Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་མཛོད་དོགས་སེལ་ཉུང་ངུ་རྣམ་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་མཛོད་དོགས་སེལ་ཉུང་ངུ་རྣམ་གསལ།next

གཏེར་མཛོད་དོགས་སེལ་ཉུང་ངུ་རྣམ་གསལ།

༄༅། །གཏེར་མཛོད་དོགས་སེལ་ཉུང་ངུ་རྣམ་གསལ་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་མཛོད་ལྔ་སྟོན་པ་པོར། །རྫོགས་སངས་རྒྱས་ཀྱི་ལུང་བསྟན་པའི། །སྐྱོབ་པ་མཆོག་ལ་ཕྱག་འཚལ་ལོ། །སྟོན་པ་སྣང་མཛད་རྡོ་རྗེ་ཅན། །སླར་ཡང་ལྔ་བདོར་རྗེས་བརྩེའི་གར། །ངེས་གསང་བཀའ་ཡི་སྡུད་པོ་རུ། །འཇམ་མགོན་ཆོས་ཀྱི་ཉི་མར་ཤར། །དེ་ཚེ་ཕས་ཀྱི་རྒོལ་བ་དག །ཉིན་བྱེད་ཁྲོད་ན་རྒྱུ་སྐར་བཞིན། །རང་གི་སྤོབས་པ་ཟད་མཐོང་ནས། ཞབས་སེན་མཐོན་ཀའི་དཔལ་ལའང་རེག །ནམ་ཞིག་འཇིག་རྟེན་འོད་ནུབ་ཚེ། །སྨག་ལ་འབྱུང་པོའི་བྱ་བཞིན་དུ། །འཛེམ་མེད་མུ་ཅོར་སྨྲ་བའི་ངག །རྒྱང་རིང་ཕྱིན་ནས་སྒྲོག་པར་བྱེད། །མཛོད་ཆེན་བོན་དང་འདྲེས་པའི་རྒྱུས། །གང་ཞུས་སྐྱབས་སྡོམ་འཇིག་གོ་ལོའི། །འབྲེལ་མེད་བདུད་ཀྱི་གསང་ཚིག་དུམ། །ཁོ་བོའི་འདྲེན་བྱེད་ལམ་དུ་གྱུར། །དེ་ཚེ་སྡང་དང་གྲགས་འདོད་བློས། །བསླད་མིན་སྐལ་བ་དམན་པའི་འགྲོ། །ཆོས་སྤངས་གཡང་ལས་བསྲུང་སླད་དུ། རིགས་པར་ལྡན་པའི་ཚིག་འདི་བསྒྲགས། །སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །གདོད་མའི་མགོན་པོ་འོད་མི་འགྱུར། །ཡེ་ཤེས་རང་སྣང་དང་པོའི་གཞིར། །བྱང་ཆུབ་དག་པ་གཉིས་ལྡན་དཔལ། །ཟག་པ་མེད་སྡེ་ཉེར་གཅིག་གི། །ཁྱད་བྱས་ངོ་བོ་ཉིད་སྐུ་ལས། །མ་གཡོས་མི་གཡོ་གཡོ་མེད་བཞིན། གཏིང་གསལ་འགགས་མེད་ཡེ་ཤེས་མདངས། །ཕྱིར་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཞི་བ་པདྨ་ཀུན་ཏུ་འཆང་། །ཁྲོ་བོ་ཆེ་མཆོག་དྲག་པོ་རྩལ། རང་རང་སྟོན་འཁོར་ཞིང་སྐུ་སོགས། །རང་སྣང་ཉིད་དེ་གཞན་མ་ཡིན། །འདི་ནི་རྒྱུན་མཐར་གནས་པས་ཀྱང་། །སྤྱོད་ཡུལ་མིན་ན་ཕལ་གྱིས་ཅི། །དེ་ཡི་རྩལ་ལས་དག་པའི་འཁོར། །ས་རབ་རིག་པ་འཛིན་རྣམས་ལ། །ལོངས་སྤྱོད་རྫོགས་སྐུའི་སྤྲ་ཕབ་ཚུལ། ངེས་པ་ལྔ་ལྡན་རྣམ་པའང་སྟོན། །ཤིན་ཏུ་གདུག་གཅིང་གཏུམ་པའི་ངོར། །མི་བསྲུན་ཁྲོ་བོ་འཆོལ་བའི་སྐུ། །གར་དགུའི་ཉམས་ཀྱིས་འཇིགས་འཇིགས་ལྟའི། །ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛད། །ཆོས་ཀྱི་དབྱིངས་ལ་ཁྱད་མེད་ཀྱང་། །གློ་བུར་བག་ཆགས་གསུམ་གྱི་སྦུབས། །ཆུད་གྱུར་འགྲོ་བ་དྲུག་གི་ངོར། །རིགས་པའི་སྐྱེས་བུ་དྲུག་ལ་སོགས། །གདུལ་བྱ་སེམསཅན་ལས་སྣང་དང་། །འདུལ་བྱེད་སྟོན་པའི་ཐུགས་རྗེའི་འཕྲུལ། །ཚོགས་ལས་རྟེན་འབྱུང་སྒྱུ་མའི་གར། །ནམ་མཁའ་མཉམ་པར་རབ་ཏུ་སྟོན། །ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོ་སྟོན་བྱེད་པ། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམ། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །བྱེ་བྲག་མི་མཇེད་འཇིག་རྟེན་འདིའི། །འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ། །བན་གྱིས་འདུལ་ལ་བཅོམ་ལྡན་འདས། །ཆགས་བྲལ་སྤྲུལ་སྐུའི་ཚུལ་གྱིས་ནི། །མདོ་ཡི་སྡེ་སྣོད་གསལ་བར་མཛད། །ཐུན་མིན་སྔགས་ཀྱིས་གདུལ་བྱ་ལ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཁྱབ་བདག་སྒྱུ་འཕྲུལ་དྲྭ་བར་སྣང་། །བོན་གྱིས་འདུལ་ལ་གཤེན་རབ་ཆེ། །བླ་ཆེན་དྲན་པའི་སྲས་ཚུལ་དང་། །རང་བྱུང་ཁྱེའུར་བསྟན་ནས་ནི། །བཀྲི་དྲང་ཐར་པའི་ལམ་ལ་འཛུད། །གཞན་ཡང་གང་འདུལ་མོས་ངོ་རུ། །ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད། །འཕྲུལ་མཚན་ཉི་ཤུ་ལྔ་ལ་སོགས། །རྣམ་ཐར་བསམ་མི་ཁྱབ་པའི་སྤྲིན། །མངལ་དང་བརྫུས་ཏེ་འཁྲུངས་པ་སོགས། །ལོ་རྒྱུས་འཕགས་བོད་མཁས་གཞུང་དང་། །ཟབ་མོའི་གཏེར་ཆོས་ལ་སོགས་པ། །ཚད་མར་གྱུར་པ་བསམ་མི་ཁྱབ། །དེ་ཀུན་གདུལ་བྱའི་བློ་ཁྱད་ཀྱིས། །ཇི་ལྟར་ནོར་བུ་དྭངས་པ་དག །འོག་གཞིའི་རས་ཀྱི་བྱེ་བྲག་གིས། །སྣ་ཚོགས་སྣང་ཡང་དངོས་མིན་ལྟར། །ཁྱབ་བདག་རྫོགས་པའི་སངས་རྒྱས་ཀྱང་། །སྣ་ཚོགས་སྣང་ཡང་དེ་ངོར་མེད། །སྟོང་དང་རྟེན་འབྱུང་དོན་གཅིག་ཏུ། །འཆར་བ་དབུ་མ་པ་ཡི་ལུགས། །བདེན་གཉིས་རྣམ་འབྱེད་ལ་མཁས་ན། །ཤེས་པར་འགྱུར་གྱི་གཞན་དུ་མིན། །གང་གི་རང་བཞིན་ཆགས་སོགས་དང་། །བྲལ་ཡང་ཞི་ལ་ཞི་ཚུལ་དང་། །ཁྲོ་ལ་ཁྲོ་བོའི་ཚུལ་གྱིས་ནི། །བྱང་ཆུབ་མཆོག་སྟོན་དེར་ཕྱག་འཚལ། །གཞན་དུ་དྲང་ངེས་ལྡེམ་དགོངས་གཞུང་། །ཐེག་པ་ཆེ་ཆུང་མཚན་ཉིད་སྔགས། །ཕྱི་ནང་གནས་སྣང་ལ་སོགས་པ། །ཐམས་ཅད་མཐུན་དགོས་ཧ་ཅང་ཐལ། །ཁྱད་པར་བོན་རྣམས་འདུལ་བའི་ཕྱིར། །དྲན་པའི་སྲས་སུ་བསྟན་པ་ལ། །འགལ་བ་ཅུང་ཟད་ཡོད་མིན་ཏེ། །མདོ་ལས་བདེ་གཤེགས་སྤྲུལ་པ་ནི། །ཚད་མེད་འགྲོ་བ་གང་གང་གིས། །འདུལ་བ་དེ་དེའི་གཟུགས་དང་ནི། །ཁ་དོག་མིང་གིས་དོན་མཛད་དོ། །ལྷ་ཡི་རྒྱལ་པོ་དབང་བསྒྱུར་ནས། །ངན་སོང་དམྱལ་བའི་གཟུགས་ཀྱི་བར། །གང་འདུལ་གཟུགས་སུ་སྤྲུལ་གསུངས་དང་། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ། །གསེར་དང་བཻཌཱུར་ཨནྡྷ་སྙིལ། །སྤུག་དང་མུ་ཏིག་དམར་མདོག་གིས། །འདུལ་ལ་དེ་ཡི་ཁ་དོག་སྟོན། །དེ་བཞིན་འཇིག་རྟེན་སྐྱོང་བ་དང་། །བརྒྱ་སྦྱིན་ཚངས་དབང་ལྷ་མ་ཡིན། །མི་དང་དུད་འགྲོ་དམྱལ་བ་དང་། །གཤིན་རྗེའི་འཇིག་རྟེན་པས་གདུལ་བྱར། །དེ་དག་གཟུགས་བཞུགས་ཆོས་སྟོན་གསུངས། །དེ་ཕྱིར་མཚོ་སྐྱེས་པདྨ་རྒྱལ། །དབང་བཅུའི་གོ་འཕང་བརྙེས་པའི་ཕྱིར། །བོན་རྣམས་འདུལ་ཕྱིར་དྲན་པ་ཡི། །སྲས་སུ་ཅི་ཕྱིར་སྟོན་མི་མཛད། །དགོས་པའི་དབང་གིས་བཅོམ་ལྡན་འདས། །རབ་དགའ་འདུལ་ཚེ་དྲི་ཟ་ཡི། །རྒྱལ་པོར་སྤྲུལ་ཚུལ་མི་ཤེས་སམ། །དེ་ཚེ་སྐྱབས་མིན་འགྱུར་རམ་ཅི། །གཉེན་པོ་མཆོག་ལ་ཉེས་མི་གོས། །སངས་རྒྱས་ཆེ་བ་བསྟན་སོགས་ཕྱིར། །སོར་ཕྲེང་ཅན་དང་ལྷས་སྦྱིན་སོགས། །སངས་རྒྱས་སྤྲུལ་པར་ལུང་བསྟན་བཞིན། །བསྟན་པ་མཆོག་དང་སྟོན་པ་ཡི། །ཡ་མཚན་ཆེ་བ་འབྱིན་སླད་དུ། །དྲན་པ་ལ་སོགས་བོན་སྟོན་རྣམས། ཉིད་ཀྱིས་སྤྲུལ་ལ་འགོག་བྱེད་ཅིང་། །ཁྱད་པར་དྲན་པ་ནམ་མཁའ་ནི། །འབངས་རིགས་ཉེར་ལྔའི་ཡ་གྱལ་དུ། །གསང་སྔགས་ནང་གི་གྲུབ་ཐོབ་ཆེར། །ཡོངས་ལ་གྲགས་པ་མིན་ནམ་ཅི། །དེ་ཕྱིར་དྲན་པ་ཡབ་སྲས་ཚུལ། །ལོ་རྒྱུས་ཀློང་གསལ་བཀའ་ཐང་དང་། །སྒྲུབ་ཐབས་རྡོར་གླིང་གཏེར་མར་ཡོད། །དེས་ན་རང་བཟོའི་ཉེས་པ་དང་། །སྐྱབས་སྡོམ་འཇིགས་དོགས་ཅི་ལ་ཡོད། །སྤྲུལ་སྐུ་རྡོ་རྗེ་གླིང་སོགས་ཀྱིས། །བོན་གྱིས་འདུལ་བའི་གང་ཟག་ངོར། །བོན་གཏེར་བཞེས་ནས་བྱིན་ནོ་དང་། །བདག་གིར་མ་མཛད་དོར་རོ་ལོའི། །རང་ཚིག་འགལ་བ་འདི་ལ་ལྟོས། །རྒྱལ་བས་བསམ་འདས་ཐེག་པའི་སྒོ། །གདུལ་བྱའི་བློ་རིམ་དང་འཚམ་པར། །བསྟན་ལས་ཐམས་ཅད་གཅིག་ཉིད་ལ། །མཐའ་དག་རྫོགས་པར་བསྟན་ནམ་ཅི། །མཁས་མཁས་འདྲ་བའི་ཚིག་སྦྱོར་གྱིས། །རང་མཚང་གསལ་བར་མ་བྱས་སམ། །ཡང་གཅིག་ཁྱོད་ལ་འདི་སྐད་འདྲི། །བོན་གཏེར་བོན་ལ་བྱིན་པ་དེ། །སྟོན་པ་འབའ་ཞིག་དབང་བྱས་ནས། །རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་ནི། །རྗེས་འབྲེལ་མཚན་ཉིད་ཡོད་དམ་མེད། །མེད་ན་སྦས་དང་འབྱིན་པོ་ཡི། །རྩོད་བྲལ་རིག་འཛིན་མཆོག་རྣམས་ཀྱིས། །དམ་ཆོས་འདྲར་སྣང་སྟོན་པ་ཡི། །གཡོ་སྒྱུས་སེམས་ཅན་བསླུས་པར་འགྱུར། །ཡོད་ན་འཕགས་ཆེན་དེ་རྣམས་ལ། །དམ་པའི་ཆོས་ནི་སྤང་ངོ་ཞེས། །སྐུར་བ་མི་ཟད་ཁྱོད་ཀྱིས་བཏབ། །རྣམ་སྨིན་འབྲས་བུ་ཅིར་འགྱུར་སོམས། །མཁྱེན་པའི་སྐད་ཅིག་གཅིག་ཉིད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ན། །རྒྱལ་བས་བོན་གྱི་གདུལ་བྱ་ལ། །འདུལ་བྱེད་ཐེག་པའང་མཁྱེན་དགོས་འགྱུར། །གཞན་དུ་ཐམས་ཅད་མཁྱེན་པ་བུད། །བོན་འདུལ་ཐབས་ལ་རྨོངས་པའི་ཕྱིར། །མཁྱེན་ན་བཏང་སྙོམས་འཇོག་མི་རིགས། །བོན་ཡང་བདེ་གཤེགས་སྙིང་པོ་ཅན། །རང་བཞིན་རྣམ་དག་ཆོས་ཉིད་ཁམས། །སྣང་ཚུལ་གློ་བུར་འཁྲུལ་པས་སྒྲིབ། །གནས་སྣང་མི་མཐུན་སོ་སོར་ཡོད། །དེ་སླད་སྣང་ཚུལ་འཁྲུལ་པའི་གཡའ། །སེལ་ལ་བརྩོན་པ་ཅིས་མི་མཛད། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་མེད་ན། །བོན་གྱི་ཐེག་པ་མ་གྲུབ་པའི། །གཏན་ཚིགས་རྣམས་དག་སྨྲ་རྒྱུ་ཅི། །བརྟག་པ་གསུམ་དང་རྟོན་པ་བཞིས། །བརྟགས་ན་མཁའ་འགྲོའི་གསང་མཛོད་སོགས། །འཇུག་སྒོ་དབང་དང་དམ་ཚིག་ནས། །དངོས་གཞི་བསྐྱེད་རྫོགས་རིམ་གཉིས་ལམ། །མཐར་ཕྱིན་འབྲས་བུའི་ཐུས་ཀའི་བར། །ཐུན་མིན་རིག་འཛིན་སྡེ་སྣོད་དང་། །འགལ་བའི་ཁྱད་པར་རྡུལ་ཙམ་ཡང་། །གཟུ་བོར་གནས་པས་རྙེད་མི་འགྱུར། །དེ་སླད་རྒྱལ་སྲས་མཆོག་དེ་ཡིས། །ལུང་དོན་རྗེས་སུ་བསྒྲུབ་ཕྱིར་དང་། །གདུལ་བྱ་རིས་མེད་རྗེས་འཛིན་སླད། །སྔོན་མེད་བཀའ་ཡི་བསྡུ་བ་མཛད། །སྙིགས་མ་རྒྱལ་བསྟན་འཇིག་ཉེའི་ཚེ། དམ་ཆོས་བཙལ་དང་བཟུང་བ་ཡི། །ཕན་ཡོན་དཔག་མེད་རྒྱལ་བས་གསུངས། །དེ་ཕྱིར་དེ་ལ་ཡི་རང་བྱོས། །འཕགས་པའི་ཐབས་མཁས་ཕྲིན་ལས་རྒྱུན། །ནམ་མཁའི་མུ་ཁྱུད་རབ་བརྒལ་བ། །ནམ་ཡང་འགེགས་པར་མི་ནུས་མོད། །རང་ཚུལ་ཉམས་ལ་བག་ཡོད་བྱོས། །མཚམས་མེད་ལྔ་ཡི་ལས་བསགས་ཀྱང་། །ཆོས་ལ་བརྟེན་ན་ཐར་འགྱུར་མོད། །ཡིད་ནི་ཆོས་ལ་རྣམ་སྡང་བ། །དེ་ལ་ཐར་པ་མེད་ཅེས་གསུངས། །མེ་མཚོན་སྦྲུལ་དུག་དགྲ་སོགས་ཀྱིས། །གཞོམ་པར་མི་ནུས་ཐར་པའི་སྲོག །འཕྲོག་བྱེད་བདུད་ཀྱི་གསང་ཚིག་ལ། །རྣ་བ་བཀབ་སྟེ་བྲོས་པར་བྱ། །དེ་ཡིས་རང་གི་དགེ་རྩའི་རྒྱུན། །མི་འཆད་ཆོས་ཀྱིས་ཕོངས་མི་འགྱུར། །མ་འོངས་མོས་པར་སངས་རྒྱས་ཚེ། །བདུད་རྩིའི་ཐོག་མའང་ཐོབ་པར་འགྱུར། །སྦྱངས་དང་སྐྱེས་ཐོབ་བློ་གྲོས་ཆེས་དམན་ཡང་། ཁྱབ་བདག་བླ་མ་མཆོག་དེའི་བཀའ་དྲིན་གྱིས། །ཉུང་ངུའི་ཚིག་འདི་མདོ་རྒྱུད་གཞུང་དང་མཐུན། །གཟུར་གནས་མཁས་པ་རྣམས་ཀྱི་དཔང་པོ་མཛོད། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །འགྲོ་ཀུན་ཆོས་ཀྱིས་ཕོངས་པའི་སྒྲིབ་ཀུན་བྱང་། །ཚེ་རབས་ཕྲེང་བར་རྒྱལ་བའི་ཆོས་མཛོད་འཛིན། །མི་འཇིགས་བཞི་ཡིས་བདུད་ཚོགས་ཕམ་བྱེད་ཤོག །ཅེས་པའང་རྒྱལ་མོ་རོང་པ་སྤྲུལ་སྐུ་བསྟན་འཛིན་གྲགས་པས་བྲིས་པའི་ཤོག་འཁྱར་དུམ་བུ་ཞིག་མཐོང་ནས། ཐམས་ཅད་མཁྱེན་པ་བློ་གྲོས་མཐའ་ཡས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ཇ་ཡུན་གཅིག་ལ་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པ་མངྒལཾ།
༄༅། །གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །བདེ་གཤེགས་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་ཀུན་གྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་རྒྱལ་བས་བསྔགས་དེར་འདུད། །གང་ཁྱོད་གཟོད་ནས་མངོན་པར་བྱང་ཆུབ་ཀྱང་། །གདུལ་བྱ་འདུལ་སླད་གངས་ཆེན་མཚོ་ཡི་སྤྲིན། །ཉེར་བཀོད་ཐེག་པ་བསྒྲང་ཡས་ཞུ་དང་གསུངས། །སྡུ་དང་སྤེལ་དང་འཛིན་སྐྱོང་མཛད་པ་ཡི། །སྒྱུ་མའི་ཚུལ་འདི་སུ་ཡིས་ཤེས་པར་ནུས། ཁྱད་པར་སྙིགས་ལྔའི་རྒུད་པ་སྟོབས་གྱུར་ཚེ། །མཁྱེན་སྟོབས་ཉི་མ་གསར་པའི་གཟི་འོད་ཀྱིས། །རིས་བྲལ་བསྟན་འགྲོའི་ཕན་བདེའི་ཨུཏྤལ་ཚལ། །འགྱེད་མཛད་ཁྱོད་མཚུངས་སྲིད་ཞིའི་ཁོངས་ན་སུ། །ཟབ་དང་རྒྱ་ཆེ་ཤེས་བྱའི་ཆོས་མཐའ་དག །མ་ལུས་གླེགས་བམ་གཅིག་ཏུ་སྡུད་མཁས་པའི། །ཁྱོད་ཀྱི་རྣམ་དཔྱོད་འདི་མཚུངས་འཕགས་བོད་ན། །འབྱུང་དཀའ་ཨུ་དུམྦཱ་རའི་སྤུན་ཟླར་གྲུབ། །ཕུལ་བྱུང་སྐྱེ་ཐོབ་བློ་གྲོས་ཀུན་གསལ་ཁྱོན། །ཤེས་བྱའི་གཟའ་སྐར་འབུམ་ཕྲག་བཀྲ་བའི་དཔལ། །ལེགས་བཤད་མ་ཚོལ་འཆར་བའི་ངོ་མཚར་འདིར། །ལྟོས་དང་འཕགས་པའི་རྣམ་ཐར་ཅིས་མི་གསལ། །རྗེས་དཔག་ཙམ་དང་ཟ་ཟའི་ཉམས་སྣང་ལ། །སྙིང་པོར་འཛིན་མིན་ཐུབ་གསུང་སེང་གེའི་སྒྲས། །མཛོད་ལྔའི་སྡུད་པོར་རྗེས་བསྔགས་མངོན་སུམ་ཡུལ། །དེ་སླད་རྗེས་གནང་བཀའ་དང་ཅིས་མི་མཚུངས། །སངས་རྒྱས་ཡེ་ཤེས་ཟབ་མོའི་འཇུག་པའི་འཕྲུལ། །གདུལ་བྱའི་མོས་ངོར་དགེ་བའི་བཤེས་ཀྱི་ཚུལ། །ངོ་མཚར་མཛད་པ་ཆོས་ཀྱི་དབྱིངས་དང་མཉམ། །དེ་སླད་ཕྱོགས་རེར་བསྒྲངས་པའི་བློ་འདི་ནོངས། །རི་རབ་རྩེ་ནས་གླིང་བཞི་མཐོང་བ་ལྟར། །ཐུན་མོང་ཐུན་མིན་གཙུག་ལག་ཇི་སྙེད་དང་། །ཁྱད་པར་རང་གཞན་གྲུབ་མཐའི་གནད་གསང་ཕུལ། །མ་འདྲེས་གསལ་བའི་ཤེས་བྱ་ཀུན་ཁྱབ་མཛོད། །བརྩེ་བས་རྗེས་འཇུག་ཡོངས་ཀྱི་ཁྱད་ནོར་དུ། །ཅི་དགར་སྩལ་པའི་ངོ་མཚར་བཀའ་དྲིན་ཕུལ། །གཟུགས་སུ་གྲུབ་ན་སྟོང་གསུམ་སྣོད་དུ་ཅི། །དེ་སླད་བསྟན་ལ་དགོངས་རྣམས་གཅེས་སྤྲས་མཛོད། །ལེགས་ཆ་གང་བྱུང་རང་གིས་ཕྱོགས་སུ་ཁྱེར། །ཉེས་པའི་ཆ་ཀུན་གཞན་ཕྱོགས་འཕུལ་བ་ཡི། །མི་བརྟན་གྱ་གྱུའི་རང་བཞིན་རྫུན་ཚིག་ཕྲེང་། །འཆོས་སྐྱོབ་ཡོན་ཏན་རེ་དང་འདི་མི་མཚུངས། །ངག་གིས་ཉེས་པར་སྤྱོད་པའི་རང་བཞིན་བརྒྱས། །རང་མཚང་ལྷུག་པར་སྟོན་དང་ཆབས་ཅིག་པར། །གང་འགྲེལ་ཆོས་སྤངས་གཡང་ལ་སྦྱར་བྱེད་པའི། །གཞུང་ངན་ཁ་ཅིག་དུག་གི་མེ་ཏོག་འདྲ། །སོ་སྐྱེའི་ཚེ་འདིའི་སྦྱོར་བྱུང་ཉི་ཚེ་ཡི། །གཞུང་ཆུང་རེ་ཡི་མགྲིན་པ་བརྒྱན་ཙམ་གྱིས། །མཁས་དང་གྲུབ་པར་རེ་བའི་སྟོང་སྦོོས་ཀྱིས། །འགྲན་འདོད་ཕྱེ་ལེབ་{བྱེ་སླེབ } གནམ་ཕུག་ཚོལ་བ་བཞིན། །འདི་གཞུང་ཕྱོགས་རྟོགས་ཙམ་ཡང་མ་ངེས་ཕྱིན། །དགག་སྒྲུབ་རིགས་པའི་མདའ་རྣོན་ཡོད་དོ་ཞེས། །ཕྱོགས་ཞེན་མགྲིན་པ་བཏེགས་པའི་མགྲིན་བཟང་དག །བབ་ཅོལ་ཅ་ཅོའི་སྨྲ་བཅད་བག་ཡོད་བྱོས། །དད་གསུམ་ནོར་དང་རྣམ་དཔྱོད་མིག་ཟུང་གིས། །བཏང་མིན་སྐལ་བཟང་མཆིས་ན་གཞུང་འདིར་ལྟོས། །འདི་ནི་རྒྱལ་བས་རྗེས་གནང་བཀའ་ཡང་སྟེ། །ལུང་དོན་རིགས་པས་བཀྲལ་{བསྒྲེལ} བའི་བསྟན་བཅོས་ཆེ། །དོན་གནད་ལེགས་པར་བསྡུས་པའི་མན་ངག་གནད། །མཁྱེན་རྟོགས་དཀྱིལ་འཁོར་གསལ་བའི་འདྲ་འབག་ཡིན། །དང་པོར་མཇལ་ན་དག་སྣང་ཆོས་སྒོ་འབྱེད། །བར་དུ་མཇལ་ན་གྲུབ་མཐའི་གནད་གསང་རིག །ཐ་མར་བསྒོམས་ན་ཐེག་གཅིག་འབྲས་བུར་ཟླུམ། །རྒྱལ་བའི་ཕྲིན་ལས་ཟབ་མོ་འདི་མིན་སུ། །གཞུང་འདིར་ལན་གཅིག་དང་བའི་བསོད་ནམས་ཀྱང་། །དཔག་ནུས་མིན་ན་འབྲི་ཀློག་ཉན་བཤད་དང་། །སྒོམ་སྒྲུབ་ཟབ་མོའི་ཚུལ་ལ་སྨོས་ཅི་འཚལ། །ཐེ་ཚོམ་མི་དགོས་རྒྱལ་བཀའ་དཔང་པོར་ཆེ། །དེ་སྐད་ཉུང་ངུའི་ཚིག་ཕྲེང་བརྗོད་འདི་ཡང་། །ཕན་སེམས་དཀར་པོས་ཡིན་གྱིས་ཕྱོགས་ཞེན་མིན། །བློ་གསལ་སྐལ་བཟང་མཆེད་ཀྱི་ཐུགས་དབུས་ཆོངས། །དགེ་བས་སྐྱེ་ཀུན་བླ་མས་རྗེས་འཛིན་ཤོག །བཀྲ་ཤིས་ཡོན་ཏན་བྱེ་བའི་དཔལ་མངའ་ཞིང་། །བཀྲ་ཤིས་ཕན་བདེའི་ནོར་བུའི་ཆར་འབེབས་པའི། །བཀྲ་ཤིས་ཀུན་གྱི་འབྱུང་གནས་བླ་མ་རྗེ། །བཀྲ་ཤིས་སྲིད་ཞིའི་དགེ་མཚན་འཕེལ་བར་མཛོད། །ཅེས་པའང་བརྟན་མཁས་ཡོན་ཏན་བྱེ་བའི་དཔལ་གྱིས་མཛེས་པའི་མཁན་ཆེན་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་སྔ་ནས་བསྟན་བཅོས་ཆེན་པོ་འདི་ཉིད་ཀྱིས་བཤད་ལུང་ལེགས་པར་བཀའ་དྲིན་གྱིས་སྐྱོང་བའི་ཚེ། གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་དད་པའི་ཡིད་ཀྱིས་རླུང་ལྟར་བྲིས་པ་དགེ་ལེགས་འཕེལ།
༄༅། །ༀ་སྭསྟི། ངེས་གསང་བཀའ་ཡི་སྡུད་པོ་གསང་བདག་རྡོ་རྗེ་འཛིན། །སྟོན་པའི་ཉེ་གནས་མང་ཐོས་མཆོག་གྱུར་ཀུན་དགའ་བོ། །གངས་ལྗོངས་སྨྲ་བའི་ཉི་མ་གཅིག་པུ་བཻ་རོ་རྗེ། །བསམ་བཞིན་སྲིད་པར་རྗེ་ཆགས་པདྨ་བདེ་ཆེན་གླིང་། །སླར་ཡང་སྙིགས་འགྲོའི་མགོན་དུ་ཡོངས་བཞེངས་གྲུབ་པའི་དབང་། །ཤེས་རབ་ཡར་འཕེལ་ཞབས་པད་ཚངས་གནས་རྒྱན་དུ་མཆོད། །ཐུགས་བསྐྱེད་ཁྱད་འཕགས་ཆོས་ཉིད་བདེན་པ་མངོན་གཟིགས་དེར། །ལུང་བསྟན་ཁྱད་འཕགས་སྤྱན་རས་གཟིགས་ཀྱིས་ཆེད་སྩལ་བཞིན། །གནས་མཆོག་ཁྱད་འཕགས་མདོ་ཁམས་སེང་གེ་རྫོང་གི་མགུལ། །གཟུངས་སྔགས་ཁྱད་འཕགས་ཡི་གེ་དྲུག་མའི་རྡོ་འབུམ་བཞེངས། །འགྲོ་དོན་ཁྱད་འཕགས་བྱིན་རླབས་དགེ་མཚན་གཟུགས་ཅན་པ། །ཁྱད་འཕགས་ལྔ་དང་ལྡན་པའི་རྟེན་མཆོག་འདི་མཚུངས་སུ། །དེ་ཕྱིར་འདི་ལ་དད་དང་མོས་གུས་རྩེ་གཅིག་པས། །བསྐོར་བ་ཉི་ཤུ་ཡིག་དྲུག་དུང་ཕྱུར་ངག་ཟློས་{ཟླས}དང་། །ཕན་ཡོན་མཉམ་ཞེས་ཚད་མར་གྱུར་པ་འགའ་ཡིས་བསྔགས། །གྲུབ་མཆོག་གདུང་རྟེན་འབྲེལ་ཚད་དོན་ལྡན་ཁྱད་འཕགས་ནང་། །སངས་རྒྱས་བྱང་སེམས་འཕགས་བོད་པཎ་གྲུབ་རིག་པ་འཛིན། །སྟོང་ཕྲག་བརྒལ་བའི་གདུང་དང་རིང་བསྲེལ་དམ་རྫས་ཀྱིས། །བྱུར་བུར་གཏམས་པའི་རྟེན་མཆོག་འདི་འདྲ་མཇལ་བར་དཀའ། །དེ་སླད་ཐར་པ་དོན་གཉེར་སྐལ་བཟང་མཆིས་རྣམས་ཀྱིས། །ངེས་འབྱུང་དད་མོས་བྱང་ཆུབ་སེམས་ཀྱི་གཞི་བཟུང་ངོས། ཕྱག་བསྐོར་གསོལ་འདེབས་སྨོན་ལམ་འབྲེལ་འཇོག་ཅི་ནུས་སུ། །མཛོད་དང་གནས་སྐབས་མི་མཐུན་ཉེས་བརྒྱའི་གཡུལ་ལས་རྒྱལ། །མཐར་ཐུག་རྣམ་མཁྱེན་ཡོན་གྱིས་ཀུན་ནས་འབྱོར་པར་འགྱུར། །དེ་སྐད་པདྨ་བི་ཛས་ལྷག་བསམ་གྱིས། །ལེགས་པར་བསྐུལ་བའི་བསོད་ནམས་སྤྲིན་ཚོགས་ཀྱིས། །དོན་གཉིས་ཕན་བདེའིི་གྲུ་ཆར་འཇོ་བ་ཡིས། །ས་འདི་འོག་མིན་བཞིན་དུ་འབྱོར་གྱུར་ཅིག །སརྦ་མངྒ་ལཾ། ༈ འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་ནོར་གྱི་ལྷའི། །སྐུ་བརྙན་ཅི་རིགས་འཕགས་བོད་རྒྱ་ཧོར་སོགས། །ཀུན་ནས་བཟོ་རིགས་འདྲ་མིན་ཁྱད་མཚར་བ། །མང་ཞིག་བྱུང་བ་འདི་ཞེས་ངེས་བཟུང་གིས། །དབྱེ་བསལ་དཀའ་བས་བརྗོད་པ་ངལ་བའི་རྒྱུ། །འོན་ཀྱང་སྐུ་རྒྱུ་མཆོག་ཕལ་གཉིས་ངེས་ཤིང་། །མཆོག་ནི་ཀླུ་ཡི་རིན་ཆེན་བདུན་འགྲེ་བའི། །ཛྷེ་ཆེམ་འམ་ནི་གསར་དམར་ཞེས་གྲགས་པ། །མཐའ་ཡི་རྒྱ་མཚོའི་འགྲམ་ཞིག་ལས་ཐོན་པ། །འདི་རིགས་ཁ་དོག་ཆེར་དམར་འཇའ་འོད་འཁྲུགས། །རང་རྩི་རིན་ཆེན་དུ་མའི་མདངས་འོད་གསལ། །ལག་རྗེན་གྱིས་ཕྱིས་བསྣམས་ན་དྲི་བཟང་འཐུལ། །ལྷག་པར་དུག་ཆུས་རེག་ན་དབང་གཞུ་བཀྲ། །ནོར་བུ་རིན་ཆེན་མཆོག་ཏུ་བསྔགས་པ་ཡིན། །དེར་མཚུངས་གླང་རི་ནས་ཐོན་ལི་དཀར་དམར། །དེ་བཞིན་གཤེགས་པ་བཞི་ཡི་བྱིན་བརླབས་ཤིང་། །རབ་ཏུ་གནས་པའི་མེ་ཏོག་འཐོར་བས་ན། །གཞན་ལས་ཁྱད་འཕགས་གྲགས་པ་ཡོངས་ལ་གསལ། །དེ་ལ་ལི་དཀར་དཀར་དྭངས་ཅུང་ཟད་སེར། །དེ་བཞིན་ལི་དམར་དམར་དྭངས་ཅུང་ཟད་སེར། གཉིས་ཀར་རང་རྩི་ཞག་དང་གཟི་མདངས་སོགས། །གཞན་ལས་ཁྱད་འཕགས་མཇལ་བས་དད་སྤྲོ་འཕེལ། །འདི་རིགས་རྒྱ་སྐུ་ཕལ་ཆེར་སྐུ་རྒྱུར་ཡོད། །གཞན་ཡང་བལ་སྐུ་རག་སྐྱ་ལྟ་བུ་དང་། །བྱེ་བྲག་ཧོར་གྱི་ཁྲོ་ལི་ནག་སྨུག་དཀར། །བོད་ཀྱི་ཆོས་ལི་སྔ་ཕྱི་ལ་སོགས་པར། །བྱིན་རླབས་རྫས་འཛོམས་འགྲེ་བ་ཡིན་ཞེས་གསུངས། །དེ་ལས་དམན་པ་གསེར་དངུལ་ཟངས་རག་སྟོང་། ཤིང་དང་སྨན་ལྡེ་འཇིམ་པ་ལ་སོགས་ཏེ། །འོན་ཀྱང་གོང་གསལ་ལི་ཡི་སྐུ་རྒྱུ་གསུམ། །འཛོམས་ན་རབ་གྱུར་མིན་ཡང་ཟངས་ལ་སོགས། །གང་རིགས་རྒྱུ་ལ་བཟོ་ཁྱད་ཕུན་ཚོགས་པའི། །བླུགས་{ལུག }མ་ཡིད་འོང་རྒྱུད་ནས་བཤད་ལྟར་གྱིས། །རིང་བསྲེལ་རྣམ་ལྔའི་གཟུངས་གཞུག་ཚད་བཞག་དང་། །ལྷག་པར་རྒྱལ་བའི་ཡུངས་འབྲུ་ལྟ་བུ་ཡི། །རིང་བསྲེལ་རྡོག་མ་གཅིག་བཞུགས་མཚན་ལྡན་གྱི། །སློབ་དཔོན་མཆོག་གིས་རབ་ཏུ་གནས་མཛད་པའི། །རྟེན་དེ་ལྷ་དང་བཅས་པའི་འགྲོ་བ་ཡི། །མཆོད་པའི་གནས་གྱུར་མཆོག་དངོས་སྩོལ་ནུས་པས། །དེ་ཙམ་གྱིས་འཐུས་མང་པོའི་བློ་མི་སྤྲོས། །བཀྲ་ཤིས་དཔལ་གྱི་སྣང་བས་ཀུན་ཁྱབ་ཤོག །སྐུ་གཟུགས་ཀྱི་རིགས་བརྟག་པའི་རབ་བྱེད་དོ། །སརྦ་ཛ་ག་ཏཱམ།
༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ཡེ། རྩ་གསུམ་ནོར་ལྷ་སྒྲུབ་པའི་དམ་ཚིག་རྫས། །བྷཉྫའི་བླང་དོར་མཚན་ཉིད་རྣམ་མང་ཡང་། །མདོར་བསྡུས་དུམ་གྲངས་འདྲ་བའི་དཔེ་བཞི་དང་། །གཅེས་པའི་ས་དྲུག་ཡོན་ཏན་རྣམ་བཅུ་སྟེ། །བཅང་བྱ་ཡིན་ཞིང་སྐྱོན་བཅུ་སྤང་བྱའོ། །དུམ་གྲངས་གཅིག་ནས་ལྔ་བར་དངོས་གྲུབ་སྣོད། །ཡིད་དུ་འོང་བ་སྙིང་གི་དུམ་བུ་འདྲ། །ལྕི་ཞིང་བརྗིད་པ་གསེར་གྱི་དོང་རྩེ་འདྲ། །སྲ་ཞིང་མཁྲེགས་པ་རྡོ་ཡི་སྙིང་པོ་འདྲ། །མདངས་ལྡན་སྣུམ་ཆག་ནོར་བུ་མཆོག་འདྲ་བར། །ཡོན་ཏན་ཅན་ལས་སྐྱོན་ཅན་མི་སྲིད་དོ། །བྱེ་བྲག་ཚེ་སྒྲུབ་བྱེད་པར་ཚེ་ལམ་གཅེས། །ཕྱྭ་གཡང་སྒྲུབ་པར་འདོད་འཇོའི་བ་གཞོང་གཅེས། །ནོར་སྒྲུབ་བྱེད་པར་ལྗོན་ཤིང་མེ་འབྲས་གཅེས། །ཁ་ཕོོར་བྱེད་ན་རྣལ་འབྱོར་ཟ་ལུང་གཅེས། །ཆེན་པོའི་ས་འཛིན་སྤྱིི་བོ་མཐོ་བ་གཅེས། །གཡུལ་ལས་རྒྱལ་འདོད་གླང་ཆེན་མཆེ་བ་གཅེས། །གཞན་ཡང་ཚངས་བུག་ཡངས་ཤིང་ལྷ་ཟམ་ལྡན། །རང་ས་འཇམ་ཞིང་དགྲ་ས་རྩུབ་པ་དང་། །དྲི་བཟང་ངད་ལྡང་དབྱིིབས་ལེགས་ཁོད་སྙོམས་པ། །གླང་རྗེས་འཇམ་ཞིང་རྟེན་འབྲེལ་ལེགས་པ་དང་། །རང་ས་མཐོ་ཞིང་མཐུག་པ་ཡོན་ཏན་བཅུ། །དུམ་གྲངས་དྲུག་ཕན་བརྒལ་དང་མདངས་ངན་དང་། །སྒོག་བཙོང་དྲི་འཐུལ་ལྗོན་ཤིང་སྐམ་ཆག་འགྱེལ། །ལྷ་བའི་ཟམ་ཆད་སྲོག་ཀ་གླང་མཆེ་ཉམས། །རྩ་རོ་སྲིན་ཁུང་རོ་དོང་བུག་ཁྲམ་{ཁྲོམ} མང་། །སྦལ་སྦྲུལ་གཟུགས་འདྲ་ཡོ་བཟུར་ལྡན་པ་དང་། །གས་གྲུམ་ཆག་སོགས་ལྡན་པ་སྐྱོན་བཅུ་སྟེ། །འོན་ཀྱང་བདག་པོར་འཕྲོད་དང་མི་འཕྲོད་སོགས། །ལེགས་ཉེས་རྟེན་འབྲེལ་བརྟག་པ་ཤིན་ཏུ་གཙོ། །བཀྲ་ཤིས་དཔལ་གྱིས་ས་གསུམ་ཀུན་ཁྱབ་ཤོག །དུར་ཁྲོད་ཐོད་པ་བརྟག་པའི་རབ་ཏུ་བྱེད་པའོ། །སརྦ་མངྒ་ལཾ།


previousགཏེར་མཛོད་དོགས་སེལ་ཉུང་ངུ་རྣམ་གསལ།next