Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིད་ན་དཀར་བའི་དངོས་པོ་མ་ལུས་གཅིག་ཏུ་བསྡོམས་ལ་ཅོ་འདྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲིད་ན་དཀར་བའི་དངོས་པོ་མ་ལུས་གཅིག་ཏུ་བསྡོམས་ལ་ཅོ་འདྲི།next

སྲིད་ན་དཀར་བའི་དངོས་པོ་མ་ལུས་གཅིག་ཏུ་བསྡོམས་ལ་ཅོ་འདྲི།

༄༅། །སྲིད་ན་དཀར་བའི་དངོས་པོ་མ་ལུས་གཅིག་ཏུ་བསྡོམས་ལ་ཅོ་འདྲི་བའི། །མཚན་དཔེའི་ཡོན་ཏན་རབ་རྫོགས་ཀུན་ཏུ་བཅུ་དྲུག་གཞོན་ནུའི་ལང་ཚོ་ཅན། །བྱང་ཆུབ་ཡན་ལག་བདུན་ལྡན་གཟིགས་པ་རབ་ཡངས་མཆོག་སྦྱིན་ཨུཏྤལ་བསྣམས། །ཚེ་སྦྱིན་འཕགས་མ་ལྷག་པའི་ལྷ་ལ་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །གང་མཚན་རབ་གསལ་ཟླ་བའི་འོད་ཟེར་སུ་ཞིག་སྒྲ་འཛིན་བུག་པ་རུ། །སོན་པའི་མོད་ནས་འཆི་བདག་འཇིགས་པའི་མུན་པ་མ་ལུས་མཐར་བྱས་ནས། །ཚེ་མཆོག་གྲུབ་པའི་པད་དཀར་བཞད་ནུས་རྒྱལ་ཀུན་གསུང་གི་དབང་ཕྱུག་མཆོག །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །རྒྱལ་ཀུན་གཙུག་ཏོར་ནོར་བུའི་ཏོག་ལས་ལེགས་འཁྲུངས་རིགས་སྔགས་ལྷ་མོ་མཆོག །རབ་དཀར་སྟོན་ཟླའི་དཔལ་འཕྲོག་ཞལ་གསུམ་ཕྱག་བརྒྱད་ཞི་འཛུམ་མཛེས་པའི་སྐུ། །དྲན་པ་ཙམ་གྱིས་རྡོ་རྗེའི་ཚེ་དང་ཡེ་ཤེས་སྣང་བ་སྩོལ་མཛད་པའི། །རྣམ་པར་རྒྱལ་བའི་དཔལ་མོར་འདུད་དོ་བྱང་ཆུབ་བར་དུ་སྐྱོངས་མཛོད་ཀྱེ། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ་ཡི་ཞབས་ཀྱི་པདྨོ་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་གུས་པས་ཕྱག་འཚལ་མཆོད་འབུལ་ཞིང་། །སྡིག་ལྟུང་ཀུན་བཤགས་ཡི་རང་བསྐུལ་ཞིང་གསོལ་བ་བཏབ་པའི་དགེ་འབྲས་ཀྱིས། །མ་ལུས་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་ཉིད་གྱུར་ཅིག །དེ་མ་ཐོབ་ཀྱི་སྐྱེ་ཀུན་དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་སྒོམ་པ་མཐར་ཕྱིན་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་འབྱོར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་རྡོ་རྗེའི་ཡེ་ཤེས་མངོན་བྱེད་ཤོག །གཞན་ཡང་དུས་མིན་འཆི་སོགས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་མཐའ་དག་ཞི། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་མ་ལུས་ཡར་ངོའི་ཟླ་བཞིན་རྒྱས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་སྡེ་འཕེལ་གངས་ལྗོངས་མཐའ་དབུས་བདེ་ཞིང་སྐྱིད། །ཀུན་ཀྱང་བྱམས་པས་རྒྱུད་གྲོལ་གནོད་དང་རྣམ་འཚེའི་མིང་ཡང་མི་གྲགས་ཤོག །བཀྲ་ཤིས་གང་ཞིག་ལྷག་པའི་ལྷ་ཡི་ཐུགས་རྗེ་སྤྲིན་ཆེན་ལྷུན་སྟུག་ལས། །ཕུན་ཚོགས་སྲིད་དང་ཞི་བའི་དགེ་མཚན་བྱེ་བའི་ཆར་རྒྱུན་འབེབས་པ་ཡིས། །ངོ་མཚར་འཆི་མེད་གྲུབ་པའི་ཆུ་གཏེར་གཅིག་ཏུ་འཕེལ་དང་ལྷན་ཅིག་པར། །ཕན་བདེའི་ཀུ་མུ ཏ་བཞད་པའི་རྫོགས་ལྡན་གསར་པའི་དགའ་སྟོན་དར་གྱུར་ཅིག །ཅེས་པའང་པདྨབི་ཛས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་དགེ།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔལ་ལྡན་སྟོབས་བཅུ་མངའ་བ་མ་ལུས་པའི། །ཕུལ་བྱུང་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་པ། །ཡིད་ཅན་ཀུན་དཀྲིས་ཤེ་མུན་སེལ་མཛད་པའི། །བཅོམ་ལྡན་སྨྲ་བའི་ཉི་མ་དེ་ལ་འདུད། ༡ ། བསོད་ནམས་བྱེ་བ་བརྒྱ་ལས་གྲུབ་པའི་སྐུ། །ཟུང་བཞིའི་ན་ཚོད་གུརྒུམ་གཞོན་ནུའི་མདངས། །མཚན་དཔེ་འོད་རིས་འབུམ་གྱིས་ཉེར་སྤྲས་པའི། །མགོན་པོ་འཇམ་དཔལ་དཔའ་བོ་དེ་ལ་འདུད། ༢ ། གཞོམ་མེད་ཡན་ལག་དྲུག་ཅུ་ནཱ་དའི་སྒྲས། །ཐེག་མཆོག་སེང་གེའི་ང་རོ་ཆེར་བསྒྲགས་པས། །འགྲོ་ཚོགས་མ་རིག་གཉིད་ལས་སློང་མཛད་པའི། །རྒྱལ་སྲས་ངག་གི་དབང་ཕྱུག་དེ་ལ་འདུད། ༣ ། མང་མང་སྟོབས་བཅུ་མངའ་བ་སྲས་བཅས་ཀྱི། །ཟབ་ཟབ་མཁྱེན་དང་བརྩེ་བའི་ཆུ་ཀླུང་འབུམ། །ཡང་ཡང་ཁྱོད་ཐུགས་བུམ་པར་ལེགས་བསྐྱིལ་བའི། །ཁྱབ་བདག་བློ་གཏེར་མགོན་པོ་དེ་ལ་འདུད། ༤ ། བྲལ་སྨིན་ཡོན་ཏན་འབུམ་གྱི་གསེར་སྦྱངས་ཁམས། །སྟོབས་བཅུ་མི་འཇིགས་མ་འདྲེས་བང་རིམ་མཐོ། །སྐུ་དང་ཡེ་ཤེས་ཕྱུར་བུའི་ཏོག་མཛེས་ལྡན། །འཇམ་དཔལ་མཁྱེན་པའི་གཏེར་ཆེན་དེ་ལ་འདུད། ༥ ། མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་ཀྱི། །སྲིད་པའི་ཆུ་གཏེར་མ་སྙེམ་དེ་སྲིད་དུ། །བདག་འཛིན་སྒྲིབ་པའི་དྲྭ་བ་གཅོད་མཁས་པ། །འཕགས་པ་ངག་དབང་མགོན་པོ་དེ་ལ་འདུད། ༦ ། འཇམ་དཔལ་གཞོན་ནུ་དཔལ་གྱི་འབྱུང་གནས་ཆེ། །མཁྱེན་རབ་དབང་ཕྱུག་མཁྱེན་པའི་གཏེར་གྱུར་པ། །ངག་དབང་མགོན་པོ་ངག་གི་དཔལ་སྟེར་མཆོག །ཚེ་རབས་ཀུན་ཏུ་བདག་གི་བླ་མར་མཛོད། ༧ ། མགོན་ཁྱོད་ཐུགས་རྗེའི་ཉིན་བྱེད་འོད་པོ་ཆེས། །བདག་བློའི་མ་རིག་མིག་བུ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་མཁྱེན་པའི་སྣང་བ་རྒྱས། །རྩོད་འཆད་རྩོམ་པས་ཐུབ་བསྟན་གསལ་བྱེད་ཤོག ༨ ། མང་ཐོས་ལུང་རིག་མན་ངག་ཟབ་མོས་ཕྱུག །ཚུལ་ཁྲིམས་རྣམ་པར་དག་པའི་རྒྱན་གྱིས་སྤྲས། །གཞན་ཕན་ལྷག་བསམ་བཟང་པོས་མཚམས་སྦྱར་ནས། །མཁའ་མཉམ་འགྲོ་བའི་དོན་རབ་སྒྲུབ་པར་ཤོག ༩ ། མཐའ་བྲལ་དབུ་མའི་ལྟ་བ་རབ་ཏུ་ཡངས། །ཐབས་ཤེས་ཟུང་འཇུག་སྒོམ་པ་ཚད་དུ་འཁྱོལ། །མཚུངས་མེད་རྒྱལ་སྲས་སྤྱོད་པ་རབ་སྤྱད་ནས། །སྐུ་དང་ཡེ་ཤེས་འབྲས་བུ་མངོན་གྱུར་ཤོག ༡༠ ། བསླུ་མེད་དཀོན་མཆོག་རྩ་གསུམ་བྱིན་མཐུ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དཀར་བ་ཡིས། །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག ༡༡།
༄༅། །ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡ། དུས་གསུམ་གཤེགས་པའི་སྟོབས་བཅུ་མངའ་བ་རྣམས། །བསྐྱེད་པའི་ཡབ་ཏུ་གྱུར་ཀྱང་མུ་མེད་འགྲོར། །བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་སེམས་དཔའི་ཚུལ། །འཇིག་རྟེན་གསུམ་གྱི་མགོན་པོ་དེ་ལ་འདུད། ༡ ། བརྟན་གཡོའི་དྭངས་མ་ཕུན་སུམ་ཚོགས་པའི་དཔལ། །གཅིག་ཏུ་བསྡོམས་པའི་སྙིང་པོ་ལས་ཕྱུང་བཞིན། །མཚན་དཔེའི་སྐུ་མཆོག་ཞུ་ཚུལ་དགུ་ཡིས་སྒེག །རྒྱལ་སྲས་པད་དཀར་འཆང་བ་དེ་ལ་འདུད། ༢ ། ངག་གི་ཉེས་སྤངས་ཡན་ལག་དྲུག་ཅུའི་སྒྲས། །གདུལ་འགྲོ་རང་སྐལ་འཚམ་པའི་ཆོས་ཆར་གྱིས། །བདག་ལྟའི་མདུད་པ་དམ་པོ་དཀྲོལ་མཁས་པ། །གངས་ཅན་ལྗོངས་ཀྱི་མགོན་པོ་དེ་ལ་འདུད། ༣ ། འདུས་མ་བྱས་ཤིང་ཡོན་ཏན་ལྷུན་གྱིས་གྲུབ། །སྒྲ་རྟོག་མཚན་མའི་ཡུལ་ལས་རབ་འདས་པའི། །སྤྲོས་བྲལ་ཐུགས་ཀྱི་ཤེས་བྱ་ཀུན་ལ་ཁྱབ། །འཕགས་པ་སྤྱན་རས་གཟིགས་དབང་དེ་ལ་འདུད། ༤ ། མུ་མེད་འགྲོ་ཀུན་འཁོར་བའི་གཡུལ་ངོ་ལས། །སྒྲོལ་བའི་དམ་བཅའ་བརྟན་པོའི་ཡ་ལད་བགོས། །ཆེ་ཞིང་མྱུར་བའི་ཐུགས་རྗེས་སྲིད་མཐར་གཟིགས། །སེམས་དཔའ་སྙིང་རྗེའི་གཏེར་ཆེན་དེ་ལ་འདུད། ༥ ། སྤང་བ་གཉིས་ཀྱི་སྒྲིབ་པའི་བུད་ཤིང་བསྲེག །ཟག་མེད་སྡེ་ཚན་ཉེར་གཅིག་དཔལ་གྱིས་སྤྲས། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ་པའི་བདག །མགོན་པོ་གྲུ་འཛིན་རིར་དགྱེས་དེ་ལ་འདུད། ༦ ། ཕྱག་སྟོང་ལས་ནི་འཁོར་ལོས་སྒྱུར་བར་སྤྲུལ། །འདྲེན་བྱེད་ཟེར་ལས་སྐལ་བཟང་སངས་རྒྱས་ཏེ། །སྲིད་མཚོ་སྐེམ་པའི་ཕྲིན་ལས་ཟད་མི་ཤེས། །དཔལ་ལྡན་གྲུ་འཛིན་མགོན་པོ་དེ་ལ་འདུད། ༧ ། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་མགོན། །ལྷ་ཡི་ཡང་ལྷ་བརྩེ་ཆེན་ཉིན་མོར་བྱེད། །བདག་ཡིད་དད་པའི་མཁའ་ལ་རྟག་འཆར་ནས། །ལས་ཉོན་སྒྲིབ་པའི་མུན་པས་སེལ་བར་མཛོད། ༨ ། ཚེ་རབས་ཕྲེང་བར་འཕགས་པས་རྗེས་བཟུང་ཞིང་། །ཀུན་རྫོབ་དོན་དམ་སེམས་བསྐྱེད་ཨམྲྀ་ཏས། །བདག་བློའི་བུམ་པ་ཡོངས་སུ་འགེང་བ་ཡིས། །ལུས་ཅན་རྣམས་ཀྱི་སྡུག་བསྔལ་ཟད་བྱེད་ཤོག ༩ ། འགྲོ་སྒྲོལ་དམ་བཅའ་རྡོ་རྗེའི་ཁམས་སུ་བརྟེན། །ཚད་མེད་བཞི་ཡི་སྒོམ་པ་ཚད་དུ་འཁྱོལ། །དཀར་ནག་ཆོས་བཞི་འཇུག་ལྡོག་བྱེད་པ་ཡི། །སྨོན་པའི་བསླབ་བྱ་མཐར་རུ་ཕྱིན་པར་ཤོག ༡༠ ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག །ཕར་ཕྱིན་དྲུག་ལྡན་དགེ་ཆོས་ཡོངས་སུ་སྡུད། །བསྡུ་དངོས་གཞི་ཡི་གཞན་ཕན་སྒྲུབ་པ་ཡི། །འཇུག་པའི་བསླབ་བྱ་མཐའ་རུ་ཕྱིན་པར་ཤོག ༡༡ ། ཤེས་རབ་མཚོན་ཆས་བདག་རྟོག་རྩ་བ་བཅད། །སྙིང་རྗེའི་དབྱངས་ཀྱིས་ཞི་བདེའི་གཉིད་ལས་སློང་། །ལམ་ལྔ་ས་བཅུའི་ཐེམ་སྐས་ལ་འཛེག་ནས། །མགོན་པོ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས། ༡༢ ། ཕྱི་སྣོད་འཇིག་རྟེན་དཔལ་གྱི་འབྱོར་པས་བརྒྱན། །ནང་བཅུད་འགྲོ་ཀུན་ཐེག་ཆེན་ཆོས་ལ་སྤྱོད། །བསྟན་པའི་སྙིང་པོ་ཕྱོགས་མཐའ་ཀུན་ཏུ་རྒྱས། །བཀྲ་ཤིས་དཔལ་གྱི་ཀུན་ཏུ་ཁྱབ་གྱུར་ཅིག །༡༣
༄༅། །ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། བདུད་བཅོམ་ཡོན་ཏན་ཀུན་ལྡན་དཔའ་རྣམས་ཀྱི། །བྱིན་མཐུ་ནུས་སྟོབས་གཅིག་ཏུ་བསྡུས་པའི་འཕྲུལ། །རབ་འཇིགས་དྲག་གཏུམ་ཁྲོ་བོའི་སྐུར་སྟོན་པ། །ཕྱག་ན་རྡོ་རྗེ་འཆང་བ་དེ་ལ་འདུད། ༡ ། རབ་བརྗིད་ཨིནྡྲ་ནི་ལའི་ལྷུན་པོ་ལ། །དུས་མཐའི་ཞུགས་ཀྱིས་དཀྲིགས་པས་མི་མཚོན་པའི། །སྒེག་པ་དཔའ་བརྗིད་འཇིགས་རུང་བཟོད་དཀའི་སྐུ། །བཅོམ་ལྡན་ལག་ན་རྡོ་རྗེ་དེ་ལ་འདུད། ༢། རྒོད་དང་གཤེ་དང་རྔམ་པའི་གད་མོ་ཡིས། །ལོག་འདྲེན་གདུག་པའི་ཚོགས་རྣམས་སྔངས་མཛད་ཅིང་། །ཟབ་རྒྱས་གསང་སྔགས་ཆོས་འཁོར་རྒྱུན་ཆགས་བསྐོར། །དཔའ་བོ་གསང་འཛིན་མགོན་པོ་དེ་ལ་འདུད། ༣། གཟུང་འཛིན་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན། །མཉམ་ཉིད་བདེ་ཆེན་ཀློང་དུ་ཐིམ་པའི་རྩལ། །སྙིང་རྗེ་རྔམ་དང་ཞི་བའི་ཚུལ་སྟོན་པ། །མགོན་པོ་མཐུ་སྟོབས་བདག་པོ་དེ་ལ་འདུད། ༤། མི་ཡི་སེང་གེ་དུས་གསུམ་གཤེགས་རྣམས་ཀྱི། །བྲལ་ཐོབ་སྨིན་པའི་ཡོན་ཏན་གང་མཆིས་པ། །དཔལ་ཆེན་ཁྲོ་རྒྱལ་མཆོག་གི་སྐུ་ལ་རྫོགས། །སེམས་དཔའ་གསང་བའི་བདག་པོ་དེ་ལ་འདུད། ༥། གསང་སྔགས་རིག་མཆོག་གཟུངས་དང་སྙིང་པོ་རྣམས། །ཁྲག་འཐུང་རྡོ་རྗེ་འཛིན་པ་ཁྱོད་ལས་བྱུང་། །དེས་ན་བསམ་གྱིས་མི་ཁྱབ་ཕྲིན་ལས་བདག །རྒྱལ་སྲས་རྡོ་རྗེ་གཏུམ་པོ་དེ་ལ་འདུད། ༦། གང་གིས་མཚན་ཙམ་འཛིན་པའི་གཟི་བརྗིད་ཀྱིས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན་སེལ་ཞིང་། །མཆོག་ཐུན་དངོས་སྩོལ་བཛྲ་པཱ་ཱཎི་ཆེས། །ཚེ་རབས་ཕྲེང་བར་མི་འབྲལ་རྗེས་འཛིན་མཛོད། ༧། གཞི་དབང་བདེ་གཤེགས་སྙིང་པོའི་ས་བོན་ཆེ། །ལམ་དབང་རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཞིང་། །དམ་ཚིག་རྣམ་པར་དག་པས་གྲོགས་བྱས་ནས། །འབྲས་དབང་འོད་ཟེར་ཆེན་པོ་མངོན་བྱེད་ཤོག ༨། ཡུལ་གསུམ་གྱད་དུ་གྱུར་པའི་བསྐྱེད་རིམ་གྱིས། །ཐ་མལ་སྣང་ཞེན་བག་ཆགས་ཀུན་བྱང་ནས། །བསོད་ནམས་ཚོགས་མཆོག་རྫོགས་པའི་དགེ་མཚན་ལས། །གཟུགས་ཀྱི་སྐུ་མཆོག་མངོན་དུ་བྱེད་པར་ཤོག ༩། རྩ་རླུང་ཐིག་ལེ་ནམ་མཁའི་འཁོར་ལོ་ཐིམ། །དབྱིངས་རིག་ཟུང་འཇུག་བསྒོམ་པ་ཚད་དུ་འཁྱོལ། །ཡེ་ཤེས་ཚོགས་རྫོགས་ཆོས་ཀྱི་སྐུ་འགྲུབ་ནས། །གཟུགས་སྐུ་གཉིས་ཀྱི་འགྲོ་དོན་མཐར་རྒྱས་ཤོག ༡༠། སྔ་འགྱུར་ཡོ་ག་སྡེ་གསུམ་རིང་ལུགས་ཆེ། །སྲིད་མཐའི་བར་དུ་ཡར་ཟླ་ལྟར་རྒྱས་ཤིང་། །དེ་འཛིན་བྱེད་པའི་མཆོད་གནས་སྡེེ་གཉིས་ཀྱང་། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་མཐར་ཕྱིན་ཤོག ༡༡། མ་གྱུར་སྐྱེ་བཞིའི་བསྡུས་པའི་ཡིད་ཅན་ཀུན། །མ་རིག་གཟུང་འཛིན་གཉིད་མཐུག་ལས་སངས་པས། །མ་དག་རིགས་དྲུག་སྐྱེ་སྒོ་ཀུན་བཅད་ནས། །མ་ལུས་ཕྱམས་ཅིག་གདོད་མའི་མགོན་ཐོབ་ཤོག ༡༢། རིག་འཛིན་རྩ་བརྒྱུད་བླ་མའི་བྱིན་རླབས་དང་། །ཡི་དམ་རྒྱུད་སྡེ་བཞི་ཡི་བདེན་པའི་སྟོབས། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ནུས་མཐུ་ཡིས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག ༡༣། མངྒལཾ།། །།
༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་མཛེས་སྐུ་ལྟ་བས་མི་ངོམས་མཚན་དཔེའི་འོད་རིས་བྱེ་བས་འཁྱུད། །གསུང་གསང་ཡིད་འོང་ཡན་ལག་དྲུག་ཅུའི་དབྱངས་ལྡན་འགྲོ་བློའི་རྗེས་སུ་འགྲོ། །མཁྱེན་བརྩེའི་ཡོན་ཏན་ཤིན་ཏུ་རྒྱ་ཆེན་ཕུལ་བྱུང་ཕྲིན་ལས་ཟབ་མོ་ཡིས། །མ་ལུས་འགྲོ་ཀུན་ཡོངས་སྒྲོལ་རྒྱལ་ཀུན་ཡབ་གྱུར་འཇམ་པའི་དབྱངས་ལ་འདུད། །གང་གི་ཡིད་ལ་ལན་གཅིག་ཤར་བས་ཀྱང་། །ཉིས་བརྒྱའི་འབྱུང་གནས་ཀུན་རྨོངས་ཕྲ་རྒྱས་དཔུང་། །གཅིག་ཆར་འཇོམས་མཛད་འཕགས་མ་དབྱངས་ཀྱི་རྒྱལ། །བདག་ཡིད་དད་པའི་པདྨོར་རྟག་རོལ་མཛོད། །རྒྱལ་ཀུན་འདུས་ཞལ་ཡེ་ཤེས་སྒྱུ་མའི་འཕྲུལ། །དྲན་པ་ཙམ་གྱིས་མཆོག་ཐུན་འདོད་དགུའི་དཔལ། །སྟེར་མཛད་བླ་མ་མཆོག་དང་ལྷག་པའི་ལྷས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་མཛོད། །གང་མཚན་དྲན་པས་སྲིད་ཞིའི་རྒུད་པའི་དཔལ། །རབ་གཞིལ་ཚེ་དཔལ་ཆོས་འབྱོར་འདོད་དགུའི་ཆར། །བསྐྱིལ་མཛད་རྩ་གསུམ་ཆོས་སྲུང་ནོར་ལྷའི་ཚོགས། །གུས་པས་བརྟེན་ནོ་རྟག་ཏུ་གྲོགས་མཛོད་ཅིག །བཀྲ་ཤིས་གང་ཞིག་སྡེ་བཞིའི་ཡལ་འདབ་རྩེར། །བཀྲ་ཤིས་གྲུབ་གཉིས་ཕན་བདེའི་འབྲས་མང་པོས། །བཀྲ་ཤིས་ས་གསུམ་དགའ་བའི་དཔལ་སྐྱེད་ནས། །བཀྲ་ཤིས་མི་ནུབ་བསྟན་པ་དར་རྒྱས་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།
༄༅། །ༀ་སྭསྟི། ཀ་མ་ལ་ལྟར་ཡིད་འོང་མཛེས་པའི་སྐུ། །ཁ་བ་དུང་ལྟར་རྣམ་དཀར་དྲི་མེད་འོད། །ག་བུར་འཛིན་ལྟར་སྲིད་འགྲོའི་གདུང་སེལ་བའི། །ང་ཡི་བླ་མ་འཇམ་དཔལ་དཔའ་བོར་འདུད། །ཅ་ག་རིན་ཆེན་བྱེ་བས་བརྒྱན་པའི་སྐུ། །ཆ་ཤས་ཡོངས་རྫོགས་བརྒྱད་གཉིས་ལང་ཚོ་ཅན། །ཇ་བཟང་འཇོ་འདྲའི་ཐུགས་རྗེ་ཚད་མེད་པས། །ཉ་རྒྱས་ཟླ་ལྟའི་བློ་གྲོས་སྟེར་ལ་འདུད། །ཏཱ་མིང་ཡུལ་དབུས་རི་བོ་དེ་ཤན་སོགས། །ཐ་དད་ཞིང་དུ་ངོ་མཚར་བཀོད་པ་བརྒྱས། །ད་ཕྲུག་ལྟ་བུའི་སྐྱབས་བྲལ་ཉམ་ཐག་འགྲོ། །ན་མར་ཐར་གྲོལ་ལམ་ལ་འགོད་དེར་འདུད། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་དང་། །ཕ་རོལ་ཕྱིན་བཅུའི་ལུས་སྟོབས་ཆེར་རྒྱས་པས། །བ་གླང་ལྟ་བུའི་རྨོངས་ཆེན་འགྲོ་རྣམས་ཀྱི། །མ་རིག་མུན་ཚོགས་བཅིལ་ནུས་བྱིན་རླབས་སྩོལ། །ཙ་ཏུལ་བསྡུ་དངོས་ཕྲིན་ལས་རྨད་པོ་ཆེ། །ཚ་ཟེར་བརྒྱ་བའི་འཇུག་པ་ཡོལ་མེད་པས། །ཛ་ལང་ཕས་རྒོལ་བ་མོའིདཔུང་བཅོམ་ནས། །ཝ་ལེར་ཕན་བདེའི་འདབ་སྟོང་བཞད་པར་མཛོད། །ཞྭ་མོ་དམར་སེར་གྲུབ་མཐའི་ཆགས་སྡང་དང་། །ཟ་མ་ལྟོ་འཚོལ་འདིར་སྣང་ཞེན་པའི་ལས། །འ་འུར་ཆོས་འགལ་སྤྱོད་པས་མི་བརྫི་བར། །ཡ་མཚན་ཐོས་བསམ་བསྒོམ་ལ་འཇུག་པར་ཤོག །ར་མ་ཎ་ལྟར་བརྩོན་པའི་གོ་བསྒོས་ཏེ། །ལ་ལ་ཙམ་མིན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །ཤ་སྟག་ཐུབ་བསྟན་སྙིང་པོར་ངེས་རྙེད་པས། །ས་ཆེན་འཇིག་རྟེན་ཀུན་ཏུ་སྤེལ་ནུས་ཤོག །ཧ་ཅང་ཐ་སྙད་ཚིག་ལ་འཆེལ་མིན་པར། །དབེན་གསུམ་བདུད་རྩིའི་རོ་ལ་མཉམ་བཞག་པས། །ཨ་ཡིག་སྐྱེ་མེད་དོན་གྱི་འཇམ་པའི་དཔལ། །མངོན་གྱུར་ཚེ་འདིར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་པའང་པདྨ་བི་ཛས་བྲིས་པ་དགེ།
༄༅། །ཀེ་ལ་ཤ་ལྟར་རྣམ་པར་དག་པའི་སྐུ། །ཁུ་བྱུག་དབྱངས་ལྟར་ཡིད་འོད་སྙན་པའི་གསུང་། །གེ་སར་ལས་འཁྲུངས་དུས་ག སུམ་རྒྱལ་བའི་ཐུགས། །ངོ་མཚར་རྨད་བྱུང་མཚོ་སྐྱེས་བླ་མར་འདུད། །ཅི་ལ་ཐུགས་ཀྱང་མགོན་ཁྱོད་མི་སྤང་ན། །ཆུ་བོའི་རྒྱུན་བཞིན་ཕྲིན་ལས་འཛད་མེད་པས། །རེ་ཞིག་མ་ཡིན་ད་ལྟ་འདི་ཉིད་དུ། །ཉོ་ཚོང་ལེགས་བཞིན་ཡོན་ཏན་གོང་དུ་སྤེལ། །ཏེ་ལོའི་མདུན་སར་དཔལ་ལྡན་ནཱ་རོ་བཞིན། །ཐུ་བོའི་སྲས་ཀྱི་དྭངས་མར་ལེགས་སྐྱོང་བས། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་མངོན་གྱུར་ནས། །ན་རྒ་འཆི་བས་མི་འཇིགས་དངོས་གྲུབ་བྱིན། །པི་ཝང་གདངས་ལྟར་སྙན་པའི་ང་རོ་ཡིས། །ཕུ་བོ་རིག་འཛིན་བྱེ་བའི་དགོངས་ཉམས་ཕུལ། །བཻཌཱུར་ལྟར་དག་མན་ངག་ཟབ་མོ་ཡིས། །མ་རྣམས་གཏན་བདེར་འགོད་པའི་ནུས་པ་སྩོལ། །ཙི་ནའི་ཡུལ་སོགས་མཐའ་འཁོབ་སྐྱེས་པའི་འགྲོ། །ཚེ་རབས་ལས་འབྲས་མི་བསླུར་ངེས་རྙེད་པས། །ཛེ་ཏའི་ཚལ་བཞུགས་རྒྱལ་བའི་རྗེས་ཞུགས་ནས། །ཝ་ཆུའི་རྒྱུན་ལྟར་དགེ་ལ་སྦྱོར་ནུས་མཛོད། །ཞི་བ་ལྷ་ཡི་མཁྱེན་དཔྱོད་པདྨ་ཆེའི། །ཟེ་འབྲུ་ལས་ཐོན་བསླབ་སྤྱོད་བདུད་རྩི་ཡིས། །འུ་ཅག་རང་དོན་ཡིད་བྱེད་དུག་གཞིལ་ནས། །ཡ་མཚན་བདག་བས་གཞན་གཅེས་བློ་འབྱོང་ཤོག །རི་ཁྲོད་དབེན་པར་འཆི་བ་སྙིང་ཞུགས་པས། །ལེ་ལོའི་དགྲ་ཡིས་མི་བརྫི་སྙིང་སྟོབས་ཆེས། །ཤ་རུས་ཞིག་པར་སྒྲུབ་པའི་རྒྱལ་མཚན་བརྟན། །ས་ལམ་ཡོན་ཏན་རྒྱུད་ལ་མཛའ་གྱུར་ཅིག །ཧེ་རུ་ཀ་དཔལ་དཀྱིལ་འཁོར་འཁོར་ལོའི་གཙོ། །ཨོ་རྒྱན་མཁན་པོའི་ཞབས་དྲུང་སྐྱེས་ནས་ཀྱང་། །ངེས་གསང་རྡོ་རྗེ་རྩེ་མོའི་གསེང་ལམ་ནས། །སྐུ་ལྔ་ལྷུན་རྫོགས་ཆོས་ཀྱི་རྒྱལ་པོར་ཤོག །ཅེས་པའང་པདྨ་བི་ཛས་ཐོལ་བྱུང་དུ་གསོལ་བ་བཏབ་པ་དགེ།
༄༅། །ཀ་དག་སྤྲོས་མཚན་ཀུན་བྲལ་ཆོས་སྐུའི་རྩལ། །ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུའི་འཕྲུལ། །ག་བུར་འཛིན་གཟུགས་ཆུ་སྣོད་ལ་ཤར་བཞིན། །ང་ཅག་འགྲོ་ངོར་སྤྲུལ་སྐུ་པདྨ་འབྱུང་། །ཅ་ཅོ་གདུང་ཤུགས་དྲག་པོས་ཁྱོད་འབོད་ཅིང་། ཆ་ལུགས་རྣམ་འགྱུར་གསང་གསུམ་ཡོན་ཏན་རྣམས། །ཇ་ཡུན་ཙམ་ཡང་མི་བསྙེལ་དྲན་བྱེད་ན། །ཉ་རྒྱས་ཟླ་ལྟའི་ཞལ་བཟང་མྱུར་སྟན་མཛོད། །ཏ་ཐཱ་ག་ཏས་ཡང་ཡང་ཆེས་བསྔགས་པའི། །ཐ་སྙད་ཙམ་མིན་ངེས་གསང་བསྟན་པའི་བདག །ད་ལྟ་གདུལ་དཀའ་སྲིན་པོའི་ཁ་གནོན་དུ། །ན་རྒ་འཆི་བྲལ་འཕོ་ཆེན་སྐུ་རུ་བཞུགས། །པ་པམ་ཁུར་གྱིས་ནོན་པའི་ལུས་ཅན་འགྲོས། །ཕ་རོལ་གཤིན་རྗེའི་མདུན་སར་ཉམས་ཉེའི་ཚེ། །བ་ཡི་བེའུ་སྐྱོང་བཞིན་ཐུགས་བརྩེ་བས། །མ་ལུས་བདེ་ལྡན་པདྨ་འོད་དུ་འདྲེན། །ཙ་རི་ཏྲ་སོགས་གནས་ཆེན་བྱིན་གྱིས་རླབས། །ཚ་ངར་ལྕེ་འབབས་དང་མཚུངས་མཐུ་བྱིན་གྱིས། །ཛ་ལང་གདུག་པའི་འོད་ཀྱི་ལྷ་སྲིན་རྣམས། །ཝ་སྐྱེས་བཞིན་དུ་ཞུམ་བྱས་དམ་ལ་བཏགས། །ཞྭ་མོའི་ཏོག་བཞིན་སྤྱི་བོར་རྟག་མཆོད་ནས། །ཟ་མ་ཙམ་ལ་མི་བསྙེལ་གསོལ་འདེབས་ན། །འ་འུར་གློ་བུར་ལྷགས་པའི་གདོན་ཚོགས་དང་། །ཡ་མ་རཱ་ཛའི་གཡུལ་ངོ་བཟློག་པར་མཛོད། །ར་བ་གངས་རིས་མཛེས་པའི་འགྲོ་བ་ཀུན། །ལ་འུར་འཇོམས་མཛད་མ་རུངས་གཏུམ་པོ་ཆེ། །ཤ་ཟ་སྲིན་པོའི་ཚོགས་ཀྱི་རྗེར་གྱུར་པའི། །ས་བཅུའི་དབང་ཕྱུགས་ཁྱེད་ལ་མི་དད་སུ། །ཧ་ཅང་མི་ཕྱེད་སྙིང་ནས་གསོལ་འདེབས་ན། །ཨ་ཏི་ཡོ་གའི་ལྟ་དགོངས་རྩལ་རྫོགས་ནས། །ལུས་ཅན་འགྲོ་ཀུན་སྲིད་པའི་ཆུ་གཏེར་ལས། །སྒྲོལ་བྱེད་དེད་དཔོན་མཆོག་ཏུ་བྱིན་གྱིས་རློབས། །
༄༅། །ཀ་དག་ལྷུན་འགྲུབ་ཟུང་འབྲེལ་ངེས་པའི་ལུང་། །ཁ་བ་ཅན་ལྗོངས་གསལ་མཛད་ཤིང་རྟ་མཆོག །ག་ནས་བསམ་ཡང་ཀུན་ཏུ་བཟང་པོ་དངོས། །ང་ཡི་བླ་མ་དྲི་མེད་བཤེས་གཉེན་རྒྱལ། །ཅ་ཅོའི་འཁྲུལ་སྤངས་བདེན་གསུང་རྡོ་རྗེའི་ཚིག །ཆ་ཙམ་གྱིས་ཀྱང་སྲིད་རྩ་འཁྲུལ་པའི་དཔུང་། །ཇ་ཡུན་ཙམ་ལའང་མི་གནས་མཐར་མཛད་སོགས། །ཉ་རྒྱས་ཟླ་ལྟའི་ཡོན་ཏན་ཆ་རྫོགས་རྨད། །ཏ་ཐཱ་ག་ཏའི་བསྟན་བཅུད་རྫོགས་ཆེན་ལས། །ཐ་ཚིག་བཙན་པོའི་ལུང་གིས་ཆེར་བསྔགས་པས། །ད་ལྟའི་དུས་ཀྱང་འཕོ་ཆེན་རྡོ་རྗེའི་སྐུར། །ན་རྒ་འཆི་བྲལ་རྒྱལ་ཀུན་ཕྲིན་ལས་འཛིན། །པ་སངས་ལྟར་དཀར་ཐུགས་བརྩེ་རྨད་པོ་ཆེས། །ཕ་མས་བུ་ཚ་བརྩེ་གདུང་སྐྱོང་བ་བཞིན། །བ་གླང་སྤྱོད་སོགས་གླིང་བཞིར་རྒྱུ་བའི་འགྲོ། །མ་ལུས་སྲིད་པའི་དུཿཁ་སེལ་མཛད་བསྔགས། །ཙ་ཏུར་ཕྲིན་ལས་ཟབ་མོའི་འཇུག་པ་ཡིས། །ཚ་གྲང་དམྱལ་བའི་གནས་སོགས་ཉམ་ཐག་འགྲོ། ཛ་ཡའི་གོ་འཕང་མཆོག་ལ་སྦྱོར་མཛད་པ། །ཝ་གཱི་ཤྭ་ར་མཆོག་ཁྱོད་དུས་འདིར་དྲན། །ཞྭ་མོའི་ཏོག་ལྟར་མགོན་ཁྱོད་སྤྱི་བོ་རུ། །ཟ་མ་ཙམ་ཡང་མི་བསྙེལ་མཆོད་བྱེད་ན། །འ་འུར་མཆོག་བྱིན་ཉིན་བྱེད་འབར་བའི་གཟིས། །ཡ་མཚན་རྟོགས་པའི་པད་ཚལ་བཞད་པར་མཛོད། །ར་བ་བརྒལ་དཀའ་སྲིད་པའི་གྲོང་གནས་འགྲོ། །ལ་འུར་འགྲོ་མགོན་མཆོག་གིས་རྗེས་བཟུང་བས། །ཤ་ཁྲག་གདོས་ལུས་དྭངས་མའི་སྐུར་སྨིན་ཏེ། །ས་མཆོག་མཐར་ཕྱིན་མཆོག་དང་མཚུངས་པར་ཤོག །ཧ་ཅང་གཅམ་བུ་མིན་པའི་གདུང་དབྱངས་ཀྱིས། །ཨ་ཏིིའི་བསྟན་བདག་བསྔགས་པའི་བསོད་ནམས་འབྲས། །དུང་དང་པད་རྩ་རྗེས་འགྲོ་ཆེས་དཀར་བས། །ངེས་གསང་བསྟན་པའི་རྒྱལ་མཚན་བསྒྲེངས་གྱུར་ཅིག །དགེའོ། །དགེའོ། །དགེའོ། །
༄༅། །ཀ་མ་ལ་ལྟར་ཉེས་སྐྱོན་དྲི་མས་དབེན། །ཁ་བ་ཅན་ལྗོངས་མཛེས་པའི་རྒྱན་གཅིག་པུ། །ག་བུར་འཛིན་བཞིན་ཀུན་གྱིས་བསྔགས་འོས་པའི། །ང་ཡི་བླ་མ་རོང་ཟོམ་ཆོས་བཟང་མཁྱེན། །ཅ་ཅོའི་ཚིག་གིས་བསྐལ་པར་བརྗོད་བྱས་ཀྱང་། །ཆ་ཙམ་མི་དཔོག་ཡོན་ཏན་མཐའ་ཡས་མགོན། །ཇ་རིལ་མགོ་བོའི་རྒྱན་དུ་རྟག་མཆོད་ན། །ཉ་རྒྱས་ཟླ་ལྟའི་བློ་གྲོས་སྣང་སྟེར་མཛོད། །ཏ་ཐཱ་ག་ཏའི་ལེགས་གསུངས་ཀུན་གཟིགས་པའི། །ཐ་སྙད་ཙམ་མིན་དོན་གྱི་པཎྜི་ཏ། །ད་ལྟའི་དུས་ཀྱང་གྲགས་པའི་ཕུང་པོ་ནི། །ནཱ་ག་རྫུ་ནའི་རྗེས་སུ་རྐང་པ་འཇོག །པ་སངས་ལྟར་དཀར་དྲི་བྲལ་ལེགས་བཤད་ཀྱིས། །ཕ་རོལ་རྒོལ་ངན་རྟོག་གེ་དྲེགས་ལྡན་རྣམས། །བ་གླང་གཞོན་ནུའི་གོ་སར་བཀོད་ནས་སླར། །མ་རྟོགས་འཁྲུལ་པའི་དྲི་མ་སེལ་མཛད་བསྔགས། །ཙ་ཏུར་ལས་ཆེན་གྲུབ་བརྒྱད་མཐར་ཕྱིན་པས། །ཚ་ངར་ལྕེ་འབབས་དང་མཚུངས་རིག་སྔགས་མེས། །ཛ་ལང་གདུག་པའི་དཔུང་ཚོགས་བཅོམ་ནས་སླར། །ཝ་ལེར་ཐུགས་བརྩེའི་གཟིགས་པས་རྗེས་འཛིན་མཚར། །ཞ་རེངས་འཁུམས་དང་དབྱེ་བསྐྲད་གཟིར་སོགས་ཀྱིས། །ཟ་མ་ཙམ་ལ་ཉམས་པ་ཚར་གཅོད་དང་། །འ་འུར་གསོ་སོགས་རྨད་བྱུང་རྫུ་འཕྲུལ་ཅན། །ཡ་མཚན་མཆོག་མངའ་མགོན་ཁྱོད་སྙིང་ནས་དྲན། །རྭ་ལྟར་གྱོང་བའི་བདག་བློའི་རྨོངས་པའི་མུན། །ལ་མོར་མཆོག་བྱིན་སྣང་བས་རབ་བསལ་ནས། །ཤ་ཁྲག་གདོས་བཅས་ལུས་འདི་བོར་མ་ཐག །ས་མཆོག་མཐར་ཕྱིན་ཁྱོད་དྲུང་སྐྱེ་བར་སྨོན། །ཧ་ལ་ལྟ་བུའི་ལོག་འཚོར་མི་གཡེང་བར། །ཨ་ཏིའི་རྣལ་འབྱོར་སྙིང་པོར་དྲིལ་བ་ཡིས། །ཐ་མལ་གཟུང་འཛིན་འཁྲུལ་པ་དབྱིངས་སངས་ནས། །གདོད་མའི་རྒྱལ་ས་སྙོགས་པའི་བྱིན་རླབས་སྩོལ། །ཐོས་བསམ་བསྒོམ་པའི་སྤྲིན་ཆེན་ལྷུན་འཐུག་ལས། །འཆད་རྩོད་རྩོམ་གསུམ་ཆར་གྱི་རྒྱུན་བཟང་པོས། །ངེས་གསང་བསྟན་པའི་ལོ་ཏོག་རྒྱས་མཛད་པ། །ཀུན་མཁྱེན་མཆོག་དང་རྣམ་ཐར་མཚུངས་གྱུར་ཅིག །དགེའོ། །དགེའོ། །དགེའོ། །


previousསྲིད་ན་དཀར་བའི་དངོས་པོ་མ་ལུས་གཅིག་ཏུ་བསྡོམས་ལ་ཅོ་འདྲི།next