Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་།next

བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་།

༄༅། །བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བཛྲ་ངྷཱ་ར་ཡཻ། དོན་དམ་དབྱིངས་སུ་འཁོར་འདས་རོ་མཉམ་ཡང་། །ཀུན་རྫོབ་སྣང་ཆར་འདས་དང་མ་འདས་ཚུལ། །ཐུབ་བསྟན་རིན་ཆེན་འཛོད་གྱི་གཉེར་ཁ་བ། །མཐུ་ལྡན་དཀར་ཕྱོགས་སྐྱོང་རྣམས་མཁྱེན་པར་མཛོད། ༡། ཀུན་བཟང་རྡོ་རྗེ་འཆང་དབང་ཤཱཀྱའི་རྒྱལ། །པདྨ་ཐོད་ཕྲེང་འཕགས་བོད་པཎ་གྲུབ་ཚོགས། །བཤད་སྒྲུབ་བསྟན་པའི་མངའ་བདག་ཐམས་ཅད་ཀྱིས། །བཀའ་ལུང་ནོར་བུའི་ཅོད་པཎ་ལྕི་བར་མཛོད། ༢། ཁྱེད་རྣམས་ཡེ་ཤེས་འཇིག་རྟེན་སྣ་ཚོགས་གཟུགས། །ལས་དང་མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་རུ་མཚོན་སྒྲེང་། །བསྟན་པ་སྐྱོང་ལ་མཛད་པ་མཐུན་ཞེས་གྲགས། ༣། དེ་སླད་ཟོལ་མེད་ལྷག་བསམ་བཟང་པོའི་ཤུགས། །རང་འདོད་འཁྲི་བ་སྤངས་པ་བདེན་པའི་ངག །འཛེམ་མེད་བུ་ཡིས་མ་ལ་འབོད་པ་བཞིན། །ཅུང་ཟད་གསོལ་ན་གནང་བའི་སྐབས་དབྱེ་འཚལ། ༤། རྒྱལ་དང་དེ་སྲས་འཕགས་བོད་མཁས་གྲུབ་ཚོགས། །རིས་མེད་བརྒྱུད་པའི་ཐུགས་ལ་བརྣག་པའི་བཅུད། །བསྟན་པ་རིན་ཆེན་སྒྲོམ་གྱི་གཉེར་ཁ་དེ། །ཅི་ཡི་སླད་དུ་ཁྱེད་ལ་གཏད་པ་དགོངས། ༥། འཇིག་རྟེན་འདི་ན་སྐྱེ་བོ་ཕལ་དག་ཀྱང་། །བཅོལ་བའི་ནོར་དང་འདྲིས་པའི་གྲོགས་ཀྱི་ཕྱིར། །ལུས་སྲོག་འདོར་བའི་དཀའ་བའི་ཁུར་ཁྱེར་ན། །དམ་པ་ཁྱེད་རྣམས་བཏང་སྙོམས་བཞུགས་རིགས་སམ། ༦། བཟང་པོའི་དུས་དང་ཡ་རབས་སྐྱེ་བོ་འཚོགས། །བསྟན་པའི་མངའ་ཐང་ངང་གིས་འཕེལ་བའི་དུས། །ཁྱོད་ལ་བཅོལ་ཡང་ཅི་དགོས་གཏད་ཅི་དགོས། །ཉིན་མོའི་དཔལ་ལ་སྒྲོན་མེའི་སྣང་བས་ཅི། ༧། དེང་དུས་དུས་ངན་མི་ངན་ལྷན་ཅིག་འཚོགས། །བཟང་པོའི་སྲོལ་ནུབ་ངན་སྤྱོད་མཚོ་ལྟར་རྡོལ། །ཐུབ་པའི་བསྟན་པ་མེ་ཤི་དུད་པ་ཙམ། །སྟོབས་ཤིག་ཡོད་ན་ད་ནི་བསྐྱེད་རན་ལགས། ༨། དར་བའི་དུས་སུ་བསྐྲོད་ཀྱང་ཚུར་ཚུར་འདུ། །རྒུད་པའི་དུས་སུ་བོས་ཀྱང་ཕྱིར་ཕྱིར་སྐྱེད། །དེང་དུས་སྐྱེ་བོ་ངན་པའི་ངང་ཚུལ་འདི། །ཁྱེད་ལའང་མཆིས་སམ་བསྟན་སྐྱོང་དབང་པོ་རྣམས། ༩། དོན་ཆེན་བསྟན་པའི་བྱ་ར་མི་མཛད་པར། །ཆང་ཕོར་གང་དང་ཤ་དུམ་ཟན་གོང་ངོར། །དོན་ཆུང་ཉི་ཚེའི་ཁོལ་བོར་རྒྱུག་རྒྱུག་ན། །བསྟན་སྲུང་ཞེས་པའི་མཚན་ཡང་ཅི་ཞིག་ལགས། ༡༠། རྒྱལ་མཚན་དམ་པར་ཁྱེད་རྣམས་རྟག་འཕྱར་ཞིང་། །ཡུས་པའི་ངག་གིས་ཡང་ཡང་འབོད་བྱེད་པ། །གསན་ཀྱང་མི་དགོངས་བསྐུལ་ཀྱང་མི་མཛད་ན། །ནུས་མེད་སྐྱེ་བོ་ཕལ་དང་ཁྱད་ཅི་ཡོད། ༡༡། ཡེ་ཤེས་སྤྱན་གྱིས་ཁམས་གསུམ་ས་ལེར་གཟིགས། །ནུས་པའི་མཐུ་ཡིས་རི་རབ་ཐལ་བར་བརླག །ཉམས་པ་སྒྲོལ་ཞིང་དཀར་ཕྱོགས་སྐྱོང་ངོ་ཞེས། །གྲགས་པ་དེ་ཡང་རྫུན་དུ་མི་འགྱུར་རམ། ༡༢། ཚོགས་ཀྱི་སྒྲུབ་པའི་མིང་ཙམ་སུས་འཛིན་པ། །གཡོ་སྒྱུ་མེ་པར་གཙུག་གི་ནོར་བུ་ལྟར། །བཀུར་ཞེས་ཐ་ཚིག་རྡོ་ཡི་རི་མོ་དེ། །དེང་གི་དུས་སུ་སུབ་བམ་ཅི་ཞིག་ཉེས། ༡༣། འདི་ན་སེར་གོས་གྱོན་པ་ཇི་ཙམ་དུ། །ཞན་ཡང་མཆོག་གསུམ་སྐྱབས་སུ་མི་བརྟེན་མེད། །ནག་ཕྱོགས་ཀླ་ཀློ་ཕལ་དང་ནོར་དོགས་ཆུང་། །ཕྱི་ནང་མ་འཛོལ་དུས་དྲུག་མེལ་ཚེ་མཛོད། ༡༤། ས་འདིར་ཆོས་ནུབ་ཆོས་མིན་རྒྱལ་གྱུར་ན། །ས་སྟེང་ལྷ་ཡི་སྟོབས་འགྲིབ་ལྷ་མིན་རྒྱལ། །ཁྱེད་རྣམས་དབུ་འཕང་དམད་པར་མི་འགྱུར་རམ། །དམ་བཅའ་ཉམས་པའི་སྡིག་ལ་མི་འཇིགས་སམ། ༡༥། ཐུབ་བསྟན་འཆི་ཁའི་སྲོག་ལ་ཟུངས་སྩལ་ན། །ད་དུང་བསྟན་པའི་གནས་ཚད་རྫོགས་པ་མེད། །མཆོག་གསུམ་ཐུགས་རྗེ་འཇུག་པའི་ཡུལ་ཡང་ཡོད། །དེ་ཕྱིར་ད་ནི་རྡོ་རྗེའི་སྟོབས་སྐྱེད་རན། ༡༦། ཞི་བས་འདུལ་ལ་ཞི་མཛད་སྨན་ཆར་གྱིས། །ཉེས་པའི་མེ་མདག་ཆིལ་ཆིལ་གཞིལ་བར་བྱོས། །རྒྱས་པས་འདུལ་ལ་རྒྱས་མཛད་བཅུད་ལེན་སྨན། །བསྟན་འགྲོའི་ཕན་བདེའི་སྲོག་གི་ཟུངས་སུ་སྩོལ། ༡༧། དབང་གིས་འདུལ་ལ་དབང་མཛད་ཞགས་པ་ཡིས། །ཆེ་དགུའི་སྣང་བློ་དགེ་བའི་ཕྱོགས་སུ་དྲོངས། །དྲག་པོས་འདུལ་ལ་དྲག་མཛད་མཚོན་རྣོན་ཆེ། །ཉམས་པའི་སྙིང་རྩ་གཅོད་ལ་དབལ་མ་ཞན། ༡༨། ཟས་སུ་ཉམས་པ་བདུན་ལྡན་ཤ་ལ་རོལ། །སྐོམ་དུ་བོད་ཕུང་འཇུག་པའི་སྙིང་ཁྲག་འཐུང་། །ལས་སུ་དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རིས་བྲལ་ཐུབ་བསྟན་རྒྱལ་བའི་རུ་མཚོན་སྒྲེང་། ༡༩། སྲུང་བའི་གོ་ཆས་གངས་ལྗོངས་མཐའ་དབུས་སྐྱོབ། །ཟློག་པའི་མཚོན་ཆས་མཐའ་དམག་དུས་འཁྲུགས་བཟློག །འགུགས་བྱེད་ཟེར་གྱིས་བསྟན་འགྲོའི་དཔལ་ཀུན་ཆིངས། །རྫོགས་ལྡན་ཉི་མ་གསར་དུ་འདྲེན་པར་མཛོད། ༢༠། བསྟན་འཛིན་རྒྱལ་པོ་འཕགས་པའི་ཞབས་པད་བརྟན། །བསྟན་བའི་ཞབས་འདེགས་མངའ་ཐང་དགུང་ལ་རེག །བསྟན་པའི་བྱ་བ་བཤད་སྒྲུབ་ལས་མཐར་ཕྱིན། །བསྟན་པ་རིན་ཆེན་སྲིད་མཐར་འཕེལ་རྒྱས་མཛོད། ༢༡། གཙུག་ལག་ཁང་དང་ཆོས་འཁོར་ཕྱོགས་མཐར་ཁྱབ། །དཀོན་མཆོག་རྟེན་དང་སྲི་ཞུའི་དཔལ་གྱིས་འབྱོར། །སྤང་ཀློག་སྡེ་འཕེལ་རང་རང་ལས་ལ་བརྩོན། །ལུང་རྟོགས་ཡོན་ཏན་ཉིན་བཞིན་གོང་འཕེལ་མཛོད། ༢༢། ཀུན་ཀྱང་ང་ཁྱོད་རྩོད་པ་སྙིགས་མའི་ལུགས། །ཕྱོགས་དང་རིས་སུ་གཅོད་པ་རང་གི་མཚང་། །ཡིན་ལུགས་ཤེས་ན་ངེས་དོན་ཀློང་དུ་གཅིག །དེ་ཚུལ་རིགས་པས་ལྟ་སྤྱོད་དོན་མཐུན་མཛོད། ༢༣། འབྱོར་པའི་ཚེ་ན་དྲེགས་པ་མི་སྐྱེ་ཞིང་། །རྒུད་པར་གྱུར་ཀྱང་ལྷག་བསམ་དཔུང་མི་འདོར། །དུས་ཀུན་ཐུབ་པའི་བཅས་ལས་འགལ་མིན་པར། །བསླབ་གསུམ་ཡོན་ཏན་ལུས་ཤེད་རྫོགས་པར་མཛོད། ༢༤། མདོར་ན་འཕགས་པ་རྣམས་ཀྱིས་བསྔག༵ས་བསྔག༵ས་པ། །སྔོན་བྱོན་དམ་པ་རྣམས་ཀྱིས་བརྟེན༵་བརྟེན༵་པ། །གཟུར་གནས་དྲ་མ་རྣམས་ཀྱིས་སྨོན༵་སྨོན༵་པའི། །ལེགས་པའི་དཔལ་གྱིས་ཕྱོགས་ཀུན་བརྒྱན་པར་མཛོད། ༢༥། ཁྱོད་ལ་གསོལ་འདི་རྗོད་བྱེད་རྩུབ་ཚུལ་དུ། །སོང་ཡང་མ་གུས་མ་ལགས་དྲང་པོའི་ངག །ལྷག་བསམ་མཐུ་ལས་སྐྱེས་པའི་འཆི་མེད་རྔ། །བག་མེད་གཉིད་ལ་ཡོལ་ལས་སློང་ཕྱིར་ཡིན། ༢༦། དགེ་བ་འདིས་ཀྱང་བདུད་བཞིའི་གཡུལ་ངོ་ལས། །རྣམ་རྒྱལ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ནས། །མཁའ་ཁྱབ་ཞིང་དུ་གང་འདུལ་རོལ་རྩེད་ཀྱིས། །ལུས་པ་མེད་པའི་འགྲོ་རྣམས་སྒྲོལ་བར་ཤོག༢༧། ཅེས་དུས་དང་ཡོན་ཏན་གྱི་ལང་ཚོ་ཆ་ཤིན་ཏུ་ཕྲ་བས། དངོས་སུ་སྦྱོར་བས་བསྟན་འགྲོ་ལ་སྨན་པའི་སྐལ་བས་ཕོངས་ནའང་། ལྷག་པའི་བསམ་པ་ནི་ཡར་ངོའི་ཟླ་བ་ལྟར་རྒྱས་པར་གྱུར་པའི་དུས་ཞབས་ཀྱི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྐྱིལ་ཀྲུང་གཅིག་གི་བརྟུལ་ཞུགས་ལ་བརྟེན་ནས་གང་ཤར་བརྗོད་པ་དགེ་ལེགས་ཀྱི་སྣང་བ་ནུབ་པ་མེད་པའི་རྒྱུར་གྱུར་ཅིགསརྦ་དཱ་མངྒ་ལཾ་བྷ་ཝནྟུ།
༄༅། །ཧྲཱིཿརྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །གང་འདུལ་འགྲོ་ངོར་སྣ་ཚོགས་སྐུར་སྟོན་པ། །སྲིད་གསུམ་དབང་མཛད་དབང་ཕྱུག་ལྷ་ཆེན་པོ། །ཡུམ་ཆེན་དཀའ་བཟློག་གསང་བའི་ལྷ་མོ་བཞི། །སྤྲུལ་འཁོར་སྣང་སྲིད་དྲེགས་པའི་སྡེ་ཚོགས་རྣམས། །འདིར་གཤེགས་ཟག་མེད་འདོད་ཡོན་མཆོད་གཏོར་བཞེས། །སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐ་ཚིག་དྲན་མཛོད་ལ། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །དེང་སང་སྙིགས་མ་ལྔ་ཡི་མཐར་ཐུག་པས། །མི་བསྲུན་འབྱུང་པོའི་འཚེ་བ་སྤྲིན་ལྟར་འཚུབ། །བསྟན་དང་དེར་འཛིན་རྒུད་པའི་དུས་བྱུང་བས། །དྲེགས་པའི་ཚོགས་ལ་བཀའ་ནན་མ་ཆུང་བར། །སྡང་བྱེད་སྡེར་བཅས་མིང་གི་ལྷག་མར་མཛོད། །འགུགས་བྱེད་ཟེར་གྱིས་བརྟན་གཡོའི་དཔལ་ཀུན་སྡུས། །དབང་མཛད་ཐུགས་རྗེས་སྲིད་གསུམ་དབང་དུ་བྱོས། །བསྟན་དང་བསྟན་འཛིན་མངའ་ཐང་རྒྱས་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཁྱོད་ལ་གཉེར་དུ་གཏད་དོ་སྲུང་སྐྱོབ་མཛོད། །ཕྱོགས་ལས་རྣམ་རྒྱལ་མངའ་ཐང་སྙན་གྲགས་སྤེལ། །ཡིད་ལ་བསམ་པ་མཐའ་དག་གྲུབ་པར་མཛོད། །དབེན་པའི་གནས་སུ་རྩེ་གཅིག་སྒྲུབ་པ་ལ། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱོད་ཀྱིས་གྱིས། །ཞི་སོགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །དོན་གཉིས་དཔལ་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་སྙིང་པོ་སྒྲུབ་བརྒྱུད་བརྒྱད། །ཚུལ་བཞིན་འཛིན་པའི་མཁས་དང་གྲུབ་པའི་ཚོགས། །མ་ལུས་དབང་བསྡུས་བཤད་དང་སྒྲུབ་པའི་སྡེས། །ཕྱོགས་འདིར་འཕུར་འགྲོའི་ཞིང་བཞིན་འབྱོར་བར་མཛོད། །རྒྱལ་བསྟན་འདེགས་པའི་རྒྱལ་བློན་ཁྱིམ་བདག་སོགས། །ཡ་རབས་སྐྱེ་བོའི་ཚོགས་རྣམས་དབང་བསྡུས་ལ། །བསྟན་ལ་ཞབས་ཏོག་སྲི་ཞུ་མི་ཉམས་ཞིང་། །དགེ་ལེགས་དཔལ་གྱིས་ས་གསུམ་འབྱོར་པར་མཛོད། །རབ་དཀར་ཚོགས་གཉིས་དཔལ་གྱིས་མཐོ་བ་ཡི། །ལྷ་ཀླུ་གཞི་བདག་དཀར་ཕྱོགས་སྐྱོང་བའི་ཚོགས། །མ་ལུས་དབང་བསྡུས་མི་མཐུན་རྒུད་ཀུན་ཞི། །བསྟན་པའི་དབུ་རྨོག་དགུང་ལ་རེག་པར་མཛོད། །མདོར་ན་རྣལ་འབྱོར་ཡིད་ལ་བརྣག་པའི་དོན། །ཇི་སྙེད་མཆིས་ཀུན་ཐོགས་མེད་འགྲུབ་པ་དང་། །ས་གསུམ་དགེ་ལེགས་ཆེན་པོས་ཁྱབ་པ་ཡི། །བཀྲ་ཤིས་སྐྱེ་ལྔའི་སྒྲ་ཡིས་ཁྱབ་གྱུར་ཅིག །ཅེས་པའང་བཟང་ལུང་པདྨ་ལྷ་རྩེ་རང་བྱུང་དབང་ཕྱུག་ཆེན་པོའི་རྟེན་གྱི་མདུན་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་གང་ཤར་ཕྲིན་ལས་སུ་བཅོལ་བ་དགེ །པདྨ་ཆགས་པའི་རྡོ་རྗེས་སོ། །


previousབསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་།next