོལ་ཟླ་བ་བཞིན། །ཟབ་པ་ཞི་བ་ཆེས་ཕྲ་བའོ། །ཞེས་སོ། །གཉིས་པ་སྐུ་ལྔ་ལྷུན་གྲུབ་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གསུམ། ནང་དབྱིངས་སྐུ་གསུམ་གྱི་རང་བཞིན་མདོར་བསྟན་པ། རང་སྣང་ལོངས་སྐུའི་ཞིང་ཁམས་རྒྱས་པར་བཤད་པ། ཕྱིར་སྣང་སྤྲུལ་སྐུའི་རབ་དབྱེ་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས། རྣམ་དབྱེ་སྤྱིར་བསྟན་པ་དང་། དབྱིངས་ལས་གཞན་དུ་མི་སྣང་བར་བསྟན་པའོ། །དང་པོ་རྣམ་དབྱེ་སྤྱིར་བསྟན་པ་ལ་གསུམ། དང་པོ་མི་འགྱུར་རྡོ་རྗེའི་སྐུ་ནི། བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པའི་ཆོས་ཉིད་མི་དམིགས་དུས་གསུམ་འཕོ་འགྱུར་མེད་པས། རང་བཞིན་གདོད་ནས་དག་པའི་ཆ་དེ་ལ། །མི་འགྱུར་རྡོ་རྗེའི་སྐུ་ཞེས་བརྗོད་པ་སྟེ། །གཞི་དབྱིངས་ཟད་པའི་ཆོས་ཉིད་འོད་གསལ་བ་སངས་རྒྱས་ཀྱི་བགྲོད་པ་མཐར་ཐུག་པའོ། །ཡེ་ཤེས་དྲྭ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་སོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི། སེམས་ཉིད་འོད་གསལ་བ་དག་པ་གཉིས་ལྡན་མཐར་ཐུག་གི་ཚེ་རང་བཞིན་གྱིས་དག་པ་དང་གློ་བུར་སྒྲིབ་གཉིས་ལས་རྣམ་པར་དག་ཅིང་། ཤེས་བྱ་ཐམས་ཅད་མཁྱེན་པའི་ཆོས་ཚུལ་རྒྱ་མཚོ་བརྙེས་ཏེ། སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་པས། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་ཆོས་སུམ་ཅུ་རྩ་བདུན་སོགས་མཁྱེན་བརྩེ་ནུས་པའི་ཕ་རོལ་དུ་ཕྱིན་པའི་ཆས་གཞལ་ན་མངོན་པར་བྱང་ཆུབ་སྐུ་ཞེས་བཏགས་པ་སྟེ། མ་འདྲེས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞི་མཐར་ཐུག་པ་གང་ཡིན་པའོ། །དེའང་ཡེ་དྲྭ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་པའོ། །ཞེས་སོ། །གསུམ་པ་ཞི་བ་ཆོས་སྐུ་ནི། དབྱིངས་སེམས་ཉིད་ནམ་མཁའི་ངང་དུ་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་གནམ་གང་ལྟ་བུའི་ཚེ་ན་ཤེས་བྱའི་ཡུལ་ལ་དེ་བློ་མི་འཇུག་ཅིང་། ཤེས་བྱེད་བློ་ལ་འཛིན་པ་མི་དམིགས་ཀྱང་དབྱིངས་ནང་གསལ་ཆེས་ཕྲའི་ཡེ་ཤེས་མཁའ་དབྱིངས་ནུབ་པའི་ཟླ་བ་ལྟར་སྤྲོས་པའི་ཚོགས་རྣམས་ཞི་ལ་ཐམས་ཅད་མཁྱེན་ཆ་མ་འགགས་པས་ཐིམ་ལ་མ་རྨུགས་པའི་ཕྲ་བའི་ཡེ་ཤེས་མཆོག ཐམས་ཅད་མཁྱེན་ཆས་འཆར་གཞི་ངོ་བོའི་ཚུལ་ཏེ། ནང་གསལ་ཡེ་ཤེས་མཉམ་བཞག་གི་ཆ་ལ་ཕྱིར་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོ་བྱེད་པ་སྟེ། དེའི་བྱིན་རླབས་དང་གདུལ་བྱའི་སྨོན་ལམ་གྱིས་དེ་ལས་གཟུགས་སྐུ་རྣམ་མཁྱེན་མཆེད་འགྱུར་ཞིང་། གདུལ་བྱ་གཞན་ལ་སྣང་མཛད་ཡོན་ཏན་གཏེར་ཡིན་ཕྱིར། ཤིན་ཏུ་ཆེས་ཕྲའི་ཡེ་ཤེས་རབ་ཞིའི་ཆས། རྟོག་མེད་ཡེ་ཤེས་ཁྱད་པར་ཅན་ནི་ཞི་བ་ཆོས་ཀྱི་སྐུ་ཞེས་རབ་ཏུ་བརྗོད་དེ། སྒྱུ་འཕྲུལ་བླ་མ་ལས། ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། །དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་སོ། །དེའང་སྟོང་རྐྱང་ལ་ཆོས་སྐུར་མི་འདོད་དེ། རིག་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་རོ། །ཆོས་ཉིད་ལ་ཆོས་སྐུ་འདོད་པ་ལྟར་ན་རྡོ་རྗེའི་སྐུ་སྟེ་བཤད་ཟིན་ཏོ། །གཉིས་པ་དབྱིངས་ལས་གཞན་དུ་མི་སྣང་བར་བསྟན་པ་ལ་གསུམ། དང་པོ་རྒྱལ་བ་ཁོ་ནས་སྤྱོད་ཡུལ་དུ་བསྟན་པ། དབྱིངས་ནང་གསལ་དུ་གནས་པའི་སྐུ་གསུམ་པོ་འདི་དག་ཕྱི་རོལ་ཡུལ་ལ་མི་འཇུག་ཅིང་ཕྱིར་གསལ་དུ་འཆར་བའི་རྟེན་ཡིན་པ་ཉིད་དང་། ཆད་པ་མ་ཡིན་ཏེ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཡིན་པའི་ཕྱིར། རྟག་དང་ཆད་སོགས་མུ་བཞིའི་མཐའ་ལས་འདས། །སྨྲ་བསམ་བརྗོད་མེད་ཕ་རོལ་ཕྱིན་པའི་ངང་། །སྟོང་པའི་རང་བཞིན་དམིགས་པ་རབ་ཞི་བས། །རྒྱལ་བ་རྣམས་ལས་གཞན་གྱི་སྤྱོད་ཡུལ་མིན། །དེའང་འཆར་གཞི་བྱེད་པས་ན་རྒྱས་སྲས་སར་གནས་དང་སེམས་ཅན་གྱི་ཚོགས་ལ་གཟུགས་སྐུ་མིག་ལ་སྣང་བ་སོགས་དབང་པོ་དྲུག་གི་དོན་དྲུག་ཉམས་སུ་མྱོང་བའི་རྒྱུ་བྱེད་པ་ཡང་ནང་གསལ་གྱི་ཡེ་ཤེས་ཟླ་བ་དབྱིངས་སུ་ནུབ་པ་ལྟ་བུའི་ནམ་མཁའ་བཞིན་དུ་གནས་པ་ལས་བྱུང་བས་སངས་རྒྱས་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ། །གཉིས་པ་གཟིགས་སྣང་ཀུན་ལས་འདས་པར་བསྟན་པ། དེ་ལྟར་ནང་གསལ་གྱི་དུས་སུ་ཆོས་ཉིད་ཀྱི་ཞིང་ན་སྟོན་པ་ཀུན་ཏུ་བཟང་པོ་ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ཤིན་ཏུ་སྐྱེ་མེད་ན། དུས་གསུམ་མམ་བཞིའི་རྒྱལ་བ་ཐམས་ཅད་དགོངས་པ་སྔ་ཕྱི་མེད་པར་རྟག་བཞུགས་ཀྱང་གཅིག་གི་གཅིག་མི་གཟིགས་ཏེ་ཆོས་ཉིད་ཕྱིར་དེ་ཉིད་གཟིགས་བྱ་གཟིགས་བྱེད་ཀྱི་ཡུལ་ལས་འདས་པར་རྟག་ཏུ་ལྷུན་གྱིས་གྲུབ་པས་རང་བཞིན་ཟབ་ཕྱིར་བཞུགས་ཞེས་རྒྱུད་ལས་གསུངས་པ་ཡིན་ནོ། །དེ་ཉིད་ངང་དུ་རྒྱལ་བ་རྣམས་དགོངས་ཀློང་གཅིག །བུམ་མཁའ་སྔ་ཕྱིའི་ནམ་མཁའ་གཅིག་ཏུ་འདྲེས་པ་བཞིན། ཡེ་ནས་དབྱེར་མེད་པ་ཉིད་དུ་དེར་རོ་གཅིག་ཏུ་གྱུར་ནས་ཆོས་ཉིད་དམིགས་མེད་དུ་བཞུགས་པ་ཡིན་ནོ། །གསུམ་པ་གནས་ལུགས་རྫོགས་རིམ་མཐར་ཐུག་བསྟན་པ། ཚུལ་འདི་ནི་ཆོས་ཉིད་སྟོང་པ་ཤེས་རབ་དང་། ཡེ་ཤེས་ཚོགས་དང་རྫོགས་རིམ་མཐར་ཐུག་པའོ། །དེའང་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པ་ཤེས་རབ་རྫོགས་རིམ་སྟོང་པ་ཉིད་བསྒོམས་པས་སེམས་ཉིད་ཀྱི་སྒྲིབ་པ་གསལ་བའི་ནང་གསལ་ཆོས་སྐུ་མཐའ་དབུས་མེད་པའི་དབྱིངས་རྫོགས་པར་མངོན་དུ་བྱེད་པའོ། །གཉིས་པ་རང་སྣང་ལོངས་སྐུའི་ཞིང་ཁམས་བཤད་པ་ལ། ཕུན་སུམ་ཚོགས་པ་ལྔའི་ངོ་བོ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། སྐབས་དོན་ངེས་པར་དོན་བསྡུ་བའོ། །དང་པོ་མདོར་བསྟན་ནི། ནང་གསལ་གྱི་དབྱིངས་དེ་ཉིད་ངང་ལས་ཕྱིར་གསལ་དུ་རང་སྣང་བའི་ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་སྣང་བ་ནི་རྒྱལ་ཚབ་ཀྱི་སྟོན་པ་རིགས་ལྔ་སྟེ་སྟོང་གཟུགས་ལྟར་སངས་རྒྱས་ཉིད་ཀྱི་སྣང་བ་ལས་གཞན་དང་ཐུན་མོང་མ་ཡིན་པའི་གནས་དུས་སྟོན་པ་ཆོས་འཁོར་ཕུན་ཚོགས་ལས་ཞིང་འདིའི་གཞལ་ཡས་ཁང་པ་ལ་སོགས་པ་ནི་རང་སྣང་གཞིའི་འོད་གསལ་ལས་གྲུབ་ཀྱི། ག་ཤེད་ན་རང་མཚན་པ་ཡོད་པ་མ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། གནས། དུས། སྟོན་པ། ཆོས། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་གནས་ལ་གསུམ། དང་པོ་ཞིང་དང་གཞལ་ཡས་ཁང་གི་སྣང་ཚུལ། གནས་ནི་རང་སྣང་འོད་གསལ་སྟུག་པོ་བཀོད་པའི་ཞིང་ནི། སྙིང་གའི་ཡེ་ཤེས་ཀྱི་འོད་ལྔ་རང་གསལ་བའི་གཞི་མཐར་ཐུག་པའི་ཚེ་སྣང་བ་སྟེ། ལྔ་ལྡན་འོད་ཀྱིས་ལྷུན་སྟུག་ཁ་དོག་གསལ་ཞིང་འོད་འཚེར་བ་འཇའ་ཚོན་གདངས་གསལ་ནམ་མཁའ་གང་བ་བཞིན། སྟེང་འོག་ཕྱོགས་མཚམས་ཀྱི་ནམ་མཁའི་དབྱིངས་འོད་ཁྱིམ་བཀོད་ལེགས་པས་ཁྱབ་པར་སྣང་བའི་དབུས་ན། ཡེ་ཤེས་རིན་ཆེན་པོ་ཆེའི་གཞལ་མེད་ཁང་མཛེས་འོག་གཞི་ཡེ་ཤེས་ཀྱི་འཁོར་ལོའི་སྟེང་ན་གྲུ་བཞི་སྒོ་བཞི་སྒོ་ཁྱུད་གློ་འབུར་རྟ་བབ་བང་རིམ་བཞི་དང་ལྡན་པ། རྩིག་པ་ལྔ་དང་རིན་པོ་ཆེའི་ཕ་གུ་དྲྭ་བ་དྲྭ་ཕྱེད་དང་། མདའ་ཡབ་དང་པུ་ཤུ་རྩེ་མོ་བུམ་པ་ཟླུམ་པོ་གཙང་ཁང་ཕྱུར་བུས་མཛེས་པའོ། །གཉིས་པ་བརྒྱན་དང་བཀོད་པའི་ཁྱད་པར། རིན་པོ་ཆེ་དང་དར་གྱི་འཕན་གདུགས་རྔ་ཡབ་དྲིལ་བུའི་ཕྲེང་བ་དང་། བླ་རེ་རྒྱལ་མཚན་ལ་སོགས་ནམ་མཁའ་གང་བར་བརྒྱན་ཞིང་། འདོད་ཡོན་ལྷ་མོ་མཆོད་པའི་སྤྲིན་ཕྱོགས་བཅུར་འཕྲོ་ཞིང་། དབུས་མཐིང་ག་ལ་སོགས་པའི་ཡེ་ཤེས་ཀྱི་འོད་ཟེར་འཁྱིལ་བས་ཕྱི་ནང་ཀུན་ཏུ་ཁྱབ་པ། དབུས་དང་ཕྱོགས་བཞི་སོ་སོའི་ཁ་དོག་ལ། མཐུན་པའི་བརྒྱན་དང་ཁ་དོག་རྣམ་པར་བཀྲ། ཚད་ཆེ་ཆུང་མ་ངེས་གང་བལྟས་དེ་ལྟར་སྣང་སྟེ་མཐའ་མི་མངོན་ལ། གྲངས་ནི་ཚད་མེད་ནམ་མཁའི་དབྱིངས་ཀུན་ཁྱབ། །ཇི་ལྟར་ཏིལ་གྱི་གོང་བུ་ཕྱེ་བ་བཞིན། །གསུམ་པ་གདན་ཁྲིའི་རང་བཞིན། གཞལ་ཡས་ཁང་ཀུན་གྱི་ནང་ན་མི་འཇིགས་པ་སེང་གེ། སྟོབས་གླང་ཆེན། རྫུ་འཕྲུལ་རྟ། དབང་རྨ་བྱ། ཐོགས་པ་མེད་པ་ཤང་ཤང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླ། གོས་པ་མེད་པ་པདྨས་སྤྲས་པ་སྟེ་ཡོན་ཏན་གྱི་བརྡ་དོན་དུ་མ་མཚོན་པའི་ཕྱིར་གདན་ཁྲི་དེ་དག་ཏུ་སྣང་བའོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ནི་མ་ངེས་གཞི་རྫོགས་འཕོ་འགྱུར་མེད། །དུས་གསུམ་དུས་མེད་ཀུན་ཏུ་བཟང་པོའི་དུས། །ཐམས་ཅད་མཉམ་རྫོགས་ཆོས་ཉིད་གདལ་བ་ཆེ། །རང་བཞིན་གདོད་ནས་དག་པའི་ངང་ཉིད་དོ། །སྟེ་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་སྤྲོས་པ་དང་བྲལ་བ་དུས་གསུམ་འཕོ་འགྱུར་མེད་པ་ཀུན་དུ་བཟང་པོའི་དུས་རང་བཞིན་རྫོགས་པ་ཆེན་པོའི་ངང་སྟེ་མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོགས་པར་གནས་། །ཞེས་པའི་དུས་སོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། སྟོན་པ་མཚན་རྫོགས་དཔེེ་བྱད་འབར་བའི་སྐུ། །རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་ལྔ་པོ་ལྔ་ལྔས་བསྐོར་བ་ལ། །ནམ་མཁའ་དབྱིངས་ཕྱུག་རྡོ་རྗེ་མཱ་མ་ཀཱི། །སངས་རྒྱས་སྤྱན་དང་གོས་དཀར་དམ་ཚིག་སྒྲོལ། །ཡབ་ཡུམ་མཉམ་སྦྱོར་སོ་སོའི་རྒྱན་རྣམས་རྫོགས། །མཐིང་ག་དཀར་སེར་དམར་ལྗང་འོད་ཟེར་འཕྲོ། །འོག་གཞི་ཞི་བ་སྟེང་གཞིི་ཁྲོ་བོའི་ཚུལ། །བུདྡྷ་བཛྲ་རཏྣ་པདྨ་ཀར། །ཧེ་རུ་ཀ་དཔལ་ལྔ་ལྔས་བསྐོར་བ་ཡང་། །ཀྲོ་ངྷཱིི་ཤྭ་རི་ལྔ་དང་མཉམ་པར་སྦྱོར། །དེ་སོགས་རྣམ་པ་བརྗོད་ཀྱིས་མི་ལང་ངོ་། །སྟེ་ཞི་བའི་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་གཙོ་བོ་རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་ཡང་མཉེན་དང་ལྕུགས་སོགས་ཚུལ་དགུས་འོག་གཞི་ལ་མཚན་དང་དཔེ་བྱད་འབར་བར་བཞུགས་སོ། །སྟེང་གཞི་ལ་ཁྲོ་བོ་རིགས་ལྔ་ཡང་སྒེག་པ་དཔའ་བ་སོགས་ཚུལ་དགུས་བཞུགས་སོ། །ཁྲོ་དཀྱིལ་གདན་དང་བཅས་པ། རྔམ་གློག་ལས་གསུངས་པ་བཞིན་ནོ། །དེ་སོགས་ཞི་ཁྲོའི་དཀྱིལ་འཁོར་ནི་ནམ་མཁའི་མཐའ་དང་མཉམ་པ་ཀུན་ཏུ་ཁྱབ་པས་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པའོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། ཆོས་ནི་རང་བཞིན་རྫོགས་པ་ཆེན་པོའི་ངང་། །སྨྲ་བསམ་བརྗོད་དུ་མེད་པའི་ཀློང་ཉིད་དོ། །སྟེ་སྣང་བ་དེའི་ཚེ་གཅིག་དང་དུ་མ་མེད་པའི་ཆོས་ཕུན་སུམ་ཚོགས་པ་བརྗོད་དུ་མེད་པའོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས། དང་པོ་ཞི་བའི་འཁོར་ནི། རང་སྣང་ལོངས་སྐུའི་ཞིང་ན་གཙོ་འཁོར་དུ་སྣང་ཡང་བཟང་ངན་མེད་པས་ཡེ་ཤེས་གཅིག་གི་རོལ་བར་རང་ཤར་བ་སྟེ། འཁོར་ནི་ཉིད་ལས་མི་གཞན་རང་སྣང་འཁོར། །སེམས་དཔའ་བརྒྱད་དང་དེ་བཞིན་སེམས་མ་བརྒྱད། །སྒོ་བ་བཞི་དང་སྒོ་མ་རྣམ་པ་བཞི། །ཞི་བ་རང་བཞིན་བཞི་བཅུ་རྩ་གཉིས་ལས། ཐུབ་པ་དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པ་སྟེ་འདིར་མི་སྣང་ངོ་། །ཀུན་བཟང་ཡབ་ཡུམ་གཉིས་ནི་ནང་གསལ་ཆོས་སྐུའི་སྟོན་པར་དབྱིངས་ན་གནས་ཕྱིར་ཆོས་ཀྱི་སྐུ་རུ་བཞུགས་པས་འདིར་མི་སྣང་ངོ་། །གཙོ་བོ་རྣམ་སྣང་ཡབ་ཡུམ་དུ་བྱས་དུས་རིགས་བཞི་ཡབ་ཡུམ་བརྒྱད་བཅས། རང་སྣང་ཞི་བ་ལོངས་སྐུ་སུམ་ཅུ་རྩ་བཞི་ནི་འཁོར་དང་། གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུར་བྱས་ན་ཁྱད་པར་འཁོར་ནི་ཉི་ཤུ་བཞིར་གནས་སོ། །གཉིས་པ་ཁྲོ་བའི་འཁོར་ནི། དེ་བཞིན་ཏུ་སྟེང་གཞིར་ཁྲོ་བོའི་འཁོར་ནི་ཀོ་སིང་ཕྲ་མེན་བརྒྱད། སྒོ་སྐྱོང་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད། །ཁྲོ་བོ་རང་བཞིན་ལྔ་བཅུ་རྩ་བརྒྱད་ལས། གཙོ་བོ་ཡབ་ཡུམ་བཅུར་བྱས་ན། ཁྱད་པར་འཁོར་ནི་བཞི་བཅུ་བརྒྱད་དང་བཅས་ཏེ། བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་གཉིས་བྱས་ན་ལྔ་བཅུ་རྩ་དྲུག་འཁོར་དུ་རང་སྣང་བ་ཐམས་ཅད་ཀྱང་། འབར་བའི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །ཤིན་ཏུ་མི་བཟད་གར་དགུས་རོལ་བར་བཞུགས་པའོ། །གསུམ་པ་དོན་བསྡུ་བ་ལ་བཞི། དང་པོ་དཀྱིལ་འཁོར་གཞན་ཡང་ཚུལ་འདིས་དཔག་པ། དེ་ལྟར་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བཀོད་པ་ལས་ཚུལ་གཞན་ཡང་གསང་འདུས། ཀྱེ་རྡོར། འཁོར་ལོ་བདེ་མཆོག་ལ་སོགས་པའི་རྒྱུད་བླ་ན་མེད་པ་ལས། ལུས་གྲུབ་དཀྱིལ་འཁོར་ཇི་སྙེད་གསུངས་པ། དེ་སྙེད་རང་སྣང་ལོངས་སྐུའི་ཞིང་ཁམས་ཡིན་གྱི་གཞན་ལ་སྣང་བ་མ་ཡིན་ནོ། །གཞན་སྣང་གདུལ་བྱའི་ཞི་ཁྲོ་ཇི་སྙེད་པ། སྤྲུལ་སྐུས་{ སྐུའི་}བསྡུས་ཕྱིར་རང་སྣང་ལོངས་སྐུ་མིན། །སྟེ་གདུལ་བྱའི་རང་སྣང་ཡིན་པའི་ཕྱིར་རྨི་ལམ་བཞིན་ནོ། །གཉིས་པ་བདེ་གཤེགས་ལོངས་སྐུའི་སྣང་བ་བསྟན་པ། དེ་ལྟར་ཡེ་ཤེས་ཕྱིར་གསལ་དུ་སྣང་བའི་ཕུན་སུམ་ཚོགས་པ་རྣམ་ལྔའི་ཞིང་། ཐམས་ཅད་རང་སྣང་ཡིན་ཕྱིར་བཟང་ངན་མེད། །དེ་དག་ཀུན་ཀྱང་གསལ་འཚེར་ལྷུན་སྟུག་འོད་ཟེར་འཕྲོ། ཐུགས་རྣམ་པར་མི་རྟོག་པས་ལྷམ་མེ་བ་གསུང་བརྗོད་བྲལ་ཆེན་པོས་ལྷན་ནེ་བ་སྐུ་གཟི་བརྗིད་ཆེན་པོས་ལྷང་ངེའི་ཚུལ་གྱིས་བཞུགས་སོ། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། འདི་དག་ཕྱིར་སྣང་དུ་མཐོང་བ་དག་པའི་སྤྱན་གྱི་དཀྱིལ་འཁོར་ལ་རང་སྣང་བའི་ཕྱིར། སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་སྒྲིབ་པ་མེད་པར་གཟིགས་པས་དེ་ཡི་ཡོན་ཏན་དང་བསྔགས་པ་བརྗོད་རེས་མཛད་དོ། །གསུམ་པ་གདུལ་བྱའི་སྣང་ཡུལ་མིན་པར་བསྟན་པ། དེ་ལྟར་ཡིད་འོང་ཀུན་ནས་བཀོད་པའི་ཞིང་སངས་རྒྱས་རང་སྣང་གི་ལོངས་སྐུ་འདི་ཉིད་ས་དང་པོ་ནས་བཅུ་པའི་བར་གྱི་དག་པའི་གདུལ་བྱ་ཡིས་ཀྱང་མཐོང་མི་ནུས་ཏེ། ད་དུང་སྒྲིབ་པ་མཐའ་དག་དང་མ་བྲལ་བའི་ཕྱིར་རོ། །བཞི་པ་དུས་གསུམ་རྒྱལ་བའི་རང་སྣང་དུ་བསྟན་པ། འོ་ན་སུ་ཡི་ཡུལ་ཡིན་ཞེ་ན། རྣལ་འབྱོར་པ་ལ་རང་སྣང་སྟོང་གཟུགས་སྣང་ཡང་གཞན་གྱིས་མི་མཐོང་བ་བཞིན་དུ་ལོངས་སྐུའི་ཞིང་ཁམས་བསམ་མི་ཁྱབ་པ། དུས་གསུམ་རྒྱལ་བ་རྣམས་ཀྱི་རང་སྣང་ངོ་། །སྟེ་ལྷུན་གྱིས་གྲུབ་པའི་དབྱིངས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ཕྱིར་སྣང་སྤྲུལ་སྐུའི་རབ་ཏུ་དབྱེ་བ་ལ་གཉིས། དང་པོ་མདོར་བསྟན་ནི། རང་སྣང་ལོངས་སྐུའི་ཞིང་དེ་ཉིད་ངང་ལས་གདུལ་བྱའི་འཇིག་རྟེན་དུ། འདུལ་བྱེད་སྟོན་པ་རིམ་གྱིས་སྣང་བ་ནི། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་པའི་སྐུ། །རྣམ་པ་གསུམ་གྱིས་འགྲོ་བའི་དོན་མཛད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། རང་བཞིན་སྤྲུལ་སྐུ། འགྲོ་འདུལ་སྤྲུལ་སྐུ། སྣ་ཚོགས་སྤྲུལ་སྐུའོ། དང་པོ་རང་བཞིན་སྤྲུལ་སྐུ་ལ་གསུམ། འདུལ་བྱེད་སྟོན་པའི་རང་བཞིན་སྤྱིིར་བསྟན། འཁོར་དུས་རིགས་ལྔའི་རང་བཞིན་བྱེ་བྲག་ཏུ་བཤད། གནས་སྐབས་ངེས་པའི་རང་བཞིན་དོན་བསྡུ་བའོ། །དང་པོ་འདུལ་བྱེད་སྟོན་པའི་རང་བཞིན་ལ་གཉིས། རྟེན་སྐུའི་སྣང་ཚུལ་དང་། བརྟེན་པ་ཡེ་ཤེས་ཀྱི་སྣང་ཚུལ་ལོ། །དང་པོ་སྐུའི་སྣང་ཚུལ་ནི། བྱང་སེམས་རྣམས་ལ་སྣང་བ་གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི་རང་སྣང་ལོངས་སྐུ་དང་ཆ་འདྲ་ལ་དངོས་མ་ཡིན་པ་བཞིན་དང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྟེ་ཕུན་སུམ་ཚོགས་པ་ལྔས་བཤད་པར་བྱ་བའི་ཚུལ་ལས། དེ་ཡང་རང་བཞིན་སྤྲུལ་སྐུའི་སྟོན་པ་ནི། །དབུས་འོག་མིན་ཤར་མངོན་དགའ་ལྷོ་དཔལ་ལྡན་ནུབ་པདྨ་བརྩེགས། བྱང་ལས་རབ་གྲུབ་པའི་འཇིག་རྟེན་རྣམ་པ་ལྔར། སྟོན་པ་རྣམ་སྣང་མི་བསྐྱོད་ལ་སོགས་རིགས་ལྔའི་སྐུ་སྟེ་རིན་འབྱུང་། འོད་དཔག་མེད། དོན་གྲུབ་རྣམས་མཚན་དང་དཔེ་བྱད་འོད་ཟེར་འབར་བ་ལ། ཞི་དང་ཁྲོ་ཚུལ་དཔག་མེད་ཚུལ་འཆང་བས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད། །དེའང་དག་དབྱིངས་ལོངས་སྐུ་སངས་རྒྱས་ཀྱིས་མཐོང་བ་དང་གཟུགས་བརྙན་ལོངས་སྐུ་སེམས་དཔས་མཐོང་བ་གཉིས་སོ། །ཞར་ལ་མཆོག་གི་སྤྲུལ་པ་མཚན་དཔེས་བརྒྱན་པ་ཡང་དེའི་ཆ་མཐུན་ཡིན་པས་སོ་སོའི་སྐྱེ་བོ་ལ་སོགས་པས་མཐོང་བ་ལ་སྦྱར་བ་ཡིན་ནོ། །གཉིས་པ་ཡེ་ཤེས་ཀྱི་གནས་ཚུལ་ལ་གཉིས། དང་པོ་མདོར་བསྟན་པ་ནི། ལོངས་སྐུ་ལྔ་པོ་དེ་ཡང་ཡེ་ཤེས་ལྔ་ལྔའི་རང་བཞིན་ཏེ་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་ལྡན་པ། འདི་ལྟར་རྣམ་སྣང་ལ་ཆོས་དབྱིངས་ཡེ་ཤེས། མི་བསྐྱོད་པ་ལ་མེ་ལོང་། རིན་འབྱུང་ལ་མཉམ་ཉིད། སྣང་མཐའ་ལ་སོ་སོར་རྟོག དོན་གྲུབ་ལ་བྱ་གྲུབ་ཡེ་ཤེས་རྣམ་པ་ལྔ་པོ་ཡང་། རེ་རེའི་འཁོར་དུ་གཞན་བཞི་བཞི་ལྡན་པ་སྟེ། དེ་ཐམས་ཅད་རོ་མཉམ་རང་བཞིན་གཅིག་གི་ངང་ལས་མ་གཡོས་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། ཆོས་དབྱིངས་ཡེ་ཤེས་ཤིན་ཏུ་མི་གཡོ་བར། གཟུང་འཛིན་སྤྲོས་པའི་མཐའ་ལས་འདས་པ་ཡིན་ཏེ་གཏི་མུག་དབྱིངས་སུ་ཞི་བས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཡེ་ཤེས་སོ། །གཉིས་པ་མེ་ལོང་ཡེ་ཤེས། མེ་ལོང་ཡེ་ཤེས་སྟོང་གསལ་འཆར་གཞིའི་ཚུལ། ཡེ་ཤེས་ཀུན་གྱི་འབྱུང་གནས་ཆེན་པོ་ཡིན་ཏེ། ཀུན་གཞིའི་རྣམ་ཤེས་གཞན་གྱི་འཆར་གཞི་དབྱིངས་སུ་ནུབ་པ་ལས་ཡེ་ཤེས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་པ་མེ་ལོང་དག་པའི་ངོས་ལྟ་བུ་གཟུང་འཛིན་གྱི་དྲི་མ་མེད་པའོ། །གསུམ་པ་མཉམ་ཉིད་ཡེ་ཤེས། མཉམ་ཉིད་ཡེ་ཤེས་ཆོས་ཀུན་མཉམ་པའི་ངང་། འཁོར་འདས་གཉིས་མེད་མཉམ་རྫོགས་ཆེན་པོ་ཡིན་ཏེ། ང་རྒྱལ་དབྱིངས་སུ་ཞི་བས་བདག་གཞན་མཉམ་པ་ཉིད་དུ་མཁྱེན་ཅིང་འཁོར་འདས་གཉིས་སུ་མེད་པའོ། །བཞི་པ་སོ་སོར་རྟོག་པའི་ཡེ་ཤེས། ཀུན་རྟོག་ཡེ་ཤེས་ཤེས་བྱ་མ་འདྲེས་མཁྱེན། ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་ཡིན་ཏེ། འདོད་ཆགས་དབྱིངས་སུ་ནུབ་པས་སོར་རྟོག་ཡེ་ཤེས་ཤེས་བྱ་ཇི་ལྟ་ཇི་སྙེད་པ་ཐམས་ཅད་མཁྱེན་པའོ། །ལྔ་པ་བྱ་གྲུབ་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཕྲིན་ལས་ཕུན་སུམ་ཚོགས། ཤེས་བྱ་ཀུན་ལ་རྟག་ཐོགས་མེད་པ་ཡིན་ཏེ། ཕྲག་དོག་དབྱིངས་སུ་ནུབ་པས་འགྲོ་བའི་དོན་མཛད་པ་ཐོགས་པ་མེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ། །གཉིས་པ་འཁོར་དུས་རིགས་ལྔའི་རང་བཞིན་ལ་བདུན། དང་པོ་འཁོར་གྱི་སྒྲིབ་པ་སྦྱོང་ཚུལ། གདུལ་བྱའི་འཁོར་ཕུན་ཚོགས་ནི་ས་བཅུའི་སེམས་དཔལ་ལ། དེའང་ཆོས་ཕུན་ཚོགས་ནི་ཐེག་པ་ཆེན་པོ་ཏིང་འཛིན་འོད་ཟེར་རབ་བཀྱེ་བས་སྣང་བར་མཛད་དེ། མེ་ལོང་ལ་བལྟས་པར་བྱད་ཀྱི་དྲི་མ་སེལ་བ་ལྟར། སེམས་དཔའ་དེས་སྟོན་པ་ལོངས་སྐུ་ལ་བལྟས་པས་རང་གི་ས་དེའི་སྒྲིབ་པ་མཚང་སྟེ་སྦྱོང་བའི་བློ་སྐྱེས་ནས། །སེར་སྣ་ལ་སོགས་སྤངས་ཏེ་རྒྱལ་ལ་བལྟ་ཞིང་། ད་དུང་དེ་འདྲའི་སྟོན་པ་རྣམ་དག་དང་། བདག་ཉིད་མ་དག་པས་ཁྱད་ཞུགས་པར་མཐོང་ནས་སྒྲིབ་པ་སྦྱོང་བར་བྱས་ཏེ། ཀུན་ཏུ་འོད་ཀྱི་བར་དུ་འགོད་པ་སྟེ། གཟུགས་བཟང་མེ་ལོང་བསྟན་པས་དོན་མཛད་དོ། །གཉིས་པ་རྟག་ཏུ་གཞན་དོན་མཛད་ཚུལ། དུས་ནི་འགྲོ་གྲོལ་བར་དུ་རྒྱུན་མི་འཆད། །ལོངས་སྐུའི་ཞིང་ན་འཁོར་མོར་སྣང་བ་ཡིན་ཏེ། ས་བཅུའི་བྱང་སེམས་རྣམས་བྱང་ཆུབ་མ་ཐོབ་པ་དེ་སྲིད་དུ་བཞུགས་པས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དུས་ཏེ་རྟག་པ་རྒྱུན་གྱི་འཁོར་མོར་བཞུགས་པའོ། །གསུམ་པ་རིགས་ལྔར་འཐད་པ་རང་བཞིན། ཚུལ་དེ་ལྟར་རིགས་ལྔར་ངེས་པའི་རང་བཞིན་ཡང་། བྱང་སེམས་རྣམས་ཀྱང་ཡེ་ཤེས་ལྔ་དང་སྐུ་ལྔ་ཐོབ་པར་བྱེད་ཅིང་ཉོན་མོངས་པ་ལྔ་སྦྱོང་བའི་རིམ་པས་སྟོན་པ་དང་ཞིང་དང་ཆོས་སོགས་ལྔར་སྣང་བ་ལས། གདུལ་བྱ་གཏི་མུག་ཤས་ཆེར་སྦྱོང་བའི་ཚེ། ཞིང་ནི་འོག་མིན་སྟོན་པ་རྣམ་སྣང་ལ། ཆོས་ནི་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག་པ་འོག་མིན་ཏུ་ཐོས་པའོ། །བཞི་པ་དེའི་ཁྱད་པར་སྣང་ཚུལ། ཚུལ་དེ་བཞིན་ཞེ་སྡང་སྦྱང་ཕྱིར་མི་བསྐྱོད་པས་མེ་ལོང་ཡེ་ཤེས་ཀྱི་ཆོས་སྟོན་པ་མངོན་དགའི་ཞིང་དང་། ང་རྒྱལ་ལ་རིན་འབྱུང་གིས་མཉམ་ཉིད། འདོད་ཆགས་ལ་འོད་དཔག་མེད་ཀྱིས་སོར་རྟོག ཕྲག་དོག་སྦྱང་ཕྱིར་དོན་གྲུབ་ཀྱིས་བྱ་གྲུབ་ཡེ་ཤེས་ཀྱི་ཆོས་སྟོན་པར་སྣང་བ་ཡིན་ནོ། །ལྔ་པ་ཕྱེད་སྣང་སྤྲུལ་སྐུའི་ངེས་ཚིག དེ་ལྟར་ལོངས་སྐུའི་གཟུགས་བརྙན་སྟོན་པ་ལོངས་སྤྱོད་རྫོགས་པར་སྣང་ན་ཡང་འཁོར་དང་ཞིང་སོགས་སྟོན་པ་ཉིད་ལས་གཞན་དུ་སྣང་ཞིང་ས་བཅུའི་སྣང་བས་བསྡུས་པ་ཡིན་པས་ཕྱེད་སྤྲུལ་ལོངས་སྐུ་ཞེས་བྱ་བར་ཉི་ཟླ་ཁ་སྦྱོར་ལ་སོགས་པའི་རྒྱུད་ལས་གསུངས་སོ། །ཞིང་འདི་ཡང་ས་བཅུའི་བྱང་སེམས་ལས་གཞན་ལ་མི་སྣང་བའི་ཕྱིར་ཡང་ཕྱེད་སྤྲུལ་ཞེས་བྱ་ལ། ཐམས་ཅད་ལོངས་སྤྱོད་རྫོགས་སྐུར་སྣང་ཡང་དངོས་རང་སྣང་ལས་གཞན་མིན་པས་དེ་ཡི་གཟུགས་བརྙན་བྱེད་པ་ལྟར་སྣང་བའི་ཕྱིར་ནའང་ཕྱེད་སྤྲུལ་ཉིད་དེ་རང་སྣང་གི་རང་བཞིན་འཕྲུལ་མས་རང་བཞིན་སྤྲུལ་པའི་སྐུ་ཞེས་ཀྱང་བཤད་དོ། །དག་པའི་འགྲོ་བ་རྣམས་ལ་སྣང་བ་ཡིན། །སར་གནས་རྣམས་ལས་གདུལ་བྱ་གཞན་ལ་མིན། །དེ་ཕྱིར་ཕྱེད་སྣང་སྤྲུལ་པའི་སྐུ་ཞེས་བྱ། །དྲུག་པ་ཞིང་ཁམས་དེའི་སྣང་ཚུལ། དེ་ལྟ་བུའི་རིགས་ལྔའི་ཞིང་དེ་ཁོད་མཉམ་ཡིད་འོང་གཞ ལ་མེད་ཁང་། རིན་ཆེན་བདུན་ལྡན་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་དྲྭ་བས་བརྒྱན་པ་དང་། པདྨ་ལས་སྐྱེས་རྒྱལ་སྲས་དཔག་ཏུ་མེད། གང་ཅི་འདོད་པའི་ལོངས་སྤྱོད་སྣ་ཚོགས་འདོད་དགུའི་ཆར་པ་ནམ་མཁའ་ལས་འབབ་པ་ལ་སོགས་པ་དང་དུས་བཞིར་ཆོས་གསུངས་དྲི་མེད་གཡེར་ཁའི་སྒྲ། དཔག་བསམ་རིན་ཆེན་ཆུ་མཚོས་རབ་ཏུ་མཛེས་པ་སྟེ། ཏ་ལའི་ལྗོན་པར་དྲིལ་བུ་དང་གཡེར་ཁ་ཚར་དུ་སྦྲེང་{ བསྒྲེང་} བ་ལས་རྣམ་ཐར་སྒོ་གསུམ་ལ་སོགས་པའི་ཆོས་ཀྱི་སྒྲས་ཉོན་མོངས་པའི་གནོད་པ་ཞི་བར་བྱེད་པ་རྣམས་རང་འབྱུང་བ། རྫིང་བུ་ཡན་ལག་བརྒྱད་ལྡན་སྤྲུལ་པའི་བྱ་ཚོགས་སྣ་ཚོགས་བརྩེ་བ་ལས་ཉོན་མོངས་པས་གདུང་བ་སེལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པར་སྣང་བ་འདི་ནི་ཞི་བ་རང་བཞིན་སྤྲུལ་པ་ཡིན་ནོ། །དེ་དག་ཀྱང་རང་སེམས་དག་པའི་སྣང་བ་ཙམ་ལས་ལོགས་ཤིག་ཏུ་བགྲོད་ནས་ཕྱིན་དུ་ཡོད་པ་མ་ཡིན་ཏེ། རྨི་ལམ་ལྟར་བྱང་སེམས་རྣམས་ལ་རང་སྣང་བ་ནི་སངས་རྒྱས་ཀྱི་ཕྱེད་སྤྲུལ་དང་ཐུན་མོང་དུ་སྤྱོད་པ་མཐུན་པར་སྣང་བའོ། །བདུན་པ་མཁའ་སྤྱོད་ཚུལ་འདིར་བསྡུ་ཚུལ། ཞི་བ་རང་བཞིན་སྤྲུལ་པའི་སྐུ་བྱང་སེམས་སར་བཞུགས་རྣམས་ལ་སྣང་བ། དེ་བཞིན་ཁྲོ་ཚུལ་དཀྱིལ་འཁོར་དཔག་ཏུ་མེད། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་མཁའ་སྤྱོད་གནས། ནང་གསལ་ལས་རང་སྣང་ཕྱིར་གསལ་དུ་བཞེངས་པ། ཧེ་རུ་ཀ་དཔལ་རིགས་ལྔའི་ཞིང་ཁམས་ཉིད་ལས་ཟླ་བའི་གཟུགས་བརྙན་ཆུར་སྣང་བ་བཞིན་གསང་སྔགས་ཀྱི་རིག་པ་འཛིན་པའི་གྲུབ་པ་ཚེ་དབང་དང་ཕྱག་ཆེན་རིག་འཛིན་རྣམས་ལ། དུག་ལྔ་སྦྱོང་བའི་ཕྱིར་སྐུ་ལྔ་དང་ཡེ་ཤེས་ལྔའི་ཆོས་རང་བྱུང་དུ་རབ་ཏུ་སྣང་བ་ཡིན་པ་ལས། གཏི་མུག་འདུལ་བའི་ཚེ་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་བུདྡྷ་ཧེ་རུ་ཀའི་དཀྱིལ་འཁོར་འོག་མིན་དུ་གསལ་ཞིང་། དེར་བགྲོད་ནས་མཁའ་འགྲོ་དང་རྣལ་འབྱོར་དབང་ཕྱུག་རིག་པ་འཛིན་པ་གཞན་རྣམས་དང་སྐལ་བ་གཅིག་པས་སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད་པའོ། །དེ་བཞིན་དུ་རྡོ་རྗེའི་ཞིང་ན་བཛྲ། རིན་པོ་ཆེའི་ཞིང་ན་རཏྣ། པདྨ་ཞིང་ན་པདྨ། ལས་ཀྱི་ཞིང་ན་ཀརྨ་ཧེ་རུ་ཀའི་དཀྱིལ་འཁོར་དང་ཞིང་གི་བཀོད་པ་དང་། མཁའ་འགྲོ་གྲུབ་པ་ཅན་གྱི་གྲོགས་དང་རྣལ་འབྱོར་མའི་ཚོགས་དང་སྐལ་བ་མཉམ་ཞིང་སྡོང་གྲོགས་བྱེད་པས་འཆི་ཁར་ཞིང་དེར་གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས་བསུ་ཞིང་རིག་འཛིན་གྱི་བླ་མ་རྣམས་ཀྱིས་གཟིགས་ནས་དྲངས་ཏེ་རིག་འཛིན་གྱི་གྲལ་ལ་འཇོག་པའི་གནས་ལྔ་པོ་འདི་ནི་དེང་སང་བདེ་ཆེན་མཁའ་སྤྱོད་ཅེས། མཁས་གྲུབ་རྣམས་ལ་རབ་ཏུ་གྲགས་པ་ཡིན་ཏེ་ས་ཐོབ་རྣམས་དང་སྐལ་བ་མཚུངས་པའི་ཞིང་དང་། ཆོས་དང་། སྟོན་པ་དང་། གྲོགས་སུ་གཅིག་པས་རང་རང་གི་ལྟ་བ་དང་ཏིང་ངེ་འཛིན་གྱི་དངོས་གྲུབ་ཅན་གང་ན་སྤྱོད་པ་ལས་གཞན་ཞིག་ཏུ་བསམ་པར་མི་བྱའོ། །འདི་ཉིད་དུ་ལམ་སྦྱོང་བའི་རིག་པ་འཛིན་པ་རྡོ་རྗེའི་བླ་མ་རྣམས་བཞུགས་སོ་ཞེས་གྲགས་པ་ཡིན་ནོ། །གཉིས་པ་འགྲོ་འདུལ་སྤྲུལ་སྐུ་ལ་གསུམ། འགྲོ་འདུལ་སྤྲུལ་པའི་རང་བཞིན་བསྟན་པ། དེ་ལ་བརྟེན་པའི་ཡེ་ཤེས་བསྟན་པ། དེ་ཉིད་ངེས་པའི་རྒྱུ་མཚན་བསྟན་པའོ། །དང་པོ་འགྲོ་འདུལ་སྤྲུལ་པའི་རང་བཞིན་བསྟན་པ་ལ་གསུམ། དང་པོ་ཐུབ་པ་དྲུག་གི་རང་བཞིན་བསྟན་པ། འོག་མིན་གྱི་ལོངས་སྐུའི་གནས་དྲུག་ནས་འོད་ཟེར་དྲུག་འགྲོ་དྲུག་གི་གནས་སུ་འཕྲོས་པའི་རྩེ་མོ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་སོ་སོའི་སྟོན་པར་སྣང་བས་དོན་མཛད་པ། དེ་ཉིད་ངང་ལས་འགྲོ་འདུལ་སྤྲུལ་པའི་སྐུ། །འགྲོ་དྲུག་གནས་སུ་རང་རང་སྟོན་པར་སྣང་། །དེ་ཡང་ལྷའི་གནས་སུ་བརྒྱ་བྱིན་ལ་སོགས་པ་ལྷའི་ཐུབ་པ་དང་། ལྷ་མིན་གནས་སུ་ཐགས་བཟང་རིས་དང་ནི། མི་ཡི་གནས་སུ་ཤཀྱ་ཐུབ་པ་ཆེན་པོ། དུད་འགྲོའི་གནས་སུ་སེངྒེ་རབ་བརྟན་དང་། ཡི་དྭགས་གནས་སུ་ཁ་འབར་དེ་བ། དམྱལ་གནས་སུ་ཨ་བ་གླང་མགོ་ལ་སོགས་པ་སྟེ། ཐུབ་པ་དྲུག་གིས་ཕྱོགས་བཅུའི་ཞིང་རྣམས་སུ། འགྲོ་བ་དྲུག་གི་རྒྱུད་དྲུག་སོ་སོར་སྦྱོང་བའི་དོན་མཛད་པའོ། །གཉིས་པ་རེ་རེའང་དཔག་མེད་མཐའ་ཡས་པར་བསྟན་པ། ཐུབ་པ་དྲུག་ཅེས་སྨོས་པ་ནི་སེམས་ཅན་གྱི་རིག་དྲུག་ཏུ་འདུས་པ་འདུལ་བ་ལ་དགོངས་ཏེ། དེ་ཡང་བརྒྱ་བྱིན་ལ་སོགས་པ་གཙོ་བོའི་གྲངས་ཏེ་མཚོན་པ་ཙམ་སྟེ་དབྱིངས་ལས་སྤྲུལ་པ་དང་། སྤྲུལ་པ་དེས་ཀྱང་། ཡང་སྤྲུལ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ་ཚད་མེད་པས་ལྷ་ཡི་གནས་སུའང་རྒྱལ་ཆེན་བཞི་ནས་གནས་རིས་སོ་སོ་རུ། ཚངས་དང་དབང་ཕྱུག་འོག་མིན་བར་སྙེད་ཏུ་རང་རང་འདུལ་བྱེད་སྟོན་པའི་ཚུལ་རྣམས་སྣང་ནས་དོན་མཛད་པའོ། །གསུམ་པ་དེའི་རྒྱུ་མཚན་འཐད་པ་འགོད་པ། དེ་བཞིན་དུ་མི་ལའང་ཐུབ་པ་གཅིག་པུར་མ་ཟད་དེ། རྒྱལ་རིགས་དང་། བྲམ་ཟེ་དང་། བུད་མེད་ལ་སོགས་པ་གང་འདུལ་དེ་ལ་དེར་སྣང་སྟེ་འདུལ་ཞིང་། ཐུབ་པ་གཅིག་པུས་ཀྱང་། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །རྒྱལ་པོ་ལ་སོགས་པར་སྤྲུལ་ནས་མི་རྣམས་འདུལ་བའི་དོན་མཛད་པ་བཞིན་ནོ། །དེ་བཞིན་ལྷ་མིན་གནས་སུའང་སོ་སོའི་འདུལ་བྱེད་དང་། དུད་འགྲོའི་རིས་སུའང་བྱ་ལ་བྱར་སྣང་ཞིང་། །རི་དྭགས་རྣམས་ལ་སེངྒེ་མཆོག་ལ་སོགས། །སོ་སོའི་འདུལ་བྱེད་སྟོན་པ་བསམ་མི་ཁྱབ། །དེ་བཞིན་ཡི་དྭགས་དམྱལ་བའི་འཇིག་རྟེན་དུ། །རང་རང་མཐུན་པའི་གཟུགས་གྱིས་དོན་མཛད་དོ། །དེ་ཡང་ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ་འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཞེས་པ་ནས། དགེ་སྦྱོང་དང་། བྲམ་ཟེ་དང་། ཡི་དྭགས་དང་དམྱལ་བའི་གཟུགས་ཀྱིས་འདུལ་བ་རྣམས་ལ་ཡང་དེའི་གཟུགས་སུ་སྤྲུལ་ཞིང་དོན་མཛད་དོ། །ཞེས་སོ། །གཉིས་པ་དེ་ལ་བརྟེན་པའི་ཡེ་ཤེས་ལ་གཉིས། དང་པོ་ཡེ་ཤེས་ཀྱི་ངོ་བོ་བསྟན་པ། དེ་ལྟར་འགྲོ་འདུལ་རྣམས་ལ་ཡེ་ཤེས་གཉིས། །ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་པ་སྟེ། །ཆོས་ཉིད་དང་ནི་ཆོས་ཅན་མ་འདྲེས་པར། །སོ་སོར་མཁྱེན་ནས་གདུལ་བྱའི་དོན་གཉིས་མཛད་སྟེ། འགྲོ་བ་འདུལ་བ་དང་། མཆོག་གི་སྤྲུལ་པའི་ཡེ་ཤེས་ནི། ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་དང་། ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པ་སྟེ། གཉིས་པ་ཡེ་ཤེས་གཉིས་ཀྱི་དབྱེ་བ་བསྟན་པ། འདི་ལྟར་ཇི་ལྟའི་ཡེ་ཤེས་ཆོས་ཉིད་སྟོང་པའི་ངོ་བོ་ཉིད་དངོས་མཁྱེན་ནས། འགྲོ་བ་རྣམས་ལ་རང་བཞིན་གྱིས་མ་སྐྱེས་པས་ཉེ་བར་ཞི་བའི་ཆོས་སྟོན་ཅིང་། ཇི་སྙེད་ཡེ་ཤེས་གདུལ་བྱའི་སེམས་དང་དབང་པོ་དང་བག་ཉལ་སོགས། མ་འདྲེས་མཁྱེན་ནས་དེ་དང་མཐུན་པའི་ཆོས་ཚུལ་བསམ་ཡས་སྟོན་པའོ། །གསུམ་པ་དེ་ཉིད་ངེས་པའི་རྒྱུ་མཚན་བསྟན་པ་ལ་གསུམ། དང་པོ་མ་དག་གདུལ་བྱའི་སྟོན་པར་བསྟན་པ། དེ་ལྟར་ཐུབ་པ་དྲུག་འདི་ནི་མ་དག་འགྲོ་ལ་སྣང་བ་སྟེ། དེ་ཡང་སྤྲུལ་སྐུའི་གནས་སམ་ཞིང་ནི་འགྲོ་དྲུག་གི་སྣང་བའི་འཇིག་རྟེན་དྲུག་རྣམས་སུ། སྟོན་པ་འགྲོ་འདུལ་དེའི་རང་གི་སྣང་བ་དང་མཐུན་པ་ཡིས། ཆོས་ནི་སེམས་ཅན་གྱི་བློ་རྟོག་དང་དབང་པོ་ཐ་དད་པའི་དབང་གིས་མ་ངེས་ཐེག་པ་སྣ་ཚོགས་ཉིད། དུས་ནི་གདུལ་བྱའི་སྐལ་བར་མཚུངས་པར་སྣང་བ་སྟེ་སྟོན་པ་གནས་དང་འཁོར་རྣམས་ཚོགས་པའི་དུས་དེར་གསུངས་སོ། །གཉིས་པ་འགྲོ་སེམས་མཐུན་པའི་ལས་སྣང་དུ་བསྟན་པ། ཚུལ་དེ་ལྟར་འགྲོ་དྲུག་འཇིག་རྟེན་དྲུག་པོ་ཡང་། འགྲོ་བའི་ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱིས། བདེ་སྡུག་འཁོར་བ་མཐོ་དམན་དུ་རྣམ་པ་སྣ་ཚོགས་ཉིད་མྱོང་བ་དང་། སྟོན་པ་དྲུག་ཀྱང་འགྲོ་སེམས་རང་སྣང་སྟེ་འཁྲུལ་སྣང་གི་སྣོད་བཅུད་རྫུན་པ་ལྟར་དེ་ལ་སྣང་བའི་སངས་རྒྱས་ལ་སོགས་པའང་བརྫུན་ལ། ཡོད་པ་མ་ཡིན་པ་སྟེ་མེད་བཞིན་སྣང་བའི་ཕྱིར་རྨི་ལམ་ནང་གི་སངས་རྒྱས་སེམས་ཅན་བཞིན་ནོ་དེས་ན་འཁོར་འདས་རྨི་ལམ་ལྟ་བུར་སྣང་དུས་འདིར་ངོ་བོ་ཡེ་ནས་དག་པའི་སངས་རྒྱས་ཡིན་ཀྱང་རྣམ་པ་མ་དག་པས་འགྲོ་དྲུག་གི་སེམས་ཅན་དང་། དེ་འདུལ་བའི་སྟོན་པའང་དེ་དག་གི་གཟུགས་ངན་པ་ལ་སོགས་པ་སྣ་ཚོགས་སྣང་ལ་ཐུགས་རྗེའི་རོལ་བར་ཤར་བ་སྟེ་དེ་ལྟ་བུའི་སེམས་ཅན་ལ་སངས་རྒྱས་ཀྱི་ཐུགས་རྗེས་གཟིགས་པ་ཡང་གདུལ་བྱ་དང་གདུལ་བྱེད་དུ་འབྲེལ་བས་དོན་མཛད་དོ། །གསུམ་པའི་ཐུགས་རྗེ་སྤྲུལ་པའི་བྱིན་རླབས་བསྟན་པ། སྤྲུལ་སྐུ་ཆེན་པོ་རྣམ་དྲུག་པོ་འདི་ནི་དབྱིངས་ཀྱི་ངང་ནས་ཡེ་ཤེས་ཀྱི་ངོ་བོ་ཚད་མེད་པའི་ཐུགས་རྗེའི་བྱིན་རླབས་ལས་རང་སྣང་བའི་སྤྲུལ་པ་ཡིན་པས་སེམས་ཅན་གྱི་དོན་རང་རང་གི་སྐལ་བ་བཞིན། འབད་རྩོལ་མེད་པར་སྲིད་པ་ཇི་སྲིད་བར་འཁོར་བ་ལས་འདྲེན་ཞིང་སྡུག་བསྔལ་ལས་སྐྱོབ་པའི་ཕྲིན་ལས་རྒྱུན་མི་འཆད་པར་དངོས་དང་བརྒྱུད་ནས་མཛད་དེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་དང་། རྣམ་པ་ནི་སྐུ་སྣང་བ་བརྒྱ་བྱིན་ལ་སོགས་པ་དཔེ་དགུས་མཚོན་པའོ། །གསུམ་པ་སྣ་ཚོགས་སྤྲུལ་སྐུ་ལ་གཉིས། དང་པོ་སྤྲུལ་སྐུའི་སྣང་ཚུལ། འགྲོ་འདུལ་སྤྲུལ་པའི་དུས་དང་ཡེ་ཤེས་ཀྱི་དོན་མཛད་པ་ནམ་མཁའ་ལྟ་བུའི་ཕྲིན་ལས་ཕུན་སུམ་ཚོགས་པ། དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་མེད་བེམ་པོའི་ཚུལ་གྱིས་སྣང་བ་སྟེ། །ཇི་ལྟར་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་སྐུས་དོན་མཛད་པའི་བྱེ་བྲག་ལ། རིས་སུ་བྲིས་དང་འབུར་དུ་དོད་པ་དང་། སྐུ་གསུང་ཐུགས་རྟེན་རང་བྱོན་དང་ཡི་གེ་དང་ལྷ་ལ་སོགས་མཆོད་པའི་རྟེན་དང་ནི། དེས་མཚོན་ཏེ་རྟེན་གང་ཞིག་ཐར་པའི་ས་བོན་འཇོག་ཅིང་ཕན་པར་བྱེད་པ་ཐམས་ཅད་དེ། མདོ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་པས། བཟོ་ནི་བཟོའི་རྣམ་པར་སྣང་བ་བཤད་མ་ཐག་པ་རྣམས་སོ། །སྐྱེ་བ་ནི་སེམས་ཅན་ལ་དངོས་སུ་ཕན་པ་དེའི་ལུས་སུ་སྤྲུལ་པ་སྟེ། ཉ་བོ་ཆེ་དང་། སྲོག་ཆགས་དེས་པ་དང་། རྟ་རྒྱལ་བ་ལ་ཧ་ལ་སོགས་པར་སྤྲུལ་ནས་དོན་མཛད་པའོ། །མཆོག་གི་སྤྲུལ་པ་ནི་མཛད་པ་བཅུ་གཉིས་སྟོན་པའོ། །དེ་བཞིན་དུ་པདྨ་དཔག་བསམ་ཤིང་དང་སྐྱེད་མོས་ཚལ། ཁང་བཟང་མཆོག་དང་ཀུན་དགའི་ར་བ་དང་། ཚོང་པ་སོགས་ལ་སྤྲུལ་པའི་གྲོང་དང་གྲུ་གཟིངས་ཟམ་པ་དང་། མར་མེ་ནོར་བུ་ཟས་གོས་གཞོན་པ་སོགས་སུ་སྤྲུལ་ནས། འགྲོ་བའི་དོན་མང་བྱེད་པའི་བེམ་པོར་སྣང་ཞིང་གང་ལ་གང་ཕན་ཁོ་ན་བསྒྲུབ་པར་མདོ་སྡེ་རྣམས་ལས་གསུངས་སོ། །གཉིས་པ་འགྲོ་དོན་མཛད་ཚུལ། སྤྲུལ་པའི་རོལ་པ་དེས་ཀྱང་གནས་སྐབས་སུ་སེམས་ཅན་སོ་སོའི་ཡིད་དང་ལུས་ངག་དགའ་སྐྱིད་བདེ་བའི་གནས་མཛད་ནས། མཐར་ཐུག་ཞི་བའི་ལམ་སངས་རྒྱས་ཀྱི་ས་ལ་འགོད་པས་ན། སྣ་ཚོགས་སྤྲུལ་པས་འགྲོ་དོན་ལྷུན་གྱིས་གྲུབ་པ་སྟེ། རྒྱུད་བླ་ལས། སྣང་བ་དེ་ནི་ཤིན་དུ་ཡང་། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟེང་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། །ཞེས་སོ། །དོན་གསུམ་པ་དབྱིངས་རྣམ་དག་གི་འཆར་གཞིའི་དོན་བསྡུ་བ། སྐུ་དེ་དག་དབྱིངས་ལས་བྱུང་ཞིང་དབྱིངས་སུ་ཐིམ་པའི་ཚུལ་གྱིས་མཇུག་བསྡུ་དེ་ནི། གདུལ་བྱ་མེད་ན་གདུལ་བྱེད་དབྱིངས་སུ་ནུབ། །རང་སྣང་ལོངས་སྐུ་ཆོས་སྐུའི་ངང་དུ་ཐིམ། །ཆུ་སྣོད་མེད་ན་ཆུ་ཟླ་མཁའ་ལ་ཐིམ། །ཚེས་ཀྱི་དབང་གིས་ཟླ་བ་དབྱིངས་སུ་ནུབ། །གནམ་གང་ཟླ་བ་འཕེལ་འགྲིབ་མེད་པ་བཞིན། །གདུལ་བྱ་ཡོད་ན་སྔོན་བཞིན་རིམ་གྱིས་སྣང་། །འདི་ནི་འབྲས་བུ་ལྷུན་གྱིས་གྲུབ་པ་ཡིན། །ཅེས་པ་སྟེ། ཇི་ལྟར་ཆུ་སྣོད་མེད་དུས་ཟླ་བའི་ངང་དུ་ཆུ་ཟླའི་གཟུགས་བརྙན་རང་ཐིམ་པ་ལྟར། གདུལ་བྱའི་ཆུ་སྣོད་མེད་ན་དེའི་ངོར་སྣང་བའི་སངས་རྒྱས་སྤྲུལ་སྐུའི་ཟླ་གཟུགས་རང་སྣང་ལོངས་སྐུའི་ངང་ཙམ་ལས་མེད་པས་དེར་ཐིམ་པའོ་ཞེས་བཏགས་ཀྱང་གཅིག་ནས་སོང་སྟེ་གཅིག་ཏུ་ཐིམ་པ་ལྟར་མ་ཡིན་ནོ། །ཟླ་བའང་གནམ་གང་གི་ཚེ་ན་ནང་གསལ་དུ་ཐིམ་པ་ལྟར། རང་སྣང་གི་ལོངས་སྐུའང་ནང་གསལ་ཆོས་སྐུའི་དབྱིངས་སུ་ཐིམ་པས་ཡེ་ཤེས་དབྱིངས་སུ་ཐིམ་པས་ཡེ་ཤེས་དབྱིངས་སུ་འཁྱིལ་བ་ཞེས་བྱའོ། །དེའི་ཚེ་སོ་སོར་རང་རིག་པའི་ཡེ་ཤེས་ཉིད་ཕྲ་བའི་ཡེ་ཤེས་སུ་གྱུར་པས་ཤིན་ཏུ་མཉམ་པར་བཞག་པའི་གནས་སྐབས་སོ། །དབུ་མ་ལས། དེའི་ཚེ་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བས་གང་དུའང་དམིགས་སུ་མེད་པ་འགོག་པ་དམ་པའི་ངང་ལ་མཉམ་པར་བཞག་པའི་ཞེས་འདོད་པ། རྒྱུད་བླ་མ་ལ་སོགས་པ་ནས། མཉམ་པར་བཞག་པའི་ཡེ་ཤེས་ཞེས་འདོད་དོ། །ཡང་གདུལ་བྱ་ཡོད་ན་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་སྐད་ཅིག་གིས་ཕྱིར་གསལ་དུ་རང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་རྣམས་སྔ་ཕྱི་མེད་པར་དོན་མཛད་པ་སྔ་མ་བཞིན་མི་རྟོག་པའི་ངང་ནས་འབྱུང་ངོ་། །འདི་ལ་དབུ་མ་ནས་སྔོན་གྱི་སྨོན་ལམ་ལས་གཞན་སྣང་དུ་དོན་མཛད་ཅེས་འདོད་ལ། རྒྱུད་བླ་མ་ལ་སོགས་པ་ནས་རྗེས་ཐོབ་ཏུ་དོན་མཛད་ཀྱང་མཉམ་བཞག་གི་ངོ་བོ་ལས་མ་གཡོས་པ་ཞེས་འདོད་དེ། རྒྱུད་བླ་མ་ལས། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་དང་། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོད་ཀྱི་ས་རྡུལ་དང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་སོ། །གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་དགེ་བ་ཞི་བ་མཆོག་གི་རང་བཞིན་གྱིས། འགྲོ་ཀུན་སེམས་ཉིད་འོད་གསལ་དབྱིངས་གཞོལ་ཏེ། འགྲོ་བ་ཐམས་ཅད་སྲིད་ཞིའི་མཐར་འཛིན་པའི་ཉེས་ཆའི་དྲི་མ་ཡིས། དུབ་པའི་སེམས་ཉིད་ཐམས་ཅད་མཁྱེན་པའི་བདེ་བ་ཚད་མེད་པས་དབང་འབྱོར་པའི་ས་ལ་དེ་རིང་ངལ་སོས་ཤིག་ཅེས་སྨོན་པའོ། །གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས་འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ་སྟེ་བཅུ་གསུམ་པའོ། །༈ སྤྱི་དོན་གསུམ་པ་མཐར་ཕྱིན་པ་མཇུག་གི་དོན་ལ་ལྔ། དང་པོ་དགེ་བ་གཞན་དོན་དུ་བསྔོ་བ། དེ་ལྟར་དྲི་མ་མེད་པའི་ཡིད་མཁར་ལེགས་པར་བཤད་པའི་བསོད་ནམས་ཀྱི་སྤྲིན་ཕུང་ཆེན་པོ་ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་འབྲུག་ལྟར་སྒྲོགས་ཤིང་། ལུང་རིགས་མན་ངག་གི་གློག་ཕྲེང་བཟང་པོ་འགྱུར་བ་ལས་འཐོན་པའི། ཞི་བདེའི་རང་བཞིན་དགེ་བའི་ཆར་གྱི་ཚོགས་མང་པོས། ས་གསུམ་གྱི་འགྲོ་བའི་སེམས་ཀྱི་ས་གཞི་ཆོས་ཁམས་དགེ་བ་སྙིང་པོའི་ས་བོན་ཅན་གྱི་རྒྱུད་བརླན་པས་ལེགས་པར་རབ་ཏུ་རྒྱས་ཏེ་མཐར་ཕྱིན་པ་རྒྱལ་བའི་འབྱོར་ཚོགས་ལྷུན་གྱིས་གྲུབ་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་དང་། འཕྲིན་ལས་ཆེན་པོའི་མངའ་དབང་རྫོགས་པར་ཤོག་ཅིག་ཅེས་པའོ། །གཉིས་པ་ལེགས་བཤད་བརྩམ་པའི་འཐད་པ་འགོད་པ། དུས་དེང་སང་སྔོན་གྱི་མཁས་གྲུབ་རྣམས་ནི་གཤེགས་ལ། དེ་དག་གི་གཞུང་ལུགས་ཆེན་པོ་རྣམས་ཀྱང་ཕལ་གྱི་བློ་མིག་མ་དག་པས་རང་རང་གི་ངན་རྟོག་གིས་དཀྲུགས་པས་གསལ་བར་མེད་ལ། སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་སོ་སོའི་ལམ་གྱི་དགོངས་པ་ཤིན་ཏུ་བརླིང་པས། མང་དུ་མ་ཐོས་ཤིང་རྟོག་གེའི་ངན་རྟོག་ཙམ་གྱིས་དཀྲུགས་ནས་བླུན་པོ་མཁས་པའི་མངོན་རློམ་ཅན་རྣམས་ཀྱིས་འགལ་བར་འཛིན་པས་དགོངས་པ་ཟབ་མོ་རྣམས་གཅིག་ཏུ་སྡུད་མི་ཤེས་པ། དེ་ཕྱིར་དེ་དག་ཅུང་ཟད་རེའི་ཚིག་ཙམ་ལྷུར་ལེན་པས་ཕྱོགས་རེའི་མིག་ཅན་དུ་གྱུར་པ་ཡིན་ནོ། །གསུམ་པ་གཞན་དོན་དུ་བསྟན་བཅོས་ཇི་ལྟར་བརྩམ་ཚུལ། ཚུལ་དེ་དག་མཐོང་ནས་གཞུང་འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ངེས་དོན་གཞི་ལམ་འབྲས་བུ་དང་བཅས་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་གཞི་ལམ་འབྲས་བུའི་དོན་རྣམས་མདོ་དང་། རྒྱུད་དང་། ལུང་དང་། རིགས་པ་དང་། མན་ངག་གི་གནས་བསྟན་པ་ལས་ཇི་སྐད་འབྱུང་བ་དང་། བླ་མ་དམ་པ་ལས་འོངས་པའི་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་དོན་མཆོག་རྣམས། གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པའི་ཐབས་གངས་རི་ཐོད་དཀར་རང་བྱུང་པདྨས་བྱིན་གྱིས་བརླབས་པས་ཨོ་རྒྱན་རྫོང་ཞེས་བཏགས་པ་གྲུབ་པས་རྟེན་པའི་གནས་སུ་དྲི་མེད་འོད་ཟེར་ཤར་བས་ལེགས་པར་བཀོད་པའོ། །བཞི་པ་བསྟན་བཅོས་བཀྲ་ཤིས་ཤིང་དགེ་བ་རླབས་ཆེ་བར་བསྔོོ་བ། དེ་ལྟར་ཟབ་ཅིང་རྒྱ་ཆེ་བར་བསྟན་ནས་བཀོད་པ་ལས་བྱུང་བའི་དགེ་བ་མཆོག་ཏུ་གྱུར་པ་དེ་ཡིས་ཁམས་གསུམ་རིགས་དྲུག་སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་ཇི་སྙེད་པ་རྣམས། མ་ལུས་པར་འབད་པས་རྩོལ་བ་མེད་པར་ཉེར་ཞིའི་གོ་འཕང་མཆོག་ཀུན་ཏུ་བཟང་པོ་ཐོབ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། ཕྱོགས་དང་དུས་དང་། གནས་སྐབས་ཀུན་ཏུ་བཀྲ་ཤིས་པའི་འོད་ཟེར་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དཔག་གིས་མི་ལང་བསམ་གྱིས་མི་ཁྱབ་པ་དག་ཀུན་ནས་འཕྲོ་ཞིང་བྱེད་པར་ཤོག་ཅིག་ཅེས་གྲགས་{ཁྲགས་}པར་བྱས་པ་ཤིས་པ་བརྗོད་པའི་རྒྱན་ཡིན་ནོ། །ལྔ་པ་ཡོངས་སུ་རྫོགས་པའི་སྦྱར་ཚུལ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བློ་ལྡན་མཆོག་སྲེད་ཀྱིས་རྗེས་སུ་བཟུང་བའི་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ལ་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་སྦྱར་བ་རྫོགས་སོ། །དེ་ལྟར་ཡང་རྒྱལ་བས་ལུང་བསྟན་པར་གྲགས་ཤིང་གྲུབ་པས་བསམ་ཡས་པ་ངག་གི་དབང་པོ་ཀུན་མཁྱེན་དྲི་མེད་འོད་ཟེར་འདི་ཉིད་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་དུ་འགྱུར་ཞེས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཉིད་ཀྱིས་རྗེས་སུ་བཟུང་ཞིང་ལུང་བསྟན་ལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ས་བཅུ་པོ་ནི་གནོན་པར་འགྱུར་ཞིང་ཆགས་པ་མེད། །བྱང་ཆུབ་སྙིང་པོ་སྤྱད་ཕྱིར་ཤིན་ཏུ་རྫོགས་པར་སྨྲ། །དེ་ནི་མི་དགེ་ཀུན་སྤངས་དགྲ་ལས་རྒྱལ་བར་འགྱུར། །དགེ་བའི་ཆོས་རྣམས་ཀུན་གྱིས་འཕགས་པ་རི་རབ་བཞིན། །དེ་ནི་བསམ་ཡས་དྲི་མེད་འོད་འདི་རབ་ཏུ་ཐོབ། །ཅེས་གང་གསུང་བ་འདིས་ཀྱང་དམ་པ་དེ་ཉིད་གསལ་བར་ལུང་བསྟན་པར་བདག་ཅག་སྙམ་ནའང་གཟུར་གནས་བློ་གསལ་དམ་པ་རྣམས་ཀྱིས་མཁྱེན་པར་འཚལ་ཞིང་། གཞུང་འདིར་ཀུན་མཁྱེན་ཉིད་ཀྱིས། ཕྱི་རབས་སྐལ་བཟང་བྱང་ཆུབ་འདོད་པ་དག །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །མདོ་རྒྱུད་མན་ངག་སྙིང་པོ་འདིར་ཚང་ཞིང་། །ཟབ་དོན་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མཆིས། །ཞེས་འདི་ཉིད་མདོ་སྔགས་ཡོངས་རྫོགས་ཀྱི་ལམ་རིམ་ཀུན་གྱི་རྩེ་མོ་སྔ་འགྱུར་པའི་ཆོས་ཀྱི་ཁུད་པ་ལགས་པའི་ཕྱིར་ཐུགས་བརྩེ་བས་གདམས་པར་མཛད་པས་བདག་ལེགས་སུ་འདོད་པ་དག་གིས་གཞུང་འདི་ཁོ་ན་ཉམས་ལེན་སྙིང་ནོར་དུ་འཆང་བར་ཕྱོགས་དུས་ཀུན་ཏུ་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་པ་ལགས་སོ།། །། འདིར་སྨྲས་པ། མདོ་རྒྱུད་མན་ངག་སྙིང་པོའི་རིན་ཆེན་གཏེར། །སྐལ་བཟང་སྐྱེ་བོའི་ཕན་བདེའི་དཔྱིད་དཔལ་མཆོག །སྲིད་{སྲིན་}ན་མངོན་པར་མཐོ་འདིར་ལེགས་ཞུགས་ན། །བསྟན་འགྲོའི་དོན་ཆེན་འགྲུབ་ལ་སོམ་ཉི་བྲལ། །དེ་ཕྱིར་དེར་བརྩོན་དགེ་ཚོགས་རྒྱ་ཆེན་པོ། །མཁའ་ཁམས་དོག་པོར་བགྱིད་གང་མཁའ་ཁྱབ་ཀྱི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་རྒྱས་ཏེ། །མཐའ་ཡས་འགྲོ་ཀུན་ཕྱམས་གཅིག་སངས་རྒྱས་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་བདེ་ཞིང་སྐྱིད་པ་ཡིས། །ཀུན་མཁྱེན་རྒྱལ་བའི་བསྟན་ལ་རབ་ཞུགས་ཏེ། །ཀུན་ཀྱང་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་བདག་ཅག་གི་རྗེ་བླ་མ་མཁས་ཤིང་གྲུབ་པའི་དབང་པོའི་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་འདི་ལ་མཆན་འགྲེལ་ཞིག་དགོངས་ཏེ་ལེའུ་བཅུ་གསུམ་པ་ཡན་རང་འགྲེལ་ལྟར་རྩོམ་གཞིར་ཕྱག་མཆན་དུ་བཏབ་པ་ཉིད། ལུགས་གཉིས་ཀྱི་མཛད་བཟང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་སྲིད་ན་མངོན་པར་མཐོ་བ་བླ་མ་དམ་པ་ཞིང་སྐྱོང་གི་བདག་རྐྱེན་ལས་ཞལ་བཤུས་གྲུབ་ནས་སླར་ཕྲན་བུ་ལའང་ས་བཅད་དཀྱུས་བཀོད་དང་། བཅུ་གསུམ་པ་འབྲས་བུའི་ལེའུ་མཇུག་དང་བཅས་པའི་མཆན་འགྲེལ་མཐའ་ཕུད་ཀྱི་བཀའ་གནང་སྤྱི་བོར་རྩལ་བ་དང་བླང་གིས་བཀའ་དྲིན་དང་བརྩོན་པ་དོན་ཡོད་ལ་བསམ་སྟེ་སྒོ་གསུམ་རྒན་རྒུད་པས་ཆེས་མནར་ཡང་སྤྲོ་དགས་བརྩོན་པ་བསྐྱེད་དེ་ཀུན་མཁྱེན་ཉིད་ཀྱིས་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ་དཔལ་སྤྲུལ་རིན་པོ་ཆེའི་བསྡུས་པ་དཀྱུས་བཀོད་བཅས་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་རང་ལོ་བདུན་ཅུ་རྩ་གསུམ་པར་དགེ་གོང་དགོན་གྱི་རི་ངོགས་བཀྲ་ཤིས་ཆོས་གླིང་དུ་མཚམས་མལ་དུ་ཉལ་བའི་རྒན་བུ་གྱི་ན་བ་དམ་པ་དུ་མའི་ཞབས་རྡུལ་ལ་རེག་པས་སྙོམ་པས་སྔ་འགྱུར་པའི་གྲལ་ཐ་པ་ཀུན་མཁྱེན་ཡབ་སྲས་ཀྱི་རྒྱུད་པར་མངོན་རློམ་ཅན་སྤྱི་རྟོལ་རྨོངས་པ་ས་མནྟ་དྷརྨ་ཀིཪྟིས་གྲུབ་པར་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག དགེའོ། །དགེའོ། །དགེའོ། །སརྦ་མངྒལཾ།། །།


previousརྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ།next