Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞལ་གདམས་མདོར་བསྡུས་ལ།
   
   
   
   
   
   
   


 
previousཞལ་གདམས་མདོར་བསྡུས་ལ།next

ཞལ་གདམས་མདོར་བསྡུས་ལ།

༄༅། །ཞལ་གདམས་མདོར་བསྡུས་ལ། རང་གི་རྩ་བའི་བླ་མ་རྒྱལ་བ་ཀུན་འདུས་ཀྱི་ངོ་བོར་ཤེས་པའི་གསོལ་བ་སྙིང་ནས་ཐོབས། དེ་ལྟར་ཐ་མལ་གྱི་ཤེས་པ་འདི་བཟོ་བཅོས་ཀྱིས་མ་བསླད་པར་རང་སར་ཞོག་ལ་ཅེར་གྱིས་ལྟོས། བལྟ་བྱ་ལྟ་བྱེད་ཐ་དད་མེད་པ་འདི་ལྟ་བ་ཡིན། དེའི་ངང་སྐྱོང་བ་དེ་བསྒོམ་པ་ཡིན། ཟ་ཉལ་འགྲོ་འཆག་གང་གི་སྐབས་སུའང་མི་བརྗེད་ཙམ་དུ་དྲན་པས་འཛིན་པ་དེ་སྤྱོད་པ་ཡིན། སྐབས་སྐབས་སུ་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཅི་ནུས་རེ་སྒོམས། འདི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཡིན། འཆི་ཁ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པར་གསལ་ཐོབས་ལ་རིག་པ་ཐུགས་ཀར་གཏོད་ལ་རྟོག་པ་གཞན་གྱི་བར་མ་ཆོད་པ་གྱིས་དང་། དེ་ལས་ལྷག་པ་གང་ཡང་མེད། ཐུགས་དམ་ཟིན། བར་དོ་ཆོད། འཕོས་མ་ཐག་ཏུ་བདེ་བ་ཅན་ཏུ་སྐྱེའོ། །སློབ་བུས་ཉམས་ལེན་དུ་བྲིས་པའོ། །
༄༅། །དང་པོ་བློ་ལྡོག་རྣམ་བཞི་སོགས་སྔོན་དུ་སོང་ནས་སེམས་ཀྱི་བྱུང་གནས་འགྲོ་གསུམ་སོགས་བརྟགས་པས་སྐྱེ་འགག་གནས་གསུམ་འགྲོ་འོང་ཐམས་ཅད་དང་བྲལ་བའི་གཤིས་ལུག་ནམ་མཁའ་ལྟ་བུ་ལ་གོ་བ་ཙམ་མ་ཡིན་པར་མྱོང་བས་གཏན་ལ་དབབ་རྗེས། བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་བླ་མ་དང་ཐུགས་ཡིད་བསྲེས་ཏེ་རིག་པ་འཛིན་མེད་དུ་འཇོག་པ་སྟེ། དེ་ཡང་རྣམ་རྟོག་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟ་བ་ལ་བློས་རྩིས་གདབ་དང་བྲལ་བའི་གཤིས་ལུགས་རྒྱ་ཡན་བར་མེད་ཧར་སངས་རྗེན་ནེ་བ་དེའི་རང་མདངས་བསྐྱངས་ཏེ། ལེགས་སུ་རེ་བ། ཉེས་ཀྱི་དོགས་པ་ཐམས་ཅད་རྒྱང་ཀྱིས་བསྐྱུར། དེའི་རྩལ་ལས་ཚོགས་དྲུག་གི་སྣང་བ་། བཟང་ངན་གྱི་རྟོག་ཚོགས་གང་ཤར་ཡང་དགག་སྒྲུབ་ཆེད་འཛིན་མི་བྱ་བར་ཤར་མཁན་ནམ་རིག་མཁན་དེ་ཡི་རང་ངོ་བསྐྱངས་ལ་སྒྲིམ་ལྷོད་རན་པར་བསྐྱངས། རྗེས་ཐུན་ལས་ལྡང་བ་ན་དགེ་བ་བསྔོ་ཞིང་། རྗེས་ཐོབ་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་སྦྱང་ཞིང་། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་བྱམས་སྙིང་རྗེ་དང་དགེ་སྡིག་བླང་དོར་མིག་གི་འབྲས་བུ་བཞིན་བཙའ་བར་མཛོད། རེ་ཞིག་དེ་ཙམ་མོ། །དགེ།
༄༅། །ན་མོ་གུ་རུ་ཤི་ལ་མ་ཏི་ཡེ། དྲི་མེད་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །མཁྱེན་བརྩེའི་འོད་ཟེར་སྟོང་གི་དྲྭ་བ་ཡིས། །ས་གསུམ་རྒུད་པའི་མུན་ཚོགས་གཞོམ་མཛད་པའི། །ཀུན་མཁྱེན་བླ་མ་རྒྱལ་བ་གཉིས་པར་འདུད། །ཁྱོད་ཐུགས་མཁྱེན་བཟང་རྟོགས་པའི་སྤྲིན་ཆེན་ལས། །འཆོས་སྐྱོབ་ཡོན་ཏན་བརྒྱད་ལྡན་ནོར་བུའི་ཆར། །ཅི་དགར་འཇོ་བའི་ངོ་མཚར་བཀའ་དྲིན་ཕུལ། །སྲིད་གསུམ་འདི་ན་སུ་ཡིས་གཞལ་བར་ནུས། །ཕྱོགས་འདིར་ཕྱོགས་ཞེན་ཅན་གྱི་གཙུག་ནོར་དུ། །འཛིན་པའི་རྟོག་གེའི་བློ་གྲོས་ཆེར་གོམས་འགའི། །རང་བཟོས་བསླད་པའི་གཞུང་ལུགས་མང་མཐོང་ཚེ། །ཁྱོད་གསུང་ཚིགས་བཅད་རེ་ཡི་ཆ་ཤས་ཀྱང་། །རིན་ཐང་བྲལ་བའི་དངོས་པོར་ངེས་པ་རྙེད། །བར་མེད་ཀུན་རྟོག་སྤྲོས་པའི་འཁོར་ལོ་ཡིས། །མི་གཡོའི་ཏིང་འཛིན་དཀྲོགས་པའི་ཟུག་རྔུ་དང་། །བླུན་སྒོམ་ཉམས་ཞེན་སྦུགས་པའི་སྡུག་བཙིར་ལ། །ས་ལམ་བརྩི་བའི་མུན་སྤྲུལ་རིགས་ཐོས་ཚེ། །ཁྱོད་གསུང་རྣམ་དག་ཚད་མ་གསུམ་འགྲེལ་གཞུང་། །རྒྱལ་གསུང་དངོས་དང་དབྱེར་མེད་མོས་པ་ཐོབ། །འདི་ན་ཕྱོགས་རེར་ཞེན་པའི་བློ་ཅན་འགས། །ཐུབ་གསུང་མཆོག་ཀྱང་ཡོན་པོའི་ཕྱོགས་སུ་དྲངས། །མཐའ་བྲལ་དབུ་མ་རྟག་ཆད་མཐའ་ལ་བསྐྱུར། །ཁྱོད་གཅིག་ཁོ་ནས་རྒྱལ་དགོངས་མཐར་ཐུག་དོན། །མ་ཕམ་མགོན་དང་ཤིང་རྟ་རྣམ་གཉིས་ཀྱི། །ཟབ་དགོངས་མ་ད ཀྱོགས་དྲང་པོར་འབྱེད་པ་ཡི། །ངོ་མཚར་བློ་གྲོས་ཆེན་པོའི་རྣམ་འབྱེད་མཐུར། །འགྲན་བཟོད་གངས་རིའི་ཁྲོད་ན་སུ་ཞིག་ཡོད། །ཟབ་དང་རྒྱ་ཆེའི་ངེས་དོན་མདོ་རྒྱུད་གཞུང་། །རིགས་གསུམ་མགོན་སོགས་ས་བཅུའི་དབང་ཕྱུག་དང་། །འཕགས་བོད་པ ཎ་གྲུབ་བྱེ་བའི་དགོངས་འགྲེལ་བཅུད། །ཅི་ཙམ་མཇལ་བ་དེ་ཀུན་དགོངས་ཉམས་ཕུལ། །མ་ལུས་ཁྱོད་གསུང་ཁོ་ནར་འདུ་མཐོང་ནས། །སངས་རྒྱས་གཞན་ནས་མི་འཚོལ་ངེས་པ་རྙེད། །དེ་སླད་གཅམ་བུ་མིན་པའི་གདུང་དབྱངས་ཀྱིས། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་ཆེན་གྱིས། །དོན་གཉིས་ལྷུན་གྲུབ་དགེ་མཚན་དེང་འདིར་སྩོལ། །འདི་བཟུང་སྐྱེ་དང་ཚེ་རབས་ཕྲེང་བ་རུ། །མགོན་པོ་མཆོག་གི་རང་ལུགས་ཟླ་མེད་ཀྱི། །རྗེས་ཞུགས་ཐོས་བསམ་སྒོམ་པའི་བློ་གྲོས་ཀྱིས། །ཀུན་མཁྱེན་བསྟན་ལ་བྱ་བ་བྱེད་པར་ཤོག །ངེས་གསང་ཐེག་མཆོག་སེང་གེའི་སྒྲ་དབྱངས་ཀྱིས། །ལྟ་དམན་ཝ་སྐྱེས་ཚོགས་རྣམས་སྐྲག་མཛད་པའི། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཀློང་ཆེན་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་གྱིས། །ཐུགས་བསྐྱེད་སྨོན་ལམ་མཛད་པ་ཕྲིན་ལས་རྒྱུན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པའང་ངེས་དོན་ཤིང་རྟ་ཆེན་པོ་མཇལ་བའི་ཚེ་མི་ཕྱེད་གུས་པས་སྙིང་ནས་གསོལ་བ་བཏབ་པ་དགེ། །
ༀ་སྭསྟི་པྲ་ཛ་བྷྱ། དཔལ་ལྡན་དགེ་ལེགས་བྱེ་བའི་རང་བཞིན་མཐོང་ན་མི་མཐུན་མེད་པའི་སྐུ། །འགྲོ་ཁམས་རྒྱ་མཚོའི་བསམ་པའི་རྗེས་འགྲོ་དབྱངས་ཀྱི་ཡན་ལག་རྫོགས་པའི་གསུངས། །ཇི་ལྟ་ཇི་སྙེད་ཇི་བཞིན་ལེགས་གཟིགས་དམིགས་པ་མེད་པའི་བརྩེ་བའི་ཐུགས། །དོན་གཉིས་མཐར་ཕྱིན་ཤཱཀྱའི་སྲས་པོ་ཆོས་དང་དགེ་འདུན་བཅས་ལ་འདུད། །རྒྱལ་ཀུན་ཡབ་གྱུར་གཞོན་ནུའི་ཚུལ་འཆང་དཔལ་ཆེན་ཤེས་རབ་རལ་གྲི་ཅན། །རྒྱལ་སྲས་རྒྱུ་སྐར་ཁྲོད་ན་མཚན་མོའི་མགོན་ལྟར་ཆེས་མཐོ་མ་ཕམ་པ། །རྒྱལ་གཞུང་ཟབ་དང་རྒྱ་ཆེའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་སོགས། །རྒྱལ་བསྟན་མཛེས་པའི་རྒྱན་གྱུར་པཎ་གྲུབ་འཕགས་པའི་ཚོགས་ཀུན་གཙུག་ན་མཆོད། །རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་གྲུ་གཟིངས་བརྩོན་འགྲུས་རླུང་གི་རྟར་བསྐྱོན་པས། །འཕགས་ཡུལ་རིན་འབྱུང་གནས་ལས་ཐུབ་བསྟན་ལུང་དང་རྟོགས་པའི་དགོས་འབྱུང་དབང་། གངས་ལྗོངས་དད་བསོད་རྒྱལ་མཚན་རྩེ་མོར་ཐོག་མར་འདྲེན་པའི་ཤིང་རྟ་པ། །མཁན་སློབ་ཆོས་རྒྱལ་ལོ་པཎ་བྱང་ཆུབ་སེམས་དཔའི་ཚོགས་ལ་དང་བས་འདུད། །གསུང་གི་དབང་ཕྱུག་མཚོ་སྐྱེས་རྒྱལ་བ་འགྲོ་ལ་བརྩེ་བས་རྗེས་ཆགས་གར། །རྨད་བྱུང་བྱང་ཆུབ་སེམས་ཀྱི་བདུད་རྩིས་འགྲོ་བློའི་རེ་སྐོང་ཨ་ཏི་ཤའི། །རྣམ་རོལ་མ་འགགས་ཐུབ་བསྟན་མཛེས་པའི་རྒྱན་གཅིག་མཉམ་མེད་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་ཚངས་གནས་རལ་པའི་རྒྱན་དུ་མཆོད། །རླབས་ཆེན་ཕྲིན་ལས་འོད་སྟོང་དྲྭ་བས་གངས་ལྗོངས་རྒུད་པའི་མུན་བསལ་ཞིང་། །ཡོངས་རྫོགས་བསྟན་པའི་པད་ཚལ་རྒྱས་མཛད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཆོག །ངག་དབང་བློ་བཟང་རྒྱ་མཚོའི་གྲགས་འབར་སྔོན་མེད་ཉིན་མོར་བྱེད་ལ་སོགས། །རིས་བྲལ་བཤེས་གཉེན་དམ་པའི་ཚོགས་རྣམས་སྙིང་དབུས་དད་མཁར་ཉེར་བཀོད་ནས། །ངེས་འབྱུང་མཚོ་ཆེན་ལས་འཁྲུངས་རྣམ་དག་སོ་ཐར་ཁྲིམས་ཀྱི་ཨུཏྤ་ལ། གཞན་ཕན་དྲི་བསུང་དངར་པོ་དང་འགྲོགས་བྱང་ཆུབ་སེམས་ཀྱི་འདབ་སྟོང་རྒྱས། །སྨིན་གྲོལ་རྩི་བཅུད་འབུམ་ལྡན་གསང་སྔགས་འབྲས་བུའི་ཀེ་སར་ཆེས་མཐོ་བའི། །འཕགས་ཚོགས་རིག་འཛིན་འདུས་པའི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་འགོད། །༈ སླར་སྨྲས་པ། ཐུབ་དབང་ཉི་མ་འགྲོ་བསོད་མཁར་འཆར་ཞིང་། །ལེགས་གསུང་འོད་སྟོང་གདུལ་བྱའི་ཞིང་སར་སྤྲོས། །བསྟན་པའི་པད་ཚལ་མ་དམས་དར་དུས་འདིར། །སྐལ་བཟང་རྐང་དྲུག་ཚོགས་རྣམས་བརྩོན་འཚལ་ལོ། །གངས་ལྗོངས་འདི་ན་འགྱུར་དང་བརྡ་ཁྱད་ཀྱིས། །གསར་རྙིང་གྲུབ་མཐའི་ཆུ་བྲན་མང་བྱུང་ཀྱང་། །ཐུབ་གསུངས་ངེས་དོན་རྒྱ་མཚོར་རོ་གཅིག་ཕྱིར། །ཕྱོགས་ལྷུང་གདོན་གྱིས་མ་རློམ་གནད་དུ་ཆེ། །ལྷག་པའི་ཚུལ་ཁྲིམས་རྣམ་དག་གསེར་སྦྱངས་ཁམས། །ཏིང་འཛིན་དཔག་ཡས་ཚད་མེད་བུམ་བྲེས་མཛེས། །རྣམ་གསུམ་ཤེས་རབ་ཆོས་འཁོར་ཏོག་འབར་བའི། །འཕགས་ཚོགས་ལྷར་བཅས་སྐྱེ་དགུའི་མཆོད་སྡོང་རྨད། །ཐུབ་དབང་ལུང་རྟོགས་བསྟན་པའི་ས་ཆེན་ཁྱོན། །བཤད་སྒྲུབ་ཁྱབ་འཇུག་ཕྲག་པས་མ་བཟུང་ན། །སྙིགས་ལྔའི་རྒུད་པའི་ཆུ་མཚོར་བྱིང་ཉེ་བས། །ཚུལ་གནས་ཐོས་བསམ་སྒོམ་ལ་བརྩོན་པར་མཛོད། །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཡུན་དུ་གནས། །དེར་འཛིན་ཚོགས་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་ཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལ། །དོན་གཉིས་བསམ་ཀུན་ལྷུན་གྱིས་འགྲུབ་པར་ཤོག །བཀྲ་ཤིས་དཔལ་མངའ་སྲས་བཅས་རྒྱལ་བའི་མཐུས། །བཀྲ་ཤིས་དགེ་མཚན་བྱེ་བའི་ཆར་གྱི་རྒྱུན། །བཀྲ་ཤིས་སྲིད་ཞིའི་ཁམས་སུ་རབ་བསྙིལ་བས། །བཀྲ་ཤིས་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །
ༀ་སྭསྟི། དགེ་ལེགས་བྱེ་བའི་དཔལ་གྱིས་མཛེས་པའི་སྐུ། །ཚངས་པའི་གསུང་དབྱངས་བདེན་བཞིའི་ཆོས་དབྱངས་སྒྲོགས། །ཇི་ལྟ་ཇི་སྙེད་མཁྱེན་པའི་དཔལ་མངའ་བའི། །ཐུབ་ཆེན་འགྲོ་བའི་བླ་མས་དགེ་ལེགས་མཛོད། །རྒྱལ་སྲས་མཆེད་བརྒྱད་གནས་བརྟན་བཅུ་དྲུག་དང་། །སྟོན་པའི་གཏད་རབས་རྒྱན་མཆོག་རྨད་བྱུང་གཉིས། །གངས་ལྗོངས་སྣང་བའི་སྒྲོན་མེ་མཁན་སློབ་ཆོས། །བཀའ་དྲིན་ཟླ་མེད་རྣམས་ལ་གུས་པས་འདུད། །སྟོན་པས་ང་ནི་མྱ་ངན་འདའ་འོག་ཏུ། རྗེས་འཇུག་རྣམས་ཀྱི་སྟོན་པ་འདི་ཡིན་ཞེས། །ལེགས་པར་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །འཇིག་རྟེན་གསུམ་ན་སྣང་བྱེད་གཅིག་པུ་ཡིན། །དེ་སླད་སྟོན་པ་མཆོག་དང་བསྟན་པ་ཡི། །བཀའ་དྲིན་རྗེས་སུ་འཐོབ་ཕྱིར་རབ་ཚེས་ནང་། །འཕགས་ཡུལ་ལེགས་སྦྱར་སྐད་དུ༴ དབང་ཐང་ཁམས་བསྟུན༴ ལོར། བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་ཆེར། །བཀྲ་ཤིས་གཙུག་ལག་འཆི་མེད་དགའ་ཚལ་དུ། དགེ་སློང་༴དགེ་ཚུལ་བཅས༴ གཞི་གསུམ་ཆོ་གའི་ཕྱག་བཞེས་གཙང་མར་བགྱིས། །ལེགས་བྱས་འདིས་མཐུས་ཀུན་མཁྱེན་ལུང་རྟོགས་བསྟན། །མི་ནུབ་སྲིད་མཐའི་བར་དུ་ཆེར་རྒྱས་ཤིང་། །དེར་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །ཞབས་པད་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག །ཁྱད་པར་ཆོས་སྡེ་ཆེན་པོ་འདི་ཉིད་དུ། །འདུས་པའི་ཚོགས་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །བཤད་སྒྲུབ་ཐོས་བསམ་སྒོམ་པའི་བྱ་བས་འཚོ། །བསླབ་གསུམ་ཡོན་ཏན་ཡར་ཟླ་ལྟར་འཕེལ་ཤོག །དཀར་ཕྱོགས་ལྷ་ཀླུ་དགའ་བས་ཤིས་པ་སྒྲུབས། །ནག་ཕྱོགས་གདུག་པའི་རྩུབ་འགྱུར་མཐའ་དག་ཞི། །འཇིག་རྟེན་ཀུན་ཏུ་ལོ་ལེགས་ཕྱུགས་འཕེལ་ཞིང་། །བདེ་སྐྱིད་རྫོགས་ལྡན་གསར་དུ་འཆར་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཱཾབྷ་ཝནྟུ། ཞེས་པ་འདི་དབྱར་གནས་དུས་ཚུལ་ཤིང་ཅོད་པཎ་ལ་བྲི་རྒྱུ་གཙུག་ལག་ཁང་དང་འདུས་པ་མང་ཉུང་སོགས་ཁ་བསྒྱུར་བྱ་བ་དང་ལོ་རྟ་གང་ཡིན་རྣམས་འཕྲུལ་ཤེས་པར་བྱ།


previousཞལ་གདམས་མདོར་བསྡུས་ལ།next