Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད།next

བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད།

༄༅། །བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་བཞུགས། ན་མོ་གུ་རུ། ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཞིང་མཆོག་བགྲོད་པར་འདོད་པ་རྣམས་ཀྱིས་འདི་ལྟར་བསྒོམ་པར་བྱ་སྟེ། ཨཱཿའཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །འོད་གསལ་རང་མདངས་བདེ་བ་ཅན་གྱི་ཞིང་། །ངོ་མཚར་བཀོད་པ་བསམ་འདས་གཞལ་མེད་དབུས། །རང་ཉིད་གཞི་ལུས་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན། །སྤྱི་བོར་རྨ་བྱས་བཏེགས་པའི་ཁྲི་རྐང་དང་། །པད་ཟླའི་གདན་སྟེང་རྩ་བའི་བླ་མ་མཆོག །འོད་མཚན་དཔག་མེད་བྱེ་རུའི་ལྷུན་པོ་ལ། །ཉི་འབུམ་གཟིས་འཁྱུད་མཚན་དཔེའི་གཟི་བརྗིད་འབར། །སྤྲུལ་སྐུའི་ཆ་ལུགས་མཉམ་བཞག་ལྷུང་བཟེད་འཛིན། །འཁོར་དུ་སེམས་དཔའ་གཉིས་དང་སངས་རྒྱས་སྟོང་། །པདྨ་འབྱུང་གནས་རྩ་བརྒྱུད་བླ་མའི་ཚོགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོ་སྤྲིན་བཞིན་འཐིབ། །དྲན་པ་ཙམ་གྱིས་ངན་འགྲོའི་སྒོ་འགེགས་པའི། །བྱིན་རླབས་ཡེ་ཤེས་མཚུངས་པ་མེད་པར་གསལ། །སྐྱབས་མཆོག་རྣམས་ལ་གུས་པས་སྐྱབས་མཆི་ཞིང་། །མ་གྱུར་འགྲོ་ཀུན་སྲིད་ལས་བསྒྲལ་བའི་ཕྱིར། །བྱམས་དང་སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །གཞན་དོན་བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ། །བདག་གཞན་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོད་བཤགས་བསྡམས། །ཡི་རང་བསྐུལ་ཞིང་མྱ་ངན་མི་འདར་གསོལ། །དགེ་ཚོགས་འགྲོ་ཀུན་ཞིང་མཆོག་བགྲོད་ཕྱིར་བསྔོ། །མ་ལུས་སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །མཚན་ཐོས་ཙམ་གྱིས་འཁོར་མཚོ་དོང་སྤྲུགས་པའི། །ཁྱབ་བདག་བླ་མ་འོད་དཔག་མེད་མགོན་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གཞན་འདི་ནས་ཉིང་མཚམས་སྦྱོར་མ་ཐག །མ་དག་འཁྲུལ་བའི་སྣང་བ་མི་འབྱུང་ཞིང་། །ཡེ་ཤེས་གསལ་བའི་སྣང་བས་མདུན་བསུས་ནས། །རྣམ་དག་བདེ་བ་ཅན་དུ་སྐྱེ་བར་ཤོག །འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། གཙོ་བོའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །རང་གི་སྤྱི་བོ་ཚངས་པའི་བུ་ག་ནས། །ཉེར་ཞུགས་སྡིག་ལྟུང་ཉམས་ཆག་ཉེས་ཚོགས་སྦྱངས། །འཁོར་ལོ་བཞི་གང་དབང་བཞིའི་ཡེ་ཤེས་བསྐྱེད། །ལམ་བཞི་མངོན་གྱུར་སྐུ་བཞི་གསོས་ཐེབས་བསམ། །མཐར་ནི་རང་སེམས་སྐར་མདའ་འཕང་བ་ལྟར། །སྤྱི་བོ་ནས་ཐོན་བླ་མའི་ཐུགས་ཀར་ཐིམ། །དབྱིངས་རིག་དབྱེར་མེད་ཟུང་འཇུག་འཕོ་བ་ཆེ། །མ་བཅོས་རྫོགས་པ་ཆེན་པོའི་ཀློང་དུ་ཨ། །རྗེས་ཐོབ་ཅིར་སྣང་ཕྱི་སྣོད་དག་པའི་ཞིང་། །ནང་བཅུད་སེམས་ཅན་འགྲོ་འདུལ་འཕགས་པའི་སྐུ། །སྒྲ་གྲགས་གསང་སྔགས་དྲན་རྟོག་ཆོས་སྐུའི་ཀློང་། །རྡོ་རྗེ་གསུམ་གྱི་ལམ་ཁྱེར་ཨེ་མ་ཧོ། །ཞེས་བརྗོད་ཅིང་བསམས་ལ། བཟང་སྤྱོད་དང་བདེ་སྨོན་རྒྱས་བསྡུས་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རྒྱལ་རོང་གནམ་མཚོ་བླ་མ་བསྟན་འཕེལ་ལགས་ཀྱི་བཞེད་སྐོང་དུ་རིགས་འདུས་པདྨའི་མྱུ་གུ་རྩལ་གྱིས་གང་ཤར་སྨྲས་པ་འབྲེལ་བཅས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིགམངྒལཾ། ༈ ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །བཀོད་པ་ཁྱད་འཕགས་ངོ་མཚར་མཆོད་སྤྲིན་དབུས། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །མཚན་དཔེའི་དཔལ་འབར་མཆོག་གི་སྤྲུལ་སྐུའི་ཚུལ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་པ་ཡི། །མཐའ་བསྐོར་སེམས་དཔའ་གཉིས་སོགས་གྲངས་མེད་འཁོར། །རྟེན་དང་བརྟེན་པའི་བཀོད་པ་འབྱམས་ཀླས་ཕུལ། །དང་བའི་ཡིད་མཁར་ཡང་ཡང་བཀོད་བྱས་ནས། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་འབུལ། །ཚེ་རབས་བྱས་བསགས་སྡིག་ལྟུང་འགྱོད་བཤགས་སྡོམ། །འཁོར་འདས་ལམ་གྱི་དགེ་རྩར་རྗེས་ཡི་རང་། །ཐེག་གསུམ་ཆོས་འཁོར་རྟག་པར་བསྐོར་བར་བསྐུལ། །འགྲོ་གནས་བར་དུ་གཟུགས་སྐུ་རྟག་བཞུགས་གསོལ། །དགེ་ཚོགས་འཁོར་གསུམ་ཡང་དག་ཆེན་པོར་བསྔོ། །སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་རྣམས་ཐུགས་བསྐྱེད་ལྟར། །སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད་བགྱིས་ནས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་བསླབ་འཚལ་ན། །དཔའ་ཆེན་རྣམས་ཀྱི་ཐུགས་རྗེས་བྱིན་རློབས་ལ། །སྡིག་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་བརྩོན་པ་ཆོས་ཀྱིས་འདའ་བ་དང་། །སྟོང་དང་སྙིང་རྗེ་ཟུང་འབྲེལ་བྱང་ཆུབ་སེམས། །བཅོས་མིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །བདག་དང་བདག་ལ་འབྲེལ་ཐོབ་འགྲོ་བ་ཀུན། །ཚེ་འདིར་ཚེ་རིང་བདེ་སྐྱིད་ཉམས་རྟོགས་འཕེལ། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །བླ་མ་མཆོག་དང་དབྱེར་མེད་བཅོམ་ལྡན་འདས། །འོད་སྣང་དཔག་མེད་མགོན་པོ་སྲས་དང་བཅས། །མངོན་སུམ་ལྟར་སྣང་དགྱེས་པས་མདུན་བསུས་ནས། རྣམ་དག་བདེ་བ་ཅན་དུ་སྐྱེ་བར་ཤོག །ངོ་མཚར་པདྨའི་སྟེང་ན་གཞོན་མཛེས་གཟུགས། །ལག་པའི་མཐིལ་ནས་མཆོད་ཚོགས་ཆར་བསྙིལ་ཚེ། །བསོད་ནམས་བྱེ་བའི་ཕྱག་གིས་ཉུག་མཛད་ནས། །བྱང་ཆུབ་ལུང་བསྟན་དམ་པ་ཐོབ་གྱུར་ཅིག །དེར་ནི་རྫོགས་སྨིན་སྦྱངས་པའི་ཁྱད་པར་གྱིས། །འོད་དཔག་མེད་མགོན་ཞིང་དང་སྐུ་ཚེའི་ཚད། །རྣམ་ཐར་ཡེ་ཤེས་ཚད་མེད་ཇི་འདྲ་བར། །གྱུར་ནས་སྲིད་པའི་རྒྱ་མཚོ་སྐམ་བྱེད་ཤོག །ཆོས་ཉིད་བསམ་མི་ཁྱབ་པའི་བདེན་བྱིན་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་མཐུས། །ཇི་ལྟར་གསོལ་བཏབ་སྨོན་པའི་འབྲས་བུ་ཀུན། །གེགས་མེད་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་པདྨ་བི་ཛས་སོ། །༈ ཨེ་མ་ཧོ། གདོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །ལྟ་སྒོམ་བྱ་རྩོལ་བྲལ་བའི་དབྱིངས་ཆེན་པོར། །མདུན་མཁར་ཡིད་འཕྲོག་མཆོད་སྤྲིན་གཏིབས་པའི་དབུས། །རྩ་བའི་བླ་མ་རཏྣ་ཐོད་ཕྲེང་རྩལ། །གསེར་མདོག་བརྗིད་ཆགས་མདའ་དར་གཏེར་བུམ་འཛིན། །རང་འོད་བདེ་སྟེར་རིན་ཆེན་མཁའ་འགྲོས་འཁྱུད། །སྣ་ཚོགས་དར་དང་རིན་ཆེན་བརྒྱན་གྱིས་སྤྲས། །མཐའ་བསྐོར་རྩ་གསུམ་ནོར་ལྷ་གཏེར་བདག་དང་། །དམ་ཅན་ཆོས་སྐྱོང་དཀར་ཕྱོགས་སྐྱོང་བས་བསྐོར། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་དགེ་བའི་དཔལ། །བདག་པོའི་བཟུང་དང་མ་བཟུང་ལོངས་སྤྱོད་སྤྲིན། །བློ་ཡིས་བླངས་ནས་རྩ་གསུམ་ལྷ་ལ་འབུལ། །བདག་དང་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོག །དེ་ནས་མོས་གུས་རྩེ་གཅིག་པས་གུ་རུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་ཁྱད་པར་འབྱུང་བ་དགྲར་ལང་མ་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་ཕུར་ཚུགས་སུ་གསོལ་བ་བཏབ་མཐར། གུ་རུའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། །འཁོར་གྱི་རྩ་གསུམ་ནོར་ལྷའི་ཐུགས་བརྒྱུད་བསྐུལ། །དེ་དག་ཐུགས་ལས་འོད་ལྔའི་ཟེར་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཉེས་མཆོད་ཕུལ། །རིགས་དྲུག་འགྲོ་བའི་སེར་སྣའི་སྒྲིབ་ཀུན་བསལ། །སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་དུ་གྱུར། །སླར་འཕྲོས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་། ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཚོགས། །བཀྲ་ཤིས་རྫས་རྟགས་འཇའ་ཟེར་རྣམ་པར་བསྡུས། །རང་ལ་ཐིམ་པས་འཆི་བ་མེད་པའི་ཚེ། །རྒུད་མེད་ལང་ཚོ་འཛད་མེད་ལོངས་སྤྱོད་སོགས། །ཐུན་མོངས་མཆོག་གི་དངོས་གྲུབ་མཐའ་དག་ཐོབ། །སླར་ཡང་འཁོར་རྣམས་འོད་ཞུ་གཙོ་བོར་ཐིམ། །དེ་ཡང་དགྱེས་པས་འོད་ཞུ་རང་ལ་ཐིམ། །རང་རིག་མ་བཅོས་བླ་མའི་ཐུགས་དང་གཅིག །སྤྲོས་བྲལ་འཛིན་མེད་གཉུག་མའི་ངང་ལ་བཞག །རྗེས་ཐོབ་དགེ་བ་མཐའ་ཡས་འགྲོ་ལ་བསྔོ། །ཐུན་མཚམས་ཀུན་ཏུ་ཚོགས་བསགས་ཅི་འགྲུབ་བྱ། །འདི་ཡང་བན་རྒན་དགྱེས་པའི་དགའ་སྟོན་དུ། །པདྨ་བི་ཛས་གང་དྲན་ལྷུག་པར་བྲིས། །དགེ་བས་འགྲོ་ཀུན་ཚོགས་གཉིས་མཐར་ཕྱིན་ཤོག །


previousབླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད།next