Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དངོས་གཞིའི་སེར་ཕྲེང་མགོར།
   
   
   


 
previousདངོས་གཞིའི་སེར་ཕྲེང་མགོར།next

དངོས་གཞིའི་སེར་ཕྲེང་མགོར།

༄༅། །དངོས་གཞིའི་སེར་ཕྲེང་མགོར། ༀ་སྭསྟི། སྤངས་རྟོགས་ཡོན་ཏན་རྒྱལ་དང་རབ་མཉམ་ཡངས། །ཐུགས་བསྐྱེད་ཆེན་པོས་གངས་ཅན་གདུལ་བྱ་ལ། །བཀའ་དྲིན་གཞན་ལས་ཁྱད་འཕགས་མཚོ་སྐྱེས་རྗེ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་འདུད། །དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་ལ་སོགས་པའི། །དུས་ཀྱི་རྒྱལ་པོ་ཚེས་བཅུ་ནམ་ཤར་ཚེ། །ངེས་པར་འབྱོན་གསུང་ཐ་ཚིག་ཞལ་བཞེས་པའི། །ངོ་མཚར་བཀོད་པའི་ཟློས་གར་འདི་རྨད་བྱུང་། །གཏེར་འབྱིན་བྱེ་བའི་གཙུག་ནོར་ཆོས་དབང་གི། །དག་སྣང་ཕྱག་བཞེས་རིག་འཛིན་བརྒྱུད་པའི་སྲོལ། །གང་དང་སུ་འབྲེལ་མཁའ་སྤྱོད་པདྨ་འོད། །བགྲོད་བྱེད་ངོ་མཚར་བཀོད་པའི་འཕྲུལ་འདི་བསྔགས། །
༄༅། །ན་མོ་པདྨ་ཀ་ར་ཡེ། རྡོ་རྗེའི་སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་རྒྱས། །འགག་མེད་གསུང་དབྱངས་ཐེག་ཆེན་ཆོས་སྒྲ་སྒྲོགས། །མཁྱེན་བརྩེའི་མཛད་པས་གདུལ་བྱའི་རེ་སྐོང་བས། །སྐྱབས་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །སྤངས་རྟོགས་རྒྱལ་བ་ཀུན་དང་རབ་མཉམ་ཡང་། །གདུལ་དཀའི་འགྲོ་ལ་ཐུགས་བསྐྱེད་ཁྱད་པར་གྱིས། །ནུས་མཐུ་བཀའ་དྲིན་གཞན་ལས་ཁྱད་འཕགས་པ། །གངས་ཅན་འགྲོ་བའི་བླ་མ་པདྨ་འབྱུང་། །གང་གི་རྣམ་ཐར་ངོ་མཚར་བཀོད་པའི་སྤྲིན། །ཞིང་ཁམས་རྒྱ་མཚོར་དཀྲིགས་ལས་འཛམ་གླིང་འདིར། །ཇི་སྙེད་བསྟན་དང་རྗེས་འཇུག་འགྲོ་བ་ལ། །ཐུགས་རྗེས་དགོངས་པའི་དུས་གཉེན་འདི་ཁོ་ན། །ཐུགས་སྒྲུབ་བྱེ་བའི་ཡང་སྙིང་གསང་བ་འདུས། །རང་དང་དབྱེར་མེད་རྡོ་རྗེའི་ལུང་གིས་བསྔགས། །མཐོང་ཐོས་དྲན་རེག་གྲོལ་བའི་གསེར་ཆོས་མཆོག །ཌཱ་ཀིའི་ཞལ་གྱི་དྲོད་རླངས་མ་ཡལ་རྨད། །སྤང་སྟོན་མཆོག་ནས་རྩ་བའི་བླ་མའི་བར། །རིམ་བརྒྱུད་མྱོས་སྟོན་མཁས་པའི་ཕྱག་བཞེས་སྲོལ། །རིན་ཆེན་གསེར་སྡོང་གཡུ་ཡི་ཕྲ་བཏབ་བཞིན། །སྔ་འགྱུར་བསྟན་པའི་རྒྱན་མཆོག་འགྲན་ཟླ་བྲལ། །བསླབ་གསུམ་རྣམ་དག་གསེར་གྱི་ཀེ་ལ་ཤ །རིམ་གཉིས་བདུད་རྩིའི་བཅུད་ཀྱིས་ཡོངས་གཏམས་པའི། །འཕགས་ཚོགས་རིག་འཛིན་འདུས་པའི་ཕྲེང་བ་ཡིས། །ས་འདི་འཕུར་འགྲོའི་ཞིང་བཞིན་འབྱོར་བར་བྱས། །དེ་སླད་དད་གསུམ་སོར་མོའི་ཟློས་གར་གྱིས། །མཚན་བྱང་ངོ་མཚར་ཨུ་དུམྦཱ་རའི་ཕྲེང་། །གུས་པས་བསྟར་ཏེ་སྙན་དབང་མཛེས་རྒྱན་དུ། །ལེགས་པར་འབུལ་འདི་བདག་གིར་བཞེས་པར་རིགས། །ཞེས་དགེ་ལེགས་སུ་བྱ་བའི་ཚིག་གི་མེ་ཏོག་ཅུང་ཟད་འཐོར་བ་སྔོན་དུ་འགྲོ་བས་ལམ་ཡངས་པོར་བྱས་ཏེ། འདི་རབ་བྱུང་བཅུ་དྲུག་པའི་ནང་ཚན་སོགས་ཀྱི་ལོའི་སྨྲོན་ཟླའི་སྤྲོས་བཅས་ཚེས་བཅུ་ཆེན་མོའི་འཚོགས་དངོས་གཞིའི་གྲལ་ཡིག་ལ། ཐོག་མར་སོགས།
༄༅། །ༀ་སྭསྟི་པྲ་ཛ་བྷྱཿ གང་མཚན་ངོ་མཚར་འཆི་མེད་རྔ་སྒྲ་ཡིས། །ས་གསུམ་རྒུད་པའི་འཇིགས་པ་སེལ་བ་དང་། །ཆབས་ཅིག་ཕན་བདེའི་དགའ་སྟོན་རྒྱས་མཛད་པའི། །མཚོ་སྐྱེས་རྒྱལ་བ་གཉིས་པས་དགེ་ལེགས་སྩོལ། །གང་གི་ངོ་མཚར་བཀོད་པའི་ལྷ་དབང་གཟུགས། །སྐལ་བཟང་གདུལ་བྱའི་དད་བསོད་བཻཌཱུར་ངོགས། །འཆར་གང་འདྲེན་བྱེད་དཔྱིད་དུ་འཕོས་ཙམ་ཡང་། །པདྨ་འོད་དུ་སྐྱེ་བའི་དབུགས་དབྱུང་སྩལ། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་ཡི་དལ། །བསྒུལ་བསྐྱོད་ཐམས་ཅད་ལྷ་ཡི་ཕྱག་རྒྱ་གར། །འགྱུ་འཕྲོའི་དྲན་རྟོག་འོད་གསལ་ཆོས་ཀྱི་སྐུ། །དེ་ལྟར་ཁྱེར་ཤེས་རྣལ་འབྱོར་རབ་ཀྱི་རྩེ། །བརྡ་ཐབས་རྟེན་འབྲེལ་ཆོ་ག་ཟབ་མོ་ཡིས། །རིས་མེད་འགྲོ་བའི་ཤེས་རྒྱུད་བྱིན་རློབ་པ། །རིགས་སྔགས་མཐུ་ཡིས་ལྕགས་ལ་གསེར་རྩི་བཞིན། །དེ་སླད་ཐབས་ཀྱི་ཐེག་པའི་ངོ་མཚར་འབར། །དེས་ན་འདིར་འདུས་སྐལ་བ་བཟང་ལྡན་རྣམས། །དད་པའི་ཁ་ལོ་དགེ་ལ་སྒྱུར་མཛོད་དང་། །མངོན་མཐོ་ངེས་ལེགས་གྲོང་ཁྱེར་ཉམས་དགའ་བར། །མིག་འཕྲུལ་བཞིན་དུ་དཀའ་བ་མེད་བགྲོད་{བསྒྲོད}འཚོངས། །ཞེས་ཤིས་པར་བརྗོད་པས་སོགས།
༄༅། །བསིལ་ལྗོངས་ཐུབ་པའི་རྒྱལ་ཚབ་ཨེ་ཝཾ་པའི། །འཇིག་མེད་ཆོས་ཀྱི་ཁྲི་ལ་དབང་སྒྱུར་ཞིང་། །མཁས་བཙུན་གྲུབ་པའི་རྣམ་ཐར་རྨད་བྱུང་བ། །མཁན་ཆེན་རྡོ་རྗེ་འཛིན་པ་མཆོག་གི་དྲུང་། །རབ་དྭངས་ཡིད་ཀྱི་རྫིང་བུ་ལས་འཐོན་པའི། །ཞུ་མཆིད་ངོ་མཚར་པུཎྜ་རི་ཀའི་ཕྲེང་། །ལེགས་པར་བསྟར་ཏེ་གུས་པས་འབུལ་བགྱིད་ན། །དགྱེས་སྤྱན་རྐང་དྲུག་འབབས་སྟེང་ཡུད་ཙམ་ཞུ། །མགོན་ཁྱོད་གཟོད་ནས་མངོན་པར་བྱང་ཆུབ་ཀྱང་། །ལྔ་བདོའི་འགྲོ་ལ་རྗེས་བརྩེས་ངུར་སྨྲིག་གར། །ལེགས་བསྟན་མཁས་ཚུལ་གསུམ་གྱི་བྱ་བ་ཡིས། །ཐུབ་བསྟན་ཆེས་ཆེར་གསལ་བའི་ངོ་མཚར་འབར། །ལྷར་བཅས་སྐྱེ་དགུའི་གཙུག་གི་ནོར་བུ་ཡིས། །གང་གི་ཞབས་སེན་མངོན་པར་མཆོད་པ་དང་། །ཆབས་གཅིག་ཡོན་ཏན་བསྔགས་པའི་ཏམྦུ་ར། ས་གསུམ་སྐྱེ་དགུའི་ཐོས་འཛིན་བཅུད་དུ་སྙན། །དེང་དུས་སྙིགས་མའི་རྒུད་པའི་ཚད་གདུང་གིས། །ཀུན་ནས་ཉམས་གྱུར་ཐུབ་བསྟན་རྫིང་བུ་དག །ཆེས་ཆེར་སྤེལ་བའི་བྱེད་པོ་མཆོག་ཁྱོད་ཀྱིས། །ཐུགས་བསྐྱེད་ཟླ་བ་རྒྱས་པའི་དཔལ་ལ་འཁུ། །ཕུལ་བྱུང་ཐུགས་བསྐྱེད་བརྩོན་པའི་སྐྱ་རེངས་ཀྱིས། །ཉེར་དྲངས་ལེགས་མཛད་ཀུན་ཕན་ཉིན་མོར་བྱེད། །འགལ་བྱེད་ཆུ་འཛིན་ཕྲེང་བས་ནོངས་མེད་པར། །དོན་གཉིས་པད་ཚལ་བཞད་ཅིང་བཞོད་ངོས་ནས། །ཐུགས་ཉེའི་ཕེབས་འོས་ཨུ་དུམྦཱ་རའི་ཕྲེང་། །གུས་ལྡན་སྤྱི་བོའི་རྒྱན་དུ་ལེགས་སོན་པ། །ས་མཆོག་དང་པོ་ཐོབ་པའི་དགའ་བ་ལས། །གཞན་གྱི་དཔེར་འོས་སྲིད་ཞིའི་ཁོངས་ན་ཅི། །འདིར་གནས་པའང་སྲས་བཅས་རྒྱལ་རྣམས་ཀྱིིས། །ཐུགས་རྗེའི་གདུགས་དཀར་གྲིབ་བསིལ་ལ་བརྟེན་རྒྱུས། །ཉེར་འཚེའི་ཚ་དབལ་དྲག་པོས་གཙེས་མིན་པར། །བསྟན་འགྲོར་སྨན་པའི་ལྷག་བསམ་བསྐྱེད་ཁུལ་ལགས། །དེང་གི་ཆར་མགོན་པོ་གང་གི་གསང་གསུམ་ཚེ་ལྷའི་ངོ་བོར་བརྟན་ཅིང་ལེགས་མཛད་ཕྲིན་ལས་ཀྱི་འཇུག་པ་ཡར་ངོའི་ཟླ་ལྟར་འཕེལ་བཞུགས་ངོས་སོགས། སླད་མར་ཡང་། དཔལ་ལྡན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །དྲན་པས་མཆོག་སྟེར་ཚེ་ལྷའི་བདེན་བྱིན་གྱིས། །ཡོངས་ཀྱི་འདྲེན་པ་རྡོ་རྗེ་འཆང་ཆེན་པོའི། །གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །རིས་མེད་བསྟན་པའི་ལྷ་ལམ་ཡངས་པའི་ངོགས། །ཁྱོད་ཞལ་ཉིན་བྱེད་དབང་པོ་རྟག་བརྟན་ཅིང་། །ལེགས་མཛད་ཕྲིན་ལས་བཟང་པོའི་སྣང་བ་ཡིས། །ཕན་བདེའི་ཨུཏྤལ་ཅིག་ཆར་བཞད་གྱུར་ཅིག །བདག་ཀྱང་མི་མཐུན་གཡུལ་ལས་རྣམ་རྒྱལ་ཞིང་། །རིས་མེད་བསྟན་ལ་ཕན་པའི་ལྷག་བསམ་ཤུགས། །གེགས་མེད་འགྲུབ་པའི་སྐྱབས་བསྲུང་མི་གཡེལ་ངོས། །དགྱེས་བརྩེའི་བཀའ་མཆིད་ལྷ་ཆུའི་རྒྱུན་བཞིན་དུ། །དེ་སྐད་ཞུ་མཆིད་ངང་པའི་བུ་མོ་ནི། །ལྷ་རྫས་དར་ཀྱི་འདབ་གཤོག་ཆེར་གཡོ་ཞིང་། །རིན་ཆེན་ཟུང་གི་རྐང་གདུབ་འཁྲོལ་བཞིན་དུ། །ཁྱོད་དྲུང་འོ་མའི་རྒྱ་མཚོར་རྒྱུ་འདིའོ། །ཞུ་ཡིག་སྤྱན་ལམ་དུ་འབབས་པའི་རྟེན་སོགས།
༄༅། །དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་བའི། །གྲུབ་རིག་འཛིན་པ་ཡོངས་ཀྱི་ཅོད་པཎ་གྱིས། །ལན་སྟོང་ཕྱིས་པའི་ཞབས་སེན་མ་ཎི་ཀ །བསམ་འཕེལ་དབང་གི་རྒྱལ་པོ་གང་གི་དྲུང་། །གང་སྐུའི་རི་མོ་དཔྱིད་དུ་འཕོས་པ་ཡིས། །དད་གསུམ་རྣམ་པར་འཕེལ་བའི་རྫིང་བུ་ལས། །ཉེར་ཐོན་སོར་བཅུ་པདྨ་དཀར་པོའི་ཕྲེང་། །ཡན་ལག་མཆོག་གིས་བཏེགས་ནས་འདི་སྐད་གསོལ། །མགོན་ཁྱོད་གཟོད་མ་ཉིད་ནས་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་གདུལ་དཀའི་འགྲོ་བ་ལ། །རྗེས་དགོངས་ངོ་མཚར་ཞིང་སྐུའི་བཀོད་པའི་སྤྲིན། །སྲིད་མཐར་སྟོན་པ་འཕགས་པའི་རང་གཤིས་ལགས། །བསོད་ནམས་བྱེ་བ་འབུམ་གྱི་ཆུ་གཏེར་ལས། །ཉེར་འཁྲུངས་མཚན་དཔེའི་རི་མོ་གཡས་སུ་འཁྱིལ། །དགེ་མཚན་སྲིད་པའི་རིམས་ནད་རྒྱུན་གཅོད་པ། །གང་སྐུ་སྐྱེ་བ་ལྔ་པའི་དཔལ་དང་འཐབ། །གསུང་གསང་ཡིད་འོང་ལྷ་ཡི་རྔ་སྒྲ་མཆོག །ལན་གཅིག་ཐོས་པས་བག་མེད་ཉེས་ཀུན་སེལ། །དམན་ལམ་ཕྲུ་མས་མི་བརྫི་དགེ་མཚན་དཔལ། །སྐལ་བཟང་རྣམ་སད་གཞོན་ནུའི་དགའ་སྟོན་ཉིད། །གཏིང་མཐའ་མི་དཔོག་མཁྱེན་པའི་མཁའ་དབྱིངས་སུ། །བརྩེ་ཆེན་ཐུགས་རྗེའི་ཉི་ཟླའི་བགྲོད་པས་མཛེས། །ནུས་མཐུའི་ཟེར་གྱིས་ས་གསུམ་རྒུད་མུན་སེལ། །ཕན་བདེའི་འདབ་སྟོང་ཅི་དགར་བཞད་ལ་དབང་། །དཔག་མེད་ཡོན་ཏན་ནོར་བུའི་གཏེར་ཆེན་པོ། །དུས་གསུམ་རྒྱལ་དང་མཉམ་པ་ཉིད་གྱུར་ཕྱིར། །བློ་ཆེན་འཕགས་པས་བགྲང་བར་བཟོད་མིན་ན། །བདག་ལྟས་བརྗོད་རློམ་བྱིས་པའི་ཟློས་གར་ཉིད། །བསྡུ་བཞིའི་རླབས་ཕྲེང་འབུམ་ཕྲག་གཡོ་བ་ཡི། །གཞན་ཕན་ཕྲིན་ལས་ཚད་མེད་ཆུ་གཏེར་ཆེའི། །ཟེགས་མ་རེས་ཀྱང་བསྟན་འགྲོའི་སྲོག་གི་ཟུངས། །འཛིན་ལ་ལྷ་ཡི་བདུད་རྩིས་དཔེར་འོས་མིན། །ཨོ་རྒྱན་མཁན་པོའི་རིང་ལུགས་ཟླ་མེད་པ། །སྨིན་གྲོལ་འདོད་དགུར་འཇོ་བའི་ཡིད་བཞིན་དབང་། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འདེགས་མཛད་པའི། །ཐར་གླིང་བགྲོད་པའི་དེད་དཔོན་ཁྱོད་མཚུངས་སུ། །དེ་སླད་གང་གི་ཞབས་སེན་ཀེ་ཏ་ཀས། །ལན་གཅིག་བསྒྲུབ་པའི་སྐལ་བཟང་ཐོབ་པ་འདིས། །བསྟི་གནས་རྫིང་བུ་འདི་ཡང་འབྲས་བཅས་ཏེ། །བསྟན་གཉིས་དར་གླིང་བརྗོད་པ་དོན་ལྡན་བྱས། །ངོ་མཚར་ཆེའོ་རྟེན་འབྱུང་དགེ་བའི་མཐུ། །བཀའ་དྲིན་ཆེའོ་གྲུབ་རིགས་འཕགས་པའི་སྲས། །འདོད་པ་འགྲུབ་བོ་ཚེ་གང་བརྣག་པའི་འབྲས། །བློ་སེམས་བདེའོ་འབྲལ་མེད་རྗེས་འཛིན་གསོལ། །དེང་གི་ཆར་ཨོ་རྒྱན་དུས་གསུམ་མཁྱེན་པའི་རིང་ལུགས། མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་ཁུངས། རྒྱུད་ལུང་མན་ངག་བྱེ་བའི་གཏེར་མཛོད། གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སླར་འདེགས་པའི་ངོ་མཚར་བའི་རྣམ་ཐར་དང་བཀའ་དྲིན། དཔལ་ལྡན་བསིལ་རིའི་ཕྲེང་བས་མཛེས་པའི་ལྗོངས་འདིར་འགྲན་ཟླ་ཐམས་ཅད་བྲལ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཚན་བརྗོད་པར་དཀའ་བ་རིག་འཛིན་གཏེར་བདག་གླིང་པའི་ངེས་དོན་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་ཁྲི་ཆེན་འགྲན་བྲལ་གྱི་རིག་པ་འཛིན་པ་མཆོག་ཉིད། མདོ་སྨད་བསྟན་འགྲོའི་བསོད་ནམས་ཀྱི་ཞིང་དུ་ཆིབས་བསྐྱོད་ངོས། འདིར་ཡང་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཞབས་ཟུང་གསེར་གྱི་འཁོར་ལོའི་རེ་ཁ་རྣམ་པར་བཀྲ་བ་ཉེ་བར་བཀོད་ནས་རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མགོན་པོའི་གསང་བ་གསུམ་དང་རྣམ་དབྱེར་མེད་པའི་སྐུར་བཞེངས་ནས། བདག་ཅག་འདིར་འདུས་པ་རྣམས། གནས་སྐབས་སུ་རིང་འཚོའི་སྲོག་གི་ཀ་བ་བརྟན་པ་དང་། མཐར་ཐུག་འཆི་མེད་རྟག་པ་དམ་པའི་ངོ་བོ་རིགས་ཁམས་ཡོངས་སུ་སྨིན་པར་མཛད་ཅིང་། བདེན་ཚིག་ཤིས་པའི་མེ་ཏོག་གི་ཆར་ཆེན་པོས་བརྟན་གཡོའི་དགེ་མཚན་སྤེལ་བར་མཛད་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་དཀའི་གནས་སུ་གྱུར་པས། སྟོང་གསུམ་མི་མཇེད་ཀྱི་ཞིང་ཀུན་རིན་པོ་ཆེ་སྣ་བདུན་གྱིས་ཕྱུར་བུར་བཀང་སྟེ་ཕུལ་ཡང་ཆ་ཤས་ཕྲ་མོ་ཙམ་ཡང་འཚོབ་མི་ནུས་མོད། སྔོན་གྱི་བླ་སློབ་དགོན་མ་བུའི་འབྲེལ་ཟབ་ཐུན་མིན་སྟབས། དབྱིངས་ཚོམ་མི་གནང་སྙམ་པའི་སྤྱིི་བརྟོལ་གྱིས་མཎྜལ་རྟེན་མཚོན་པར། ཐོག་མར་བཀྲ་ཤིས་པའི་ལྷ་རྫས་རབ་དཀར་ཉིན་མོ་བདེ་ལེགས་སྲིད་དུ་རིང་བ། བཅས་དངོས་པོའི་འབྱོར་ཚོགས་པདྨའི་སྐུད་པ་ལྟར་ཆེས་ཕྲ་ཡང་། ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲོས་ཏེ། འཇུག་སྒྲུབ་པའི་མཆོད་པ་དང་རྗེས་སུ་འབྲེལ་བར་གུས་སྤྲོ་ཞིང་དྭངས་བའི་བློས་འབུལ་བ་ལགས་ན་ཐུགས་བརྩེས་རྗེས་བཞེས་དང་། སོགས།
༄༅། །རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་མཁྱེན་པའི་གཏེར། །ལྔ་བདོའི་འགྲོ་ལ་རྗེས་བརྩེས་དགེ་བའི་བཤེས་ཀྱི་ཚུལ། །ཕྱོགས་ལས་རྣམ་རྒྱལ་ཀུན་གཟིགས་མ་ཧཱ་པཎྜི་ཏའི། །ཞབས་སེན་རྡུལ་བྲལ་ཡིད་བཞིན་དབང་གི་རྒྱལ་པོའི་དྲུང་། ༡ །གུས་ལྡན་སོར་བཅུའི་ཐལ་སྦྱར་པདྨ་དཀར་པོའི་ཕྲེང་། །ཚངས་གནས་རལ་པའི་ཅོད་པཎ་རྩེ་མོར་ལེགས་བཀོད་ནས། །རབ་དྭངས་བློ་ཡིས་ཞུ་མཆིད་རྐང་པ་དྲུག་པའི་གླུ། །སྒྲོགས་འདིར་སྙན་དབང་ཨུཏྤལ་གཞོན་ནུ་བག་ཙམ་གཡོར། ༢ །ནམ་མཁའི་མཐའ་དང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་ཐར་རྒྱ་མཚོ་ཆོས་ཀྱི་དབྱིངས་དང་སྙོམས་འཇུག་པས། །འཇམ་པའི་རྡོ་རྗེའི་གསང་གསུམ་ཡོན་ཏན་འདི་འདྲ་ཞེས། །ཚུར་མཐོང་བྱིས་པའི་བློ་ཡིས་ནམ་ཡང་གཞལ་བྱ་ཅི། ༣ །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་ཡོན་ཏན་བྱེ་བ་འབུམ། །མ་ལུས་བདག་གིར་ཡོངས་བཞེས་དོན་གྱི་སརྦ་ཛྙཱ། །ཁྱོད་མཚུངས་དབྱིགས་འཛིན་ཡངས་པའི་གཞི་ན་སུ་ཞིག་ཡོད། ༤ །ཁྱོད་གསུང་ལེགས་བཤད་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །རེག་པའི་མོད་ལ་ཐུབ་བསྟན་དྲི་བཟང་ཁང་པའི་ཚལ། །ལུང་རྟོགས་སྦྲང་རྩིའི་བཅུད་ཀྱིས་གཏམས་པའི་དགེ་མཚན་གྱིས། །ས་འདི་འོག་མིན་ལས་ཀྱང་བསྔགས་འོས་མཆོག་ཏུ་བྱས། ༥ །མཆོག་བྱིན་དཔག་བསམ་ལྗོན་པའི་གྲིབ་བསིལ་སྣུམ་པོ་རུ། །བདེ་བར་ངལ་འཚོའི་དབུགས་དབྱུང་ཐོབ་པའི་འགྲོ་མང་ཁམས། །དེང་ནས་སྲིད་པའི་དབུལ་བ་མ་ལུས་རྒྱུན་བཅད་ནས། །ངེས་ལེགས་ཐར་པའི་འབྱོར་ཚོགས་ལྷུན་གྱིས་གྲུབ་པར་བྱས། ༦ །དེ་སླད་རིས་བྲལ་བསྟན་འགྲོའི་ལེགས་བྱས་ཡངས་པའི་མཁར། །གང་གི་གསང་གསུམ་སྣང་བའི་མུ་ཁྱུད་རྟག་བརྟན་ཞིང་། །ཟབ་རྒྱས་ཆོས་ཀྱི་འོད་ཟེར་སྟོང་དུ་འབར་བ་ཡིས། །རྫོགས་ལྡན་ཉིན་མོའི་དགའ་སྟོན་ཅིར་ཡང་དར་གྱུར་ཅིག ༧ །ཁྱད་པར་འཇམ་མགོན་ཁྲི་སྡེ་སྣང་མཛད་ལོ་ཙཱ་ཡི། །ཐུགས་བསྐྱེད་དུས་སྨིན་ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན། །ཡོངས་རྫོགས་བསྟན་པའི་ཉི་མ་གཅིག་གྱུར་མཆོག་ཟུང་གི། །རིང་ལུགས་མི་ནུབ་རྒྱལ་མཚན་སླར་ཡང་བསྒྲེང་བར་མཛོད། ༨ །ཕྱོགས་སུ་མ་ལྷུང་ཐུབ་བསྟན་ཡོངས་ཀྱི་མགོན་གཅིག་པུ། །རིས་སུ་མ་ཆད་སྒྲུབ་བརྒྱུད་བརྒྱད་ཀྱི་ཤིང་རྟ་བ། །ཚིག་ཙམ་མ་ཡིན་དོན་གྱི་རྒྱལ་བ་གཉིས་པ་དངོས། །མཆོག་ཟུང་རྣམ་པར་བཀའ་དྲིན་སུ་ཡིས་དཔོག་པར་ནུས། ༩ །དེ་སླད་དེ་ཡི་ཞལ་ལུང་བཏུང་བའི་སྐལ་བཟང་གི། །སློབ་ཚོགས་རྒྱུ་སྐར་ཕྲེང་བས་མཁའ་དབྱིངས་ཁྱབ་མོད་ཀྱི། །ཇི་བཞིན་དགོངས་པ་མ་ནོར་གསལ་ནུས་ཉིན་མོར་བྱེད། །ཁྱོད་གསུང་འགའ་ཡང་སྲིད་ཞིའི་ཁོངས་ན་མ་རྙེད་ཕྱིར། ༡༠ །གུས་ལྡན་ལྷག་བསམ་རྨ་བྱ་དགའ་བའི་ཟློས་གར་གྱིས། །མཁྱེན་བཟང་ཐུགས་རྗེའི་ཆུ་འཛིན་ཉེ་བར་བསྐུལ་བ་ལས། །ལུང་རིགས་མན་ངག་ཟབ་མོའི་འབྲུག་སྒྲ་ཆེར་སྒྲོགས་པའི། །ལེགས་བཤད་བདུད་རྩིའི་གྲུ་ཆར་ཅི་དགར་བསྙིལ་བར་མཛོད། ༡༡ །གངས་ལྗོངས་སྒྲུབ་བརྒྱུད་ཆེ་བརྒྱད་གདམ་པའི་མ་ཎི་ཀ །གཅིག་བསྡུས་མཛོད་ཀྱི་རྒྱབ་ཆོས་འཆོས་སྐྱོབ་བྱེ་བའི་གཏེར། །སོ་སོའི་གྲུབ་མཐའ་མ་འདྲེས་རང་རྐང་ཚུགས་པའི་ངང་། །ཀུན་ཀྱང་མཐར་ཐུག་དགོངས་བཞེད་རྫོགས་པ་ཆེན་པོ་རུ། །འདུམ་པའི་བསྟན་བཅོས་སྔོན་མེད་ཐུབ་བསྟན་མཛེས་པའི་རྒྱན། ༡༢ །ཐོས་པ་ཙམ་གྱིས་དག་སྣང་དཀར་པོའི་སྒོ་འབྱེད་ཅིང་། བསམ་པ་ཙམ་གྱིས་ཐེ་ཚོམ་མདུད་པ་བརྒྱ་ཕྲག་འགྲོལ། བསྒོམས་པས་ཡེ་ཤེས་ཉི་མ་ཁོང་ནས་འཆར་ནུས་པའི། ཟབ་རྒྱས་ཆོས་ཀྱི་སྒོ་འཕར་གསར་དུ་འབྱེད་མཛད་གསོལ། ༡༣། ཐུབ་བསྟན་མདོ་དང་སྔགས་ཀྱི་ལྷ་གོས་པཉྩ་ལིར། །ཁྱོད་གསུང་སྔོོན་མེད་གདེངས་ཅན་གཙུག་ནོར་ལེགས་བཀོད་པས། །རྒོལ་ངན་དགྲ་ཡིས་མི་བརྫི་ངེས་དོན་སྙིང་པོ་ཡི། །རྒྱལ་མཚན་རྟག་པར་བསྒྲེངས་པའི་དགེ་མཚན་འབར་གྱུར་ཅིག ༡༤ །བདག་ཀྱང་ཡེ་ཤེས་འཇུག་པ་ཟབ་མོས་རྗེས་བཟུང་ནས། །ཟབ་རྒྱས་གདམས་པའི་བདུད་རྩིས་བློ་ཡི་བུམ་པ་བཟང་། །ལེགས་པར་འགེངས་པའི་སྐལ་བཟང་དུས་ལས་ཡོལ་མིན་པར། །དགའ་སྟོན་དེང་འདིར་མངོན་སུམ་སྩོལ་བར་མཛད་དུ་གསོལ། ༡༥ །བི་ཛ་ཡས་སོ། །
༄༅། །ༀ་སྭསྟི། གང་ལ་བརྟེན་ན་མཆོག་ཐུན་འདོད་དགུའི་ཆར། །ཅི་དགར་འཇོ་བ་ཡིད་བཞིན་ནོར་ལྟ་བུའི། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷས། །ཁྱེད་ཅག་རྣམ་པ་ཀུན་ཏུ་སྲུང་གྱུར་ཅིག །བདེན་པར་སྨྲའོ་སྙིང་གི་གྲོགས་པོ་དག །འདྲིས་པའི་ཚིག་ལ་སྙན་གྱི་དབང་པོ་གཏོད། །འཐད་པའི་མཆིད་འདི་ཐུགས་ཀྱི་བུམ་པར་ཆོངས། །རེ་བའི་གནས་ལ་འབྲས་མེད་མ་མཛད་ཅིག །ཀྱེ་ལགས་སྐྱོབ་པ་མཚུངས་མེད་ཐུབ་ཆེན་དེས། །ཡུ་བུའི་དོན་དུ་བརྩོན་པས་གོ་བགོས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་དཔུང་བསྐུལ་བའི། །རིང་ལུགས་དྲི་མེད་རྒྱལ་སྲིད་ཡིད་བཞིན་དབང་། །མཁན་སློབ་ཆོས་རྒྱལ་ཐུགས་བསྐྱེད་རྒྱལ་མཚན་རྩེར། །བསྙེན་པའི་དགེ་མཚན་ངོ་མཚར་འབུམ་འཕྲོ་ཡང་། །དེང་དུས་སྙིགས་སྤྱོད་རྡུལ་གྱིས་ཆེར་སྦགས་པ། །འདི་ཚུལ་གཟིགས་ནས་དམ་པའི་མགོན་རྣམས་ཀྱི། །འཁོར་ལོ་གསུམ་གྱི་བྱི་དོར་མཛད་པ་ལགས། །དེ་ཕྱིར་མཚུངས་བྲལ་དམ་པ་མཆོག་རྣམས་ཀྱི། །བཀའ་དྲིན་རྗེས་སུ་དྲན་དང་གསོབ་འདོད་བློས། །གཞན་རྐྱེན་ཕྲ་མོའི་དབང་དུ་མི་གཏོང་བར། །དོན་ཆེན་རྣམ་དཀར་བགྱི་འོས་མཐར་ཕྱིན་མཛོད། །རྒྱལ་ཀུན་ཡབ་ཅིག་རྗེ་བཙུན་མཁྱེན་པའི་གཏེར། །ངུར་སྨིག་གར་གྱིས་རོལ་པའི་མགོན་པོ་མཆོག །འཛམ་གླིང་སྨྲ་བའི་ཉི་མ་གཅིག་པུ་དེའི། །བཀའ་ལུང་ནོར་བུའི་ཅོད་པཎ་ལྕི་བའི་ཁུར། །འུ་ཅག་གནས་ལྔའི་རྩེ་མོར་ཆབས་ཅིག་ཏུ། །ལྟུང་བའི་སྐལ་བཟང་ཐོབ་འདི་འབྲས་མེད་མིན། །སྟོན་པ་མཆོག་གི་བདེན་གསུང་སེང་གེའི་སྒྲས། །རྫས་ལས་བྱུང་བའི་བསོད་ནམས་རྣམ་བདུན་ཞེས། །རྗེས་བསྔགས་གང་དེའི་ཕུལ་བྱུང་གཙུག་ལག་ཁང་། །རྟེན་དང་བརྟེན་པའི་ཁྱད་པར་འདི་ཁོ་ན། །བདེ་གཤེགས་མཆོད་རྟེན་སྐུ་གཟུགས་ལྷ་ཁང་ལ། །ཇི་ཙམ་རྡུལ་ཕྲན་སོང་བ་དེ་ཉིད་གྲངས། །གུས་པའི་ཡིད་ཀྱིས་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་རྒྱལ་སྲིད་ངེས་པར་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་ནི། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་བ། །ཐ་མ་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་མེད་པའི་སངས་རྒྱས་མངོན་བྱེད་གསུངས། །གང་གིས་འཁྲུགས་པའི་ཡིད་ཀྱིས་རྟེན་གསུམ་བལྟས། །གང་དག་རྩེད་མོའི་ཕྱིར་ཙམ་སྐུ་གཟུགས་འདྲི། །ཞར་བྱུང་མཆོད་རྟེན་སེར་ཁ་བསུབ་ཙམ་ཡང་། །རིང་པོར་མི་ཐོགས་སྲིད་ལས་འདའ་གསུངས་ན། རྟག་གུས་སྦྱོོར་བས་བརྩོན་པ་སྨོས་ཅི་དགོས། །གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པའི། །བསོད་ནམས་ཁྱད་འཕགས་དེ་སྙེད་བསྐལ་པ་རུ། །དང་བའི་སེམས་ཀྱིས་དཔག་ཡས་མཆོད་སྤྲིན་གྱིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བསྙེན་བྱས་ལས། །ཐུབ་དབང་བསྟན་པ་འགག་པར་འགྱུར་ཉེའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་ཆེ་ཞེས་ཐུབ་པ་མཆོག་གིས་གསུངས། །དེ་ཕྱིར་གཙུག་ལག་ཆོས་སྡེ་ཇི་ཙམ་དུ། །གནས་པ་དེ་སྲིད་དགེ་འདུན་སྡེ་འདུ་ཞིང་། །ཉིན་བཞིན་ཀློག་དང་དེ་སེམས་བགྱིད་པ་ཡི། །བསོད་ནམས་ཕུང་པོ་ཚད་བཟུང་སུ་ཡིས་ནུས། །ཁྱད་པར་ཐུན་མིན་ནང་རྒྱུད་སྡེ་གསུམ་གྱི། །ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་ཉེ་རྒྱུ་ཡིས། གྲངས་མེད་ཡིད་ཅན་གདོད་གཞིའི་རྒྱལ་ཐབས་ཆེར། །འགོད་པའི་ངོ་མཚར་བྱིས་བློས་གཞལ་བྱ་ཅི། །གལ་ཏེ་གང་དུ་འདུ་བ་མེད་གྱུར་ཀྱང་། །གཙུག་ལག་ལྷག་མ་ཇི་ཙམ་གནས་ཀྱི་བར། །སྐད་ཅིག་རེ་བཞིན་བསོད་ནམས་མང་འཕེལ་ནས། །སེམས་ཤེས་སུ་ཞིག་འདི་ལ་སྤྲོ་བ་ལྷོད། །རང་ལ་དྲིན་ཐོབ་དགེ་བའི་བཤེས་གཉེན་ནི། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་རྡོ་རྗེ་འཛིན། །གང་གི་བཀའ་ཀུན་མི་གཅོག་ཐུགས་བཟུང་ནས། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །འདུས་བྱས་དགེ་རྩ་ཕལ་གྱིས་དོ་ཟླ་མིན། །འཕགས་བོད་གྲུབ་པ་ཡོངས་ཀྱི་ལོ་རྒྱུས་བཞིན། །དོན་གཉིས་སུག་རྩེར་གནས་ལ་སྨྱོན་དུ་ཅི། །དེ་སླད་མྱ་ངན་མེད་དཔལ་མི་ཡི་གཟུགས། །གཙུག་ནོར་མཆོག་དེའི་དགོངས་པ་བསྒྲུབ་སླད་དུ། །བདག་ཀྱང་བཞི་བརྒྱ་རྩ་བཞིའི་བྲོ་ནད་ཀྱིས། །གཙེས་ཀྱང་མི་ཞུམ་སྙིང་སྟོབས་དཔུང་བསྐྱེད་ན། །ཚུལ་འདིར་ཞུགས་ལ་སྤྲོ་བ་བརྟས་པ་ལགས། །སྙིང་གྲོགས་དག་ཀྱང་དེ་ལྟར་དགོངས་འཚལ་ལོ། །དཀའ་བའི་གནས་གང་ཞུམ་པས་མ་དོར་ན། །བཙོན་པས་མི་འགྲུབ་ཆོས་དེ་སྲིད་མ་ཡིན། །འུ་ཅག་བགྱི་བ་དོན་མེད་མི་འགྱུར་ཏེ། །དོན་ཆེན་འགྲུབ་པ་རྒྱལ་བཀའ་དཔང་པོར་ཆེ། །དེ་སྐད་ཁྱེད་ལ་དོ་གལ་བསྐྱེད་པ་འདི། །བབ་བཅོལ་མ་ལགས་ལུགས་ཀྱི་བསྟན་བཅོས་ལས། །བྱ་བ་ཀུན་ལ་བརྟགས་ཤིང་འཇུག་པ་དང་། །བཀའ་བློ་བདེ་ཞིང་ངན་གཡོ་མི་བྱེད་པར། །བདེན་པར་སྨྲ་ཞིང་མགུ་བར་སླ་བ་ཡི། །མི་དེ་འཇིག་རྟེན་འདི་ན་བཟང་པོ་ཡིན། །བློ་གསལ་ཐབས་མཁས་ཡིད་གཞུངས་ཤེས་པ་བཀྲ། །ཚོད་རིག་ཚིག་དང་སྒོ་དྲག་མཐུ་ཤེས་པ། །བརྩོན་འགྲུས་ཆེ་ལ་གཞན་གྱིས་མ་བསླུས་པའི། །མི་དེ་འཇིག་རྟེན་འདི་ན་གོ་ཆོད་ཡིན། །ཞེས་བཤད་ཚུལ་འདི་གཞན་ལ་མེད་མཐོང་ནས། །ཡང་ཡང་ནན་ཏན་བསྐྱེད་དོན་དེ་ལགས་པ། །མཁྱེན་པར་མཛོད་ཅིག་ཀ་ཡེ་གྲོགས་པོ་དག །གསོལ་བའི་ཚིག་འདི་གསོན་དང་འཕྲལ་ཡུན་དགེ། །ཤིས་པའི་མེ་ཏོག་རྩ་གསུམ་ལྷ་རྣམས་དང་། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱིས་སྩོལ་བར་ངེས། །དེ་སྐད་ཆོས་དང་འཇིག་རྟེན་བྱ་གཞག་གིས། །ཚུར་ལ་ལེན་བརྒྱར་བཏང་ཡང་ཕར་ཕར་དུ། །སྙེགས་རློམ་ཅོལ་ཆུང་བྱིས་པའི་ངང་ཚུལ་ཅན། །དེ་ཡི་ལྷག་བསམ་དཀར་པོའི་སྐྱེས་བཅས་ཕུལ། །ཞེས་པདྨ་བི་ཛས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག
༄༅། །བླ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་པར་དཀའ་འོ་དམ་ཆོས་སྙིང་པོར་སྒྲུབས། །མི་རྟག་འཆི་བ་འོང་ངོ་བརྩོན་འགྲུས་ལྕག་གིས་བྲོབ། །ལས་འབྲས་བསླུ་བ་མེད་དོ་ལག་ལེན་ཕྲ་ཞི བ་མཛོད། །འཁོར་བའི་སྡུག་བསྔལ་མཐའ་མེད་ངེས་འབྱུང་སྐྱོ་བ་བསྐྱེད། །ཐེག་ཆེན་ལམ་རྩ་ཡིན་ནོ་དགེ་བའི་བཤེས་གཉེན་བསྟེན། །ནམ་ཡང་བསླུ་བ་མི་སྲིད་མཆོག་གསུམ་སྐྱབས་སུ་བརྟེན། །འགྲོ་ཀུན་ཕ་མ་ཡིན་པས་སྙིང་རྗེ་བྱང་སེམས་སྒོམས། །སྒྲིབ་སྦྱོང་སྙིང་པོ་ཡིན་ནོ་རྡོར་སེམས་སྒོམ་བཟླས་འབད། །ཚོགས་བསགས་ཉམས་ལེན་ཡིན་ནོ་སྐུ་གསུམ་ཞིང་ཁམས་ཕུལ། །ལམ་གྱི་སྲོག་ཤིང་ཡིན་པས་བླ་མའི་རྣལ་འབྱོར་སྒོམས། །དོན་གྱི་སྙིང་པོ་ཡིན་ནོ་ཆོས་དང་གང་མཐུན་གྱིས། །རང་སེམས་རང་ལ་དཀར་ན་རང་མགོ་ཐོན་པར་མཛོད། །བསླབ་བྱ་དེ་ལས་མེད་དོ་སྙིང་ལ་འཇོག་པར་ཞུ། །མངྒལཾ།
༄༅། །ༀ་སྭ་སྟི། ཡོན་ཏན་ཀུན་ལྡན་ཉེས་པའི་སྐྱོན་དང་བྲལ། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན། །རྒྱལ་བའི་ལུང་ཟིན་སངས་རྒྱས་དངོས་སྣང་ཞབས། །འབྲལ་མེད་སྙིང་གི་པདྨོར་རྟག་བཀོད་ནས། །གནས་སྐབས་དུས་དང་མཐུན་པའི་གཏམ་ཞིག་སྒྲོགས། །ཕྱི་སྣོད་འགྱུར་བ་ལོ་རེ་ལོ་རེ་བཞིན། །མི་སྤྱོད་འགྱུར་བ་ཟླ་རེ་ཟླ་རེས་ཞན། །ཀུན་ཀྱང་མི་རྟག་གློག་གི་གར་མཁན་བཞིན། །སྙིགས་ལྔའི་རང་མཚང་གཟིགས་དང་མི་སྐྱོའམ། །སྟོན་ཆེན་རེ་ལ་མི་འདྲའི་གྲུབ་མཐའ་རེ། །མཁས་གྲགས་རེ་ལ་མི་འདྲའི་བཤད་སྒྲོས་རེ། །སྒོམ་ཆེན་རེ་ལ་མི་འདྲའི་སེམས་འཛིན་རེ། །སྔགས་སྤྱོད་རེ་ལ་མི་འདྲའི་གཏེར་ཆོས་རེ། །གྲུབ་ཐོབ་རེ་ལ་མི་འདྲའི་མཛད་སྤྱོད་རེ། །གང་ཟག་རེ་ལ་མི་འདྲའི་ཆོས་སྐད་རེ། །མ་བརྟགས་ཉམས་དགའ་བརྟགས་ན་ཐེ་ཚོམ་གཞི། །ཕལ་ཆེར་སྔོན་བྱོན་དམ་པའི་ལུགས་ལས་རིང་། །འོན་ཀྱང་ཐུབ་པས་ང་དང་ང་འདྲ་ལས། །གང་ཟག་རྒྱུད་ཚོད་གང་ཟག་ཕལ་གྱིས་མིན། །གལ་ཏེ་བཟུང་ན་ཉམས་པ་ཆེན་པོ་གསུངས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་མེད་ཕྱིར། །མི་བསྟོད་མི་སྨད་རྗེས་སུ་འཇུག་བྱ་མིན། །ཐོས་བསམ་ནུས་ན་རྒྱན་དྲུག་རོང་ཀློང་གཞུང་། །བློ་སྦྱོང་ནུས་ན་བཀའ་གདམས་མན་ངག་ཟབ། །འཆད་སྤེལ་ནུས་ན་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །ཉམས་ལེན་ནུས་ན་སྙིང་ཐིག་རྣམ་པ་གསུམ། །བྱ་བ་ནུས་ན་བཤད་སྒྲུབ་རྒྱལ་མཚན་ཚུགས། །སྙིང་རུས་ནུས་ན་ཚེ་དང་སྒྲུབ་པ་སྙོམས། །བློ་གཏད་ནུས་ན་པད་འབྱུང་རྗེ་བཙུན་མ། །ཙབ་ཙུབ་བློ་སྣ་མང་པོས་དགོས་པ་གང་། །བདག་ལྟ་དམན་ཡང་བརྒྱུད་པ་བཟང་པོའི་བུ། །ཐོས་པ་དམན་ཡང་ལམ་གྱི་འགྲོ་ཚུལ་ཤེས། །བསྒོམ་སྲན་ཆུང་ཡང་གཉུག་མའི་རང་གྲོལ་གོ །དེ་ཕྱིར་ཁོ་བོ་པད་རྣམ་ཞལ་ཏ་ཏེ། །དེ་བཞིན་མཛོད་དང་སུ་མ་མགུ་ཡང་ཆོག །དེ་རྣམས་ལས་ལྷག་ཚེ་འདིའི་བྱ་གཞག་སྤོངས། །དེ་ཀུན་ཨ་རབ་ཐུགས་ལ་ངེས་འཚལ་ཞུ། དགེ།
༄༅། །སྤྱིར་རྒྱལ་བ་ཐམས་ཅད་ཐབས་ལ་མཁས་པས་གདུལ་བྱའི་ཁམས་དབང་བསམ་པ་ལ་དགོངས་ཏེ་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ངེས་ཤིང་། དེ་གཉིས་ཀྱི་ཁྱད་པར་རིམ་བགྲོད་ཀྱི་གང་ཟག་ཁ་ཅིག་དྲང་བའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་གསུམ་སོགས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུ་ལས་གདོད་མའི་གནས་ལུགས་མྱང་འདས་ཀྱི་འབྲས་བུ་ཐོབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་ཞིང་དེ་ལྟར་དུ་བརྩོན་པར་བྱེད་པ་ལ་མཚན་ཉིད་རྒྱུའི་ཐེག་པ་ཞེས་བྱ་སྟེ་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། །གང་དག་དབང་རྣོན་གཅིག་ཆར་བ་ཁ་ཅིག་གི་དོན་དུ། སྣང་བརྟགས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་སྟེ། སྒོམ་སྤྱོད་འབྲས་བུའི་ཆོས་ཐམས་ཅད་དེ་ལྟར་དུ་ལ་ཟློ་སྟེ་ཉམས་སུ་བླངས་པས་འབྲས་བུ་ཚེ་གཅིག་ལ་མངོན་འཚང་རྒྱ་བར་བྱེད་པའི་ལམ་ངེས་དོན་དྲང་ཐད་དུ་སྟོན་པ་ལ་འབྲས་བུའི་ཐེག་པ་ཞེས་བྱ་སྟེ་རྒྱུ་འབྲས་རིམ་བགྲོད་དུ་མི་འདོད་པར་ད་ལྟ་ནས་འབྲས་བུ་ལམ་དུ་བྱེད་པའི་ཆ་ནས་དེ་ལྟར་དུ་བཏགས་སོ། །དེའི་ཕྱིར་འཁོར་ལོ་བར་པའི་བསྟན་དོན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་ལམ་དབུ་མ་ཐལ་འགྱུར་པ་ནི་རྒྱུའི་ཐེག་པའི་གྲུབ་མཐའི་རྩེ་མོར་གྲུབ་སྟེ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་ཁས་ལེན་དང་བྲལ་བར་གཏན་ལ་ཕབ་ནས་བདེན་གཉིས་སམ་ཚོགས་གཉིས་ཟུང་དུ་འབྲེལ་བའི་ལམ་གྱི་སྐུ་གཉིས་ཀྱི་འབྲས་བུ་མངོན་དུ་ཐོབ་པར་འདོད་པའི་ཕྱིར། འདིའི་ལུགས་ཀྱི་བདེ་གཤེགས་སྙིང་པོའང་དྲང་དོན་ཙམ་དུ་བཟུང་སྟེ་རྒྱུ་འབྲས་སུ་ཁས་ལེན་པའི་ཕྱིར་རོ། །འཁོར་ལོ་ཐ་མའི་དགོངས་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཐེག་པ་ཆེན་པོ་རྒྱུད་བླ་མ་སོགས་སུ་བཀྲལ་བའི་རྗེས་འབྲང་གི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ནི། བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་ཡོན་ཏན་ཀུན་དང་རྣམ་དབྱེར་མེད་པའི་མཚན་ཉིད་ཅན་སྒྲ་ཇི་བཞིན་པར་ཁས་བླངས་ནས་ལམ་དང་འབྲས་བུའི་ཆོས་རྣམས་བསྐྱེད་བྱ་སྐྱེད་བྱེད་དུ་མི་འདོད་པར་བྲལ་རྒྱུ་དང་བྲལ་འབྲས་ཀྱི་ཚུལ་དུ་ཁས་བླངས་པས་དོན་གྱི་འབྲས་བུ་ལམ་བྱེད་ཀྱི་ཕྱོགས་སུ་གཏོགས་པས་མདོ་སྔགས་གཉིས་ཀྱི་མཚམས་སྦྱོར་གྱི་ཚུལ་དུ་གསུངས་པས་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་དེ་ལྟར་སྒྲ་ཇི་བཞིན་པར་མ་བསྟན་པས་སོ། །དེའི་ཕྱིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མདོ་ཕྱོགས་ཀྱི་གྲུབ་མཐའ་འཆད་པའི་སྐབས་སུ་ཐལ་འགྱུར་པ་ཉིད་རྒྱུའི་ལྟ་བའི་རྩེ་མོར་ཞལ་གྱིས་བཞེས་པ་ཡིན་ལ། སྔགས་ཀྱི་ལྟ་གྲུབ་ཐུན་མིན་འཆད་པའི་སྐབས་སུ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྲུབ་འདུས་མ་བྱས་པར་གཏན་ལ་ཕབ་དགོས་པའི་ཕྱིར་དེ་དག་གི་སྐབས་སུ་འཁོར་ལོ་ཐ་མའི་བསྟན་དོན་རྒྱུད་བླ་སོགས་ནས་ཇི་སྐད་གསུངས་པ་བཞིན་མཛད་པ་ཡིན་ཏེ། ཞིབ་པར་ཡིད་བཞིན་མཛོད་དང་གྲུབ་མཐའ་མཛོད་སོགས་གསུང་རབ་རྣམས་ལ་བལྟས་པས་ཤེས་ནུས་སོ། །དེས་ན་འཁོར་ལོ་བར་པའི་བསྟན་དོན་ཆོས་ཐམས་ཅད་ཡོད་མེད་གཉིས་གཉིས་མིན་གྱི་མཐའ་བཞི་ག་བཀག་པའི་སྟོང་ཉིད་སྤྲོོས་བྲལ་བསམ་བརྗོད་ལས་འདས་པར་བསྟན་པ་ནི་ཤེས་རབ་རྒྱུའི་དབུ་མ་སྟེ་མདོ་ཕྱོགས་ཀྱི་ལྟ་བའི་རྩེ་མོར་འདོད་དགོས་ཤིང་། འཁོར་ལོ་ཐ་མའི་དགོངས་པ་རྒྱུད་བླ་ནས་གསུངས་པ་ལྟར་ན། སྔར་སྨོས་མ་ཐག་པའི་སྟོང་ཉིད་སྤྲོས་བྲལ་ཙམ་པོ་དེ་མཐའ་དང་པོ་འགོག་པའི་ལམ་ཡིན་པར་ཐོག་མར་དེ་ལྟར་བདེན་སྟོང་ཕུ་ཐག་ཆོད་པ་མ་བྱུང་ན་སྲིད་རྩེའི་བདག་འཛིན་རྩ་བ་ནས་གཅོད་མི་ནུས་པས་དེ་ལྟར་ལེགས་པར་གཏན་ལ་ཕབ་ནས། མཐར་སྟོང་འཛིན་གྱི་ཞེན་པ་དེ་ཡང་ངེས་པར་དགག་དགོས་ཏེ། དེ་ལ་ལེགས་པར་དཔྱད་ན་སྔ་མ་ནི། དཔེར་ན་རི་བོང་གི་རྭ་ཡོད་དམ་ཞེ་ན་མེད། རྭ་མེད་པ་ཉིད་ཡོད་དམ་ཞེ་ན་དེ་ཡང་མེད། རྭ་ཡོད་མེད་གཉིས་ཀ་ཡིན་པ་ཡོད་དམ་ཞེ་ན་དེ་ཡང་མེད། དེ་གཉིས་མིན་པ་ཡོད་དམ་ཞེ་ན་དེ་ཡང་མེད་ཅེས་བརྗོད་པ་དང་འདྲ་སྟེ། དོན་དུ་མེད་དགག་གི་སྟོང་པ་རྐྱང་རྐྱང་མོ་ཞིག་ལས་མ་འདས་པས་དེ་ཙམ་དུ་འཛིན་པའི་བློ་དེས་ཟུང་འཇུག་བློ་བྲལ་ཆེན་པོ་གཏན་ལ་འབེབས་མི་ནུས་པས་ན་སྔ་མས་གཏན་ལ་ཕབ་པའི་སྟོང་ཉིད་སྤྲོས་བྲལ་དེ་ཡང་ཕྱང་ཆད་སྟོང་པ་འབའ་{འགའ}ཞིག་མ་ཡིན་པར་སྐུ་དང་ཡེ་ཤེས་སོགས་ཟག་པ་མེད་པའི་ཡོན་ཏན་དང་ཡེ་ནས་ཉི་མ་དང་འོད་ཟེར་ཀྱི་ཚུལ་དུ་འདུ་འབྲལ་སྤངས་པའི་མཚན་ཉིད་དུ་གཏན་ལ་ཕབ་པས་སྔར་གྱི་སྟོང་འཛིན་གྱི་ཞེན་པ་འགོག་པར་བྱེད་པ་ཡིན་པས་མཐའ་ཕྱི་མ་དེས་ཁེགས་པ་ཡིན་ནོ། །ཡང་སྟོང་པ་དང་སྣང་བ་གཉིས་པོ་ཆོས་ཐ་དད་དུ་སོ་སོར་ཡོད་དམ་སྙམ་དུ་འཛིན་ན། དེ་ཉིད་བློ་གསུམ་པས་གཞལ་ཏེ་དེ་ལྟ་བུའི་སྣང་སྟོང་ངམ་བདེན་པ་གཉིས་ཀྱང་སྐུད་པ་དཀར་ནག་གཤིབ་པ་བཞིན་དུ་ཆོས་ཐ་དད་པར་ཡོད་པ་མིན་ཏེ། གང་སྣང་བ་དེ་སྟོང་ཞིང་གང་སྟོང་བཞིན་པ་དེ་སྣང་བ་ཡིན་པས་དེ་གཉིས་གསེར་དང་གསེར་གྱི་སེར་པོའམ་མེ་དང་མེ་ཡི་ཚ་བ་བཞིན་དུ་ཡེ་ནས་འདུ་འབྲལ་སྤངས་པའི་མཚན་ཉིད་དུ་གཏན་ལ་འབེབས་པའོ། །དེ་ལྟར་དཔྱད་ཚེ་བདེན་གཉིས་སམ་སྣང་སྟོང་དབྱེར་མེད་དོ་སྙམ་ན། དེ་བློ་ཕྱི་མ་བཞི་པས་གཏན་ལ་འབེབས། དོན་དམ་པར་འཕགས་པའི་གཟིགས་ངོར་དབྱེར་མེད་ཙམ་དུའང་གྲུབ་པ་མེད་དེ་ཟུང་འཇུག་སྤྲོས་བྲལ་བློ་འདས་ཆེན་པོར་གཏན་ལ་འབེབས་པ་ཡིན་ཏེ། དེ་ནི་འཕགས་པ་རྣམས་ཀྱི་མཉམ་བཞག་གི་ཡེ་ཤེས་ཟབ་མོའི་ཡུལ་ཙམ་ལས་ཐ་སྙད་ཀྱི་སྒྲ་དང་རྟོག་པའི་ཞེན་ཡུལ་མ་ཡིན་པའི་ཕྱིར་འདིའི་ལུགས་ཀྱི་བདེན་གཉིས་འཇོག་མཚམས་ཀྱང་། གང་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་དོན་དམ་བདེན་པ་དང་། གང་གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཏུ་བཞག་པ་ཡིན་པས། མཉམ་བཞག་དོན་ད མ་པར་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཡང་རྗེས་ཐོབ་ཐ་སྙད་དཔྱོད་བྱེད་ཀྱི་ཚ ད་མས་གཞལ་སྐབས་དོན་དམ་འཕགས་པའི་གཟིགས་ངོར་ཆོས་ཀྱི་དབྱིངས་དང་ཟག་པ་མེད་པའི་ཡོན་ཏན་རྣམས་ཡོད་པའམ་མངོན་དུ་གྱུར་པར་ཁས་ལེན་པ་ཡིན་ལ། འདི་ནི་ཐ་སྙད་དཔྱོད་ངོར་ཡིན་གྱི་དོན་དཔྱོད་ཀྱི་ངོར་སྟོང་ཉིད་བདེན་གྲུབ་ཏུ་སྒྲུབ་པ་མིན་ནོ། །ཐ་དཔྱོད་ཀྱི་ངོར་ནི། སྟོང་ཉིད་དམ་ཆོས་ཀྱི་དབྱིངས་ནི། དོན་དཔྱོད་ཀྱིས་རྙེད་དོན་འཕགས་པའི་མཉམ་བཞག་ངོར་ཡོད་པ་དང་། མཐར་ཐུག་མི་བསླུ་བའི་དོན་དམ་མཚན་ཉིད་པར་ཁས་ལེན་དགོས་ཀྱི། དེ་ལྟ་མིན་ན་དོན་དམ་མིན་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཀུན་རྫོབ་ཀྱང་མིན་པས་བདེན་པ་གཉིས་ཀ་མ་ཡིན་པར་འགྱུར་རོ། །དེས་ན་འདི་ལྟར་ལེགས་པར་ཤན་ཕྱེད་ན་དགག་སྒྲུབ་ཀྱི་གྲུབ་མཐའི་འཆིང་བ་དབུ་མའི་དབྱིིངས་སུ་ཞི་བར་འགྱུར་རོ། །དེས་ན་ཕྱི་མ་འདི་ལ་ཟུག་འཇུག་འབྲས་བུའི་དབུ་མ་ཞེས་བྱ་སྟེ་མདོ་སྔགས་མཚམས་སྦྱོར་གྱི་ཚུལ་དུ་གསུངས་པས་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་རྟེན་འདི་ཉིད་ཡིན་པས་ཟབ་མོའི་དགོངས་པ་པྲ་ཡས་པར་མི་བྱའོ། །དེ་ལྟར་ལེགས་པར་བརྟགས་ན་སྔ་མ་མེད་དགག་གི་སྟོང་པ་ཉི་ཚེ་ཙམ་ལས། སྟོང་ཉིད་དང་སྤྲོས་བྲལ་སོགས་སུ་འདོགས་པའི་གཞི་མེད་ལ། ཕྱི་མ་ནི་ཟབ་གསལ་གཉིས་མེད་སྣང་སྟོང་ཟུང་འཇུག་སྟེ། སྟོང་ཉིད་ཆེན་པོ་དང་སྤྲོས་བྲལ་ཆེན་པོ་སོགས་སུ་གདགས་གཞི་བླ་ན་མེད་པ་ཡིན་པས་ཐ་སྙད་དོན་མཐུན་དུ་ཐོབ་པ་ཡིན་ནོ། །དེ་ལྟ་ན་ད་ལྟ་ནས་ཡོན་ཏན་ཅི་ལ་མི་སྣང་སྙམ་པ་དང་། ཁྱི་རྒན་རྒྱ་བོ་ལ་སངས་རྒྱས་ཀྱི་མཚན་དཔེ་ཡོད་མེད་སོགས་རྩོད་པ་ནི་ངེས་དོན་ལ་བློ་ཁ་མ་ཕྱོགས་པའི་གཏམ་སྟེ། གནས་ཚུལ་ནས་དེ་ལྟར་ཡིན་ཡང་སྣང་ཚུལ་ནས་གློ་བུར་གྱི་སྒྲིབ་པས་བསྒྲིབས་ནས་མ་མཐོང་བའི་ཕྱིར་ལམ་ལ་འབད་པ་ཡིན་ལ། ནམ་སྒྲིབ་པ་བྱང་བ་ན་མངོན་དུ་སྣང་སྟེ་དག་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་དབུ་མ་པ་བདེན་མེད་ཁ་བྱང་རྣམས་ནས་ཀྱང་ཆོས་ཐམས་ཅད་བདེན་མེད་དང་སྤྲོས་བྲལ་འབའ་ཞིག་ཏུ་ཁས་ལེན་པར་བྱེད་པ་ཡིན་ན། དེ་ཐམས་ཅད་ཀྱིས་རྟོགས་པར་སུས་ལེན་ནུས། དེ་ལྟ་ན་ཐམས་ཅད་དབུ་མ་པ་དང་འཕགས་པ་འབའ་ཞིག་ཏུ་ཐལ་ལོ། །དེས་ན་དོན་ལ་རྟོག་པར་བྱ་ཡི། ཚིག་ལ་འཆེལ་བས་ཅི་ཞིག་བྱ། དགེའོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །དད་ལྡན་ཕྲིན་ཁོ་ལ་གདམས་པ། དུས་རྒྱུན་དུ་འཆི་བ་མི་རྟག་པ་དྲན་པའི་ངང་དགེ་སྦྱོར་ལ་འབད་ཅི་ཐུབ་མཛོད། ཁྱད་པར་ལམ་གྱི་རྩ་བ་དཀོན་མཆོག་ལ་དད་པ། སེམས་ཅན་ལ་སྙིང་རྗེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་སྦྱོང་། དུས་རྒྱུན་དུ་བླ་མ་དང་སངས་རྒྱས་འོད་དཔག་མེད་གཉིས་སུ་མེད་པ་སྤྱི་བོར་བསྒོམ། ཡན་ལག་བདུན་པ་སོགས་ཚོགས་བསགས་དང་། རང་གཞན་ཕྱི་མ་བདེ་བ་ཅན་དུ་འདྲེན་པར་གསོལ་བ་ཐོབ། རང་སེམས་བླ་མའི་ཐུགས་ཀར་གཏོད་པའམ་བླ་མ་རང་སེམས་ལ་བསྟིམ་པ་གང་རུང་གི་རྗེས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པའི་སེམས་ཀྱིི་གཤིས་ལུགས་སུ། འདས་པའི་རྗེས་མ་བཅད། མ་འོངས་པའི་མདུན་མ་བསུ། ད་ལྟ་ལ་བློ་ཡི་བསླད་མ་གཞུག་པར། སྤྲོས་བྲལ་སེམས་ཀྱི་གཤིས་ལུགས་སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་ཡེ་ཤེས་བསམ་འདས་བརྗོད་བྲལ་གྱི་ངང་དུ་ཁ་ཡན་དུ་ཀློད། ཡག་དགའ་ཉེས་དོགས་སོགས་བཅོས་བསྒྱུར་གང་ཡང་མ་བྱེད། རྩལ་གྱི་རྟོག་པ་བཟང་ངན་གང་སྐྱེས་ཀྱང་རྣམ་རྟོག་ཁོ་རང་གི་རང་ངོར་ལྟོས་ལ། ཡེངས་མེད་ཀྱི་དྲན་པའི་བྱད་ཀྱིས་ངང་{དང}རང་ཡལ་རྗེས་མེད་དུ་དག་འགྲོ། དགག་སྒྲུབ་དང་རེ་དོགས་ཞེན་འཛིན་བྱེད་མི་ཉན། དེ་བཞིན་དུ་མིག་སྔར་གཟུགས་མཛེས་མི་མཛེས་སོགས་ཚོགས་དྲུག་གི་སྣང་བ་གང་ཤར་ཡང་འདྲ་སྟེ་ཤར་མཁན་ནམ། རིག་མཁན་དེ་ཀའི་ངང་དུ་ཀློད་ལ་ལྟོས། དེའི་རྩལ་ལས་དད་པ་མོས་གུས། བྱམས་སྙིང་རྗེ། བསྐྱེད་རིམ་དང་། ཁ་ཏོན། བཟླས་བརྗོད་སོགས་གང་བྱེད་ཀྱང་མ་གཡོས་པར་བྱ། རྗེས་དགེ་རྩ་གང་བྱེད་རང་གཞན་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོས་ལ་བདེ་སྨོན་སོགས་ལ་འབོད་མཛོད། ནམ་ཡང་བླ་མ་དང་མགོན་པོ་འོད་དཔག་མེད་རང་སེམས་གསུམ་དབྱེར་མེད་པའི་ངང་དེ་དྲན་པས་མ་བརྗེད་པར་མཛོད་དང་དེས་ཆོག སྐྱེ་འཆི་བར་དོའི་གནས་སྐབས་གང་ལ་ཡང་མི་བསླུ་བར་ཡིད་ཆེས་འོང་། དེ་ལས་བསླབ་བྱ་མང་པོའི་ཁ་ན་མེད། རྒན་པོའི་ཉམས་ལེན་དེ་ལ་མཛོད། འཕྲད་ཀྱང་དེ་ལས་སྨྲ་རྒྱུ་མེད་པས་སེམས་ལ་ཆོངས། འདི་ཕྱིར་དགེ་བའི་སྐྱབས་འཇུག་བགྱིད་འཇོག
༄༅། །ཀ་ཡེ་གསོན་དང་གུས་ལྡན་ཨ་མིང་ཅན། །ཁ་ད་ཚིག་གསུམ་བཤད་འདི་སྙིང་ལ་ཆོངས། །ག་རུ་མཆིས་ཀྱང་ཀུན་དང་མཐུན་པར་གྱིས། །ང་ཁྱོད་མ་རྩོད་བལྟ་རྟོག་ནང་དུ་ཐོངས། །ཅ་ཅོའི་ཁྲོ་ཚིག་མ་བཤད་གསོང་པོར་ཤོད། །ཆ་ལུགས་ཆོས་དང་བསྟུན་ན་འདི་ཕྱིར་དགེ། །ཇ་དངུལ་བསོག་བསྲུང་ཁ་ཐབས་མེད་ཀྱང་བཟོད། །ཉ་མའི་ཁ་མཐའ་མ་སྐོར་མདོ་ཅན་ཡིན། །ཏཱ་མིང་རྒྱལ་པོའི་དཔལ་ཡང་མི་རྟག་འགྱུར། །ཐ་དད་འདོད་པ་བསྒྲུབ་ཀྱང་འགྲུབ་དུས་ཅི། །ད་ལྟ་ཉིད་ནས་དགེ་ལ་འབད་བྱོས་དང་། །ན་འཆིས་གཏུགས་ཚེ་འགྱོད་མེད་བློ་བདེ་ཡིན། །པ་སངས་ལྟ་བུའི་བསམ་དཀར་རྒྱུན་དུ་འཆང་། །ཕ་མར་གྱུར་པའི་འགྲོ་ལ་གང་ཕན་བྱོས། །བ་ལང་ལྟ་བུའི་རྨོངས་པའི་རྗེས་མ་འཇུག །མ་ཎི་རྡོག་གཅིག་གཏན་གྱི་ནོར་དུ་བཟང་། །ཙ་གངས་དབེན་གནས་འགྲིམ་པའི་གཉེར་མེད་ཀྱང་། །ཚ་ཚོང་འགྲུལ་སྡོོད་གཡོ་སྒྱུ་མི་མཛད་པར། །ཛ་ཡའི་བསྟན་ལས་ཕྱིར་ལྡོག་མ་བྱས་ན། །ཝ་ཆུའི་རྒྱུན་བཞིན་འཚོ་ཆས་ཤུགས་ཀྱིས་འབྱུང་། །ཞྭ་གོས་འཕྱོར་ཆས་འཛོམས་ཀྱང་དོན་འབྲས་ཅི། །ཟ་མ་ལྟོ་ཕྱིད་ཙམ་ནི་སུས་ཀྱང་རྙེད། །འ་འུར་བྱ་བ་མང་པོས་དགོས་པ་མེད། །ཡ་རབས་དྲང་པོའི་ལམ་ལ་གནས་འདི་དགེ། །རྭ་ཅོ་ལྟ་བུའི་གཤིས་གྱོང་མི་ཁས་སྡང་། །ལྭ་བ་ལྟ་བུ་མཉེན་ལྕུག་དུལ་བར་མཛོད། །ཤ་ཆང་ནག་སྲེད་ལ་སོགས་བྱུར་གྱི་གཞི། །ས་གཞི་བཞིན་དུ་བློ་བརྟན་འགྱུར་མེད་གྱིས། །ཧ་ཅང་བྱ་བྱེད་མང་ན་རང་སྡུག་རྒྱུ། །ཨ་མཚར་ཀུ་རེ་མ་ཡིན་བདེན་གཏམ་ལགས། །ཨ་བཟང་ཡིད་ཀྱི་བུམ་པར་འཆང་བར་གྱིས། །ཨ་དོན་སྐྱེ་མེད་རྟོགས་པའི་བཀྲ་ཤིས་ཤོག
༄༅། །ཨ་ཧོ། གཤིས་ལུགས་སྤྲོས་པ་ཀུན་བྲལ་ཆོས་ཉིད་ཀྱི་ཀློང་དུ། །གང་ཤར་སྤང་བླང་བྲལ་བའི་རྣལ་འབྱོར་གྱི་རོལ་རྩེད། །འགྱུ་སྟོང་ཆུ་ཡི་རི་མོ་རྗེས་མེད་དུ་དེངས་ཚེ། །དགག་སྒྲུབ་སྤང་གཉེན་བྲལ་བའི་སྣང་ཚུལ་འདི་ཨ་ཧོ། །སྣང་བ་ཐབས་མཆོག་མ་འགགས་སྒྱུ་མ་ཡི་རོལ་རྩེད། །སྟོང་ཆེན་ཤེར་ཕྱིན་དགོངས་པའི་ཟབ་དབྱིངས་སུ་འཁྱིལ་བས། །ཟུང་འཇུག་སྤྲོས་པ་ཀུན་བྲལ་དབུ་མ་ཡི་རོལ་རྩེད། །བདེན་གཉིས་གནད་དུ་སོང་བའི་གྲུབ་འབྲས་འདི་ཨ་ཧོ། །དབྱིངས་རིག་ཟུང་དུ་འཇུག་པའི་བློ་བྲལ་གྱི་རྒྱལ་ཁབ། །གང་ཤར་ཡེ་ཤེས་རོལ་པའི་འདུ་འགོད་འདི་མཐོང་ཚེ། །ཡིད་དཔྱོད་གྲུབ་མཐར་ཞེན་པའི་འཆིང་ཐག་འདིས་ཅི་བྱེད། །བྱར་མེད་གཞི་ལ་རྫོགས་པའི་རྣལ་འབྱོར་རྣམས་སྐྱིད་དོ། །དགེའོ།
༄༅། །ལྷར་བཅས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ས་བླ་ན་མེད་པ་སྐྱབས་གནས་མཆོག་སྤྲུལ་རིན་པོ་ཆེ་གཙོས་མཛད། འདིར་བཞུགས་འདུས་པ་རྒྱ་མཚོའི་སྙན་སྒྲོན་དུ་ཞུ་བྱ་ལ། སྤྱིར་གདུལ་བྱ་ཞིང་གི་ཆགས་ཚུལ། འདུལ་བྱེད་སྟོན་པའི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་རྣམ་གཞག བསྟན་འཛིན་དགེ་འདུན་གྱི་བྱུང་བ་བརྗོད་པ་སོགས་སྤྱི་གཏམ་གྱིས་ཁོག་དབུབ། དོན་གཏམ་གྱིས་གཞུང་བསྲང་། མཛེས་གཏམ་གྱིས་ཟུར་བརྒྱན་ཏེ་ཞུས་ན་མང་དུ་ཞུ་རྒྱུ་ཡོད་ན་ཡང་། ཡར་བཞུགས་དམ་པ་རྣམས་ཀྱི་ཐུགས་ལ་མངའ་བཞིན་ལ། ངས་སྤྱན་རས་གཟིགས་ལ་མ་ཎིའི་ཕན་ཡོན་དང་། ཤཱཀྱ་ཐུབ་པ་ལ་ཆོས་ཀྱི་ལོ་རྒྱུས་ཞུ་མ་དགོས་པ་ལྟར་ལ། ༧སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཆེ་བའི་ཡོན་ཏན། གསུང་གྲགས་པའི་ཁྱབ་རྒྱ། ཐུགས་ཡེ་ཤེས་ཀྱི་མཁྱེན་རྒྱ། རང་དོན་ཆོས་སྐུ་བརྙེས་པའི་ཆེ་བ། གཞན་དོན་འཁོར་བ་དོང་སྤྲུགས་ཀྱི་མཛད་བཟང་། ལམ་བསླབ་པ་གསུམ་གྱི་ཉམས་བཞེས། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། བླུན་པོ་རང་རེ་ལྟ་བུ་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཞིག་མ་དགོས། ངག་གི་རང་བཞིན་གྲུབ་པ་ལི་ཙ་བཱིི་དྲི་མེད་གྲགས་པ་དང་། གནས་བརྟན་ཤཱ་རིའི་བུ་ལྟ་བུ་འཕགས་པའི་ས་ལ་བཞུགས་པ་རྣམས་ཀྱིས་ཀྱང་བསྒྲང་དཀའ་རྒྱུ་ཅན་དང་། འགབ་ཡོན་བདག་གི་ཐད་ནས། ཕ་ཁུ་བོའི་སྐྱེས་ཐང་། བུ་ཚ་བོའི་དར་རབས། གཏོང་མ་དགྲ་ནས་བླངས་ཚུལ། ཇ་ཆང་གཉེན་ལ་གཟད་ཚུལ། བློ་ཕུག་དཀོན་མཆོག་ལ་གཏད་ཚུལ་སོགས་མང་དུ་ཞུ་རྒྱུ་ཡོད་ཀྱང་། སྐབས་ཐུང་ཐུང་ལ་གཏམ་མང་པོ་སྐབས་དང་མ་འབྲེལ་རྒྱུ་དང་། བླ་མ་ཞེ་ཆེན་ཚང་དང་། ཡོན་བདག་འདི་ཚང་གཉིས། བསྐལ་པ་སྔར་ནས་ད་བར། བླ་མ་དང་སློབ་མ། བླ་མ་དང་ཡོན་བདག ཡར་ལ་རྒྱུ་རྫས་ས་གཞི་རེ་ཕུལ། མར་ལའང་དབང་ཆོས་ནམ་མཁའ་རེ་གནང་། དད་པ་གསེར་གྱི་རི་བོ་ལ་གཡོ་འགུལ་དང་། དམ་ཚིག་འོ་མའི་རྒྱ་མཚོ་ལ་སྐྱེ་འབྲི་མ་སོང་བ་ཐུགས་ལ་མངའ་བཞིན་ལ། ད་རེས་ཀྱི་སྐབས་སུ། སྐུ་ཕེབས་བཞུགས་ཀྱི་འོ་བརྒྱལ་དང་། གསུང་བཟླས་བརྗོད་ཀྱི་བཀའ་དྲིན་ཞུ་ཕོད་སྤྱད་དངོས་པོ་ཟང་ཟིང་གི་འབུལ་བ་རྒྱ་ཆེན་མེད་རུང་། ཡོན་མཆོད་རྙིང་པའི་བར་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་འོ་མི་བརྒྱལ་བའི་དཔེ་ལྟར་ཞུས། ཞུས་པ་བཞིན་དུ་ཁྱིམ་མགོ་འདི་ཉིད་དུ་ཕེབས་ཏེ། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་བཟུང་སྟེ། རིགས་ཀུན་གྱི་ཁྱབ་བདག དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་མཆོག་དང་རྣམ་དབྱེར་མེད་པའི་སྐུར་བཞེངས་ཏེ། གསང་གསུམ་རྡོ་རྗེ་གསུམ་ལས་མི་གཡོ་བའི་ངང་ནས་གསོན་གཤིན་མཐའ་དག་སྨིན་གྲོལ་གྱིས་ལམ་ལ་འགོད་པར་མཛད་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་དཀའ་ཞིང་། དེར་བསྟུན་སྐུ་དྲིན་གསོ་ཡོན་ཡོད་ན། རྟ་མཆོག་གསེར་སྲབ་ཀྱིིས་བརྒྱན། གླང་ཆེན་ལ་ནོར་བུ་བཀལ། གསེར་གྱི་མཎྜལ་ལ་རིན་པོ་ཆེ་སྣ་ལྔའི་ཚོམ་བུས་བཀོད་དེ་ཕུལ་ནའང་ཆ་ཙམ་གཞལ་དཀའ་ནའང་། ཆེ་དཀོོན་མཆོག་གི་རིན་ཐང་ལ་མ་ལྟོས་{གཏོས}པར། ཆུང་ཡོན་བདག་གི་འབྱོར་ཚོད་དང་བསྟུན་པའི་མདུན་ས་སྟོང་མིན་ཙམ་དུ་སོགས། དངོས་པོའི་འབྱོར་ཚོགས་པདྨའི་སྐུད་པ་ལྟར་ཕྲ་ནའང་། ཡིད་སྤྲུལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལྟར་སྤྲུལ་ཏེ་ཕུལ་ན། ཐུགས་དགོངས་མི་ཁྲེལ་བར་ཐུགས་བརྩེས་བཞེས་གྲུབ་པ་དང་། ལེགས་བྱས་དགེ་བའི་དངོས་པོ་དེ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར། སེམས་ཅན་གྱི་བདེ་སྐྱིད་འཕེལ། བྱེ་བྲག་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། སྦྱིིན་པའི་བདག་པོའི་འགལ་རྐྱེན་ཞི། ཆོས་མཐུན་གྱི་བསམ་པ་མཐའ་དག་ཡིད་བཞིན་དུ་འགྲུབ་པ་དང་། མཁའ་མཉམ་ཀྱི་སེམས་ཅན་རྫོགས་བྱང་ཐོབ་པའི་ལྗགས་བསྔོས་རྗེས་འཛིན་ཞུ་ལགས།
༄༅། །འོ་ལགས་སོ། །ཉིད་ཀྱི་གོང་ཞུས་ལྟར། གཞི་སྐྱེ་བོ་མི་ཆོས། རྒྱན་དམ་པ་ལྷ་ཆོས། བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་སོགས་ལུགས་གཉིས་དང་འབྲེལ་བའི་གཏམ་གྱི་སྦྱོར་བ་མང་དུ་ཡོད་ཀྱང་ད་རེས་སྐབས་ཐུང་ཐུང་ལ། གཏམ་མང་པོ་མི་དགོས་རྒྱུ་དང་། སྐྱབས་མཆོག་འཁོར་ལོའི་མགོན་པོའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཆེ་བའི་ཡོན་ཏན་ནི། གཟུངས་ཐོབ་པའི་འཕགས་པ་རྣམས་ཀྱི་བསྐལ་པའི་བར་དུ་བརྗོད་ཀྱང་མཐའ་རྫོགས་པར་མི་འགྱུར་རྒྱུན་དེ་ལྟར་དང་། འགབ་ཡོན་བདག་ཚང་གི་ཐད་ནས་ཚོ་མི་ཞྭ་དཀར་ཅན། དགྱེས་པ་དར་འཕྲུ་ཅན། དགྲ་དཔའ་རྩལ་གྱིས་བཏུལ། གཉེན་ཟས་ནོར་གྱིས་བསྐྱངས། བློ་རྩེ་བླ་མ་དཀོན་མཆོག་ལ་གཏད། ཕོ་མགོ་མས་བསོག་གྱེན། གྱེན་ལ་གསོག་ནས་ཆོས་ལ་གཟད་པའི་ལུགས་ཀྱི་ཡ་དཔེ་ཞྭ་དང་། ཞྭ་ཁ་དར་གྱི་དཔེ་དེ་ལྟར་དང་། ཁྱད་པར་བླ་མ་ཞེ་ཆེན་ཚང་དང་བསྐལ་པ་སྔར་ནས་ད་བར། བླ་མ་མི་འགྱུར་ཨོ་རྒྱན་པདྨ་དང་། ཡོན་བདག་མི་འགྱུར་ཁྲི་སྲོང་སྡེ་བཙན་གྱི་དཔེ་ལྟར། ས་ཐོག་བླ་མ་བརྒྱ་ཡོད་ཀྱང་། རྩ་བའི་བླ་མ་གཅིག་ཆོག་ལྟ་བུས། དུས་དང་གནས་སྐབས་ཀུན་ཏུ་རྒྱུ་འགྲོ་ས་རྒྱལ་པོའི་དཀོར་ཁང་དང་། གསེར་འགྲོ་ས་བླ་མའི་ལྷ་ཁང་། ནས་འབྲུ་འཕེན་ས་རང་ཞིང་ལྟ་བུའི་ལུགས་ཀས། གཤིན་པོའི་རྣམ་ཤེས་གཏམ། གསོན་པོའི་སྐྱབས་འཇུག་ཞུས་ཏེ་ཕྱག་ཕུལ་ནས་ཕྱི་བཅད་དང་། དབང་ཞུས་ནས་དད་ལོག་མ་ཤོར་ཏེ། ལྷ་ཤིང་ཙནྡ་གྱི་སྡོང་པོ་ལ་གས་ཆག་དང་། བདུད་རྩི་འོ་མའི་རྒྱ་མཚོ་ལ་སྐྱེ་འབྲི་མ་སོང་གཞན་གཅིག་དང་ཡང་མི་འདྲ་རྒྱུའི་ལུགས་ཀ་དེ་ལྟར་ལ། ད་རེས་ཀྱི་སྐབས་སུ་དཔོན་གཡོག་མ་ལུས་འཁོར་དང་བཅས་པ་ལ་འབུལ་གསོལ་དྲངས་འདྲེན་གང་ཐད་ནས་རྒྱ་ཆེ་སྤོམ་མཐོ་མཆོག་ཏུ་གྱུར་པ་རེད་ལགས།
༄༅། །དེ་ལ་འདིར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྟོན་པ་རྡོ་རྗེ་རྒྱལ་པོའི་དབུ་མཛད། གསང་ཆེན་དཀྱིལ་འཁོར་གཉན་པོ་གཅིག་ལ་བརྟེན་ནས། མར་མེ་གཅིག་གི་མདངས་ལ་བལྟ་བའི་དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་འདུས་པ་རྒྱ་མཚོའི་སྙན་ལམ་དུ་གསོལ་བ་ནི། གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་གཞི་ལས་གཞི་སྣང་ཤར་བའི་སྐད་ཅིག་དང་པོར་རིག་པ་ཡེ་ཤེས་ཉིད་གཟུང་འཛིན་གྱི་མཚན་མའི་སྦུབས་ལས་གྲོལ་ཏེ་ནང་གསལ་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་པ་སྐུ་ཡི་རྒྱལ་ཐེབས་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོར་བཞུགས་པ་ལས་ནམ་ཡང་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ནའང་། དེ་ཉིད་ཀྱི་རང་རྩལ་འགགས་པ་མེད་པར་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུས་ཞིང་ཁམས་མི་ཟད་བརྒྱན་འཁོར་ལྔའི་བཀོད་པ་འབྱམས་སུ་ཀླས་པ་ལས་དག་དང་མ་དག་པའི་གདུལ་བྱ་རྒྱ་མཚོ་མཐའ་ཡས་པ་འདུལ་བའི་སླད་དུ་གང་འདུལ་གྱི་སྤྲུལ་པའི་རོལ་པ་ཚད་མེད་པས་འཇིག་རྟེན་ཀུན་ཏུ་སྒྲོན་མེ་རྣམ་པར་བཀོད་པར་མཛད་པ་ལས། གདུལ་བྱའི་ཞིང་དང་། འདུལ་བྱེད་སྟོན་པ་དང་། བསྟན་བྱའི་ཆོས་དང་ཐེག་པའི་རྣམ་གྲངས་སོགས་འདི་ཙམ་ཞེས་ཚུར་མཐོང་གི་བློས་གཞལ་བྱའི་ཡུལ་ལས་འདས་ཏེ། མདོ་སྡེ་ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཅེས་གསུངས། དེ་ལ་མི་མཇེད་འཇིག་རྟེན་འདིའི་གདུལ་བྱའི་དབང་དུ་བྱས་ཏེ། སྔ་འགྱུར་རང་སྐད་ཐུན་མིན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་དང་། ཀྲི་ཡ་བྱ་བ། ཨུ་པ་ཡ་སྤྱོད་པ། ཡོ་ག་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་དང་། བསྐྱེད་པ་མ་ཧཱ། རྫོགས་པ་ཨ་ནུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། ནང་པ་ཐབས་ཀྱི་ཐེག་པ་གསུམ་སྟེ། ཐེག་པ་རིམ་པ་དགུར་མཆིས་པ་ལས། འདིར་ནང་པ་ཐབས་ཀྱི་རྒྱུད་བསྐྱེད་རྫོགས་གསུམ་ཀའི་སྙིང་པོའི་བཅུད་བསྡུས་པ། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ནང་ཚན། འདིར་སྒྲུབ་སྡེེའི་གཙོ་བོ་གསུང་པདྨའི་རིགས་ཀྱི་དཀྱིལ་འཁོར། དེ་ལའང་ཞི་བ་དང་ཁྲོ་བོ་གཉིས་སུ་བཞུགས་པ་ལས། འདིར་ཞི་བ་ཐུགས་རྗེ་ཆེན་པོ། དེ་ལའང་བཀའ་གཏེར་གྱི་བབས་སོ་གཉིས་ལས། འདིར་ཟབ་མོ་གཏེར་གྱི་ཆོས་ཏེ་བླ་རྫོགས་ཐུགས་གསུམ་ཞེས་སུ་གྲགས་པའི་ཡ་གྱལ། བརྗོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་རྣམས་ཀྱི་ཟབ་གཏེར་ལས་བྱོན་པའི་རིག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། ཀུན་གྱི་ཕྱི་མོའི་རྩ་བ་ལྟ་བུར་གྱུར་པ་ནི། སྤྲུལ་པའི་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ཉིད་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་པ་སྤྲུལ་སྐུ་མངའ་བདག་ཆེན་པོ་ལ་གཙོ་བོར་ཡི་དམ་དང་། མཁའ་འགྲོའི་བཀའ་བབ་ཅིང་། གུ་རུ་ཆོས་ཀྱི་དབང་ཕྱུག་ལ། བླ་མ་དང་ཐུགས་རྗེ་ཆེན་པོའི་བཀའ་བབ་པས་གཏེར་ཁ་གོང་འོག་གཉིས་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་ལས། འདིར་གཏེར་ཁ་འོག་མ་གཏེར་སྟོན་སྤྲུལ་པའི་སྐུ་མཆོག་ཆེན་པོ་དེ་ཉིད་ཀྱིས་ལྷོ་བྲག་གནམ་སྐས་ཅན་ནས་དམ་ཆོས་འདུས་པ་བསྐོར་དགུའི་ནང་ཚན་དུ་སྤྱན་འདྲེན་པར་མཛད་དེ། ཆོས་ཀྱི་བདག་པོོ། ཀཿཐོག་པ་མ་ཎི་རིན་ཆེན་སོགས་ལ་བ སྩལ་པ་ལས་བོད་ཆེན་པོའི་ཡུལ་ལྗོངས་ཀུན་ཡོང་སུ་ཁྱབ་པར་གྱུར་ཏོ། །སྐལ་ལྡན་གྱི་འགྲོ་བ་དཔག་ཏུ་མེད་པ་གྲོལ་བ་དྲུག་གི་ལམ་ནས་མཐར་ཐུག་གདོད་མའི་གྲོལ་སར་བགྲོད་པར་མཛད་པའི་འགྲོ་དོན་རྒྱ་ཆེ་ལ་རྒྱུན་ཆགས་པ་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་གསེར་ཆོས་ཆེན་པོ། འཕགས་པ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ཏེ། སྐྱེ་བདུན་རིལ་སྒྲུབ་དང་འབྲེལ་བར་བསྒྲུབ་བཞི་ཕུན་སུམ་ཚོགས་པ་ལྔས་ཁོག་ཕུབ། སྒྲུབ་ཆོས་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲངས། རྗེས་བསྒྲུབ་པ་ཆེན་པོའི་དངོས་གྲུབ་ལེན་པའི་ཆོ་ག་དང་འབྲེལ་བར། སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་བ་སོགས། སྦྱོར་དངོས་རྗེས་ཀྱི་ཡན་ལག་མཐའ་དག་གེགས་མེད་མཐའ་རྒྱས་སུ་གྲུབ་བའི་མཐའ་རྟེན་དུ་ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར་མར་མེ་སྨོན་ལམ་བགྱིད་པ་སྐབས་སུ་བབ་པ་སྟེ། ཡང་དག་གི་རྒྱུད་ལས། ཕྱི་ནང་སྣོད་བཅུད་ཡབ་ཡུམ་དག་པ་ལ། །འབྲས་བུ་རང་བྱུང་ཡེ་ཤེས་མེ་ཤར་བས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟག་མེད་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པ་ཉིད་རང་བཞིན་ལྷུན་གྲུབ་ཀྱིི་ཚུལ་དུ་ཡེ་ནས་འདུ་འབྲལ་སྤངས་པར་གནས་པ་ཡང་། རྒྱལ་བས་བཀའ་འཁོར་བར་པར་གནས་ལུགས་རྣམ་ཐར་གསུམ་ལྡན་གྱི་ཚུལ་དུ་ངོ་བོ་སྟོང་ཕྱོགས་ནས་བསྟན་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས་སོགས་ཀྱི་སྒོ་ནས་གསལ་བར་མཛད་པ་དང་། ངེས་དོན་མཐར་ཐུག་འཁོར་ལོ་ཐ་མར་བདེ་གཤེགས་སྙིང་པོའི་རང་བཞིན་སྐུ་དང་ཡེ་ཤེས་སོགས་སྣང་ཕྱོགས་ཀྱི་ཆ་ནས་རྒྱས་པར་བསྟན་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་དང་། ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་རྗེས་འབྲང་དང་བཅས་པ། འཕགས་པས་བསྟོད་ཚོགས་སོགས་ཀྱི་གཞུང་སོགས་ལས་ཀྱང་གསལ་བར་བཀྲལ་བ་བཞིན་འཁོར་ལོ་བར་ཐའི་དགོངས་པ་འགལ་མེད་སྣང་སྟོང་ཟུང་དུ་འཇུག་པའི་སྤྲོས་བྲལ་དབུ་མ་ཆེན་པོའམ་ཡང་དག་པའི་མཐའ་འམ་ཆོས་ཀྱི་དབྱིངས་སམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སོགས་དུ་མའི་མཚན་ཉིད་གྱི་གསལ་བར་མཛད་པ་མཐར་ཐུག་ངོ་བོ་ཉིད་སྐུའི་བྲལ་གཞིའི་ཐུན་མོང་མ་ཡིན་པ་ལ། སྔགས་སུ་ཨེ་ཝཾ་{བྃ}དང་། རྡོ་རྗེའི་བདག་དང་། སེམས་ཀྱི་རྡོ་རྗེ་དང་ཕྱག་རྒྱ་ཆེན་པོ་དང་། བདེ་བ་ཆེན་པོ་སོགས་དུ་མའི་སྒྲ་ཡི་སྟོན་པ་ཉིད་མཐར་ཕྱིན་རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི་རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་མཐར། འོད་གསལ་རྡོ་རྗེའི་རྩེ་མོར་མཐར་ཕྱིན་པ་ནི། སྔ་འགྱུར་རིན་འཛིན་བརྒྱུད་པའི་བཞེད་གཞུང་བླ་ན་མེད་པ་ཉིད་ཡིན་ལ། དེ་ལྟ་བུའི་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་གནས་པ་ཉིད་ལམ་རྒྱུད་སྨིན་བྱེད་དབང་། གྲོལ་བྱེད་བསྙེན་བསྒྲུབ་ཡན་ལག་བཞི་དང་རྗེས་སུ་འབྲེལ་བར། བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས། འབྲས་རྒྱུད་རིག་འཛིན་བཞིའི་གསང་ལམ་ལས། མཐར་འབྲས་སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་བདེ་བ་ཆེན་པོ་འོད་མི་འགྱུར་བ་ཉིད་མངོན་དུ་འགྱུར་བའི་ཚུལ་ལ་དགོངས་ཏེ་སྨོན་ལམ་འདི་ཡི་རྗེས་ཟློས་གནང་བར་ཞུ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སོགས་ནས། བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་ལུང་བསྒྲུབས་སྐབས་བི་ཛས་བྲིས་པ་དགེ། ༀ་སྭསྟི། གང་དག་དགེ་བའི་བློ་ཅན་ཐར་པ་དང་ལྡན་བདག་གིས་རྟེན་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ལ་ཕྱག་བསྐོར་གྱི་འབྲེལ་འཇོག་བགྱིད་པའི་སྐབས་སུ་བྱས་ལ་མ་བསགས་པའི་ལས་སུ་མི་འགྱུར་བའི་ཕྱིར་འདི་ལྟར་བསམ་པ་གལ་ཆེ་སྟེ། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་ཡི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པས། ཐོག་མར་དུས་འཁོར་བ་ཐོག་མ་མེད་པ་ནས་རང་གི་ཕ་མར་གྱུར་པའི་དྲིན་ཆེན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅད་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཕྱག་བསྐོར་མཆོད་པ་སོགས་ལ་འཇུག་པར་བགྱིའོ་སྙམ་དུ་དམ་བཅས་ནས། ས་གཞི་གསེར་གྱི་བྱེ་མ་བརྡལ་བའི་སྟེང་དུ་ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་བའི་དབུས་སུ་པདྨའི་སྡོང་པོ་ཆེན་པོའི་སྟེང་དུ་ཟླ་བའི་གདན་ལ། རྟེན་འདི་ཉིད་བླ་མ་དང་གཉིས་སུ་མེད་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདེ་གཤེགས་སོ་བདུན། སྨན་བླ་མཆེད་བརྒྱད། སྐལ་བཟང་སངས་རྒྱས་སྟོང་རྩ། བྱང་སེམས་ཉེ་བའི་སྲས་བརྒྱད། ཨོ་རྒྱན་ཆེན་པོ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པས་བསྐོར་བར་མངོན་སུམ་བཞིན་དུ་བཞུགས་པར་མོས་ཏེ། ཤེས་ན་སྤྱན་འདྲེན་དང་ཡན་ལག་བདུན་པ་སོགས་ཀྱི་ཚིག་བརྗོད། མ་ཤེས་ཀྱང་དད་མོས་རྩེ་གཅིིག་པ་དང་ལྡན་ན་སངས་རྒྱས་སྲས་བཅས་མངོན་སུམ་དུ་བཞུགས་ངེས་པ་ཡིན་ཏེ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས། དེ་ལྟར་ཡིད་ཆེས་བསྐྱེད་ནས། ལུས་གུས་པས་ཕྱག་བསྐོར་ད ང་། ངག་ཏུ་སྐྱབས་འགྲོ། ཁ་ཏོན། གཟུངས་སྔགས་སོགས་ཅི་ཤེས་ལ་རྟག་ཏུ་བརྩོན་ཅིང་། །སེམས་ཡིད་ཆེས་ཀྱི་དད་གུས་མོས་པ་རྩེ་གཅིག་པས་བསྐོར་བར་བྱ། ཁྱད་པར་དུ་ཕྱག་འཚལ་བའི་ཚེ། ༀ་ན་མོ་མུཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ན་མ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་ཕྱག་གྲངས་མེད་དུ་འགྱུར་ཞིང་མཐོང་ལམ་གྱི་ཡེ་ཤེས་ཚེ་དེ་ཉིད་ལ་སྐྱེ་བར་གསུངས། སྐོར་བ་བྱེད་པའི་ཚེ། ན་མོ་ད་ཤ་དིཀྟྲའི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་པཾ་བི་ཤྭོ་དྷ་ནི་སྭཱ་ཧཱ། ཞེས་པ་བཟླ་བཞིན་ཏུ་བསྐོར་བ་བྱ་སྟེ། བསྐོར་བ་གཅིག་བྱས་པས་དཔག་ཏུ་མེད་པ་བྱས་པར་འགྱུར་རོ། །མེ་ཏོག་ལ་སོགས་པའི་མཆོད་རྫས་ཅི་འབྱོར་གྱིས་གུས་པར་མཆོད་ཅིང་དེ་དག་གི་སྐབས་སུ་ཤེས་ན་མཆོད་པའི་སྤྲིན་གཟུངས་དང་མེ་ཏོག་འབུལ་བའི་སྔགས་སོགས་འདོན། མ་ཤེས་ཀྱང་དད་པ་རྩེ་གཅིག་པས་དཀོན་མཆོག་གསུམ་ལ་མཆོད་སྙམ་པས་གུས་པས་འབུལ། རྟེན་གྱི་རྡུལ་དང་གྲིབ་མ་འགོམ་དགོས་བྱུང་བའི་ཚེ། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ཡིད་ཀྱིས་མཁའ་ལ་བཏེགས་པར་བསམ་ནས་བསྐོར་བར་བྱ་བ་སོགས་ཇི་སྐད་གསུངས་པའི་སྤང་བླང་གི་གནས་ལ་དྲན་ཤེས་བཞིན་དང་ལྡན་བས་འབད་པར་བྱ་ཞིང་། མཐར་དེ་ལྟར་བསྐོར་བའི་དགེ་བའི་རྩ་བས་མཚོན་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྣམས་བདག་གཞན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་བླ་མ་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོ་བ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །དེ་ལྟར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་པ་རྩེ་གཅིག་པས། འཇམ་དཔལ་དཔའ་བོས་སོགས་སམ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་གང་ཤེས་བྱས་ན་དགེ་རྩ་བླ་མེད་བྱང་ཆུབ་ཀྱི་བར་དུ་འཕེལ་ཞིང་ཆུད་མི་ཟ་བས་དོན་ཆེན་པོ་དང་ལྡན་པར་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོ་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་ཡིན་ནོ། །དགེ།


previousདངོས་གཞིའི་སེར་ཕྲེང་མགོར།next