Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་ཆོས་རྗེའི་རྣམ་ཐར་ཉུང་ངུའི་ངག་གི་བརྗོད་པ་མོས་གུས་འདྲེན་པའི་ཤིང་རྟ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་ཆོས་རྗེའི་རྣམ་ཐར་ཉུང་ངུའི་ངག་གི་བརྗོད་པ་མོས་གུས་འདྲེན་པའི་ཤིང་རྟ།next

ཀུན་མཁྱེན་ཆོས་རྗེའི་རྣམ་ཐར་ཉུང་ངུའི་ངག་གི་བརྗོད་པ་མོས་གུས་འདྲེན་པའི་ཤིང་རྟ།

༄༅། །ཀུན་མཁྱེན་ཆོས་རྗེའི་རྣམ་ཐར་ཉུང་ངུའི་ངག་གི་བརྗོད་པ་མོས་གུས་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས། །ན་མོ་གུ་རུ་ཤཱི་ལ་མ་ཏི་ཡེ། དཔལ་ལྡན་ཚོགས་གཉིས་ཟླ་བའི་མ་མ་ལས་འཐོན་མཆོག་གི་སྤྲུལ་པའི་སྐུ། །ཕུལ་བྱུང་མཁྱེན་པའི་ཆ་རྫོགས་བརྩེ་ཆེན་ཐུགས་རྗེའི་སྣང་བ་འབུམ་ཕྲག་གིས། །འགྲོ་བློའི་མ་རིག་མིག་{སྨིག}བུ་ཀུན་བསལ་ཐར་གྲོལ་པད་ཚལ་རྒྱས་མཛད་པའི། །ཀུན་མཁྱེན་དྲི་མེད་འོད་ཟེར་སྣང་བའི་མུ་ཁྱུད་གནས་ལྔའི་རྩེར་མོར་མཆོད། །སྔོན་དུས་གྲངས་མེད་གསུམ་དུ་བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་པའི། །སྟོན་མཆོག་ལྷ་མའི་བླ་མ་དོན་ཀུན་གྲུབ་པས་རྨད་བྱུང་གཟིགས་པ་ལྔས། །རབ་དཀར་སྤྲིན་གྱི་དུམ་བུའི་ཟོལ་གྱིས་ཤཱཀྱའི་གདུང་ལ་གསོས་ཐེབས་ནས། །ལུམྦིའི་ཚལ་དུ་མངོན་བལྟམས་ལྷ་ཀླུ་འཇིག་རྟེན་སྐྱོང་བས་མཆོད་པ་བཞིན། །གཟོད་ནས་ཡེ་གྲོལ་ཀུན་བཟང་ཆོས་སྐུའི་རྒྱལ་སར་མངའ་དབང་འབྱོར་ཟིན་ནས། །རྣམ་མང་འགྲོ་བ་འདུལ་སླད་མཆོག་གི་སྤྲུལ་སྐུ་འཛམ་གླིང་རྒྱན་གྱུར་ཆེ། །ངན་ལམ་རིགས་འཁྲུངས་གསང་སྔགས་འཆང་བ་སློབ་དཔོན་བསྟན་པ་སྲུང་བ་དང་། །འབྲོང་བཟའ་བསོད་ནམས་རྒྱན་མཁར་འོད་སྟོང་མིག་མཛེས་གདོང་ལྔའི་རྣམ་པས་ཞུགས། །ས་སྤྲེལ་དབོ་ཟླའི་ཚེས་བརྒྱད་གྲྭ་ནང་སྟོད་གྲོང་མཛེས་སྐུ་མངོན་སྣང་ཚེ། །རེ་མ་ཏི་ཡི་མངོན་སུམ་གཟུགས་བསྟན་ཕྱག་ཏུ་བླངས་ནས་བསྲུང་ངོ་ཞེས། །རྣམ་ཀུན་གཡེལ་བར་མེད་པར་མེལ་ཚེ་ཞབས་ཏོག་སྒྲུབ་གྱུར་ངོ་མཚར་རྨད། །ཟས་གཙང་སྲས་པོས་གཞོན་ནུ་ཉིད་ནས་རིག་བྱེད་མ་ལུས་མཁྱེན་མཛད་ཅིང་། །ཁབ་ནས་མངོན་གཤེགས་རྣམ་དག་དྲུང་དུ་རབ་བྱུང་ལོ་དྲུག་དཀའ་སྤྱད་མཐར། །རྡོ་རྗེ་གདན་དུ་མཉམ་བཞག་བདུད་བཅོམ་བྱང་ཆུབ་བརྙེས་པའི་ཚུལ་བསྟན་ནས། །རིམ་གསུམ་ཆོས་ཀྱི་འཁོར་ལོས་གདུལ་གྱུར་འགྲོ་བའི་ཁ་ལོ་གྱེན་བསྒྱུར་ལྟར། །མི་མཆོག་འདི་ཡང་སྐྱེས་ཙམ་ཉིད་ནས་དད་དང་སྙིང་རྗེ་བློ་གྲོས་རྒྱས། །དགུང་གྲངས་ལྔ་ནས་འབྲི་ཀློག་མཐར་ཕྱིན་བདུན་ནས་ཡབ་གཅིག་སྔགས་འཆང་ལས། །བདེ་འདུས་རྟ་ཕག་གུ་རུ་ཞི་དྲག་ཕྲིན་གཞུང་སྨན་རྩིས་ལ་སོགས་གསན། །དགུ་ལ་ཤེར་ཕྱིན་ཉི་ཁྲི་བརྒྱད་སྟོང་ཚིག་དོན་མ་ལུས་ཐུགས་ལ་བྱོན། །བཅུ་གཉིས་བཞེས་ཚེ་རྡོ་རྗེ་གདན་མཚུངས་དཔལ་གྱི་བསམ་ཡས་ཆོས་གྲྭ་རུ། །བསམ་འགྲུབ་རིན་ཆེན་ཀུན་དགའ་འོད་ཟེར་མཁན་སློབ་སྤྱན་སྔར་རབ་ཏུ་བྱུང་། །ཚུལ་ཁྲིམས་རྣམ་དག་གསེར་གྱི་པདྨོ་བློ་གྲོས་གེ་སར་མཛེས་ལྡན་པའི། །གྲགས་པའི་འོད་ཟེར་ཀུན་ཏུ་འབར་བ་ཐུབ་བསྟན་མཛེས་པའི་རྒྱན་དུ་གྱུར། །བཀྲས་རིན་པ་ལས་ལམ་འབྲས་ཆོས་དྲུག་ཕྱག་རྡོར་འཁོར་ཆེན་དབང་གདམས་དང་། །དབང་ཡེ་པ་ལས་དུས་འཁོར་གསར་རྒྱུད་ལ་སོགས་སློབ་དཔོན་ཟ་ལུང་ལས། །མཚལ་སྐོར་རྒོད་ཚང་ལམ་ཁྲིད་ཞི་བྱེད་སྐོར་གསུམ་མ་གཅིག་གཅོད་ཡུལ་གསན། །བཅུ་དྲུག་བཞེས་ཚེ་གངས་ལྗོངས་རིག་པའི་འབྱུང་གནས་གསང་ཕུའི་ཆོས་གྲྭར་བྱོན། །འཇམ་དཔལ་མགོན་པོ་ཆོས་དཔལ་རྒྱལ་མཚན་ཆོས་གྲགས་གཉིས་པ་གཞོན་རིན་ལས། །ལོ་དྲུག་བྱམས་ཆོས་ཚད་མ་ལ་སོགས་གསན་པས་མཁས་པའི་གྲགས་པས་ཁྱབ། །མི་གཡོ་བ་དང་ཕག་མོ་དཀར་མོས་རྗེས་བཟུང་ཞལ་གཟིགས་གསུང་ཐོས་ཤིང་། །སྒྲ་དབྱངས་ལྷ་མོའི་ཕྱག་གི་མཐིལ་བཞག་རི་གླིང་མཚོ ར་བཅས་ཞག་བདུན་གཟིགས། །ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཡོངས་གྲོལ་ཆགས་ཐོགས་བྲལ་བའི་མཁྱེན་པ་རྒྱས། །དཔང་ལོ་ཆེན་ལས་ཚད་མ་སྡེ་བདུན་ཤེར་ཕྱིན་རྒྱས་འགྲེལ་སྙན་ངག་དང་། །སློབ་དཔོན་གཞོན་ནུ་དོན་གྲུབ་མཆོག་ལས་རྙིང་རྒྱུད་མདོ་སྒྱུ་སེམས་ཕྱོགས་གསན། །གཞོན་ནུ་རྒྱལ་ལས་བཀའ་འཁོར་རྣམ་གསུམ་འགྲེལ་གཞུང་ཡན་ལག་དང་བཅས་སོགས། །གཞན་ཡང་རྒྱལ་དབང་རང་བྱུང་རྡོ་རྗེ་ས་སྐྱ་བདག་ཉིད་ཆེན་པོ་སོགས། །རིས་མེད་མཁས་གྲུབ་བཅུ་ཕྲག་གསུམ་ལྷག་བསྟེན་ནས་གདམས་པའི་བདུད་རྩི་གསན། །ནང་དོན་རིག་པ་དཔག་བསམ་ལྗོན་ཤིང་སྒྲ་དང་ཚད་མའི་ཡལ་ག་རྒྱས། །བཟོ་གསོ་ཕན་བྱེད་ཕྲིན་ལས་ལོ་འདབ་ཀུན་ཏུ་རྒྱས་པའི་གྲིབ་བསིལ་ཅན། །སྐལ་བཟང་སྐྱེ་བོ་འཕུར་འགྲོའི་ཚོགས་གྱིས་བསྟེན་འོས་བསམ་ཡས་ལུང་མང་པའི། །གྲགས་སྙན་ལྷ་ཡི་རྔ་སྒྲས་ཕྱོགས་ཀྱི་བུ་མོའི་རྣ་ལུང་མཛེས་པར་གྱུར། །ཐུན་མོང་ཐུན་མིན་ཟབ་ཅིང་རྒྱ་ཆེ་ཤེས་བྱའི་ཆུ་ཀླུང་བྱེ་བ་སྙེད། །རྣམ་དཔྱོད་བློ་གྲོས་ཟབ་མོའི་ཧུབ་ཀྱིས་ཉེར་དྲངས་ཐུགས་བུམ་བསྐྱིལ་ནས་སླར། །གང་འདུལ་བློ་དང་འཚམ་པར་ལེགས་བཤད་ཡན་ལག་བརྒྱད་ལྡན་སྐྱུག་པ་ཡིས། །མོས་ལྡན་ཡིད་ཀྱི་རྨོངས་པའི་དྲི་ཀུན་ཅིག་ཆར་འཁྲུད་པའི་མཐུ་ལྡན་གྱུར། །ནང་གི་པད་ཚལ་མཆོག་ཏུ་བཞད་ལས་གདམས་ཟབ་ཟིལ་དངར་འཇོ་བ་ཡིས། །བསྐལ་བཟང་རྐང་དྲུག་རེ་སྐོང་འཆད་པ་རྣམ་དག་ཙནྡྲ་གོ་མི་བཞིན། །ལུང་རིགས་སེང་གེའི་ང་རོས་ལྟ་དམན་རི་དྭགས་སྔངས་མཛད་ཆོས་ཀྱི་གྲགས། །རྩོམ་པ་ཕུལ་བྱུང་རྒྱལ་བསྟན་རབ་གསལ་འཕགས་མཆོག་ཀླུ་སྒྲུབ་གཟུགས་ཟླར་གྱུར། །ཡོན་ཏན་རྒྱ་མཚོའི་མཇིང་ལས་མངོན་སྣང་བསླབ་གསུམ་རྣམ་དག་རིན་ཆེན་ཁམས། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་སོགས་རྒྱལ་སྲས་སྤྱོད་པའི་བང་རིམ་མཛེས། །རྡོ་རྗེ་ཐེག་པ་ཐབས་ཤེས་བསྐྱེད་རྫོགས་ཉི་ཟླའི་དཀྱིལ་འཁོར་རབ་གསལ་ཞིང་། །མཁས་དབང་གསེར་རིའི་དབུས་ན་ཀུན་མཁྱེན་ཆོས་རྗེའི་ལྷུན་པོ་བརྗིིད་པར་གྱུར། །དེ་ཚེ་མི་བསྲུན་སྐྱེ་བོ་ཁམས་པའི་སྤྱོད་པ་རྩུབ་མོས་ཐུགས་འཁྲུགས་ཏེ། །གཏིང་ཚིག་རིག་པའི་མདའ་རྣོན་ལེ་ཚན་བཞག་ནས་ཡར་སྟོད་ཕྱོགས་སུ་གཤེགས། །རྒྱ་མ་ལྕོག་ལར་ཟླ་བརྒྱད་མུན་པའི་རྣལ་འབྱོར་རྩེ་གཅིག་དྲིལ་བའི་ཚེ། །མྱུར་མཛད་དཔལ་མོས་དབུ་ལ་རིན་ཆེན་རྒྱན་གསོལ་རྟག་པར་བྱིན་རླབས་ཅེས། །དབུགས་དབྱུང་སྩལ་ཅིང་བླ་མ་ལུང་བསྟན་སྔར་མེད་ཏིང་འཛིན་ཕྱམས་བརྡལ་གྱུར། །དྲིི་མེད་བཤེས་གཉེན་ཐུགས་རྗེའི་རྣམ་འཕྲུལ་སྙིང་པོའི་བསྟན་པ་གསལ་མཛད་པའི། །ཀུ་མཱ་རཱ་ཛ་འགྲོ་བའི་མགོན་པོ་མཚུངས་མེད་ཆོས་ཀྱི་རྒྱལ་པོའི་དྲུང་། །འཇིག་རྟེན་མིག་གཅིག་ཚུལ་ཁྲིམས་བློ་གྲོས་སྔར་མེད་སློབ་མཆོག་མངོན་འདུ་ཚེ། །དགྱེས་པའི་ཞལ་རས་འཛུམས་པའི་མདངས་ཕྱུང་སྲས་ཀྱི་དམ་པར་ཐུགས་ལ་བརྟག །དེ་ཚེ་ཆོས་ཕྱིར་དཀའ་ཐུབ་བཟོད་པའི་སྙིང་སྟོབས་གོ་ཆ་ཆེར་བགོས་ཏེ། །ནས་ཕྱེ་བྲེེ་གསུམ་དངུལ་ཆུ་རིལ་བུ་ཉེར་གཅིག་ཟླ་གཉིས་འཚོ་ཆས་དང་། ཁ་བས་ཉེན་ཚེ་སྒྱེ་སྣོད་གཅིག་གིས་གོས་གདན་གཉིས་ཀའི་གོ་དོད་མཛད། །ཨེ་མ་ཆོས་འཕགས་དྲུང་ན་རྟག་ཏུ་ངུ་བཞིན་འཕགས་པའི་བླ་མ་བསྟེན། །རྒྱལ་གསུངས་ཐེག་པ་ཀུན་གྱི་རྩེ་རྒྱལ་པཎ་ཆེན་བི་མ་མི་ཏྲ་ཡི། །ཐུགས་ཅུད་སྙིང་ཁུའི་ཉིང་ཁུ་ཡང་གསང་བླ་མེད་སྙིང་ཏིག་དབང་བཞི་དང་། །ཟབ་པ་པོད་བཞི་ལུང་ཕྲན་དང་བཅས་རྒྱུད་རྒྱལ་བཅུ་བདུན་ཊཱི་ཀ་བཅས། །མན་ངག་བརྒྱ་དང་བཅུ་གསུམ་བཀའ་སྲུང་སྒྲུབ་སྐོར་གདམས་ཀུན་ལྷག་མེད་གསུངས། །གཞན་ཡང་ཉང་གཏེར་གུ་རུ་ཞི་དྲག་བྱིན་རླབས་ལུག་རྒྱུད་བཀའ་བརྒྱད་དང་། །ཕག་མོ་དམར་ནག་ལ་སོགས་སྒྲུབ་པའི་སྐོར་དང་ཀུན་བྱེད་རྒྱལ་པོ་དང་། །ནམ་མཁའ་ཀློང་འཇོམས་ཆེ་བ་རང་གནས་སྲིད་འབེབས་ཤེས་བྱ་མཐའ་གཅོད་སོགས། །ཕྱི་ནང་གསང་སྐོར་རྒྱུད་ལུང་མན་ངག་མང་གསུངས་བསྟན་པ་གཉེར་དུ་གཏད། །གདུལ་བྱ་གཞན་དོན་ལ་དགྱེས་རྒྱལ་སྲས་སྣ་ཚོགས་རང་གྲོལ་རྣལ་འབྱོར་པས། །ཀུན་ལས་ཁྱད་འཕགས་མན་ངག་སྙིང་ཏིག་གདེངས་ཅན་གཙུག་ནོར་མཆོག་ཐོགས་ནས། །ཟབ་རྒྱས་གདམས་པའི་འདོད་དགུ་ཆར་དུ་ཕབ་དེས་སྐལ་བཟང་འགྲོ་བའི་ཚོགས། །གདམས་པས་དབུལ་བའི་གདུང་བ་ཀུན་བསལ་རྣམ་གྲོལ་ཡོན་གྱིས་ཕྱུག་པར་གྱུར། །དུས་གསུམ་ཀུན་མཁྱེན་ཀུན་ཏུ་བཟང་པོས་ཐལ་འགྱུར་རྩ་བའི་རྒྱུད་མཆོག་ཏུ། །བསླུ་མེད་རྡོ་རྗེའི་ལུང་གིས་ཡོངས་བསྔགས་རྩོད་བྲལ་སྤྲུལ་སྐུ་ཀློང་ཆེན་པས། །གང་དང་མི་འདྲ་ཀུན་ལས་ཁྱད་འཕགས་བློ་དང་ཡིད་དཔྱོད་ལས་འདས་པའི། །ཡང་གསང་རྫོགས་པ་ཆེན་པོའི་ཤིང་རྟ་གསལ་དེས་གངས་ལྗོངས་དོན་ལྡན་བྱས། །ཀློང་ཆེན་རབ་འབྱམས་སྔར་མེད་ཉི་གཞོན་གདུལ་བྱའི་མཁའ་ལ་ལེགས་འཆར་བས། །ཡང་གསང་ཐེག་མཆོག་ཆོས་ཀྱི་འོད་ཟེར་འབུམ་ཕྲག་ཀུན་དུ་འཕྲོ་བ་ཡིས། །མ་རིག་མུན་བསལ་སྲིད་པའི་ཆུ་གཏེར་ཡོངས་སུ་སྐེམ་དང་ཆབས་ཅིག་པར། །བློ་ལྡན་བློ་ཡི་པད་ཚལ་རབ་བཞད་ཚེ་གཅིག་བྱང་ཆུབ་འབྲས་བསྐྱེད་གྱུར། །དེ་ནས་བོད་ཡུལ་སྒྲུབ་གནས་ཀུན་གྱི་རྒྱལ་པོ་དཔལ་གྱི་མཆིམས་ཕུ་རུ། །འཕགས་ནོར་གྲངས་ལྡན་ཟླ་བའི་ཕུང་པོར་སྙིང་པོའི་སྒྲུབ་ལ་གཞོལ་བའི་ཚེ། །ལྷུན་གྲུབ་སྒང་དུ་ཕག་མོ་ནག་མོའི་དགྱེས་ཞལ་ཞག་བདུན་བར་དུ་གཟིགས། །བཀའ་བརྒྱད་ཕྱག་རྒྱ་རྒྱས་པར་བདུན་བརྒྱ་ཉེར་ལྔའི་འཁོར་བཅས་ཡང་ཡང་གཟིགས། །ཛམ་བྷ་ལ་ཡིས་ནོར་བུ་གཡུ་སྒྲོན་ལྷ་མོས་ཕྱི་ནང་གསང་སྒྲུབ་ཕུལ། །གེ་གོང་གུ་རུའི་ཞལ་གཟིགས་མཁའ་སྤྱོད་ལ་བཞུང་ཌཱ་ཀིའི་སྙིང་ཏིག་ཕུལ། །དགེའུར་རྟ་ཕག་རྡོར་སེམས་ཚེ་འོད་དཔག་མེད་རྣམས་ཀྱི་དགྱེས་ཞལ་བསྟན། །དུར་ཁྲོད་གནས་སུ་ཨེ་ཀ་ཛ་ཊི་སྤྱན་གཅིག་གཟའ་བདུད་རྡོར་ལེགས་གཟིགས། །ཇ་འུག་མགོན་པོ་ཕྱག་བཞི་རྡོ་རྗེ་བདུད་འདུལ་དགེ་བསྙེན་ཉེར་གཅིག་གཟིགས། །འཕགས་པའི་འཕགས་པ་བྱར་མེད་ཀློང་ཡང་ནམ་མཁའི་རྣལ་འབྱོར་ཆེན་པོ་ལ། །ཀུན་ནས་ཀུན་ཏུ་རྩ་གསུམ་རབ་འབྱམས་རྒྱལ་བས་རྗེས་བཟུང་འབྲལ་མེད་ངང་། །ཡང་དང་ཡང་དུ་ཆོས་ཀྱི་བསྒྲོ་བས་ཟབ་དོན་སྙིང་པོ་གཏན་འབེབས་ཚེ། །ཀུན་ནས་ཀུན་ཏུ་བསྟན་ལ་རབ་དགའ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་མཆོད། །སྟོན་པའི་ཞལ་སྐྱིན་ཤཱཀྱ་མུ་ནེར་མཆོད་པའི་སྤྲིན་ཕུང་ལེགས་སྤྲོས་ཚེ། །ཀུན་ནས་མཛེས་པའི་འོད་ཟེར་མཛོད་སྤུ་ནས་འཕྲོས་སྤྱི་བོར་ཐིམ་པའི་མོད། །བྱ་རྒོད་སྤུངས་རི་ལི་ཡི་ཡུལ་གཟིགས་མ་ཧཱ་མུ་དྲར་འཁྲུངས་ཚུལ་དང་། །རྒྱ་ཆོས་མ་ལུས་ཐུགས་ལ་གསལ་བས་སྔར་བས་ཐུགས་རབ་བདེ་བར་གྱུར། །ཤིང་ཡོས་ལོ་ལ་རི་མོ་ཅན་དུ་གསང་བ་སྙིང་ཏིག་གསུངས་པའི་སྐབས། །ཆོས་བདག་ཌཱ་ཀིའི་བསྐུལ་བཞིན་མཁའ་འགྲོོ་སྙིང་ཏིག་ཐོག་མར་ཞལ་ཕྱེས་ཚེ། །མཁའ་འགྲོའི་འདུ་བ་དཔག་ཏུ་མེད་པ་རྣལ་འབྱོར་ཕོ་མོ་ཀུན་གྱིས་མཐོང་། །ཉིན་མཚན་ཀུན་ཏུ་མཁའ་འགྲོའི་རང་སྒྲ་ལྷ་ཡི་རོལ་མོ་དིར་དིར་བྱུང་། །རྣལ་འབྱོར་ཀུན་ཀྱང་བདེ་གསལ་མི་རྟོག་ཡེ་ཤེས་ཉིན་མཚན་འདའ་བ་ལས། །གཉིད་དུ་སོང་ཡང་རྨི་ལམ་མེད་ཅིང་ཐ་མལ་རྣམ་རྟོག་དབྱིངས་སུ་འགག །ངོ་སྤྲོད་དུས་སུ་མཐིང་ཀ་ཁྱབ་པ་ཆེ་དང་ལྔ་ལྡན་ཡེ་ཤེས་མཐོང་། །ཟླ་གཅིག་བར་དུ་དྲི་བཟང་ངད་ལྡང་མཁའ་དབྱིངས་དབང་གཞུའི་དྲྭ་བས་མཛེས། །དེ་ཚེ་ཨོ་རྒྱན་ཡབ་ཡུམ་ཌཱ་ཀི་འཁོར་ཚོགས་རྒྱ་མཚོས་རྗེས་བཟུང་སྟེ། །ལས་འབྲེལ་རྩལ་འོག་ལོངས་སྐུའི་ཞིང་ཉུལ་ངེས་བཟུང་གདམས་པའི་གཏད་རྒྱ་གནང་། །སྒྲུབ་གནས་གསོ་དང་བསྟན་བཅོས་བརྩམས་པའི་རྗེས་གནང་ལུང་བསྟན་དབུགས་དབྱུང་དང་། །ཨོ་རྒྱན་དྲི་མེད་འོད་ཟེར་སྟོང་ལྡན་མཚན་གྱི་ཅོད་པཎ་སྤྱི་བོར་བཅིངས། །ཆོས་ཟད་བློ་འདས་རྫོགས་ཆེན་དགོངས་ཀློང་ནམ་མཁའ་ལྟ་བུ་མངོན་དུ་གྱུར། །ཨེ་མ་རྫོགས་སངས་རྒྱས་པ་མི་ཡི་ཚུལ་བཟུང་ཡོན་ཏན་བསམ་འདས་དཔལ། །ཨོ་རྒྱན་ཐུགས་ཀྱི་སྲས་མཆོག་དྲི་མེད་མཁྱེན་བརྩེའི་འོད་ཟེར་སྟོང་འབར་བས། །ཆོས་བདག་དྷཱ་ཀིའི་ཚོགས་ཀྱིས་ཡང་ཟབ་བསྟན་པའི་བདག་པོར་མངའ་གསོལ་བ། །འདི་འདྲའི་མཁས་དང་གྲུབ་པ་རྒྱ་མཚོའི་གོས་ཅན་གཞི་ན་གཞན་སུ་ཞིག །དེ་ནས་རྡོ་རྗེ་གཡུ་སྒྲོན་མས་བསྐུལ་གངས་རི་ཐོད་དཀར་ལ་གཤེགས་ཚེ། །ཌཱ་ཀིའི་རང་སྒྲ་ལྷ་ཡི་སིལ་སྙན་སྒྲོགས་དང་འཇའ་ཚོན་སྣང་བས་ཁེངས། །བསྟན་མ་བཅུ་གཉིས་མཆེད་དགུ་རྣམས་ཀྱིས་ངོ་མཚར་བཀོད་པས་བསུ་བ་བྱས། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་ཚེ་འོད་ཟེར་གོ་ཆས་གསོལ་བཏབ་ངོར། །མཁའ་འགྲོ་ཡང་ཏིག་ལྷ་ཡི་དཔག་བསམ་ལྗོན་ཤིང་བཟང་པོ་ལེགས་བསྐྲུན་ཚེ། །ཐོག་མར་བརྩམས་ནས་མཐར་རྒྱས་གྲུབ་པ་དེ་སྲིད་ཌཱ་ཀིའི་ཆུ་འཛིན་འཁྲིགས། །མཆོག་ཐུན་དངོས་གྲུབ་བདུད་རྩི་སྤྲིན་གྱི་ཟེགས་མ་ལེགས་དབབ་དགེ་མཚན་དང་། །ཆོས་སྲུང་རྣམས་ཀྱིས་ཅི་བགྱིས་བཀའ་སྒྲུབ་རྣམ་བཞིའི་ཕྲིན་ལས་ཐོགས་མེད་གྱུར། །གནས་དེའི་ལོ་གསུམ་སྒྲུབ་པ་མཛད་ཚེ་ཉི་ཤར་གོང་དུ་ནམ་མཁའ་ལ། །འོད་ལྔའི་ཚོམ་བུའི་དབུས་ན་ཀུན་བཟང་ཡབ་ཡུམ་ཞི་ཁྲོའི་དཀྱིལ་འཁོར་དང་། །པད་འབྱུང་བི་མ་མཁའ་སྤྱོད་བླ་མ་བཞི་དང་ཀུ་མཱ་རཱ་ཛ་གཟིགས། །དེ་ནས་བཟུང་སྟེ་སྐད་ཅིག་ཙམ་ཡང་ལྷ་ཡི་ཞལ་དང་འབྲལ་མེད་གྱུར། །གང་ཐུགས་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་གདོད་མའི་མགོན་དང་དབྱེར་མེད་པས། །རབ་འབྱམས་རྩ་གསུམ་ལྷ་དང་འདུ་འབྲལ་མེད་མོད་དེ་ལ་མཚར་དུ་ཅི། །ལན་གཅིག་མཐོང་བས་སྲིད་པའི་རིམས་ནད་དྲག་པོ་ཅིག་ཅར་གཞོམ་ནུས་པའི། །མཆོག་གི་ཞལ་རས་མངོན་སུམ་མཇལ་བའི་འགྲོ་འདིའི་འདྲེན་བྱེད་བསོད་ནམས་ཕུལ། །ལྷ་རིང་བྲག་ཏུ་ཞི་ཁྲོའི་བསྐང་ཆོག་མཛད་ཚེ་རབ་འབྱམས་དཀྱིལ་འཁོར་ལྷ། །དེར་འཚོགས་སྐལ་ལྡན་ཀུན་གྱིས་མཐོང་ཞིང་ཐ་མལ་སྣང་བ་ཡུད་ཙམ་འགགས། །དེ་དུས་བི་མས་ཞྭ་ཡི་ལྷ་ཁང་གསོ་བའི་ལུང་བསྟན་སྐུལ་ལྕག་མཛད། །གུ་རུའི་ལུང་བཞིན་འབྲི་གུང་དགོན་པ་ཀུན་རིན་ངན་འགྲོའི་གཡང་ལས་སྐྱབས། །དེ་སྐབས་གདོང་ལྔའི་ཁྲིར་བཞུགས་བི་མས་ང་ནི་ཀུ་མཱ་རཱ་ཛ་ཡིན། །པདྨ་བརྩེགས་པའི་ཞིང་དུ་འགྲོ་བས་ཁྱོད་ཀྱི་བསྟན་པ་དར་བར་གྱིས། །ཞེས་གསུངས་བསྟན་པ་གཉེར་དུ་གཏད་གཟིགས་དེ་དུས་རིག་འཛིན་ཆེན་པོ་གཤེགས། །འབུལ་བ་ལྔ་དང་འཁོར་གསུམ་ཡོང་དག་གཉིས་ཏེ་བདུན་གྱི་འདས་རྫོགས་དང་། །ཁྱད་པར་འོད་གསལ་སྙིང་པོའི་བསྟན་མཆོག་མི་ནུབ་ཡུན་དུ་གསལ་བྱེད་པའི། །རྒྱུད་དང་མན་ངག་ཀུན་གྱི་བཅུད་བསྡུས་ཐེག་མཆོག་རཏྣའི་མཛོད་བརྩམས་ཚེ། །སྔགས་བདག་གཟའ་དང་སྐྱེས་བུ་རྣམས་ཀྱིས་མངོན་སུམ་ལས་རྣམས་སྒྲུབ་པར་གྱུར། །རིས་སུ་མ་ཆད་རྒྱལ་བསྟན་དྲི་མེད་དཔག་བསམ་ལས་འཁྲུངས་ལྷ་གོས་རྩེར། །འོད་གསལ་རྡོ་རྗེ་སྙིང་པོ་དགོས་འབྱུང་དབང་གིི་རྒྱལ་པོའི་ཏོག་མཛེས་ཤིང་། །བཤད་སྒྲུབ་ཕྲིན་ལས་དར་དཔྱངས་རྣམ་འཕྱང་འགྲོ་ཀུན་སྐྱོབ་པའི་གྲིབ་བསིལ་ཅན། །རྨད་བྱུང་རིན་ཆེན་གདུགས་མཛེས་ཨོ་རྒྱན་དྲི་མེད་འོད་ཟེར་མཆོག་དེས་བསྒྲིངས། །གུ་རུའི་ལུང་བཞིན་ཞྭ་ཡི་ལྷ་ཁང་ཉམས་གསོ་མཛད་ཚེ་དབུ་རྩེ་ནས། །ས་སྙིང་འགུ་རྩེ་གང་བཅུས་ལྷ་ཁང་ཆ་རྐྱེན་རྟེན་གྱི་ན་བཟར་གསོལ། །གནས་དེར་ཟབ་གཏེར་མང་རབ་ཡོད་ཀྱང་གདམས་ཟབ་འགའ་ལས་གཞན་རྣམས་བསྐྱུར། །ས་རྡོ་བསལ་ཚེ་མནན་ཐོད་འཕུར་བ་ན་བཟའི་གཡབ་མོས་བཟུང་སྟེ་མནན། །སྐྱེས་བུ་ཆེན་པོ་བྱིས་པར་བརྫུས་ནས་བཟོ་བོ་རྣམས་ཀྱི་གྲོགས་དན་བྱས། །ལེགས་ཉེས་བླང་དོར་གནས་རྣམས་གཟའ་དང་རྡོ་རྗེ་ལེགས་པས་དངོས་སུ་འཆད། །མི་མང་སྟོབས་དང་སྣ་ཚོགས་འཕྲུལ་གྱིས་འདེགས་པར་མ་ནུས་རྡོ་རིང་ཟུང་། །བདེན་པའི་ཚིག་གསུང་སྐུ་ཆོས་གཡབ་པའི་མོད་ལ་བསླངས་པའི་གྲུབ་རྟགས་མཛད། །མཐའ་དམག་འབྱུང་པོ་མནན་སླད་ལིང་ག་གསོ་དང་གསར་དུ་འཛུད་མཛད་ནས། །མནན་པར་ཕྱོགས་ཚེ་ཐོད་ཚོགས་མཁར་འཕགས་ས་རྡོའི་ཆར་ཕབས་འཇིགས་པའི་སྒྲས། །འཁོར་རྣམས་རེངས་ཤིང་ཀུན་ཏུ་བྲོས་ཚེ་ཀུན་མཁྱེན་དྲག་པོའི་སྐུར་བཞེངས་ཏེ། །སཾ་ཀྲི་ཏ་ཡི་སྐད་བསྒྲགས་རྡོ་རྗེའི་གར་དང་ཏིང་འཛིན་གྱིས་གཟིར་ཚེ། །མནན་ཐོད་ཐམས་ཅད་གཅིག་ལ་གཅིག་བརྡབ་སྒྲར་བཅས་སར་ལྷུང་ཆོ་འཕྲུལ་ཞི། །མ་རུངས་དམ་སྲི་འབྱུང་པོ་སྡེར་བཅས་ཕྲ་མེན་མཆོད་རྟེན་ཞབས་སུ་མནན། །དེ་ཚེ་ཆོས་རྗེ་གུ་རུ་དྲག་པོར་ཀུན་མཁྱེན་བསོད་ནམས་བཟང་པོས་གཟིགས། །གང་ཞིག་ཞི་བས་མི་འདུལ་མི་བསྲུན་གདུག་པའི་ཚོགས་རྣམས་འདུལ་སླད་དུ། །ཐུགས་རྗེ་ཆེན་པོས་ཁྲོ་བོའི་སྐུར་སྟོན་མཐུ་སྟོབས་ལྕེ་འབབ་བསྟན་{སྡན} པ་ཡིས། །སྐད་ཅིག་གཅིག་ལ་མི་བསྲུན་གདུག་པ་སྡེར་བཅས་ལྷག་མེད་བཅོམ་མཛད་པ། །འདི་ནི་བཅོམ་ལྡན་གསང་བདག་རྡོ་རྗེ་འཛིན་དབང་མཆོག་དང་སོ་སོར་རྟོག །རབ་ཏུ་གནས་པའི་མེ་ཏོག་འཐོར་ཚེ་སྐལ་ལྡན་སློབ་མ་འགའ་ཞིག་གིས། །ཀུན་ཏུ་བཟང་པོའི་སྐུར་གྱུར་ཐུགས་ལས་འོད་ཟེར་གྲངས་མེད་སྤྲོས་པའི་རྩེར། །བསྒྲང་ཡས་སྲས་བཅས་རྒྱལ་བ་བཞུགས་དང་འཕགས་པས་མེ་ཏོག་འཐོར་བ་མཐོང་། །ཀུན་མཁྱེན་ཉིད་ཀྱིས་ཐུབ་དབང་བྱམས་མགོན་གནས་བརྟན་བཅུ་དྲུག་འཁོར་བཅས་གཟིགས། །ཁྱད་པར་མཻ་ཏྲིའི་ཕྱག་གཡས་བརྐྱངས་ནས་འདི་འོག་སྐྱེ་བ་གཉིས་འདས་ཚེ། །པདྨ་བརྩེགས་པར་བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱར་འགྱུར། །ཞེས་གསུངས་བསླུ་མེད་རྡོ་རྗེའི་གསུང་གིས་བྱང་ཆུབ་ལུང་བསྟན་དབུགས་དབྱུང་སྩལ། །དམིགས་བཅས་དམིགས་མེད་ཚོགས་གཉིས་ས་བོན་རྒྱ་མཚོ་ལྟ་བུ་སྔར་བསྐྲུན་པས། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་སྤངས་རྟོགས་ཡོན་ཏན་ནོར་བུའི་ཕྱུག །རྒྱལ་དང་རྒྱལ་སྲས་ཀུན་གྱི་ལུང་བསྟན་ཤིས་པའི་པུཥྤེ་ཆེར་འཐོར་བའི། །འཕགས་པའི་འཕགས་པ་མཆོག་འདིའི་རྣམ་ཐར་རྒྱ་མཚོར་འགྲན་ནུས་སུ་ཞིག་ཡོད། །སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་མཛད་ཚེ་ཨོ་རྒྱན་མཁའ་འགྲོ་སྡེ་ལྔ་གཟིགས། །ཏི་སྒྲོའི་ལས་ཀྱི་ཌཱ་ཀི་རྣམས་ལྷགས་འདུས་པ་བཅུ་ཕྲག་ལྔ་ལ་བབས། །ལེགས་ཉེས་ལུང་སྟོན་སྤྱི་དང་ཁྱད་པར་བུམ་ཐང་སྨད་དུ་འབྱོན་པར་བསྐུལ། །དེ་ནས་ཏི་སྒྲོར་བྱོན་ནས་བདུན་ཕྲག་གསུམ་ལ་ཞི་ཁྲོའི་ཚོགས་སྐོང་མཛད། །སྒྱུ་འཕྲུལ་བཀོད་པས་བྲག་རིའི་དཀྱིལ་ན་རྒྱལ་མཚན་དང་ནི་ཅོད་པཎ་བཙུག །ཤུག་གསེབ་བཞུགས་དུས་ས་ཕག་འཁྲུགས་པས་བོད་ཁམས་མི་བདེའི་མཚན་མ་གཟིགས། །ལུང་བཞིན་མོན་གྱི་ཕྱོགས་སུ་འབྱོན་དགོངས་ལྷ་སར་བྱོན་ཚེ་ཡར་ལུང་པས། །སྐུ་ལ་སྡོ {བརྡོ}བའི་དམག་གིས་བསྐོར་ཚེ་མི་སྣང་བ་ཡི་གྲུབ་རྟགས་བསྟན། །རབ་མཛེས་སྐུ་ནི་གང་འདུལ་དེར་སྟོན་བསམ་མི་ཁྱབ་པའི་རྫུ་འཕྲུལ་ཅན། །རབ་སྙན་གསུང་གིས་ཐེག་མཆོག་ཆོས་དབྱངས་རྒྱུན་ཆགས་གདུལ་འགྲོའི་རྣ་བར་སྒྲོགས། །རབ་གསལ་ཐུགས་ཀྱི་དུས་གསུམ་ཀུན་མཁྱེན་གཟུངས་དང་ཏིང་འཛིན་བློ་གྲོས་རྒྱས། །རབ་འབྱམས་རྒྱལ་བའི་སྲས་གཅིག་ཀློང་ཆེན་གྲུབ་པའི་ཁྱུ་མཆོག་འདིར་མཚུངས་སུ། །དེ་ནས་ལྷ་སར་བཞུགས་ཚེ་ཇོ་བོའི་སྐུ་ལས་འོད་ཟེར་གསེར་མདོག་འཕྲོས། །དབུའི་སྟེང་འོད་ཁྱིམ་ནང་ན་སངས་རྒྱས་རབ་བདུན་སྨན་བླ་སྒྲོལ་དཀར་སྔོོན། །བདེ་དགྱེས་སྤྱན་གཟིགས་ཕྱག་སྟོང་སྤྱན་སྟོང་རྒྱལ་བ་རྒྱ་མཚོ་རྒྱལ་པོ་ལུགས། །མཐའ་སྐོར་མགོན་པོ་བེར་ནག་རྒྱལ་ཆེན་བཞི་དང་སེང་གདོང་དཔལ་ལྷ་མོ། །འཁོར་བཅས་བཞེངས་ནས་ནམ་མཁར་གཟིགས་པ་མནལ་ལམ་ཚུལ་དུ་གསལ་པོར་གཟིགས། །བྲག་བླ་ཀླུ་ཕུག་བྱོན་ཚེ་ཉིན་མཚན་ཀུན་ཏུ་ཤེལ་རི་ཐུགས་ལ་གསལ། །དེ་ནས་ཀུན་རྨོངས་མུན་པས་མིག་ལྡོང་བླང་དོར་འཆོལ་བའི་གཡང་ས་རུ། །མངོན་པར་འཕྱན་པའི་ལྷོ་མོན་འགྲོ་བ་ཉམ་ཐག་མ་ལུས་བསྐྱབ་པའི་སླད། །དྲི་མེད་མཁྱེན་པའི་ཆ་རྫོགས་བརྩེ་ཆེན་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཅན། །བོད་ཁམས་དཀར་པོར་བྱེད་པའི་ནམ་མཁའི་ནོར་བུ་ཕྱོགས་དེར་དགྱེས་པར་གྱུར། །ཉེས་སྤྱོད་འཆལ་བའི་དྲི་མས་ཡོངས་བཏང་རྣམ་གཙང་དྲི་བཟང་ཁང་པ་ཆེ། །དགེ་བའི་ཆོས་སྡུད་ཕར་ཕྱིན་དྲུག་ལྡན་འདབ་ཕྲེང་རབ་རྒྱས་གེ་སར་མཛེས། །བསྡུ་དངོས་བཞི་ཡི་དྲི་བསུང་ཀུན་འཐུལ་གཞན་ཕན་ཟིལ་དངར་འཇོ་བ་ཅན། །རྨད་བྱུང་རྒྱལ་བའི་མྱུ་གུའི་ཆུ་རྒྱན་ལྷོ་མོན་ཕྱོགས་སུ་འཛུམས་པ་བཞིན། །སྟོན་པས་ལེགས་གསུངས་མཚན་ཉིད་ཐེག་པ་རིན་ཆེན་དཔག་བསམ་ལྗོན་ཤིང་ཆེ། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་ཡལ་འདབ་མེ་ཏོག་ཀུན་ཏུ་རྒྱས། །ཡོ་ག་རྣམ་གསུམ་འབྲས་བུའི་ཁུར་དུད་མན་ངག་འདོད་དགུའི་གྲུ་ཆར་གྱིས། །སྐལ་ལྡན་རྣམ་སད་རེ་བ་སྐོང་དེ་བུམ་ཐང་སྨད་དུ་འཁྲུངས་ལ་ཕྱོགས། །ངོ་མཚར་འཕགས་ནོར་རིན་ཆེན་བདུན་གྱིས་མདུན་བསྟར་རྣམ་བཞིའི་ཕྲིན་ལས་ཆེ། །དཔུང་ཚོགས་ཡན་ལག་བཞིར་ལྡན་འགྲོ་བའི་ཁ་ལོ་ཐར་པར་འདྲེན་མཛད་པའི། །ཀུན་མཁྱེན་ཆོས་རྗེ་འཁོར་ལོས་སྒྱུར་མཆོག་ལྷོ་མོན་གདུལ་ཞིང་ལ་གཤེགས་ཚེ། །དགེ་བསྙེན་ཉེར་གཅིག་རྨུ་རིས་བསུས་ཤིང་ཕོ་མ་རྐྱང་ཐང་སྤྱན་གཟིགས་དྲང་། །ཤིན་ཏུ་དྭངས་པའི་ཀུན་གསལ་ངོགས་སུ་རྣམ་བཀྲའི་བརྒྱ་བྱིན་ཚོན་ཀ་ཡི། །བླ་རེ་དྲྭ་བ་དྲྭ་ཕྱེད་ཟླུམ་སྐོར་ཟ་འོག་རིས་མཛེས་ངོ་མཚར་གྱིས། །དགེ་མཚན་བཀོད་པ་བཟང་པོ་དང་འགྲོགས་ཀུན་མཁྱེན་ཞབས་སེན་འཆར་ཀའི་ཟླ། །དད་ལྡན་ཀུནྡའི་ཚལ་མཛེས་བུམ་ཐང་ས་ཡི་ཐིག་ལེར་གསལ་བར་གྱུར། །གང་གི་གསང་གསུམ་བདུན་གྱི་བདུན་པ་གདུལ་བྱའི་མཁའ་ལ་འཆར་བ་དང་། །སྡིག་སྤྱོད་བདུད་སྡེའི་མུན་པ་དབྱིངས་སངས་དགེ་བཅུའི་སྣང་བ་རབ་ཏུ་རྒྱས། །སྔར་མེད་བཤད་སྒྲུབ་ཡོན་གྱིས་རྣམ་མཛེས་ཐར་པ་གླིང་གི་པད་ཚལ་ཆེ། ཡོངས་སུ་བཞད་དང་ཕྱོགས་ཀྱི་སྐལ་ལྡན་རྐང་དྲུག་འདུ་བ་ལྷན་ཅིག་གྱུར། །ཤིན་ཏུ་བློ་དམན་དགེ་སྡིག་མི་ཤེས་དམ་ཆོས་སྒྲ་ཙམ་མ་ཐོས་པའི། །གསོད་གཅོད་དཀར་མིན་ལས་ལ་ཡིད་གཞུངས་གདུལ་དཀའ་མཐའ་འཁོབ་ལྷོ་མོན་འགྲོ། །བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་ཟབ་མོས་དབང་བསྡུས་ལམ་མིན་གཡང་ལས་སྐྱབས། །སྐྱབས་སེམས་རྒྱུ་འབྲས་ཆོས་ཀྱི་བདུད་རྩིས་བྱང་ཆུབ་མྱུ་གུ་བསྐྱེད་པ་དང་། །རི་རྒྱ་ཀླུང་རྒྱ་ལམ་རྒྱ་ལ་སོགས་དགེ་བཅུའི་ཁྲིམས་ཀྱིས་བདེ་ལ་བཀོད། །དྲི་མེད་རྒྱལ་བསྟན་ཡུན་དུ་གནས་སླད་ཐར་བ་གླིང་གི་ཆོས་གཞི་བཙུགས། །རིག་གྲོལ་ཡོན་ཏན་དཔལ་གྱིས་མཛེས་པའི་དགེ་འདུན་འབུམ་ཕྲག་ལྷག་པ་འདུས། །ཟབ་རྒྱས་མདོ་སྔགས་ཆོས་ཚུལ་མཐའ་དག་ཉན་བཤད་སྒྲུབ་པས་གཏན་ལ་ཕབ། །ཁྱད་པར་ཐེག་པ་ཀུན་གྱི་མཆོག་རབ་ཡང་གསང་རྫོགས་པ་ཆེན་པོ་ཡི། །ལྟ་སྒོམ་སྤྱོད་འབྲས་འཆུག་མེད་རྒྱལ་བའི་དགོངས་པ་མཐར་ཐུག་ལ་བཀོད་པས། མཁས་དང་གྲུབ་པའི་ཡོན་ཏན་རྨད་བྱུང་བཤེས་གཉེན་གསེར་རིའི་ཕྲེང་བས་མཛེས། །སྔ་འགྱུར་ལུང་རྟོགས་བསྟན་མཆོག་རིན་ཆེན་ཉིན་མོ་ལས་ཀྱང་ཉིན་མོར་གྱུར། །བསླབ་པ་གསུམ་གྱི་ཡོན་ཏན་རྒྱ་མཚོས་མངོན་ཕྱུག་འཕགས་པའི་གནས་བརྟན་བཞིན། །ཤེས་རབ་གསུམ་གྱི་ནོར་བུའི་མཛོད་འཆང་སྨྲ་བའི་སེང་གེའི་རྗེས་འགྲོ་ཞིང་། །ཚད་མ་གསུམ་གྱིས་རྒོལ་ངན་ཚར་བཅད་ཆོས་ཀྱི་གྲགས་པའི་དཔེར་འོས་པའི། །འཕགས་པའི་སློབ་དཔོན་དུ་མས་ཁེངས་དེས་འཕགས་ཡུལ་རེ་བ་ལྷོད་པོར་བྱས། །ཐར་གླིང་དགེ་འདུན་འདུས་པའི་དམར་སེར་བླ་གོས་འཆང་བའི་འོད་རིས་ཀྱིས། །ལྷ་ལམ་ལེ་བརྒན་ཚོས་མདངས་བསྒྱུར་བའི་གྲགས་སྙན་སྒྲོགས་སླད་དབྱར་གྱི་རྔ། །ལ་འུར་བསྒྲགས་ཚེ་འཆི་མེད་དབང་པོས་མིག་སྟོང་བསྒྲད་ནས་བལྟ་བ་དང་། །འཇིག་རྟེན་བྱེད་པོས་སྒྲ་འཛིན་བརྒྱད་དུ་སྤྲུལ་ནས་ཡང་ཡང་མཉན་མིན་ནམ། །ཨེ་མ་བསྒྲང་ཡས་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་རྣམ་མཛེས་ཀུན་མཁྱེན་ཆེ། །ཨེ་མ་འཕགས་པའི་གདུང་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་ཆེན་པོ་ནི། །ཨེ་མ་བསམ་མི་ཁྱབ་པའི་འཁོར་ཚོགས་རྒྱ་མཚོའི་ཡོན་ཏན་ཁུར་ལྕི་བས། །ཨེ་མ་འདེགས་པར་བཟོད་པའི་ནོར་བུ་འཛིན་མ་འདི་ནི་རབ་ཏུ་བརླིང་། །མང་མང་སྲིད་མཚོར་དུབ་ལྡན་འགྲོ་སྒྲོལ་ལ་བརྩོན་དགེ་འདུན་འདུས་པའི་སྡེ། །མཛེས་མཛེས་འཆལ་སྤྱོད་དྲི་མ་ཀུན་བྲལ་སོ་ཐར་ཁྲིམས་ཀྱིས་རྒྱུད་དུལ་ཞིང་། །ཟབ་ཟབ་རྫོགས་ཆེན་སྙིང་པོའི་དོན་བསྒོམ་ཆོས་ཅན་སྣང་བ་དབྱིངས་སུ་ནུབ། །མཚར་མཚར་དབང་རྣོན་ཚེ་འདིར་འཚང་རྒྱ་རྒྱལ་བསྟན་སྙིང་པོ་གསལ་བར་གྱུར། །དེ་ལྟར་གནས་དེར་ཀུན་མཁྱེན་མཆོག་གིས་བསྟན་པའི་རྒྱལ་མཚན་བསྒྲེངས་ཟིན་ནས། །སྲས་ཀྱི་ཐུ་བོ་ཐམས་ཅད་མཁྱེན་པ་མཁན་ཆེན་དགེ་འདུན་རྒྱ་མཚོ་ལ། །གདམས་ཟབ་སྙིང་པོ་ལྷག་མེད་གནང་ནས་ངེས་གསང་བསྟན་མཆོག་གཉེར་གཏད་དེ། །ཡར་འབྲོག་ཁྲི་དཔོན་དད་པའི་ཞིང་སར་བསོད་ནམས་མགྲོན་དུ་གཤེགས་ནས་ནི། །བཛྲ་དྷཱ་ཛའི་ཡུལ་ཁམས་འགྲོ་ཀུན་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད། །ཐུན་མིན་འཁོར་ལ་མཁའ་འགྲོ་སྙིང་ཏིག་ཞལ་ཕྱེས་སྨིན་གྲོལ་མཐར་རྒྱས་གནང་། །སྐལ་ལྡན་ཆོས་ཀྱི་བདག་པོ་རྒྱལ་སྲས་བཟོད་པར་གདམས་པའི་བཀའ་གཏད་མཛད། །སྔོན་ཆད་དགྲར་འཛིན་ཏ་སི་བྱང་རྒྱལ་མཆོག་ཏུ་དད་ནས་སྤྱན་དྲངས་ཤིང་། །ཕུལ་དུ་བྱུང་བའི་སྲི་ཞུའི་ལེགས་མཆོད་ཏ་སི་འཁོར་བཅས་ཐར་པར་བཀོད། །གངས་དཀར་གནས་སུ་སྟོང་ཕྲག་ལས་བརྒལ་འདུས་པ་རྒྱ་མཚོ་སྨིན་གྲོལ་མཛད། །དེ་ནས་གཙང་འགྲམ་ཕར་ཚུར་ཆོས་ཀྱི་ཁྲི་བརྩེགས་གདུལ་འགྲོར་ཆོས་ཆར་ཕབ། །མི་རིང་ལྷ་སར་ཞབས་བཏེག་དགེ་འདུན་འདུས་པ་རྒྱ་མཚོས་བསུ་བ་བྱས། །ལྷ་ར་གཉིས་བར་ཆོས་ཀྱི་ཁྲི་བརྩེགས་ཟླ་བ་ཕྱེད་དུ་སེམས་བསྐྱེད་གསུངས། །ས་ཡི་ཕྱོགས་ཀུན་ཆོས་ཉན་གྱིས་གང་ཀུན་ཀྱང་ཐར་པའི་ལམ་ལ་བཀོད། །ཁེངས་པའི་བློ་ཅན་དུ་མ་ལུང་དང་རིགས་པས་བརྟུལ་ནས་འདུད་པར་མཛད། །སྙེ་ཕུར་སྣོད་ལྡན་སྟོང་ཕྲག་ཙམ་ལ་གསང་བ་སྙིང་ཐིག་སྨིན་ཁྲིད་གནང་། །དེ་ནས་སི་ཏུ་ཤཱཀྱ་བཟང་པོས་ཁ་བ་རི་རུ་སྤྱན་དྲངས་ཤིང་། །དབྱར་གསུམ་གྲོང་རི་ཨོ་རྒྱན་དགོན་དུ་ཕུལ་བྱུང་སྲི་ཞུས་ལེགས་མཆོད་ཚེ། །འབྲི་གུང་མཁན་སློབ་ལ་སོགས་གཞན་དོན་ནུས་པའི་སློབ་དཔོན་བཅུ་ཕྲག་བཞི། །ལས་སྨོན་སྐལ་ལྡན་སུམ་སྟོང་ཙམ་ལ་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །དབང་ཁྲིད་རྒྱབ་ཆོས་དང་བཅས་ས་གས་ཉ་ལ་དབུ་བཙུགས་མཐར་རྒྱས་གསུངས། །འབུལ་ནོར་གང་བྱུང་སུམ་གཉིས་ཚེས་བཅུ་ཚེས་བརྒྱད་མཆོད་པའི་རྫས་སུ་མཛད། །དེ་སྐབས་མི་རིང་གཤེགས་པར་དགོངས་ནས་རྒྱལ་སྲས་བཟོད་པར་ཞལ་ཆེམས་གནང་། །དེ་ཡི་རང་ནས་སྣོད་ལྡན་ཤིན་ཏུ་དབང་རབ་བརྒྱ་ཕྲག་ལས་བརྒལ་བར། །ཐུན་མིན་དབང་གདམས་རྒྱུད་འགྲེལ་མན་ངག་དང་བཅས་ལྷག་མེད་སྩལ་བའི་མཐར། །ཚོགས་ཀྱི་སྐབས་སུ་རང་རེ་དཔོན་སློབ་ཆོས་འཁོར་བསྐོར་ནས་དགའ་སྟོན་གྱི། །ཚོགས་འཁོར་བསྐོར་བའང་ད་ནང་ཙམ་མོ་གཞན་དོན་བྱེད་པའི་སློབ་དཔོན་རྣམས། །རང་འདོད་འཁྲིས་སྤོངས་སྣོད་ལྡན་སློབ་མར་དབང་བསྐུར་རྒྱུད་བཤད་མན་ངག་སྟོན། །ཉམས་ལེན་བྱེད་ཀུན་ཚེ་འདི་བློས་ཐོངས་ཁྲེགས་ཐོད་དོན་ལ་མཉམ་པར་ཞོག །སོམ་ཉི་བྱུང་ན་ཡང་ཏིག་ཡིད་ནོར་འདིར་ལྟོས་འདི་ནི་དཔག་བསམ་འདྲ། །ཞིབ་མོར་ལྟོས་ལ་ལེགས་པར་སྒོམ་དང་ཆོས་ཟད་གདོད་མའི་སར་ཕྱིན་འགྱུར། །ཞེས་སོགས་ཐུན་མོང་ཐུན་མིན་ཞལ་གདམས་བསླབ་བྱ་གང་འོས་ཞིབ་མོར་མཛད། །དམ་པ་འདི་ཡི་མཛད་སྤྱོད་ཀུན་ལ་འཁྲུལ་པའི་དྲི་མ་ཆར་བཅས་བྲལ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་འཆད་རྩོད་རྩོམ་ལ་ཆགས་དང་ཐོགས་པ་མེད། །མཐོང་ཐོས་དྲན་པའི་འགྲོ་ཀུན་སྲིད་པའི་སྡུག་བསྔལ་ཆུ་གཏེར་ཕ་མཐར་སྒྲོལ། །ཐུབ་པའི་བསྟན་ལ་སྟོན་པ་གཉིས་གྱུར་འཇིག་རྟེན་གསུམ་གྱི་མགོན་ལ་འདུད། །ཤེས་རབ་ཟབ་མོས་སྲིད་མཚོ་བརྒལ་ཡང་སྙིང་རྗེ་ཆེན་པོས་ཞིང་མི་གཞོལ། །ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་ཀྱང་ལས་འབྲས་སྤང་བླང་ཞིབ་མོར་འཐར། །ངེས་པའི་དོན་དུ་ཀུན་ལས་འདས་ཀྱང་དྲང་དོན་མཛད་སྤྱོད་ཕལ་དང་བསྟུན། །ཁམས་གསུམ་འགྲོ་བའི་ས་མཁན་མཚུངས་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་འདུད། །ཆོས་བརྒྱད་འཁྲུལ་པའི་གཟེབ་ལས་གྲོལ་བས་མི་ཡི་རྗེེ་དང་མུ་ཏོ་མཉམ། །འཇིག་རྟེན་སྒྱུ་མའི་རྫུན་ཕུག་གཏིབ་པས་རིན་པོ་ཆེ་དང་ས་རྡོ་མཉམ། །རྨད་བྱུང་བྱང་ཆུབ་སེམས་མཆོག་འབྱོངས་པས་ཕན་འདོགས་ཡུལ་ལ་དགྲ་གཉེན་མཉམ། ཡང་དག་དོན་གྱི་བླ་མ་ཀུན་མཁྱེན་ཆོས་རྗེ་རྒྱལ་བའི་དབང་པོར་འདུད། །བརྒྱ་ཕྲག་སྲིད་པའི་རིམས་ནད་དྲག་པོ་ཅིག་ཅར་གཞོམ་མཛད་སྨན་པའི་རྒྱལ། །རྣམ་གྲོལ་ཞི་བ་རཏྣའི་གླིང་དུ་འདྲེན་པའི་རིན་ཆེན་གྲུ་བོ་ཆེ། །མཆོག་ཐུན་དགེ་ལེགས་འདོད་དགུའི་ཆར་འབེབས་ལྷ་ཡི་དཔག་བསམ་ལྗོན་ཤིང་མཆོག །རྒྱུད་དྲུག་འགྲོ་ཀུན་སྐྱོབ་པའི་མགོན་གཅིག་ཀུན་མཁྱེན་རྒྱལ་བའི་མྱུ་གུར་འདུད། །བསྒྲང་ཡས་བསོད་ནམས་དཔལ་ལས་མངོན་སྣང་གང་སྐུ་མཐོང་ན་མི་མཐུན་མེད། །འཁྲུལ་དང་ཅ་ཅོ་ཀུན་བྲལ་གསུང་གསང་ཐེག་མཆོག་སྙིང་པོ་དབྱངས་སུ་སྙན། །ཀུན་ཏུ་འཁྲུགས་པ་སྤངས་པའི་ཐུགས་ནི་མཁྱེན་བརྩེའི་ཡེ་ཤེས་ལྷག་པར་རྒྱས། །འཕགས་པའི་བླ་མ་ཀུན་མཁྱེན་དྲི་མེད་འོད་ཟེར་སྟོང་འབར་མགོན་དེར་འདུད། །རྟེན་བཞེངས་མཆོད་སྦྱིན་ལ་སོགས་བསྟན་འགྲོར་སྨན་པའི་མཛད་བཟང་བསམ་མི་ཁྱབ། །ཟབ་རྒྱས་ཆོས་ཀྱི་ཉན་བཤད་བསྟན་བཅོས་བརྩམས་སོགས་ཀློག་པའང་བསམ་མི་ཁྱབ། །མཉམ་པར་བཞག་པའི་ཏིང་འཛིན་ཟབ་མོའི་སྒོམ་བྱུང་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་པའི་སྐྱེས་བུ་ཀུན་མཁྱེན་བླ་མ་རྒྱལ་བ་གཉིས་པར་འདུད། །འབུམ་ཕྲག་ཡོན་ཏན་དཔལ་གྱིས་རབ་ལྕི་འཕྲོག་ཏུ་མེད་པའི་གཟི་འབར་བ། །གང་འདོད་འདོད་དགུའི་གྲུ་ཆར་འབེབས་པོ་སྐལ་བཟང་སྐྱེ་བོ་ངལ་འཚོའི་གཉེན། །ཆེན་པོ་རྣམས་ཀྱི་རལ་པའི་རྩེ་མོར་ཀུན་ནས་ཀུན་ཏུ་མཆོད་འོས་པའི། །འཛམ་གླིང་མཛེས་པའི་རྒྱན་གྱུར་གཅིག་པུ་ངོ་མཚར་རཏྣ་མཆོག་དེར་འདུད། །དེ་ནས་པདྨ་དབང་ཆེན་གཙུག་ལག་ཆེན་པོར་སོ་ནམ་མཆོད་འབུལ་དང་། །སྲུང་མར་གསོལ་མཆོད་ཕྲིན་གསོལ་འདུས་པ་རྒྱ་མཚོར་ཁྲོམ་ཆོས་གསུངས་པའི་ཚེ། །མེ་ཏོག་ཆར་བབས་འགྲོ་ཀུན་རྒྱུད་ལ་ཐར་པའི་ས་བོན་ཐེབས་པར་མཛད། །རྒྱ་མར་ཕྱག་ཕབ་བུ་སློབ་རྣམས་ལ་ཞལ་ཆེམས་བསླབ་བྱ་ལྷུག་པར་གནང་། །མཆིམས་ཕུར་ཕེབས་ཉིན་འདི་ནི་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །གཞན་དུ་སྐྱེས་ལས་གནས་འདིར་འཆི་བ་ལེགས་པས་ང་ཡི་སྒྱུ་ལུས་འདི། །མཆིམས་ཕུའི་དུར་ཁྲོད་ཆེན་པོར་འཇོག་པའི་བསམ་པ་ཐོག་ཏུ་ཁེལ་ལོ་གསུངས། །རྣམ་མང་ཕྱོགས་ཀྱི་འདུས་པར་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་བཏབ། །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་མངོན་སྣང་ཀུན་མཁྱེན་འགྲོ་བའི་སྒྲོན་མེ་ཆེས། །སྲིད་པའི་རྒྱ་མཚོ་འགྱུར་དང་འདུ་བྱེད་སྡུག་བསྔལ་རླབས་ཕྲེང་གཡོ་བ་ལས། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྒྲོལ་ཞིང་ལས་ཉོན་ས་བོན་ཀུན་བསྲེགས་པའི། །སངས་རྒྱས་རྒྱ་མཚོའི་མཛད་པ་དཔག་ཡས་བདག་གིར་བཞེས་ལ་ཕྱག་འཚལ་ལོ། །ལེགས་གསུངས་རྒྱ་མཚོའི་དེ་ཉིད་ལེགས་རྟོགས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི། །ལེགས་བཤད་རྒྱ་མཚོའི་ལྦུ་འཕྲེེང་འཛུམ་དཀར་མཆོག་ཏུ་གྲོལ་བའི་དཔལ་ཡོན་གྱིས། །བསྟན་མཆོག་རྒྱ་མཚོའི་གོས་ཅན་ཕྱོགས་མཐར་རབ་རྒྱས་ཡོངས་སུ་སྨིན་པ་ལས། །གདུལ་འགྲོ་རྒྱ་མཚོའི་དུབ་པ་ཀུན་བསལ་རྣམ་གྲོལ་རེ་སྐོང་མཛད་ཕྱག་འཚལ། །ཡེ་ཤེས་རྒྱ་མཚོ་རྙོགས་པའི་དྲི་བྲལ་མཁྱེན་ཆ་དང་གསལ་ཆོས་སྐུ་ལས། །ཐུགས་རྗེ་རྒྱ་མཚོ་གདུལ་བྱའི་ཞིང་ལ་མངོན་པར་གཡོ་བ་གཟུགས་ཀྱི་སྐུ། །ཡོན་ཏན་རྒྱ་མཚོའི་རང་བཞིན་མཐའ་ཡས་སྐྱེ་དགུ་སྐྱོབ་པའི་མགོན་གྱུར་ཅིང་། །མཛད་པ་རྒྱ་མཚོ་བསིལ་ལྡན་ལྗོངས་ཀུན་དཀར་པོར་བསྒྱུར་ལ་ཕྱག་འཚལ་ལོ། །བྱམས་པའི་མཁའ་ལ་སྙིང་རྗེའི་སྤྲིན་འཁྲིགས་དགའ་བའི་འབྲུག་སྒྲ་ཆེར་སྒྲོགས་ཤིང་། །ཀུན་སྙོམས་ཕན་བྱེད་དམ་ཆོས་སྤྲིན་བཅུད་ཆིལ་ཆིལ་ཕབ་པས་གདུལ་ཞིང་གི། །ཀུན་ནས་དཀྲིས་པའི་མེ་ཚོགས་རབ་བཅིལ་དགེ་བཅུའི་ལོ་ཏོག་རྒྱས་མཛད་པའི། །ཨོ་རྒྱན་པདྨ་རྒྱལ་པོའི་སྲས་མཆོག་དྲི་མེད་འོད་ཟེར་ལ་ཕྱག་འཚལ། །སྦྱིན་པ་རྣམ་བཞིས་འགྲོ་བའི་རེ་སྐོང་ཚུལ་ཁྲིམས་གསུམ་གྱིས་རང་རྒྱུད་བསྡམས། །བཟོད་པ་གསུམ་གྱིས་དཀའ་ཐུབ་མཐར་ཕྱིན་བརྩོན་འགྲུས་གསུམ་གྱིས་དོན་གཉིས་འགྲུབ། །བསམ་གཏན་གསུམ་གྱིས་ཡོན་ཏན་མཆོག་ཐོབ་ཤེས་རབ་གསུམ་གྱིས་སྲིད་རྩ་བཅད། །ཀུན་ཏུ་བཟང་པོ་ཀུན་མཁྱེན་ཆོས་རྗེ་འགྲོ་བའི་བླ་མར་ཕྱག་འཚལ་ལོ། །བསྐྱེད་པས་སྣང་ཞེན་ལྷ་ཡི་སྐུར་སྦྱངས་བསོད་ནམས་ཚོགས་རྫོགས་སྤྲུལ་པའི་སྐུ། །ལས་རླུང་འཆིང་བ་དབུ་མའི་དབྱིངས་དག་ས་ལམ་ཉེར་བགྲོད་ལོངས་སྤྱོད་རྫོགས། །ཆོས་ཅན་སྣང་ཀུན་ཆོས་ཉིད་དབྱིངས་ཐིམ་གཞོན་ནུ་བུམ་སྐུར་རྟག་རོལ་བའི། །སྐུ་བཞི་དབྱེར་མེད་ཡེ་ཤེས་སྒྱུ་མ་ཀློང་ཆེན་རབ་འབྱམས་ལ་ཕྱག་འཚལ། །རིགས་ཅན་གསུམ་གྱི་གདུལ་བྱ་རྒྱ་མཚོ་སྨིན་གྲོལ་ལམ་ལ་བཀོད་ཟིན་ནས། །རྟག་པར་འཛིན་རྣམས་ཆོས་ལ་བསྐུལ་དང་བདུད་རིགས་མྱ་ངན་སེལ་སླད་དུ། །ཤཱཀྱའི་ཏོག་ཀྱང་ཀུ་ཤའི་ཚལ་ན་ཐ་མའི་མཛད་པ་ཉེར་བསྟན་ནས། །རིང་བསྲེལ་རྣམ་ལྔ་འགྲོ་བའི་མཆོད་སྡོང་ཆེན་པོར་བཞག་མཛད་ཇི་བཞིན་དུ། །ངག་གི་དབང་པོ་ཡེ་ཤེས་སྐུ་ཅན་འགྲོ་བའི་འདྲེན་པ་མཆོག་དེས་ཀྱང་། །མཆིམས་ཕུའི་གནས་སུ་ལྔ་བཅུ་རྩ་དྲུག་ཆུ་ཡོས་རྒྱལ་ཟླའི་བཅོ་བརྒྱད་ཉིན། །ཆོས་སྐུའི་གཟིགས་སྟངས་དང་བཅས་གདོད་མའི་གཞི་ལ་སྤྲུལ་པའི་དཀྱིལ་འཁོར་བསྡུས། །དེ་ཚེ་དྭངས་པའི་མཁའ་ལ་ཉིན་མཚན་ཕྱེད་པར་འཇའ་འོད་དྲྭ་བས་སྦྲེལ། །ལྷ་ཡི་རོལ་མོའི་སྒྲ་དབྱངས་དང་འགྲོགས་མེ་ཏོག་བསིལ་མ་བཅལ་དུ་བཀྲམས། །འཁྱགས་རོམ་ཆུར་ཞུ་སེ་བའི་ལྗོན་ཤིང་ལོ་མ་མེ་ཏོག་རབ་ཏུ་རྒྱས། །སྐལ་བཟང་སློབ་མའི་ཚོགས་རྣམས་མི་རྟོག་ཡེ་ཤེས་འོད་གསལ་ཕྱམ་བརྡལ་གྱུར། །སྐུ་གདུང་མཆོད་ལ་ཉིན་མཚན་ཀུན་ཏུ་ཌཱ་ཀིའི་རང་སྒྲ་སིལ་སྙན་འགྲོལ། །ཕྱོགས་བཅུར་ཙནྡན་ག་བུར་སྤོས་ཀྱི་དྲི་བསུང་བཟང་པོས་ཡོངས་སུ་ཁྱབ། །ཞུགས་ལ་ཕུལ་ཚེ་དུས་མིན་སྒྲར་བཅས་ས་ཆེན་རྣམ་པ་དྲུག་ཏུ་གཡོས། །ཐུགས་ལྗགས་སྤྱན་གསུམ་གདུང་ཁང་ནས་འཕར་སྐལ་བ་ཅན་གྱི་པང་དུ་བྱོན། །རིགས་ལྔའི་གདུངས་དང་རིང་བསྲེལ་གྲངས་མེད་རྗེས་འཇུག་དད་པའི་རྟེན་དུ་བཞག །ལྷར་བཅས་འགྲོ་ཀུན་མཆོག་ཏུ་ངོ་མཚར་དད་པའི་གནས་ལ་སྦྱར་མཛད་དོ། །དྲི་མེད་མཁྱེན་བརྩེ་ནུས་པའི་འོད་ཟེར་སྟོང་འབར་སྔར་མེད་ཉིན་མོར་བྱེད། །བསྟན་འགྲོའི་བསོད་ནམས་དང་བའི་མཁར་ཤར་འཇིག་རྟེན་མུན་པ་ཀུན་བསལ་ཞིང་། །ངེས་གསང་སྙིང་པོའི་བསྟན་མཆོག་ས་མོས་ཚལ་ཆེན་རབ་ཏུ་རྒྱས་མཛད་ནས། །སླར་ཡང་ཡེ་གཞིའི་རྒྱལ་སར་སྤྲུལ་པའི་དཀྱིལ་འཁོར་བསྡུས་ལ་ཕྱག་འཚལ་ལོ། །མཁྱེན་པའི་ནམ་མཁའ་མཆོག་ཏུ་རྒྱ་ཆེ་རྒྱལ་ཀུན་ཡབ་གྱུར་བློ་གཏེར་མགོན། །བརྩེ་ཆེན་ཐུགས་རྗེའི་ཆུ་གཏེར་གཏིང་ཟབ་རྒྱལ་བའི་མྱུ་གུ་སྙིང་རྗེའི་ལྷ། །ནུས་མཐུ་རྨད་བྱུང་བདུད་བཞིའི་དབྱིངས་བཅོམ་རྒྱལ་སྲས་གསང་འཛིན་མགོན་པོ་མཆོག །མཛད་པའི་ཕྲིན་ལས་ཀུན་ལས་ཁྱད་འཕགས་རྒྱལ་བ་གཉིས་པ་ལ་ཕྱག་འཚལ། །གང་ཐུགས་རྣམ་རྟོག་གཡོ་བ་བྲལ་ཡང་ཐུགས་རྗེའི་སྣང་བ་ཡུལ་ལ་འཇུག །ནམ་མཁའི་མཐའ་མཉམ་འགྲོ་ཀུན་སྐྱོབ་སླད་བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་ཆེ། །གང་འདུལ་དེར་སྟོན་ཡིད་བཞིན་ནོར་ལྟར་རེ་བ་ཡོངས་སུ་སྐོང་མཛད་པའི། །ཀུན་མཁྱེན་ཆོས་རྗེ་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་མཆོག་ལ་ཕྱག་འཚལ་ལོ། །ཡོན་ཏན་རབ་རྫོགས་ཁ་བའི་རྡུལ་བརྩེགས་ཐུགས་རྗེའི་ཟླ་ཟེར་དང་འགྲོགས་པས། །སྲིད་ལམ་ལྕོང་རོང་འཐུག་པོར་དུབ་པའི་མགྲོན་པོ་ངལ་གསོའི་སྨན་གཅིག་པུ། །བྱིན་རླབས་ཆུ་བོས་རྗེས་འཇུག་སྐལ་བཟང་འགྲོ་བའི་རེ་བ་རྫོགས་མཛད་པའི། །པདྨ་ལས་འབྲེལ་ལྷར་བཅས་སྐྱེ་དགུའི་མགོན་ལ་གུས་པས་ཕྱག་འཚལ་ལོ། །མཐོང་བ་ཙམ་གྱིས་ངན་འགྲོའི་ཆུ་གཏེར་འཇིགས་བཅས་ཕ་མཐར་བརྒལ་ནུས་ཤིང་། །ཐོས་པ་ཙམ་གྱིས་རྣམ་དག་ཐར་པ་མཆོག་གི་ས་བོན་རྒྱུད་ལ་ཐེབས། །བསམ་པ་ཙམ་གྱིས་མཆོག་ཐུན་འདོད་དགུའི་དངོས་གྲུབ་ཆར་དུ་བསྙིལ་མཛད་པའི། །ཕན་པ་བཟང་པོ་འབྲེལ་ཚད་དོན་དང་ལྡན་ལ་གུས་པས་ཕྱག་འཚལ་ལོ། །ཨེ་མ་སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་མཆོག་མངའ་ཀུན་མཁྱེན་རྗེ། །སྙིང་ནས་གསོལ་འདེབས་བུ་ལ་རྗེས་དགོངས་འཇིགས་པ་གསུམ་གྱི་གཡང་ལས་སྐྱོབས། །ཉེས་ཀུན་རྣམ་སེལ་ལེགས་ཚོགས་ལྷུན་གྲུབ་འདོད་དགུའི་རེ་བ་ཡོངས་རྫོགས་ཤིང་། །འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྟོགས་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །ཀུན་མཁྱེན་ཆོས་རྗེའི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་མཐའ་བྲལ་ཀུན་གསལ་མ། །མཐའ་དག་བརྗོད་ལ་སྨྲ་བའི་དབང་ཕྱུག་ནམ་མཁའ་ལྡིང་ཡང་ངལ་འཛིན་ན། །བདག་བློ་ཀུན་རྨོངས་ཕྱེ་ལེབ་རྩལ་གྱིས་གཞལ་ནུས་ལྟ་ཅི་དེ་ལྟ་ནའང་། །དད་པའི་ངག་གི་ཅུང་ཟད་བརྗོད་དགེས་འགྲོ་ཀུན་མགོན་པོས་རྗེས་འཛིན་ཤོག །ཀུན་མཁྱེན་ཆོས་རྗེའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་དད་གུས་སྐྲ་རྩེས་བླངས་པའི་ཟེགས་མ་ཙམ་འདིའང་། དུས་སྙིགས་ཐ་ལས་ཀྱང་སྙིགས་མའི་མཐར་སྐྱེས་པའི་བཙུན་གཟུགས་འཛིན་པ་པདྨ་རྣམ་རྒྱལ་གྱིས་བྲིས་པ་སྐྱེ་ཀུན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སརྦ་དཱ་མངྒལཾ།
༄༅། །ན་མོ་གུ་ར་ཝེ། ཀ་དག་ཀུན་བཟང་དགོངས་ཀློང་མངོན་གྱུར་ཐམས་ཅད་མཁྱེན། །ཁ་བ་ཅན་ལྗོངས་ངེས་གསང་བསྟན་འགྲོའི་དཔུང་གཉེན་མཆོག །ག་ནས་བསམས་ཀྱང་རྣམ་སྣང་གསུང་གི་རྡོ་རྗེ་དངོས། །ང་ཡི་བླ་མ་རྩེ་ལེ་སྣ་ཚོགས་རང་གྲོལ་དྲན། །ཅ་ཅོ་འཆལ་སྤྱོད་འཁྲུལ་བའི་དྲི་མ་ཕྲ་མོས་ཀྱང་། །ཆ་ཙམ་གོས་མིན་གནས་བརྟན་ཉེ་བར་འཁོར་བཞིན་དུ། །ཇ་ཆང་ཤ་སོགས་སྙིགས་སྤྱོད་ལོག་འཚོས་མ་སྦགས་པའི། །ཉ་རྒྱས་ཟླ་ལྟར་ཚུལ་ཁྲིམས་རྣམ་པར་དག་དེ་དྲན། །ཏ་ཐཱ་ག་ཏའི་བསྟན་འཛིན་ཡོངས་ཀྱི་ཁྱུ་མཆོག་ཆེ། །ཐ་སྙད་ཙམ་མིན་ཡང་དག་དོན་གྱི་སྤོང་བ་པ། །ད་ལྟའི་དུས་ཀྱང་གྲོལ་བ་མཆོག་བརྙེས་གྲགས་པའི་གཏེར། །ནཱ་ག་རྫུ་ནའི་ལེགས་མཛད་རྣམ་ཐར་ཅིས་ཀྱང་དྲན། པ་སངས་ལྟར་དཀར་ལྷག་བསམ་བྱང་ཆུབ་སེམས་སྤྲིན་ལས། །ཕ་རོལ་ཕྱིན་པ་དྲུག་ལྡན་ཕན་བདེའི་གྲུ་ཆར་གྱིས། །བ་མཆོག་དཔག་བསམ་ཤིང་བཞིན་འགྲོ་བློའི་རེ་སྐོང་བའི། །མ་ལུས་འགྲོ་བའི་གཉེན་གྱུར་སེམས་དཔའ་ཆེ་དེ་དྲན། །ཙཱ་རི་ཏྲ་སོགས་དབེན་གནས་རི་བོར་རྟག་དགྱེས་ཤིང་། །ཚ་གྲངས་དཀའ་སྤྱད་བཟོད་པའི་གོ་ཆ་སྲ་བ་ཡིས། །ཛ་ལང་གདུག་པ་བདུད་སྡེའི་དཔུང་ཚོགས་དཔའ་བཀོང་ནས། །ཝ་ཆུའི་རྒྱུན་བཞིན་ཆད་མེད་བསྐྱེད་རྫོོགས་ཉམས་ལེན་དྲན། །ཞྭ་མོའི་ཏོག་ལྟར་ལྷར་བཅས་སྐྱེ་དགུའི་མཆོད་འོས་ཆེ། །ཟ་མ་ཏོག་བཞིན་དཔག་མེད་ཡོན་ཏན་བཅུད་ཀྱིས་གང་། །འ་འུར་ཆོས་བརྒྱད་ཞེན་པའི་འཆིང་བས་བཅིང་མིན་པའི། །ཡ་མཚན་ཡོན་ཏན་རྣམ་མང་རྒྱན་གྱི་ཕྲེང་བ་དྲན། །ར་མ་ཎ་བཞིན་སྙིང་སྟོབས་བརྩོན་པའི་ཁུར་ཁྱེར་ནས། །ལ་བ་པ་བཞིན་གྲུབ་པའི་གོ་འཕང་མཐོན་པོར་བསྙེགས། །ཤ་བཙོན་ཁྲི་མུན་ཆུད་འདྲའི་ཉམ་ཐག་འགྲོ་བ་རྣམས། །ས་ལམ་རིམ་སྦྱོར་འཕགས་པའི་གོ་འཕང་སྦྱོར་དེ་དྲན། །ཧ་ཅང་ཚིག་སྦྱོར་སྙན་པར་སྤྲོ་བའི་ནུས་དབེན་ཀྱང་། །ཨ་ཏིས་བསྟན་འཛིན་ཡོན་ཏན་སྙིང་ནས་དྲན་པ་ཡིས། །ཆ་ཙམ་བསྔགས་པའི་བསོད་ནམས་ཅུང་ཟད་བསགས་པ་འདིས། །འགྲོ་བ་ཐམས་ཅད་མགོན་པོ་ཁྱོད་འདྲ་ཉིད་གྱུར་ཅིག །བདག་ཀྱང་རྣམ་གཡེང་འདུ་འཛིའི་དགྲ་བོ་ལས་རྒྱལ་ནས། །ནགས་མཐོང་རི་དྭགས་རྒྱུ་བའི་སྨན་ལྗོངས་ཉམས་དགའ་བར། །དབེན་གསུམ་བདུད་རྩིའི་བཅུད་ལེན་མཆོག་ལ་བརྟེན་པ་ཡི། །སྐལ་བ་བཟང་པོ་དུས་ལས་ཡོལ་བར་མ་གྱུར་ཅིག །ཅེས་པའང་རྗེ་བཙུན་བླ་མ་མཆོག་གི་ཡོན་ཏན་རྗེས་སུ་དྲན་ནས་འདུ་གསུམ་པ་སྤྲུལ་མིང་པད་རྣམ་གྱིས་ཤུགས་འབྱུང་ངག་གིས་བརྗོད་པ་དགེ།
༄༅། །ཀ་མ་ལ་ལྟར་ཀུན་གྱིས་སྤྱི་བོའི་རྒྱན། །ཁ་བ་དུང་ལྟར་དཀར་བའི་རྣམས་ཐར་འཆང་། །ག་ནས་བསམས་ཀྱང་སྙིགས་མའི་རྒྱལ་བ་དངོས། །ང་ཡི་རྣམ་འདྲེན་གཏེར་བདག་གླིང་པར་འདུད། །ཅ་ཅོ་གྲག་པའི་རྗེས་འབྲང་ཙམ་མིན་པར། ཆ་ཤས་ཡོན་ཏན་ཡོངས་རྫོགས་མཁས་གྲུབ་རྗེ། །ཇ་འཐུང་ཡུན་ཙམ་མི་བསྙེལ་གསོལ་འདེབས་ན། །ཉ་གང་ཟླ་རྒྱས་ཞལ་བཟང་ངོམས་པར་མཛོད། །ཏ་ཐཱ་ག་ཏའི་རིང་ལུགས་མདོ་སྔགས་གཞུང་། །ཐ་དད་མ་གྱུར་ཟུང་འབྲེལ་སྔ་འགྱུར་བསྟན། །ད་ལྟའི་དུས་སུ་མ་ཉམས་སྤྱོད་ཡོད་པ། །ན་མ་རེ་བཞིན་བཀའ་དྲིན་རྗེས་སུ་དྲན། །པ་སངས་ཟླ་དཀར་རྗེས་འགྲོའི་ཕྲིན་ལས་ཀྱིས། །ཕ་མཆོག་པདྨའི་བསྟན་པ་རིན་པོ་ཆེར། །བ་གླང་སྤྱོད་ཚུན་འཛིན་མའི་ཁྱོན་ཡོངས་པོར། །མ་ལུས་ཉི་མའི་དཔལ་བཞིན་ཁྱབ་པར་མཛད། །ཙཱ་རི་དང་མཚུངས་གནས་གཏེར་སྒོ་མང་འབྱེད། །ཚ་ནད་ཅན་ལ་ག་བུར་སྨན་མཆོག་ལྟའི། །ཛ་ཡའི་དགོངས་བཅུད་དུས་བབས་ཟབ་གཏེར་གྱིས། །ཝ་ལས་ཉམས་དམན་སྙིགས་འགྲོ་སྐྱོབ་པར་མཛད། །ཞྭ་གོས་སྐད་རིགས་མི་གཅིག་འགྲོ་ཚུན་གྱིས། །ཟ་འཐུང་ཕུད་ཀྱིས་མཆོད་ཅིང་སྐྱབས་སུ་འཛིན། །འ་འུར་གྲགས་སྐམ་འཁྱོགས་བརྗོད་ཙམ་མིན་པར། །ཡ་མཚན་གྲགས་གསལ་འབྲེལ་ཚད་དོན་དང་ལྡན། །ར་བ་གངས་རིས་བསྐོར་བའི་འཛིན་མའི་ཁྱོན། །ལ་ལ་ཙམ་མིན་བསྟན་འགྲོ་ཡོངས་ཀྱི་བདག །ཤ་ཚུགས་མི་རུ་བཟུང་ལས་ངེས་པའི་དོན། །ས་བཅུའི་དབང་ཕྱུག་གོང་ས་མཆོག་དེས་བསྐུར། །ཧ་ལའི་སེམས་འཆང་མཐའ་དམག་ཁ་ནོན་སོགས། །ཨ་མཚར་མཛད་པ་བསམ་གྱིས་མི་ཁྱབ་པས། །གངས་ལྗོངས་མཐའ་དབུས་བདེ་བའི་དཔལ་ལ་སྦྱར། །སྐུ་དྲིན་ཡོད་དོ་བོད་འབངས་ཐུགས་ལ་འཆང་། །བདག་ནི་འདི་བཟུང་སྐྱེ་བའི་ཆུ་སྐྱེས་ཕྲེང་། །མགོན་ཁྱོད་ཐུགས་རྗེའི་ཉི་མས་རྟག་བསྐྱངས་ཤིང་། །ལུང་རྟོགས་ཡོན་ཏན་འདབ་མ་རབ་གྲོལ་བས། །གསང་ཆེན་སྙིང་པོའི་མཚོ་ཆེན་མཛེས་བྱེད་ཤོག །ཅེས་པའང་གཏེར་ཆེན་བླ་མ་རིན་པོ་ཆེའི་ཡོན་ཏན་དང་བཀའ་དྲིན་དྲན་པའི་དབང་གིས་ཤུགས་འབྱུང་ངག་གིས་བརྗོད་པ་པོ་ནི་གང་གི་རྗེས་འཇུག་སྤྲུལ་མིང་བི་ཛས་སོ། །
༄༅། །མགོན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །དཔལ་པདྨ་ཀ་རའི་ཞལ་སྐྱིན་མཆོག །བོད་གངས་རིའི་ཁྲོད་ཀྱི་གཙུག་གི་རྒྱན། །ཕ་གཏེར་བདག་གླིང་པའི་ཞབས་ལ་འདུད། །མགོན་པདྨའི་ཞལ་ཚབ་རིག་པ་འཛིན། །རྗེ་འགྲན་བྲལ་གཏེར་ཆེན་ཡབ་སྲས་སོགས། །ཡོངས་མཁས་གྲུབ་རིག་འཛིན་བྱེ་བ་ཡིས། །ཆོས་བཀའ་གཏེར་མདོ་རྒྱུད་ཟབ་རྒྱས་ཀྱིས། །བཤད་སྒྲུབ་ཀྱི་འཁོར་ལོ་བསྐོར་བའི་གནས། །བོད་གངས་རིའི་ཁྲོད་ཀྱི་པདྨ་འོད། །དཔལ་ཨོ་རྒྱན་སྨིན་གྲོལ་གླིང་མཆོག་ཅེས། །རྩ་གསུམ་གྱི་བྱིན་རླབས་སྤྲིན་བཞིན་འཐིབ། །མཁས་གྲུབ་ཀྱི་འདུ་བ་རྒྱུན་མི་ཆད། །སྤང་ཀློག་གི་ཕྲིན་ལས་མཐའ་ནས་རྒྱས། །སྙན་གྲགས་ཀྱི་འཛམ་གླིང་ཡོངས་ལ་ཁྱབ། །ངོ་མཚར་གྱི་རྟེན་གསུམ་བསྒྲང་ལས་འདས། །སྤྱིར་ཐུབ་བསྟན་ཡོངས་ཀྱི་རྒྱན་དུ་ཆེ། །དགོས་སྔ་འགྱུར་བརྒྱུད་པའི་ཆུ་མགོ་མཆོག །མཚན་ཐོས་པ་དོན་ལྡན་འོག་མིན་ཞིང་། །དཔལ་མཁའ་སྤྱོད་བདེ་ཆེན་གླིང་ཆེན་པོར། །སྐྱབས་ཀུན་འདུས་པདྨ་སཾ་བྷ་ཝས། །སྔོན་ཐུགས་སྨོན་བཙན་པོའི་ཁྱད་པར་གྱིས། །ཕྱིས་གདུལ་བྱ་རྗེས་སུ་འཛིན་པ་ཡི། །དུས་ཁྱད་འཕགས་དབང་ཆེན་སྤྲེལ་ཟླ་ཡི། །དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེ། །སྐྱབས་འགྲན་ཟླ་མེད་པ་གཏེར་ཆེན་རྗེའི། །གདུང་འཁྲུལ་བྲལ་ཡེ་ཤེས་ཌཱ་ཀི་ནི། །མཚན་བརྗོད་པར་དཀའ་བའི་རྗེ་བཙུན་མཆོག །དཔལ་འགྱུར་མེད་བདེ་ཆེན་ཆོས་སྒྲོན་གྱིས། །མགོན་པདྨའི་ཐུགས་བཅུད་ཟབ་དགུའི་སྙིང་། །མ་མཁའ་འགྲོ་སྟོང་གི་སྙིང་ཁྲག་མཆོག །ཕ་འགྱུར་མེད་རྡོ་རྗེའི་ཟབ་གཏེར་བཅུད། །མཚན་ཙམ་གྱིས་གྲོལ་བ་སྟེར་མཛད་པའི། །དུས་གསུམ་ན་འབྱུང་བར་དཀོན་པའི་ཆོས། །ལམ་ཟབ་མོ་བདེ་གཤེགས་ཀུན་འདུས་ཞེས། །སྙན་བརྒྱུད་ཀྱི་གདམས་ངག་མ་ཟག་ཅིང་། །དོན་བརྒྱུད་ཀྱི་བྱིན་རླབས་མ་ཡལ་བའི། །སྨིན་གྲོལ་གྱི་གདམས་པའི་བདུད་རྩི་མཆོག །བདག་དང་འདུས་སྐལ་ལྡན་ཞིང་སར་ཕབ། །གཞི་བདེ་གཤེགས་སྙིང་པོའི་ས་བོན་མཆོག །འབྲས་སྐུ་བཞིའི་སྙེ་མར་སྨིན་རུང་མཛད། །རྒྱུད་དད་དམ་དག་པའི་མ་ཀུ་རར། །མགོན་བརྒྱུད་པའི་བྱིན་རླབས་ཞུགས་པའི་མཐུས། །ཉམས་སྣང་གི་གཟུགས་བརྙན་འབུམ་ཕྲག་བཀྲ། །རྟེན་འབྱུང་གི་དགེ་མཚན་ཅིར་ཡང་ཤར། །འདི་གཅིག་ཏུ་སྔོན་སྨོན་དགེ་བའི་མཐུ། །གཉིས་སུ་ནི་བརྒྱུད་པའི་བྱིན་རླབས་ཏེ། །གསུམ་དུ་ཡང་མཚུངས་མེད་རྗེ་ཡི་དྲིན། །འདི་བསམ་གྱིིན་བཀའ་དྲིན་འཁོར་ཐབས་བྲལ། །བདག་ལུས་ངག་ཡིད་གསུམ་བྲན་དུ་འབུལ། །ཚེ་ལྷག་འདི་དམ་པའི་ཆོས་ལ་དྲིལ། །དངོས་བརྒྱུད་ཀྱིས་བསྟན་འགྲོར་གང་ཕན་བྱ། །བསམ་ཀུན་འདི་ཡོངས་སུ་འགྲུབ་པ་ཞིག །རྗེ་མཚན་ལྡན་བླ་མས་བྱིན་གྱིས་རློབས། །མགོན་རྗེ་ཡི་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་ཀྱི་ཕྲིན་ལས་ཕྱོགས་བཅུར་རྒྱས། །བདག་གུས་སློབ་བསམ་ཀུན་ཆོས་བཞིན་འགྲུབ། །བཀྲ་ཤིས་ཀྱི་ཉི་མ་རྟག་འཆར་ཤོག །ཚུལ་དེ་སྐད་པདྨ་དགྱེས་པ་ཡི། །ངག་མགྲིན་པ་གླུ་ཡི་རྟ་ལས་དྲངས། །ཚུལ་འདིས་ཀྱང་སྐལ་བཟང་མཆེད་ལྕམ་རྣམས། །དོན་གཉིས་ཀྱི་འདོད་པ་ཀུན་འགྲུབ་ཤོག །དགེའོ། །


previousཀུན་མཁྱེན་ཆོས་རྗེའི་རྣམ་ཐར་ཉུང་ངུའི་ངག་གི་བརྗོད་པ་མོས་གུས་འདྲེན་པའི་ཤིང་རྟ།next