Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་རྒན་དད་པ་ཅན་གྱི་སེམས་ལ་བཅང་།
   
   
   
   
   
   
   
   
   
   
   
   
   


 
previousམ་རྒན་དད་པ་ཅན་གྱི་སེམས་ལ་བཅང་།next

མ་རྒན་དད་པ་ཅན་གྱི་སེམས་ལ་བཅང་།

༄༅། །མ་རྒན་དད་པ་ཅན་གྱི་སེམས་ལ་བཅང་རྒྱུར། ད་རེས་རྟེན་ཁྱད་འཕགས་མི་ལུས་ཐོབ། དབང་པོ་ལྔ་ལ་སྐྱོན་མ་ཞུགས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། ཡང་དག་པའི་བླ་མ་དགེ་བའི་བཤེས་གཉེན་ཀྱིས་རྗེས་སུ་ཟིན་པ་ནི་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན། ད་རེས་ཀྱི་རྟེན་ལ་དམ་པའི་ཆོས་མ་འགྲུབ་ན་ཕྱིས་ཡང་ཡང་རྙེད་པར་དཀའ། དེ་ཡང་ཆོས་མྱུར་དུ་མ་སྒྲུབ་ན་ཚེ་ལ་ངེས་པ་མེད་པས་ཐ་ན་དོ་ནུབ་ཙམ་དུའང་མི་འཆི་བའི་གདེང་ནི་མེད། འཆི་བའི་ཚེ་ལས་དཀར་ནག་གཉིས་མ་གཏོགས་རང་གི་རྗེས་སུ་འབྲང་བ་ནི་གང་ཡང་མི་སྲིད། ལས་ནི་ལུས་དང་གྲིབ་མ་བཞིན་དུ་རྗེས་སུ་འབྲངས་ཏེ། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་འཕངས་ན་སྡུག་བསྔལ་བཟོད་གླགས་མེད། གལ་ཏེ་ཟག་བཅས་ཀྱི་དགེ་བས་མཐོ་རིས་སུ་སྐྱེས་ཀྱང་ཡིད་བརྟན་མི་རུང་སྟེ་སྡུག་བསྔལ་གསུམ་ལས་མ་འདས། དེ་ལྟ་བུའི་སྡུག་བསྔལ་ཅན་གྱི་འཁོར་བ་ལས་སྐྱབས་ནུས་པ་ནི་བླ་མ་དཀོན་མཆོག་གསུམ་མ་གཏོགས་གཞན་གང་ཡང་མེད་པས། དུས་རྒྱུན་དུ་བློ་སྙིང་བྲང་གསུམ་དེ་ལ་གཏོད་ལ་སྐྱབས་འགྲོ་ལ་འབུངས། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་རེས་ཀྱིས་ད་ལྟའི་རྩ་བའི་ཕ་མ་ཇི་ལྟ་བར། ཕན་ཐོགས་ཚད་བཏགས། གནོད་པ་ལས་སྐྱབས་ནུས་ཚད་ཀྱིས་བསྐྱབས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་སྟེ། འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་ལག་ལེན་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལ་སྤྱོད་པ་སྙིང་རེ་རྗེ། འདི་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཇི་མ་རུང་། དེའི་ཆེད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་བར་བྱའོ་སྙམ་པ་སྨོན་པ་དང་། སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་རྒྱུ་སྡིག་པ་མི་དགེ་བ་སྤང་། དགེ་བ་ཕུན་སུམ་ཚོགས་པ་སྒྲུབ་པར་བགྱིའོ་སྙམ་དུ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་དེ། དེ་གཉིས་དང་མ་བྲལ་བའི་ངང་སྒོ་གསུམ་དགེ་བའི་ལས་ལ་ཅི་ནུས་སུ་འབད་པ་གལ་ཆེ། དེ་ལྟར་སྒྲུབ་པའི་དགེ་བའང་སངས་རྒྱས་སྲས་དང་བཅས་པས་ཇི་ལྟར་བསྔོ་བ་མཛད་པ་དེ་བཞིན་དུ་རང་གཞན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དུ་འདུན་པ་བསྒྱུར་ན་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་བླ་ན་མེད་པར་འགྱུར་བས་སེམས་ལ་ཞོག རྟག་པར་སྐྱབས་འཇུག་དང་སྨོན་ལམ་ཡང་དག་པས་མཚམས་སྦྱོར་བྱེད་འཇོག


previousམ་རྒན་དད་པ་ཅན་གྱི་སེམས་ལ་བཅང་།next