Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
ལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན།


 
previousལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན།no next

ལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན།

༄༅། །ལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ཡེ། སྐྱབས་ཀུན་འདུས་དཔལ་ལྡན་བླ་མ་ལ། །བདག་སྒོ་གསུམ་གུས་པས་སྐྱབས་མཆི་ཞིང་། །མ་འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ། །རང་མདུན་མཁར་འཇའ་ཟེར་ཐིག་ལེའི་ཀློང་། །གདན་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །རང་དྲིན་ཐོབ་རྩ་བའི་བླ་མ་དང་། །དོན་དབྱེར་མེད་ཨོ་རྒྱན་རྡོ་རྗེ་འཆང་། །དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན། །སྐུ་མཐིང་གསལ་མཚན་དཔེའི་ལང་ཚོ་རྒྱས། །ཕྱག་བདེ་སྟོང་རྡོར་དྲིལ་ཡུམ་ལ་འཁྱུད། །ཞབས་སྲིད་ཞི་མཉམ་སྦྱོར་སྐྱིལ་ཀྲུང་བཞུགས། །ཡུམ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ། །སྐུ་དམར་གསལ་གྲི་ཐོད་འཛིན་པས་འཁྲིལ། །རྒྱན་རིན་ཆེན་རུས་རྒྱན་ཅོད་པཎ་མཛེས། །སྐུའི་གནས་བཞིར་འཁོར་ལོ་པདྨ་དང་། །རྡོ་རྗེ་དང་རྒྱ་གྲམ་ལྟེ་བ་རུ། །ༀ་དཀར་དང་ཨཱཿདམར་ཧཱུྃ་མཐིང་ཀ །ཧྲཱིཿམ་དམར་འོད་ཟེར་འབར་བར་བསྒོམ། །ཕྱིའི་མཐའ་བསྐོར་དགོངས་བརྡ་སྙན་བརྒྱུད་ཀྱི། །དཔལ་རིག་འཛིན་རྩ་བརྒྱུད་བླ་མ་དང་། །དོན་རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །མ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གསལ། །ཐུགས་སྲོག་གི་འོད་དཀྱིལ་ཡེ་ཤེས་པ། །འོག་མིན་ནས་སྤྱན་དྲངས་གཉིས་མེད་བསྟིམས། །མི་བདག་དང་མཁའ་མཉམ་འགྲོ་ཀུན་གྱིས། །ལུས་ཞིང་རྡུལ་སྤྲུལ་ནས་གུས་ཕྱག་འཚལ། །ལུས་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །སྐྱེ་ཚེ་རབས་བསགས་པའི་སྡིག་ལྟུང་བཤགས། །རྣམ་དཀར་གྱི་ཚོགས་ལ་ཡི་རང་འབུལ། །ངེས་གསང་གི་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་ཡི་བཀོད་པ་གཡོ་མེད་གསོལ། །དགེ་ཚོགས་རྣམས་འགྲོ་བའི་རྒྱུད་ལ་བསྔོ། །རྗེ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཅན། །དོན་སྐྱེ་འཆི་གཉིས་སྤངས་འཕོ་ཆེན་སྐུ། །མ་འགྲོ་ཀུན་སྐྱོབ་པའི་ཐུགས་རྗེ་ཅན། །དཔལ་ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །ཀྱེ་གངས་ཅན་བླ་མ་པདྨ་འབྱུང་། །བདག་གསོལ་འདེབས་བུ་ལ་ཐུགས་རྗེས་གཟིགས། །སྙིང་རུས་པའི་གཏིང་ནས་རྗེ་ཁྱེད་དྲན། །ངག་གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །ཕ་ཐུགས་རྗེ་བཏང་སྙོམས་མ་མཛད་པར། །སྔོན་ཐུགས་དམ་ཞལ་བཞེས་དགོངས་མཛོད་ལ། །བདག་སྐྱབས་མེད་པོ་ལ་ཐུགས་རྗེ་གཟིགས། །གསོལ་བཏབ་ཀྱི་འབྲས་བུ་མཆིས་པར་མཛོད། །དུས་ད་རེས་ཐོབ་པའི་དལ་འབྱོར་འདི། །དོན་ངོ་བོ་རྒྱུ་རྐྱེན་དཔེ་གྲངས་སོགས། །ཚུལ་གང་ལ་བསམས་ཀྱང་རྙེད་དཀའ་ཞིང་། །དོན་ཆེ་བ་ཡིད་བཞིན་ནོར་ལས་ལྷག །སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིས། །དུས་ལན་གཅིག་རྙེད་པའི་རིན་ཆེན་འདི། །ད་དོན་མེད་ངང་དུ་མ་སོང་བར། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཕྱི་ན མ་ཟླ་དུས་བཞི་འཕོ་ཞིང་འགྱུར། །ནང་དགྲ་གཉེན་བར་མ་སྐྱེ་ཞིང་འཆི། །གསང་ཕུང་ལྔའི་ཚོགས་པ་རྒུད་ཅིང་རྙིང་། །ཚུལ་གང་ལ་བསམས་ཀྱང་སྐྱོ་བའི་རྒྱུ། །དུས་དེ་སྔོན་དོན་མེད་ལས་ལ་གཡེངས། །ད་ནམ་འཆི་ཆ་མེད་ཨ་ཙ་མ། །བློ་རྟག་འཛིན་འགོང་པོས་མི་བསླུ་བར། །ཆོས་བརྩོན་པས་སྒྲུབ་པར་བྱིན་གྱིས་རློབས། །དཔེ་དཔྱིད་དུས་ས་བོན་གང་བཏབ་པས། །སྟོན་འབྲས་བུ་དེ་དེར་སྨིན་པ་བཞིན། །ལས་དཀར་ནག་རྒྱུ་འབྲས་ཟབ་མོའི་ཚུལ། །དུས་ནམ་ཡང་མི་བསླུ་ངོ་མཚར་ཆེ། །མ་ཆགས་དང་མི་སྡང་གཏི་མུག་མེད། བློ་དེས་བསྐྱེད་ལས་ཀུན་དགེ་བ་སྟེ། །འབྲས་འཕྲལ་ཡུན་བདེ་དགེའི་དཔལ་ལ་སྦྱོར། །སེམས་ཆགས་སྡང་རྨོངས་པས་ཀུན་བསླངས་པའི། །ལས་བསགས་ཀུན་སྡིག་པའི་རང་བཞིན་ཏེ། །འབྲས་འཕྲལ་ཀུན་སྡུག་བསྔལ་བཟོད་པར་དཀའ། །ཚུལ་དེ་ལ་ཡིད་ཆེས་རབ་སྐྱེས་ནས། །སྡིག་མི་དགེའི་ལས་རྣམས་དུག་ལྟར་སྤོངས། །སྔར་བྱས་ཀྱི་ལས་ལ་གནོང་འགྱོད་བཤགས། །དགེ་བཅུ་ཡི་ཚུལ་ལ་འཇུག་པ་དང་། ཁྱད་པར་དུ་ཐར་པ་ཆ་མཐུན་ལམ། །ཚུལ་དམ་པ་གསུམ་གྱིས་རྩིས་ཟིན་པའི། །ཆོས་རྣམ་དག་སྒྲུབ་པར་བྱིན་གྱིས་རློབས། །སྤྱིིར་སྐྱེ་བཞི་བརྒྱུད་ལྔའི་འཁོར་བ་པ། །དོན་བདེ་མེད་སྡུག་བསྔལ་རང་བཞིན་ཅན། །དཔེ་འཇིགས་རུང་སྲིན་མོའི་གླིང་དང་འདྲ། །ད་ཐར་པའི་དུས་མེད་ཡ་རེ་ང་། །དགོས་དམྱལ་བ་ཚ་གྲང་དུཿཁས་གཟིར། །ཡི་དྭགས་རྣམས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་རྣམས་གླེན་ལྐུག་བཀོལ་སྤྱོད་ཉེན། །མི་སྐྱེ་རྒ་ན་འཆིའི་ཆད་པས་གཙེས། །ལྷ་མ་ཡིན་འཐའ་རྩོད་བཅད་གཏུབ་མྱོང། །ལྷ་འཕོ་ལྟུང་སྡུག་བསྔལ་བཟོད་པར་དཀའ། །འགྲོ་སྡུག་བསྔལ་གསུམ་གྱི་འཁོར་ལོ་བསྐོར། །ང་བཟོད་ཐབས་མེད་པ་ཨ་ཙ་མ། །དུས་ད་ལྟ་མེ་སྟག་ཕོག་ཙམ་ཡང་། །བཟོད་དཀའ་ན་བསྐལ་པར་དམྱལ་མེ་ཡིས། །བསྲེག་མཆི་ན་བདག་གིས་ཇི་ལྟར་བཟོད། །རྗེ་མཁྱེན་ནོ་བླ་མ་དཀོན་མཆོག་མཁྱེན། །བློ་སྲེད་ལེན་འཆིང་བའི་ཞགས་པ་ཡིས། །དུས་ད་བར་སྲིད་པའི་བརྩོན་རར་བཅིངས། །ད་ཞེན་པ་གཏིང་ནས་ལོག་པ་ཡིས། །ལམ་བྱང་ཆུབ་སྒྲུབ་པར་བྱིན་གྱིས་རློབས། །གནས་འཇིགས་རུང་སྲིད་པའི་སྡུག་བསྔལ་ལས། །སྐྱོབ་ནུས་པ་བླ་མ་དཀོན་མཆོག་གསུམ། །སྐྱབས་དེ་ཡིས་བསླུ་བ་ནམ་ཡང་མེད། །ཚུལ་དེ་ཡིས་ཡིད་ཆེས་རབ་སྐྱེད་ནས། །རྒྱུ་དད་པ་བརྟན་པོས་སྐྱབས་འགྲོ་ཞིང་། །དགག་སྒྲུབ་དང་ཆ་མཐུན་བསླབ་བྱ་རྣམས། །ཚུལ་བཞིན་དུ་ཉམས་མེད་སྲུང་བ་ཡིས། །གནས་འཇིགས་པ་གསུམ་གྱི་གཡང་ས་ལས། །དུས་ད་ལྟ་སྐྱོབས་པར་བྱིན་གྱིས་རློབས། །ཆོས་ཐེག་པ་ཆེན་པོ་ལམ་གྱི་བཅུད། །དཔལ་རྒྱལ་བ་སྲས་བཅས་འབྱུང་བའི་དབྱིངས། །ཚུལ་ཡོན་ཏན་བསམ་མི་ཁྱབ་པའི་གཏེར། །མ་འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཕྱིར། །དོན་རྫོགས་པའི་བྱང་ཆུབ་ཐོབ་འདོད་བློས། །སྲོལ་གཉིས་དང་ལྡན་པའི་བྱང་ཆུབ་སེམས། །རྒྱུ་འབྲས་བུར་དམ་བཅའ་སྨོན་འཇུག་ཚུལ། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །འཆི་སྲོག་ལ་བབས་ཀྱང་མི་འདོར་ཞིང་། །ལས་ཆོས་སྤོང་སྒྲིབ་པས་མི་བརྗེད་དང་། །གྲོགས་ངན་པའི་རྐྱེན་གྱིས་མི་བསྒྱུར་བར། །རྒྱུ་ཚད་མེད་བཞི་ལ་བློ་སྦྱོང་ངོས། །ལམ་ཕ་རོལ་ཕྱིན་པའི་ཉམས་ལེན་ལ། །ཚུལ་བཞིན་དུ་སློབ་པར་བྱིན་གྱིས་རློབས། །ཐབས་ཁྱད་འཕགས་གསང་སྔགས་རྡོ་རྗེའི་ཐེག །དབང་རྣོན་རྣམས་ཚེ་འདིར་གྲོལ་བྱེད་པའི། །སྨིན་གྲོལ་གྱི་གདམས་པ་སྩོལ་མཁས་པ། །དྲིན་འཁོར་མཐའ་བྲལ་བའི་བླ་མ་རྗེ། །སྐྱབས་ཀུན་གྱི་ངོ་བོ་ཤེས་པའི་བློས། །ཡིད་ཁྱེད་ཤེས་མོས་པའི་དད་པ་དང་། །དབང་བཞི་ཡི་དམ་ཚིག་བསྲུང་མཚམས་རྣམས། །དུས་ནམ་ཡང་ཉམས་མེད་བྱིན་གྱིས་རློབས། །གཞི་རང་རིག་བདེ་གཤེགས་སྙིང་པོའི་ཁམས། །ཀ་དག་དང་ལྷུན་གྲུབ་ཟུང་འབྲེལ་བ། །དོན་སྐུ་གསུམ་གྱི་ངོ་བོར་ཡེ་གནས་ཀྱང་། །དུས་ད་བར་མ་རིག་འཁྲུལ་པས་སྒྲིབ། །མེད་བཞིན་དུ་སྲིད་པའི་འཁོར་ལོར་འཁྱམས། །རྨི་ལམ་བཞིན་བདེ་སྡུག་སྣ་ཚོགས་མྱོང་། །ད་ཆོས་རྗེ་བླ་མའི་བྱིན་རླབས་ཀྱིས། །དབང་བཞི་ཡི་ཡེ་ཤེས་ཚང་སྤྲུགས་བསྐུར། །ལས་ཉོན་མོངས་གཟུང་འཛིན་སྒྲིབ་པ་སོལ། །ལམ་རིམ་གཉིས་ཟབ་མོ་སྒོམ་ལ་དབང་། །འབྲས་སྐུ་བཞི་མངོན་བྱེད་བྱིན་གྱིས་རློབས། །གཞིའི་སྦྱང་བྱ་ལུས་ཀྱི་སྒྲིབ་པ་རྣམས། །ལམ་སྦྱོང་བྱེད་བསྐྱེད་རིམ་རྣལ་འབྱོར་གྱིས། །འབྲས་སྤྲུལ་སྐུའི་ཡེ་ཤེས་མངོན་བྱེད་པར། །ཕ་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབས། །གཞིའི་སྦྱང་བྱ་ངག་གི་སྒྲིབ་པ་རྣམས། །ལམ་སྦྱོང་བྱེད་རླུང་སྦྱོར་རྡོར་བཟླས་ཀྱིས། །འབྲས་ལོངས་སྐུའི་ཡེ་ཤེས་མངོན་བྱེད་པར། །ཕ་ལོངས་སྤྱོད་རྫོགས་སྐུས་བྱིན་གྱིས་རློབས། །གཞིའི་སྦྱང་བྱ་སེམས་ཀྱི་སྒྲིབ་པ་རྣམས། །ལམ་སྦྱོང་བྱེད་ཐིག་ལེའི་རྣལ་འབྱོར་གྱིས། །འབྲས་ཆོས་སྐུའི་ཡེ་ཤེས་མངོན་བྱེད་པར། །ཕ་ཆོས་ཀྱི་སྐུ་ཡིས་བྱིན་གྱིས་རློབས། །གཞིའི་སྦྱང་བྱ་ཤེས་བྱའི་སྒྲིབ་པ་རྣམས། །ལམ་སྦྱོང་བྱེད་ཁྲེགས་ཆོད་ཐོད་རྒལ་གྱིས། །འབྲས་ངོ་བོ་ཉིད་སྐུ་མངོན་བྱེད་པར། །ཕ་ངོ་བོ་ཉིད་སྐུས་{སྐུའི} བྱིན་གྱིས་རློབས། །རྗེ་དྲན་ནོ་དྲིན་ཆེན་བླ་མ་དྲན། །མི་བདག་ལ་རེ་ས་གཞན་ན་མེད། །དུས་ད་ལྟ་དབང་བསྐུར་བྱིན་རློབས་ལ། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཚུལ་དེ་ལྟར་མོས་གུས་གདུངས་དབྱངས་ཀྱིས། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ངག་སྙིང་པོ་བཛྲ་གུ་རུ་བགྲངས། །ལས་གང་འདོད་དམིགས་པའི་འཕྲོ་འདུ་བྱ། །མཐར་འཁོར་གྱི་རྩ་གསུམ་དཀྱིལ་འཁོར་སྤྲིན། །འཇའ་ཟེར་ལྔའི་རྣམ་པས་འོད་དུ་ཞུ། །དབུས་རིགས་བདག་བླ་མའི་སྐུ་ལ་ཐིམ། །སྐུ་མཚན་དཔེའི་གཟི་བྱིན་ཡ་ལ་ལ། །གསུང་ཨ་ཧཾ་བདེ་སྐད་འུ་རུ་རུ། །ཐུགས་མཁྱེན་བརྩེའི་ཡེ་ཤེས་ཏ་ལ་ལ། །བདག་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །རྗེ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས། །འཇའ་འོད་ཟེར་ཡིག་འབྲུ་ལྔ་ལྡན་འཕྲོས། །མི་བདག་གི་ལུས་ཀྱི་གནས་བཞིར་ཐིམ། །དོན་དབང་བཞི་ཐོབ་ཅིང་སྒྲིབ་བཞི་སྦྱོངས། །ལམ་བསྐྱེད་རླུང་ཐིག་རྫོགས་སྒོམ་ལ་དབང་། །འབྲས་སྐུ་བཞི་ཐོབ་པའི་རྟེན་འབྲེལ་སྒྲིགས། །མཐར་བླ་མ་འོད་ཞུ་རང་ལ་ཐིམ། །རང་རིག་པ་བླ་མའི་ངོ་བོར་ཤར། །ཆོས་བློ་འདས་རྫོགས་ཆེན་དགོངས་པ་སྐྱོངས། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་བྱུང་ཁུངས་གནས་མལ་འགྲོ་ས་དང་། །གཟུགས་ཁ་དོག་དངོས་པོ་ཅིར་འདུག་ལྟོས། །བལྟ་བྱ་དང་རྟོག་བྱེད་གཉིས་ཀར་རྟོག །ཚུལ་གང་ཡང་མ་གྲུབ་ཅིར་ཡང་འཆར། །བློ་དཔྱད་པས་མི་མཚོན་གཉུག་མའི་གཤིས། དོན་སྐྱེ་འགག་གནས་གསུམ་བྲལ་བའི་ངང་། །ངག་བརྗོད་དུ་མེད་ཀྱང་མྱོང་དུ་ཡོད། །དཔེ་ལྐུག་པས་བུ་རམ་ཟོས་པ་བཞིན། །དོན་མཐོང་མེད་ཚུལ་གྱིས་མཐོང་བ་ན། །རང་བབས་ཀྱི་ངང་དུ་ལྷོོད་དེ་ཞོག །འཛིན་མེད་ཀྱི་ངང་དུ་ཁྲོལ་ལེར་ཞོག །དགག་སྒྲུབ་དང་བྲལ་བར་ཤིགས་སེ་ཞོག །གཏད་མེད་ཀྱི་ངང་དུ་ཧར་རེ་ཉོལ། །ཕྱི་སྣང་བ་སྣ་ཚོགས་མཐོང་ཙ་ན། །སྣང་ཡུལ་ལ་མ་ཞེན་སྣང་མཁན་ལྟོས། །གཟུགས་སྣང་སྟོང་ལྷ་སྐུའི་ཕྱག་རྒྱར་འཆར། །བུམ་དབང་གི་ལམ་ཁྱེར་འདི་ལ་འདུ། །སྙན་མི་སྙན་གྱི་སྒྲ་སྐད་ཐོས་ཙ་ན། །སྒྲ་ཡུལ་རྗེས་མ་འབྲངས་ཐོས་མཁན་ལྟོས། །སྒྲ་གྲགས་སྟོང་སྙིང་པོ་སྔགས་ཀྱི་དབྱངས། །གསང་དབང་གི་ལམ་ཁྱེར་འདི་ལ་འདུ། །སེམས་འདུ་འཕྲོའི་རྟོགས་ཚོགས་ཅི་ཤར་ཡང་། །སེམས་ཤར་རྗེས་མ་གཅོད་ཤར་མཁན་ལྟོས། །སེམས་གང་ཤར་ཕྱག་རྒྱ་ཆེན་པོའི་ངང་། །ཤེར་དབང་གི་ཉམས་ལེན་འདི་ལ་འདུ། །སེམས་གནས་འགྱུ་སྣ་ཚོགས་འཁྲུལ་པའི་གཞི། །དེ་བལྟས་པས་ཆོས་ཉིད་དོན་ལ་རིང་། །ནང་རིག་མཁན་སོ་མའི་ངང་ལ་ཞོག །དོན་བློ་བྲལ་གྱི་ཡེ་ཤེས་འཆར་ཏེ་མཆི། །ཕྱི་ཐ་སྙད་ཚིག་ལ་འཛད་པ་མེད། །དོན་བློ་བྲལ་དགོངས་པ་མ་རྟོགས་ན། །ཚིག་ཇི་ལྟར་བཤད་ཀྱང་སྙིང་པོ་མེད། །ཡིད་དཔྱོད་ཀྱི་ལྟ་བས་འཚང་མི་རྒྱ། །ལྟ་བ་དེ་བློ་དང་བྲལ་བར་མཛོད། །སྒོམ་སེམས་འཛིན་མཐའ་ལ་ཐུག་པ་མེད། །ད་ཅོག་བཞག་ངང་དུ་མ་བསྡད་ན། །བློ་སྤྲ་སྤྲོ་མང་པོ་འཆིང་བའི་རྒྱུ། །ཡིན་སྙམ་གྱི་སྒོམ་གྱིས་བསླུ་ཉན་གདའ། །དོན་དབྱིངས་རིག་གཉིས་དང་མ་འབྲལ་ན། །ཆོས་ཉིད་ཀྱི་ཀློང་ནས་འདའ་ས་མེད། །ཀུན་བཟང་གི་དངོས་པའི་ཀློང་རེ་ཡངས། །གཏད་མེད་ཀྱི་ཤེས་པ་རྒྱ་རེ་ཆེ། །རྫོགས་ཆེན་གྱི་རྣལ་འབྱོར་གུ་རེ་ཡངས། །རྒྱ་གྲོལ་གྱི་སྐྱེས་བུ་བློ་རེ་བདེ། །སྒོམ་འཛིན་ཞེན་དང་ཕྲོལ་ལ་ལྷོོད་དེ་ཞོག །ཉམས་སྣ་ཚོགས་ཀྱི་ཕྲེང་བ་འཛད་དུས་མེད། །རང་གྲོལ་གྱི་གནད་དང་མི་ལྡན་ན། །ཚུལ་ཇི་ལྟར་ཤར་ཡང་འཆིང་བའི་རྒྱུ། །བཅོས་མ་ཡི་སྤྱོད་པས་འཆིང་ཉན་གདའ། །བཟང་རྟོག་གི་ཉམས་ལ་ཕཊ་ཀྱིས་རྒྱོབས། །ངན་རྟོག་རྣམས་རང་གྲོལ་ལམ་དུ་ཁྱེར། །དཔེ་སྦྲུལ་མདུད་རང་གིས་འགྲོལ་བ་བཞིན། །གཞན་གཉེན་པོ་མི་དགོས་ངོ་མཚར་ཆེ། །ཀ་དག་གི་གཏན་སྲིད་འཛིན་རེ་རན། །གང་ཤར་ཀུན་ཆོས་སྐུའི་རོལ་རྩལ་ལགས། །འདི་ཚིག་དབང་ཐོབ་པའི་ལམ་ཁྱེར་ཡིན། །ཉིན་མོ་རུ་སྣང་བ་རྒྱ་ཡིས་ཐོབ། །མཚན་མོ་རུ་འོད་གསལ་སྦུབས་འཇུག་བསྒོམ། །བདེ་སྡུག་དང་རྐྱེན་ངན་ལམ་དུ་ཁྱེར། །འཆི་ཁ་རུ་ཆོས་སྐུའི་ངང་དུ་འཕོ། །བར་དོ་རུ་འོད་གསལ་མ་བུ་འཕྲད། །གྲོལ་གཞི་ཡི་ཀློང་དུ་མྱ་ངན་འདའ། །འདི་ཟབ་རྒྱས་གདམས་པའི་ཉིང་ཁུ་ཡིན། །ཚུལ་དེ་ལྟར་ཉམས་སུ་ལེན་ནུས་ན། །རྟེན་མི་ལུས་ཐོབ་པ་དོན་ལྡན་ཉིད། །ཚིག་དེ་སྐད་པདྨ་བི་ཛ་ཡས། །ལུས་བསྐྱེད་པའི་དྲིན་ལྡན་པྲཛྙཱའི་ངོར། །ཚིག་ཉུང་གསལ་གོ་བདེའི་ཚུལ་གྱིས་གདམས། །དགེ་དེ་ཡིས་མཐའ་ཡས་སྐྱེ་དགུ་ཀུན། །མགོན་དགེ་བའི་བཤེས་ཀྱི་རྗེས་བཟུང་ཞིང་། །ཆོས་ཐེག་མཆོག་སྙིང་པོའི་གསེང་ལམ་ནས། །ཀུན་བཟང་གི་དགོངས་པ་མངོན་བྱེད་ཤོག །
༄༅། །ན་མོ་གུ་རུ། གནས་མཐའ་མེད་འཁོར་བའི་འཇིག་རྟེན་ན། །སྡུག་བསྔལ་དང་འཇིགས་ཚོགས་བསམ་མི་ཁྱབ། །དེ་བསམ་བཞིན་སྙིང་རླུང་ལྡང་ལ་ཉེ། །ཚུལ་དེ་ལས་སྐྱོབ་ནུས་དཀོན་མཆོག་གསུམ། །དོན་དེ་ཕྱིར་སྙིང་ནས་སྐྱབས་སུ་མཆི། །དུས་ཐོག་མེད་འཁོར་བར་ཡུན་རེ་རིང་། །ལུས་མ་བླངས་བྱ་བ་གཅིག་ཀྱང་མེད། །དོན་དེ་ཕྱིར་འགྲོ་ཀུན་ཕ་མ་དངོས། །ཁོང་སྟོང་ཉིད་སྙིང་རྗེས་སྒྲོལ་བའི་ཕྱིར། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ། །རང་ཐ་མལ་གནས་པའི་སྤྱི་བོའི་གཙུག །གདན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རང་དྲིན་ཐོབ་རྩ་བའི་བླ་མ་དེ། །སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས། །དཔལ་བཞད་པ་རྡོ་རྗེ་རིན་པོ་ཆེ། །སྐུ་སྔོ་སངས་རས་དཀར་བླ་གོས་ཅན། །ཕྱག་གཡོན་པ་བདེ་སྟོང་ཐོད་ཞལ་འཛིན། །གཡས་སོར་མོ་ཞལ་འགྲམ་ལོགས་སུ་སྦྱར། །སྐུ་མཚན་དཔེའི་གཟི་མདངས་ཡ་ལ་ལ། །གསུང་གང་འདུལ་ཆོས་དབྱངས་འུ་རུ་རུ། །ཐུགས་བདེ་སྟོང་མཁྱེན་བརྩེའི་ཡེ་ཤེས་རྒྱས། །བདག་མོས་པའི་བུ་ལ་ཐུགས་རྗེས་གཟིགས། །རྗེ་དྲན་ནོ་དྲིན་ཆེན་བླ་མ་དྲན། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་གཟིགས། །མི་བདག་ལ་རེ་ས་ཁྱེད་ལས་མེད། །རྗེ་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ། །ཕྱི་སྣང་བའི་ཡུལ་ལ་ཕར་བལྟས་པས། །དོན་མི་རྟག་སྒྱུ་མའི་གྲོང་ཁྱེར་འདྲ། །མི་སྐྱེས་པ་འདི་ཚོའི་འཆི་ལུགས་ལ། །རང་སྒྱུ་མའི་ལུས་འདིས་བསླུ་བསླུ་འདྲ། །སྤྲང་གློ་བུར་ཤི་ན་ཅི་ཙུག་བྱེད། །འདི་བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །ཕ་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་རྗེ། །སྒོས་{དགོས}འདུས་པ་འདི་ཚོའི་འབྲལ་ལུགས་ལ། །གཉེན་མཛའ་གྲོགས་འདིས་ཀྱང་བསླུ་བསླུ་འདྲ། །སྤྲང་གཏན་གྱི་གྲོགས་པོ་གང་དུ་འཚོལ། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ ནོར་བསགས་པ་འདི་ཚོའི་འཛད་ལུགས་ལ། །ཟང་ཟིང་གི་ནོར་འདི་བསླུ་བསླུ་འདྲ། །སྤྲང་གཏན་གྱི་ནོར་སྐལ་གང་དུ་བཙལ། །འདི་བསམ་ཞིང་༴ ཕ་ཐུག་རྗེས༴ སྔོན་བརྩེགས་པ་འདི་ཚོའི་ཞིག་ལུགས་ལ། །རང་གནས་མལ་འདིས་ཀྱང་བསླུ་བསླུ་འདྲ། །སྤྲང་གཏན་གྱི་ས་མཁར་གང་དུ་འཛིན། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ ཁོང་མཐོན་པོའི་ཐ་མ་ལྷུང་ལུགས་ལ། །སྟོབས་ཁེ་གྲགས་འདིས་ཀྱང་བསླུ་བསླུ་འདྲ། །ད་སྤྲང་བའི་འདུན་མ་གང་དུ་འཆའ། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ ནང་སྒྱུ་མའི་ལུས་ལ་ཚུར་བལྟས་པས། །ལུས་མི་རྟག་ཆུ་ཡི་ལྦུ་བ་འདྲ། །དབུགས་མི་རྟག་སྟོན་ཀའི་ན་བུན་བཞིན། །ཚེ་ངེས་མེད་རླུང་གསེབ་མར་མེ་དངོས། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ གཞོན་སོ་དཀར་གྱི་སྣང་བ་ཡུད་ཀྱིས་ཐལ། །རྒས་འཇིགས་གཟུགས་གཤིན་རྗེའི་ཕོ་ཉས་ཟིན། །ལུས་སྒྱུ་མའི་གཡར་ཁང་འཇིག་ལ་ཉེ། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ ཚུར་རང་གི་སེམས་ལ་ནན་བརྟགས་པས། །རྒྱུད་མ་དུལ་ནགས་མཐའི་མི་རྒོད་འདྲ། །ཆོས་ཐོས་པ་ཡོད་དེ་ཉམས་ལེན་མེད། །ཚིག་ཁ་བཤད་ཤེས་ཀྱང་ལག་ལེན་དཀོན། །དོན་རང་རྒྱུད་མ་དུལ་སུ་བས་ལོད། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ ཚེ་གང་དུ་དགྲ་བཏུལ་གཉེན་བསྐྱངས་ཀྱང་། །དགྲ་ཐུལ་དང་གཉེན་ལ་འཁྱོང་དུས་ཅི། །ལས་ཅི་བྱས་རང་ཐོག་ས་སྤུངས་དངོས། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ མགོན་ཐུབ་པའི་བསྟན་སྒོར་ཞུགས་རློམ་ཡང་། །ངེས་འབྱུང་དང་ཕན་སེམས་དག་སྣང་བྲལ། །སྡོམ་གསུམ་ཡང་མིང་སྐམ་ཙམ་དུ་ལུས། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ རྒྱུད་དྲན་པ་དང་ཤེས་བཞིན་ཉམས་པའི་རྒྱུས། །སྡིག་ལྟུང་དང་ཉེས་བྱས་ཆར་བཞིན་བབས། །བཤགས་སྡོམ་དང་གཉེན་པོའི་དགེ་སྦྱོར་དབེན། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ དོན་འཆི་བ་སྐད་ཅིག་མ་དྲན་རྒྱུས། །ཅི་བྱེད་ཀུན་ཚེ་འདིའི་ལག་ཆར་སོང་། །དུས་དོ་ནུབ་འཆི་ན་ཅི་ཚུག་བྱེད། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ སྤྱིིར་གནད་གཅོད་ཀྱི་སྡུག་བསྔལ་བཟོད་གླགས་མེད། །སྒོས་{དགོས}བར་དོའི་ཡུལ་ན་འཇིགས་པ་ཆེ། །ཡང་དགོས་སུ་འཁོར་བའི་སྡུལ་བསྔལ་ཚད་བཟུང་བྲལ། །འདི་བསམ་ཞིང་༴ ཕ་ཐུགས་རྗེས༴ དུས་ལན་གཅིག་རྙེད་པའི་དལ་འབྱོར་འདི། །དོན་མེད་དུ་གཏོང་བའི་སྙིང་རུལ་པོ། །གནས་ངན་འགྲོའི་གཅོང་རྡོ་བྱས་ཀྱིས་དོགས། །འདི་བསམ་བཞིན་སྐྱོ་བ་གཏིང་ནས་སྐྱེས། །འདི་བསམ་བཞིན་འགྱོད་པའི་མེ་ཡིས་གདུང་། །འདི་བསམ་བཞིན་སྙིང་རྩ་དབང་མེད་འདར། །ཕ་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་རྗེ། །ཚེ་འདིར་སྣང་ཞེན་པ་ཆོད་པ་དང་། །ལས་ཅི་བྱེད་གཞན་དོན་འགྱུར་བ་རུ། །ཕ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །སེམས་རང་ངོ་སྤྲོད་ཅིག་རས་པ་རྗེ། །ཚིག་དེ་སྐད་སྙིང་ནས་གསོལ་བཏབ་རྒྱུས། །ཕ་བླ་མ་རྗེ་བཙུན་སྤྲུལ་པའི་སྐུས། །ཐུགས་དགྱེས་པའི་ཉམས་འགྱུར་དང་བཅས་ཏེ། །གསུང་གྲགས་སྟོང་མགུར་དབྱངས་འདི་ལྟར་སྒྲོགས། །ཀྱེ་ལེགས་པར་གསོན་དང་དད་པ་ཅན། །ངག་ལྷང་ལྷང་འབོད་པའི་གདུང་ཡུས་ཅན། །སྙན་ལྷན་ནེར་གཏོད་དང་ཕ་ཡི་བུ། །དོན་སེམས་ལ་སྐོར་དང་སྐལ་བ་ཅན། །ནང་རང་རྒྱུད་ཆོས་ཀྱིས་མ་ཐུལ་ན། །ཚིག་གོ་བ་ཡོད་པས་ཅི་ལ་ཕན། །ཞེ་གཏིང་ནས་ངེས་འབྱུང་མ་སྐྱེས་ན། །གཏམ་སྨྲ་བ་མང་པོས་སུ་ལ་ཅི། །སེམས་མོས་གུས་སྙིང་ལ་མ་ཤར་ན། །ངག་འོ་དོད་བོས་པས་ཅི་ལ་ཕན། །ཆོས་རང་གི་སེམས་དང་མ་འདྲེས་ན། །མིང་ཆོས་པར་བཏགས་ཀྱང་དགོས་པ་ཆུང་། །དོན་དེ་ཕྱིར་རང་གི་སེམས་ལ་སྐོར། །མགོན་མཚུངས་མེད་རྫོགས་པའི་སངས་རྒྱས་དེས། །ཆོས་ཐམས་ཅད་མི་རྟག་ཉིད་དུ་གསུངས། །འདི་གདམས་ངག་ཡིན་ཀྱང་གོ་མཁན་དཀོན། །ཚིག་ཁ་ལ་ཁྱེར་ཀྱང་བསམ་མཁན་མེད། །དོན་བསམས་ཀྱང་རྒྱུད་ལ་འབྱོར་པ་དཀོན། །དེ་དཀོན་པས་ཅི་བསམ་ཕྱིན་ཅི་ལོག །ལས་ཅི་བྱེད་ཚེ་འདིའི་ལག་ཆར་ཤོར། །ཆོས་བྱེད་སྙམ་ངང་དུ་མི་ཚེ་ཟད། །ཚུལ་གང་ལྟར་བསམས་ཀྱང་ཡི་མུག་རྒྱུ། །མིང་ཇི་ལྟར་བཏགས་ཀྱང་ཐ་མལ་པ། །འདི་འཆི་བ་སྙིང་ནས་མ་དྲན་སྐྱོན། །དོན་དེ་ཕྱིར་མི་རྟག་སྐྱོ་ཤས་བསྐྱེད། །ལམ་ཟབ་མོ་བླ་མའི་གདམས་ངག་གིས། །རྒྱུ་ཀུན་འབྱུང་ས་བོན་མ་བཅོམ་ན། །འབྲས་འཁོར་བའི་སྐྱེ་རྒྱུན་མི་ཆད་པས། །འགོག་ཞི་བའི་བདེ་བ་ནམ་ཞིག་ཐོབ། །དོན་དེ་ཕྱིར་བླ་མའི་གདམས་ངག་སྒོམས། །སྤྱིར་ངེས་འབྱུང་རྒྱུད་ལ་མ་སྐྱེས་ན། །གཞི་ཚུལ་ཁྲིམས་བསྲུང་ཡང་ལེགས་སྨོན་ཙམ། །དེས་ཐར་པར་བགྲོད་ལ་ཕན་རྒྱུ་ཆུང་། །དོན་དེ་ཕྱིར་བཅོས་མིན་ངེས་འབྱུང་བསྐྱེད། །བྱམས་སྙིང་རྗེ་གཏིང་ནས་མ་འབྱོངས་ན། །མིང་བྱང་སེམས་བཏགས་ཀྱང་བཟང་བརྫུ་ཡིན། །རྣམ་མཁྱེན་གྱི་འབྲས་བུ་དེ་ལ་རིང་། །བུ་གཞན་ཕན་སྒོམས་ཤིག་སྐལ་བ་ཅན། །ཅིར་སྣང་ཀུན་བདེན་མེད་མ་ཤེས་ན། །བདེན་ཞེན་གྱི་དམིགས་པའི་འཛིན་སྟངས་འདིས། །སྲིད་རྩ་ཡི་བདག་འཛིན་མི་ཆོད་པས། །བུ་བདག་མེད་གཉིས་ལ་གོམས་འདྲིས་མཛོད། །རང་སེམས་སངས་རྒྱས་སུ་ངོ་སྤྲོད་བླ་མ་དེ། །ཆོས་མདོ་རྒྱུད་ཀུན་ནས་རྒྱལ་བར་བསྟན། །ཡོན་ཏན་ལ་བསམས་ན་ཚད་བཟུང་བྲལ། །བཀའ་དྲིན་ལ་བསམས་ན་འཁོར་ཐབས་ཅི། །སྐྱོན་མཐོང་ཀུན་རང་བློའི་དྲི་མ་ཡིན། །དཔེ་མིག་སྐྱོན་ཅན་གྱི་དུང་མཐོང་འདྲ། །བུ་མོས་གུས་མ་ལྡོག་གསོལ་བ་ཐོབ། །ཐབས་ལམ་གྱི་ཁ་ཕོ་མང་ལགས་ཀྱང་། །ཚེ་འདི་ལ་གྲོལ་བྱེད་ཐེག་རྩེའི་གནད། །ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དེ། །མོས་གུས་ཀྱི་ཕ་ཕོག་མ་ལགས་སམ། །སྣང་སྲིད་ཀུན་དག་མཉམ་ཆོས་སྐུའི་ཞིང་། །སྡུག་ཀུན་འདི་བདེ་བར་མ་ཤར་ན། །མཚན་རྟོག་གི་ལྷ་སྒོམ་འཆིང་བའི་རྒྱུ། །བུ་དག་པ་རབ་འབྱམས་འཁོར་ལོར་སྦྱོངས། །ཅིར་སྣང་ཀུན་བླ་མར་མ་ཤར་ན། །གཟུང་འཛིན་གྱི་དགྲ་ལ་ཟད་མཐའ་མེད། །རེ་དོག་གི་འཕྲང་ལས་ཐར་དུས་ཅི། །ཐམས་ཅད་ཀུན་བླ་མར་ཤེས་ཙ་ན། །བྱིན་རླབས་ལ་མི་འབྱུང་གཅིག་ཀྱང་མེད། །སྣང་སྲིད་ཀུན་བླ་མའི་རོལ་པར་ཤར། །གདམས་ངག་ལ་མི་འཆར་གང་ཡང་མེད། །ཕྱི་ཡུལ་གྱི་སྣང་བ་སྣ་ཚོགས་འདི། །དོན་མ་བརྟགས་ཉམས་དགའ་བརྟགས་ན་དབེན། །ནན་བརྟགས་ན་སྐྱེ་སོགས་མཚན་མས་སྟོང་། །གཟུགས་སྣང་སྟོང་སྒྱུ་མའི་རོལ་མོ་འདི། །དོན་བླ་མའི་སྐུ་ཡི་རྡོ་རྗེ་ཡིན། །བསྐྱེད་རིམ་གྱི་ཉམས་ལེན་འདི་ལ་འདུས། །བུམ་དབང་གི་ལམ་ཁྱེར་འདི་རང་ལགས། །སྙན་མི་སྙན་གྱི་སྒྲ་སྐད་སྣ་ཚོགས་པ། །འདི་དོན་ལ་མེད་དེ་བྲག་ཆ་འདྲ། །མིང་ཚིག་ཀུན་བརྗོད་པའི་མཐའ་ཡིས་སྟོང་། །གྲགས་སྟོང་འདི་གསུང་གི་རྡོ་རྗེ་ཡིན། །བརྗོད་བྲལ་འདི་གཉུག་མ་ནཱ་དའི་སྒྲ། །གསལ་སྟོང་འཛིན་མེད་འདི་གསང་དབང་ལམ་ཁྱེར་ལགས། །ནང་ཡིད་ཀྱི་འགྱུ་བ་སྣ་ཚོགས་འདི། །དཔེ་དངོས་མེད་བར་སྣང་བསིར་བུ་འདྲ། །འདི་བཟུང་བས་མི་ཟིན་བཏང་ན་ཟིན། །བདེ་སྡུག་གི་མཚན་མ་རང་སར་ཞིག །ཅིར་ཤར་ཀུན་ཆོས་སྐུའི་ཡོ་ལང་ཆེ། །སེམས་དྲན་སྟོང་འདི་ཐུགས་ཀྱི་རྡོ་རྗེ་ཡིན། །སེམས་ཉིད་བདེ་སྟོང་འདི་གསང་དབང་ལམ་ཁྱེར་ལགས། །དབྱིངས་ཀ་དག་གདོད་མའི་གཤིས་ལུགས་སུ། །གཟུང་འཛིན་གྱི་སྤྲོས་པ་རང་སར་གྲོལ། །ཚིག་ཐ་སྙད་ཀྱི་བརྗོད་པས་མ་བསླེབས་པའི། །བློ་བྲལ་གྱི་རིག་པ་རྗེན་ནེ་བ། །དོན་རིག་སྟོང་འདི་ཡེ་ཤེས་རྡོ་རྗེ་ལགས། །ཚིག་དབང་གི་ངོ་ཏི་འདི་རང་ཡིན། །ལམ་ཀུན་གྱི་སྐྱེལ་སོ་འདི་ལ་ཐུག །དོན་དབང་བཞི་སེམས་ལ་མ་རྫོགས་ན། །གཞན་བསྐུར་ཐོབ་མང་པོ་སྤྲོས་པའི་རྒྱུ། །ནང་རང་སེམས་སངས་རྒྱས་སུ་མ་ཤེས་ན། །ཚིག་ཐ་སྙད་མང་ཡང་འཆིང་བའི་གཟེབ། །དོན་བློ་བྲལ་གྱི་གཤིས་ལ་མ་ཕེབས་ན། །ཉམས་ཟ་ཟི་མང་ཡང་མགོ་སྐོར་ཡིན། །རང་སེམས་གཉུག་མ་འདི་བླ་མར་མ་རྟོགས་ན། །ཀུན་རྫོབ་ཀྱི་བླ་མ་འདུ་འབྲལ་བྱེད། །འདི་གོའམ་སྐལ་ལྡན་དད་པ་ཅན། །དེ་གོ་ན་བདག་དང་འདུ་འབྲལ་མེད། །གཉིས་བརྗོད་མེད་ངང་དུ་ཨེ་མ་ཧོ། །མདངས་འགག་མེད་ཀྱི་རོལ་པ་ཨ་ལ་ལ། །རྩལ་ཤར་གྲོལ་རྗེས་མེད་ཀྱི་ཀློང་དུ་ཨ། །དོན་སྐུ་གསུམ་དང་འདུ་འབྲལ་མེད་དོ་ཧོ། །ཚིག་དེ་སྐད་གསུངས་ནས་སྙིང་དབུས་བྱོན། །རང་གཉུག་མའི་སེམས་དང་ལྷན་ཅིག་འདྲེས། །དཔེ་ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དོན་བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་རྟོག་ཞིག །ལྷན་སྐྱེས་ཀྱི་འོད་གསལ་མངོན་དུ་བྱས། །རྗེས་ཐོབ་ཏུ་ཅིར་སྣང་བླ་མར་ཤར། །དགེ་འདི་ཡིས་བདག་དང་མཁའ་མཉམ་འགྲོ། །དཔལ་བཞད་པ་རྡོ་རྗེའི་སྐུ་འགྲུབ་ནས། །དོན་གཉིས་ཀྱི་འབྲས་བུའི་གཏེར་ཁ་བཞད། །ཁམས་གསུམ་གྱི་འཁོར་བ་དོང་སྤྲུགས་ཤོག །ཚུལ་དེ་སྐད་དད་དམ་ལྡན་པ་འགས། །ཡང་ཡང་དུ་ནན་གྱིས་བསྐུལ་བའི་ངོར། །བན་ཅོལ་ཆུང་པདྨ་རྣམ་རྒྱལ་གྱིས། །འཕྲལ་གང་ཤར་མགྲིན་པའི་རྟ་ལ་བསྐྱོན། །ཐུགས་དགྱེས་པར་མཛོད་ཅིག་གྲོགས་པོ་དག །དོན་ཅི་བསམ་ཡིད་བཞིན་འགྲུབ་པར་ཤོོག །
༄༅། །རིག་འཛིན་ཤྲཱི་སེདྷ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བཞུགས། ཨཱཿ ཡེ་གྲོལ་ཀ་དག་གཉུག་མའི་མཁར། །རང་གྲོལ་གདོད་མའི་ཧེ་རུ་ཀ །ཞལ་ཕྱག་འཛིན་པ་ལས་འདས་དབྱིངས། །གང་འདུལ་ཕྱག་རྒྱར་རོལ་པའི་གར། །དཔལ་གྱི་སེང་གེ་གྲུབ་བརྒྱའི་མེས། །འོད་གསལ་ཐིག་ལེ་ཉག་གཅིག་ཞལ། །རྡོ་རྗེའི་ལྟ་སྟངས་མཁའ་ལ་བསྒྱུར། །ལྔ་ལྡན་འཇའ་འོད་ཟེར་ཕྲེང་ཀློང་། །སྡིགས་མཛུབ་རྡོ་རྗེའི་ཐོད་ཞལ་བསྣམས། །དར་དང་རིན་ཆེན་རུས་པས་བརྒྱན། །བདེ་སྟོང་རྡོ་རྗེའི་བརྡ་གླུ་བསྒྱུར། །དྲན་པ་ཙམ་གྱིས་མཆོག་སྟེར་བའི། །སྐྱབས་ཀུན་ངོ་བོར་ལྷམ་མེར་གསལ། །ཐ་དད་ཞེན་རྟོག་འཛིན་བྲལ་བར། །རོ་མཉམ་རྟོག་པའི་དཔའ་གདེང་གིས། །རང་ངོ་ཤེས་པའི་ཕྱག་གིས་འདུད། །ཡིད་དཔྱོད་བྲལ་བའི་མཆོད་སྤྲིན་འབུལ། །འཁྲུལ་རྟོག་ཡེ་སངས་ཆེན་པོར་བཤགས། །བཏང་བཞག་བྲལ་བར་རྗེས་ཡི་རང་། །རྒྱུད་ཆད་མེད་པའི་ཆོས་འཁོར་བསྐོར། །བློ་བྲལ་རྗེན་པར་བཞུགས་གསོལ་འདེབས། །དགེ་ཚོགས་འོད་གསལ་ཆེན་པོར་བཤགས། །རང་བྱུང་འདུས་མ་བྱས་པའི་དབྱིངས། །ཟབ་གསལ་གཉིས་མེད་བདེ་བ་ཆེ། །མཆོག་ཏུ་མི་འགྱུར་གདོད་མའི་མགོན། །མཁས་པ་ཤྲཱི་སེདྷ་ཀྱེ། །བདག་ལ་རེ་ས་གཞན་ན་མེད། །འབྲལ་མེད་ཐུགས་རྗེས་རྗེས་དགོངས་ཏེ། །དགོངས་བརྒྱུད་བྱིན་རླབས་འཕོ་བ་ཡི། །དབང་བཞི་སྐུར་ཅིག་དྲིན་ཆེན་རྗེ། །བླ་མའི་གནས་གསུམ་རྡོ་རྗེའི་ཟེར། །རང་གི་སྒོ་གསུམ་ལ་ཐིམ་པས། །དབང་བཞིས་རྒྱུད་སྨིན་སྒྲིབ་བཞི་སྦྱངས། །སྐུ་བཞིའི་ཡེ་ཤེས་མངོན་བྱེད་གྱུར། །མཐར་ནི་བླ་མ་རང་ལ་ཐིམ། །འོད་གསལ་གཉུག་མའི་ཐིག་ལེ་ཆེ། །བློ་བྲལ་ཆོས་སྐུ་རྗེན་པའི་ཞལ། །རིག་སྟོང་ཟང་ཐལ་ཀློང་དུ་ཨཱཿ། །དེ་སྐད་རྣམ་པར་རྒྱལ་བའི་སྡེས། །ཡིད་ལ་གང་ཤར་ཐོལ་བྱུང་ཕྲེང་། །ཞིང་སྐྱོང་དགྱེས་པའི་གསོས་སུ་ཕུལ། །དགེ་བས་སྐུ་གསུམ་ཀློང་གྲོལ་ཤོག །༈ ཚོགས་མཆོད་སྤྲོ་ན། ཨཱཿ གཟུང་འཛིན་མཚན་བྲལ་ཀ་པཱ་ལར། །ཅིར་སྣང་འདོད་ཡོན་ཚོགས་སུ་བཤམས། །ཞེན་འཛིན་བྲལ་བའི་བདུད་རྩིར་བརླབས། །རིག་སྟོང་སྐུ་གསུམ་ལྷ་ལ་འབུལ། །འཁྲུལ་རྟོག་ཡེ་གྲོལ་ཆེན་པོར་བཤགས། །གཉིས་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ། །ཀ་དག་རྒྱལ་ས་ཟིན་པར་མཛོད། །ཅེས་པའང་བི་ཛས་སོ། །༈ ཨེ་མ་ཧོ། མཐའ་བརྒྱད་སྤྲོས་བྲལ་དབུ་མའི་གྲོང་ཁྱེར་མཆོག །སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ན། །རིག་སྟོང་མི་ཤིགས་ཐིག་ལེ་མཚོ་སྐྱེས་རྗེ། །ཚོགས་བརྒྱད་དག་པའི་རིག་འཛིན་ཚོམ་བུས་མཛེས། །དུས་གསུམ་གཤེགས་བཞུགས་འཕོ་འགྱུར་བགྲེས་རྒུད་བྲལ། །འོད་གསལ་རང་བཞིན་བདེ་ཀློང་གཅིག་ཏུ་འཁྱིལ། །ཐིག་ལེ་ཉག་ཅིག་འཁོར་འདས་ཀུན་གྱི་གཞི། །ཞལ་ཕྱག་འཛིན་པ་དག་པའི་དབྱིངས་ཆེན་པོར། །འཁོར་འདས་རོ་མཉམ་རྟོགས་པའི་ཕྱག་གིས་འདུད། །ཚོགས་དྲུག་རང་སར་གྲོལ་བའི་འདོད་ཡོན་སྤྲིན། །ཨ་ཧཾ་འབར་འཛག་ཞུ་བདེ་ལྷན་ཅིག་སྐྱེས། །རྣམ་ཀུན་མཆོག་ལྡན་ཟག་མེད་མཆོད་སྤྲིན་གྱིས། །བློ་བྲལ་གཉུག་མ་དོན་གྱི་གུ་རུ་མཆོད། །ཀ་དག་ཕྱམས་བདལ་ཆེན་པོའི་གཤིས་ལུགས་ལ། །གཟུང་འཛིན་མཚན་མའི་རྟོག་ཚོགས་རང་སར་དག །འཁོར་འདས་སྤང་བླང་འཁྲུལ་གྲོལ་གཉིས་ཆོས་ཚོགས། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཀློང་དུ་བཤགས། །ཡེ་གྲོལ་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས། །རོལ་པ་འཁོར་འདས་སྤྲིན་ཚོགས་ཅིར་སྣང་ཡང་། །གདོད་ནས་རྣམ་དག་དབྱིངས་ཀྱི་རྒྱན་ཆེན་པོར། །རྫོགས་པས་བསལ་བཞག་བྲལ་བར་རྗེས་ཡི་རང་། །ཅེར་གྲོལ་ཅོག་བཞག་ཆེན་པོའི་སྨན་ཆེན་གྱིས། །ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་རིམས་ནད་དཔུང་། །མ་བཅོས་གཉུག་མའི་ཀློང་དུ་གཞིལ་མཛད་པའི། །བརྗོད་བྲལ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ། །མཐའ་གྲོལ་བློ་འདས་རིག་པའི་དཔའ་བོ་ཡིས། །མཐར་འཛིན་བློས་བྱས་གྲུབ་མཐའི་འཆི་བདག་དཔུང་། །མཐར་བྱས་འཆི་མེད་གཉུག་མའི་ཐིག་ལེ་ཆེར། །དུས་གསུམ་དུས་མེད་རྟག་པར་བཞུགས་གསོལ་འདེབས། །སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་གར་བཞིན། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་རྒྱུན། །འོད་གསལ་ཆོས་ཉིད་ཀློང་དུ་བསྔོ་བགྱིད་ན། །འགྲོ་ཀུན་ཡེ་དག་ཀུན་བཟང་གནས་ཐོབ་ཤོག །སྐུ་གསུམ་མཉམ་ཉིད་རང་རིག་བྱང་ཆུབ་སེམས། །དོན་དམ་མ་ཧཱ་གུ་རུའི་དཀྱིལ་འཁོར་ལྷར། །རང་བབས་གཉུག་མ་དོན་གྱིས་གསོལ་འདེབས་ན། །བསྐུར་ཐོབ་བྲལ་བའི་དབང་མཆོག་སེམས་ལ་བསྐུར། །སེམས་བྱུང་རྟོག་པའི་དྲི་མ་དབྱིངས་སུ་སངས། །ཀ་དག་ཆོས་ཟད་དགོངས་པ་མངོན་གྱུར་ནས། །འོད་གསལ་ལྷུན་གྲུབ་སྣང་བཞིའི་གསེང་ལམ་ཆེར། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ། །བདེ་གཤེགས་སྙིང་པོའི་རང་བཞིན་འགྲོ་བ་རྣམས། །གཟུང་འཛིན་འཁྲུལ་པའི་སྦུབས་རྒྱ་ལས་གྲོལ་ནས། །རྣམ་གྲོལ་ཡོན་ཏན་འཛད་མེད་རྒྱལ་བའི་ཁམས། །ཀ་དག་གདོད་མའི་གྲོལ་སར་དབང་འབྱོར་ཤོག །ནང་གི་རྣལ་འབྱོར་ཟབ་མོ་དང་། །འབྲེལ་བའི་བླ་མ་སྒྲུབ་པའི་ཐབས། །སྔགས་བན་པདྨ་རྣམ་རྒྱལ་གྱིས། །བདེ་ཆེན་འོད་གསལ་ཕུག་ཏུ་བཀོད། །༈ ཨེ་མ་ཧོ། གཟུང་འཛིན་རྟོག་ཚོགས་དབུ་མར་ཐིམ་པའི་རྩལ། །འོག་མིན་གསང་ཆེན་རྡོ་རྗེའི་ཕོ་བྲང་དབུས། །རང་ཉིད་གཞི་ལུས་ཀུན་བཟང་ཡབ་དང་ཡུམ། །མཉམ་པའི་ཕྱག་རྒྱ་རྡོར་དཀྱིལ་པད་ཟླར་རོལ། །སྤྱི་བོར་དྭངས་མ་ལྔ་ལྡན་ཐིག་ལེའི་དབུས། །ཤེས་རིག་མ་བཅོས་དོན་གྱི་ཀློང་ཆེན་པ། །དཀར་གསལ་ཞི་འཛུམ་པཎྜི་ཏ་ཡི་ཆས། །ངལ་གསོའི་ཕྱག་རྒྱ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་སྲོག་འོད་ཀྱིས་རྩ་རྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་སྤྲིན། །ཉི་ཟེར་རྡུལ་ལྟར་སྤྱན་དྲངས་གཉིས་མེད་ཐིམ། །ཡོངས་གྲུབ་གདན་གསུམ་འཁོར་ལོའི་དཀྱིལ་འཁོར་ལྷར། །སྲིད་ཞི་མཉམ་ཉིད་རྟོགས་པའི་ཕྱག་གིས་འདུད། །སྒོ་ལྔ་རང་ཡན་ཚོགས་དྲུག་མཆོད་པ་འབུལ། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་ཀློང་དུ་བཤགས། །འཁོར་འདས་རོ་མཉམ་ངང་དུ་རྗེས་ཡི་རང་། །ལྷན་སྐྱེས་གཉུག་མ་དོན་གྱི་ཆོས་འཁོར་བསྐོར། །འཕོ་མེད་རྟག་པ་དམ་པའི་ངོ་བོར་བཞུགས། །ཟུང་འཇུག་འོད་གསལ་ཆེན་པོར་བསྔོ་བར་བགྱི། །ཀུན་ཁྱབ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབྱིངས། །འཁོར་འདས་ཡེ་དག་འོད་གསལ་འདུས་མ་བྱས། །མ་བཅོས་རང་ཤར་དོན་གྱི་ཀློང་ཆེན་པར། །འདུད་དོ་འཁོར་འདས་གཞི་ཟད་ས་ལ་སྐྱོལ། །བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །ཆར་ལྟར་བབས་པས་རང་ལུས་ལྟེམ་གྱིས་གང་། །དབང་བསྐུར་སྒྲིབ་བྱང་གདོད་མའི་གྲུབ་མཐའ་སྙེགས། །དེ་མཐར་བླ་མ་འོད་ཞུ་རང་ལ་ཐིམ། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་ཀློང་དུ་ཨཱཿ། །རྗེས་ཐོབ་ཅིར་སྣང་བླ་མའི་ངོ་བོར་སད། །དགེ་བས་འགྲོ་ཀུན་ཀུན་བཟང་ཀློང་གྲོལ་ཤོག །མོས་གུས་ཉམས་ཀྱི་རྩལ་སྒོ་ལས། །གང་ཤར་བློ་ཡིས་མ་བཅོས་པར། །སྔགས་བན་པདྨ་རྣམ་རྒྱལ་གྱིས། །བདེ་ཆེན་འོད་གསལ་ཕུག་ཏུ་བཀོད། །
༄༅། །བླ་མའི་རྣལ་འབྱོར་འཁྲུལ་རྟོག་དབྱིངས་གཅོད་བཞུགས། ཕཊཿ སྨྲ་བསམ་བརྗོད་མེད་ཤེར་ཕྱིན་ཉིད། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་ཨ་མ་ལབ་སྒྲོན་དང་། །དབྱེར་མེད་རང་རིག་བླ་མར་འདུད། །ཕཊཿ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ། །སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་མཆོག་བཏང་སྙོམས་ལ་གནས་ཤོག །ཕཊཿ རང་ལུས་ཐ་མལ་གནས་པ་ཡི། །མདུན་མཁར་པདྨ་ཉི་མའི་སྟེང་། །དྲིན་ལྡན་རྩ་བའི་བླ་མ་དང་། །དབྱེར་མེད་ཨ་མ་ལབ་ཀྱི་སྒྲོན། །དཀར་གསལ་ཕྱག་གཉིས་ཌཱ་དྲིལ་འཁྲོལ། །སྤྱན་གསུམ་མཁར་གཟིགས་བརྐྱང་བསྐུམ་རོལ། །སྙན་གོང་དམ་པ་རྒྱ་གར་དང་། །ཕག་མོ་ལྷ་ལྔ་དབུ་ཡི་སྟེང་། །ཤཱཀྱ་ཐུབ་རྣམ་སྣང་སྒྲོལ་མ་ཡུམ། །དཀོན་མཆོག་གྲུབ་ཐོབ་རྒྱ་མཚོས་བསྐོར། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །ཕཊཿ དོན་དམ་ཤེས་རབ་ཕར་ཕྱིན་ལ། །རང་ངོ་ཤེས་པའི་ཕྱག་གིས་འདུད། །འདུ་འབྲལ་མེད་པའི་མཆོད་པ་འབུལ། །གཟུང་འཛིན་འཁྲུལ་རྟོག་དབྱིངས་སུ་བཤགས། །སྲིད་ཞི་མཉམ་ཉིད་རྗེས་ཡི་རང་། །སྨྲ་བསམ་བརྗོད་བྲལ་ཆོས་འཁོར་བསྐོར། །དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །ཡུམ་ཆེན་དགོངས་པ་མངོན་གྱུར་ཤོག །ཕཊཿ སྐྱབས་ཀུན་འདུས་ཞལ་བླ་མ་དང་། །དབྱེར་མེད་ཨ་མ་ལབ་ཀྱི་སྒྲོན། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕཊཿ མ་གཅིག་གཙོ་མོའི་གནས་གསུམ་གྱི། །འབྲུ་གསུམ་བདུད་རྩིའི་འོད་ཟེར་འཕྲོས། །བདག་གི་གནས་གསུམ་ཐིམ་པ་ཡིས། །སྒོ་གསུམ་རྡོ་རྗེ་གསུམ་ཐོབ་ཤོག །ཕཊཿ རང་སེམས་དབྱིངས་ཐོན་རྣལ་འབྱོར་མས། །རང་ལུས་ཐོད་བྲེགས་སྒྱེད་པུར་བཙུགས། །ཤ་ཁྲག་དྲོད་དབུགས་བདུད་རྩིར་སྦར། །ཟག་མེད་འདོད་ཡོན་མཁའ་ཁྱབ་སྤེལ། །ༀ་ཨཱཿཧཱུྃ། ཕཊཿ བདག་ལུས་ཟག་མེད་ཚོགས་མཆོད་འདིས། །མཆོད་ཡུལ་རྒྱལ་མཚོའི་ཐུགས་དམ་བསྐང་། །སྦྱིན་ཡུལ་ཡན་ཆགས་མགྲོན་ཀུན་ཚིམ། །བར་ཆད་ཀུན་ཞི་ཚོགས་རྫོགས་ཤོག །ཕཊཿ ཐོགས་བཅས་ཡུལ་གྱི་འཁྲི་བ་ཆོད། །ཐོགས་མེད་རེ་དོགས་གཉིས་འཛིན་དག །དགའ་བྲོད་ཉམས་ཀྱི་འཆིང་ལས་གྲོལ། །སྙེམས་བྱེད་བདག་འཛིན་རྩད་ཆོད་ཤོག །ཕཊཿ ཅེས་འདི་གཅོད་མཁན་ཕུར་ལོ་ཡིས། །རིང་མོའི་ལམ་ནས་བསྐུལ་བའི་ངོར། །པདྨ་རྣམ་པར་རྒྱལ་བས་བྲིས། །དགེ་བས་ཡུམ་དོན་མངོན་གྱུར་ཤོག །༈ ཨེ་མ་ཧོཿ རང་སྣང་ལྷུན་གྲུབ་འོད་གསལ་དག་པའི་ཞིང་། །ཕུན་ཚོགས་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས། །རྩ་བའི་བླ་མ་ཨོ་རྒྱན་པདྨ་འབྱུང་། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །བདག་དང་འགྲོ་ཀུན་གུས་པས་ཕྱག་འཚལ་ཞིང་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོད་བཤགས་སྡོམ། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །རྒྱལ་ཀུན་འདུས་ཞལ་རང་བྱུང་སྤྲུལ་པའི་སྐུ། །འཕགས་བོད་ཀུན་དུ་བསྟན་པའི་སྒྲོན་མེ་སྦར། །གདུལ་དཀའ་འདུལ་མཛད་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་[རློབས་ཞུ་མཆན། ]། །འབྱུང་བཞིའི་གཡོ་འཁྲུགས་ནད་མཚོན་དུག་སྦྱོར་སོགས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །ཆོས་མཐུན་བསམ་པའི་དོན་ཀུན་འགྲུབ་པ་དང་། །དབང་བསྐུར་བྱིན་རློབས་སྨིན་གྲོལ་དངོས་གྲུབ་སྩོལ། །ཅེས་མོས་ལ་སིདྡྷི་ཅི་འགྲུབ་གསོལ་འདེབས་ཀྱི་ཚུལ་དུ་བཟླ། མཐར། གུ་རུ་དགྱེས་པས་འོད་ཞུ་རང་ལ་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་དུས་གཅིག་ཐོབ། །སྒོ་གསུམ་གཟུང་འཛིན་འཁྲུལ་པའི་དྲི་མ་སྦྱངས ། །ཅིར་སྣང་ལྷ་སྔགས་ཆོས་སྐུའི་རོལ་པར་ཤར། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །མཚོ་སྐྱེས་རྒྱལ་བས་འབྲལ་མེད་རྗེས་བཟུང་ནས། །ས་བཅུ་ལམ་ལྔའི་ཡོན་ཏན་རབ་རྫོགས་ཏེ། །ཨོ་རྒྱན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྣམ་པར་དཀར་བའི་ཐུགས་འདུན་ཅན་མཚོ་སྣ་རྫོང་ལྕམ་བཀྲ་ཤིས་ལྷ་མོའི་ཞལ་འདོན་རྒྱུར་ཞེ་ཆེན་པས་འཕྲལ་མར་སྤེལ་བ་དགེ། ༈ ན་མོ་གུ་རུ། དང་བའི་ཡིད་མཁར་དད་བརྒྱའི་ཆུ་འཛིན་དབུས། །དྲན་མཆོག་མགོན་པོ་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེད་རྩལ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་དབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་སྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །དབང་བསྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །གུ་རུའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་བདག་གི་གནས་གསུམ་ཐིམ། །དབང་བསྐུར་སྒྲིབ་སྦྱངས་སྨིན་གྲོལ་མཆོག་ཐོབ་ནས། །བླ་མ་འོད་ཞུ་རང་དང་གཉིས་མེད་གྱུར། དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་དང་ནམ་ཡང་མི་འབྲལ་ཞིང་། །ས་བཅུ་ལམ་ལྔའི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དད་དམ་རྨད་བྱུང་གར་དབང་ཆེ་མཆོག་ལགས་ཀྱི་ཞལ་འདོན་རྒྱུར་སྙོམ་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་པ་དགེ།
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་འདོད་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་ར་ཡེ། འདིར་དད་དམ་སྐལ་བ་དང་ལྡན་པའི་གང་ཟག་གིས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་འགྲོ་བས་རྟེེན་བསྐྱེད་པ་ནི། མདུན་གྱི་ནམ་མཁའ་འཇའ་ཟེར་ཐིག་ལེའི་དབུས། །སེང་ཁྲི་པད་ཟླར་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས། །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་འཛིན། །ཁ་ཊྭཱཾ་གཡོན་བརྟེན་ཤ་བའི་སྙན་ཞུ་གསོལ། །གསང་ཕོད་སྣམ་སྦྱར་ཟབ་བེར་བརྗིད་པར་བཀླུབས། །རྡོ་རྗེའི་སྐྱིལ་ཀྲུང་དགྱེས་འཛུམ་འོད་ཟེར་འབར། །མཐའ་བསྐོར་རྩ་གསུམ་དཀྱིལ་འཁོར་སྤྲིན་ལྟར་གཏིབས། །དྲན་པས་གདུང་སེལ་མཆོག་གི་ངོ་བོར་བཞུགས། །ཞེས་མོས་ལ་ཡན་ལག་བདུན་པ་འབུལ་པ་ནི། གང་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་སྤྲིན། །སྤྲོ་བསྡུའི་བྱེད་པོ་ཨོ་རྒྱན་རྡོ་རྗེ་འཆང་། །གང་དང་དབྱེར་མེད་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་བཤགས། །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་མོས་ལ། གསོལ་འདེབས་ཀྱི་དངོས་གཞི་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་ལ་སྙིང་པོ་བྱ། མཐར། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི། །ཡེ་ཤེས་གཅིག་བསྡུས་མཉམ་མེད་གུ་རུ་རྗེར། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །དབང་བསྐུར་བྱིན་རློབས་སྨིན་གྲོལ་དངོས་གྲུབ་སྩོལ། །ཅེས་གསོལ་བ་བཏབ་པས། འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། །གུ་རུའི་གནས་གསུམ་འབྲུ་གསུམ་རྡོ་རྗེའི་ཟེར། །བདག་ལ་ཐིམ་པས་དབང་བསྐུར་སྒྲིབ་བཞི་བྱང་། །ལམ་བཞིའི་སྣོད་གྱུར་སྐུ་བཞིའི་སྐལ་ལྡན་གྱུར། །ཅེས་མོས་ལ། མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་མདངས། །རྗེས་ཐོབ་གང་ཤར་བླ་མའི་རོལ་པར་བལྟ། །ཞེས་པའི་ལམ་ཁྱེར་དང་མ་བྲལ་བར་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །ཞེས་པའང་དད་དམ་བསླབ་གསུམ་རྨད་བྱུང་ལུང་རྟོགས་མཐར་ཕྱིན་གྱི་ཐུགས་བཞེད་བཞིན། ཤཱཀ་བཙུན་རྒན་བུ་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱིས་དམར་སེར་ཅན་གྱི་ལོ་ས་ག་ཟླ་བའི་འཕེལ་ཕྱོགས་ཀྱི་ཚེས་བཅུ་ཉིན་བྲིས་པ་སྐྱེ་ཀུན་རྗེ་བཙུན་མ་ཧཱ་གུ་རུས་རྗེས་སུ་འཛིན་པའི་གྱུར་གྱུར་ཅིག། །།
༄༅། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྩོལ་བཞུགས། ཨཱཿ སྟོང་དང་རྟེན་འབྱུང་ཟུང་དུ་ཚོགས་པ་ཡི། །འོད་གསལ་རང་མདངས་དག་པའི་ཞིང་གི་དབུས། །རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔྱིད། །རྣམ་རོལ་མ་འགགས་ཀུན་མཁྱེན་ཀློང་ཆེན་པ། །ཞི་འཛུམ་དགྱེས་ཉམས་པཎྜི་ཏ་ཡི་ཆས། །ངལ་གསོའི་ཕྱག་རྒྱས་ཨུཏྤལ་གླེགས་རལ་འཛིན། །འཁོར་དུ་རབ་འབྱམས་རྩ་གསུམ་སྤྲིན་ལྟར་འཁྲིགས། །ཐུགས་ཀའི་འོད་ཀྱིས་དགོངས་བརྒྱུད་བླ་མའི་ཚོགས། །སྤྱན་དྲངས་དམ་ཚིག་རྟེན་དང་གཉིས་མེད་བཞུགས། །ཞིང་རྡུལ་ལུས་སྤྲུལ་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་འགྱོད་བཤགས་བསྡོམ། །འཁོར་འདས་ལམ་གྱི་དགེ་རྩར་རྗེས་ཡི་རངས། །སྲིད་ཞི་མཉམ་ཉིད་ངང་དུ་རྟག་བཞུགས་ནས། །ངེས་དོན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འདིས་མཚོན་དགེ་ཚོགས་བླ་མེད་བྱང་ཆུབ་ཆེར། །ཡོངས་བསྔོ་རྒྱལ་བ་དགྱེས་པའི་འབབ་སྟེགས་ཤོག །མཁྱེན་རབ་ཟུར་ཕུད་ལྔ་པའི་རང་མདངས་གར། །བརྩེ་ཆེན་ཕྱག་ན་པདྨའི་མཁའ་དབྱིངས་སུ། །མངོན་སྣང་གསང་བདག་ནུས་པའི་ཚ་ཟེར་ཅན། །འཇིག་རྟེན་མིག་གཅིག་ངག་གི་དབང་པོར་འདུད། །རབ་འབྱམས་ཤེས་བྱའི་ཆོས་ཀུན་ཧུབ་གཅིག་གིས། །ཉེར་དྲངས་གཙུག་ལག་བྱེ་བའི་གངྒཱའི་རྒྱུན། །ལེགས་སྐྱུག་ཐུབ་བསྟན་མཚོ་ཆེན་རྒྱས་མཛད་པའི། །སྨྲ་བའི་ཟླ་བ་ཀུན་མཁྱེན་བླ་མར་འདུད། །རྒྱ་ཆེན་སྤྱོད་གཞུང་གཏིང་ཟབ་ཆུ་གཏེར་ཆེ། །ཟབ་མོ་ལྟ་བའི་ནོར་བུའི་བཅུད་ཀྱིས་གཏམས། །རྣམ་དག་རིགས་པའི་རླབས་ཕྲེང་འབུམ་གཡོ་བའི། །ཐུབ་བསྟན་ཡོངས་ཀྱི་མངའ་བདག་ཁྱོད་ལ་འདུད། །ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པས། །གྲོལ་བ་དྲུག་ལྡན་འདོད་དགུའི་ཆར་སྦྱིན་པའི། །ས་གསུམ་འགྲན་བྲལ་མཆོག་ལ་གསོལ་བ་འདེབས། །མཚན་ཐོས་ཙམ་གྱིས་སྙིང་གི་མུན་སེལ་ཞིང་། །ལྷན་སྐྱེས་ཡེ་ཤེས་རྩོལ་མེད་བསྐྱེད་མཛད་པའི། །ཡེ་ཤེས་སྒྱུ་མའི་གར་མཁན་ཀློང་ཆེན་པར། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །དེང་སང་སྙིགས་མ་ལྔ་ཡི་མཐར་ཐུག་པས། །ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པའི་སྙིང་པོ་ཕལ་ཆེར་ནུབ་ལ་ཉེ། །འདི་ལ་ཐུགས་རྗེས་དགོངས་ཤིག་ཀུན་མཁྱེན་རྗེ། །ཀློག་པ་ཕལ་ཆེར་རང་འདོད་གྲུ་མཐའ་འཆའ། །སྒོམ་པ་ཕལ་ཆེར་ཡིད་དཔྱོད་མཐའ་ལ་ཞེན། །ཟབ་གནད་འདི་ཞེས་ངེས་པ་རྙེད་དཀའ་བས། །ཡིད་ལ་ཡེ་ཤེས་འཇུག་པ་མྱུར་སྩོལ་མཛོད། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །སྟོང་དང་རྟེན་འབྱུང་ཟུང་འཇུག་དབུ་མ་ཆེར། །བྱམས་འཇམ་བརྒྱུད་པའི་མན་ངག་གཅིག་ཏུ་འདྲེས། །ངེས་དོན་ཟབ་མོའི་སྤོབས་པ་རྒྱས་བྱིན་རློབས། །ཁྱད་པར་རྒྱལ་བ་རིག་འཛིན་བརྒྱུད་པ་ཡི། །དགོངས་པའི་གསང་མཛོད་ཡོ་ག་རྣམ་གསུམ་གྱི། །བསྟན་པའི་སྙིང་པོ་ཕྱོགས་མཐར་རྒྱས་པ་དང་། །ཟབ་དགོངས་མཐའ་དག་ཇི་བཞིན་རྟོགས་བྱིན་རློབས། །རང་དོན་ཐོས་བསམ་སྒོམ་པའི་ལུས་སྟོབས་རྒྱས། །གཞན་དོན་འཆད་རྩོད་རྩོམ་པའི་གད་རྒྱངས་སྒྲོགས། །གཉིས་དོན་འཁོར་ལོ་གསུམ་གྱི་གཡུ་རལ་མཛེས། །སྨྲ་བའི་སེང་གེ་ཁྱེད་དང་མཚུང་པར་ཤོག །ཅེས་མོས་ལ། ༀ་ཨཱཿབཛྲ་མ་ཧ་གུ་རུ་བི་མ་ལ་རསྨི་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་ཞིང་དབང་བཞི་ལེན་པའི་དམིགས་གནད་ཡང་ཡང་བྱའོ། །མཐར། བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །རིག་སྟོང་ཟུང་འཇུག་ལྷན་སྐྱེས་བདེ་བ་ཆེ། །མ་བཅོས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ། །ཞེས་མོས་ལ་མཉམ་པར་བཞག་ཅིང་དགེ་བ་བསྔོའོ། །ཞེས་པའང་ཚེ་རབས་ཀུན་ཏུ་ཀུན་མཁྱེན་བླ་མའི་བྲན་དུ་སྨོན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་གསོལ་བ་བཏབ་པ་དགེ། ༈ སྐྱེ་མེད་ཀ་དག་སྤྲོས་པ་བྲལ་བའི་ཀློང་། །འོད་གསལ་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་གདངས། །ཤར་གྲོལ་རྗེས་མེད་རིག་རྩལ་རོལ་པའི་གར། །རང་རིག་དཔལ་མགོན་བླ་མར་གསོལ་བ་འདེབས། །ཡིད་དཔྱོད་གཟུང་འཛིན་སྦུབས་རྒྱ་ལས་གྲོལ་བའི། །བརྗོད་བྲལ་ཟང་མ་ཐལ་བྱུང་རིག་པའི་གཤིས། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ཡིས། །གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་བྱིན་རློབས། །ཞེས་པའང་རྗེ་དབོན་དམ་པ་ན་ཐའི་མཚན་ཅན་གྱི་བཞེད་ངོར་བི་ཛས་གང་ཤར་བརྗོད་པ་དགེ།
༄༅། །ཀུན་མཁྱེན་ཆེན་པོའི་བླ་མའི་རྣལ་འབྱོར་ནི། ཨཱཿ འོད་གསལ་ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་ཀློང་། །ཀ་དག་གདོད་མའི་མགོན་པོ་ཀློང་ཆེན་པ། །དཀར་གསལ་མཛེས་འཛུམས་ངལ་གསོའི་ཕྱག་རྒྱ་ཅན། །དྲན་པས་མཆོག་སྟེར་སྐྱབས་ཀུན་ངོ་བོར་གསལ། །ཡེ་ཤེས་སྐུ་ཅན་གདོད་མའི་མགོན་པོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་གསོལ་བ་འདེབས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་ཟུངས་ལ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་དང་། ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་རསྨི་སརྦ་སདྡྷི་ཧཱུྃ། ཞེས་བཟླ། མཐར། བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཡེ་ཤེས་དགོངས་པའི་རྩལ་དབང་སེམས་ལ་རྫོགས། །རིག་སྟོང་ཆོས་ཟད་དགོངས་པ་བླ་མའི་ཞལ། །དུས་བཞི་མཉམ་ཉིད་ཀློང་དུ་ཨེ་མ་ཧོ། །ཞེས་མོས་ལ་མཉམ་པར་བཞག་གོ །ཞེས་པའང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བླ་མ་དམ་པ་འོད་གསལ་འཇའ་ལུས་རྡོ་རྗེའི་ཐུགས་བཞེད་བཞིན་པདྨ་དགྱེས་པས་བྲིས་པ་དགེ། ༄༅། །རྗེ་བླ་མའི་རྣལ་འབྱོར་སྙིང་པོར་དྲིལ་བ་ནི། ཨཱཿ ཀ་དག་སྤྲོས་པ་བྲལ་བའི་དབྱིངས། །ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་སྦུབས། །རིག་རྩལ་མ་འགགས་བླ་མ་རྗེ། །ཀུན་མཁྱེན་འཇམ་དཔལ་དགྱེས་པའི་ཞབས། །ཞི་འཛུམ་པཎྜི་ཏ་ཡི་ཆས། །དཀར་གསལ་ཆོས་འཆད་གླེགས་རལ་འཛིན། །མཚན་དཔེའི་གཟི་འབར་ལྷམ་མེར་བཞུགས། །རང་རིག་དོན་གྱི་བླ་མ་ལ། །རང་ངོ་ཤེས་པའི་ཕྱག་གིས་འདུད། །ཅིར་སྣང་རྒྱན་ཤར་མཆོད་སྤྲིན་འབུལ། །རང་གྲོལ་མཚན་མེད་དབྱིངས་སུ་བཤགས། །ཡིད་དཔྱོད་བྲལ་བས་རྗེས་ཡི་རང་། །དྲན་པ་རང་ཟད་ཆོས་འཁོར་བསྐོར། འོད་གསལ་འཁོར་ཡུག་ཀློང་དུ་བཞུགས། །དགེ་ཚོགས་འདུས་མ་བྱས་དབྱིངས་བསྔོ། །སྲིད་ཞི་མཉམ་ཉིད་རྟོགས་གྱུར་ཅིག །ཅེས་དང་ཞལ་གསུང་གསོལ་འདེབས་གང་འོས་མཚན་སྔགས་ཀྱང་བཟླས་མཐར། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་ཅིང་ཅིར་སྣང་བླ་མའི་རོལ་པར་ལྟ་བའི་མོས་གུས་དང་མ་བྲལ་བར་བྱའོ། །ཞེས་པའང་བླ་མ་རིན་པོ་ཆེ་འོད་གསལ་མཆོག་གི་བཞེད་སྐོང་དུ་བི་ཛ་ཡས་བྲིས་ཤིང་གསོལ་བ་བཏབ་པ་དགེ།
༄༅། །དོན་དམ་བླ་མའི་རྣལ་འབྱོར་བཞུགས། ན་མོ་མ་ཧཱ་སིནྡྷ་ཡེ། ཡེ་གྲོལ་ཀ་དག་གདོད་མའི་གཤིས། །སྐུ་གསུམ་འདུ་འབྲལ་མེད་པ་ལ། །རང་ངོ་ཤེས་པས་སྐྱབས་མཆི་ཞིང་། །ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ། །ཨཱཿ ཀ་དག་གཏིང་གསལ་འདུས་མ་བྱས། །ལྷུན་གྲུབ་འོད་ལྔའི་ཐིག་ལེ་ཆེར། །རིག་རྩལ་མ་འགགས་བླ་མའི་སྐུ། །ཞལ་ཕྱག་འཛིན་པ་ལས་འདས་པའི། །ཝཾ་ཡིག་འགྱུར་མེད་བདེ་བ་ཆེ། །ཨེ་ཡིག་སྟོང་ཆེན་ཡུམ་དང་སྦྱོར། །ཟུང་འཇུག་སྤྲོས་པ་ཀུན་བྲལ་བའི། །ཡེ་ཤེས་རྒྱ་མཚོའི་འཁོར་དང་བཅས། །སྲིད་ཞི་ཀུན་ཁྱབ་ཆེན་པོར་གསལ། །མཉམ་ཉིད་ཀློང་ནས་སྤྱན་འདྲེན་གཤེགས། །དབྱིངས་རིག་འདུ་འབྲལ་མེད་པར་བཞུགས། །ཡིད་དཔྱོད་མཚན་འཛིན་བྲལ་བས་འདུད། །གང་ཤར་རང་གྲོལ་མཆོད་སྤྲིན་འབུལ། །གཟུང་འཛིན་དབུ་མའི་དབྱིངས་སུ་བཤགས། །བློ་བྲལ་ཆེན་པོར་རྗེས་ཡི་རང་། །ཡེ་གྲོལ་གཉུག་མའི་ཆོས་འཁོར་བསྐོར། །རྒྱུན་ཆད་མེད་པར་བཞུགས་གསོལ་འདེབས། །འཁོར་གསུམ་རྟོག་བྲལ་དབྱིངས་སུ་བསྔོ། །ༀ། སྣང་སྟོང་སྐུ་ཡི་རྡོ་རྗེ་ལ། །ཞེན་འཛིན་བྲལ་བས་གསོལ་བ་འདེབས། །གཟུགས་སྣང་ལྷ་སྐུའི་ཕྱག་རྒྱར་གྲོལ། །བུམ་དབང་རྟོགས་པ་མཐར་ཕྱིན་ཤོག །ཨཱཿ གྲགས་སྟོང་གསུང་གི་རྡོ་རྗེ་ལ། །སྨྲ་བརྗོད་བྲལ་བས་གསོལ་བ་འདེབས། །འགྲོ་འོང་སྲོག་རྩོལ་དབུ་མར་དག །གསང་དབང་རྟོགས་པ་མངོན་གྱུར་ཤོག །ཧཱུྃ། བདེ་སྟོང་ཐུགས་ཀྱི་རྡོ་རྗེ་ལ། །གཟུང་འཛིན་བྲལ་བས་གསོལ་བ་འདེབས། །འཕོ་མེད་བདེ་ཆེན་རྡོ་རྗེར་བསྡོམས། །ཤེར་དབང་རྟོགས་པ་མངོན་གྱུར་ཤོག །ཧྲཱིཿ། རིག་སྟོང་ཡེ་ཤེས་རྡོ་རྗེ་ལ། །དབྱིངས་རིག་འབྲལ་མེད་གསོལ་བ་འདེབས། །འོད་གསལ་སྣང་བཞིའི་གསེང་ལམ་ནས། །བཞི་པའི་ཡེ་ཤེས་མཐར་ཕྱིན་ཤོག །ཨེ་མ་ཧོ། ཅིར་སྣང་བླ་མའི་རོལ་པ་སྟེ། །གང་ཤར་ཀུན་བཟང་སྤྱོད་པའི་རྒྱན། །ཐམས་ཅད་ལྷུན་མཉམ་བདེ་བ་ཆེ། །མཉམ་རྫོགས་ཆེན་པོས་བཀྲ་ཤིས་ཤོག །དེ་སྐད་གང་ཤར་ཐོལ་བྱུང་ཚིག །འཁོར་ལོའི་དབང་ཕྱུག་སྤྲུལ་པའི་སྐུར། །དགྱེས་སྐོང་མཆོད་པའི་རྫས་སུ་ཕུལ། །རེ་དོགས་མེད་པའི་ཀློང་དུ་ཨཱཿ། །
༄༅། རྗེ་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་བཞུགས། ཨཱཿ འཁོར་འདས་ཆོས་ཀུན་འོད་གསལ་སྟོང་པའི་དབྱིངས། །མ་འགགས་རང་སྣང་དག་པའི་ཞིང་གི་དབུས། །ཕུལ་བྱུང་མཆོད་པའི་སྦྲིན་ཕུང་འཁྲིགས་པའི་ཀློང་། །རང་ཉིད་གཞི་ལུས་ཚངས་སྲས་འཕགས་མའི་སྐུའི། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །དྷཱིཿཡིག་དམར་སེར་འོད་ཀྱི་འཕྲོ་འདུ་ལས། །རིགས་ཀུན་ཁྱབ་བདག་འཇམ་དཔལ་དགྱེས་པའི་ཞབས། །རྣམ་པ་སྨྲ་བའི་སེང་གེ་རྒྱལ་ཀུན་ཡབ། །གུར་གུམ་མདོག་ཅན་བརྒྱད་གཉིས་ལང་ཚོས་སྒེག །ཟུར་ཕུད་ལྔར་འཆིང་དར་དང་རིན་ཆེན་བརྒྱན། །ཕྱག་ཟུང་ཤེས་རབ་རལ་གྲི་གླེགས་བམ་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་མུ་མེད་འོད་ཟེར་འབར། །ཐུགས་སྲོག་ཟླ་སྟེང་དྷཱིཿལས་འོད་འཕྲོས་པས། །རབ་འབྱམས་ཕྱོགས་དུས་བདེ་གཤེགས་སྲས་སློབ་བཅས། །རིགས་འདུས་བླ་མའི་ངོ་བོར་སྤྱན་དྲངས་ཐིམ། །རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ། །དྲན་པས་གདུང་སེལ་འཇམ་མགོན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆེན་སྤྱོད་པ་རྒྱ་མཚོར་རྗེས་ཡི་རངས། །འགྲོ་གནས་བར་བཞུགས་ཆོས་འཁོར་བསྐོར་བར་བསྐུལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་རྣམས་བླ་མེད་ཐེག་པའི་སྣོད་གྱུར་ཅིག །རབ་འབྱམས་རྒྱལ་ཀུན་བསྐྱེད་པའི་ཡབ་གྱུར་ཀྱང་། །སྙིང་རྗེ་ཆེན་པོས་རྒྱལ་སྲས་གཞོན་ནུའི་ཚུལ། །སྲིད་པ་ཇི་སྲིད་སྟོན་པའི་ཐུགས་རྗེ་ཅན། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་གསོལ་བ་འདེབས། །གང་གི་ཐུགས་བསྐྱེད་ཆུ་གཏེར་བསྲུབས་པ་ལས། །ཉེར་ཐོན་མཁྱེན་བརྩེའི་དཀྱིལ་འཁོར་གང་བའི་ཟླ། །མཐའ་ཡས་སྐྱེ་དགུའི་ཀུ་མུད་བཞད་པའི་མཉེན། །འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། མཁྱེན་རབ་ཕ་མཐའ་ཡས་པས་འཇམ་པའི་དབྱངས། །བརྩེ་ཆེན་ཐུགས་རྗེ་མཚུངས་མེད་པད་དཀར་འཆང་། །ནུས་མཐུ་ཚད་མེད་གསང་བདག་རྡོ་རྗེ་ཅན། །རིགས་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །ཟབ་མོ་ལྟ་བའི་གནད་ལ་ནཱ་ག་རྫུ། །རྒྱ་ཆེན་སྤྱོད་པའི་གཞུང་ལ་ཐོགས་མེད་ཞབས། །རྣམ་དག་རིགས་པའི་སྒོ་འབྱེད་ཆོས་གྲགས་དངོས། །ཟླ་བྲལ་པཎ་ཆེན་བླ་མར་གསོལ་བ་འདེབས། །གསང་ཆེན་རྒྱུད་སྡེའི་མངའ་བདག་རྒྱལ་པོ་ཛཿ། །ཟབ་དོན་སྒྲུབ་སྡེའི་མཛོད་འཛིན་རྡོ་རྗེ་ཆོས། །འོད་གསལ་ཐེག་མཆོག་བསྟན་བདག་དགའ་རབ་དངོས། །གྲུབ་བརྒྱའི་གཙུག་ནོར་མཆོག་ལ་གསོལ་བ་འདེབས། །ཁྱད་པར་ལྔ་བདོའི་རྒུད་པས་ཉམ་ཐག་ཚེ། །ཐུག་བསྐྱེད་བརྩོན་པས་ངེས་གསང་སྙིང་པོའི་བསྟན། །དབྱར་གྱི་མཚོ་ཆེན་བཞིན་དུ་རྒྱས་མཛད་པའི། །བཀའ་དྲིན་བསམ་མི་ཁྱབ་ལ་གསོལ་བ་འདེབས། །དེ་སླད་གཅམ་བུ་མིན་པའི་གདུང་དབྱངས་ཀྱིས། །རྩེ་གཅིག་གསོལ་བ་འདེབས་པ་བདག་ཅག་ལ། །ཡེ་ཤེས་དགོངས་པའི་བྱིན་ཆེན་དབབ་མཛོད་ལ། །གཟུངས་སྤོབས་བློ་གྲོས་གཏེར་ཁ་འབྱེད་དུ་གསོལ། །རྒྱ་ཆེན་ཤེས་བྱའི་གནས་ལ་རབ་ཏུ་མཁས། །བསླབ་གསུམ་ཉེས་པས་མ་གོས་བཙུན་མཐར་ཕྱིན། །བསྟན་འགྲོར་ཕན་པ་བཟང་པོའི་ཕྲིན་ལས་རྒྱས། །འབྲེལ་ཚད་དོན་དང་ལྡན་པར་མཛད་དུ་གསོལ། །མང་དུ་ཐོས་པའི་མངའ་འབངས་རྒྱ་ཆེ་ཞིང་། །བསམ་བྱུང་ཤེས་རབ་རིན་ཆེན་བདུན་དང་ལྡན། །སྒོམ་པའི་ཡོན་ཏན་སྲིད་ཞིའི་བླ་ན་འཕགས། །ངེས་དོན་ཆོས་ཀྱི་རྒྱལ་སྲིད་སྦྱིན་པར་མཛོད། །འཆད་པས་བློ་ལྡན་བྱེ་བའི་ཡིད་འཕྲོག་ཅིང་། །ལུང་རིགས་རྩོད་པས་ཕས་རྒོལ་དྲེགས་པ་བསྙིལ། །ལེགས་བཤད་རྩོམ་པས་ཐུབ་བསྟན་གསལ་ནུས་པའི། །རྣམ་དཔྱོད་མཚུངས་མེད་བདག་ལ་སྩལ་དུ་གསོལ། །ཀློག་པ་ཐོས་བསམ་རྟག་པར་གཞན་ལ་ཕན། །སྤོང་བ་བསམ་གཏན་དྲོད་རྟགས་མངོན་དུ་གྱུར། །རྣམ་དཀར་ཕྲིན་ལས་ས་གསུམ་ཡོངས་ལ་ཁྱབ། །དོན་གཉིས་མཐའ་རུ་ཕྱིན་པར་མཛད་དུ་གསོལ། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ཏེ། །མགོན་པོ་ཁྱེད་དང་མཚུངས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་ལ། བླ་མའི་ཐུགས་སྲོག་སྔགས་ཕྲེང་འཁོར་བ་ལས། །འོད་འཕྲོས་ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི། །རྡོ་རྗེའི་དམ་ཚིག་ཆེན་པོ་ཉེར་བསྐུལ་ནས། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་བྱིན་མཐུ་ཀུན། །ཡོངས་བསྡུས་ཐུགས་དབུས་སྔགས་ཀྱི་རྒྱལ་པོ་ལས། །དབྱངས་གསལ་ཡི་གེ་མར་མེའི་ཕྲེང་བ་ལྟར། །བརྒྱུད་མར་བྱུང་བ་ཞལ་ནས་རང་སྒྲར་བཅས། །བདག་གི་སྙིང་དབུས་ཞུགས་ཤིང་ཐིམ་པ་ཡིས། །མི་བརྗེད་གཟུངས་སྤོབས་བློ་གྲོས་སྣང་བ་རྒྱས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར། །ཞེས་མོས་ལ། ༀ་ཨཱཿབཛྲ་མ་ཧཱ་གུ་རུ་ཨ་ཛི་ཏ་བི་ཛ་ཡ་ཨ་ར་པ་ཙ་ན་དྷཱིཿསརྦ་སིདྡྷི་ཧཱུྃ་ཧཱུྃ་ཨཱཿ ཞེས་ཅི་ནུས་བཟླ་ཞིང་། སྤྲོ་ན། ༀ་ཧྲཱིིཿདྷཱི་མ་མེ་སོགས་དང་། མཚན་བརྗོད་རྒྱས་བསྡུས་ཀྱང་བཀླག་གོ །མཐར། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་བདག་ཐིམ་སྒྲིབ་དག་དབང་བཞི་ཐོབ། །མཐར་ནིི་བླ་མ་འོད་ཞུ་རང་ལ་ཐིམ། །རང་ཡང་མི་དམིགས་སྤྲོས་བྲལ་དབྱིངས་སུ་ཡལ། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །རིག་སྟོང་ཟུང་འཇུག་དགོངས་པ་བླ་མའི་ཞལ། །གཟུངས་སྤོབས་བློ་གྲོས་འཛད་མེད་འབྱུང་བའི་སྒོ། །གང་ཤར་སྤང་བླང་བྲལ་བའི་དབྱིངས་སུ་ཨཱཿ། །ཞེས་མཉམ་པར་བཞག་ཅིང་། སླར་ཡང་ཅིར་སྣང་བླ་མའི་རོལ་པར་ཤེས་པའི་དག་སྣང་དང་མ་བྲལ་བར་དགེ་བ་བསྔོ་ཞིང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རང་གཞན་མང་པོ་ལ་སྨན་པའི་བསམ་པས། མགོན་པོ་གང་གི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བརྒྱུད་པའི་མན་ངག་གི་གནད་སྙིང་པོར་དྲིལ་ནས་བཀོད་པ་སྟེ། འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་དཔལ་ལྡན་བླ་མའི་བྱིན་རླབས་ཞུགས་ཏེ་སྙིང་པོའི་བསྟན་པ་ཡུན་དུ་གསལ་བའི་རྒྱུར་གྱུར་ཅིག། །།
༄༅། །མི་ཕམ་འཇམ་པའི་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་དོན་སྤྲིན་ཀྱི་རོལ་མོ་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། དེ་ལ་འདིར་སྐལ་བ་མཆོག་དང་ལྡན་པ་རྣམས་ཀྱི་ཉམས་སུ་བླང་བར་བྱ་བའི་གཙོ་བོ་ནི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཡིན་ཏེ། དེའི་ཚུལ་ཉམས་སུ་ལེན་པར་འདོད་པས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བས། ཐོག་མར་རྟེན་བསྐྱེད་པ་ནི། དྷཱིཿ ཆོས་ཀུན་རྣམ་དག་རང་བྱུང་བདེ་ཆེན་ཞིང་། འོད་གསལ་རང་མདངས་དག་པའི་ཞིང་གི་དབུས། །ཕུལ་བྱུང་མཆོད་པའི་སྤྲིན་གྱི་ལྡིང་ཁང་དུ། །མདུན་མཁར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །རིགས་ཀུན་ཁྱབ་བདག་བློ་གྲོས་དྲི་མེད་ཞབས། །རྣམ་རོལ་མ་འགགས་སྨྲ་བའི་སེང་གེའི་སྐུ། །གུར་གུམ་མདོག་ཅན་མཚན་དཔེའི་གཟི་བྱིན་འབར། །ཕྱག་གཡས་རལ་གྲི་གཡོན་པས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་སྤྲས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཕུང་ཀློང་ན་འགྱིང་། གནས་གསུམ་འབྲུ་གསུམ་ཐུགས་སྲོག་དྷཱིཿཡིས་མཚན། །དམ་ཡེ་དབྱེར་མེད་གདོན་ནས་ལྷུན་གྱིས་གྲུབ། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཆེན་པོར་གསལ། །ཞེས་མོས་ལ། དེ་ནས་ཚོགས་བསགས་པ་ནི། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །གང་འདུལ་མཚན་དཔེའི་གར་རོལ་ཐམས་ཅད་མཁྱེན། །དྲན་པས་མཆོག་སྟེར་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །བདག་ལུས་ཕུང་ཁམས་དུས་གསུམ་དགེ་རྩར་བཅས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་དམིགས་ཏེ་འབུལ། །ཐོགས་མེད་དུས་ནས་ད་ལ་ཐུག་གི་བར། །མི་ཤེས་བག་མེད་ཉོན་མོངས་དབང་གྱུར་པས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཚོགས། །སྙིང་ནས་འགྱོད་བཤགས་ཕྱིན་ཆད་མི་བགྱིད་དོ། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །གསང་གསུམ་ཡོན་ཏན་གཞན་ཕན་ཕྲིན་ལས་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ཚོགས་རྒྱུན། །ཀུན་ལ་དགའ་བས་རྗེས་སུ་ཡི་རང་ངོ་། །མཁའ་མཉམ་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །རང་བཞིན་དག་པའི་ཆོས་ཉིད་རྟག་བཞུགས་པས། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །དེ་སླད་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ། །འཕགས་རྣམས་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཞིང་། །དབང་བཅུའི་གོ་འཕང་མཆོག་ལ་རྟག་གནས་ཕྱིར། །མཁའ་ཁྱབ་གདུལ་བྱ་ཡལ་བར་འདོར་མིན་པར། །གཟུགས་སྐུ་སྲིད་པ་ཇི་སྲིད་རྟག་སྣང་མཛོད། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་རྒྱུན། །འཁོར་གསུམ་རྟོག་པའི་རྙོག་མས་སླད་མིན་པར། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ་བགྱིད་ན། །འགྲོ་ཀུན་དཔལ་ལྡན་བླ་མའི་གནས་ཐོབ་ཤོག །མཁའ་ཁྱབ་འགྲོ་ཀུན་སྲིད་ལས་ངེས་སྒྲོལ་ཕྱིར། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །སྨོན་འཇུག་རང་བཞིན་ཀུན་རྫོབ་དོན་དམ་སེམས། །བྱང་ཆུབ་སྙིང་པོའི་བར་དུ་བཟུང་བར་བགྱི། །སྒོ་གསུམ་བརྩོན་པ་རྟག་ཏུ་དོན་ཡོད་ཅིང་། །ཉིན་མཚན་མི་དལ་ཐེག་ཆེན་ཆོས་མཆོག་བཟུང་། །སྲས་བཅས་རྒྱལ་བའི་ཕྲིན་ལས་ཁུར་ཁྱེར་བས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །སླར་ཡང་རྩེ་གཅིག་ཏུ་འདོད་པའི་དོན་ལ་གསོལ་བ་བཏབ་པ་ནི། རབ་འབྱམས་རྒྱལ་བའི་མཁྱེན་རབ་ཕུང་པོ་ལ། །འཇམ་པའི་རྡོ་རྗེར་རབ་བསྔགས་ཡེ་ཤེས་སེམས། །གང་དང་དབྱེར་མེད་དཔལ་ལྡན་བླ་མ་ལ། །རྩེ་གཅིག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཤིན་ཏུ་རྙེད་དཀའི་རྟེན་བཟང་ཐོབ་དུས་འདིར། །མི་རྟག་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །བཅོས་མིན་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་མང་དུ་ཐོས་པས་ཕྱུག །བྱང་ཆུབ་སེམས་འབྱོར་ཟབ་མོའི་གནས་ལུགས་རྟོགས། །རིམ་གཉིས་མཐར་ཕྱིན་ས་ལམ་དྲོད་ཚད་རྙིང་། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་འཇམ་མགོན་ཐུགས་རྗེའི་ཟླ་ཟེར་གྱིས། །གཟུངས་སྤོབས་བློ་གྲོས་བྱེ་བའི་ཀུ་མུཏ་བཞད། །ཕུལ་བྱུང་འཆད་རྩོད་རྩོམ་པའི་ཟིལ་དངར་གྱིས། །སྐལ་བཟང་རྐང་དྲུག་རེ་སྐོང་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་མཐུས་བླ་མ་ཡི། །ཐུགས་སྲོག་དྷཱིཿལས་དབྱངས་གསལ་སྔགས་ཀྱི་ཕྲེང་། །མར་མེའི་ཕྲེང་ལྟར་རང་སྒྲ་སྒྲོག་བཞིན་པ། །དཔག་མེད་འཕྲོས་ནས་རང་གི་སྙིང་དབུས་ཞུགས། །ཇི་ལྟ་ཇི་སྙེད་མཁྱེན་པའི་དཔལ་ཐོབ་གྱུར། །ཅེས་མོས་ལ་གསོལ་འདེབས་ཀྱི་ཚུལ་དུ། ༀ་ཧྲཱིིཿདྷཱིཿམ་མེ་དཱི་པྃ་མཉྫུ་ཤྲཱི་མུྃ་ཧྲཱིིཿ པྲཛྙཱ་ཝརྡྷ་ནི་ཧྲཱིཿངྷཱིིཿསྭཱ་ཧཱ། ཞེས་དང་། སྤྲོ་ན་མཚན་སྔགས་དང་དབྱངས་གསལ་ཡང་བརྗོད་ཅིང་ཡི་གེའི་སྒྲ་དོན་ལའང་སེམས་གཞོལ། མཐར། བླ་མའི་གནས་གསུམ་འབྲུ་གསུམ་ཐུགས་སྲོག་ལས། །འོད་འཕྲོས་བདག་ཐིམ་དབང་ཐོབ་སྒྲིབ་བཞི་སྦྱངས། །ལམ་བཞིའི་སྣོད་གྱུར་སྐུ་བཞིའི་རྟེན་འབྲེལ་སྒྲིགས། །མཐར་ནི་དགྱེས་པས་རང་གི་སྙིང་གར་བྱོན། །བྱང་ཆུབ་བར་དུ་འབྲལ་བ་མེད་བཞུགས་ནས། །ཟབ་གསལ་གཉིས་མེད་ཡེ་ཤེས་ཆེན་པོའི་མདངས། །གཟུངས་སྤོབས་བློ་གྲོས་མུ་མེད་འཆར་བར་མོས། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །སྐྱེ་ཀུན་འཇམ་མགོན་བླ་མས་རྗེས་བཟུང་མཐུས། །མཁྱེན་གཉིས་ཡེ་ཤེས་སྣང་བ་སྒྲིབ་མེད་རྒྱས། །སྐུ་བཞིའི་གོ་འཕང་མངོན་དུ་བྱེད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ནས། དུས་རྒྱུན་དུ་བདེན་གཉིས་དབྱེར་མེད་ཟབ་མོའི་གནས་ལུགས་ལ་མཉམ་པར་བཞག་ཅིང་ཅིིར་སྣང་བླ་མའི་རོལ་པར་བལྟ་བའི་ལམ་ཁྱེར་དང་སྙིང་རྗེ་ཆེན་པོས་གཞན་ཕན་གྱི་ཕྲིན་ལས་ལ་རྟག་ཏུ་རོལ་པས་རང་གཞན་བསྟན་འགྲོའི་དོན་རྒྱ་ཆེན་པོ་ལ་བརྩོན་པར་བྱའོ། །ཞེས་པའང་འཁོར་ལོའི་མགོན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཡང་སྤྲུལ་བཀའ་དྲིན་ཟླ་བྲལ་འཇམ་དབྱངས་དགའ་བའི་གོ་ཆས་བཀའ་སྩལ་སྤྱི་བོར་ཕེབས་པ། གུས་པ་མཆོད་དེ་རྒྱལ་སྲས་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སུ་འབོད་པས་འོག་མིན་བླ་མའི་གཟིམས་སྤྱིལ་དུ་གང་ཤར་ཡུད་ཙམ་ལ་བྲིས་ཏེ་ཕུལ་བའི་ཡི་གེ་པ་ནི་མཆོག་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མཛད་པ་སྟེ། འདིས་ཀྱང་སྐྱེ་ཀུན་བླ་མ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
༄༅། །རྒྱལ་བའི་སྲས་པོ་ཀརྨ་བཀྲ་ཤིས་འོད་ཟེར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྦྱིན་ཞེས་བྱ་བཞུགས། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། འདིར་སྐལ་བ་མཆོག་དང་ལྡན་པ་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ནི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྩོན་པ་ཉིད་ཡིན་ལ། དེའི་ཚུལ་ཉམས་སུ་ལེན་པ་ལ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། སྐྱབས་སེམས་སྔོན་དུ་འགྲོ་བས། རྟེན་བསྐྱེད་པ་ནི། ཨཱཿ འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་དབྱིངས། །འོད་གསལ་རང་མདངས་གྲུབ་པའི་གཞལ་མེད་ཁང་། །ཕུན་ཚོགས་མཆོད་པའི་སྤྲིན་ཕུང་གཏིབ་པའི་དབུས། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྒྱལ་ཀུན་འདུས་ཞལ་དྲིན་ཆེན་མངྒ་ལ། །དཀར་གསལ་བགྲེས་ཚུལ་སྒོམ་ཞུ་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་ལྟ་སྟངས་མཁའ་ལ་གཟིགས། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་གྱིས་བསྐོར། །དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྱིས་གྲུབ། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཆེན་པོར་གསལ། །ཞེས་མོས་ལ་ཡན་ལག་བདུན་པ་འབུལ་བ་ནི། རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔྱིད། །ལུང་རྟོགས་ཐེག་གསུམ་ཆོས་ཀྱི་འབྱུང་གནས་ཆེ། །བསྟན་འཛིན་མཁས་གྲུབ་བྱེ་བའི་གཙུག་ནོར་མཆོག །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྣོད་བཅུད་དཔལ་འབྱོར་ལྷ་མིའི་འབྱོར་པའི་ཚོགས། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་རྩར་བཅས། །མ་ལུས་བློས་བསྡམས་ཡིད་སྤྲུལ་ཀུན་བཟང་སྤྲིན། །ཕྱི་མའི་མུ་མཐར་ཁྱབ་པས་ཀུན་ཏུ་མཆོད། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །བཅས་དང་རང་བཞིན་འགལ་བའི་ཉེས་ལྟུང་ཚོགས། །བྱང་ཆུབ་ལམ་གྱི་གེགས་གྱུར་མཆིས་སོ་ཅོག །སྙིང་ནས་འགྱོད་པས་མཐོལ་བཤགས་སྡོམ་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོ་ཇི་སྙེད་ཀྱི། །ལེགས་སྤྱད་དགེ་བའི་དངོས་པོ་མཆིས་ཀུན་ལ། །སྡང་དང་ཕྲག་དོག་བློ་ངན་ཀུན་བཏང་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །སྡུག་བསྔལ་སྲིད་པའི་འཁྲི་ཤིང་དྲུང་འབྱིན་ཅིང་། །ཀུན་འབྱུང་ཉེས་པའི་དྲི་མ་འཁྲུད་པའི་ཆབ། །ལམ་བདེན་ཟག་མེད་བདུད་རྩིའི་ཆར་ཆེན་པོ། །གདུལ་བྱའི་ཞིང་སར་རྟག་པར་འཇོོ་བར་མཛོད། །ཆོས་ཀྱི་དབང་ཕྱུག་འཆི་བདག་བདུད་བཅོམ་པས། །སྐྱེ་འཇིག་མཚན་མའི་སྤྲོས་པ་ལས་འདས་ཀྱང་། །གདུལ་བྱའི་ཡུལ་ལ་སྣང་བ་གཟུགས་ཀྱི་སྐུ། །སྲིད་པ་ཇི་སྲིད་ནམ་ཡང་མི་སྒྲིབ་གསོལ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །འཁོར་གསུམ་དམིགས་པའི་མཚན་མས་བསླད་མིན་པར། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ་བགྱིད་ན། །སྲས་བཅས་རྒྱལ་བའི་དགོངས་མཚོར་རོ་མཉམ་ཤོག །ཅེས་དང་། ཀརྨ་བཀའ་བརྒྱུད་བསྟན་པའི་སྣང་བྱེད་མཆོག །བཀྲ་ཤིས་ཡོན་ཏན་བྱེ་བའི་འོད་ཟེར་ཅན། །ཞི་བའི་སྙིང་པོ་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཞེས་ཕུར་ཚུགས་སུ་གསོལ་བ་གདབ། སྤྲོ་ན། ༀ་ཨཱཿགུ་རུ་ཀརྨ་མངྒ་ལ་རསྨི་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། མཐར་དབང་ལེན་པ་ནི། འཁོར་རྣམས་འོད་ཞུ་བླ་མའི་སྐུ་ལ་ཐིམ། །བླ་མའི་གནས་གསུམ་འབྲུ་གསུམ་བདུད་རྩིའི་ཟེར། །བདག་ཐིམ་དབང་ཐོབ་སྒྲིབ་སྦྱང་རྡོ་རྗེ་བཞིའི། །རྟེན་འབྲེལ་ལེགས་འགྲིགས་སྐུ་བཞིའི་སྐལ་ལྡན་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །འོད་གསལ་ཕྱག་རྒྱ་ཆེན་པོའི་ཀློང་དུ་ཨཱཿ། །ཞེས་ཅི་གནས་སུ་མཉམ་པར་བཞག་ལ་བསྔོ་བ་བྱ། རྗེས་ཅིར་སྣང་བླ་མའི་ལམ་ཁྱེར་དང་མ་འབྲལ་བར་བྱའོ། །ཞེས་པའང་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་ཚབ་ཚ་ཉ་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན། མགོན་པོ་གང་གི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོས་ལེན་པའི་བཙུན་པ་ཀརྨ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་ཤིང་གསོལ་བ་བཏབ་པའི་ཡི་གེ་པ་ནི་མཁྱེན་རབ་དང་ལྡན་པར་རུ་སྤྲུལ་སྐུ་འཇམ་དབྱངས་ལགས་ཀྱིས་བགྱིས་པ་སྟེ། འདིས་ཀྱང་རང་རིག་བླ་མའི་ངོ་བོར་རྟོགས་པའི་རྒྱུར་གྱུར་ཅིག ༈ ཚོགས་མཆོད་འབུལ་བར་སྤྲོ་ན། ༀ་ཨཱཿཧཱུྃ། ཟག་མེད་ཏིང་འཛིན་སྒྱུ་མའི་བཀོད་པའི་སྤྲིན། །ཕུལ་བྱུང་འདོད་ཡོན་ཡེ་ཤེས་རོལ་པའི་རྒྱན། །མ་ཚང་མེད་པའི་མཆོད་ཚོགས་རྒྱ་ཆེན་པོ། །ཡེ་ཤེས་སྐུ་ཅན་རྩ་གསུམ་འདུས་པའི་བདག །དཔལ་མགོན་བླ་མ་གདན་གསུམ་འཁོར་ལོར་འབུལ། །སྡོམ་དང་དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང་། །རྡོ་རྗེའི་ཡེ་ཤེས་དེང་འདིར་འབེབས་པར་མཛོད། །ཅེས་བརྗོད་ལ་འབུལ་ལོ། །ཞེས་པའང་དམ་པ་མཆོག་གི་བཞེད་ངོར་སླར་བྲིས་པ་དགེ།
༄༅། །བླ་མའི་རྣལ་འབྱོར་མོས་གུས་སྤྲིན་གྱི་རོལ་མོ་བཞུགས་སོ། །ན་མོ་གུ་ར་བྷྱཿ རང་སེམས་ཆོས་སྐུར་སྟོན་མཛད་པའི། །བླ་མ་མཆོག་ལ་ཕྱག་བྱས་ནས། །མདོ་སྔགས་ལམ་གྱི་ཟབ་གནད་ཕུལ། །བླ་མ་སྒྲུབ་པའི་མན་ངག་བྲི། །ན་མོ། ཕྱོགས་བཅུ་དུས་བཞིའི་སྐྱབས་ཀུན་འདུས་པའི་བདག །རིགས་འདུས་མ་ཧཱ་གུ་རུ ར་སྐྱབས་སུ་མཆི། །འགྲོ་ཀུན་གདོད་མའི་གྲོལ་སར་དབུགས་དབྱུང་ཕྱིར། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །ཨེ་མ་ཧོ། སྣོད་བཅུད་རྣམ་དག་འོག་མིན་བདེ་ཆེན་ཞིང་། །སྐུ་དང་ཐིག་ལེ་འཇའ་འོད་ཟེར་འཕྲེང་འཕྲོ། །ཡེ་ཤེས་རང་རྩལ་མཆོད་པའི་ལྡིང་ཁང་དབུས། །རང་ཉིད་གཞི་ལུས་རྣལ་འབྱོར་མར་གསལ་བའི། །མདུན་གྱི་ནམ་མཁའ་ཆུ་སྐྱེས་ཉི་ཟླའི་སྟེང་། །རིགས་ཀུན་བདག་པོ་པདྨ་གར་གྱི་དབང་། །རྣམ་རོལ་མ་འགགས་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་དམར་མཛེས་འཛུམ་རྡོ་རྗེ་ཐོད་བུམ་འཛིན། །གྲུ་མོར་གསང་བའི་ཡུམ་མཚོན་ཁ་ཊྭཱཾ་འཁྱུད། །པད་ཞྭ་གསང་ཕོད་ཆོས་གོས་བེར་ཕྱམ་གསོལ། །རིན་ཆེན་རྒྱན་ལྡན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཤར་དུ་བཀའ་བབས་བདུན་ལྡན་མདོ་སྔགས་གླིང་། །ལྷོོ་རུ་ཤེས་བྱ་ཀུན་གཟིགས་ཨ་ཛི་ཏ། །ནུབ་ཏུ་རྒྱལ་བའི་སྲས་པོ་མངྒ་ལ ། །བྱང་དུ་བཀའ་དྲིན་མཚུངས་མེད་བདེ་ཆེན་རྒྱལ། །ཤར་ལྷོོར་མཁས་མཆོག་འཇིགས་མེད་ཆོས་ཀྱི་དབང་། །ལྷོོ་ནུབ་མཁན་ཆེན་པདྨ་བཛྲ་རྗེ། །ནུབ་བྱང་ཀརྨ་ཆོས་ཀྱི་ཉིན་མོར་བྱེད། །བྱང་ཤར་འཇམ་དབྱངས་དགའ་བའི་བློ་གྲོས་སོགས། །དབང་བསྐུར་རྒྱུད་བཤད་མན་ངག་ལུང་འབོག་དང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོ ལ་མཛད་པའི། །རྩ་རྒྱུད་བླ་མ་པཎ་གྲུབ་རིག་འཛིན་ཚོགས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །ངོ་བོ་གཅིག་ལ་རྣམ་པ་ཐ་དད་ཚུལ། །མོས་པའི་ཡིད་མཁར་མངོན་སུམ་ལྷམ་མེར་གསལ། །ༀ། དད་པའི་ལྕགས་ཀྱུས་དབྱིངས་ནས་ཐུགས་དམ་བསྐུལ། །མོས་གུས་ཞགས་པས་རྟེན་དང་དབྱེར་མེད་བསྲེ། །དམ་ཚིག་སྒྲོག་གིས་འདུ་འབྲལ་མེད་པར་བཅིངས། །གདུང་ཤུགས་དྲིལ་བུས་གཉིས་མེད་དགྱེས་པར་མཛོད། །ཧོཿ མཁྱེན་རབ་མཁའ་འདྲ་ཐུགས་རྗེ་ཚད་བཟུང་མེད། །ནུས་མཐུ་རྨད་བྱུང་བཀའ་དྲིན་བསམ་མི་ཁྱབ། །ཡེ་ཤེས་སྐུ་ཅན་བླ་མ་རྩ་གསུམ་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་འབུལ། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས། །སྲིད་ཞིའི་ལེགས་སྤྱད་ཀུན་ལ་རྗེས་ཡི་རང་། །གང་འདུལ་ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །འགྲོ་གནས་བར་དུ་གཟུགས་སྐུ་རྟག་སྣང་མཛོད། །འདིས་མཚོན་བདག་གཞན་དུས་གསུམ་བསགས་པའི་དགེ། །རིགས་འདུས་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རབ་འབྱམས་ཕྱོགས་དུས་བདེ་གཤེགས་རྩ་གསུམ་ལྷའི། །ཡེ་ཤེས་གཅིག་བསྡུས་དྲན་པས་མཆོག་སྦྱིན་མཁན། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །བཀའ་དྲིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རྣམ་སྣང་ལོ་ཙཱའི་ཡེ་ཤེས་སྒྱུ་མའི་འཕྲུལ། །ཐུབ་པས་ལུང་བསྟན་མཛོད་ལྔའི་ཤིང་རྟ་པ། །བདག་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །དྲི་མེད་བཤེས་གཉེན་སྙིགས་འགྲོ་སྐྱོབ་པའི་མགོན། །ངོ་མཚར་བཀའ་བབས་བདུན་གྱི་གསང་མཛོད་འཛིན། །གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །མཁྱེན་པའི་ཆུ་གཏེར་འཇམ་མགོན་ཟླ་བས་བསྐྱེད། །བརྩེ་བའི་པད་དཀར་སྙིང་རྗེའི་ལྷ་ཡིས་བསྐྲུན། །ནུས་མཐུ་ཚད་མེད་རྒྱལ་ཀུན་གསང་མཛོད་འཛིན། །འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ཆུ་གཏེར་ཆེ། །གཞན་ཕན་ཕྱིན་དྲུག་སྤྱོད་པའི་རླབས་ཕྲེང་གཡོ། །དོན་གཉིས་ནོར་བུའི་གཏེར་གྱིས་ཡོངས་ཕྱུག་པའི། །བཀྲ་ཤིས་འོད་ཟེར་ཞབས་ལ་གསོལ་བ་འདེབས། །རྨད་བྱུང་ཐུགས་བསྐྱེད་བརྩོན་པའི་སྤྲིན་ཆེན་ལས། །སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་འབུམ་འཇོ་བས། །སྐལ་བཟང་གདུལ་བྱའི་མྱུ་གུ་བསྐྱེད་བསྲིང་པའི། །ཀུན་བཟང་བདེ་ཆེན་རྒྱལ་པོར་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་བླ་ན་མཐོ། །འཆད་རྩོད་རྩོམ་པའི་འོད་སྣང་ཕྱོགས་བརྒྱར་འགྱེད། །སྙིགས་འགྲོའི་རྒུད་མུན་སེལ་མཛད་པདྨའི་གཉེན། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །མཁྱེན་རབ་རྒྱ་ཆེ་དགོངས་པའི་རྩལ་ཆེན་རྫོགས། །བསླབ་གསུམ་རྣམ་དག་བསྡུ་བཞིའི་ཕྲིན་ལས་རྒྱས། །ངེས་གསང་སྙིང་པོའི་བསྟན་པ་རྒྱས་མཛད་པའི། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །མཁྱེན་རྟོགས་རྩལ་རྫོགས་གཞན་ཕན་ཕྲིན་ལས་རྒྱས། །ངོ་མཚར་རྣམ་ཐར་ཆེ་ཡོན་རྨད་དུ་བྱུང་། །འབྲེལ་ཚད་དོན་ལྡན་སྒྲུབ་བརྒྱུད་བསྟན་པའི་མགོན། །ཆོས་ཀྱི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མའི་ཐུགས་རྗེའི་འོད་ཟེར་ལས། །ཡོངས་ཤར་མཁས་ཚུལ་གསུམ་གྱི་ཕྲིན་ལས་ཀྱིས། །རིས་བྲལ་ཐུབ་བསྟན་རྒྱལ་མཚན་སྒྲེང་{སྦྲེང}མཛད་པ། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །མདོ་སྔགས་བསྟན་འཛིན་ཨ་བྷ་ཡ་བཛྲ། །ཚུལ་ཁྲིམས་རྒྱ་མཚོ་གུ་ཎ་ས་མུ་དྲ། །རྡོ་རྗེ་བདེ་གཤེགས་དྷརྨ་ཝརྦྷ་སོགས། །དྲིན་ཐོབ་བླ་མ་རྣམས་ལ་གསོལ་བ་འདེབས། །གཞན་ཡང་སྔ་འགྱུར་བཀའ་གཏེར་བཀའ་གདམས་པ། །ལམ་འབྲས་མར་ཤངས་བཀའ་བརྒྱུད་ཞི་གཅོད་དང་། །སྦྱོར་དྲུག་ཨོ་རྒྱན་བསྙེན་སྒྲུབ་སྒྲུབ་བརྒྱུད་བརྒྱད། །འཛིན་མཛད་དངོས་བརྒྱུད་བླ་མར་གསོལ་བ་འདེབས། །བྱིན་རླབ་སྤྲིན་འཁྲིགས་བརྒྱུད་གསུམ་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་སྟེ། །རྩ་གསུམ་དཀྱིལ་འཁོར་འཁོར་ལོར་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ཞིང་། །དགོངས་རྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་མཆོག །བདག་ལ་ད་ལྟ་ཉིད་དུ་སྩལ་ཏུ་གསོལ། །སྲིད་ལས་ངེས་འབྱུང་ཐར་པ་དོན་གཉེར་བློས། །སོར་བྱང་སྔགས་ཀྱི་དམ་སྡོམ་རྣམ་པར་དག །བྱང་ཆུབ་སེམས་འབྱོངས་རིམ་གཉིས་ལམ་མཐར་ཕྱིན། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །མང་དུ་ཐོས་པས་གྲུབ་མཐའི་ཕྱོགས་འཛིན་ཞིག །རྩེ་གཅིག་བསམ་པས་ཐེ་ཚོམ་སྒྲོག་ལས་གྲོལ། །ཟབ་དོན་སྒོམ་པས་ཡེ་ཤེས་ཁོང་ནས་སད། །བསྟན་པ་འགལ་མེད་རྟོགས་པར་བྱིན་གྱིས་རློབས། །རླབས་ཆེན་མཁས་བཙུན་བཟང་པོའི་ཡོན་གྱིས་འབྱོར། །འཆད་རྩོད་རྩོམ་པས་བསྟན་དང་འགྲོ་ལ་ཕན། །སྤང་ཀློག་ལས་ཀྱི་བྱ་བ་གེགས་མེད་འགྲུབ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །སྣང་སྲིད་རྣམ་དག་དཀྱིལ་འཁོར་གསུམ་དུ་རྫོགས། །འགྲོ་འོང་སྲོག་རྩོལ་དབུ་མའི་དབྱིངས་སུ་ཐིམ། །ཀ་དག་ལྷུན་གྲུབ་དགོངས་པའི་བཙན་ས་ཟིན། །གདོད་མའི་གསང་མཆོག་འགྲུབ་པར་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མའི་ཚོགས། །བྱིན་གྱིས་རློབས་ཤིག་རིག་འཛིན་རྩལ་འཆང་རྣམས། །རྟོགས་པ་སྤོར་ཅིག་དྲིན་ཆེན་ཆོས་ཀྱི་རྗེ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་མོས་ལ། ༀ་ཨཱཿབཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། མཐར། འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། །དེ་ཡི་གནས་བཞིའི་རྡོ་རྗེའི་ཡིག་འབྲུ་ལས། །འོད་འཕྲོས་བདག་ཐིམ་སྒྲིབ་སྦྱངས་དབང་བཞི་ཐོབ། །ལམ་བཞིའི་སྣོད་རུང་སྐུ་བཞིའི་རྟེན་འབྲེལ་སྒྲིག །མཐར་ནི་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །ཤེས་ཉམས་ཡིད་དཔྱོད་འཛིན་པས་བསླད་མིན་པའི། །རང་གྲོལ་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ། །ཞེས་མཉམ་པར་བཞག་ལ། དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་གཞན་སྐྱེ་ཀུན་ཏུ། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་སྟེ། །དད་དང་དམ་ཚིག་མོས་གུས་རྣམ་དག་པས། །རིགས་བདག་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པས་མཐའ་བརྒྱན་ཅིང་ཅིར་སྣང་བླ་མའི་རོལ་བར་ཤར་བའི་མོས་གུས་གྱི་རྩལ་སྦྱང་བར་བྱའོ། །ཞེས་པ་འདི་ཡང་སྐྱེ་ཀུན་བླ་མའི་བྲན་དུ་སྨོན་པ་ཀུ་སཱ་ལི་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རང་ཉིད་ཀྱི་དད་པའི་གསོས་སུ་བྲིས་པ་དགེ།
༄༅། །ན་མོ་གུ་རུ། ལམ་ཟབ་མོའི་རྣལ་འབྱོར་ལ་བརྩོན་པར་འདོད་པས། སྐྱབས་སེམས་སྔོན་དུ་འགྲོ་བས། ཨཱཿ བདག་ལུས་ཡི་དམ་ལྷར་གསལ་སྤྱི་བོ་རུ། །རབ་མཛེས་ད་དཀར་ཟླ་བ་རྒྱས་པའི་སྟེང་། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཁོར་ལོའི་མགོན། །མཛོད་ལྔའི་སྒོ་འབྱེད་ཀུན་མཁྱེན་གར་གྱི་དབང་། །བློ་གྲོས་མཐའ་ཡས་བགྲེས་ཚུལ་པཎ་གྲུབ་ཆས། །ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་ཐུགས་ཀར་བསྣོལ། །གཡས་སུ་པད་ཟླར་འདྲེན་མཆོག་དྷརྨའི་མཚན། །སྒོམ་ཞྭ་ཆོས་གོས་ཆོས་འཆད་པད་དཀར་འཛིན། །གཡོན་དུ་རྡོ་རྗེ་དབང་མཆོག་རབ་བྱུང་ཆས། །གོང་ཞུ་རྩེ་ཟླུམ་མཉམ་བཞག་ཕྱག་རྒྱ་འཆིང་། །མཐའ་བསྐོར་བརྒྱུད་པ་དྲུག་ལྡན་བླ་མའི་ཚོགས། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་གཏེར་བདག་ནོར་ལྷའི་སྤྲིན་ཕུང་འཁྲིགས། །ཀུན་ཀྱང་ཡེ་ཤེས་གཅིག་གི་རང་རྩལ་དུ། །དྲན་པས་མཆོག་སྟེར་གཟི་བྱིན་ལམ་མེར་གསལ། །སྐྱབས་ཀུན་འདུས་ཞལ་བླ་མ་ཡབ་སྲས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ཚོགས་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །མྱ་ངན་མི་འདས་ཆོས་འཁོར་རྟག་བསྐོར་གསོལ། །དགེ་ཚོགས་འགྲོ་ཀུན་རྣམ་གྲོལ་འཐོབ་ཕྱིར་བསྔོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །མཐའ་ཀླས་གདུལ་བྱ་སྐྱོབ་པའི་མགོན་གཅིག་པུ། །ཚད་མེད་ཐུགས་རྗེའི་གཏེར་ཆེན་བླ་མ་རྗེར། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །འཁོར་རྣམས་གཙོ་བོ་གསུམ་གྱི་སྐུ་ལ་ཐིམ། །ཀུན་ཀྱང་དགྱེས་པའི་ཉམས་འགྱུར་དང་བཅས་ཏེ། །འོད་ཞུ་བདུད་རྩི་དཀར་དམར་མཐིང་གའི་རྒྱུན། །སྤྱི་བོ་ནས་ཞུགས་ལུས་ཀུན་ལྟེ མ་གྱིས་གང་། །སྒྲིབ་དག་དབང་ཐོབ་སྐུ་བཞིའི་རྟེན་འབྲེལ་སྒྲིགས། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །བློ་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ། །དགེ་བ་འདི་ཡིས་ཚེ་རབས་ཕྲེང་བ་རུ། །དམ་པའི་མགོན་གྱིས་འབྲལ་མེད་རྗེས་བཟུང་མཐུས། །རང་གཞན་དོན་གཉིས་དཀའ་བ་མེད་པར་འགྲུབ། །འཁོར་བ་དོང་སྤྲུག་འབྲེལ་ཚད་དོན་ལྡན་ཤོག །ཅེས་བརྗོད་ལ་ཅིར་སྣང་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་མོས་ལྡན་རིག་བཟང་ལགས་ཀྱིས་ལོ་གསུམ་གྱི་བཅད་རྒྱའི་ཁས་ལེན་དང་བཅས་ནན་གྱིས་བསྐུར་ངོར། རིག་འཛིན་གྱི་བཙུན་པ་པདྨ་བདེ་བ་རྩལ་གྱིས་གང་ཤར་སྨྲས་པ་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུར་གྱུར་ཅིག
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། རྟེན་གྱི་གང་ཟག་དབང་ཐོབ་ཅིང་དམ་ཚིག་ལ་གནས་ཏེ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། ན་མོ་སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་སྐྱབས་མཆི་ཞིང་། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །དངོས་གཞི་རྟེན་བསྐྱེད་པ་ནི། ༀ་སྭ་བྷཱ་ཝས་སྦྱངས། མི་དམིགས་སྤྲོས་བྲལ་འོད་གསལ་སྟོང་པའི་དབྱིངས། །གནས་ཡུལ་རྣམ་དག་འོག་མིན་སྟུག་པོ་བཀོད། །ཕུན་ཚོགས་མཆོད་པའི་སྤྲིན་ཕུང་མཛེས་པའི་དབུས། །དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས་རྣམས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡོམས་པའི་སྤྱི་དཔལ་མཆོག །རྩ་བའི་བླ་མ་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །མཚན་དཔེའི་གཟི་འབར་ལོངས་སྐུའི་རྒྱན་གྱིས་སྤྲས། །པད་ཟླའི་སྟེང་ན་སྐྱིལ་མོ་དཀྲུང་གིས་བཞུགས། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཆེན་པོར་གསལ། །ཞེས་མོས་ལ། ཡན་ལག་བདུན་པ་འབུལ་བ་ནི། སྐྱབས་ཀུན་འདུས་ཞལ་དཔལ་ལྡན་བླ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་འགྱོད་བཤགས་བསྡམས། །འཁོར་འདས་དགེ་བའི་རྩ་ལ་རྗེ་ཡི་རང་། །ཟབ་རྒྱས་ཆོས་འཁོར་རྟག་པར་བསྐོར་བར་བསྐུལ། །གཟུག་སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་རྣམ་མཁྱེན་རྒྱུ་རུ་བསྔོ། །འགྲོ་ཀུན་བླ་མེད་རྫོགས་བྱང་མྱུར་ཐོབ་ཤོག །ཅེས་ཅི་ནུས་དང་། སྤྲོ་ན་རང་རང་གང་མོས་ཀྱི་གསོལ་འདེབས་བྱེ་བྲག་དང་། སྤྱི་ཙམ་དུ། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་འཕྲུལ། །བགྲང་{བསྒྲངས}ཡས་སྐྱེ་དགུ་འདྲེན་པའི་དེད་དཔོན་མཆོག །བཀའ་དྲིན་ཟླ་བྲལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དད་མོས་རྩེ་གཅིག་པས་གྲངས་མང་གསོལ་བ་གདབ། མཐར་དབང་བླང་བ་ནི། བླ་མའི་གནས་གསུམ་འབྲུ་གསུམ་བདུད་རྩིའི་ཟེར། །སྒོ་གསུམ་ལ་ཐིམ་སྒྲིབ་ངག་དབང་བཞི་ཐོབ། །ལམ་བཞིའི་སྣོད་རུང་སྐུ་བཞིའི་རྟེན་འབྲེལ་སྒྲིགས། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །བློ་འདས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །དགེ་འདིས་འགྲོ་ཀུན་བླ་མས་རྗེས་བཟུང་མཐུས། །དད་དང་མོས་གུས་དམ་ཚིག་{མཆོག་ལྷག}རྣམ་དག་པས། །ཡང་དག་ལམ་གྱི་རྟེན་འབྲེལ་ལེགས་འགྲིགས་ཏེ། །རིགས་བདག་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཅི་རིགས་ཀྱིས་མཐའ་བརྒྱན་ཏེ་ཅིར་སྣང་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །འདི་ཡང་བསླབ་གསུམ་ཡོན་ཏན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བའི་འཇུ་བླ་མ་ཨ་ཡུ་དང་མ་ཏིའི་མཚན་ཅན་ཟུང་གི་བཞེད་ངོར་སྙིགས་དུས་ཀྱི་བཙུན་གཟུགས་དུག་ལྔ་མེ་ལྟར་དུ་འབར་བའི་དཀོར་ཟན་བི་ཛས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ བླ་མའི་རྣལ་འབྱོར་མདོར་བསྡུས་ནི། ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །རིན་ཆེན་སྣ་ལྔ་ལས་གྲུབ་གཞལ་མེད་ཁང་། །ཕུན་ཚོགས་མཆོད་སྤྲིན་རྒྱལ་མཚོ་འཁྲིགས་པའི་དབུས། །རང་ཉིད་གཞི་ལུས་འཕགས་པ་སྤྱན་རས་གཟིགས། །གངས་རིའི་མདངས་ཅན་མཚན་དཔེའི་ལང་ཚོ་རྒྱས། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན། །ཐོར་ཚུགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །པད་ཟླའི་སྟེང་ན་བཞེངས་པའི་སྟབས་ཀྱིས་རོལ། །སྤྱི་བོར་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་ཁྲིར། །རབ་མཛེས་པདྨ་ཟླ་བའི་གདན་གྱི་སྟེང་། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །དམར་གསལ་མཉམ་བཞག་བདུད་རྩིའི་ལྷུང་བཟེད་འཛིན། །མཚན་དཔེའི་གཟི་འབར་མཆོག་གི་སྤྲུལ་སྐུའི་ཆས། །སྲིད་ཞི་མཉམ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་གཡས་སུ་འཕགས་མཆོག་སྤྱན་རས་གཟིགས། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །གཙོ་བོའི་གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ཀུན་བཤགས། །འཁོར་འདས་དགེ་རྩ་ཡོངས་ལ་རྗེས་ཡི་རངས། །ཆོས་འཁོར་སྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །སྐྱབས་ཀུན་འདུས་ཞལ་དཔལ་ལྡན་བླ་མ་དང་། །དབྱེར་མེད་འོད་དཔག་མེད་མགོན་སྲས་བཅས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། །གཙོ་བོ་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །འོད་དུ་ཡལ་ནས་མི་དམིགས་ངང་དུ་བཞག །དེ་ལས་རྗེས་ཐོབ་སྒྱུ་མའི་སྐུར་ལངས་ནས། །སྣང་སྲིད་ལྷ་དང་གཞལ་ཡས་ཁང་དུ་བལྟ། །དགེ་བ་འདི་ཡིས་བདག་དང་མཐའ་ཡས་འགྲོ། །ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེས་ནས། །སངས་རྒྱས་འོད་དཔག་མེད་མགོན་མཉེས་བྱས་ནས། །དབང་བསྐུར་ལུང་ནོད་མངོན་པར་སངས་རྒྱས་ཤོག །བདེ་བར་གཤེགས་པ་ཚེ་དང་ཡེ་ཤེས་དང་། །འོད་དང་གཟི་བརྗིད་དཔག་མེད་རྒྱལ་པོོ་ཡིས། །ཐུགས་བསྐྱེད་སྨོན་ལམ་ཞིང་སྐུ་སྐུ་ཚེའི་ཚད། །རྣམ་ཐར་དཔག་ཡས་བདག་གིས་འཛིན་གྱུར་ཅིག །ཅེས་འདི་གྲོགས་ཀྱིས་བསྐུལ་བའི་ངོར་། །དབུར་སྟོད་རྒྱ་མ་ཁྲི་ཁང་དུ། །བན་ཆུང་པདྨ་བི་ཛས་བྲིས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །༈ ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །བཀོད་པ་ལྷུན་གྲུབ་ངོ་མཚར་གཞལ་མེད་ཁང་། །ཕུལ་བྱུང་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས། །རྔ་སྒྲའི་རྒྱལ་པོ་འདྲེན་པ་འོད་དཔག་མེད། །རྒྱལ་སྲས་ཐུ་བོ་གཉིས་སོགས་སེམས་དཔའི་འཁོར། །གྲངས་མེད་སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ། །ངོ་མཚར་རྟེན་དང་བརྟེན་པའི་བཀོད་པའི་སྤྲིན། །དད་པའི་ཡིད་མཁར་ཡང་ཡང་གསལ་བཏབ་ནས། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ཏེ་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོ་ཇི་སྙེད་ཀྱི། །རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །གདུལ་བྱ་རྒྱ་མཚོ་ཡོངས་སུ་སྨིན་བྱའི་ཕྱིར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུར། །སེམས་ཅན་རྒྱ་མཚོ་མ་སྒྲོལ་དེ་སྲིད་དུ། །གཟུགས་སྐུའི་བཀོད་པ་གཡོ་མེད་རྟག་བཞུགས་གསོལ། །འཁོར་གསུམ་དམིགས་པའི་དུག་གིས་ཡོངས་བཏང་བའི། །ཟག་མེད་དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བསླུ་མེད་སྐྱབས་གནས་ཡོངས་ལ་སྐྱབས་མཆི་ཞིང་། །རིན་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་བགྱིས་ནས། །སྨོན་འཇུག་བསླབ་བྱའི་ཚོགས་ལ་སློབ་པར་བགྱི། །འདིས་མཚོན་དགེ་བས་བདག་གཞན་མཁའ་མཉམ་འགྲོ། །ཚེ་འདིར་མི་མཐུན་ཉེས་བརྒྱའི་གནོད་པ་ཞི། །ཆོས་མཐུན་བསམ་སྦྱོར་འབད་མེད་ཡོངས་འགྲུབ་ངོས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རིན་པོ་ཆེ། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་ཤོག །ཁྱད་པར་འདིར་སྣང་ནུབ་པར་གྱུར་པའི་ཚེ། །གནད་གཅོད་དྲག་པོའི་སྡུག་བསྔལ་མི་འབྱུང་ཞིང་། །དག་པའི་སྣང་བ་ཆེན་པོའི་མདུན་བསུས་ནས། །བདེ་ལྡན་པདྨའི་སྙི་པོར་རྫུས་སྐྱེས་ཤོག །ལག་མཐིལ་ལས་སྤྲུལ་ཀུན་བཟང་མཆོད་སྤྲིན་གྱིས། །སྟོབས་བཅུའི་དབང་ཕྱུག་འཁོར་བཅས་མཉེས་བྱས་ཚེ། །བྱང་ཆུབ་ལུང་བསྟན་དམ་པ་མཆོག་ཐོབ་ནས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །བདེ་བར་གཤེགས་པ་ཚེ་དང་ཡེ་ཤེས་དང་། །འོད་དང་གཟི་བརྗིད་དཔག་མེད་རྒྱལ་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་པོ་ཆེའོ། །རྣམ་ཐར་དཔག་ཡས་བདག་གིས་འཛིན་གྱུར་ཅིག །ཅེས་པའང་རྣམ་པར་དཀར་བའི་ཐུགས་འདུན་ཅན་ལྕམ་ཚེ་བརྟན་སྒྲོལ་དཀར་གྱི་ཞལ་འདོན་རྒྱུར། མདོ་ཁམས་ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་དཔལ་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་ཉེ་གམ་ཕྱག་ནང་ལྡིང་མཁར་ཤག་ཏུ་གང་དྲན་འཕྲལ་མར་བྲིས་པ་སྟེ། འདིས་ཀྱང་འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག
༄༅། །འཕགས་པ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ནི། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་དོན་བླ་མའི་རྣལ་འབྱོར་བསྒོམ། །མདུན་གྱི་ནམ་མཁར་པད་ཟླའི་སྟེང་། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །ཐལ་སྦྱར་བསྒྲང་ཕྲེང་པད་དཀར་འཛིན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །བླ་མ་སྤྱན་རས་གཟིགས་དབང་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་མཆོད་སྤྲིན་འབུལ། །ཚེ་རབས་ནས་བསགས་སྡིག་ལྟུང་བཤགས། །འཁོར་འདས་དགེ་ལ་རྗེས་ཡི་རང་། །ཐེག་མཆོག་ཆོས་འཁོར་བསྐོར་བ་དང་། །འགྲོ་གནས་བར་དུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་བའི་རྒྱུད་ལ་བསྔོ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་རྗེ། །བླ་མ་སྤྱན་རས་གཟིགས་དབང་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །དབང་བསྐུར་བྱིན་རློབས་དངོས་གྲུབ་སྩོལ། །བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་བདག་དང་འགྲོ་ཀུན་གྱི། །སྒྲིབ་གསུམ་བག་ཆགས་ལྷག་མེད་སྦྱངས། །རིགས་དྲུག་སྐྱེ་བའི་རྒྱུན་ཐག་བཅད། །དབང་དང་བྱིན་རླབས་དུས་གཅིག་ཐོབ། །རྡོ་རྗེའི་ཡེ་ཤེས་མངོན་བྱས་བསམ། །ཡིག་དྲུག་ཆུ་བོའི་རྒྱུན་བཞིན་བསྒྲངས། །དད་དང་མོས་གུས་གསལ་ངར་གདགས། །སྟོང་ཉིད་སྙིང་རྗེའི་རང་མདངས་སྐྱོངས། །ཐུན་མཐར་བླ་མ་རང་ལ་བསྡུ། །བློ་འདས་ཆོས་སྐུའི་རང་ཞལ་བལྟ། །རྗེས་ཐོབ་དགེ་བ་འགྲོ་ལ་བསྔོ། །ངེས་འབྱུང་མོས་གུས་སྙིང་རྗེ་དང་། །སྟོང་ཉིད་ལམ་ཁྱེར་རྩི་ཡིས་གདབ། །ལས་འབྲས་བླང་དོར་ལྷོོད་མེད་བྱ། །འདི་ནི་ཆོས་ཀྱི་སྙིང་པོ་ཡིན། །དད་ལྡན་ཀུན་དགའི་བཞེད་སྐོང་དུ། །བི་ཛས་གང་དྲན་འཕྲལ་མར་བྲིས། །དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག །
༄༅། །མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ནི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་ཀུན་སྒྲོལ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ། །མི་དམིགས་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས། །གནས་ཡུལ་རྣམ་དག་བདེ་བ་ཅན་གྱི་ཞིང་། །ངོ་མཚར་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས། །རང་ཉིད་གཞི་ལུས་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་ཕྱག་བཞི་ཐལ་སྦྱར་པད་ཕྲེང་འཛིན། །སྤྱི་བོར་རྨ་བྱ་བརྒྱད་བསྣོལ་རིན་ཆེན་ཁྲི། །མ་ཆགས་པདྨ་ཟླ་བའི་གདན་གྱི་སྟེང་། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་དང་། །དབྱེར་མེད་བཅོམ་ལྡན་མགོན་པོ་འོད་དཔག་མེད། །སྐུ་མདོག་དམར་གསལ་མཚན་དཔེའི་ལང་ཚོ་རྒྱས། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ལྷུང་བཟེད་འཛིན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཐའ་བསྐོར་རྒྱལ་སྲས་ཐུ་བོ་རྣམ་གཉིས་སོགས། །དཀོན་མཆོག་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གསལ། །ཐུགས་སྲོག་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒོ་གསུམ་འཇུག་པ་གཅིག་པས་ཕྱག་འཚལ་ཞིང་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོད་བཤགས་སྡོམ། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །རིན་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་བགྱི་ཞིང་། །བསླབ་བྱའི་ཚོགས་ལ་རིམ་བཞིན་སློབ་པར་བགྱི། །དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དང་། །འོད་དང་གཟི་བརྗིད་དཔག་མེད་རྒྱལ་པོ་དང་། །དབྱེར་མེད་དྲིན་ཆེན་རྩ་བའི་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །རྨད་བྱུང་ཐུགས་རྗེ་ཆེན་པོས་རྗེས་དགོངས་ལ། །དབང་བསྐུར་བྱིན་རློབས་སྨིན་གྲོལ་དངོས་གྲུབ་སྩོལ། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །རྣམ་དག་བདེ་ཆེན་ཞིང་དུ་འདྲེན་དུ་གསོལ། །རིགས་འདུས་བླ་མའི་སྐུ་ལས་འོད་ཟེར་འཕྲོས། །འཁོར་གྱི་ལྷ་རྣམས་གཙོ་བོའི་སྐུ་ལ་འདུས། །བླ་མ་འོད་དཔག་མེད་པའི་གནས་བཞི་ནས། །བདུད་རྩིའི་རྒྱུན་བབས་རང་ལུས་ལྟེམ་གྱིས་གང་། །དབང་བསྐུར་སྒྲིབ་སྦྱངས་སྨིན་གྲོལ་དངོས་གྲུབ་ཐོབ། །སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །འོད་དུ་ཡལ་ནས་བླ་མའི་ཐུགས་ཀར་ཐིམ། །བླ་མ་བདེ་ཆེན་ཞིང་དུ་གཤེགས་པར་བསྒོམ། །མ་བཅོས་རང་རིག་བློ་འདས་རྫོགས་པ་ཆེ། །དོན་དམ་བླ་མ་ཆོས་སྐུའི་རང་ཞལ་བལྟ། །དགེ་བ་འདི་ཡིས་བདག་དང་མཐའ་ཡས་འགྲོ། །ཚེ་འདི་འཕོས་མ་ཐག་པར་བདེ་ཆེན་ཞིང་། །རྣམ་དག་པདྨའི་སྦུབས་སུ་བརྫུས་སྐྱེས་ཏེ། །ལུང་བསྟན་དབུགས་དབྱུང་མངོན་པར་སངས་རྒྱས་ཤོག །ཅེས་པའང་དད་དམ་རྨད་བྱུང་བཙུན་པ་འགྱུར་མེད་ཕུན་ཚོགས་ཀྱིས་བསྐུལ་ངོར་སྔགས་བཙུན་པདྨ་བི་ཛས་ཟབ་རྒྱས་གདམས་པའི་སྙིང་པོ་ཉུང་ངུར་དྲིལ་ཏེ་གང་ཤར་སྐད་ཅིག་ཉིད་ལ་བྲིས་པ་དགེ།
༄༅། །ན་མོ་རཏྣ་ཏྲ་ཡཱ་ཡ། བདེ་གཤེགས་འོད་སྣང་སྐུ་ཚེ་དཔག་མེད་མགོན། །རྒྱལ་སྲས་ཐུབ་བོ་གཉིས་སོགས་སེམས་དཔའི་འཁོར། །བདེ་ཆེན་ཞིང་གི་བཀོད་པ་ཡོངས་རྫོགས་སྤྲིན། །དད་པའི་ཡིད་མཁར་ཡང་ཡང་བཀོད་བྱས་ནས། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་སྟུང་སྙིང་ནས་བཤགས། །འཕགས་སྐྱེའི་རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །འགྲོ་ལ་སྨན་སླད་ཆོས་འཁོར་བསྐོར་བར་བསྐུལ། །འཕགས་རྣམས་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །དེའི་མཐུས་བདག་སོགས་ཚེ་འཕོས་གྱུར་མ་ཐག །རིགས་དྲུག་འཁོར་བའི་གཡང་ས་མི་མཐོང་བར། །རྒྱལ་སྲས་སློབ་མའི་ཚོགས་ཀྱིས་མདུན་བསུས་ཏེ། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །བདེ་གཤེགས་འོད་དཔག་མེད་མགོན་སྲས་བཅས་ཀྱིས། །ལུང་བསྟན་དབུགས་འབྱུང་བྱང་ཆེན་སྤྱོད་པའི་མཐུས། །རྫོགས་སྨིན་སྦྱངས་གསུམ་ཡོན་ཏན་མཐར་ཕྱིན་ནས། །མགོན་པོ་ཚེ་འོད་དཔག་མེད་ཉིད་གྱུར་ཅིག །ཆོས་ཉིད་རྣམ་དག་ཆོས་ཅན་རྒྱུ་འབྲས་དང་། །མཆོག་གསུམ་ཐུགས་རྗེས་བསླུ་མེད་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག །ཅེས་པའང་མོས་ལྡན་འགའ་ཡི་བཞེད་སྐོང་དུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཚང་པའི་ཁུལ་གྱིས། པདྨ་བི་ཛས་འཕྲལ་མར་བྲིས་པ་སྟེ་འདིས་ཀྱང་འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །།
༄༅། །འཕགས་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གཞན་ཕན་མཆོག་སྦྱིན་ནི། ན་མོ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་ཀུན་སྲིད་ལས་སྒྲོལ་བར་སེམས་བསྐྱེད་དོ། །སེམས་ཅན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་མཆོག་བཏང་སྙོམས་ཆེན་པོར་གནས་གྱུར་ཅིག །ༀ་སྭ་བྷཱ་སོགས། རྣམ་ཀུན་མཆོག་ལྡན་སྟོང་ཆེན་སྒྱུ་མའི་རྩལ། །གནས་ཡུལ་རྣམ་དག་གྲུ་འཛིན་གཞལ་མེད་ཁང་། །བཀོད་པ་ར བ་རྫོགས་མཆོད་སྤྲིན་འཁྲིགས་པའི་དབུས། །པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིིགས། །དཀར་གསལ་མཛེས་འཛུམ་མཚན་དཔེའི་གཟི་བྱིན་འབར། །དར་དང་རིན་ཆེན་རི་དྭགས་པགས་པས་མཛེས། །ཕྱག་གཞི་ཐལ་སྦྱར་བསྒྲང་ཕྲེང་པད་དཀར་འཛིན། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་བཞུགས། །དྲན་པས་སྲིད་ཞིིའི་འཇིགས་འཕྲོག་བླ་མ་རྗེར། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །རྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་བླ་མ་རྗེར། །བཟོད་མེད་སྒོ་གསུམ་གདུང་བས་གསོལ་བ་འདེབས། །བྱམས་དང་སྙིང་རྗེས་བདག་རྒྱུད་བརླན་པ་དང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འཕགས་པའི་སྐུ་ལས་འོད་འཕྲོས་བདག་གཞན་ལ། །ཕོག་པས་ལས་ཉོན་ཤེས་བྱའི་སྒྲིབ་པ་སྦྱངས ། །རིགས་དྲུག་སྡུག་བསྔལ་འཁྲུལ་སྣང་དབྱིངས་སུ་ཞི། །སྣོད་བཅུ་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིིཿ འཕགས་མཆོག་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །གསལ་སྟོང་སྒྱུ་མ་ཆུ་ཟླའི་སྐུར་གྱུར་ནས། །སྟོང་དང་སྙིང་རྗེ་ཟུང་དུ་འཇུག་པ་ཡིས། །འཁོར་བ་དོང་སྤྲུགས་ཕྲིན་ལས་མཁའ་མཉམ་གྱུར། །དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་མཐུས། །ས་བཅུ་ལམ་ལྔའི་ཡོན་ཏན་རབ་རྫོགས་ནས། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྣམ་ཐར་གཙང་མ་སྙིགས་སྤྱོད་ཀྱི་དྲི་མས་མ་སྦགས་པ། དམ་པའི་ངང་ཚུལ་གསེར་ལྟར་འགྱུར་བ་མེད་པའི་དགེ་བའི་གཤེས་གཉེན་ཆེན་པོ་ཤཱི་ལའི་མཚན་ཅན་གྱི་བཞེད་ངོར། སྙོམ་ལས་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་བྲིས་པ་སྟེ། འདིས་ཀྱང་གཞན་ཕན་ཕྲིན་ལས་ཀྱི་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་རྒྱུར་གྱུར་ཅིག
༄༅། །རྒྱལ་དབང་རང་བྱུང་རྡོ་རྗེ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་འོད་གསལ་སྤྲིན་གྱི་རོལ་མོ་ཡེ་ཤེས་མཆོག་གི་ཆར་འབེབས་ཅེས་བྱ་བ་བཞུགས་སོ། །རང་རིག་དོན་གྱི་བླ་མ་ལ། །རང་ངོ་ཤེས་པས་ཕྱག་བྱས་ནས། །ཚེ་འདིར་གྲོལ་བ་རྙེད་འདོད་པས། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ། །ཨ། གདོད་ནས་རྣམ་དག་རིག་པའི་གཤིས། །ཡེ་ནས་བླ་མའི་ངོ་བོ་སྟེ། །བྲལ་སྨིན་ཡོན་ཏན་གཞི་ལ་རྫོགས། །བློ་བྲལ་ཆེན་པོས་སྐྱབས་སུ་མཆི། །རང་སེམས་བླ་མར་མ་རྟོགས་པས། །གཉིས་འཛིན་འཁྲུལ་པའི་གཞན་དབང་གིས། །མེད་སྣང་སྲིད་ལམ་དུབ་པའི་འགྲོ། །སྐུ་གསུམ་ས་ལ་འགོད་པར་བྱ། །ཨ། ཡེ་གྲོལ་ཀུན་ཏུ་བཟང་མོའི་ཀློང་། །ལྷུན་འགྲུབ་འཇའ་ཟེར་ཐིག་ལེའི་སྦུབས། །རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །ཀུན་མཁྱེན་ཆོས་རྗེ་ཁ་བསྒྱུར་ན་གདོད་མའི་མགོན་པོ་ཀློང་ཆེན་པ། མཆན། རང་བྱུང་རྡོ་རྗེ་ཀརྨ་པ། །དཀར་གསལ་ཞི་འཛུམ་དགྱེས་པའི་ཉམས། །ཆོས་གོས་གསུམ་གསོལ་པཎ་ཞུ་མཛེས་མཆན། ཞྭ་ནག་ཅན། །སེམས་ཉིད་ངལ་གསོའི་ཕྱག་རྒྱ་མཛད། །སྲིད་ཞི་མཉམ་ཉིད་སྐྱིལ་ཀྲུང་གིས། །ཐབས་ཤེས་པད་ཟླའི་གདན་ལ་རོལ། །ཤངས་རྩེར་སྐྱེ་མེད་ཨ་ཡིས་མཚན། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་དང་། །ཐུགས་སྲོག་འོད་ལྔའི་ཏི་ལ་ཀར། །རྗེ་བཙུན་བི་མ་མི་ཏྲ་བཞུགས། །གཞན་ཡང་དགོངས་བརྡ་སྙན་བརྒྱུད་ཀྱི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ཡོངས་གྲུབ་གདན་གསུམ་འཁོར་ལོར་རྫོགས། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །ཨ། དབྱིངས་རིག་ཟུང་འཇུག་བླ་མ་ལ། །འདུ་འབྲལ་མེད་པའི་ཕྱག་གིས་འདུད། །གཟུང་འཛིན་བྲལ་བའི་མཆོད་སྤྲིན་སྟོབ། །འཁྲུལ་རྟོགས་ཡེ་གྲོལ་ཀློང་དུ་བཤགས། །ཟག་མེད་དགེ་ལ་རྗེས་ཡི་རང་། །འཆི་མེད་གཉུག་མའི་ཐིག་ལེར་བཞུགས། །བརྗོད་བྲལ་དོན་གྱི་ཆོས་འཁོར་བསྐོར། །དགེ་ཚོགས་འོད་གསལ་སྙིང་པོར་བསྔོ། །འགྲོ་ཀུན་རང་བྱུང་སྐུ་ཐོབ་ཤོག །ཨ། ཡེ་གྲོལ་སྟོན་པ་ཀུན་ཏུ་བཟང་། །ལྷུན་འགྲུབ་རང་མདངས་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་སྤྲུལ་པའི་སྐུར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇམ་དཔལ་བཤེས་གཉེན་འཇིག་རྟེན་མིག །དཔལ་གྱི་སེང་གེ་གྲུབ་བརྒྱའི་གཙོ། །འོད་ལུས་མངོན་རྫོགས་ཡེ་ཤེས་མདོར། །གསོལ༴ འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་ནས། །སྡེ་གསུམ་སྙིང་པོའི་སྲོག་འཛིན་པའི། །བི་མ་པད་འབྱུང་བཻ་རོ་རྗེར། །གསོལ་བ་འདེབས༴ ཀུན་བཟང་དགོངས་ཀློང་མངོན་གྱུར་ནས། །འོད་གསལ་བསྟན་མཆོག་སྤེལ་མཛད་པའི། །རང་བྱུང་རྡོ་རྗེ་ཀརྨ་གདོད་མའི་མགོན་པོ་ཀློང་ཆེན་པར། མཆན། ཀར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀྱེ་ཀྱེ་མཁས་པ་འཇིག་རྟེན་མིག །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་གཏེར། །གདོད་མའི་མགོན་པོ་བླ་མ་རྗེར། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ཁ་ཙམ་ཚིག་ཙམ་མ་ཡིན་ནོ། །བྱིན་རླབས་ཐུགས་རྗེའི་ཀློང་ནས་སྩོལ། །དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ། །འོད་ལུས་འགྲུབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་བི་མ་ལ་རསྨི་སརྦ་སིདྡྷི་ཧཱུྃ། མཆན། ༀ་ཨཱཿགུ་རུ་ཀརྨ་སརྦ་སིདྡྷི་ཧཱུྃ། རྗེ་བཙུན་གུ་རུ་སྤྲུལ་པའི་སྐུའི། །སྐུ་ནི་བདེ་ཆེན་གཟི་བྱིན་འབར། །གསུང་ནི་བརྗོད་བྲལ་སྔགས་སྒྲ་སྒྲོགས། །ཐུགས་ནི་འོད་གསལ་ཟང་ཐལ་ལེ། །ཡོན་ཏན་ཕྲིན་ལས་དཔལ་དུ་འབར། །ཁྱད་པར་རྡོ་རྗེའི་གནས་གསུམ་དང་། །ཐུགས་སྲོག་འོད་ལྔའི་ཐིག་ལེ་ལས། །དཀར་དམར་མཐིང་དང་ལྔ་ལྡན་གྱི། །འོད་འཕྲོས་བདག་གི་གནས་གསུམ་དང་། །སྙིང་དབུས་དཔལ་གྱི་བེའུར་ཞུགས། །དབང་བཞིའི་ཡེ་ཤེས་ཅིག་ཅར་ཐོབ། །སྒྲིབ་བཞི་བྱང་ཞིང་ལམ་བཞི་འབྱོངས། །སྐུ་བཞི་ཐོབ་པའི་སྐལ་ལྡན་གྱུར། །མཐར་ནི་བླ་མ་རང་ལ་བསྟིམ། །བློ་འདས་ཆོས་སྐུའི་རང་ཞལ་བལྟ། །འདི་ལྟར་སྣང་སྲིད་ཆོས་རྣམས་ཀུན། །ཆོས་སྐུའི་ཀློང་ནས་བྱུང་ཞིང་གནས། །མཐར་ཡང་ཆོས་སྐུའི་ཀློང་དུ་གྲོལ། །ཆོས་སྐུའི་ཀློང་ལས་འདའ་ས་མེད། །དེ་ཕྱིར་འཁྲུལ་གྲོལ་སྤང་གཉེན་དག །གཟུང་འཛིན་འཆིང་བའི་རྒྱ་ལས་གྲོལ། །བལྟ་བྱ་མེད་ཅིང་ལྟ་བྱེད་མེད། །བློ་ཡིད་མཚན་མའི་ཆོས་ལས་འདས། །གཟའ་གཏད་བྲལ་བའི་ངང་དུ་བཞག །སྟོང་གསལ་རིག་པའི་སྙིང་པོ་ཅན། །སྐུ་གསུམ་དགོངས་པ་གཞི་ལ་རྫོགས། །ཡེ་ནས་གྲོལ་བའི་ཆོས་ཉིད་ལ། །ཡོངས་གྲོལ་སྒོམ་གྱི་འཛིན་པ་བཤིག །དགག་སྒྲུབ་གཉིས་མེད་ཟང་ཐལ་ལེ། །རང་བབ་གཉུག་མའི་ངང་དུ་བཞག །རྩལ་གྱི་རྟོག་པའི་སྤྲིན་རིས་ཀུན། །ཆོས་ཉིད་མཁའ་ལས་བྱུང་ཞིང་ཐིམ། །རྩལ་གྱིས་ཆོས་ཉིད་བསྒྱུར་དུ་མེད། །རང་བབ་བཞག་ན་རང་སར་གྲོལ། །ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ། །གྲོལ་ལུགས་གདེང་དང་ལྡན་པས་བཞག །སྤྲོས་པ་བྲལ་བའི་ཆོས་སྐུ་དང་། །མཚན་དཔེས་བརྒྱན་པའི་གཟུགས་སྐུ་གཉིས། །གུད་ན་མེད་དེ་རང་ལ་གནས། །ཀ་དག་ལྷུན་གྲུབ་དབྱིངས་སུ་རྫོགས། །གང་ཤར་ཆོས་སྐུའི་ཡོ་ལང་སྟེ། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན། །ཡིད་སྨོན་བྲལ་བའི་ངང་ལ་བཞག །ཨ་ཨ་ཨ། སྣང་བ་ཐམས་ཅད་བླ་མའི་སྐུ། །གྲགས་པ་རང་བྱུང་རྡོ་རྗེའི་གསུང་། །དྲན་པར་རང་དག་རྒྱལ་བའི་ཐུགས། །ཅིར་སྣང་བླ་མའི་འཁོར་ལོར་སད། །དགེ་འདིས་མཐའ་ཀླས་འགྲོ་བ་ཀུན། །མེད་སྣང་གཟུང་འཛིན་འཁྲུལ་པ་དག །ཀ་དག་ཀུན་ཏུ་བཟང་པོའི་ཀློང་། །འཕོ་མེད་གཏན་སྲིད་ཟིན་གྱུར་ཅིག །ཆོས་ཉིད་མངོན་སུམ་རིག་པའི་ཀློང་། །སྒྲོན་དྲུག་ཉམས་སྣང་གོང་དུ་འཕེལ། །རིག་པ་ཚད་ཕེབས་རྡོ་རྗེའི་སྐུ། །ཆོས་ཟད་བློ་འདས་བཀྲ་ཤིས་ཤོག །དེ་ལྟར་དད་དམ་ལྡན་པ་ཡིས། །ཉིན་མཚན་བརྩོན་པས་གསོལ་བཏབ་ན། །དགོངས་བརྒྱུད་བྱིན་རླབས་འཕོ་བ་ཡི། །ཡེ་ཤེས་ཆེན་པོ་བརྙེས་པར་འགྱུར། །ཚུལ་འདི་འོག་མིན་ཀརྨ་ཡི། །ཡང་དབེན་རང་བྱུང་གཟིམས་སྤྱིལ་དུ། །མོས་གུས་ཉམས་ཀྱི་རྩལ་ལས་ཤར། །དགེ་བས་འགྲོ་ཀུན་ཀློང་གྲོལ་ཤོག །ཅེས་པའང་སྐལ་ལྡན་པདྨའི་བི་ཛ་ཡ་རེ་ཞིག་ལྗོངས་{རྒྱང}རྒྱུ་བར་ཆས་པའི་སྐབས། འོག་མིན་ཀརྨའི་ཡང་དབེན། ཆོས་རྗེ་རང་བྱུང་ཞབས་ཀྱིས་ཨ་ཏི་མན་ངག་སྡེའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་གཟིམས་སྤྱིལ་དུ་གང་ཤར་གསོལ་བ་བཏབ་པ་བཞིན་ནགས་ཚལ་དྲྭ་བས་མཛེས་པའི་སྨན་ལྗོངས་ཉམས་དགའ་བར་རས་དཀར་གྱི་ལྡིང་གུར་ཕུབ་པའི་ནང་དུ་ཡི་གེར་བཏབ་པ་སྟེ་འདིས་ཀྱང་འགྲོ་ཀུན་བླ་མ་མཆོག་གིས་རྗེས་སུ་བཟུང་ནས་ཟབ་གསང་རྟོག་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །སྔོན་འགྲོ་སྦྱངས་པ་མཐར་ཕྱིན་པས། །བྱུང་གནས་འགྲོ་གསུམ་ཨར་ལ་གཏད། །སྐྱེ་འགག་གནས་བྲལ་སྐུ་གསུམ་ཀློང་། །སྒོམ་མེད་ཡེངས་མེད་བཙན་ས་འཛིན། །ཡེ་གྲོལ་ཕྱམ་བདལ་ལྟ་བའི་གནད། །ཅེར་གྲོལ་ཅོག་བཞག་སྒོམ་པའི་བཅུད། །རང་གྲོལ་ཞེན་བྲལ་སྤྱོད་པའི་སྲོག །མཐའ་གྲོལ་བློ་ཟད་འབྲས་བུའོ། །སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་ཀྱིས། །སྒོ་ཡུལ་རླུང་གསུམ་གཅིག་ཏུ་དྲིལ། །དབྱིངས་རིག་འབྲལ་མེད་སྐྱོང་མཁས་ན། །ཆོས་ཉིད་མངོན་མཐོང་ཉམས་གོང་འཕེལ། །རིག་པ་ཚད་ཕེབས་ཟད་སར་འཁྱོལ། །ཚེ་འདི་ཉིད་དུ་བུདྡྷའོ། །རྟོགས་པ་དོན་བརྒྱུད་མན་ངག་ཡིན། །ཟབ་དོན་ཡལ་བར་མ་དོར་ཅིག །མན་ངག་གི་ཡི་གེ་ཚིགས་སུ་བཅད་པ་བཞི་པ་རྫོགས་སོ། །དོན་དམ་ཆོས་སྐུའི་ནམ་མཁའ་ལ། །འགྱུར་མེད་རིག་པའི་དཀྱིལ་འཁོར་ཤར། །སྣང་སྲིད་བདེ་ཆེན་ཆོས་སྐུ་རུ། །ཡེ་གྲོལ་ཆེན་པོའི་བཀྲ་ཤིས་ཤོག །མཆན།
༄༅། །ཚོགས་མཆོད་ཀྱི་རིམ་པ་འོད་གསལ་ཉི་ཟླའི་རྒྱན་ཅེས་བྱ་བ་བཞུགས་སོ། །རང་རིག་སྐུ་གསུམ་ལྷ་ལ་འདུད། །ཐུན་མཚམས་ཚོགས་མཆོད་རིམ་པ་ནི། །ཐབས་ཤེས་རྫས་རྣམས་འདུ་བྱས་ལ། །ལྟ་དགོངས་གདེང་བསྐྱེད་འདི་སྐད་དོ། །ཨ། གཟུང་དང་འཛིན་པ་རྣམ་དག་དུང་ཆེན་གྱི་སྣོད་དུ། །ཅིར་སྣང་རྒྱན་དུ་ཤར་བ་འདོད་ཡོན་ཀྱི་དམ་རྫས། །བདེ་ཆེན་ཡེ་ཤེས་ཆེན་པོར་བྱིན་གྱིས་རང་བརླབས་པས། །བདེ་སྟོང་ཟག་མེད་འོད་གསལ་བདུད་རྩི་རུ་བསྐྱིལ་ལོ། །གཞི་དབྱིངས་ཀ་ནས་དག་པ་སྤྲོས་བྲལ་གྱི་ཞིང་ནས། །གཞི་སྣང་ཡེ་ཤེས་རོལ་པ་ཕྱག་རྒྱ་རུ་བཞེངས་པའི། །བླ་མ་ཡི་དམ་ཌཱ་ཱཀི་ཆོས་སྲུང་གི་ཚོགས་རྣམས། །བདེ་སྟོང་ཟག་མེད་ཚོགས་ཀྱི་འདུ་བ་ལ་ཕེབས་ཤོག །ཡུལ་དང་དབང་པོ་རྣམ་དག་འདོད་ཡོན་གྱི་ཕྱི་མཆོད། །ཨ་ཧཾ་འབར་འཛག་ཟག་མེད་བདེ་སྟོང་གི་ནང་མཆོད། །འོད་གསལ་བསམ་མི་ཁྱབ་པ་གསང་བ་ཡི་ཚོགས་མཆོད། །བློ་བྲལ་དོན་གྱི་ལྷ་ལ་འབྲལ་མེད་དུ་འབུལ་ལོ། །གཟུང་འཛིན་འཁྲུལ་པའི་དྲི་མ་དངོས་གནས་ལ་མ་གྲུབ། །གེགས་དང་གོལ་ས་མཐའ་དག་རེ་དོགས་ཀྱི་ཆོ་འཕྲུལ། །དངོས་དང་དངོས་མེད་གཉིས་ཀ་མཐའ་གྲོལ་ལ་ཐིམ་པའི། །འོད་གསལ་གཉུག་མའི་ཀློང་དུ་བསྐང་བཤགས་དེ་འབུལ་ལོ། །གཟུང་འཛིན་ཉོན་མོངས་འཁྲུལ་པའི་དགྲ་བགེགས་ཀྱི་དཔུང་ཚོགས། །རང་གྲོལ་རྟོགས་པའི་མཚོན་ཆས་སྐྱེ་མེད་དུ་བསྒྲལ་ནས། །རིག་སྟོང་མི་ཤིགས་ཐིག་ལེ་ཧེ་རུ་ཀའི་ཞལ་དུ། །ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་ལྷག་མེད་དུ་བསྟབ་བོ། །ཡོངས་གྲུབ་ཕུང་ཁམས་སྐྱེ་མཆེད་གདན་གསུམ་གྱི་འཁོར་ལོ། །ཨ་ཧཾ་འབར་འཛག་ཞུ་བདེ་བདེ་སྟོང་གི་མཆོད་སྤྲིན། །ཟག་མེད་དགའ་བཞིའི་ཡེ་ཤེས་ངོ་བོ་རུ་བསྙེན་ནས། །ཅིར་སྣང་ཀུན་བཟང་སྤྱོད་པར་ལྷུན་འབྱམས་སུ་སྤྱོད་དོ། །སེམས་བྱུང་ལྟར་སྣང་འཁྲུལ་པ་ལྷག་སྡུད་ཀྱི་ཚོགས་རྣམས། །སེམས་ཉིད་སྐྱེ་མེད་རྟོགས་པའི་ཕམ་ཕབ་འདི་བཞེས་ལ། །གཟུང་འཛིན་འཁྲུལ་པའི་དགྲ་བོ་ཆོས་དབྱིངས་སུ་བསྒྲལ་ནས། །གཉུག་མའི་གཏན་སྲིད་ཟིན་པའི་ཕྲིན་ལས་དེ་སྒྲུབ་མཛོད། །དུས་གསུམ་མཉམ་ཉིད་ཀློང་དུ་ཤེས་རིག་གི་རྒྱལ་པོས། །རིག་སྟོང་སྐྱེ་མེད་བརྗོད་བྲལ་ཆོས་འཁོར་དེ་བསྐོར་ཚེ། །འཁྲུལ་པ་དབྱིངས་སུ་བཟློག་པར་དམ་བཅས་ཀྱི་ཚོགས་ཀྱིས། །གང་ཤར་སྤང་བླང་བྲལ་བའི་མཆོད་གཏོར་འདི་བཞེས་ཤིག །རྟེན་འབྲེལ་རླུང་སྦྱོར་འཕོ་བ་གནས་དག་གི་ཌཱ་ཀིས། །གང་ཤར་འཛིན་སྟངས་བྲལ་བའི་མཆོད་གཏོར་འདི་བཞེས་ལ། །ཡིད་དཔྱོད་འཛིན་པའི་ཀླ་ཀློ་ཆོས་དབྱིངས་སུ་བཟློགས་ནས། །སྣང་བཞི་ཟད་སར་འཁྱོལ་བའི་ཕྲིན་ལས་དེ་སྒྲུབ་མཛོད། །སྣང་སྟོང་གཉིས་མེད་རིགས་ལྔའི་དཔའ་བོ་དང་མཁའ་འགྲོས། །ཡེ་ཤེས་ལྔ་ཡི་གླུ་ལེན་བྲོ་བརྡུང་ལ་བརྩོན་པས། །གནས་ལུགས་རྣམ་ཐར་གསུམ་ལྡན་ཨེ་དབྱིངས་ཀྱི་ཀློང་དུ། །རྣམ་རྟོག་དུག་ལྔའི་དགྲ་བོ་ལྡང་མེད་དུ་མནན་ནོ། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེ་ཡི་སྦུབས་ནས། །སྒྲོན་དྲུག་ཉམས་སྣང་གོང་འཕེལ་ལྔ་ལྡན་གྱི་ཚོམ་བུར། །རིག་པ་རྡོ་རྗེའི་སྐུར་སྨིན་ལོངས་སྐུ་ཡི་ཞིང་སྦྱངས། །འཇའ་ལུས་ཆོས་སྐུར་གྲོལ་བའི་བྱིན་རླབས་དེ་ཞུའོ། །དེ་ལྟར་བརྩོན་པའི་སྐལ་ལྡན་ཀུན། །མྱུར་དུ་ཚོགས་རྫོགས་སྒྲིབ་གཉིས་བྱང་། །ཉམས་རྟོགས་ཡོན་ཏན་གོང་དུ་འཕེལ། །ཡེ་ཤེས་ཆེན་པོ་མངོན་བྱེད་འགྱུར། །ཚུལ་འདི་སྟག་ལུང་མར་ཐང་དུ། །བཤེས་གཉེན་དམ་པའི་གསུང་བསྐུལ་ངོར། །གང་ཤར་བློ་ཡི་མཚོ་ལས་ཕྱུང་། །དགེ་བས་འགྲོ་ཀུན་ཀློང་གྲོལ་ཤོག །ཅེས་པའང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་ལ་བླ་མ་བསོད་ནམས་རབ་བརྟན་གྱིས་ལྷ་རྫས་དང་དྲི་བཟང་བམ་གྱི་རྟེན་བཅས་གསུང་བསྐུལ་གནང་ངོར། རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་མོས་པས་སྤྱོད་པ་ཞེ་སྤྲུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་མདོ་ཁམས་ས་ཡི་ཐིག་ལེ་དཔལ་རི་བོ་ཆེའི་ཆོས་གྲྭར་གང་ཤར་སྐད་ཅིག་ཉིད་ལ་བྲིས་པ་དགེ། འདིར་རང་བྱུང་བླ་སྒྲུབ་གྱི་ཚོགས་མཆོད་ཡིན་ནའང་རྩ་གསུམ་གང་ལ་སྦྱར་ཡང་རུང་ངོ་། །དགེའོ། །དགེའོ། །དགེའོ། །།


previousལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན།no next