Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ།next

གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ།

༄༅། །གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །བསོད་ནམས་བསམ་མི་ཁྱབ་པ་ལས་འོངས་པའི། །གྲགས་པ་སྤྲིན་གྱི་རོལ་མོའི་སྙན་དབྱངས་ཀྱིས། །འཇིག་རྟེན་གསུམ་པོ་ཡོངས་སུ་ཁྱབ་མཛད་པ། །འཛམ་གླིང་གེ་སར་རྒྱལ་པོར་བསྔགས་བརྗོད་འབུལ། ༡། དུས་གསུམ་གྲོལ་བ་བརྙེས་གྱུར་ཇི་སྙེད་པ། །བསྐྱེད་པའི་ཡབ་ཏུ་གྱུར་ཀྱང་གཞོན་ནུའི་ཚུལ། །རིགས་གསུམ་སེམས་དཔའི་མཚན་དང་སྐུའི་བཀོད་པས། །མཐའ་ཀླས་ཞིང་ཁམས་རྒྱ་མཚོར་རང་དབང་བསྒྱུར། ༢། གང་དེའི་ཐུགས་རྗེའི་འཇུག་པ་སར་པ་ཞིག །སྨུག་པོ་གདོང་གི་གདུང་ལས་རགས་པའི་སྐུར། །གསལ་གྱུར་གེ་སར་སྐྱེས་བུ་དོན་འགྲུབ་ཅེས། །གླིང་དཀར་དབུ་རྨོག་དགྲ་ལྷའི་རྒྱལ་པོར་བཞེངས། ༣། སུམ་རྩེན་གྲོང་ནས་ལྷ་དབང་སྲས་པོ་མཆོག །དམུ་སྐས་ལ་བརྒྱུད་ས་འདིར་འཕོས་པ་བཞིན། །དཀར་དམར་ལང་ཚོའི་མེ་ཏོག་མ་དམས་པས། །འགྲོ་བ་ཡིད་དབང་འཕྲོག་པའི་ཆོམ་རྐུན་གྱུར། ༤། རིན་ཆེན་རྡུལ་མངས་བརྩེགས་པའི་ལྷུན་པོ་ལ། །པདྨའི་གཉེན་གྱི་གསལ་བ་འཕོས་པ་བཞིན། །མཛེས་བརྗིད་སྐུ་ཡི་ལང་ཚོ་དར་བ་དང་། །སྡེ་བཞིའི་ཕྲིན་ལས་རྒྱས་པ་མཉམ་དུ་བྱས། ༥། གཞན་སྡེ་དཔའ་བས་ཟིལ་གྱིས་གནོན་པ་ལ། །པད་དཀར་མིག་གི་རྣམ་ཐར་བདག་བཞེས་ཚེ། །ཕྱོགས་ཀྱི་རཱ་ཛ་དྲེགས་པའི་སེམས་འཆང་འགའི། །སྙིང་ལ་བརྣག་བཞིན་རྨོངས་པ་རིང་ནས་སངས། ༦། བསམ་མི་ཁྱབ་པའི་མཐུ་དང་རྫུ་འཕྲུལ་གྱིས། །སྲིད་ཞི་ཀུན་ལ་དབང་བསྒྱུར་ཚེགས་མེད་ཀྱང་། །ཐབས་ལ་མཁས་པས་དཀར་པོའི་ཕྱོགས་སྐྱོང་ཞིང་། །ནག་ཕྱོགས་ཕྲུ་མ་གཞོམ་ལ་མི་འགལ་སྒྲུབ། ༢། སྲ་བརྟན་གོ་དང་རིན་ཆེན་ཁྲབ་རྨོག་གི། །བགོ་བས་ཅི་བྱ་འབྱུང་བཞིའི་འཇིག་པ་ཡིས། །རིང་ནས་ཡོངས་སུ་བཏང་བའི་རྡོ་རྗེའི་སྐུ། །ནམ་མཁའི་ཁམས་བཞིན་འཕོ་འགྱུར་བྲི་གང་བྲལ། ༨། གང་འདུལ་གདུལ་བྱ་འདུལ་ལ་དགྲ་ལྷའི་ཚུལ། །རྣོ་ངར་ཤུགས་ལྡན་མཚོན་སོགས་དཔའ་ཆས་དགུ། །གསོལ་བའི་འཇིགས་རུང་སྐུ་འདི་དྲན་པའི་མོད། །དགྲ་ཚོགས་འཇིགས་པས་དོན་སྙིང་ཁ་སྒོར་འཕེན། ༩། སྲ་མཁྲེགས་བྲག་རིའི་སྤོ་ཡང་མཐར་བྱེད་པའི། །གནམ་ལྕགས་ཐོག་དང་ཆོས་མཚུངས་ཉག་ཕྲན་མདའི། །འབེན་དུ་ཐེབས་པ་སུ་ཞིག་ཡ་མའི་གྲོངས། །རིངས་པར་ཆས་ལས་གཟུར་བའི་ཐབས་སྲིད་དམ། ༡༠། དུས་མཐའི་ཞུག་ལྟར་འཇིགས་ཤིང་ལྡོག་དཀའ་བ། །བཏབ་པ་ལེན་མེད་དགྲ་ཁྲག་ཧུབ་འདྲེན་ཞེས། །ཞུམ་པར་མི་འཚལ་ལུགས་གཉིས་དྲངས་པོའི་ཐིག །ཚད་འཛིན་སྐྱེ་བོའི་ཚོགས་རྣམས་ནམ་ཡང་མིན། ༡༡། མདུང་རིངས་མཚོན་རྣོན་གནམ་ཀའི་མདོངས་དང་འདྲེས། །འཇིགས་པའི་རུ་མཚོན་དུས་མེ་ལྟར་འབར་བ། །མཛའ་བ་མིན་པའི་སྟེང་དུ་གཡོ་བ་དང་། །གཤིན་རྗེ་རྒྱུ་བའི་གྲིབ་སོ་ལྷན་ཅིག་གོ༡༢། གློག་དམར་འགྱུ་{འཇུ}འདྲ་འཕྲུལ་གྱི་ཞགས་པ་ཡིས། །ཕ་རོལ་རྐེ་ནས་འཆིང་བཞིན་དྲག་ཤུལ་གྱིས། །འདྲུད་འདི་ཐོས་ཚེ་དེ་ཕྱོགས་དགའ་མའི་ཚོགས། །བསོད་ནམས་དཔུང་དང་ལྷན་ཅིག་མངའ་གནས་ལྟུང་། ༡༣། ཆེ་བརྗིད་མཛེས་བརླིང་རྫུ་འཕྲུལ་ཤུགས་ལྡན་པའི། །སྤྲུལ་པའི་ལྷ་རྟ་རྐྱང་རྒོད་འཕེལ་བོ་ཆེ། །མགྱོགས་པའི་བང་རྩལ་རླུང་དང་མཐུན་དཔེར་ཡང་། །སྟོང་གསུམ་སྐད་གཅིག་བསྐོར་བའི་ཁྱད་པར་ཆེ། ༡༤། ཟ་འོག་རི་མོ་བཀྲ་བའི་དར་གོས་སྟན། །རིན་ཆེན་སྒ་སྲབ་འཕྱོར་ཆས་དུ་མ་ཡིས། །ལྷབ་ལྷུབ་བརྒྱན་པའི་ཆིབས་ཀྱི་ངོ་མཚར་གྱིས། །སྲིད་པའི་མཛེས་ཆོས་ཀུན་ལ་སྐྱེངས་པ་སྟེར། ༡༥། སེང་གེའི་རྩལ་དང་གླང་ཆེན་སྟོབས་འཛིན་པའི། །དཔའ་བརྟུལ་ཕུ་ནུ་སུམ་ཅུའི་འཁོར་སོགས་ཀྱང་། །བསོད་ནམས་སྟོབས་ཀྱིས་གྲུབ་པའི་ཕུན་ཚོགས་དཔལ། །གཅིག་ལས་དུ་མའི་དཔེར་འོས་སྲིད་ན་དབེན། ༡༦། ལྷ་ཀླུ་མི་ཡི་དགྲ་ལྷ་ཝེར་མའི་འཁོར། །དབྱར་གྱི་ཆར་སྤྲིན་རབ་ཏུ་གཏིབས་འདྲ་བ། །དུ་མའི་ཚོགས་ཀྱང་སྤྲོ་བསྡུ་བྱེད་པོ་ནི། །ཉིད་ལས་གཞན་དུ་མི་དམིགས་ངེས་པ་ཉིད། ༡༧། ཐུགས་རྗེ་ཐབས་དང་རྟེན་འབྲེལ་སྣ་ཚོགས་ཀྱི། །མཐའ་ནོར་དབུས་དྲངས་རིན་ཆེན་གཏེར་སྒོ་ཕྱེས། །དབུལ་བའི་གདུང་བ་མིང་གི་ལྷག་མར་བྱས། །ས་འདི་དགེ་ལྡན་ཞིང་ལྟར་འབྱོར་པས་འཚངས། ༡༨། མི་བསྲུན་ལྷ་མིན་གདུག་པའི་སེམས་འཆང་ཞིང་། །བསྟན་འགྲོའི་བདེ་སྐྱིད་འཕྲོག་བྱེད་བདུད་ཀྱི་དཔུང། །འཇོམས་ལ་དྲང་སྲོང་ཁྲོས་པའི་རྒྱལ་པོ་བཞིན། །བདུད་ཀྱི་བདུད་ཆེན་ཞེས་གྲགས་དོན་ལ་གནས། ༡༩། ཧོར་སོག་མཐའ་དམགས་ཡན་ལག་བཞི་པའི་དཔུང་། །ཉི་མའི་མདངས་ཀྱིས་རེག་པའི་བ་མོ་བཞིན། །དཀའ་ཚེགས་མེད་པར་འཇོམས་ཤིང་རྗེས་མེད་སྦྱངས། །ཆོས་ཀྱི་གདུལ་བྱ་པདྨོའི་ཚལ་དུ་བསྒྱུར། ༢༠། སྲིད་ན་ཆེ་བའི་དབང་པོ་དེ་རྣམས་ཀྱིས། །རིང་ནས་བསགས་པའི་དཔའ་དང་གྲགས་པ་དང་། །ལང་ཚོས་དྲེགས་པའི་གཞོན་ནུ་མ་ཡི་ཚོགས། །ལྷན་ཅིག་འཕྲོག་ནས་ལོངས་སུ་སྤྱོད་པ་མཚར། ༢༡། རྒྱ་འཇང་མི་ཉག་སྐུ་ཡི་བཀོད་པས་ཁྱབ། །འབྱུང་རིགས་དམ་བཏགས་དཀར་ཕྱོགས་ལྷ་ངོ་བསྟོད། །ཕྲིན་ལས་མི་ཉམས་སྲིད་མཐའི་བར་དུ་གསལ། །གྲགས་དཀར་ཟླ་བའི་འོད་དང་མཚོན་མ་ཡིན། ༢༢། ཞི་བའི་མདངས་གསལ་རྒྱས་པའི་བརྗིད་དང་ལྡན། །དབང་གི་འཛུམ་ཆགས་དྲག་པོའི་ཉམས་འབར་བ། །གང་འདུལ་སྐུ་ཡི་རྣམ་འགྱུར་སྣ་ཚོགས་ཀྱིས། །རབ་འབྱམས་ལས་ཀུན་ཐོགས་པ་མེད་པར་སྒྲུབ། ༢༣། ཡེ་ཤེས་འཇིག་རྟེན་ཆོས་སྲུང་ནོར་གྱི་ལྷ། །གང་ལྟར་བརྟེན་སྒྲུབ་མཆོད་ཅིང་བསྟོད་པའི་འབྲས། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །དངོས་གྲུབ་འཇོ་བ་དངོས་པོའི་གཤིས་ལུགས་སོ། ༢༤། སྙིགས་ལྔའི་རྒུད་པའི་ཚད་ནད་བདོ་བ་ལ། །ཞི་བྱེད་དུས་ལ་བབས་པའི་ག་བུར་སྨན། །ཡང་ཡང་གྲུབ་པའི་སློབ་དཔོན་གྱིས་བསྔགས་པས། །གཟུ་བོར་གནས་ཀུན་མི་དད་རང་དབང་ཅི། ༢༥། དེ་ཕྱིར་རྒྱུ་མཚན་ཤེས་པའི་གནམ་གྱི་བུ། །ཙི་ནའི་ར་ཛཱས་ཁྱོད་གཅིག་མཆོད་བསྟོད་འབྲས། །བསོད་ནམས་གསེར་གྱི་འཁོར་ལོས་འཛམ་གླིང་ཁྱོན། །དབང་བསྒྱུར་སྟོབས་ཀྱི་ཤེད་མང་བྱིན་དེ་མཚར། ༢༦། རྒྱ་བོད་གཉིས་ན་གྲགས་པའི་སྐྱེས་གཅིག་བུ། །མ་སང་འཕྲུལ་གྱི་སྐྱེས་བུ་རྫུ་འཕྲུལ་ཅན། བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྲིན་ལས་རྒྱུན། །དེང་ཡང་ཉམས་མེད་སྤྱོད་ཡོད་དྲིན་དུ་ཆེ། ༢༣། འཛམ་གླིང་པ་ལ་རྒྱུ་བའི་ཉི་མ་ཆེ། །སྐུ་རྗེ་གེ་སར་རྣམ་ཐར་པདྨའི་ཚལ། །སྐལ་བཟང་བུང་བས་ཅི་དགར་སྤྱོད་ཆོག་པ། །འདི་འདྲ་སྔོན་གོམས་ལས་ཀྱི་འབྲེལ་བར་ཤེས། ༢༨། མཚར་སྡུག་ལང་ཚོའི་ཆ་རྫོགས་དབྱངས་ཅན་མ། །ཡིད་ཀྱི་ཁབ་ཏུ་བག་མར་ཕྱིན་པ་ཡི། །རྩེ་དགའི་རྒྱུད་མངས་འཁྲོལ་བའི་བསྔགས་བརྗོད་གླུས། །ཕ་མཚུན་གཉེན་གྱི་དགྲ་ལྷ་མཉེས་གྱུར་ཅིག༢༩། ཅེས་ཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ལ་སྙན་ཚིག་གི་ལམ་ནས་བསྔགས་པ་བརྗོད་པ་འདི་ལྟ་བུ་ཞིག་བྲིས་ཞེས་རང་གི་གམ་ན་གནས་བའི་མེས་པོ་དགེ་རྒན་ལྔ་རིག་སྨྲ་བ་ཕྱག་གཡང་ལོངས་སྤྱོད་རྒྱ་མཚོས་གསུང་གི་བསྐུལ་བ་དང་དུ་བླངས་ཏེ་ཟེ་ཆེན་སྤྲུལ་མིང་འཛིན་པ་ངག་དབང་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་མེ་སྤྲེལ་ལོའི་རྒྱལ་ཟླའི་འཕེལ་ཕྱོགས་ཀྱི་ཚེས་བཟང་པོར་བྲིས་པའི་དགེ་བས་རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་པས་ཁྱབ་ཅིང་བརྟན་པའི་རྒྱུར་གྱུར་ཅིག་གུ། ༈ དུས་གསུམ་ཀུན་མཁྱེན་པདྨའི་བཀའ་རྟགས་འཆང་། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །ཕྲིན་ལས་རྣམ་བཞིས་སངས་རྒྱས་བསྟན་པ་སྲུང་། །འཛམ་གླིང་སེང་ཆེན་རྒྱལ་པོར་མཆོད་པ་འབུལ། །ཅེས་པའང་སྨྲས་སོ། །༈ ༀ་སྭསྟི་སིངྔྷཾ། བོད་ཆེན་སྒང་དྲུག་ནོར་འཛིན་ཁྱོན་ཀུན་ལ། །སྡེ༵་བཞིའི་ཆོས་སྲིད་འཁོར་ལོས་དབང་བསྒྱུར་ཞིང་། །དགེ༵་བཅུའི་ཁྲིམས་ཀྱིས་ས་ཆེན་སྐྱོང་བ་པོའི། །མངའ་ཐང་དཔལ་འབྱོར་སྲིད་མཐར་འཕེལ་རྒྱས་ཤོག །ཅེས་སོ། །དགེའོ། །དགེའོ། །དགེའོ། །


previousགླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ།next