Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལགས། ལས་དང་པོ་པའི་སྐབས་འདིར།
   
   
   
   
   
   
   
   
   


 
previousལགས། ལས་དང་པོ་པའི་སྐབས་འདིར།next

ལགས། ལས་དང་པོ་པའི་སྐབས་འདིར།

༄༅། །ལགས། ལས་དང་པོ་པའི་སྐབས་འདིར་ཧ་ཅང་བཅུན་ཆེ་མི་ཉན། བག་ཡངས་ཀྱིས་རིམ་གྱིས་འདྲིས་པར་མཛོད། ཧ་ཅང་གུ་དོག་ཆེ་མི་ཉན། རྣམ་རྟོག་སྔར་བས་མང་བ་འདྲ་མོ་དེ་སྔོན་ཡང་དུས་རྒྱུན་དུ་དེ་ལྟར་ཡོད་ཀྱང་མ་ཤེས་པ་ད་ལྟ་ངོ་ཤེས་ཙམ་རེད། སྐྱོན་ཡོན་གང་ཡང་མིན། དེ་ལ་དགག་སྒྲུབ་བྱེད་མི་ཉན། རྡོར་སེམས་བླ་མའི་རྣལ་འབྱོར་གྱི་རྟེན་སྔར་གྱི་ཡན་ལག་བདུན་པའི་འགོ་ལྟར་གྱིས་ཆོག དེ་ལྟར་སྐྱབས་ཡུལ་ཚང་བ་བློས་མ་ལྕོགས་ན། ཀུན་འདུས་ནོར་བུ་ལུགས་སྐྱབས་ཀུན་འདུས་གཟུགས་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་རྡོར་སེམས་སུ་བསྒོམ་པས་མཐུས། པད་འབྱུང་སོགས་སུ་བསྒྱུར་བཀོད་མི་དགོས། དོན་ལ་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་རྡོ་རྗེ་སེམས་དཔའ་འམ་པདྨ་འབྱུང་གནས་སོགས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་གང་ལ་གང་འདུལ་གདུལ་བྱའི་མོས་ངོར་སྣང་བ་ཡིན། ངོ་བོ་ཐ་དད་དུ་གྲུབ་པ་ཅུང་ཟད་མེད། དེས་ན་སྐྱབས་ཡུལ་སོགས་ཀྱི་སྐབས་སུ་མ་ཟད་དངོས་གཞི་རྩ་གསུམ་ཞི་ཁྲོ་རབ་འབྱམས་གང་དང་གང་སྒྲུབ་ཀྱང་ངོ་བོ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་ལྷ་སྔགས་གང་དང་གང་ཡིན་པར་འཕྲུལ་ཤེས་པ་དང་། དེ་ཡང་རང་གི་སེམས་ལས་ཐ་དད་དུ་མ་གྲུབ་པར་ཤེས་པ་འདི་གལ་ཆེ། གསོལ་འདེབས་འཕྲོར་ཚིག་བདུན་གསོལ་འདེབས་གྲངས་བསགས་པས་འཐུས། ཚོགས་ཞིང་བླ་མ་རྡོ་རྗེ་སེམས་དཔའ་ཨོ་རྒྱན་ཆེན་པོ་དབྱེར་མེད་དུ་མོས་པ་ལས་པད་འབྱུང་དུ་ཞལ་བསྒྱུར་མི་དགོས། དབང་ལེན་མཇུག་བླ་མ་རང་སེམས་དང་བསྲེ་བ་ཞེས་པ་ཆུ་དང་འོ་མ་ལྟ་བུ་ཐ་དད་གཉིས་བསྲེ་རྒྱུ་ཡོད་པའི་དོན་མིན། བླ་མའི་ཐུགས་དང་རང་གི་སེམས་གཉིས་ཆོས་དབྱིངས་གཅིག་གི་རང་བཞིན་ཡིན་པས་གཤིས་མ་གྲུབ་སྟོོང་ཉིད་དུ་རྗེན་ནེ། མདངས་མ་འགགས་མོས་གུས་སུ་ལྷང་ངེ་། ངོ་བོ་དབྱེར་མེད་མཐའ་གྲོལ་ལམ་མེ། ཟུང་འཇུག་བློ་བྲལ་ཆེན་པོའི་ངང་སྐྱོང་བ་ཡིན། དངོས་གཞི་བསྙེན་སྐབས་རང་རྡོར་སེམས་སུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐའ་བསྐོར་དུ་སྔགས་ཕྲེང་ཞལ་ནང་བསྟན་གཡས་བསྐོར་དུ་སྦྲུལ་དཀྲིས་པར་ལྟར་བསྒོམ་རྒྱུ་ཡིན་ཡང་ཡང་དོག་སོགས་ཀྱི་གུ་དོག་མི་དགོས། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། དེ་ཙམ་དུ་མ་ཟད་རྡུལ་ཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་ཡོད་པར་གསུངས་པ་དང་། རང་རེ་རྣམས་གཉིད་ཀྱི་རྨི་ལམ་དུ་རི་ར་བ་ཁང་ཁྱིམ་རྟ་གླང་སོགས་ཀྱི་སྣང་བ་མུ་མེད་དུ་ཤར་བ་སོགས་ཀྱང་རང་གི་སེམས་རྟོག་བག་ཆགས་ཀྱིས་སྣང་བ་ལས་དངོས་སུ་ཡིན་ན་དེ་དག་རང་གི་མལ་ཆུང་དུ་ཇི་ལྟར་ཤོང་། བསྐྱེད་རིམ་གོམས་པ་རྣམས་ལ་གཞལ་ཡས་ཁང་ཡུངས་འབྲུ་ཙམ་ལ་ལྷ་རི་རབ་ཙམ་དང་། གཞལ་ཡས་ཁང་སྟོང་གསུམ་ཙམ་ལ་ལྷ་ཡུངས་འབྲུ་ཙམ་བསྒོམས་ཀྱང་ཆེ་ཆུང་དང་ཡང་དོག་མེད་པར་འཆར་བ་ཡིན་ཀྱང་། ལས་དང་པོ་པར་མ་གོམས་པ་ལ་དེ་ལྟར་ཡང་དོག་ལྟ་བུར་སྣང་ཡང་དེ་འདྲའི་རིགས་ལ་དགག་སྒྲུབ་ཆེན་པོ་བྱེད་མི་ཉན། འོན་ཀྱང་བློ་ལ་འཆར་བདེ་བའི་ཕྱིར་ཡིག་དྲུག་སྒོམ་ཡང་གནད་ཀྱིས་མི་འགལ་སྙམ། སྔགས་བཟླ་ཚེ་སྔགས་འཕྲེང་ཡིག་འབྲུ་མི་འཁོར་བར་དེ་ལས་འོད་ཟེར་སྤྲོ་བསྡུས་ཀྱི་དམིགས་པས་དོན་གཉིས་བྱེད་པར་བསྒོམས་པ་ཡིན། འདི་རེད་འདི་མ་རེད་དང་། ཤེས་མི་ཤེས་སོགས་ཀྱི་རྣམ་རྟོག་མ ང་པོའི་ཉེར་ལེན་གཏན་ནས་བྱེད་མི་ཉན། དོན་ལ་བསྒྲུབ་བྱའི་ལྷ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་དཔལ་རྡོ་རྗེ་སེམས་དཔའ་ཉིད། རྣམ་པར་གདུལ་བྱའི་སྣང་ངོར་རང་གི་བསྒྲུབ་བྱའི་ལྷ་དང་སྔགས་ཀྱི་ངོ་བོར་རྣམ་པར་འཕྲུལ་བ་ཡིན་པས། མཐར་ཐུག་དག་པ་གཉིས་ལྡན་གྱི་དཔལ་རྡོ་རྗེ་སེམས་དཔའ་དང་། བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རང་གི་གང་བསྒོམ་པའི་ལྷ་དང་བཟླ་བྱའི་སྔགས་རྣམས་ཐ་དད་དུ་མ་གྲུབ་པར་ངོ་བོ་གཅིག ཆོས་ཉིད་གཅིག རང་བཞིན་གཅིག་པར་ཤེས་པའི་ངེས་ཤེས་དང་མ་བྲལ་བར་དད་མོས་རྩེ་གཅིག་པས་སྒོམ་བཟླས་བྱས་ན་དེའི་ནང་དུ་གནད་ཚང་བ་ལགས། དགེ་སྦྱོར་གང་བྱེད་ཀྱི་སྔོན་དུ་ངེས་འབྱུང་དང་བྱང་སེམས། མཇུག་བསྔོ་བ་སོགས་དམ་པ་གསུམ་གྱིས་ཟིན་པས་ཐེག་ཆེན་གྱི་ལམ་དུ་འགྲོ་བར་མཛོད། ཐུན་མཚམས་རྣམས་སུ། རྡོ་རྗེ་ཕུར་པའི་སྒོམ་བཟླས་དང་། བར་ཆད་ལམ་སེལ། བསམ་ལྷུན་རྣམས་ཅི་འགྲུབ་གསུང་མཛོད། དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་ཞིང་ཚེ་ཆོས་སྒྲུབ་པ་མཐར་ཕྱིན་རང་གཞན་གྱི་དོན་གཉིས་འགྲུབ་པའི་སྐྱབས་འཇུག་གང་ཤེས་རྒྱུན་དུ་ཞུ་བཞག སྒྲུབ་རྟེན་དུ་གུ་རུ་བདེ་བ་ཆེན་པོའི་སྣང་བརྙན་སྐུ་ཚབ་བྱིན་ལྡན་ཕུལ་ཡོད་ཞུ།


previousལགས། ལས་དང་པོ་པའི་སྐབས་འདིར།next