Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀ་པཱ་ལ་བརྟག་པའི་རབ་ཏུ་བྱེད་པ་མཐོང་བས་དོན་རྟོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀ་པཱ་ལ་བརྟག་པའི་རབ་ཏུ་བྱེད་པ་མཐོང་བས་དོན་རྟོགས།next

ཀ་པཱ་ལ་བརྟག་པའི་རབ་ཏུ་བྱེད་པ་མཐོང་བས་དོན་རྟོགས།

༄༅། །ཀ་པཱ་ལ་བརྟག་པའི་རབ་ཏུ་བྱེད་པ་མཐོང་བས་དོན་རྟོགས་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ། །འདོད་འབྱུང་ནོར་བུ་རིན་པོ་ཆེས། །འགྲོ་བའི་རེ་བ་སྐོང་ལ་འདུད། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་ཀྱིས། །འཇིག་རྟེན་དང་ནི་འཇིག་རྟེན་ལས། །འདས་པའི་ཕུན་ཚོགས་དགེ་ལེགས་དཔལ། །སྒྲུབ་ལ་ཉེར་མཁོའི་ཀ་པཱ་ལ། །བཟང་ངན་མཚན་ཉིད་གང་དུ་གྱུར། །གྲུང་པོའི་བློ་ཡིས་མ་བརྟགས་ན། །འཚེང་ངམ་ཡང་ན་ཕུང་གྱུར་པས། །འདི་ནི་ཁེ་ཉེན་ཤིན་ཏུ་ཆེ། །དེ་ཕྱིར་ལུང་དང་མན་ངག་དང་། །རང་གི་རིག་པ་གསུམ་སྦྱར་ནས། །ཐོད་པ་བརྟག་པའི་རབ་ཏུ་བྱེད། །མཐོང་བས་དོན་རྟོགས་འདིར་བྲིར་རིགས། །དེ་ཡང་ཆོས་དང་ལྡན་པ་ཡི། །མི་ལུས་སྐྱེ་བ་བདུན་བརྒྱུད་མགོར། །མཆོག་གི་དུམ་བུ་གཅིག་པ་འབྱུང་། །ཐོད་པ་བུམ་རིམ་འཇམ་ཞིང་དྭངས། །རྒྱ་སྲུབ་རི་མོ་ཡེ་མི་སྣང་། །བྱ་སྒོང་གཤགས་པའི་ཚལ་བ་འདྲ། །ཕྱི་ནང་ཡོན་ཏན་ཀུན་འཛོམས་ཤིང་། །ཉེས་སྐྱོན་དྲི་མ་དང་བྲལ་བ། །མི་ཡི་ནོར་བུ་རིན་ཆེན་ཏེ། །གང་འདོད་དངོས་གྲུབ་སྩོལ་བར་ནུས། །ལྷག་པར་མཆོག་སྒྲུབ་རྟེན་དུ་ཤིས། །འདི་ཕྱིར་ཀུན་ལ་གྲགས་པ་ཡི། །ཀ་ལིས་དུམ་གྲངས་ངོས་འཛིན་ནི། །རྣ་ལྟག་ཕན་ཚུན་ལྟག་པའི་རུས། །དུམ་བུའི་གྲངས་སུ་བརྩི་བ་མིན། །རྒྱ་སྲུབ་རི་མོ་ཕྲ་ཞིང་དྭངས། །ཕྱི་གསལ་ནང་དུ་མི་མངོན་ཞིང་། །རི་མོའི་སྣེ་རྣམས་རང་ཡལ་ནས། །ཐོད་པ་དུམ་བུར་མ་ཆད་པ། །འདི་ལ་དུམ་བུ་གཅིག་པའམ། །གསུམ་པ་སུམ་འབྲེལ་ཞེས་ཀྱང་ཟེར། །དེ་བཞིན་དུམ་བུའི་གྲངས་དག་ནི། །རྒྱ་སྲུབ་འགྲོས་ཀྱིས་ཕྱེ་བ་ཏེ། །ཞིབ་པར་བརྟགས་ན་ཤེས་པར་སླ། །དུམ་བུ་གཅིག་པ་ཆོས་ལ་དབང་། །སྒྲུབ་རྟེན་སྐུ་དང་སྔགས་བྱང་བྲི། །གསང་དབང་ནང་མཆོད་སྤྱིི་ལ་ཤིས། གཉིས་གསུམ་ཟས་ནོར་རྒྱུ་ལ་དབང་། །ནོར་སྒྲུབ་གཡང་གི་རྟེན་དུ་བསྔགས། །བཞི་ལྔ་ལས་བཞི་གང་རུང་ལ། །དབང་བས་དཔྱད་ཅིང་དེ་དང་སྦྱར། །དྲུག་ཕན་མཚན་ངན་ཐོད་པ་སྟེ། །མངོན་སྤྱོད་སྐབས་འགར་མ་གཏོགས་པར། །མཁས་པས་མི་བསྟེན་སྤང་བར་བྱ། །རྒྱ་སྲུབ་གཉིས་རིམ་སྡུག་བསྔལ་བསྐྱེད། །གདོང་སྲུབ་རིགས་ངན་ནལ་ཐོད་དེ། །བཅངས་ན་གྲི་རུ་འཆི་བར་བཤད། །འོན་ཀྱང་ལྷ་མོར་རྟེན་རྫས་བྲིམ། །ཐོད་དབྱིབས་ཟླུམ་པོ་གྲུ་བཞི་ཟླ་གམ་གྱིས། །ཞི་རྒྱས་དབང་གི་ལས་འགྲུབ་ཡང་ན་ནི། །རྡོ་རྗེ་ནོར་བུ་པདྨ་འཁོར་ལོ་འདྲས། །སོ་སོའི་རིགས་ཀྱི་ལས་འགྲུབ་སྦྱོར་ཤེས་བྱ། །འབྲུ་དང་སྒོང་ང་འདྲ་བས་ཚེ་ནོར་འཕེལ། །དེ་ལྡོག་བང་རྨིག་པི་ཝང་འདྲ་བ་སོགས། །ཡོ་བཟུར་མི་མཛེས་དངོས་པོ་སྐྱོན་དུ་བལྟ། །མདོག་ཀྱང་དཀར་སེར་དམར་སྔོོ་སྨུག་ལ་དྭངས། །ཤིན་ཏུ་བཀྲག་ལྡན་སྣུམ་ཞག་རྩིག་པ་ཡིས། །ཞི་རྒྱས་དབང་སོགས་གང་འདོད་དངོས་གྲུབ་སྟེར། །ཁ་དོག་གང་རུང་སྐྱ་ལ་མདངས་འོད་ཉམས། །མི་གཙང་རུལ་དང་ཐལ་བས་གོས་འདྲ་དོར། །ཚངས་བུག་ཡངས་ཤིང་མ་ཡོ་གལ་ཆེ་ཞིང་། །གཅིག་རབ་གཉིས་འབྲིང་གསུམ་པ་རུང་ཙམ་བཤད། །ཡངས་དོག་རིག་འཐོར་ཞོ་འོ་འཛག་པ་ཙམ། །རིམ་བཞིན་ཡོན་ཏན་དག་དང་ལྡན་པར་བཤད། །ཚངས་བུག་ཡོ་ཞིང་བུ་ག་འཁྱོག་པོར་གྱུར། །ཁ་གྲངས་མང་སོགས་ངན་པའི་རྟགས་ཡིན་འཛེམ། །རུས་པ་ཤས་མཐུག་བར་གྱི་ལྷ་བ་ཆུང་། །དེ་ཡང་ལྷ་ཟམ་མ་ཆད་གོར་མོར་འཁོར། །ཤིན་ཏུ་མཁྲེགས་ཤིང་གསེར་ལྟར་ལྕིད་ཆ ེ་ན། །ཐུན་མོང་ནོར་སོགས་གཡང་གི་དངོས་གྲུབ་ལྡན། །ཡང་ན་རུས་ཤས་སྲབ་ཅིང་ཤིན་ཏུ་མཁྲེགས། །སྲབ་མཐུག་ཁོད་སྙོམས་དྭངས་ཤིང་སྣུམ་ཆགས་པ། །ཡིད་དུ་འོང་བའི་དངོས་པོས་ཆོས་འགྲུབ་བོ། །ག་བུར་ཙནྡན་གུརྒུཾ་ཆང་དྲི་ལྡན། །མི་རྒྱུད་གཙང་དང་གྲགས་པ་ཆེ་བར་འགྱུར། །བམ་རུལ་སྒོག་གཙོང་མི་ཞིམ་དྲི་བྲོོ་བས། །ལོག་ལྟ་སྐུར་འདེབས་མི་ཁ་བསྐྱེད་པར་བྱེད། །སྤྱི་བོ་མཐོ་ན་ཆེན་པོའི་ས་ཐོབ་ཅིང་། །ཚངས་མ་རྒྱས་པས་ལོངས་སྤྱོད་འཕེལ་བར་ཡོངས། །དཔྲལ་དབྱེས་ཆེ་ན་ཁ་རྗེ་དབང་ཐང་དར། །ལྷག་པར་ཚངས་མའི་གཡས་དང་གཡོན་ཟུར་ན། །རུས་གདོང་དཀར་པོ་གླང་ཆེན་མཆེ་བ་འདྲ། །འབུར་དོད་གསལ་བས་ཕྱི་ཡི་སྐྱོན་བརྒྱ་སེལ། །ཕ་རོལ་དགྲ་འཇོམས་འཐབ་རྩོད་གཡུལ་ལས་རྒྱལ། །ཕྱི་ནང་གང་ཡང་རུང་བའི་རང་ནོར་སར། །ཚངས་བུག་ཚུན་དུ་འབུར་དང་རི་མོ་ཡི། །རིགས་ལྔའི་ཕྱག་མཚན་བཀྲ་ཤིས་རྫས་རྟགས་གཟུགས། །རིན་ཆེན་ཕྲ་བཏབ་འབྲུ་འཐོར་མར་ཁུ་ཏིག །ཉི་ཟླ་ལ་སོགས་བཟང་པོའི་མཚན་མས་སྤྲས། །བཀྲ་ཤིས་བདེ་ལེགས་དཔལ་མང་འཕེལ་བའི་རྟགས། །ནང་ཁྱོན་འཇམ་ཞིང་གཏིང་ཟབ་ངོས་ཡངས་མཐོ། །དཔྲལ་བ་རྒྱ་ཆེ་ལྟག་པ་བཅུམ་པའི་ཉམས། །མ་ཡོ་ཁོད་སྙོམས་གླིིང་བཞིས་བཀོད་ལྟར་མཛེས། །དེ་འདྲར་དངོས་གྲུབ་མེད་པ་མི་སྲིད་དོ། །ཐོད་པའི་ནང་ཁྱོན་ཚངས་བུག་ཚུན་ཆོད་ནི། །རང་དང་ནོར་སོགས་ས་ཡིན་འཇམ་ན་བཟང་། །དེ་ཕན་ལྟག་པ་དགྲ་ས་རྩུབ་ན་ལེགས། །རང་ས་ཚངས་མའི་དབུས་ཤར་རུས་སྣ་ནི། །མཐུག་ཅིང་གཟེངས་མཐོ་ཁྱུང་མཆུའི་དབྱིབས་ལྡན་པ། །མཛུབ་མོ་ཁེལ་བ་ཙམ་དུ་ཡོད་པ་ནི། །རྣལ་འབྱོར་སྲོག་ཀ་འམ་ནི་སོག་སྣ་ཞེས། །ཤིན་ཏུ་བཟང་ན་ནང་གི་སྐྱོན་བརྒྱས་ལ། །གཞན་གྱི་ཡོན་ཏན་ཀུན་ལས་འདི་གལ་ཆེ། །འདི་ཞུས་གཞན་གྱི་མཚན་བཟང་གྲངས་མང་ཡང་། །བྷཉྫ་རབ་ཀྱི་མིང་དོན་འབྲེལ་བ་མིན། །ལྗོན་ཤིང་གཞོན་ནུ་མཉེན་ལྕུག་འཁྲིལ་ལྡེམ་ཆགས། །ཡལ་ག་ལོ་མ་མེ་ཏོག་འབྲས་བུ་སྨིན། །ཚངས་པའི་བུ་ག་ཚུན་དུ་ཁྱབ་པར་མཛེས། །མི་ཕྱུགས་འབྲུ་འཕེལ་ཟས་གོས་ཕངས་མེད་འབྱུང་། །འདི་མལ་རྩ་རིས་སྲིན་ཁུང་གས་དང་གྲུམ། །དོང་དང་ཁྲམ་རིས་ཧོམ་ཁུང་སྦལ་སྦྲུལ་གཟུགས། །གང་བྱུང་ས་དེར་ངན་པས་དཔྱད་ཤེས་བྱ། །ལྗོན་ཤིང་རྒས་དང་མེ་འབྲས་དགོག་པ་དང་། །སྲིན་གྱིས་བཅད་སོགས་གཡང་མེད་བར་ཆད་སྡང་། །ཡང་ན་ལྗོན་ཤིང་དགྲ་སར་རབ་ཏུ་རྒྱས། །རང་སར་སྟོང་ན་རང་ནོར་དགྲ་ལ་འཆོར། །དགྲ་སར་སྲིན་ཁུང་བུག་ཧྲལ་རྩུབ་པ་དང་། །ལྟག་པའི་རུས་སྣ་ཆད་ཅིང་རབ་ཏུ་བཅུམ། །སྐྱོན་རིགས་ཇི་ཙམ་འཛོམས་ན་ལེགས་པ་ཡིན། །དགྲ་མེད་དགྲ་རྣམས་རང་གི་བྲན་དུ་འགྱུར། །སྤྱི་བོར་སོར་བཞི་ནོར་གྱི་ས་ཡིན་པས། །དབུས་ན་གཤོང་བུ་མར་ཁུའི་རྒྱུན་ལམ་དང་། །མདུན་དུ་མར་ལ་ཐེབ་རྗེས་བཞག་འདྲ་རྣམས། །འདོད་འཇོའི་བ་ཡིན་ཟས་ནོར་དངོས་གྲུབ་འབྱུང་། །ནང་ཁྱོན་ཐོད་སྤྲིས་དམར་པོས་ཡོངས་སུ་ཁྱབ། །ལྗོན་ཤིང་རི་མོ་མི་བསྒྲིབ་གསལ་ཞིང་དྭངས། །ཤིན་ཏུ་སྣུམ་ཞིང་མཛེས་པའི་དཔལ་འབར་ན། །མཚན་ལྡན་དངོས་ཡིན་དང་དུ་བླང་བར་རིགས། །ཡོན་ཏན་ལྡན་ཡང་རང་ཡིད་མི་ཡོང་ཞིང་། །རྟེན་འབྲེལ་བརྟག་པས་མི་ལེགས་ཚུལ་སྟོན་ན། །རང་ལ་མི་དབང་གཞན་ལ་སྤོོ་བའམ། །ཡང་ན་རྟེན་འབྲེལ་བཅོས་རིམ་བསྒྲུབ་བཟུང་རུང་། །བཟང་བའི་དཔལ་ཡོན་བཤད་ཚོད་མི་མངའ་ཡང་། །ཐོག་མར་རྙེད་པའི་རྟེན་འབྱུང་རབ་ཏུ་བཟང་། །རང་གི་སེམས་ལ་འཕྲོད་ཅིང་སྙིང་དུ་སྡུག །གཞན་གྱིས་བསྐུར་ཞིང་ཟས་ནོར་སྟེར་བ་སོགས། །བཟང་པོའི་ལེགས་ཚོགས་འགྲིགས་ན་དངོས་གྲུབ་སྟེར། །རང་ལ་དབང་བའི་ནོར་བུ་རིན་ཆེན་ཡིན། །མདོར་ན་དུམ་གྲངས་གང་རིགས་ལྡན། །དེང་མཚུངས་ཚངས་བུག་དྲངས་ཤིང་ཡངས། །དབྱིབས་ལེགས་ཁ་དོག་གང་རིགས་གསལ། །མཐུག་ཅིང་མཁྲེགས་ལ་ལྕིད་དང་ལྡན། །ཕྱི་ནང་ཀུན་འཇམ་དགྲ་ས་རྩུབ། །དཔྲལ་བ་རྒྱས་ཤིང་ལྟག་ཀ་བཅུམ། །ནང་དུ་ལྗོན་ཤིང་ལོ་འབྲས་རྒྱས། །རང་ནོར་ས་རུ་རྩེ་མོ་གུག །ཁྱད་པར་དཔྲལ་བའི་ཕྱི་གདོང་དུ། །གླང་ཆེན་མཆེ་བ་དཀར་ཞིང་མཛེས། །ནང་དུ་རྣལ་འབྱོར་སྲོག་ཀ་ནི། །མཐུག་ཅིང་ཆེ་ལ་ཐེབས་ལེན་ཙམ། །ཤིན་ཏུ་སྣུམ་ཆགས་མདངས་དང་ལྡན། །མཐོང་བས་སྙིང་ལ་དགའ་སྟེར་ན། །མི་ཡི་ནོར་བུ་རིན་ཆེན་ཡིན། །ཚུལ་བཞིན་བརྟེན་སྒྲུབ་གསོལ་བཏབ་ན། །ཐུན་མོང་གང་འདོད་དངོས་གྲུབ་ཐོབ། །དེ་ཚུལ་སྒྲུབ་ཐབས་ཆོ་གའི་རིམ། །གཞན་དུ་གསལ་ལས་ཤེས་པར་བྱ། །བྲེག་མ་མཁས་པས་མཐོ་དམའ་ཡོ། །མིག་བུ་གས་གྲུམ་ནང་གི་ཁྱོན། །མཚོན་རྩེས་ལྗོན་ཤིང་རི་མོ་སོགས། །བཅད་གཏུབ་ར་རི་སྣ་ཚོགས་བྲིས། །ཞག་དང་སྤྲིས་མ་མེད་པར་བརླག །མེ་དང་ཆུར་བཙོས་ལྷ་བ་བཏོན། །འདི་དག་རྨོངས་པའི་བྱ་བས་བསླད། །ནོར་བུ་རིན་ཆེན་བརླག་པ་ཡིན། །ཡོན་ཏན་ལྡན་པའི་ཀ་ལི་དེ། །ཕྱི་{སྤྱི}རུ་ཡིག་འབྲུ་ཕྱག་མཚན་སོགས། །རི་མོ་བསྲུབ་ཀྱིས་དོགས་མེད་ན། །ཚོད་ཙམ་ཕྱི་བས་འཇམ་ཞིང་དྭངས། །མདངས་ལྡན་ཡིད་དུ་འོང་བ་ཡོང་། །བྲེག་ཚེ་རང་ས་མཐོ་བ་དང་། །དགྲ་ས་ཅུང་ཟད་དམའ་བར་བྱེད། །མཐོ་དམན་རྣ་བ་ཕན་ཚུན་གྱིས། །རུས་ལྷན་དུམ་ཙམ་འབྱར་དགོས་པས། །དེ་ཚོད་བཏུན་པའི་ཐིག་གིས་བགོ། །མཐོ་དམན་ཡོ་བཟུར་མེད་པ་གཅེས། །བར་གྱི་ལྷ་བས་སྟོང་པ་དང་། །ནང་དུ་སྲིན་ཁུང་འབུ་རྗེས་སོགས། །བྱུང་ན་རིན་ཆེན་སྣ་ཚོགས་དང་། །སྨན་དང་འབྲུ་ཡི་བསྐོང་བར་བྱ། །འདི་རྣམས་ཞར་བྱུང་ཚུལ་དུ་སྨྲས། །ཨེ་མ་ཀུན་མཁྱེན་པདྨ་འབྱུང་། །སློབ་དཔོན་ཨིནྡྲ་བྷུ་ཏི་སོགས། །འཕགས་བོད་མཁས་གྲུབ་རྣམ་མང་གི། །གསུང་གི་བཅུད་བསྡུས་འདི་རྨད་བྱུང་། །ལྷག་བསམ་དག་པས་འདིར་འབད་དགེས། །རྨོངས་འགྲོ་ཤེས་རབ་མིག་དང་ལྡན། །དཀར་ནག་ལས་ཀྱི་སྤང་བླང་ཕྱེད། །ཐམས་ཅད་མཁྱེན་པའི་ས་ཐོབ་ཤོག །ཅེས་འདི་སྤྲུལ་མིང་པད་རྣམ་གྱིས། །བགྲང་བྱ་བཅུ་དྲུག་ཐོག་ནས་བྲིས། །རང་གམ་གནས་པའི་དགེ་རྒན་ལ། །སྤྱན་ཞུས་ལེགས་སོའི་དབུགས་དབྱུང་སྩལ། །སྣ་ཚོགས་བྱིས་པའི་སྤྱོད་ཚུལ་གྱིས། །མཁས་རྣམས་མགུ་བ་མི་རིགས་ཀྱང་། །ཉམས་མཚར་བཞད་གད་སློང་བ་ལ། །སྐབས་རེར་མཁོ་བ་སྲིད་པ་ཡིན། །དགེའོ།། །།
༄༅། །ༀ་སྭསྟི། དེ་ལ་འདིར་འཕགས་མཆོག་སྙིང་རྗེའི་གཏེར་གྱི་ཕོ་བྲང་བོད་ཁ་བ་ཅན་གྱི་བྱེ་བྲག་བཀྲ་ཤིས་པའི་རྟགས་ཀྱིས་མངོན་པར་མཛེས་པའི་རིའི་སུལ་ན། གཡུ་ལོ་རྣམ་པར་བཀོད་པའི་བདུད་རྩིའི་ལྗོན་ཤིང་གི་རྩེར་བྱ་ཡི་རྒྱལ་པོ་ཁུ་བྱུག་བློ་གྲོས་རབ་ཡངས་ལ་འདབ་ཆགས་ཀྱི་རིགས་ཐམས་ཅད་འདུས་ནས་གསོལ་བ། ཨེ་མ་བསོད་ནམས་བསགས་པའི་སྐུ། །དུད་འགྲོའི་ཚུལ་བཟུང་ཤེས་རབ་ཅན། །བདག་ཅག་བྱ་ཚོགས་སྐྱབས་པའི་མགོན། །བློ་གྲོས་རབ་ཡངས་བྱོན་པ་ལེགས། །བདག་འདྲ་རྨོངས་པའི་སེམས་ཅན་ལ། །ཆོས་དང་མཐུན་པའི་བསླབ་བྱ་མཛོད། །སྲིད་དང་མཐུན་པའི་ལག་ལེན་ཤོད། །བཟང་ངན་གཉིས་ཀྱི་ཤན་འབྱེད་འཚལ། །རྨོངས་ཆེན་འགྲོ་བ་བསྐྱབ་ཏུ་གསོལ། །ཞེས་གསོལ་བས་བཟང་ངན་ཤན་འབྱེད་ཀྱི་ཚུལ་འདི་བཀའ་སྩལ་ཏོ། །ཀུ་ཁུ་ཀུ་ཁུ་ཀུ་ཁུ། བསོད་ནམས་བསགས་པས་བྱ་ཡི་རྒྱལ་པོར་སྐྱེས། །དྲང་པོར་གནས་པས་ཀུན་གྱིས་ཚད་མར་འཛིན། །སྙན་པར་སྨྲ་བས་སྐྱེ་འགྲོའི་སྙིང་ལ་འབབས། །རྒྱལ་ཁམས་བསྐོར་བས་ལེགས་ཉེས་མཐོང་རྒྱ་ཆེ། །དེ་ཕྱིར་ང་ཡི་ལེགས་བཤད་ཚིག་འདི་འཆད། །ཀུན་མཁྱེན་རྒྱལ་བའི་བཀའ་ལ་མི་བདེན་མེད། །ངེས་དོན་ཟབ་མོའི་ཚུལ་ལ་མི་ཟབ་མེད། །རྒྱུ་དང་འབྲས་བུའི་ཚུལ་གྱིས་མ་བསྐྱེད་མེད། །བྱ་ཡི་རྒྱལ་པོའི་གཏམ་ལ་མི་ཉན་མེད། །དེ་ཕྱིར་འདབ་ཆགས་ཚོགས་རྣམས་གུས་པས་ཉོན། །དང་པོ་ཐོས་བསམ་ཤེས་རབ་མཐའ་རྒྱ་བཅད། །བར་དུ་སྒྲུབ་པ་མཐར་ཕྱིན་གྲུབ་རྟགས་རྫོགས། །ཐ་མ་གཞན་ཕན་ཕྲིན་ལས་མཐའ་ནས་རྒྱས། །མཁན་སློབ་བཤེས་གཉེན་རབ་ཀྱི་མཚན་ཉིད་ཡིན། །དམ་པའི་བཤེས་བསྟེན་རྒྱ་ཆེན་ཐོོས་པ་བཙལ། །རིགས་གནས་ཀུན་ཤེས་རྒྱུད་སྡེའི་བཤད་སྒྲོས་ལེགས། །བྱང་ཆུབ་སེམས་ལྡན་བསླབ་སྡོམ་རྣམ་པར་དག །མཁན་སློབ་དགེ་བཤེས་འབྲིང་གི༴ བླུན་རྨོངས་ཚིག་གི་རྗེས་གཅོད་ང་རྒྱལ་ཆེ། །སྐལ་ལྡན་མི་གཉེར་དམ་ཆོས་ཟོང་དུ་འཚོང་། །དམ་ཚིག་འཆལ་གྱུར་གཏན་ཕུང་འདུན་གྲོས་མཁན། །མཁན་སློབ་དགེ་བཤེས་ཐ་མའི༴ མཁན་སློབ་དགེ་བཤེས་གཙུག་གི་ནོར་བུར་བརྟེན། །བསླབ་གསུམ་རྣམ་དག་ཐོས་བསམ་བསྒོམ་ལ་བརྩོན། །སྤང་ཀློག་བྱ་བས་བསྟན་པའི་སྒྲོན་མེ་འདེགས། །གྲྭ་བཙུན་རྣལ་འབྱོར་རབ་ཀྱི་མཚན་ཉིད་ཡིན། །སྐྱིད་སྡུག་གང་བྱུང་དཀོན་མཆོག་རྗེ་ལ་རེ། །ལས་འབྲས་མི་བསླུའི་ངེས་པ་གཏིང་ནས་རྙེད། །སྒོ་གསུམ་བྱ་བ་ཆོས་དང་གང་མཐུན་སྒྲུབ། །གྲྭ་བཙུན་རྣལ་འབྱོར་འབྲིང་གི༴ རང་མགོ་མི་ཐོན་གཉིས་མགོ་ཐོན་དུ་རེ། །འཇིག་རྟེན་འཁྲུལ་བའི་བྱ་གཞག་གཞན་བསམ་མང་། །ཕྱི་མ་མི་བསམ་ཚེ་འདིའི་འདུན་གྲོས་མཁན། །གྲྭ་བཙུན་རྣལ་འབྱོར་ཐ་མའི༴ བླ་མ་དཀོན་མཆོག་ལུགས་ཀྱི་ལྷ་བཞིན་བཀུར། །འབངས་འཁོར་མཐའ་དག་བྱམས་བརྩེས་བུ་བཞིན་སྐྱོངས། །དགེ་བཅུའི་ཁྲིམས་སྲོལ་ཉེ་རིང་མེད་པར་ལྕི། །ས་སྐྱོང་རྒྱལ་པོ་རབ་ཀྱི་མཚན༴ བརྟགས་ཤིང་དཔྱད་པས་བློ་ལ་ཉེས་པ་མེད། །ཐབས་ལ་མཁས་པས་བྱ་བ་མཐའ་རུ་འཁྱོལ། །ཁོང་ཡངས་དཀྱིལ་ཆེ་གཞུངས་བཟང་ཕྱི་ཐག་རིང་། །ས་སྐྱོང་རྒྱལ་པོ་འབྲིང་གི༴ བརྩེ་མེད་ཁྲོ་གཏུམ་ཆེ་ཞིང་སྡིག་ལ་དགའ། །གྱ་གྱུའི་བློ་ཅན་ཟང་ཟིང་འབའ་ཞིག་གཉེར། །མ་བརྟགས་སྤྱོད་པ་སྨྱོན་པའི་ངང་ཚུལ་ཅན། །ས་སྐྱོང་རྒྱལ་པོ་ཐ་མའི༴ གཙུག་ལག་ཀུན་ཤེས་སྒྱུ་རྩལ་ཕ་རོལ་སོན། །རྗེ་ཡི་བཀའ་སྒྲུབ་ལྷག་པའི་བསམ་པ་འཆང་། །རྒྱལ་སྲིད་འདུན་མ་དགེ་བའི་ལམ་ལ་བསྒྱུར། །ཞང་བློན་མི་དཔོན་རབ་ཀྱི་མཚན་ཉིད་ཡིན། །བློ་རྒྱ་ཆེ་ཞིང་བདེན་རྫུན་ཤན་འབྱེད་མཁས། །སྣ་ཚོགས་ཐབས་ཀྱིས་ཡུལ་ཁམས་སྲུང་བར་ནུས། །བྱས་པ་གཟོ་ཞིང་ཚོད་འཛིན་ལས་ལ་མཁས། །ཞང་བློན་མི་དཔོན་འབྲིང་གི༴ རྗེ་ལ་མི་གུས་ཤེས་མེད་རང་མཐོང་ཆེ། །འབངས་ལ་མི་སེམས་ཁྲེལ་དང་ངོ་ཚ་དོར། །རང་གཞན་གཉིས་ཕུང་ལོག་པའི་འདུན་གྲོས་མཁན། །ཞང་བློན་མི་དཔོན་ཐ་མའི༴ བསོད་ནམས་བསགས་པས་བློ་བདེ་ཁོང་ནས་རྙེད། །དྲང་པོར་གནས་པས་ཀུན་གྱིས་བཀུར་བའི་གནས། །སྙན་པའི་ཚིག་གིས་འགྲོ་ཀུན་དགའ་བྱེད་པ། །དབུ་དཀར་རྒན་པོ་རབ་ཀྱི་མཚན་ཉིད་ལགས། །བྱ་བ་ཟིན་པས་འཇིག་རྟེན་ཁུར་ཐང་མེད། །བསྒྲང་བྱ་སོན་པས་འཆི་ཆོས་སྒྲུབ་ལ་དགའ། །བདེ་བའི་མལ་ན་བདེ་བར་གཉིད་ལོག་པ། །དབུ་དཀར་རྒན་པོ་འབྲིང་གི༴ ན་སོ་སྨིན་བཞིན་ལོག་སྤྱོད་སྣ་དགུ་དྲན། །དགའ་སྡུག་རྣམ་འགྱུར་ཀོ་ལོང་བཙན་བས་དམ། །ནང་འཐབ་ནུབ་འཐབ་བུ་ཚའི་ཞེ་གཅོད་མཁན། །དབུ་དཀར་རྒན་པོ་ཐ་མའི༴ ཕ་མ་རྒན་རྒོན་རིགས་ཀྱི་ལྷ་བཞིན་བསྐུར། །གནའ་བོའི་ཚུལ་བཟུང་རྒྱུ་འབྲས་ཚུལ་ལ་དང་། །ཀུན་ལ་ཕན་འདོགས་བཟོད་དེས་བློ་གྲོས་ཆེ། །བྱིས་པ་གཞོན་ནུ་རབ་ཀྱི༴ རྒན་པའི་ངག་ཉན་རང་མཁོས་བྱ་བ་སྒྲུབ། །གྲོགས་ལ་སྙིང་ཉེ་ཀོ་ལོང་གདུག་རྩུབ་ཆུང་། །སྨྲ་བ་ཉུང་ཞིང་འཐབ་མོའི་གཞི་མི་སྒྲུབ། །བྱིས་པ་གཞོན་ནུ་འབྲིང་གི༴ ཕ་མ་རྒན་རྒོན་གཉེན་གྲོགས་ཐལ་པས་བརྔན། །ངོས་ནས་འཕྲོག་ཅིང་ལྐོག་ཏུ་རྐུན་ལ་དགའ། །གང་འཕྲད་གསོད་ཅིང་ཀུན་དང་འགྲས་ཚོལ་བ། །བྱིས་པ་ན་གཞོན་ཐ་མའི༴ བློ་ཆེ་ཁོང་ཡངས་ངང་རིང་ཆོས་ལ་དཀར། །དཔའ་ཞིང་བརྟུལ་ཕོད་གཞན་ཕྱོགས་འཇོམས་པར་ནུས། །རང་འདོད་ཆུང་ཞིང་ཀུན་ལ་ཕན་བརྩོན་པ། །ཕོ་སྐྱེེས་དར་མ་རབ་ཀྱི༴ ཆོག་ཤེས་ལྡན་པས་གཞན་གྱི་ནོར་མི་བརྐུ། །རང་ཚོད་ཟིན་པས་ཀུན་དང་འགྲས་མི་བགོ །སྡིག་དང་མ་འདྲེས་རང་གི་འཚོ་བ་སྒྲུབ། །ཕོ་སྐྱེས་དར་མ་འབྲིང་གི༴ ཕ་མའི་ཞེ་གཅོད་གྲོགས་ལ་རྡེག་མོ་འཆང་། །སྒོོ་ཁྱི་གནག་ཕྱུགས་བྲན་གཡོག་དགྲ་བཞིན་སྡང་། །བྱ་བ་མང་པོས་དགྲ་གྱོད་གཡང་དུ་འབོད། །ཕོ་སྐྱེས་དར་མ་ཐ་མའི༴ ཡབ་རྐུད་གྱོས་སྒྱུག་{རྒྱུགས}ཕ་མེས་བཞིན་དུ་བཀུར། །ཀུན་ལ་ཕན་འདོགས་དམན་ལ་ལྷག་པར་བྱམས། །བུ་ཚ་གཉེན་འཁོར་ཐབས་ཀྱིས་ཆོས་ལ་བཙུད། །མ་སྲུ་མོ་སྨན་རབ་ཀྱི་མཚན་ཉིད་ཡིན། །རང་རྒྱུད་རིང་ཞིང་ཚུགས་ཐུབ་མིག་སེར་ཆུང་། །མགྲོན་སྒོ་ཡངས་ཤིང་ཁྱོ་ལ་ལྷག་པར་གུས། །བྲན་འཁོར་སྐྱོང་ཤེས་ཁྱིམ་ཀྱི་སོ་ཚིས་མཁས། །མ་སྲུ་མོ་སྨན་འབྲིང་གི་མཚན་ཉིད་ཡིན། །རྒན་པའི་ཡིད་གཅོད་བྲན་གཡོག་ལྟོགས་གྲིར་བཀུམ། །གྲོགས་ལ་སྡང་ཞིང་བློ་ཆུང་གསར་འགྲོགས་ཆེ། །ཟ་དགའ་ཉལ་སྐྱིད་དབྱེན་སྦྱོར་སྨྲ་ལྕེ་རྒོད། །མ་སྲུ་མོ་སྨན་ཐ་མའི༴ སྔོན་བསགས་མཐུ་ཡིས་ལོངས་སྤྱོད་འཛད་པ་མེད། །ཕྱི་མའི་རྒྱགས་ཕྱེ་མཆོད་སྦྱིན་གཏེར་དུ་སྦས། །དབུལ་ཕོངས་མགོན་མེད་ཡོངས་ཀྱི་སྐྱབས་གཅིག་པུ། །གཏན་བདེ་ཕྱུག་པོ་རབ་ཀྱི༴ གོང་མ་བཀུར་ཞིང་འོག་མ་ཐབས་ཀྱིས་སྐྱོང་། །བར་མ་གཉེན་གྲོགས་ཟས་གོས་ནོར་གྱིས་སྡུད། །རང་ཉིད་གང་འདོད་ལོངས་སྤྱོད་ཕངས་མེད་སྤྱད། །འཕྲལ་བདེ་ཕྱུག་པོ་འབྲིང་གི༴ ཚེ་འདིར་དགོས་པའི་ཟས་གོས་ལོངས་སྤྱོད་མེད། །ཕྱི་མར་ཕན་པ་སྦྱིན་པའི་རྒྱགས་ཕྱེ་ཆད། །དགྲ་གྱོད་སྣ་འདྲེན་ཡི་དྭགས་གཏེར་སྲུང་རྒྱུ། །གཏན་ཕུང་ཕྱུག་པོ་ཐ་མའི་མཚན་ཉིད་ཡིན། །རང་བཞིན་རྒྱུད་དྲང་རྗེ་ལ་མཆོག་ཏུ་གུས། །གང་སྒྲུབ་བཀའ་ཉན་སོ་ནམ་སྲུང་སྤེལ་མང་། །གཏི་མུག་གཉིད་ལ་ཟོན་འཆའ་དགེ་ལ་སྤྲོ། །བྲན་འཁོར་ཕོ་མོ་རབ་ཀྱི༴ སྨྲ་བ་ཉུང་ཞིང་ངོ་ལྐོག་བློ་གཏད་ཐུབ། །བྱ་སྤྱོད་གཙང་ཞིང་ནོར་ཕྱུགས་བྱམས་པས་སྐྱོང་། །བྱས་པ་གཟོ་ཞིང་ཉིན་མཚན་མེལ་ཚེ་བརྩོན། །བྲན་འཁོར་ཕོ་མོ་འབྲིང་གི༴ ངོས་ནས་བཏུད་ཀྱང་ལྐོག་ཏུ་གནོད་པ་སྐྱེལ། །ཟས་ལ་འབབ་ཅིང་བསྒོ་བའི་ལས་ལ་བྱོལ། །རྒྱུད་རྩུབ་ཁོང་སྐྲན་གཡོ་སྒྱུ་རྐུན་རྫུན་མཁན། །བྲན་འཁོར་ཕོ་མོ་ཐ་མའི་མཚན་ཉིད་ཡིན། །དེ་ལྟར་བཟང་ངན་བར་མའི་ཚུལ་ཕྱེས་ཏེ། །མདོ་ཙམ་བཤད་པ་ཁྱེད་ཅག་སེམས་ལ་ཆོངས། །དམན་ལམ་ལས་ལྡོག་བཟང་སྤྱོད་བསླབ་བྱོས་དང་། །མི་རིང་བསྔགས་འོས་དམ་པའི་གནས་ཐོབ་འགྱུར། །ཀུ་ཁུ་ཀུ་ཁུ་ཀུ་ཁུ། ཞེས་བཀའ་སྩལ་བས་ཐམས་ཅད་ཡིད་རབ་ཏུ་རངས་ཏེ་དམ་པའི་སྤྱོད་ཚུལ་ཡང་དག་པ་ལ་ཞུགས་པར་གྱུར་ཏོ། །ཞེས་པའང་བྱ་ལོ་ས་ཟླའི་ཚེས་བཅུ་དགུའི་ཉིན་པདྨ་བི་ཛས་ཉམས་མཚར་དུ་ལྷོ་སྨར་ཁམས་ཀེ་རེའི་ཁ་སྒང་དུ་བྲིས་པ་དགེ།


previousཀ་པཱ་ལ་བརྟག་པའི་རབ་ཏུ་བྱེད་པ་མཐོང་བས་དོན་རྟོགས།next