Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ།next

རྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ།

༄༅། །རཏྣསྱམཱལྱཾནཱམོམེངྷྲསྱཔཔཱཏྲཱཔྲཏྲིསནྡྷིབིཤྭབིཧརཏིསྨ། །
༄༅། །ཉེར་མཁོའི་དབང་གི་མཚམས་སྦྱོར་སྣ་ཚོགས་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །རྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ་བཞུགས།
༄༅། །ༀ་སྭསྟི་སིདྡྷཱི། དཔག་མེད་ཡོན་ཏན་ཕན་བདེའི་གྲུ་ཆར་གྱིས། །འགྲོ་ཁམས་རྒྱ་མཚོ་ཡོངས་སུ་སྨིན་མཛད་པའི། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ། །འདུད་དོ་བྱང་ཆུབ་བར་དུ་རྗེས་བཟུང་མཛོད། །འདིར་དབང་བསྐུར་སྤྱིའི་སྔོན་དུ་ཆོས་བཤད་ཅུང་ཟད་སྤྲོ་ན། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ་པ་ཡན་སོང་རྗེས། དེ་ལྟར་ཡང་གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་དབྱུང་བར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་ཤིས་མ་བསལ་བར། །གསང་སྔགས་དབང་གི་གྲལ་མི་བསྒྲིག །སྲུང་བའི་འཁོར་ལོ་མ་བསྒོམས་པར། །གསང་སྔགས་དབང་གི་ཆོས་མི་བཤད། །ཅེས་གསུངས་པ་ལྟར། ཕྱི་འཇུག་གི་ཡན་ལག་ཁྲུས་དང་བགེགས་ཕྲལ། སྲུང་བའི་འཁོར་ལོ་སྒོམ་པའི་རིམ་པ་རྣམས་སོང་ནས། སླར་ཡང་འདི་ལྟར་ཐུགས་ལ་ངེས་པར་བྱ་དགོས་ཏེ། གསང་བ་བསམ་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་འདི་ཚོགས་ཀྱིས་རྙེད་པ་ཡིན། །ཨེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདུས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར་འོ་སྐོལ་རྣམས་ད་རེས། ཁྱད་གཞི་མི་ཁོམ་པའི་གནས་རིས་བརྒྱད་དུ་མ་སྐྱེས་པས་རྟེན་གྱི་ངོ་བོ་དལ་བ་ཕུན་སུམ་ཚོགས་པ་ལ། ཁྱད་པར་གྱི་ཆོས་རང་གཞན་གྱི་འབྱོར་པ་ལྔ་ཕྲག་གཉིས་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཉིད། རྒྱུ་སྔོན་ཚུལ་ཁྲིམས་རྣམ་པར་དག་པ་དང་། རྐྱེན་སྦྱིན་སོགས་དགེ་བ་རླབས་པོ་ཆེ་དང་། གྲོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ལས་བྱུང་བས་ན། ཕྱིས་ཡང་ཡང་རྙེད་དཀའ་བའི་དཔེ་ཨུ་དུམ་ཝཱ་རའི་མེ་ཏོག་དང་ཆོས་མཚུངས་ཏེ་སྤྱིར་སེམས་ཅན་གྱི་གྲངས་ཙམ་ལ་བསམས་ཀྱང་མི་ལུས་ཐོབ་པ་ནི་ཉིན་མོའི་སྐར་མ་དང་འདྲ། བྱེ་བྲག་ཆོས་མིན་སྤྱོད་པའི་སྐྱེ་བོའི་གྲངས་ལ་བསམས་ཀྱང་ཆོས་ལ་སྤྱོད་པའི་སྐྱེས་བུ་ནི་སྲིད་མཐའ་མ་བཀག་ཙམ་དུ་ངེས་ཤིང་། གལ་ཏེ་རྙེད་ན་གནས་སྐབས་སུ་ལྷ་མིའི་བདེ་འབྲས་དང་། མཐར་ཐུག་ཐེག་པ་གསུམ་གྱི་རང་འབྲས་གང་འདོད་ཚེགས་མེད་པར་སྒྲུབ་ནུས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་དོན་ཆེ་སྟེ། ཨོ་རྒྱན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྦཱ་ར་འདྲ། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་སྒྲོལ་བར་མཛོད། །ཅེས་དང་། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང་། ཕ་དམ་པས། དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས། དེས་ན་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་བའམ། དཔའ་བའི་དཔུང་ཚོགས་དུས་དགྲ་སྡེ་འདུལ་བའམ། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་ཅི་ཐེབས་ལ་བརྩོན་དགོས་པ་བཞིན་དུ་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱེད་དགོས། དེའང་སང་བྱ་དང་གནང་བྱའི་དབང་དུ་བཞག་པས་མི་ཕན་ཏེ། མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་ཞིང་། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བར་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་དང་། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་འཆི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། སློབ་དཔོན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་དགོངས་ཀའི་གྲིབ་སོ་འདྲ། །འཇིག་རྟེན་ཕྱི་མ་སོས་ཀའི་ཉ་རྡོས་འདྲ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ། །ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འགྲོགས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་པ་རྒུད་པའི་རྒྱུ། །ཞེས་གསུངས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་གནས་འཇིག་སྟོང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་རྒ་ན་འཆི། བར་ལོ་ཟླ་ཞག་དུས་དང་དགྲ་གཉེན་བར་མའི་འགྱུར་ལྡོག་གང་ལ་བསམས་ཀྱང་འདུས་བྱས་ཀྱི་རང་བཞིན་ལ་རྟག་ཐུབ་པ་གཅིག་ཀྱང་མེད། ཁྱད་པར་དུ་སྔར་ཕན་ཆད་སྐྱེས་པའི་སེམས་ཅན་ལ་མ་ཤི་བར་ལུས་པ་མེད་པ་དང་། ཚེ་ལ་སྣོན་པ་མེད་ཅིང་འབྲིད་པ་ཡོད་པ་དང་། ལུས་སེམས་འདུས་བྱས་ཀྱི་ཚོགས་པ་ཡིན་པའི་ཕྱིར། མིའི་ལུས་རྟེན་འདི་སྐྱེས་ཕན་ཆད་ངེས་པར་འཆི་བ་ལས་མ་འདས་ཏེ། དཔེ་སྙིང་ལ་མཚོན་ཕོག་པའི་སྐྱེས་བུ་དང་འདྲ། དེ་ཡང་རང་རེ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། འཆི་བའི་རྐྱེན་མང་། ཚེ་ལ་དུས་བཏབ་དང་རྐྱེན་ལ་ངེས་པ་མེད། འདུས་བྱས་འཇིག་པའི་རང་བཞིན་ཅན་ཡིན་པས་ནམ་འཆི་ཆ་མེད་དེ་རྩ་རྩེའི་ཟིལ་པའམ་རླུང་གསེབ་ཀྱི་མར་མེ་དང་འདྲ། འཆི་བ་དེ་ཐོག་བབ་ཏུ་བྱུང་བའི་ཚེ། འབྲེལ་བའི་གཉེན། འདྲེས་པའི་གྲོགས། བསགས་པའི་ནོར། བརྩིགས་པའི་མཁར། མཛངས་པའི་བློ། མཁས་པའི་ཤགས། དཔའ་བའི་དཔུང་། འཚོ་བའི་སྨན་གང་གིས་ཀྱང་མི་བཟློག་པ་དཔེ་ཉི་མ་རྒས་པའི་གྲིབ་སོ་དང་འདྲ། མདོར་ན་དེ་རིང་ཁོ་ན་ཙམ་དུའང་མི་འཆི་བའི་གདེང་མེད་པས་ཆོས་ལ་བརྩོན་འགྲུས་དྲག་པོ་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟ་བུར་འབད་དགོས་ཏེ། འདུལ་བ་ལུང་ལས། མཐུ་ཆེན་ནུས་དང་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྐྲ་ངན་སྐྱ་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལ་སྨན་དག་དང་། །རིགས་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་སུ་འབྱུང་ངེས་པ་འགའ་མེད་པས། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་དང་། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས། འཆི་བའི་ཚེ་རང་གི་རྗེས་སུ་འབྲང་བ་ནི་ལས་དཀར་ནག་གཉིས་མ་གཏོགས་གཞན་གང་ཡང་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ་ལས་ཀྱིས་སྤྲུལ་པའོ། །སེམས་ཅན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་དང་། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སོ་སོར་སྨིན། །ཞེས་གསུངས་པས། ལས་འབྲས་ཡིད་ཆེས་ཀྱི་ལྟ་བ་རྣམ་པར་དག་པས་བླང་དོར་གྱི་གནས་རྣམས་ལ་འཇུག་ལྡོག་གི་ལག་ལེན་ཕྱིན་ཅི་མ་ལོག་པར་བརྩོན་དགོས། དེ་ཡང་ཀུན་སློང་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པའི་ལས་གང་ཉེས་པར་སྤྱོད་པ་སྟེ་དངོས་སམ་བརྒྱུད་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ་ནི་སྡིག་པ་མི་དགེ་བའི་ལས་ཡིན། དེ་ལ་དབྱེ་ན། གང་སྤྱད་པ་ཉིད་ན་སྡིག་ཏུ་འགྱུར་བ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། གང་བཅས་པ་ཉིད་ན་ལྟུང་བར་འགྱུར་བ་སྡོམ་པ་གསུམ་གྱི་ཉེས་ལྟུང་ལྟ་བུ་བཅས་པའི་ཁ་ན་མ་ཐོ་བ་དང་། འཇིག་རྟེན་གྱི་མནའ་དང་ཁྲེལ་ལས་འགལ་བ་དང་གཞན་གྱི་སྡིག་རྐྱེན་བྱེད་པ་སོགས་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དང་གསུམ་སྟེ། མདོར་ན་གཞན་ལ་གནོད་པ་གཞི་དང་བཅས་པ་ནི་སྤང་བྱ་མི་དགེ་བའི་ཕྱོགས་དང་། དུག་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླངས་པའི་ལས་གང་ལེགས་པར་སྤྱོད་པ་སྟེ་དངོས་སམ་བརྒྱུད་ནས་བདེ་བ་བསྐྱེད་པར་བྱེད་པས་ན་དགེ་བ་སྟེ། དེ་ལའང་དབྱེ་ན་འཁོར་གསུམ་དམིགས་པ་དང་བཅས་ཤིང་མངོན་མཐོའི་འབྲས་བུ་ཙམ་དོན་དུ་གཉེར་བྱེད་ཀྱི་ལས་བསོད་ནམས་ཆ་མཐུན། ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་རང་ཉིད་ཞི་བདེའི་འབྲས་བུ་དོན་དུ་གཉེར་བ་ཐར་པ་ཆ་མཐུན། སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་དབང་གིས་འཁོར་གསུམ་དུ་རྟོག་པའི་མཚན་མ་དང་བྲལ་བ་བླ་ན་མེད་པའི་དགེ་བ་དང་གསུམ་སྟེ། མདོར་ན་གཞན་ལ་ཕན་པ་གཞི་དང་བཅས་པ་ནི་བླང་བྱ་དགེ་བའི་ཕྱོགས་ཡིན། དེ་ལྟ་བུའི་དགེ་མི་དགེའི་ལས་གང་ཡང་རང་གིས་བྱས་པ་གཞན་ལ་མི་འཕོ། གཞན་གྱིས་བྱས་པ་རང་ལ་མི་སྨིན། མ་བྱས་པའི་ལས་དང་མི་འཕྲད། བྱས་པའི་ལས་ཆུད་མི་ཟ། དཀར་ནག་གི་འབྲས་བུ་མི་འཆོལ་བར་རྒྱུ་ཆུང་ཡང་འབྲས་བུ་མང་དུ་བསྐྱེད་པ་ཞིང་ས་གཤིན་པོ་ལ་ས་བོན་བཏབ་པ་དང་འདྲ་བས་ཤིན་ཏུ་ཕྲ་བ་ནས་འདོར་ལེན་བྱེད་པ་ཅིས་ཀྱང་གལ་ཆེ་སྟེ། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དག །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང་། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་འགྱུར་ཕྱིར། །ཞེས་དང་། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་འཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་སྟོན། །ཞེས་དང་། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མངར་བར་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་དང་། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་རྟག་ཆུང་ངུ་ཙམ་གྱིས་ནི། །རྩྭ་ཕུང་རི་ཙམ་བསྲེག་པར་འགྱུར། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་གསོག་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས། དེ་ཡང་འདུ་བྱེད་ཟག་བཅས་ཀྱི་ལས་ཀྱིས་འགྲོ་བ་དྲུག་གི་ས་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། །མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་དང་། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཀྱང་། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་དང་། ཀུན་མཁྱེན་བླ་མས། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ཡས། །སྲིད་ལམ་དུབ་པ་དག་གི་སྡུག་བསྔལ་ནི། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །མི་དགེས་བསྐྱེད་པའི་འབྲས་བུ་མི་བཟད་པ། །རང་ཉིད་སྣང་ལོག་རྨི་ལམ་ནང་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནི། །མེད་སྣང་འཁྲུལ་པས་སྡུག་བསྔལ་དཔག་ཏུ་མེད། །ཅེས་གསུངས་པ་བཞིན། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལང། རྩ་བའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་ལ་གཅིག་འབྲེལ། ཡན་ལག་གི་སྡུག་བསྔལ་རྒྱ་མཚོའི་རྦ་རླབས་དང་འདྲ་སྟེ་བུད་པ་དང་སངས་པ་མེད། ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས་ཁང་། གང་ཅི་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མར་འདུག་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཀུན་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ། མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་དུ་མ་གྱུར་པ་གཅིག་ཀྱང་མེད་པས་རྒྱལ་པོའི་བཙོན་རའམ། མེ་ཡི་འོབས་སམ། སྲིན་མོའི་གླིང་ལྟ་བུར་ཤེས་པར་བྱ་སྟེ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཞེས་དང་། ཀུན་མཁྱེན་བླ་མས། ཇི་ལྟར་མེ་ནང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་པོའི་བཙོན་རར་ཆུད་པའི་འགྲོ་བ་ལྟར། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་མནར་བཞིན་དུ། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། །ཞེས་དང་། ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བར། །བདག་སྙིང་ལྕགས་ཀྱི་གའུ་ཆེན་པོའམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ཞེས་དང་། དམ་པས། འཁོར་བའི་ཉེས་དམིགས་དྲན་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་འོང་དིང་རི་བ། །ཞེས་གསུངས། དེ་ལྟ་བུའི་སྡུག་བསྔལ་ཅན་གྱི་འཁོར་བ་ལས་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཆོག་སྟེ། ཀླུ་སྒྲུབ་ཀྱིས། གང་གི་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་བདག་ལ་གང་མ་གནས། །སེམས་ཅན་དེ་ནི་འདི་ན་གང་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་དང་། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་ལུར་བསྒྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་བཞིན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཚད་མེད་པ་འདི་དག་ཐམས་ཅད་སྐྱེ་བ་སྔ་མ་རྣམས་སུ་ལན་གྲངས་དུ་མར་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་པའི་སྐབས་སུ་ད་ལྟའི་རྩ་བའི་ཕ་མ་ཇི་ལྟ་བར། ཕན་གདགས་ནུས་ཚད་ཀྱིས་བཏགས། གནོད་པ་ལས་བསྐྱབ་ནུས་ཚད་ཀྱིས་བསྐྱབས་ཏེ། མདོར་ན་རང་གི་སྲོག་ལས་ཀྱང་གཅེས་པར་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་གླེན་ཞིང་ཐབས་ལ་མི་མཁས་པའི་དབང་གིས་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་ཁོ་ན་ལ་སྤྱོད་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་ལ་ལྟ་བའི་མིག་དང་ནི་བྲལ། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་མེད། འཁོར་བའི་གཡང་ས་ཆེན་པོར་ལྷུང་བས་ཤིན་ཏུ་ཉམ་ཐག་ཅིང་སྙིང་རྗེ་བ་འདི་དག་ཡལ་བར་དོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད་དེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་པ། །གློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟག་འཐུངས་ཤིང་། །ངལ་བ་མང་བརྟེན་ཤིན་ཏུ་བྱམས་ལྡན་རྟེན་མ་རྣམས། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པས། བདག་གིས་ད་རེས་དྲིན་ལྡན་གྱི་མ་དེ་རྣམས་སྡུག་བསྔལ་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད་པས་བདག་གིས་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅིས་ཀྱང་ཐོབ་པར་བྱ། དེའང་ཐེག་པ་ཐུན་མོང་བའི་ལམ་ལ་ཞུགས་ན་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར། རྩོལ་སྒྲུབ་ཀྱིས་ཡུན་རིང་དུ་འགོར་བས། དེའི་བར་ལ་མ་རྒན་རྣམས་ཤིན་ཏུ་སྡུག་བསྔལ་དོས་དྲགས་པོས་མནར་བར་འདུག་པས། ད་རེས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་བྱ། དེ་ཡང་སྨིན་བྱེད་ཀྱི་དབང་བསྐུར་སྔོན་དུ་མ་སོང་བར་འཇུག་ཏུ་མི་རུང་སྟེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་ཤིང་། དབང་ལེགས་པར་ཐོབ་ན་ཧེ་རུ་ཀ་མངོན་འབྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པས་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་ཞུས་ནས་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་འཇུག་པར་བགྱིའོ་སྙམ་དུ་བསམ་པ་བཟང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་{ནི}བདུད་རྩི་འཐུང་བ་བཞིན། །ཞེས་དང་། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པས་ན་དགེ་བའི་བཤེས་གཉེན་ལ་དཀྱིལ་འཁོར་གྱི་བདག་པོར་དངོས་སུ་མོས་པའི་གུས་པ་དང་ལྡན་པས་སྒོ་གསུམ་ལེགས་པར་བསྡོམས་ཏེ་གཞན་དུ་མ་ཡེངས་པའི་སྒོ་ནས་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་སྩལ་བར་མཛད་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོར་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས། དེ་དག་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུར་འདུ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པས། ཀུན་འབྱུང་འདྲེན་པའི་ཐེག་པ། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། ཀྲཱི་ཡ་བྱ་བ། ཨུ་པ་ཡ་སྤྱོད་པ། ཡོ་ག་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་རྒྱུད་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ། བསྐྱེད་པ་མ་ཧཱ། ལུང་ཨ་ནུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་དང་དགུའོ། །དེ་ཡང་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུར་རུང་སྟེ། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས་པ་ལས། འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པ་སོགས་ཀྱིས་ཁྱད་པར་དུ་གྱུར་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་གསར་རྙིང་གཉིས་ལས་རྙིང་མ་ལ་མཚོན་ན། འདིར་གསར་མ་ལས། སྤྱན་འདྲེན་པ་པོ་ཡོན་བདགཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོ་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོགབརྗོད་བྱ་ཆོས་ཀྱི་ཆེ་བ་སྟེ། ཆེ་བ་དྲུག་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་པའི་ཁྱད་པར་གསུམ་ལས། ས་གཏེར་ལ་མཚོན་ན། འདིར་བཀའ་མ་ལས། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་ཤིང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱིས་དུས་དང་འཚམས་པར་མངོན་པར་སྣང་བས་ཟབ་ལམ་ནུབ་པ་མེད་པའི་ཕྱིར། ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་སྟེ། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་ཁམས་གསར་ངས་ཆེ་བ་དང་། སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན། །སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་། །གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས། །དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །ཚེ་གཅིག་ཐར་པ་ཐོབ་བོ་རྗེ་འབངས་རྣམས། །ཞེས་གསུངས་པ་ལྟར་བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་པ་ཡིན་ལ་དེ་ཉིད་སྤྱན་འདྲེན་པ་པོ་ཡང་། སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས། གང་འདུལ་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་འབྱོན་པ་ལས། འདིར་སྐབས་སུ་བབ་པ་ནི། ཞེས་སོགས་སམ། ཡང་དེ་ལས་ཅུང་ཟད་བསྡུས་པར་འདོད་ན། དེ་ཡང་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙཎྜ་གོ་མིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ན། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབས། །ཞེས་གསུངས་པ་ལྟར། ངོ་བོ་རྒྱུ་རྐྱེན་དཔེ་གྲངས་ཚུལ་གང་ལ་བསམས་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་ཕན་ཐོགས་ཆེ་བའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པའི་གནས་སྐབས་སུ། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་སྡུག་བསྔལ་མུ་མཐའ་མེད་པ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་དུ། དམ་པའི་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱ་དགོས། དེའང་སང་བྱ་དང་གནང་བྱའི་དབང་དུ་བཞག་པས་མི་ཕན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། དམ་པའི་སྐྱེས་བུ། འཆི་རྐྱེན་ངེས་མེད། དཔེ་དོན་སྣ་ཚོགས་ཚུལ་གང་ལ་བསམས་ཀྱང་མི་རྟག་པའི་རང་བཞིན་ལས་མ་འདས་པས། དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་དེ། མཚན་མོ་བཟང་པོས་ཞུས་པའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་སྒྲུབས། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་དང་། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་གང་ལོག་པ། སད་ཁམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས། འཆི་བའི་ཚེ་རང་གི་རྗེས་སུ་འབྲང་བ་ནི་ལས་དཀར་ནག་གཉིས་མ་གཏོགས་གཞན་གང་ཡང་མེད་དེ། ཆོས་ལྡན་རབ་འབྱོར་གྱིས། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་སྤྱོད། །ཅེས་གསུངས། དེའང་དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། ལས་དཀར་ནག་གི་འབྲས་བུ་ནམ་ཡང་མི་འཆོལ་བར་རང་རང་གི་ཟིན་འབྱུང་གི་ཕུང་པོའི་སྟེང་དུ་སྨིན་ངེས་ཏེ། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་དང་། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་རྒྱུ་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས། དེས་ན་ཀུན་སློང་ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི་སྦྱོར་བ་གཞན་ལ་གནོད་པ་གཞི་དང་བཅས་པ་འདི་དང་གཏན་དུ་རང་འབྲས་ཡིད་དུ་མི་འོང་བ་བསྐྱེད་པར་བྱེད་པ་སྡིག་པ་མི་དགེ་བའི་རིགས་སྲོག་ལ་བབས་ཀྱང་སྤངས་ཤིང་། ཕན་སེམས་བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའི། སྦྱོར་བ་གཞན་ལ་ཕན་པ་གཞི་དང་བཅས་པ། འདི་དང་གཏན་དུ་རང་འབྲས་ཡིད་དུ་འོང་བ་བསྐྱེད་པར་བྱེད་པ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་སུ་འབད་པ་གལ་ཆེ་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། སྡིག་པ་ཆུང་ངུར་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་ཚོགས་པ་བཞིན། །ཞེས་གསུངས། འདུ་བྱེད་ཟག་བཅས་ཀྱི་ལས་ཀྱིས་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་སྟེ་རྩ་བའི་སྡུག་བསྔལ་ཆེན་པོ་དྲུག་དང་། ཡོད་པ་སྲུང་མི་བཏུབ། མེད་པ་བཙལ་གྱིས་མི་རྙེད། དགྲ་སྡང་བ་དང་ཕྲད། གཉེན་བྱམས་པ་དང་བྲལ་བ་སོགས་ཡན་ལག་གི་སྡུག་བསྔལ་མཐའ་ཡས། མདོར་ན་ཟག་བཅས་ཀྱི་ཕུང་པོ་འདི་གྲུབ་ཕྱིན་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལས་མ་འདས་ཏེ། མདོ་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པ་མེ་ཡི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བ་གཅན་གཟན་ཁྲོ་བོ་དང་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་དུས་སྐབས་དཀའ་བས་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བ་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པ་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་དང་། བཤེས་སྤྲིང་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་མཁྱེན་པར་མཛོད། །ཅེས་གསུངས། དེ་ལྟ་བུའི་སྡུག་བསྔལ་སྲིད་པའི་གནས་ལས་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཕན་ཏེ། འདི་ལྟར་ནམ་མཁའ་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལའང་མཐའ་དང་མུ་མེད། དེ་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་སྟེ། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་ནི་སྒྲུབ་མ་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་ནི་སྤོང་མ་ཤེས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུའི་སེམས་ཅན་འདི་ཐམས་ཅད་སྙིང་རེ་རྗེ། ད་སྙིང་རེ་རྗེ་ཞེས་བཞག་པས་ཅི་ཕན། བདག་ད་རེས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་ཐོབ། ཆོས་བྱེད་ཐབས་ཤེས། བྱེད་དབང་ཡོད་པའི་སྐབས་སུ། མ་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གཅིག་པུས་ཅི་ནས་ཀྱང་བསྒྲལ་བར་བྱ། དེའི་ནུས་པ་ད་ལྟ་རང་ལ་མེད་ཅིང་། རང་ལས་ཆེ་བར་གྲགས་པའི་ལྷ་ཀླུ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ལའང་མེད། དེ་ལས་ཀྱང་ཆེས་ཆེ་བར་གྲགས་པའི་ཉན་ཐོས་དང་རང་བྱང་ཆུབ་སྟེ་ཞི་བ་ཕྱོགས་རེ་བའི་ལམ་ལའང་མེད། དེ་གང་ལ་མངའ་ན་རྫོགས་པའི་སངས་རྒྱས་ཀྱི་ས་ཁོ་ན་ཡིན་པའི་ཕྱིར་དེ་བདག་གིས་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་ཞུས་ནས་དོན་རང་རྒྱུད་ལ་སྦྱར་བར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ནས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བ་ནི། རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་ནི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཐེག་པ་ཆུང་ངུ་ལས་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོ་ཡིན། དེ་ལའང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཏེ། དེ་གཉིས་ཀའང་མཐར་ཐུག་རྣམ་བྱང་སྒྲུབ་པར་བྱེད་པ་ལ་དོན་གཅིག་ཀྱང་། གནས་སྐབས་ཐབས་ལ་མ་རྨོངས་པ་དང་། ཐབས་མང་བ་དང་། ཐབས་སླ་བ་དང་། དབང་པོ་རྣོན་པོའི་ངོ་སྐལ་དུ་བྱས་པས་སྔ་མ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། དེ་ལ་སྤྱིར་སྔགས་ཀྱི་མཚན་གཞི་ནི། འོད་གསལ་བའི་རང་བཞིན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་རང་བཞིན་གྱིས་དག་པ་དང་དེ་ལ་བརྟེན་པའི་ཆོས་སྦྱང་བྱ་སྦྱོང་བྱེད་དང་བཅས་པ་ཐམས་ཅད་དེ། དེ་ཡང་སྦྱང་གཞི་གདོད་མ་ནས་རྣམ་པར་དག་པའི་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ། སྦྱང་བྱ་གློ་བུར་གྱི་དྲི་མ་ཟག་བཅས་ལས་ཉོན་འཁོར་བའི་ཆོས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ། སྦྱོང་བྱེད་སྨིན་གྲོལ་བསྐྱེད་རྫོགས་ལ་བརྟེན་ནས་གསར་དུ་ཡོན་ཏན་སྐྱེ་བ་དང་བཅས་པའི་ཆ་ལས་ཡེ་ཤེས་ལམ་གྱི་ཆར་གཏོགས་པ་ཐམས་ཅད། སྦྱངས་འབྲས་ཟག་པ་མེད་པའི་དབྱིངས་ལ་སྒྲིབ་བྱེད་མཐའ་དག་དང་བྲལ་བས་ཁམས་ཉིད་བྱང་ཆུབ་ཏུ་གནས་གྱུར་ནས་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཏུ་རང་སྣང་བའོ། །མཚན་ཉིད་ནི་དབྱིངས་རང་བཞིན་གྱིས་དག་པ་དང་རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་འཁོར་དང་བཅས་པ། ངེས་ཚིག་ནི་མནྟྲ་ཡ་ན་ཞེས་པའི་སྒྲ་ལས་སྔགས་ཀྱི་ཐེག་པ་སྟེ་ཡིད་ཤེས་བདེ་མྱུར་གྱི་སྒོ་ནས་སྐྱོབ་པར་བྱེད་པས་སོ། །དབྱེ་ན་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་བཞི་ལས། འདིར་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པས་ཡོད་པ་མི་འགོག་པས་སྒྱུར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ་གསུམ་ལས། ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བས་ཁྱད་པར་དུ་འཕགས་པ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཡིན། དེའང་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། རྙིང་མ་དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་སྔ་མ་ལ། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས། ཐབས་བསྐྱེད་པའི་རིམ་པ་དང་སྤྱོད་པ་གཙོ་བོར་སྟོན་པ་རྒྱུད་མ་ཧཱ་ཡོ་གཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྩལ་ཏུ་རྟོགས་པས། ཤེས་རབ་རྫོགས་པའི་རིམ་པ་དང་ཏིང་ངེ་འཛིན་གཙོ་བོར་སྟོན་པ་ལུང་ཨ་ནུ་ཡོ་གཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པས། ཡེ་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤང་བླང་རེ་དོགས་དང་བྲལ་བ་སྟེ། ལྟ་བ་གཙོ་བོར་སྟོན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་དུ་བཞུགས་པ་ལས། འདིར་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྙིང་པོའི་བཅུད་ཕྱུང་བ་ཞེས་སོགས་སྐབས་ཐོབ་གང་ཡིན་དང་སྦྱར། དེ་ལས་ཀྱང་བསྡུས་པར་འདོད་ན། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་གསན་འཚལ། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བས་ན་རང་བཞིན་མཉམ་པ་ཉིད་ཡིན་ནའང་། དེ་ལྟར་མ་རྟོགས་པའི་དབང་གིས་གཟུང་འཛིན་གྱི་འཁྲུལ་བ་ལུ་གུ་རྒྱུད་ལ་འཕྱན་པར། མེད་སྣང་སྲིད་པའི་བཙོན་རར་སྡུག་བསྔལ་གསུམ་གྱི་ཆད་པ་སངས་དུས་མེད་པས་མནར་བའི་འགྲོ་བ་འདི་ཐམས་ཅད་ཚེ་རབས་ཀྱི་ཕ་མ་དྲིན་ཆེན་ཤ་སྟག་ཡིན་པས། འདི་ཐམས་ཅད་རྣམ་མཁྱེན་གདོད་མའི་རྒྱལ་ཐབས་ལ་འགོད་པའི་སླད་དུ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཅིས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་གསང་ཆེན་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་ཞུས་ནས་ལམ་རིམ་པ་གཉིས་གྱི་ཚུལ་ལ་སློབ་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནི། བྱང་ཆུབ་སྒྲུབ་པའི་རྒྱུའི་གཙོ་བོའམ་ཐབས་མ་ནོར་བ་ཡིན་པས་ཅིས་ཀྱང་གལ་ཆེ་སྟེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན། ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། བདག་ཉིད་ལ་ནད་པ། ཆོས་ལ་སྨན། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བཞག་ནས་ལེགས་པར་གསན་པར་ཞུ། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཁྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པས་སྒྲ་འབྱིན་ཞིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ནའང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱང་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་འབྱུང་ངོ་། །ཞེས་དང་། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོས་འགྱུར་བ་ཡིན། །ཞེས་གསུངས་པ་བཞིན། སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་ནི། དོན་དམ་པར་སྒྲ་ཚིག་ཡི་གེ་ཀུན་ལས་འདས་ཀྱང་ཀུན་རྫོབ་ཏུ་གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་ནམ་འཛོམས་པ་ན་སྒྲ་སྙན་ནམ་ལྷ་ཡི་རྔ་བོ་ཆེའི་སྒྲ་བཞིན་དུ་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་བསམ་གྱིས་མི་ཁྱབ་པ་ཞིག་སྣང་བ་ཡིན་པས་སྤྱིར་འདི་ཙམ་ཞེས་ཚུར་མཐོང་གི་བློས་ཚད་བཟུང་མི་ནུས་ཀྱང་། གདུལ་བྱའི་རྒྱུད་ཀྱི་སྤང་གཉེན་ལ་ལྟོས་ནས། རྒྱུད་ལས། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་དེ་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ་སྔགས་བླ་མེད་ཀྱི་ཐེག་པར་འདུ་སྟེ། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་མ་ལུས་བསམ་ཡས་འདུ། །ཞེས་གསུངས། དེ་ལྟ་བུའི་གསང་སྔགས་འབྲས་བུའི་ཐེག་པ་དེ་ཡང་རང་རེ་གངས་ཅན་པ་རྣམས་ཀྱི་གདུལ་བྱའི་མགོན་དུ་ཕེབས་པའི་དུས་སྔ་ཕྱིའི་དབང་གིས་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་ཕྱི་མ། དེ་ལའང་རྒྱ་ཆེ་བ་རྒྱུད་སྡེ་དང་། ཟབ་པ་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེ། དེ་ལའང་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་ཆོས་སྐྱོང་སྟེ། རྩ་བ་གསུམ་གྱི་སྒྲུབ་སྐོར་སྤྱི་དང་། ཁྱད་པར་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། རྦོད་གཏོང་མ་མོ། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་དེ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་བྱེ་བྲག་གི་སྒྲུབ་བཀའ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པའི་སྐོར་ཏེ། ཞེས་པ་ལྟ་བུ་གང་ཡིན་གྱི་ལོ་རྒྱུས་ལ་འཇུགདེ་ལ་སྤྱིར་དབང་གི་ངོ་བོ་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞི་ཡན་ལག་སྙེད། །དྲུག་ལ་གནས་པའི་ཐོབ་བྱ་སྟེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་གསུངས་པ་ལྟར། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པ་སྟེ། དེ་ཡང་རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པའི་ཆོས་ཉིད་དེ། བྱེ་བྲག་ཏུ། ལུས་ཕུང་ཁམས་སྐྱེ་མཆེད་ལྷ་རུ་གནས་པ་བུམ་དབང་གི་མཚུངས་ལྡན། ངག་རླུང་དང་ཡི་གེ་སྔགས་སུ་གནས་པ་གསང་དབང་གི་མཚུངས་ལྡན། ཁམས་དྭངས་མ་ཀུན་ད་བདེ་ཆེན་དུ་གནས་པ་ཤེར་དབང་གི་མཚུངས་ལྡན། སེམས་སངས་རྒྱས་ཆོས་སྐུར་གནས་པ་བཞི་པའི་མཚུངས་ལྡན་ཏེ། དབང་མཆོག་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་གསུངས། ལྷན་ཅིག་བྱེད་པའི་རྒྱུ་རྡོ་རྗེ་སློབ་དཔོན་ལྟ་དགོངས་དང་ལྡན་པས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཤིང་རབ་ཏུ་གནས་པའི་དབང་རྫས་ཁྱད་པར་ཅན་དེ་དང་དེའི་ནུས་པ་དང་ལྡན་པའོ། །རྐྱེན་བཞི་ནི། དད་བརྩོན་བརྟུལ་ཞུགས་དང་ལྡན་པས་སྨིན་བྱེད་ཀྱི་སྣོད་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། ཕྱི་ནང་གི་མཚན་ཉིད་ཀུན་ཚང་ཞིང་སྣོད་ལྡན་གྱི་སློབ་མའི་རྒྱུད་སྨིན་པར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། བརྒྱུད་པའི་མན་ངག་དང་ལྡན་ཞིང་རྫས་སྔགས་ཏིང་འཛིན་སོགས་གཞུང་ལས་བཤད་པའི་ཆོ་གའི་ཡན་ལག་མཐའ་དག་ཚང་བའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མས་འབྱུང་ཞིང་རིམ་པར་བརྡ་དོན་ངོ་འཕྲོད་པ་ནི་དེ་མ་ཐག་རྐྱེན་ནོ། །དེ་ལྟ་བུའི་རྒྱུ་རྐྱེན་གྱི་ཆོས་དྲུག་པོ་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ནས། ཨ་བྷི་ནི་མངོན་པ། ཥིཉྩ་གཏོར་བའམ་བླུགས་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པའི་ཆ་ནས་མངོན་པར་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཆ་ནས་མངོན་པར་བླུགས་པས་ན་དབང་སྟེ། བརྟག་གཉིས་ལས། གཏོར་དང་བླུགས་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་བ་ནི། སྤྱིར་གང་ཟག་གི་རྒྱུད་ཚོད་ལ་སྦྱར་ནས། སྨིན་བྱེད་རྒྱུའི་དབང་། གྲོལ་བྱེད་ལམ་གྱི་དབང་། མཐར་ཕྱིན་འབྲས་བུའི་དབང་སྟེ་གསུམ་དུ་བཞག་པ་དང་། རྣམ་པའི་བྱེ་བྲག་ཏུ་དབྱེ་བ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་བཞིན་རྒྱུད་སྡེ་བཞིའི་དབང་གི་བབས་མི་འདྲ་བ་བཞིར་བཞག་པ་སོགས་སྤྱི་བྱེ་བྲག་གི་དབྱེ་བ་མཐའ་ཡས་ཀྱང་། གསང་བ་བླ་མེད་ཀྱི་སྐབས་འདིར་ནི། སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་དང་། པདྨའི་ལམ་རིམ་ཆེན་མོ་ལས། བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར། །ཞེས་གསུངས་པས། ལུས་རྩ་ཡི་སྒྲིབ་པ་དག་ཅིང་སྣང་སྟོང་སྐུ་རྡོ་རྗེའི་ལམ་ཁྱེར་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་སྒོམ་པའི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་བུམ་པའི་དབང་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་། ངག་རླུང་གི་སྒྲིབ་པ་དག་ཅིང་གསལ་སྟོང་གསུང་རྡོ་རྗེའི་ལམ་ཁྱེར་རླུང་སྔགས་རྡོ་རྗེའི་བཟླས་པ་བདག་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་གསང་དབང་ནང་ལུས་དཀྱིལ་ལམ་ཀུན་རྗོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་ཡིད་ཐིག་ལེའི་སྒྲིབ་པ་དག་ཅིང་བདེ་སྟོང་ཐུགས་རྡོ་རྗེའི་ལམ་ཁྱེར་གཞན་ལུས་ཕོ་ཉའི་ལམ་གྱི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་ཆོས་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་། ཆ་སྙོམས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ཅིང་རིག་སྟོང་ཡེ་ཤེས་རྡོ་རྗེའི་ལམ་ཁྱེར་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་གྱི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་བདེ་བ་ཆེན་པོའི་དབང་དམ་ཚིག་དབང་རིན་པོ་ཆེ་ཡང་གསང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་རྣམ་པ་བཞིར་ངེས་པ་ལས། འདིར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་སྐབས་སུ་བབས་པ་སོགས་འབྲེལ་ཆགས་པར་སྦྱོར་ཤེས་དགོས་ཤིང་། ཁྱད་པར་རྒྱུད་སྡེ་གོང་འོག་གི་བབས་དང་སྔགས་གསར་རྙིང་གི་ཆོ་གའི་ཁྱད་པར། དབང་དང་བྱིན་རླབས་རྗེས་གནང་། རིགས་གཏད་སོགས་སོ་སོའི་དབྱེ་བསལ་དགོས་ཆེད་རྣམས་ཞིབ་པར་ཤེས་དགོས་མོད། དེ་དག་མཐའ་ཡས་པའི་ཕྱིར་འདིར་བྲིར་མ་ལང་བས་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ལ་འདྲིས་པ་ཅིས་ཀྱང་གལ་ཆེ་སྟེ། རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྨྲས་པ། ཕུལ་བྱུང་མཁྱེན་རབ་མེ་ལོང་གཙང་མའི་ངོགས། །རྒྱ་ཆེན་ཤེས་བྱའི་གཟུགས་བརྙན་འབུམ་བཀྲ་བའི། །སྔོན་བྱོན་དམ་པའི་ལེགས་བཤད་ཆེས་མང་ན། །འདི་འདྲའི་བརྗོད་པས་སུ་ལ་ཅི་ཞིག་འཚལ། །འོན་ཀྱང་འཆད་འདོད་བློ་གྲོས་གསར་བུ་བའི། །མགུལ་བའི་རྒྱན་དུ་འདི་ཙམ་བཟུང་ན་ཡང་། །བློ་ལྡན་ཡིད་ལ་དགའ་བའི་དཔལ་སྟེར་བྱེད། །དེ་ཕྱིར་རང་འདྲ་འགའ་ལ་ཕན་ནམ་སྙམ། །ཁྱད་པར་འཁོར་ལོའི་དབང་ཕྱུག་སྤྲུལ་པའི་སྐུ། །སྐྱེས་ཐོབ་མཁྱེན་པའི་རྩ་བ་རབ་བརླིང་ཡང་། །སྦྱོར་བརྩོན་ཡལ་གའི་ཁོ་ལག་མ་རྫོགས་པས། །འདི་ཙམ་གྱིས་ཀྱང་ཐུགས་ཕན་གསོབ་པར་མཐོང་། །དེ་སླད་ཉུང་ངུའི་ངག་གིས་མདོ་ཙམ་དུ། །བརྗོད་པ་འདིས་ཀྱང་མཆོག་གི་སྤྲུལ་པའི་སྐུའི། །ཐུགས་རབ་འཕེལ་ཞིང་གསན་བསམ་སྒོམ་གསུམ་གྱི། །ཡོན་ཏན་ཡར་ཟླའི་དཔལ་བཞིན་རྒྱས་གྱུར་ཅིག །འགྲོ་ཁམས་རྒྱ་མཚོའི་དད་པའི་ཞིང་ས་ལ། །སྨིན་བྱེད་དབང་བཞིའི་ས་བོན་གསོས་ཐེབས་ཤིང་། །རིམ་གཉིས་ལམ་གྱི་སྙེ་མ་གཡུར་ཟ་བས། །དོན་གཉིས་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ན་ཕྲ་བས་ཐུགས་འཛིན་བདེ་བའི་སླད་དུ། ཞེ་ཆེན་པ་རྒན་པོ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་མངྒལཾ། །། །


previousརྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ།next