Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ།next

འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ།

༄༅། །འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། བསོད་ནམས་གསེར་གྱི་ཤིང་རྟས་མངོན་མཐོ་རིག་བྱེད་པ་དང་ཤིས་བརྗོད་ཉན། །དཔལ་གྱི་མགྲིན་ཅན་པད་དཀར་མིག་དང་ཤེ་ཥ་འཁོར་ལོས་སྒྱུར་ལ་སོགས། །སྲིད་ན་ཆེ་དགུའི་མགོ་བོའི་ཐོད་དུ་བསྐལ་པ་བྱེ་བར་འཐོབ་དཀའ་བའི། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ་ཡི་ཞབས་ཀྱི་པདྨོས་སྐྱོངས། །རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་སྣང་བ་འབུམ། །གཅིག་བསྡུས་ཟླ་བ་བྱེ་བའི་མདངས་འཕྲོག་སྐུ། །དྲན་པས་སྙིང་གི་མུན་སེལ་མཉྫུ་ཤྲཱི། །ཡིད་ཀྱི་དཔལ་དུ་འབྲལ་བར་མ་གྱུར་ཅིག །ཀུན་རྨོངས་མུན་པའི་འཁྲི་ཤིང་བསྙིལ་བ་དང་། །ཕུལ་བྱུང་བློ་གྲོས་སྣང་བ་ཐོབ་འདོད་ལ། །མཆོག་སྟེར་གདམས་ཟབ་ནོར་བུའི་སྒྲོན་མེ་ཆེ། །ལྷག་བསམ་རྒྱལ་མཚན་རྩེ་མོར་མཆོད་འདིའོ། །དེ་ལ་འདིར་འཕགས་བོད་གཉིས་ན་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེའི་ཞལ་སྔ་ནས་འོངས་པའི་གདམས་པ་ཟབ་མོ་འདི་ཉིད་འཆད་པ་ལ་དོན་གཉིས་ཏེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་སླད་དུ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་ངག་དངོས་སོ། །དང་པོ་ནི་རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱ་དབང་པོ་རྣོན་པོའི་དོན་དུ་གསུངས་པའི་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ཞིག་བཞུགས་པའི་ནང་ནས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བཞེད་པས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ལ་མ་བརྟེན་ཀྱང་འགྲུབ་པའི་གསང་སྔགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་གསུངས་པར་བཞེད་ཅིང་། གཙོ་བོར་ཡེ་ཤེས་གཞུག་པ་མ་བསྟན་པའི་ཕྱིར་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་ཤིང་། ལྷའི་ངོ་བོ་ཙམ་གྱི་སྒོ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བར་བཞག་ཀྱང་མི་འགལ་བ་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ནས་བཀྲལ་བ་སྟེ། སྔོན་འཕགས་ཡུལ་དུ་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེས་འཕགས་པ་འཇམ་དཔལ་དངོས་སུ་གྲུབ་ཅིང་དངོས་གྲུབ་ཐོབ་པ་ལས། ལན་གཅིག་འཕགས་པའི་ཞལ་ནས། ཁྱོད་ཀྱིས་ད་སྟེ་ལོ་བཅུ་ལས་མི་ཐུབ་པས་སྣོད་དང་ལྡན་པའི་བུ་གཅིག་ཚོལ་ལ་ངའི་ཆོས་འདི་སྟོན་ཅིག་གསུངས་ནས་ལུང་བསྟན། དེར་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ནས་ཕྱོགས་ཀུན་བསྐོར་ཏེ་སྣོད་ལྡན་བཙལ་བས་མ་རྙེད། མཐར་མ་ག་ངྷཱའི་ཡུལ་ན་མ་ཧེའི་རྫི་བོ་རྒས་ཤིང་འཁོགས་པ་འཚོ་བ་དང་བྲལ་བ་གཅིག་སྣོད་ལྡན་དུ་གཟིགས་ནས་དེར་བྱོན་ཏེ་ལས་འདི་ཞོག་ལ་ཆོས་སྒོར་ཞུགས་ཤིག་གསུངས་པས། དེ་ན་རེ་བདག་རྒས་ཤིང་འཚོ་བ་ཡང་མེད་ཡི་གེའང་མི་ཤེས་པས་ཚེ་ཕྱི་མ་ལ་རྗེས་སུ་བཟུང་འཚལ་ཞུས་པས། དེར་སློབ་དཔོན་གྱིས་ཐབས་ཡོད་གསུངས་ནས་སྒྲུབ་ཐབས་འདི་གནང་ཞིང་སྒྲུབ་ཏུ་སྩལ་པས་ཞག་ལྔ་ནས་ཆོས་ཐམས་ཅད་རང་ཤེས་སུ་གྱུར་ཏེ་པཎྜི་ཏ་མ་ཏི་ཞེས་བྱ་བར་གྲགས་སོ། །དེར་སློབ་དཔོན་གྱིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བཏགས། ནཱ་ལེནྡྲར་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་མཆོག་གི་སྐལ་བ་ཅན་ཞེས་གྲགས། ནོར་བུ་གླིང་དུ་འཁྲུངས་པས་ནོར་བུ་གླིང་པར་ཡང་གྲགས། སློབ་དཔོན་དེས་རང་གི་སློབ་དཔོན་གྱི་དྲུང་དུ་བྱོན་ནས་ཕྱག་བྱས། བདག་སློབ་དཔོན་གྱིས་རྗེས་སུ་བཟུང་བས་མཁས་པར་གྱུར་ཀྱང་ད་རྒས་པས་བཤད་པ་མི་ཁོམ་སྒྲུབ་པ་བྱེད་པར་ཞུ་བྱས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་རང་ལ་ཚེའི་ལྷག་མ་ལོ་བཅུ་ཡོད་པ་དང་། ང་ལ་ཡི་དམ་ལྷས་ལུང་བསྟན་པའི་ལོ་བཅུ་ལས་གཉིས་འདས་ད་བརྒྱད་ཡོད་པ་ཁྱོད་ལ་སྦྱིན་པར་བྱ། དེ་བར་དུ་འགྲོ་དོན་གྱིས། དེ་ནས་ཡི་དམ་ལ་གསོལ་བ་ཐོབ་དང་ཚེ་ཉི་ཟླ་དང་མཉམ་པ་ཡང་སྲིད་གསུངས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །དེ་ལྟ་བུའི་སློབ་དཔོན་དེས་འཕགས་པ་འཇམ་དཔལ་བསྒྲུབ་པའི་ཚེ་བྲིས་སྐུའི་ཞལ་ནས་འོད་བྱུང་སྟེ། ཡུན་རིང་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱའི་མཚན་གསོལ། ལོག་པར་ལྟ་བ་འགའ་ཞིག་བཀྲོང་དུ་འོང་བར་གླང་པོ་དང་རྟ་དང་བུ་མོ་ལ་སོགས་གཟུགས་སྣ་ཚོགས་སུ་བསྒྱུར་བས་ངོ་མ་ཤེས་པར་ཕྱིར་ལྡོག་པ་ལས་སྣ་ཚོགས་གཟུགས་ཅན་ཞེས་གྲགས། སྐུ་ཚེའི་སྨད་ལ་ཨོ་རྒྱན་གྱི་ཡུལ་ལ་སོགས་པར་འགྲོ་བའི་དོན་མཛད། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །དེ་ལྟ་བུའི་པཎྜི་ཏ་དེས་ནོར་བུ་གླིང་པ་ཆུང་བ་ལ་གསུངས། དེས་འབྱུང་གནས་སྦས་པ་ལ། དེས་པཎ་ཆེན་ཤཱཀྱ་ཤྲཱི་ལ། དེས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་ལ་གནང་བ་ལས་རིམ་པར་བརྒྱུད་དེ། བསིལ་ལྡན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་གྲུབ་པའི་དབང་ཕྱུག་རྒྱལ་བས་ལུང་བསྟན་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའོ། །གཉིས་པ་གདམས་ངག་དངོས་ལ་གསུམ་སྟེ། དང་པོ་ལྷ་ཉེ་བར་བསྙེན་པའི་ཆོ་གབར་དུ་དངོས་གྲུབ་སྒྲུབ་པའི་ཚུལ། མཐར་ལས་སྦྱོར་གྱིས་རང་གཞན་རྣམས་འདོད་པའི་དོན་ལ་འགོད་པའི་ཆོ་ག་དང་གསུམ་ལས། དང་པོ་ནི། རྟེན་གྱི་གང་ཟག་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པས། སོ་ཐར་རིགས་བདུན་གང་རུང་གིས་རྒྱུད་སྡོམ་པ། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་འདོད་ཀྱི་བསམ་པས་སྨོན་འཇུག་གི་སེམས་བསྐྱེད་ཐོབ་ལ་མ་ཉམས་པ། རྫོགས་པའི་བྱང་ཆུབ་དེའང་དུས་མྱུར་བར་ཐོབ་འདོད་ཀྱིས་རྡོ་རྗེ་ཐེག་པའི་སྨོན་བྱེད་མཚན་ཉིད་པ་ཐོབ་ཅིང་། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཚུལ་བཞིན་དུ་སློབ་པ་གཞིར་བཞག་སྟེ། ཁྱད་པར་དུ་འདིའི་རྗེས་སུ་གནང་བ་ཐོབ་ཅིང་མན་ངག་གི་གནད་ཤེས་པ། བླ་མ་དང་ལྷ་སྔགས་ལ་གུས་ཤིང་ཡིད་ཆེས་ཀྱི་ངེས་ཤེས་བརྟན་པོས་སྒྲུབ་པ་ལ་བརྩོན་པ། ཁྲུས་དང་གཙང་སྦྲའི་བརྟུལ་ཞུགས་ལ་གཙོ་བོར་གནས་པས། ཐོག་མར་མཚམས་ལ་འཇུག་པའི་སྔོན་དུ་སཙྪ་གདབ། ཆུ་གཏོར་བཏང་། ལམ་འཕྲང་སེལ། ཡིག་བརྒྱ་དང་མཚན་བརྗོད་འདོན་པ་སོགས་བསགས་སྦྱང་གི་དཔུང་བསྐྱེད་ནས། ཡར་ངོའི་གཟའ་སྐར་ཚེས་གྲངས་བཟང་པོའི་དུས། དབེན་ཞིང་ཉམས་དགའ་ལ་རང་དབང་འདུས་པའི་གནས་སུ་ཕྱི་ནང་གི་མཚམས་དམ་པོར་བཅད། གནས་ཁང་བྱི་དོར་དང་བཀོད་པས་ཡིད་འཕྲོག་པར་བརྒྱན། འཇམ་དཀར་གྱི་སྐུ་བྲིས་འབུར་གང་རིགས་ཡོད་ན་བཤམས། །མདུན་དུ་སྟེགས་གཙང་མར་དྲི་དང་བ་བྱུང་གིས་བྱུགས་པར། བསྡུ་ན་ཤ་ཆང་གི་དྲི་མ་མེད་པའི་ཟླུམ་གཏོར་ཐེབ་ཀྱུ་བཞིས་བསྐོར་བ་རྒྱན་ལྡན་དང་། དེའི་མདུན་དུ་ཉེར་སྤྱོད་རྣམས་སྦྲེང་ཚར་དུ་བཤམས། རྒྱས་པར་སྤྲོ་ན། རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲི་བའམ། རས་བྲིས་བཀྲམ་པའི་སྟེང་དུ་འཇམ་དཔལ་གྱི་སྐུ་དང་མཚན་བརྗོད་ཀྱི་གླེགས་བམ་བཞུགས་སུ་གསོལ་བའི་མཐའ་བསྐོར་དུ། དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག་ནས་བཟུང་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་གཡས་བསྐོར་དུ་བཤམས། ཤར་དུ་དཀར་གཏོར་གཅིག་བཀོད་རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ནས་བཟེ། རིན་པོ་ཆེའི་མཎྜལ་འབྲུ་དང་དྲིའི་སྣོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་དངོས་གཞི་ཉམས་སུ་བླང་བའི་ཐོག་མར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་ངེས་འབྱུང་གི་བློ་བཅོས་པ་སོགས་ཐུན་ལ་འཇུག་པའི་སྔོན་འགྲོའི་ཆོས་རྣམས་སྤྱི་ལྟར་ཉམས་སུ་བླང་རྗེས་གནས་ཡོ་མཆོད་རྫས་སོགས་བྱིན་གྱིས་རླབས། དེ་ནས་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་ཡལ་ག་ལྔ་པའི་དབུས་མར་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་རྗེ་བཙུན་འཇམ་དཔལ་དཀར་པོ་དབྱེར་མེད་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་སངས་རྒྱས་ལོངས་སྤྲུལ་རྣམས། རྒྱབ་ཏུ་ཐེག་པ་ཆེ་ཆུང་གི་ཆོས་པུསྟི་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་བཞུགས་པ། དེ་རྣམས་ཀྱི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་འདུན་པ་ཕྱོགས་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། སྐྱབས་འགྲོ་ཅི་ནུས་བྱ། ཚོགས་ཞིང་དེ་དག་དཔང་པོར་བྱས་ཏེ། འགྲོ་རྣམས་བསྒྲལ་འདོད་ཀྱི་བརྩེ་བ་དང་། བདག་མེད་རྟོགས་པའི་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་རྗེ་བཙུན་འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུ་དུས་མྱུར་བ་ཉིད་དུ་བསྒྲུབ་པར་བགྱིའོ་སྙམ་པས་སེམས་བསྐྱེད། མཐར་སྐྱབས་ཡུལ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག་རྗེས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས། སྐབས་འདིར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་འཕགས་པ་བཞད་པའི་རོལ་གར་ལས་འབྱུང་བ་ལྟ་བུའི་ཡན་ལག་བདུན་འབུལ་བར་སྤྲོ་ན་སྦྱར། མ་གྲུབ་ཀྱང་གཞུང་རྩ་བར་མ་བཤད་པས་ཆད་སྐྱོན་དུ་མི་འགྱུར་རོ། །གང་ལྟར་ཡང་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སུ་བསྒོམ་པ་སྟེ། ངག་འདོན་ནི་རང་གཞན་གྱི་ཕྱོགས་ཀྱི་དམ་པ་སྔ་མ་རྣམས་ཀྱི་གསུང་གང་ལྟར་བྱས་ཀྱང་མི་འགལ་མོད། འདིར་རང་ལུགས་རྗེ་གཏེར་ཆེན་བླ་མས་སྒྲུབ་ཐབས་འདོད་བུམ་དུ་བསྩལ་པ་དང་། ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུང་བདུད་རྩིའི་སྙིང་པོ་གང་རུང་བྱས་ན་གནས་སྐབས་ཀྱི་འཇུག་པ་བདེ་ཞིང་། རྒྱ་གཞུང་གི་དགོངས་པ་བཅོས་བསླད་དང་བྲལ་བ་ཡིན་པས་ཁྱད་པར་དུ་འཕགས་སོ། །དེ་ཡང་། སྟོང་ཉིད་དེའི་ངང་ལས་བྃ་ལས་འོ་མའི་རྒྱ་མཚོ་དཀར་ཞིང་དྭངས་ལ་དྲི་མ་མེད་པ། མཚོ་མཐའ་ནེའུ་གསིང་མེ་ཏོག་དང་འབྲས་བུའི་ནགས་ཚལ་འཁྲིགས་པ། གླང་ཆེན་ཐལ་དཀར་གྱི་ཁྱུ་ཚོགས་ཉེ་བར་རྒྱུ་བ། ལྷ་དང་དྲང་སྲོང་རིག་པ་འཛིན་པ་དུ་མས་གང་བ། མཚོ་སྟེང་རྣམས་མེ་ཏོག་སྣ་ཚོགས་པའི་དྲྭ་བས་ཁེབ་ཅིང་ཡིད་དུ་འོང་བའི་ཆུ་བྱ་སྐད་སྙན་པར་སྒྲོག་པ་དུ་མས་གང་བ། དེའི་དབུས་སུ་པཾ་ལྗང་སེར་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་མ་གསེར་ལས་བྱས་པ་རབ་ཏུ་རྒྱས་པའི་རྩེར་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པ། ལྟེ་བ་ལྗང་སེར་གེ་སར་དམར་སེར་དུ་ཡོད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ། དེ་ལས་དཔག་ཏུ་མེད་པའི་འོད་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་སྲིན་གྱིས་མེ་ཏོག་ཨུཏྤལ་ལའི་སྡོང་བུའི་རྩ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་གླེགས་བམ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་འོད་འབར་བའི་ཏོག་དང་སྙན་གོང་དུ་ཨུཏྤལ་གྱིས་བརྒྱན་པ། དར་དཀར་གྱི་ན་བཟའ་དང་། རིན་པོ་ཆེའི་སྙན་ཤལ་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། སྐ་རགས་དང་། དོ་ཤལ་བཟང་པོས་མཛེས་པར་བརྒྱན་ཞིང་སིལ་སིལ་གྱི་སྒྲ་སྙན་པར་སྒྲོགས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མུ་མེད་པ་འཕྲོ་བའི་བདག་ཉིད་དུ་བསྒོམ། དེའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་མདངས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་སྐུར་ཤར་བའི་ངེས་པ་བརྟན་པོས་སེམས་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ནི་ལམ་གྱི་གཙོ་བོ་ཡིན་ནོ། །ཡིག་ཆ་ཕྱི་མ་རྣམས་སུ་ལྷ་སྐུ་ཡན་ལག་བཞི་རྫོགས་སུ་བསྒོམ་པ་དང་། ཕྱག་གཡས་ན་པད་དཀར་གྱི་སྟེང་དུ་རལ་གྲི་བསྒོམ་པ་སོགས་འབྱུང་མོད། རྩ་བའི་རྒྱུད་དང་རྒྱ་གཞུང་གི་དངོས་བསྟན་ཡི་གེ་རྙིང་པ་རྣམས་ཀྱི་དགོངས་པ་ནི་འདི་ཁོ་ནའོ། །དེས་སྐྱོན་བཟླས་པ་བྱ་སྟེ། བཟླས་པའི་ཐོག་མར་ངག་དང་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་རྗེས། རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་འདབ་བརྒྱད་ཁ་འབུས་ཀྱི་རྣམ་པར་བྱེ་བའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་རྩེ་མོ་རྣོ་བའི་ལྟེ་བར་ཟླ་བ་ལ་ཨ་རྩིབས་དྲུག་ལ་མདུན་ནས་གཡས་བསྐོར་གྱིས་ༀ་ཝཱ་ཀྱེ་དཾ་ན་མ་ཞེས་པའི་ཡིག་འབྲུ་དྲུག་འཁོར་ལོ་ལ་མ་རེག་པར་གནས་པར་གསལ་བཏབ་ལ། ཡིག་འབྲུ་རྣམས་བཀླག་པའི་ཚུལ་གྱིས་ཐོག་མར་ཅུང་ཟད་བཟླ། དེའང་ༀ་ཝག་ཡེ་དཾ་ན་མ་ལྟ་བུར་བཀླགདེར་དམིགས་པ་ཟིན་པ་ན། འཁོར་ལོའི་ལྟེ་བ་དང་ས་བོན་མི་འགུལ་བར། འཁོར་ལོ་གཡས་དང་ཡིག་འབྲུ་རྣམས་གཡོན་དུ་འཁོར་བའི་སྔགས་ཀྱི་སྒྲ་གདངས་དང་འོད་ཟེར་གྱིས་སྡིག་སྒྲིབ་དང་སྙིང་གི་མུན་པ་མ་ལུས་སངས་སངས་དག་པར་མོས་ལ་གསང་སྔགས་ཉིད་བཟླས་པའི་སྐྱོན་གྱིས་མ་གོས་པར་ཅི་ནུས་སུ་བཟླ། དེ་ཡང་འཁོར་ལོ་དང་ཡིག་འབྲུ་རྣམས་ལས་འོད་ཟེར་མཐའ་ཡས་པ་འཕྲོ་བར་མོས་པ་ཤེས་རབ་ཆེ་བའི་གནད། འཁོར་ལོ་དང་ཡིག་འབྲུ་གསལ་ཞིང་མ་འདྲེས་པ་ཁ་དོག་དཀར་བས་ཤེས་རབ་གསལ་བའི་གནད། འཁོར་ལོ་མགྱོགས་པར་འཁོར་བས་ཤེས་རབ་མྱུར་བའི་གནད། རལ་གྲིའི་འཁོར་ལོ་རྩེ་མོ་བསྲབ་ཅིང་རྣོ་བར་བསྒོམ་པ་ཤེས་རབ་ཟབ་པའི་གནད་དོ། །དེའི་ཚེ་དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་སྐུའི་ཆ་ཤས་སྤྱི་བྱེ་བྲག་ལ་སེམས་བཟུང་། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ལ་སེམས་འཛིན། རེས་ཟླ་བ་ལྟར་འཚེར་བའི་འོད་ཀྱིས་ཁམས་གསུམ་གྱི་རྨོངས་པ་བསལ། ཤེས་རབ་ཀྱི་སྣང་བ་སྤེལ། སྲས་བཅས་རྒྱལ་བའི་བྱིན་རླབས་བསྡུས་ཏེ་ལྷ་སྔགས་ལ་ཐིམ་པས་གཟི་བྱིན་བསྐྱེད་པར་བསམ། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ། མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བར་བྱ་ཞིང་བསམ་པ་བཟང་བ་སྔགས་དག་པ་ཡིད་ཆེས་པ་གསུམ་ཡང་གལ་ཆེ་བར་གསུངས་སོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་གསུམ་གསུམ་བརྗོད་པས་སྔགས་ལྷག་ཆད་ཀྱི་ཉེས་པ་བསལ་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨརྒྷཾ་སོགས་ཀྱིས་མཆོད། མཎྜལ་ཚོམ་བུ་བདུན་པ་བཤམས་པ་ཉིད། འཛམ་བུ་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་བརྗོད་ལ་འབུལ། བསྟོད་པ་ནི་མཚན་བརྗོད་དམ་མ་ཏིས་མཛད་པའི་བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད། བསྡུ་ན་ངོ་བོ་མ་ནོར་སོགས་ཚིགས་བཅད་གཅིག་དང་། འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཏེ། །སོགས་ཚིགས་བཞིའི་མཐར། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་བསྟོད་ཅིང་གསོལ་བ་བཏབ། འདི་སྒྲུབ་པ་ལ་སོགས་ཀྱིས་དགེ་བ་བྱང་ཆུབ་ཏུ་བསྔོས་ནས་ཐུན་མཚམས་ལ་འཇུགའདིའི་མཆོད་བསྟོད་ནི་བདག་བསྐྱེད་ཉིད་ལ་ཡིན་གྱི། མདུན་གྱི་མནྜལ་ལ་བདག་བསྐྱེད་བཀོད་པ་ལ་མཆོད་པ་ནི་མི་ལེགས་ཏེ་བདག་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་མེད་པའི་ཕྱིར་རོ་ཞེས་མཁས་པ་དག་གསུང་ངོ་ཞེས་རྗེ་གཏེར་ཆེན་བླ་མ་བཞེད། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིར་བཅད་པའི་སྔ་དགོངས་སོགས་གང་ཡང་རུང་བའི་ཐུན་མཐར་གཏོར་མ་འབུལ་ན། གཏོར་མ་དཀར་ཟླུམ་ལ་ཆབ་གཙང་གིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿསྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟཱཾ། གྱིས་གདན་འབུལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨརྱ་མཉྫུ་ཤྲཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་འབུལ། སྔར་བཞིན་མཆོད་བསྟོད་གསོལ་གདབ། ནོངས་བཤགས་རྟེན་ཡོད་ན་བརྟན་བཞུགས། མེད་ན་རང་བཞིན་གྱི་གནས་སུ་གཤེགས། ཐུན་མཚམས་ཐམས་ཅད་དུ་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བའི་ངང་པཎྜི་ཏ་མ་ཏིས། ཕ་རོལ་ཕྱིན་དང་བསྐོར་བ་མང་པོ་དང་། །མཚན་ནས་བརྗོད་དང་བསྟོད་པ་མང་པོས་བསྟོད། །མཎྜལ་འབུལ་ཞིང་གསོལ་བ་བཏབ་པར་བྱ། །འདིས་ནི་མྱུར་དུ་འགྲུབ་པར་འགྱུར་པ་ཡིན། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། བྲིས་སྐུའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཤམས། རང་གི་མདུན་དུ་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོ་སིལ་མས་བཀང་བ་བཞག་སྟེ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་གྱི། མ་ཚང་བ་མེད་པ་འདི་ཉིད་ཞེས་པའི་མཚམས་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བྱང་ཞིང་དག་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་མེ་ཏོག་འཐོར། བྲིས་སྐུ་ལ་ལྷ་དངོས་ཀྱི་འདུ་ཤེས་བྱ། སྤྲོ་ན་མཎྜལ་སོ་བདུན་མའང་འབུལ། མཚན་ཡང་དག་པར་བརྗོད་པ་དང་། གཞན་ཡང་པཎྜི་ཏ་མ་ཏིས་མཛད་པའི་བསྟོད་པ་དང་། སློབ་དཔོན་ཙཎྜ་གོ་མཱིས་མཛད་པའི་བསྟོད་པ་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། ཆོས་ཐམས་ཅད་དེ་ཁོ་ན་ཉིད་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་དམ་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ངེས་ཤེས་བསྐྱེད་དེ། སྡུད་པ་ཚིགས་སུ་བཅད་པ་སོགས་ཀློག །དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ། དེ་ལྟ་བུའི་རིམ་པས་གྲངས་དང་། དུས་དང་། རྟགས་ཀྱི་བསྙེན་པ་མཐར་ཕྱིན་པར་བྱ་སྟེ། དེ་ཡང་གྲངས་ནི་རྒྱུད་ལས། སྔོན་དུ་བསྙེན་པའི་ཆོ་ག་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཞེས་དང་། པཎྜི་ཏ་མ་ཏིས། ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། ཞེས་གསུང་པའི་དོན། ཟླ་བ་གཅིག་ཏུ་ཐུན་བཞིའི་རིམ་པས་ཐུན་རེར་བཟླས་པ་སྟོང་ཕྲག་ལྔ་རེ་བཟླས་པས། འབྲུ་འབུམ་སྟེ་འབུམ་ཕྲག་དྲུག་འགྲོ་ཞིང་དངོས་གྲུབ་ཀྱི་མཚན་མའང་ཐོབ་པར་འགྱུར་རོ། །དུས་ནི་སྙིགས་མའི་དབང་གིས་གྲངས་བསྙེན་ལན་གཅིག་ཙམ་གྱིས་རྟགས་མ་བྱུང་ན། སྔོན་གྱི་བསྙེན་པ་ཟླ་བ་གཅིག་དང་བཅས་པའི་སྒྲུབ་པ་ལན་དྲུག་ཏུ་སྦྱར་ཏེ། ཟླ་བ་དྲུག་ཏུ་བསྒོམ་བཟླས་བྱས་པས་བསྙེན་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་སོང་བ་ན་ངེས་པར་འགྲུབ་པར་འགྱུར་ཏེ། རྒྱུད་ལས། ཟླ་བ་དྲུག་གི་མན་ངག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །ཞེས་གསུངས། རྟགས་ནི་རབ་དངོས་སུ་བཅོམ་ལྡན་འདས་ཀྱི་ཞལ་མཇལ་བ་དང་། གསུང་ཐོས་པ་དང་། འབྲིང་ཉམས་ཀྱི་སྣང་བར་རྗེས་སུ་བཟུང་བ། ཐ་མའང་རྨི་ལམ་དུ་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་དང་། གཞོན་ནུ་གོས་དཀར་ཅན་གྱི་པུསྟི། མཚོན་ཆ། ཤེལ་ཕྲེང་། འོ་ཐུག་སོགས་སྟེར་བ། ཉི་ཟླ་ཤར་བ། སྒྲོན་མེ་སྦར་བ། མེ་ཏོག་རྒྱས་པའི་དགའ་ཚལ་དུ་ཕྱིན་པ་སོགས་དགེ་ཞིང་ཤིས་པའི་མཚན་མ་འབྱུང་བ་དང་། དངོས་སུ་འཆད་རྩོད་རྩོམ་གསུམ་དང་། གཞུང་འཛིན་པ་སོགས་ལ་སྔར་ལས་བློ་གྲོས་ཀྱི་འཇུག་པ་གསལ་བ་སོགས་འབྱུང་ངོ་། །དེ་ལྟར་བསྙེན་པ་གསུམ་པོ་གང་རུང་གྲུབ་ནས་འོག་ཏུ་བཤད་པའི་དངོས་གྲུབ་སྒྲུབ་པའི་ཚུལ་ལ་འཇུག་པའམ་རེ་ཞིག་མི་ནུས་ན་གསང་སྔགས་ཀྱི་ནུས་པ་འབྱིན་བྱེད་སྦྱིན་སྲེག་དང་བཅས་པ་གྲུབ་ནས་རིམ་གྱིས་མཚམས་གྲོལ་བ་སོགས་སྤྱི་ལྟར་རོ། །གཉིས་པ་བར་དུ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་བསྙེན་པ་སྔོན་དུ་སོང་ནས་ཐོག་མར་བྲིས་སྐུ་འབྲི་བར་བྱ་སྟེ་གནས་དབེན་ཞིང་ཡིད་དང་མཐུན་པ་གཙང་སྦྲ་དང་ལྡན་པར་མཚམས་བསྡམས་ཏེ། ལྷ་བཟོ་བ་གསོ་སྦྱོང་དང་ལྡན་པས་འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལས་ཀྱི་ཆོ་གའི་ལེའུ་ལས་རས་བྲིས་བདུན་བཤད་པའི་བདུན་པ་འདི་ཉིད་འབྲི་བར་བྱ་སྟེ། རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་སྐར་སྦྱོར་བྱེད་བཟང་པོ་ལ། རས་དཀར་པོ་སྐྲ་མེད་པ་ཁ་ཚར་མ་ཉམས་པ་ལ་སྤྱིན་སོགས་མི་གཙང་བ་མ་འདྲེས་པར། ཟར་ཁུ་ལ་སོགས་པས་རས་འདུལ་ལེགས་པར་བྱས་ལ། ཚོན་མ་འདྲེས་པར། མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ་སོགས་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། འོག་ཏུ་བདུད་རྩི་འོ་མའི་རྒྱ་མཚོ་ལ་མེ་ཏོག་སྣ་ཚོགས་པ་དག་གིས་ཁྱབ་པར། ངང་ངུར་ལ་སོགས་པའི་ཆུ་བྱས་བརྒྱན་པའི་འགྲམ་དུ་ནེའུ་གསེང་ལ་གླང་པོ་ཆེ་ཐལ་དཀར་གྱི་ཚོགས་གནས་པ། མཚོའི་དབུས་ན་པདྨའི་སྡོང་པོ་ཡལ་ག་ལོ་མ་གསེར་ལས་བྱས་པའི་རྩེ་མོར་པདྨ་དཀར་པོ་ཆེས་ཡངས་པའི་ལྟེ་བ་ལྗང་སེར་མཐོ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་འཕགས་པ་འཇམ་དཔལ་སྟོན་ཟླ་ལྟར་དཀར་བ། གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་འཛིན་པའི་མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་དུ་པུསྟི་བཞག་པ་འཛིན་པ། རལ་པའི་ཐོར་ཚུགས་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུ་ལང་ཚོ་རྒྱས་པ། དར་དམར་པོའི་ཤམ་ཐབས་ཅན། བླ་གོས་འཕྲག་པར་གཟར་བ་སྐྱིལ་མོ་ཀྲུང་གིས་བཞུགས་པ། པད་སྡོང་གི་ཡལ་ག་ལས་ཐོན་པའི་གཡས་གཡོན་དུ་པདྨ་དཀར་པོ་ཟླ་བ་དང་བཅས་པ་གཉིས་ཀྱི་སྟེང་དུ་གཡས་སུ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས། གཡས་རྔ་ཡབ་དཀར་པོ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང་། གཡོན་རིན་པོ་ཆེ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ་གསེར་གྱི་ཡུ་བ་ཅན་དང་། གཡོན་པདྨ་དཀར་པོ་བསྣམས་པ། གཉིས་ཀ་ཞི་བ་འཇམ་དཔལ་ལ་བལྟ་བ། འཇམ་དཔལ་ལས་ཆུང་བ། ན་བཟའ་སྔོན་པོ་གསོལ་བ། རིན་པོ་ཆེའི་ཅོད་པཎ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེའི་མཆོད་ཕྱིར་ཐོག་བྱས་པ། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྦུབས་ལས་བྱུང་བ། འོག་ཏུ་རྡོ་ལེབ་ལ་སྒྲུབ་པ་པོ་དབྱིབས་ཆ་ལུགས་ཇི་ལྟ་བ་སྤོས་ཕོར་ཐོགས་པ། གཙོ་བོའི་ཕྱག་མཆོག་སྦྱིན་གྱི་འོག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ལྟ་བར་འབྲི། བྲིས་ཟིན་མ་ཐགརས་བྲིས་ཤར་དུ་དགྲམ། མཆོད་པ་རྒྱ་ཆེན་པོ་བཤམས། ལྷར་བསྐྱེད་མཆོད་བསྟོད་སྤྱན་དབྱེ་བྱ། བརྟན་བཞུགས་ཀྱི་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་དོ། །ཉི་མ་གཅིག་ལ་སྐུ་འབྲི་བ་ནས་བཟུང་སྟེ་རབ་གནས་དང་བཅས་པའི་བར་གྲུབ་ན་ལེགས་སོ། །གཉིས་པ་སྒྲུབ་པ་དངོས་ནི། ཡོད་ན་སྐུ་གདུང་དང་བཅས་པའི་མཆོད་རྟེན་ཀྱང་བཤམས། སྔར་གྱི་བྲིས་སྐུ་དེ་ཤར་ཕྱོགས་སུ་བཀྲམ། དེའི་མདུན་དུ་བ་བྱུང་གིས་བྱུགས་པའི་མཎྜ་ལར་རི་གླིང་སོགས་ཀྱི་ཚོམ་བུ་སོ་བདུན་མ་བཀོད། དེའི་མདུན་དུ་མཆོད་པ་ལྔ། དཀར་གསུམ་གྱི་གཏོར་མ་གཅིག་རྣམས་རྒྱ་ཆེ་བར་བཤམས། བགེགས་བསྐྲད་གཞི་བདག་ལ་གཏོར་མ་བཏང་བར་བཤད་པས་ཆ་གསུམ་ཡིད་ཆེས་ངེས་ཤེས་པ་བཏང་བས་འཐུས། གནས་ཁང་རྟེན་མཆོད་རྣམས་གུ་གུལ་གྱིས་བདུགརང་གོས་གསར་པ་གོན་ཞིང་{བཀོན་ཅིང}། བྱུང་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། དེ་མ་གྲུབ་ནའང་དཀར་གསུམ་ལ་སོགས་པ་བཟའ། རྟེན་ལ་ཁ་ཕྱོགས་པར་འདུགརྣམ་པ་ཀུན་ཏུ་ཁྲུས་དང་གཙང་སྦྲ་གལ་ཆེ། གྲིབ་ལ་འཛེམ། བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་སྟེ་བཟླས་པ་དང་། མཐར་མཆོད་བསྟོད་འདོད་དོན་གསོལ་བཏབ་ཀྱི་བར་སྔར་བསྙེན་པ་བཞིན་བྱ། སྐབས་འདིར་མཆོད་པ་བྱིན་རླབས་སྤྱི་ལྟར་ངྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་པོའི་བར་བྱས་ལ། དེ་ནས་རྟེན་རས་བྲིས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། བྲིས་སྐུ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ། ཞེས་སོགས་ནས། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྦུབས་ནས་བྱུང་བའོ། །ཞེས་པའི་བར་བྲིས་སྐུ་འབྲི་ཐབས་ཀྱི་སྐབས་ནས་འབྱུང་བ་ལྟར་ངག་ཏུ་བརྗོད་ཅིང་བསམ། དེ་ལྟར་རྟེན་དེ་ཉིད་རྗེ་བཙུན་འཁོར་བཅས་དངོས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་ཉིད་ལྷར་གསལ་བའི་ཐུགས་ཀར་ཕོགས་པས་འཁོར་ལོ་གཡས་དང་། ཡིག་འབྲུ་གཡོན་དུ་འཁོར་ཏེ་མི་ཤེས་པའི་མུན་པ་སངས། ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམས་ལ་ཐུན་བཞིར་བསྒོམ་བཟླས་ལ་བརྩོན་པར་བྱ། ཐུན་མཚམས་རྣམས་སུ་མཆོད་བསྟོད་མཎྜལ་འབུལ། དེའང་མཎྜལ་གྱི་གསོལ་གདབ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་མི་ཤེས་པའི་མུན་པ་སངས་ཤིང་། ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་སྦྱར། ཤེས་ཤིང་ནུས་ན་གང་གི་མཆོད་རྫས་ལའང་སྦྱར། བསྟོད་པའི་སྐབས་སུ་པཎྜི་ཏ་མ་ཏིས་མཛད་པའི་དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་སོགས་ཀྱི་མུ་མེད་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་མཚམས། གཡས་སུ་ཀུན་ཏུ་བཟང་པོ་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་རྔ་ཡབ་ནོར་བུ་བསྣམས། །གང་གིས་དྲན་པས་བྱང་ཆུབ་སྤྱོད་མཆོག་གི། །སྨོན་ལམ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །གཡོན་དུ་སྤྱན་རས་གཟིགས་དབང་ཟླ་ཤེལ་མདངས། །ཞལ་གཅིག་ཕྱག་གཉིས་རྔ་ཡབ་པད་དཀར་བསྣམས། །སྙིང་རྗེ་ཆེན་པོས་མཐའ་ཡས་ཡིད་ཅན་ཀུན། །ཕན་བདེའི་དབུགས་འབྱིན་སྩོལ་ལ་ཕྱག་འཚལ་ལོ། །སྟེང་གི་ནམ་མཁར་ཆུ་འཛིན་ཕྲེང་བའི་དབུས། །འཆི་མེད་རིགས་ཀྱི་རིག་འཛིན་གཞོན་ནུ་གཉིས། །ལྷ་རྫས་མེ་ཏོག་ཕྲེང་བ་ལེགས་འཛིན་ཅིང་། །མཆོད་པའི་ཆར་ཆེན་འབེབས་ལ་ཕྱག་འཚལ་ལོ། །མདོར་ན་དད་པའི་ཡིད་མཁར་ཤར་བ་ཡི། །འཕགས་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས། །འཇམ་མགོན་ཡེ་ཤེས་རོལ་མོ་ལས་བྱུང་ཕྱིར། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དཔལ་མཆོག་སྐུ་ཡི་སོགས་སྦྲེལ་བའི་ཁ་སྐོང་བཅས་བྱ། གཏོར་མ་ཆབ་ཀྱིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ། ༀ་ཝཱ་ཀྱཻ་དཾ་ན་མཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། སྣ་མའི་མེ་ཏོག་ལ་བསྔགས་ནས་འབུལ་བར་གསུངས་ཀྱང་བོད་འདིར་དངོས་མི་འབྱོར་བས། ཛཱ་ཏིའི་ཕྱེ་མ་དང་མེ་ཏོག་དཀར་པོ་སྦགས་པ་སྔགས་རེ་དང་བསྟུན་ནས་སྟོང་ཕྲག་གཅིག་འཇམ་དཔལ་གྱི་ཞལ་ལ་གཏོར། ཡིད་ཀྱིས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ། འཇུག་ཏུ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །གསུམ་པ་རྗེས་གྲུབ་པའི་རྟགས་ནི། དེ་ལྟར་བྱས་པས་བྲིས་སྐུ་ལས་ཧཱུྃ་གི་སྒྲའམ། རས་བྲིས་འགུལ་བ་འབྱུང་སྟེ། ཧཱུྃ་གི་སྒྲས་ནི་ས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་ལ། རས་བྲིས་འགུལ་ན་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པ་དང་། རིག་བྱེད་ཀྱི་གཞུང་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་ཐམས་ཅད་ཤེས་པར་འགྱུར་རོ། །མཚན་མ་དེ་གཉིས་མ་བྱུང་ཡང་ལས་ཐམས་ཅད་ལ་ནུས་པ་དང་ལྡན་པར་འགྱུར་རོ། །དེ་ཡང་རྒྱུད་ལས། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་དངོས་དང་རྨི་ལམ་གྱི་རྟགས་རྣམས་ཡང་ཡང་འབྱུང་ཞིང་བརྟན་པར་འགྱུར་རོ། །གལ་ཏེ་མ་བྱུང་ན་བསྐྱར་ཐང་གཅིག་གམ། གཉིས་སམ། ཇི་ལྟར་སྒྲིབ་པ་ཆེ་ཞིང་བུལ་ནའང་ལན་བདུན་ཚུན་ལ་རྟགས་གཉིས་མི་འབྱུང་མི་སྲིད་དེ། སྤོགས་ཆོག་དང་བཅས་པའོ། །རྟགས་བཟང་ངན་གང་བྱུང་ཡང་མི་ལ་མི་བཤད་པར་གསང་བ་དང་། ཆེད་འཛིན་མེད་པར་མི་དམིགས་པའི་རྒྱས་གདབ་པར་བྱའོ། །དེ་ལྟ་བུའི་བསྙེན་པ་དང་། སྒྲུབ་པའི་སྔགས་ཀྱི་ཁ་སྐོང་བའི་ཕྱིར་སྦྱིན་སྲེག་བྱ་སྟེ། དེའི་ཚུལ་ནི་ས་སྐྱ་པ་སངས་རྒྱས་ཕུན་ཚོགས་ཀྱི་གསུང་རབ་ལྟར་ཤེས་པར་བྱའོ། །ཞེས་ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུངས་ལས་སོ། །གསུམ་པ་ཐ་མ་ལས་སྦྱོར་གྱིས་རང་གཞན་ལ་ཕན་གདགས་པའི་ཚུལ་ནི། འཇམ་དཔལ་རྩ་བའི་རྟོག་པ་ལས། ཨ་ག་རུའི་ཡམ་ཤིང་སོར་ཕྱེད་དང་གཉིས་ཀྱི་ཚད་ལ། དུ་རུཥྐའི་ཐང་ཆུས་སིལ་ཧ་རས་བཏགས་པས་སེང་ལྡེང་གི་མདག་མེ་དུ་བ་མེད་པ་ལ་མཚན་ཐོག་ཐག་ཏུ་སྦྱིན་བསྲེགས་བྱས་ནས། སྐྱ་རེངས་འཆར་བ་ཙམ་ན་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་ཞིང་། དེས་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་ཏེ། འདོད་པ་དབང་དུ་བྱ་བ་ནི་མ་གཏོགས་སོ། །དེ་ཉིད་ཀྱིས་རས་བྲིས་ཀྱི་མདུན་དུ་ཙན་དན་གྱི་སྤོས་ཀྱིས་རྒྱུན་ཆད་མེད་པར་མཚན་ཐོག་ཐག་ཏུ་བདུགས་ཏེ། བཟླས་པ་བྱས་ན་དེའི་འོག་ཏུ་འཕགས་པ་འཇམ་དཔལ་མངོན་སུམ་དུ་གཤེགས་ཏེ་ཟབ་མོའི་ཆོས་སྟོན་པ་དེ་ལ་མོས་པར་འགྱུར་རོ། །མོས་ནས་ཀྱང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར། དབང་ཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་ས་རྗེས་སུ་ཐོབ་པར་འགྱུར་རོ། །ཙན་དན་དམར་པོ་ལས་བྱས་པའི་པདྨའི་རྩ་ལག་དང་བཅས་པ་སོར་དྲུག་ཙམ་ཙན་དན་དམར་པོའི་འདེ་གུས་བསྐུས་ནས། ལན་སྟོང་བསྔགས་ཤིང་དགང་གཟར་གྱིས་ལན་སྟོང་བླུགས་པར་བྱས་ལ། ཟླ་བ་ཉ་ལ་རས་རིས་ཀྱི་མདུན་དུ་པདྨའི་སྣོད་བཞག་ལ་ལག་པས་བཟུང་ནས་ཇི་སྲིད་རབ་ཏུ་འབར་བ་དེ་སྲིད་དུ་བཟླས་པ་བྱས་ན། དེ་བཟུང་བས་ལོ་བཅུ་དྲུག་གི་ན་ཚོད་དང་མདོག་གསེར་བཙོ་མ་འདྲ་བ་དང་ཉི་མ་བས་ལྷག་པའི་གཟི་བརྗིད་དང་ལྡན་པ་དང་ལྷ་གཞོན་ནུ་ལྟ་བུར་འགྱུར་བ་དང་རིག་པ་འཛིན་པ་ཐམས་ཅད་ཀྱིས་ཕྱག་བྱས་པ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །ལུས་ཞིག་ནས་མངོན་པར་དགའ་བར་སྐྱེ་བར་འགྱུར་རོ། །ཟླ་བ་གཟས་ཟིན་པ་ལ་ཤུ་དག་དཀར་པོ་བླངས་ལ། བའི་རྣམ་ལྔས་བཀྲུས་ཏེ། ཤིང་ཨ་ཤྭཏྠའི་ལོ་མས་བཀབ་པར་བྱས་ལ་ཇི་སྲིད་དྲོད་དང་དུ་བ་འཐུལ་བ་དང་འབར་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན། དྲོ་བ་བྱུང་བས་ནི་སྐྱེ་བོ་ཐམས་ཅད་དབང་དུ་འདུ་བར་འགྱུར་བ་དང་རྒོལ་བ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །དུ་བ་འཐུལ་བས་ནི་མི་སྣང་བ་དང་སྟོང་ཕྲག་སུམ་ཅུར་འཚོ་བར་འགྱུར་རོ། །འབར་བ་ནི་མཁའ་ལ་འགྲོ་བ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །བ་སེར་སྐྱའི་བེའུ་དང་བཅས་པའི་མར་ཁུ་བླངས་ལ། ཟངས་མའི་སྣོད་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱིས་བཀབ་སྟེ་བཞག་ལ། ཇི་སྲིད་གྲུབ་པ་གསུམ་ཐོབ་པ་དེ་སྲིད་དུ་བཟླས་པ་བྱས་པ་དེ་འཐུངས་ན་ཐོས་པ་འཛིན་པ་དང་མི་སྣང་བར་འགྱུར་བ་དང་ནམ་མཁར་འགྲོ་བར་འགྱུར་རོ། །སྨན་པུཥྐར་མཱུ་ལའི་ས་བོན་ཟླ་བ་གཟས་ཟིན་པ་ལ་ཁར་བཅུག་ན་ཇི་སྲིད་དུ་ཙུ་ལུ་ཙུ་ལུ་ཞེས་པའི་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་པ་བྱས་ལ། སྨན་དེ་ཕྱུང་ནས་ལྕགས་གསུམ་གྱིས་ཡོངས་སུ་དཀྲི་བ་བྱས་ལ་ཡང་ཁར་རབ་ཏུ་བཅུག་ན་མི་སྣང་བར་འགྱུར་རོ། །སྨན་དེ་སྐྱུག་ན་ནི་སྣང་བར་འགྱུར་རོ། །ལི་ཤི་དྲི་ཞིམ་པོ་ཁར་བཅུག་ལ་བཟླས་པ་འབུམ་བྱས་ན་གང་དང་སྨྲ་བ་དེ་དབང་དུ་འགྱུར་རོ། །འོ་མ་དང་ནས་ཆན་ཁྱོར་གང་ཟ་ཞིང་བཟླས་པ་འབུམ་ཕྲག་བཅུ་གཉིས་བྱས་ན་རིག་པ་འཛིན་པ་འགྱུར་རོ། །སློང་མོའི་ཟས་ཀྱིས་འཚོ་ལ་ཤིང་བཞིན་དུ་མི་སྨྲ་བའི་དཀའ་ཐུབ་བྱེད་ཅིང་བཟླས་པ་འབུམ་བྱེད་ན་མི་སྣང་བར་འགྱུར་རོ། །བཟླས་པ་བྱེ་བ་བྱས་ན་ཇི་ལྟར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཆོས་སྟོན་པ་དེ་བཞིན་དུ་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་གི་གཟུགས་བརྙན་དྲི་ཐམས་ཅད་པས་བྱས་ལ་བཅད་ཅིང་སྦྱིན་བསྲེགས་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་ཚི་གུའི་ཚད་ཙམ་ལ་མར་གྱིས་བཏགས་པས་བརྒྱ་ཕྲག་སྟོང་གི་སྦྱིན་བསྲེགས་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཏིལ་ལ་ཞོ་དང་མར་གྱིས་བཏགས་པས་སྦྱིན་སྲེག་འབུམ་ཕྲག་སྟོང་བྱས་ན་ཐམས་ཅད་ཀྱི་དམ་པའི་ཁྱིམ་གྱི་བདག་པོ་ཆེན་པོར་འགྱུར་རོ། །བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ། དེ་ལ་མེ་ཏོག་གི་གཅལ་དུ་བཀྲམ་སྟེ། བཟླས་པ་བརྒྱ་རྩ་བརྒྱད་བྱས་ལ་དེ་ནས་དམ་པའི་ཆོས་ཀྱི་གླེགས་བམ་བཀླགས་པར་བྱས་ན། ཟླ་བ་གཅིག་གིས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །གི་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །གཙུག་ཕུད་ལ་ལན་བདུན་བཟླས་པ་བྱས་ན་སེམས་ཅན་ཐམས་ཅད་ཀྱི་གནོད་པ་མེད་པར་འགྱུར་རོ། །མེ་ཏོག་གི་རིམ་ལས་སྦྱིན་སྲེག་འབུམ་བྱས་ན་ནད་ཐམས་ཅད་ལས་གྲོལ་པར་འགྱུར་རོ། །ཉིན་རེ་ཞིང་བཟླས་པ་བདུན་བདུན་བྱས་ན་ངེས་པར་མྱོང་བར་འགྱུར་བའི་ལས་རྣམས་ཟད་པར་འགྱུར་རོ། །བཟླས་པ་བརྒྱ་རྩ་བརྒྱད་བྱས་ན་འཆི་བའི་དུས་ཀྱི་ཚེ་འཕགས་པ་འཇམ་དཔལ་གྱི་ཞལ་ཐམས་ཅད་མཐོང་བར་འགྱུར་རོ། །ཞེས་དང་། འཇམ་དཔའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས། ཤུ་དག་ཞོ་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ། ཐོ་རངས་འོ་མའམ་མར་རམ་ཏིལ་མར་དང་ལྷན་ཅིག་ཟླ་བ་གཅིག་འཐུངས་ན་གླེན་པ་དང་དིག་པ་མེད་པར་བྱེད་དོ། །ཁུ་བྱུག་དར་མའི་སྐད་དང་འདྲ་བར་དབྱངས་སྙན་ཞིང་ཚིག་གསལ་བར་འགྱུར་རོ། །ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་། ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ༀ་ཝཱ་ཀྱཻ་དཾ་ན་མཿརྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་རྐེད་པ་ཙམ་གྱིས་ཆུ་ལ་བརྒལ་ལ། ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང་། ཕུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས། ཕུན་པ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོ་ལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་སྩོལ་བར་མཛད་དོ། །ཇི་ལྟ་བ་བཞིན་རྙེད་པ་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །སྨན་བྷྲ་མའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག་པར་མཆོད་དེ། མར་རམ་རང་སྐྱུར་དང་སྦྱར་ནས་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ། །ཚིག་གི་བདག་པོའི་དབྱངས་སྙན་པར་ཡང་སྐྱེ་བར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཕྱིས་ཟླ་བ་གཟས་ཟིན་པ་དང་ཉི་མ་གཟས་ཟིན་པ་ན། ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ། ཟླ་བ་མི་སྣང་བ་ཇི་སྲིད་གྲོལ་བར་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང་། རྡོ་རྗེ་དང་། རྩེ་གསུམ་པ་དང་། མདའ་དང་། ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་། རིག་པ་ལ་སོགས་པ་དང་བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་བྱའོ། །ཡང་ན་མིག་སྨན་ནམ་ཐིག་ལེའམ་རྐང་པར་བསྐུ་བའམ་དབང་དུ་བྱས་པའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ། །འོ་ཐུག་གམ་ཞོ་དང་ཟན་ནམ་མར་དང་བཅས་པ་ཁ་ར་དང་བཅས་པས་སྣོད་བཀང་སྟེ། ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །མཱ་ཤཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་ཐོས་པ་འཛིན་པ་དང་སྨྲ་མཁས་པ་དང་ཡིད་གཞུངས་པར་འགྱུར་རོ། །པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ། །བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་བྱེད་དོ། །ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་བཞིན་དུ་ཡམ་ཤིང་ལྔས་ཀྱང་བྱའོ། །རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པར་འགྱུར་རོ། །ཞེས་གསུངས། གཞུང་འདི་ཉིད་ལས། པཎྜི་ཏ་མ་ཏིས། སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་པ་གཡས་གཡོན་བསྐོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །གྲེ་ཕུག་ཨཿདཀར་དག་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་གྱི་བློ་གྲོས་དཔག་མེད་དག །བསྡུས་ནས་ཁོང་དུ་ཐིམ་པས་ལུས་ཁེངས་ནས། །མི་བརྗེད་དྲན་པའི་གཟུངས་ནི་ཐོབ་པར་འགྱུར། །ཡང་ན་རལ་གྲི་ཉིད་བཟུང་རིག་འཛིན་འགྱུར། །ཉི་ཟླ་གཟས་ཟིན་དུས་སུ་མཱ་ཤཱ་ཉིད། །དར་དཀར་གྱིས་དྲིལ་ལྕེ་འོག་བཅུག་ལ་བཟླ། །མྱུ་གུ་བྱུང་གྱུར་དེ་ནི་གྲུབ་པ་ཡིན། །ཞེས་རྣམ་པ་བཞི་གསུངས་ཤིང་། དེ་དང་མཐུན་པར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས། ཉེས་བྱས་འཇོམས་པའི་འཁོར་ལོ། ཡོན་ཏན་སྒྲུབ་པའི་འཁོར་ལོ། གཞན་དང་རྩོད་པ་བྱ་ཐབས། མཱ་ཤཱ་སྲན་མ་ལ་བརྟེན་པའི་ལས་སྦྱོར་ཏེ་ལས་ཁ་ཚར་བཞི་གསུང་། སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་སྲན་མ། རལ་གྲི། མིག་སྨན། ལྕེ་རྩ་ཨ་དཀར། རྩོམ་པ་དཔལ་བེ། འཆད་པ་དུང་དཀར། རྩོད་པ་རལ་གྲི་སྟེ་བདུན་གསུང་། ཆགས་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱིས། ཤུ་དག་གིས་གླེན་དིག་བསལ་བ། བྲཧྨཱིས་ཐོས་པ་འཛིན་པ། སྣ་མའི་མེ་ཏོག་གིས་ཐོས་པ་འཛིན་པ། མཱ་ཤཱའི་ལས་སྦྱོར། རལ་གྲིའི་རིག་འཛིན། ཕྱག་མཚན་གཞན་གྱི་རིག་འཛིན། མིག་སྨན། ཐིག་ལེ། རྐང་བྱུགས། དབང་དུ་བྱ་བ། བཅུད་ལེན། མེ་ཏོག་གི་སྦྱིན་སྲེག་གིས་རྗེ་བཙུན་གྱི་ཞལ་ལ་བལྟ་བ། བིལ་བའི་སྦྱིན་སྲེག་གིས་རྒྱལ་སྲིད་སྒྲུབ་པ། མེ་ཏོག་དཀར་པོའི་སྦྱིན་སྲེག་གིས་ངག་གི་དབང་ཕྱུག་སྒྲུབ་པ། འབྲས་བུའི་སྦྱིན་སྲེག་གིས་བུ་མོ་དགུག་པ་སྟེ་བཅོ་ལྔ་གསུང་། དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས། སྲན་མའི་ལས་སྦྱོར། མཚན་བརྗོད་བཀླག་ཐབས། ཡོན་ཏན་བསྒྲུབ་པ། ཆོས་བཤད་པ། ཕྱིར་རྒོལ་དང་རྩོད་པ། ལེགས་བཤད་རྩོམ་པ། རྟེན་འབྲེལ་སྙིང་པོས་ཆོམ་རྐུན་འཆིང་བ། ཨཱ་དིས་དབང་དུ་བྱ་བ། ཀཱ་དིས་ཚེ་བསྲིང་བ། རེ་མིག་ཞེ་དགུས་རིགས་སྔགས་བཟློག་པ། ངག་བཀྲོལ་པ། རལ་གྲི་སྒྲུབ་པ། མིག་སྨན་ཏེ་བཅུ་གསུམ་གསུངས་པ་དང་། དེར་མ་ཟད་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་པ་རྗེ་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་བསྩལ་པའི་ཡིད་བཞིན་ནོར་བུ་ལྟ་བུའི་ཟབ་གནད་ཀྱི་མན་ངག་མཐའ་ཡས་པར་བཞུགས་པ་རྣམས་ཀྱང་འདིར་སྦྱར་རུང་མོད་དེ་དག་གི་ཚུལ་ནི་རང་རང་གི་རྩ་བའི་ཡི་གེ་སོགས་ལས་ཤེས་པར་བྱ་ལ། འདིར་དེ་དག་གི་ནང་ནས་ཉེ་བར་མཁོ་བ་ཅུང་ཟད་འབྲི་བ་ལ་སྡོམ་ནི། ཉེས་བྱས་འཇོམས་དང་ཡོན་ཏན་སྒྲུབ། །གླེན་དིག་བསལ་དང་ཐོས་པ་འཛིན། །མཱ་ཤཱའི་སྦྱོར་དང་བཅུད་ལེན་རིགས། །སྦྱིན་སྲེག་ངག་འགྲོལ་ཇག་རྐུན་འཆིང་། །རིགས་སྔགས་ཟློག་དང་དབང་དང་ཚེ། །འཆད་རྩོད་རྩོམ་སྟེ་བཅུ་དང་ལྔས། །ལས་ཀྱི་སྦྱོར་བ་མདོར་བསྡུས་པའོ། །དེ་ལ་དང་པོ་ཉེས་བྱས་འཇོམས་པའི་འཁོར་ལོ་ནི་གོང་དུ་སྨོས་བཞིན། རང་འཇམ་དཔལ་དུ་གསལ་བའི་སྙིང་རྩེ་མོ་གྱེན་བསྟན་གྱི་ནང་དུ་འཁོར་ལོར་ས་བོན་ཡིག་འབྲུ་བཅས་བཀོད་ནས་གཡས་གཡོན་དུ་འཁོར་བས་སྡིག་སྒྲིབ་དག་པར་བསམས་ལ་བཟླས་པ་བྱ། དེའང་འཁོར་ལོ་ཤུགས་དྲག་ཏུ་བསྐོར་བས་སྙིང་རླུང་ལ་སོགས་པའི་ཉེས་པ་མི་འབྱུང་། འཁོར་ལོའི་རྩེ་མོ་རྣོ་བར་བསྒོམས་པས་བློ་རྣོ་ཞིང་སྟོབས་དང་ལྡན་པར་འགྱུར། ཁ་དོག་དཀར་པོར་བསྒོམས་པས་འཛིན་བློ་བཟང་བར་འགྱུར་རོ། །གཉིས་པ་ཡོན་ཏན་སྒྲུབ་པའི་འཁོར་ལོ་ནི་མངོན་རྟོགས་བསྒོམས་ལ་རང་གི་ལྕེའི་སྟེང་དུ་ཨ་དཀར་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་སེམས་རྣམས་མདུན་དུ་སྤྱན་དྲངས་ལ་འོད་ཟེར་གཉིས་པ་འཕྲོས་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་གྲངས་མེད་པར་སྤྱན་དྲངས་ལ། རང་གི་ལྕེ་སྟེང་གི་ཨ་ལ་ཐིམ་པས་ལུས་ཐམས་ཅད་ཨ་དཀར་པོས་མེར་གྱིས་གང་བར་བསམ་ལ་བཟླས་པ་རྒྱུན་བསྲིངས་ན་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །ཡང་ལྕེ་རྩེའི་གྲེ་ཕུག་ཏུ་ཨ་དཀར་པོ་གསལ་བའི་འོད་ཀྱིས་འཕགས་པ་དང་། སོ་སོ་སྐྱེ་བོ་མཁས་པ་རྣམས་ཀྱི་ཡོན་ཏན་དང་ནོར་བུ་སྨན་དང་ནགས་ཚལ་གྱི་ནུས་པ་ཐམས་ཅད་བསྡུས་ཏེ། ཨཱ་ལི་ཀཱ་ལིའི་རྣམ་པར་གྱུར་ནས་མགྲིན་པར་ཐིམ་པ་ལ་དམིགས་ཤིང་བཟླས་ན་བློ་གྲོས་ཕུན་སུམ་ཚོགས་པར་འགྱུར་རོ། །གསུམ་པ་གཞན་གྱིས་མི་ཐུབ་པ་དཀར་པོ་ལ་བརྟེན་ནས་གླེན་དིག་བསལ་བ་ནི། བསྙེན་སྒྲུབ་ལས་རུང་སྔོན་དུ་སོང་བའི་རྣལ་འབྱོར་པས། ཡར་ངོའི་སྐར་མ་རྒྱལ་ལ་ཐོ་རངས་ནས་མགོ་བརྩམས་ཏེ། བྲིས་སྐུ་ཡོད་ན་ཤར་དུ་དགྲམ། མ་འབྱོར་ནའང་སྐྱོན་མེད། མཎྜལ་མཆོད་གཏོར་བཤམ། སྒྲུབ་པའི་སྐབས་ལྟར་བདག་མདུན་མཆོད་བསྟོད་གཏོར་མ་འབུལ། མཎྜལ་གྱི་སྟེང་དུ་ཤུ་དག་དཀར་པོའི་ཕྱེ་མ་ར་ཏི་གཅིག་བཞགར་ཏིའི་ཚད་ནི་གསེར་གྱི་སྐབས་ན་སེ་བ་ཕྱེད་དང་། མན་ཆ་ནི་སེ་བ་ལྔ་ཟེར། ཡང་བ་རུ་ར་འབྲིང་པོ་གཅིག་ལ་ཞོ་གཅིག་གི་ཚད་དུ་བྱས་པའང་འབྱུང་། གང་ལྟར་ཡང་། དང་པོ་ར་ཏི་གཅིག་ལ་ཆ་བཞག་ལ། རྩ་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ཏེ། མར་རམ། འོ་མའམ། ཞུན་མར་རམ། ཏིལ་མར་དང་ལྷན་ཅིག་བཏུང་། དེ་ནས་ཐོ་རངས་རེ་བཞིན་ཤུ་དག་ར་ཏི་གཅིག་ལྷག་པ་དང་ཆེར་ལྷག་པར་བཏང་སྟེ་གོམས་སུ་བཅུགདེ་ནས་ཞོ་ཕྱེད་དུ་ལོངས་པའི་ཚད་ནི་དཱ་ན་ཤི་ལས་སྲན་མ་གཅིག་ཡིན་གསུངས་པ་ཞོ་ཕྱེད་རེ་ལ་གོང་ལྟར་བསྔགས་ཏེ་ཟླ་བ་གཅིག་གི་བར་འཐུངས་ན་གླེན་པ་དག་ནི་རིག་པ་མཆོག་ཏུ་འགྱུར། དིག་པ་དང་ལྐུགས་པ་སེལ་བར་བྱེད། ཟླ་བ་དྲུག་གིས་ནི་ཡོན་ཏན་དཔག་མེད་ཐོབ་པར་འགྱུར་རོ། །བཞི་པ་ཐོས་པ་འཛིན་པ་ནི། བྲཧྨཱི་ཞེས་ཚངས་པའི་དབྱུག་པའམ་མེ་ཏོག་གསུམ་པར་གྲགས་པའི་སྨན་བླངས་ཏེ། སྔར་བཞིན་ཐོ་རངས་བྲིས་སྐུ་ལ་མཆོད་བསྟོད་མཎྜལ་སོགས་བྱས་ལ་སྨན་གྱི་ཕྱེད་ཀ་བྱི་ལའི་སྦར་བ་གང་གི་ཚད་ཙམ་མཎྜལ་དུ་བཞག་སྟེ། སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ནས། ཞུན་མར་རམ་རྩ་བ་དང་ལྷན་ཅིག་བཏུང་། དེ་ལྟར་ཟླ་བ་དྲུག་མ་ཆག་ན་དབྱིག་གཉེན་ལྟ་བུར་ཐོས་པ་འཛིན་པར་འགྱུར་རོ། །ཡང་ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས། རྒྱ་མཚོར་འགྲོ་བའི་ཆུ་ལ་སྐེད་ནུབ་ཙམ་བརྒལ་ནས་སྔགས་བརྗོད་བཞིན་ཕུན་བུ་རེ་རྒྱུན་ཕྱོགས་སུ་དོར་བས། ཕུན་བུ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོས་མ་རེག་པར་མིད་ན་ཐོས་པ་འཛིན་པར་འགྱུར་རོ། །ལྔ་པ་མཱ་ཤཱའི་སྦྱོར་བ་ནི། མོན་སྲན་དཀར་པོ། ལེགས་པར་སྨིན་ཞིང་མ་རུལ་ལ་སྲིན་བུ་སོགས་ཀྱིས་མ་ཟོས་པ། མེས་མ་ཚིག་ཅིང་སྣུམ་གྱིས་མ་གོས་པ། མང་ཉུང་སྔགས་ཀྱི་སྒྲ་ཟུར་ལ་མི་གནོད་ཙམ་ཇི་ལྟར་རིགས་པ། འཛོམས་ན་དཀར་མངར་གྱི་བདུད་རྩི་ལྔས་བྲན་པར་ཡང་བཤད་ལ་མ་འཛོམས་ཀྱང་སྐྱོན་མེད། གང་ལྟར་ཡང་བ་དམར་མོའམ་ར་དཀར་མོའི་འོ་མར་ཞག་བདུན་སྦང་བ་དར་དཀར་གྱིས་དྲིལ་ལ། ཟླ་བ་དང་ཉི་མ་གཟས་ཟིན་པའི་ཚེ། རྟེན་གྱི་མདུན་དུ་མཆོད་པ་བཤམས། སྒྲུབ་གྲོགས་ལ་ཉི་ཟླར་ལྟར་བཅུག་ལ་རང་མི་ལྟ་བར། མ་གྲོལ་བར་དུ་རང་ཉིད་བྲིས་སྐུ་ཡོད་ན་ཤར་དུ་བཀྲམ་པའི་དྲུང་དུ་ཁ་ཤར་དུ་ཕྱོགས་པས་སྟན་བདེ་བ་ལ་འདུགབྲིས་སྐུ་མེད་ན་ཉི་ཟླ་གང་ཡིན་ལ་རྒྱབ་གཏད། སྐྱབས་འགྲོ་ནས་བརྩམས་ཏེ་སྒྲུབ་ཐབས་ལྟར་ཉམས་སུ་བླང་། མཆོད་བསྟོད་མཎྜལ་འབུལ། གྲོགས་ཀྱིས་གཟས་བཟུང་ངོ་ཟེར་མ་ཐགསྔར་གྱི་སྲན་མ་ལྕེ་འོག་ཏུ་བཅུག་སྟེ། ཟླ་ཉི་ལ་མི་ལྟ་བར་རྩེ་གཅིག་ཏུ་སྒོམ་བཟླས་ལ་འབད་ན་ནུས་པ་ཅན་ལ་སྲན་མ་ལ་མྱུ་གུ་སྐྱེ་བར་འགྱུར་རོ། །གང་ལྟར་ཡང་གྲོགས་ཀྱིས་གཟའ་ལས་གྲོལ་ལོ་ཟེར་བ་ནས་བཏོན་ཏེ། གོས་བཀྲོལ་ལ་སྲན་མ་མྱུ་གུ་དང་བཅས་པ་བ་དམར་མོའི་འོ་མའམ། ར་དཀར་མོའི་འོ་མའམ། མ་རྙེད་ན་ཆུ་གཙང་མ་ཁྱོར་གང་གིས་ཕུལ་ཏེ་སོས་མ་རེག་པར་ཁྱུར་མིད་བྱས་པས་ཤེས་རབ་འཕེལ། ཚེ་རིང་བ། སྐྲ་དཀར་དང་གཉེར་མ་མེད་པ་སོགས་ཕན་ཡོན་མང་ངོ་། །ལན་གཅིག་ལ་མ་བྱུང་ཡང་ཡང་ཡང་བསྐྱར་བས་འབྱུང་ཞིང་། མྱུ་གུ་མ་སྐྱེས་ཀྱང་ཕྱེ་མར་བཏགས་པ་མི་མ་ཡིན་ལ་སོགས་པས་ཟིན་པའི་མགོར་སྔགས་བཟླ་ཞིང་བཏབ་ན་གྲོལ་བར་འགྱུར་རོ། །དྲུག་པ་བཅུད་ལེན་ནི། ཀ་ར་དང་བཅས་པའི་འོ་མའི་འབྲས་ཐུག་གམ། ཀ་ར་དང་ཞོ་བསྲེས་པའི་འབྲས་ཆན་གྱི་སྣོད་ལག་པ་གཡོན་པར་བཞག་ལ། གཡས་པས་བཀབ་སྟེ། གཟའ་འཛིན་གྱི་དུས་སུ་སྔར་བཞིན་སྒོམ་བཟླས་ལ་བརྩོན་པར་བྱས་པས། རླངས་པ་དང་། དུ་བ་དང་། འོད་འབྱུང་བ་མ་ཟེགས་པར་ཟོས་པས་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །ཡང་དུར་ཁྲོད་དུ་མི་མགོ་གསུམ་ལས་སྒྱེད་པུ་བྱ། དེ་སྟེང་དུ་སྐྱེས་པའི་ཐོད་པར་ཚིལ་ཆེན་དང་རོ་རས་ལ་མེ་སྦར། བུད་མེད་ཀྱི་ཐོད་པས་བཅད་དེ་དུད་པ་བླངས་ལ་སྣག་ཚ་བཞིན་སྦྱར་ཞིང་། གསང་སྔགས་བཟླ་དེས་མིག་ལ་བྱུགས་ན་འཇིག་རྟེན་གསུམ་མཐོང་བར་འགྱུར་ཞིང་དཔྲལ་བར་ཐིག་ལེ་བྱས་ན་བདག་སུས་ཀྱང་མི་མཐོང་ལ། རྐང་པ་ལ་བྱུགས་ན་རྐང་མགྱོགས་འགྲུབ་ཅིང་། རྫས་དེ་གང་ལ་རེག་པའི་སྐྱེ་བོ་དེ་དག་བདག་གི་དབང་དུ་འགྱུར་རོ། །ཡང་དེང་སང་བོད་དུ་ལག་ལེན་བྱེད་པའི་སྔོ་རྟགས་དུ་སོགས་ཀྱི་བཅུད་ལེན་ཀྱི་རིགས་རྣམས། རང་གཞུང་ལྟར་སྨན་སྦྱོར་ཚུལ་བཞིན་བྱས་པའི་རིལ་བུ་དེ་རྫ་གསར་པར་བླུགས་ཏེ་ལག་གཡོན་དུ་བཞག་ནས། གཡས་པས་བཀབ་ཅིང་སྔ་མ་བཞིན་དུ་བཟླས་པས་འོད་དང་དུ་བ་དང་རླངས་པ་འབྱུང་བར་འགྱུར་ཏེ། མིག་ལ་བྱུགས་པ་དང་ཁོང་དུ་མིད་པས་ལྐོག་གྱུར་མཐོང་བ་དང་། རྒ་ནད་གྲོལ་བ་དང་། ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར་རོ། །བདུན་པ་སྦྱིན་སྲེག་ནི། རྒྱས་པའི་ཐབ་སེར་པོ་སྟེགས་བུ་གྲུ་བཞི་པ། ལོགས་རེར་ཁྲུ་བཞི་བཞི་ཡོད་པ། དཔངས་སུ་ཁྲུ་གང་བ། ཡང་ན་བྲིས་ཐབ་བྱས་ཀྱང་རུང་། མུ་རན་སོར་བརྒྱད་པ་ལ་རིན་པོ་ཆེའི་ཕྲེང་བས་བརྒྱན་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་རིན་པོ་ཆེ་རེ་རེས་མཚན་པ། ཐབ་ཀྱི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེས་མཚན་པ། ཕྱི་ནང་ཀུན་ཏུ་དྲི་སེར་པོ་དང་། བ་ལང་གི་ལྕི་བས་བྱུགས། འོ་མ་ཅན་གྱི་ཤིང་གི་བུད་ཤིང་བརྩིགས། ཡམ་ཤིང་འོ་མ་ཅན་གྱི་ཤིང་དབུས་ཀྱི་ཆ་སྲིད་དུ་ཁྲུ་གང་། སྦོམ་ཕྲ་མཐེའུ་ཆུང་གི་ཚད་ཙམ་དང་། སྲེག་རྫས་གཞན་རྣམས་འདྲ་ལ། ཁྱད་པར་དུ་མེ་ཏོག་པདྨ་འབུམ་ཕྲག་ལྷག་བཅས་བཞགཔདྨ་དངོས་ཀོང་པོར་སྐྱེ་བར་བཤད། ཉའི་སྔ་དྲོ་ནས་བརྩམས་ཏེ་སྒྲུབ་པ་པོ་ཁ་བྱང་དུ་ཕྱོགས། བཟང་པོའི་འདུག་སྟངས་དང་དགའ་བའི་ཡིད་ཀྱིས་བྱ། ཆོ་ག་གཞན་རྣམས་སྤྱི་ལྟར་ལ། མེ་ལྷ་སྐུ་མདོག་སེར་པོ་དང་། བཅོམ་ལྡན་འདས་ཀྱི་སྐུ་མདོག་ཀྱང་དཀར་ལ་སེར་བའི་མདངས་ཆགས་པར་བསྒོམ། གཙོ་བོའི་སྔགས་རེ་དང་སྦྲེལ་བའི་པདྨའི་སྦྱིན་སྲེག་འབུམ་རྫོགས་པ་ན་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཡང་ཆོ་ག་གཞན་སྔར་བཞིན་ལས། རྫས་ཀྱི་གཙོ་བོ་བིལ་བའི་འབྲས་བུ་སྐྱོན་མེད་པ་ལ་བྱ་སྟེ། རྫས་འབུམ་རྫོགས་པ་ན་གང་འདོད་པའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཡང་ཁྱད་པར་ཀྱི་རྫས་དྲི་ཞིམ་པོའི་མེ་ཏོག་དཀར་པོའི་སྦྱིན་སྲེག་འབུམ་རྫོགས་པ་ན། ཁྱད་པར་དུ་འཕགས་པའི་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་གནོད་སྦྱིན་མོ་དང་། ཀླུའི་བུ་མོ་སོགས་གང་འདོད་འགུགས་པར་གསུངས་སོ། །བརྒྱད་པ་ངག་འགྲོལ་བ་ནི། གྲིབ་དང་བྱད་ཕུར་སོགས་ཀྱི་གནོད་པས་ངག་ལ་དིག་ལྐུགས་སྨྲ་མི་བདེ་བ་སོགས་བྱུང་ན་རང་འཇམ་དཀར་དུ་གསལ་བའི་ལྕེའི་སྟེང་དུ་ཉེས་པའི་ངོ་བོ་ཡི་གེ་ཀཾ་ནག་པོ། མགྲིན་པའི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་རཾ་དམར་པོ། སྙིང་ཁར་འཁོར་ལོ་རྩིབས་དྲུག་གི་ལྟེ་བར་ཡཾ་སྔོ་སྐྱ་གསལ་བའི་འཁོར་ལོ་གཡས་དང་ཡཾ་གཡོན་དུ་འཁོར་བའི་ཡཾ་ལས་རླུང་གཡོས་མགྲིན་པའི་རཾ་ལ་ཕོག་པས་ཡེ་ཤེས་ཀྱི་མེ་འབར་བས་ལྕེ་སྟེང་གི་ཀཾ་ཐུལ་གྱིས་བསྲེགས། ངག་གི་ཉེས་སྐྱོན་ཐམས་ཅད་དག་ནས་ཀཾ་གྱི་ཤུལ་དེར་ཡི་གེ་ཨ་དཀར་པོ་གཅིག་བསམ། ངག་ཏུ་བཟླ། ངག་གིས་མི་ནུས་ན་ཡིད་ཀྱིས་བཟླ། དེ་ལྟར་ཡང་ཡང་བྱས་པས་ངག་གི་ཉེས་པ་ལས་གྲོལ་ནས་ངག་ཚངས་པའི་དབྱངས་སམ་མིའམ་ཅིའི་བུ་མོའི་མགྲིན་པ་ལྟར་འགྱུར་རོ། །དགུ་པ་རྟེན་འབྲེལ་སྙིང་པོས་ཇག་རྐུན་འཆིང་བ་ནི། རས་སམ་བལ་དཀར་པོའི་སྲད་བུ་འདོམ་གང་བ་ལ་མདུད་པ་བཅུ་གཉིས་བྱས་ལ། རང་འཇམ་དཀར་དུ་གསལ་བའི་ཐུགས་ཀར་ཟླ་བའི་དབུས་སུ་ཡི་གེ་དྷཱིཿལ་རྟེན་འབྲེལ་སྙིང་པོས་བསྐོར་བར་བསྒོམས་ལ་རྟེན་འབྲེལ་སྙིང་པོ་འབུམ་ཕྲག་བཟླས་ལ་སྲད་བུ་ལ་ཕུ་བཏབ་སུས་ཀྱང་མི་མཐོང་བར་བྱ། ནམ་ཞིག་ལས་ལ་སྦྱོར་ཚེ་རྒྱ་ཤོག་ལ་དུག་ཁྲག་གིས་ལིངྒ་ཁོག་པར་མིང་རུས་བྲི། མིང་རུས་མ་ཤེས་ན་ཡུལ་ཆེ་གེ་མོའི་ཆོམ་རྐུན་ཇག་པ་ཁུག་ཆིངས་སོགས་བྲི། རཱུ་པའི་མཐའ་མ་རིག་པའི་མུན་པའི་སྨག་རུམ་དུ་ཕོབ་ཅིགསོགས་རྟེན་འབྲེལ་བཅུ་གཉིས་ཀྱི་དམོད་པ་སྦྱར་བས་བསྐོར་དགུག་འདྲེན་བྱ། རཱུ་པ་ལྟེ་བ་ལ་གོང་གི་སྲད་བུས་བཅིངས་པས་ཇག་པ་རྣམས་རྟེན་འབྲེལ་སྙིང་པོའི་གུར་དུ་བཅིངས་པར་བསམས་ལ་རང་ལུས་ལ་བཅང་། འཇིགས་པ་གྲོལ་ནས་སྲད་བུ་སྔར་བཞིན་མི་མཐོང་བར་སྦ། རཱུ་པ་དྲི་བཟང་གི་ཆུས་བཀྲུས་ལ་རྗེས་མི་མངོན་པར་བྱའོ། །བཅུ་པ་རེའུ་མིག་ཞེ་དགུས་རིགས་སྔགས་བཟློག་པ་ནི། མཐིང་ཤོག་མཐོ་གང་ལ་གསེར་གྱིས་དཔེའུ་རིས་ལྟར་བྲིས་ལ་གཞི་མ་དཀར་པོའི་སྟེང་དུ་བཞགརང་འཇམ་དཀར་དུ་གསལ་བས་རེའུ་མིག་དེ་དག་རེ་རེ་གཞལ་ཡས་ཁང་རེ་རེར་གྱུར་པའི་དབུས་སུ་ཡིག་འབྲུ་རེ་རེ་ཞིང་འཇམ་དཀར་རེ་རེར་གྱུར་བར་བསམ། ཡེ་ཤེས་པ་སྤྱན་དྲངས་བསྟིམ། དབང་ལྷས་དབང་བསྐུར། རིགས་བདག་གི་རྒྱས་གདབ་པ་སོགས་སྔར་ལྟར་བྱས་ལ། ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ༀ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝཱ་གི་ཤྭ་ར་མ་ཧཱ་ཝཱ་ཙ། སརྦ་ངྷརྨཱ་ཱག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷཿངྷརྨཱ་ངྷ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་ཁྲི་ཕྲག་གཅིག་བཟླས་ལ་མཐར་རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱ། ལྷ་འོད་དུ་ཞུ་ནས་ཡིག་འབྲུར་གྱུར་པར་བསམ། དར་སྣ་ཚོགས་ཀྱིས་དཀྲིས་ལ་སྔགས་པ་དམ་ཉམས་ཀྱིས་མ་རེག་པར་བྱས་ལ་རང་ལུས་སུ་བཅངས་པས་ཕ་རོལ་མི་དང་མི་མིན་གྱིས་རྦོད་གཏོང་ཐམས་ཅད་ཀྱིས་མི་ཚུགས་ཤིང་ཕར་ལ་འཇོམས་པའི་ནུས་པ་དང་ལྡན་པར་འགྱུར་རོ། །བཅུ་གཅིག་པ་དབང་དུ་བྱ་བ་ལ་གཉིས་ཀྱི་ཨཱ་དིས་དབང་དུ་བྱ་བ་ནི། རང་འཇམ་དཀར་དུ་གསལ་བའི་སྤྱི་བོར་ཨ་ཨཱ། མིག་གཉིས་ལ་ཨི་ཨཱི། སྣ་ལ་ཨུ་ཨཱུ། ལྕེ་ལ་རྀ་རཱྀ། རྣ་བ་གཉིས་ལ་ལྀ་ལཱྀ། སྙིང་ལ་ཨེ་ཨཻ། ལག་པ་གཉིས་ལ་ཨོ་ཨཽ། རྡོ་རྗེའི་རྩེ་མོར་ཨཾ། འོག་སྒོར་ཨཱཿརྣམས་གསལ་བས་དབྱངས་ཡིག་རྣམས་ཁྲི་ཕྲག་གསུམ་བཟླ། དེ་ཐེམ་ནས་གང་དབང་དུ་བསྡུ་བ་དེ་མདུན་དུ་དམིགས་ལ། རང་གི་གནས་སོ་སོའི་ཡིག་འབྲུ་རྣམས་ལས་ཡིག་འབྲུ་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས། ཁོའི་གནས་སོ་སོ་ནས་བཟུང་། ཁོའི་ཚེ་བསོད་དཔལ་འབྱོར་བཀྲག་མདངས་སྟོབས་རྫུ་འཕྲུལ་ལུས་ངག་ཡིད་གསུམ་རང་དབང་མེད་པར་བཀུག་ནས་རང་ལ་ཐིམ་པས་རང་ཉིད་ཕུན་སུམ་ཚོགས་པར་དར་ཞིང་རྒྱས་ཁོ་རང་དབང་མེད་པར་དབང་དུ་འདུས་པར་བསམ་པས། ཨཱ་དིའི་མཐར་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཡེ་ཨཾ་གུ་ཤ་ཛཿཧྲིཾ་ཧྲིཾ། ཞེས་སྟོང་ཡན་ཆད་བཟླས། ཚུལ་དེ་ལྟར་ཟླ་བ་ཉ་ལ་བབ་པའི་ཚེ་ཡང་ཡང་བྱས་པས་དབང་དུ་འདུ་བར་ངེས་སོ། །དབང་དུ་གྱུར་ནས་འདོད་དོན་གྲུབ་མ་ཐག་གནས་སུ་བསྐྱལ་ཏེ་ཆོས་ཀྱིས་ཕན་གདགས་པར་བྱའོ། །རྫས་ཀྱིས་དབང་དུ་བྱེད་ན། པྲི་ཡངྐུའི་མེ་ཏོག་ཆ་གཅིག་དང་། སིཧླ་ཆ་གཅིག་དང་། རུ་རྟ་ཆ་ཕྱེད་དང་། ནཱ་ག་གེ་སར་ཆ་ཕྱེད་དང་གཉིས་ཀྱི་ཕྱེ་མ་རྣམས་བྱུག་རྫས་དང་། ལ་ཝརྞ་ཁོ་ཌཱི་དང་། ནཱ་གཾ་དང་། ཙན་དན་དམར་པོ་དང་། ག་བུར་དང་། ཨ་ག་རུ་རྣམས་ཆ་མཉམ་པར་སྦྱར་བའི་བདུག་སྤོས་རྣམས། གཟའ་འཛིན་གྱི་དུས་སུ་སྔར་བཞིན་བསྒྲུབས་ཏེ། གང་དབང་དུ་བྱ་བར་འདོད་པ་དེ་ལ་བྱུག་རྫས་ཀྱིས་ལུས་ལ་བྱུགས་ཤིང་བདུག་སྤོས་ཀྱི་དྲི་ཚོར་བར་བྱས་ཙམ་གྱིས་དབང་དུ་འགྱུར་རོ། །བཅུ་གཉིས་པ་ཀཱ་དིས་ཚེ་བསྲིང་བ་ནི། མཎྜལ་དྲི་བཟང་གིས་བྱུགས་པའི་དབུས་སུ་པདྨ་སྔགས་བཅས་དཔེའུ་རིས་ལྟར་རེ་ཁ་དཀར་པོ་བྲིས་པའི་ལྟེ་བར་བུམ་པའི་ནང་དུ་བ་དང་འབྲི་ཡི་འོ་མར་ལྔ་ཚན་ལྔའི་རྫས་བཏབ་པ་རྒྱུན་འབབས་ཀྱི་ཆུས་བཀང་བ་ཁ་རྒྱན་འབྲས་བུ་ཅན་དང་དར་དཀར་པོའི་བུམ་དཀྲིས་བྱ། མཆོད་གཏོར་བཤམས། རང་འཇམ་དཀར་དུ་བསྒོམ་ཞིང་། བུམ་པའི་ནང་དུའང་དེ་བཞིན་གསལ་བཏབ་ལ་མཆོད་བསྟོད་བྱ། བུམ་ལྷའི་ཐུགས་ཀར་ཟླ་བའི་དབུས་སུ་དྷཱིཿཡིག་གི་མཐར་ཀཱ་དིས་བསྐོར་བ་ལས་འོད་འཕྲོས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་པ་བུམ་པའི་ལྷ་ལ་བསྟིམ། དེའི་ཐུགས་ཀ་ནས་བདུད་རྩི་བབས། བུམ་པ་གང་ཞིག་ལུད་པ་རང་གི་སྤྱི་བོར་བབས། ལུས་ཐམས་ཅད་གང་། འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བསམས་ལ། ཀཱ་དི་ཁྲི་ཕྲག་གསུམ་ཡན་ཆད་ཅི་འགྲུབབཟླ། ཐུན་བར་མཆོད་བསྟོད་གཏོར་མ་འབུལ། མཐར་ལྷ་དེ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་བསམས་ལ་བུམ་ཆུ་བཏུང་ཞིང་ཁྲུས་བྱས་པས་ཚེ་ཡི་བར་ཆད་ཐམས་ཅད་ངེས་པར་ཞི་བར་འགྱུར་རོ། །རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲའོ། །བཅུ་གསུམ་པ་གཞུང་ལུགས་འཆད་པ་ན། མགྲིན་པ་དུང་དཀར་པོ་གཡས་སུ་འཁྱིལ་བར་གྱུར་པའི་ནང་ཐམས་ཅད་ཨཱ་ལི་ཀཱ་ལིས་གང་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སངས་རྒྱས་བྱང་སེམས་རྣམས་ཀྱི་གསུང་གི་ཡེ་ཤེས་རྣམས་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་ཏེ། མགྲིན་པའི་ཨཱ་ལི་ཀཱ་ལི་ལ་ཐིམ་པས། དེ་ལས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་པ་ལྷང་ལྷང་འབྱུང་བར་བསམས་ལ་འཆད་པ་ལ་འཇུག་པས། གཞུང་གང་འཆད་ཀྱང་ཐོགས་པ་མེད་པ་དང་། གདུལ་བྱ་ལ་ཕན་ཐོགས་པར་འགྱུར་རོ། །བཅུ་བཞི་པ་གཞན་དང་རྩོད་པ་བྱེད་ན། རང་གི་ལག་གཡས་པའི་མཐེ་བོང་ངམ་ཡང་ན་ལྕེ་ཤེས་རབ་ཀྱི་རལ་གྲི་སྔོན་པོ་མེ་འབར་བར་གྱུར་པའི་རྩ་བར་ཤེས་རབ་ཀྱི་ངོ་བོ་ཨ་ཡིག་དཀར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། ཕས་རྒོལ་གྱི་བློ་གྲོས་དང་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་རང་གི་སྙིང་གར་ཐིམ་པས་སྔགས་ཀྱི་འཁོར་ལོ་གཟི་བརྗིད་ལྡན་པར་གྱུར་སླར་ཡང་རལ་གྲི་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་ཕས་རྒོལ་གྱི་ལྕེ་ཉལ་ཉལ་དུ་གཏུབ་ཅིང་ལྷག་མ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམས་ལ་རྩོད་པས་རང་མི་རྒྱལ་མི་སྲིད་དོ། །བཅོ་ལྔ་པ་བསྟན་བཅོས་རྩོམ་པ་ན། བདག་ཉིད་འཇམ་དཔལ་དུ་གསལ་བའི་ཐུགས་དཔལ་གྱི་བེའུ་གསེར་ཞུན་མའི་མདོག་ཅན་དུ་གྱུར་པའི་དབུས་ཀྱི་ཁོང་སེང་དུ་ཨ་ཡིག་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། སོ་སོ་སྐྱེ་བོ་ཤེས་རབ་དང་བསོད་ནམས་ཅན་ཐམས་ཅད་ཀྱི་ཤེས་རབ་དང་ཡོན་ཏན། ནོར་བུ་དང་། སྨན་དང་། སྔགས་ལ་སོགས་པ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་བསམས་ལ། རིགས་སྔགས་ཀྱི་རྒྱལ་པོ་བཟླ་བཞིན་དུ་རྩོམ་ན་ཚིག་དོན་ཕུན་སུམ་ཚོགས་པས་མཁས་པ་རྣམས་ཡིད་འཕྲོག་པར་འགྱུར་རོ། །གཞན་ཡང་། གྲི་ལྕགས་ལ་རྒྱལ་གྱི་ཉིན་པར་རལ་གྲི་སོར་བཅུ་གཉིས་པ་བྱས་ཏེ་ལག་པར་བཟུང་ནས་སྔགས་བཟླས་ན་རལ་གྲིའི་རིག་འཛིན་དང་མཁའ་ལ་འགྲོ་བར་འགྱུར་རོ། །གི་ཝཾ། ལྡོང་རོས། གུརྒུམ། ཙན་དན་དམར་པོ་རྣམས་སྦྱར་བའི་རིལ་བུ་གསེར་དངུལ་ཟངས་གསུམ་གྱིས་དཀྲིས་པ་གཟའ་འཛིན་གྱི་དུས་སུ་བསྒྲུབས་ནས་དཔྲལ་བར་ཐིག་ལེ་བྱས་པས་སུས་ཀྱང་མི་མཐོང་བའི་མི་སྣང་བ་འགྲུབ་བོ། །ཤིང་ཤལ་མཱ་ལིའི་ཁུ་བ་དང་། གོ་རོ་ཙ་ན་སྦྱར་བའི་ཁུ་བ་གཟའ་འཛིན་གྱི་དུས་སུ་བསྒྲུབས་ནས་རྐང་པ་ལ་བསྐུས་ན་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་བོ། །ཉི་ཟླ་གཟས་བཟུང་བའི་དུས་སུ། ཁབ་ལེན་གྱི་ལྕགས་གཉིས་གང་རུང་ལས་བྱས་པའི་རལ་གྲི་ལག་གཡོན་པར་བཟུང་ནས་ཇི་སྲིད་དུ་བ་དང་མེ་འོད་མ་བྱུང་གི་བར་དུ་སྔགས་བཟླས་ན། དེ་ཉིད་ཐོགས་པ་ཙམ་གྱིས་ནམ་མཁའ་ལ་གང་འདོད་དུ་འགྲོ་བར་འགྱུར་རོ། །གསེར་སོགས་ལས་བྱས་པའི་འཁོར་ལོ། ནཱ་ག་གེ་སར་གྱི་ཤིང་ལས་བྱས་པའི་རྡོ་རྗེ། བྱང་ཆུབ་ཀྱི་ཤིང་ལས་བྱས་པའི་རྩེ་གསུམ། སྨྱུག་མ་ལས་བྱས་པའི་མདའ། བུར་ཤིང་སོགས་ལས་བྱས་པའི་ཐོ་བ། གསེར་དངུལ་ཟངས་ལྕགས་རག་གཤའ་ཞ་ཉེ་འཁར་བ་སྟེ་ལྕགས་བརྒྱད་གང་རུང་ལས་བྱས་པའི་ཞགས་པ། ལྕགས་ཀྱུ། ཆུ་གྲི། རལ་གྲི་སྒུར་པོ། འཕོང་མདུང་། བེ་ཅོན། མདུང་། མདའ་བོ་ཆེ། ཤཀྟི། གཏུན་ཤིང་། དབྱུག་པ། ནོར་བུ། རྨ་བྱའི་མཇུག་སྒྲོ། སྡེར་སྣོད། གདུགས། རྔ་ཡབ། རྒྱལ་མཚན། བ་དན། པདྨ། ཨུཏྤལ། ཏཱ་ལི་འདབ་མ། དགྲ་སྟྭ་རྣམས་གང་རུང་གཟའ་འཛིན་གྱི་དུས་སུ་རྟགས་མ་བྱུང་བར་སྒྲུབ་པས་རེ་རེས་ཀྱང་མཁའ་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་གསུངས་སོ། །མཐར་ཐུག་གི་ལས་སྦྱོར་ནི། བསྙེན་སྒྲུབ་སོགས་ཀྱི་མཚན་མ་རྙེད་ནས་ཀྱང་དུས་ཀུན་ཏུ་བླ་མ་དང་འཇམ་དཔལ་དབྱེར་མེད་པ་བསྙེན་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས་ཡི་དམ་གྱི་ལྷས་ཡང་ཡང་བྱིན་གྱིས་བརླབས་པས་རིག་པ་འཛིན་པའི་ལུས་ཐོབ་ཅིང་། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པས་ས་བཅུ་དང་ལམ་ལྔ་སོགས་རིམ་གྱིས་རྫོགས་ནས་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་ཏེ། སྐུ་དང་། ཡེ་ཤེས་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པ་ནི་ངེས་པའོ། །སླར་སྨྲས་པ། འཇམ་དཔལ་ཞེས་པའི་མཚན་གྱི་རིན་ཆེན་ཡང་། །བསྐལ་མང་བསོད་ནམས་ཟོང་གིས་ཁུག་མིན་ན། །འདི་འདྲའི་གདམས་ཟབ་སྙིང་གི་བུམ་པ་རུ། །བསྐྱིལ་རྣམས་ཨེ་མ་སྐལ་བ་ཅིས་མི་བཟད། །རྨད་བྱུང་འཁོར་ལོ་བཞི་ཡི་ཡལ་འདབ་རྩེར། །ཕུལ་བྱུང་སྡེ་བཞིའི་འབྲས་བཟང་སྨིན་འདོད་ལ། །གདམས་ཟབ་བདུད་རྩིའི་དགའ་སྟོན་འདི་འདྲ་བ། །སྟོང་གསུམ་བདོག་དགུ་སྤུངས་ཀྱང་མཚོན་ནུས་ཅི། །རྒྱུད་སྡེའི་དགོངས་བཅུད་ཡིན་གྱི་ཁུངས་མེད་མིན། །ཚད་ལྡན་གཞུང་ནས་ཡིན་གྱི་རང་བཟོས་མིན། །བརྒྱུད་པའི་མན་ངག་ཡིན་གྱི་འབྲེལ་མེད་མིན། །ཕན་སེམས་བསམ་པས་ཡིན་གྱི་གྲགས་འདོད་མིན། །དེ་སླད་གཞུང་བཟང་འོ་མའི་ཆུ་གཏེར་ཆེར། །འཁྲུལ་རྟོག་རྙོག་མས་བསླད་པ་མེད་སྙམ་ཡང་། །གལ་ཏེ་བདག་བློ་དམན་པས་གོས་སྲིད་ན། །མཁས་གྲུབ་ཀེ་ཏ་ཀ་ཡིས་བགྲུང་བར་འོས། །རབ་དགེ་དྲི་མེད་ཤིན་ཏུ་བསིལ་གྱུར་སྐལ་ལྡན་ཤིང་རྟའི་རྒྱུན་བཟང་མཆོག །དུས་གསུམ་གཤེགས་པའི་མི་མཆོག་སྲས་བཅས་གང་ལས་བཞུད་པའི་རྒྱུན་ཕྱོགས་སུ། །ལེགས་གཞོལ་བྱང་ཆེན་མཆོག་གི་རྒྱ་མཚོར་འཇམ་མགོན་ཀླུ་ཡི་དབང་པོ་ཡི། །གསང་མཛོད་མཆོག་དང་མཉམ་པ་ཉིད་བྱས་འགྲོ་ཀུན་ངལ་འཚོའི་གཞིར་གྱུར་ཅིག །ཅེས་པའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རིགས་སྔགས་ལ་གུས་པ་ལྷུར་ལེན་པའི་ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས། རང་གཞན་ལ་སྨན་པའི་བློས་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་རབ་ཀྱི་བཅུད་བསྡུས་ཏེ། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོར་རྟོགས་པའི་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །།


previousའཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ།next