Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དཀར་ཆག་མདོར་བསྡུས་རབ་གསལ་ནོར་བུའི་མེ་ལོང་།
   


 
previousསྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དཀར་ཆག་མདོར་བསྡུས་རབ་གསལ་ནོར་བུའི་མེ་ལོང་།next

སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དཀར་ཆག་མདོར་བསྡུས་རབ་གསལ་ནོར་བུའི་མེ་ལོང་།

༄༅། །སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དཀར་ཆག་མདོར་བསྡུས་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། དོན་གཉིས་མཐར་ཕྱིན་རྣམ་འདྲེན་ཤཱཀྱའི་ཏོག །ཆགས་བྲལ་ངོ་བོ་ལུང་རྟོགས་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་རྨད་བྱུང་དགེ་འདུན་སྡེ། །དཀོན་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། ༡ །རབ་དཀར་ཚོགས་གཉིས་གདེངས་ཅན་རོལ་གནས་ལས། །ཉེར་ཐོན་ཕུལ་བྱུང་མཁྱེན་བརྩེའི་བསིལ་ཟེར་གྱིས། །ས་གསུམ་དགེ་ལེགས་ཀུ་མུཏ་བཞད་མཛད་པ། །མཚོ་སྐྱེས་རྡོ་རྗེ་ཆུ་ཤེལ་དབང་པོས་སྐྱོངས། ༢ །དྲི་མེད་ཐུགས་བསྐྱེད་སྐྱ་རེངས་ཁ་ལོ་ཡིས། །ཐུབ་བསྟན་སྣང་བའི་མུ་ཁྱུད་ཉེར་དྲངས་ནས། །གངས་ལྗོངས་རྒུད་པའི་སྨག་རུམ་སེལ་མཛད་པ། །ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་དེར་འདུད། ༣ །གྲུབ་གཉིས་རྟོགས་པའི་རྩལ་གསུམ་རབ་རྫོགས་ཤིང་། །ཐེག་མཆོག་ང་རོས་ས་གསུམ་ཆེར་གཡོ་བས། །ལྟ་དམན་ཝ་སྐྱེས་སྔངས་མཛད་གདོང་ལྔ་པ། །གཉགས་གནུབས་སོ་ཟུར་བརྒྱུད་པར་བཅས་ཀུན་རྒྱལ། ༤ །མཁྱེན་གཉིས་ཉི་ཟླ་གསར་པའི་གཟི་འོད་ཀྱིས། །འཁྲུལ་རྟོགས་དུས་ཀྱི་ཤེ་མུན་རབ་གསལ་ནས། །ངེས་གསང་བསྟན་པའི་པད་ཚལ་རྒྱས་མཛད་པ། །ཀུན་མཁྱེན་ཀློང་རོང་འཇིག་རྟེན་མིག་དེར་བསྔགས། ༥ །མཁྱེན་བརྩེ་ནུས་པའི་ཆུ་ཁུར་དཀྲིགས་པ་ལས། །རྩོད་འཆད་བརྩམས་པའི་ཟེགས་མ་ཆེར་སྤྲོས་པས། །སྔ་འགྱུར་བསྟན་མཆོག་རྒྱས་མཛད་སྨིན་གླིང་པ། །ཡབ་སྲས་བརྒྱུད་པར་བཅས་ཀུན་གཙུག་ན་འབར། ༦ །ཀ་དག་ཀུན་བཟང་དགོངས་པའི་ཀློང་ཡངས་པོར། །ལྷུན་གྲུབ་སྣང་བཞིའི་ལྟད་མོར་རབ་གཡེངས་པའི། །ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཁྱབ་བདག་བླ་མ་མཆོག་དེ་སྙིང་དབུས་རོལ། ༧ །བདེ་བ་ཆེན་པོ་ཀུན་བཟང་པདྨ་ཡི། །རིང་ལུགས་འོད་གསལ་རྡོ་རྗེ་སྙིང་པོའི་ལམ། །སྒོམ་སྒྲུབ་རྟོགས་པའི་བསྟན་པ་རྒྱས་པའི་གླིང་། །རིག་འཛིན་གྲུབ་པའི་དགའ་ཚལ་འདི་རྨད་བྱུང་། །དེ་ལ་འདིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱའི་བློ་དང་འཚམ་པར་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཞིག་བསྟན་པ་རྣམས་བསྡུ་ན། རྗོད་བྱེད་ལུང་གི་ཆོས་དང་། བརྗོད་བྱ་རྟོགས་པའི་ཆོས་གཉིས་སུ་འདུ། དེ་ཉིད་འཛིན་བྱེད་ཀྱི་སྐྱེས་བུའང་ཀློག་པ་ཐོས་བསམ་པ་དང་། སྤོང་བ་བསམ་གཏན་པ་གཉིས་ཏེ། མཛོད་ལས། རྒྱལ་བ་ཐུབ་པའི་བསྟན་པ་ནི། །ལུང་དང་རྟོགས་པའི་བདག་ཉིད་ཆེ། །དེ་འཛིན་བྱེད་པ་སྨྲ་བ་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་ཤིང་། དེ་ལས་ཀྱང་སྔ་མས་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་གོ་བ་ཙམ་གཏན་ལ་འབེབས་པ་ཡིན་ཞིང་ཕྱི་མས་ནི་དོན་ཡིན་ལུགས་ཀྱི་སྒྲོ་འདོགས་ནང་ནས་བཅད་དེ་སྲིད་རྩེའི་ས་བོན་མ་རིག་པ་དྲུང་ནས་ཕྱུང་སྟེ་སྐུ་དང་ཡེ་ཤེས་རང་ཆས་སུ་གནས་པ་ཉིད་མངོན་དུ་འགྱུར་བའི་ཕྱིར་འདི་ཉིད་གཙོ་ཆེ། ཁྱད་པར་དེང་སང་སྙིགས་མའི་ཚེ་ལ་ངེས་པ་མེད་པས་ཕྱི་ཐ་སྙད་ཚིག་གི་སྤྲོས་པ་བཅད་ནས་བླ་མའི་མན་ངག་ཚིག་གཅིག་ལ་བརྟེན་ནས་སྒྲུབ་ལ་སྙིང་པོར་དྲིལ་བ་གལ་ཆེ་སྟེ། ཇོ་བོ་རྗེས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གསུངས། རང་གི་ཉམས་སུ་མ་བླངས་ན་ཆོས་སྡེ་སྣོད་རྒྱུད་སྡེ་དང་བཅས་པ་བློ་ནས་འཆད་ཤེས་ཀྱང་མི་གྲོལ་ཏེ། ཕལ་པོ་ཆེ་ལས། དཔེར་ན་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡི་དགའ་བྱེད་ཀྱང་། །བདག་ཉིད་ཀྱི་ནི་མི་ཐོས་པ། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ཆུ་བོ་དང་ནི་རྒྱ་མཚོ་ལས། །གྲུ་དང་གཟིངས་བཅས་མཉན་པ་ཞིག །གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ན་འཆི་བ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །དཔེར་ན་བུ་རམ་མངར་བའི་རོ། །བརྗོད་པའི་རོ་ནི་མི་མྱོང་སྟེ། །མྱོང་བས་རོ་ནི་མྱོང་བ་ལྟར། །སྒོམ་པས་རོ་ནི་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་སྒོམ་པ་ཉིད་གལ་ཆེ་བ་ཡིན། དེ་ཡང་དབང་པོ་ཡང་རབ་སྒོམ་པ་ཀློང་དུ་གྱུར་པ་དག་ལ་གནས་དུས་ཀྱི་དབྱེ་བ་མེད་མོད། ལས་དང་པོ་པ་རྣམས་ནི་དབེན་གནས་མཚན་ཉིད་དང་ལྡན་པ་བསྟེན་པ་གལ་ཤིན་ཏུ་ཆེ་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཇི་སྲིད་སེམས་ལ་བརྟན་པ་མ་ཐོབ་པར། །ཕྱི་རོལ་ཡུལ་གྱིས་རབ་ཏུ་བསླུ་བས་ན། །དབེན་པའི་གནས་སུ་སྤྲོ་བས་གནས་པར་བྱ། །ཞེས་དང་། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་ལས། ལུང་སྟོང་དུར་ཁྲོད་རི་རྩེ་གངས་ཁྲོད་དམ། །ཤིན་ཏུ་དབེན་ཞིང་དྭངས་མཐོ་བསིལ་བའི་སར། །སྐལ་བཟང་སྐྱེས་བུའི་ཉམས་ལེན་བྱེད་པའི་གནས། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར། །ཞེས་སྐྱོན་ཡོན་དང་བཅས་གསལ་བར་བསྟན་པ་དང་། གཞན་ཡང་དབེན་པ་བསྟེན་པའི་ཕན་ཡོན་ནི་ཚད་མེད་དེ། སྔ་མ་ལས། དེ་འདྲའི་གནས་ནི་རྒྱལ་བ་རྣམས་ཀྱིས་བསྔགས། །སྲིད་པར་སྐྱོ་བས་དགོན་པར་རབ་ཕྱོགས་ཏེ། །གོམ་པ་བདུན་ཙམ་བོར་བའི་བསོད་ནམས་ནི། །གང་གི་བསྐལ་པ་གང་གའི་སངས་རྒྱས་ལ། །བསྐལ་པར་མཆོད་པའི་བསོད་ནམས་ཕུང་པོ་ཡིས། །སྔ་མའི་བསོད་ནམས་བརྒྱ་སྟོང་ཆར་མི་ཕོད། །དེ་ཕྱིར་ཞི་བའི་ནགས་འདབས་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། བསོད་ནམས་ཚད་མེད་པའི་འཇུག་ངོགས་ཕུན་ཚོགས་དབེན་པའི་གནས་སུ་བསྟན་པའི་སྡེ་གཅིག་ཏུ་འཕེལ་བ་དང་། ངེས་གསང་སྙིང་པོའི་བསྟན་མཆོག་ཆེས་ཆེར་རྒྱས་པ་སོགས་སྒོ་དུ་མ་ལ་དགོངས་ནས་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་བཤད་སྒྲུབ་ཀྱི་སྡེ་སོ་སོར་འདེབས་པར་མཛད་པ་ལས། ད་ལམ་འདིར་ནི་གནུབས་ནམ་མཁའི་སྙིང་པོའི་ཡེ་ཤེས་སྒྱུ་མའི་རོལ་གར། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ངེས་གསང་བསྟན་འགྲོའི་དཔུང་གཉེན་མཚུངས་པ་མེད་པ་རྗེ་བཙུན་བླ་མ་དམ་པ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་དྲི་མ་མེད་པས། ༧ དཔལ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཡེ་ཤེས་ཀྱི་སྐུའི་ཞབས་ཀྱིས་བཅགས་ཤིང་བདུད་རྩི་སྨན་གྱི་སྒྲུབ་པས་བྱིན་གྱིས་བརླབས་པའི་བཀྲ་ཤིས་ལ་ཟིལ་ཆེ་བ། མ་ཚོགས་ཌཱ་ཀི་རང་བཞིན་གྱིས་འདུའི་གནས་མཆོག་མདོ་ཁམས་སེང་བྲག་ནམ་མཁའ་རྫོང་ངམ་བདེ་ཆེན་མཁའ་འགྲོ་འབུམ་རྫོང་གི་མགུལ་སྒྲུབ་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པ་འདིར། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་ནས། ཆོས་ཐེག་པ་རིམ་དགུའི་ཡང་རྩེ། བཀའ་གསང་རྫོགས་པ་ཆེན་པོ་ཡང་ཟབ་མན་ངག་སྡེའི་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱུན་ཆགས་པར་བསྐྱངས་པའི་གྲུབ་འབྲས། ཆོས་ཟད་བློ་འདས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མཁས་གྲུབ་ཆེན་པོ་༧ཤེས་རབ་ཡར་འཕེལ་གྱི་གཙོས་གཉུག་མར་གནས་པའི་སྒོམ་ཆེན་ཕྱོགས་ལ་རྩེ་མོས་ལྷག་པ་ཐམས་ཅད་ཀྱང་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ལ་གནད་དུ་བསྣུན་པས་བར་དོའི་གྲོལ་ཚད་བརྙེས་པ་འབའ་ཞིག་ཏུ་སྣང་ཞིང་། གཞན་ཡང་ཕྱོགས་འདུས་ཀྱི་སྒྲུབ་པ་པོ་བགྲང་བར་དཀའ་བ་ཙམ་འདུས། དེ་རྗེས་གཡུ་སྒྲའི་རྣམ་འཕྲུལ་གནས་ལྔ་རིག་པའི་པཎྜི་ཏ་རང་བཞིན་རྫོགས་པ་ཆེན་པོ་རིག་པ་ཚད་ཕེབས་ཀྱི་ས་ལ་གཤེགས་པས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད་པའི་དབོན་སྤྲུལ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཞལ་སློབ་དང་བཅས་པས་བསྐྱངས་ཤིང་། གཞན་ཡང་། རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན། ལྡན་མ་གྲུབ་ཆེན་བློ་བཟང་ཐུབ་བསྟན་ཉི་མ། རོང་པོ་གྲུབ་ཆེན་ཀུན་བཟང་རྣམ་རོལ་མགོན་པོ། གླིང་རྗེ་དྲུང་པདྨ་གར་དབང་འགྲོ་འདུལ་རྩལ། ཀཿཐོག་དགེ་རྩེ་པཎ་ཆེན། ཀུན་བཟང་ངེས་དོན་དབང་པོ། ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཁམས་པ་རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེ། བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ། རྒྱལ་བའི་ལུང་བསྟན་བློ་གྲོས་མཐའ་ཡས། རྒྱལ་སྲས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེས་སོགས་འཛམ་གླིང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་ཡུན་རིང་བར་བཞུགས་ནས་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས་པས་མདོ་སྨད་སྒྲུབ་གནས་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འདི་ཉིད། ཕྱིས་སུ་དུས་ཀྱི་རྒུད་པ་སྟོབས་སུ་གྱུར་པའི་དབང་གིས་ཉམས་གུད་གྱུར་པའི་སྐབས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱི་མངོན་པར་མཐོ་ཞིང་། རིང་ལུགས་སྔ་འགྱུར་གྱི་བསྟན་པ་དབང་པོའི་དྭངས་མ་བཞིན་དུ་གཅེས་སྤྲས་སུ་བདག་གིར་མཛད་ནས། བཤད་སྒྲུབ་ལས་གསུམ་གྱི་རྣམ་ཐར་རྨད་དུ་བྱུང་བ། མཆོག་སྤྲུལ་དམ་པ་འགྱུར་མེད་པདྨ་ཆོས་རྒྱལ་དཔལ་བཟང་པོས་ཐུགས་བསྐྱེད་རྨ་མེད་པས་ཉམས་གསོས་མཛད་སྐབས། ༧ སྐྱབས་རྫེ་འཇམ་དབྱངས་མཁྱེན་བརྩེ། ས་སྐྱོང་མ་ཡུམ་ཆོས་དབྱིངས་བཟང་མོ། གླིང་ཚང་། ཧོར་ལ་དཀར་ཚང། རང་དགོན་བླ་བྲང་། རབ་འབྱམས་རིན་པོ་ཆེ། རྒྱལ་ཚབ། བླ་མ་ཨོ་རྒྱན་ཆོས་གྲགས་སྤུན། དགེ་བླ་ཆོས་ཉིད་རྒྱ་མཚོ། གླིང་རྗེ་བཙུན་འཇམ་དབྱངས་ཚུལ་ཁྲིམས་དབང་མོ་སོགས་ནས་མཐུན་རྐྱེན་དང་། ཉིད་ནས་ལྗོངས་རྒྱུ་གཉུག་གནས་ཀྱི་རྙེད་པ་ཕྱག་ཏུ་གང་འབྱོར་བཅས་སྒྲུབ་སྡེའི་བླ་བྲང་ཕྱི་ནང་གི་ཉམས་གསོ་སྔར་བས་ལྷག་པའི་སྤུས་ལེགས་གམ་གཙང་གསར་སྤྲོས་ཚོན་རྩི་ལོག་བྲིས་ཀྱི་བཀྲ་བ་སྒྲུབ་པའི་ཚེ་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་དཀར་ཕྱོགས་ལ་མངོན་པར་དགའ་བའི་ཡུལ་ལྷ་སྤྱི་དང་། ཁྱད་པར་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཙིའུ་དམར་པོ་དང་། ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་ཟུང་གིས་ཕྲིན་ལས་གཡེལ་མེད་དུ་སྒྲུབ་པས་གེགས་མེད་མཐར་རྒྱས་སུ་གྲུབ་པ་ལགས། དེ་ཡང་གཟིམ་ཆུང་ཨེ་ཝཾ་དགའ་འཁྱིལ་དུ་ཕུགས་སུ་རེའུ་མིག་གི་རྟེན་གྱི་གཙོ་བོ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལ་བུ་འཁོར་ཡུལ་སྐྱོང་ལམ་ཆེན་ཙེ་རས་དངོས་སུ་ཕུལ་བ་གྲགས་པའི་རྒྱལ་བ་ཀཿཐོག་པའི་ནང་རྟེན་ཐུབ་དབང་སྐུ་གཟི་བྱིན་མ། ཀཿཐོག་དྲུང་རིན་པོ་ཆེ་ནམ་མཁའ་རྒྱ་མཚོའི་ཐུགས་དམ་རྟེན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་ཁྱད་འཕགས། དེ་ཉིད་ཀྱི་ཐུགས་དམ་རྟེན་རིག་སྔགས་ཀྱི་ལྷ་མོ་ཕྱག་དྲུག་མའི་ལི་སྐུ་གར་བུ་ཁྱད་འཕགས། དུས་འཁོར་མཆོད་རྟེན་ལི་མ། ཀ་གདམས་མཆོད་རྟེན་ལྕགས་རྩེ་མ་གཉིས། རྡོ་རྗེ་འཆང་གི་ལི་སྐུ། ཐུབ་དབང་གི་སྐུ་རག་ཞབས་ཅན། འཇའ་ཚོན་གཏེར་བྱོན་དུ་གྲགས་པའི་ཨོ་རྒྱན་པདྨ་སཾ་བྷ་ཝ། གཞན་གསེར་ཟངས་ལས་གྲུབ་པའི་ཐུབ་ཆེན་བཀྲ་ཤིས་འོད་འབར། བདེ་གཤེགས་སོ་ལྔ། གནས་བརྟན་ཆེན་པོ་བཅུ་དྲུག བདེ་གཤེགས་མཆོད་རྟེན་ཆ་བརྒྱད་གཉིས། རྗེ་བཙུན་གྲགས་རྒྱལ་འདྲ་ཞལ་རྒྱ་བཟོ་སྤུས་ལེགས། ཡང་ཐུབ་སྐུ་ཁྲུ་ཚད་མ། སློབ་དཔོན་སྣང་སྲིད་ཟིལ་གནོན་གྱི་གསེར་སྐུ་ཁྲུ་ཚད་སོགས་རིམ་པར་བཞུགས། གཡས་ལོགས་རེའུ་མིག་གི་རྟེན་གྱི་གཙོ་བོ་རྒྱལ་སྲས་བསོད་ནམས་ལྡེ འུ་བཙན་ལ་རྒྱ་རོང་ཁྲོ་སྐྱབས་རྒྱལ་པོས་ཕུལ་བ་ཀཿཐོག་ནང་རྟེན་འཇམ་དབྱངས་གཡུ་ཐོད་མེ་ཐུབ་མ། སློབ་དཔོན་ཟ་ཧོར་མ་མདའ་ཚད། མངྒ་ས་ར་སོགས་བླ་མ་གོང་མ་རྣམས་ཀྱི་གསེར་གདུང་། ཀུན་མཁྱེན་ཀློང་ཆེན་པའི་སྐུ་བརྙན། སྒྲོལ་མ་ཉེར་གཅིག འཇམ་དབྱངས། སྤྱན་རས་གཟིགས་ལ་སོགས་པ་ད་ལྟར་བཞུགས་པ་དང་། འབྱུང་འགྱུར་དུའང་རིམ་པར་གོང་འཕེལ་དུ་སྤྲོ་བ་འགྱུར་བ་སོགས་སོ། །གུ་རུའི་ལྷ་ཁང་བདེ་ཆེན་འོད་སྣང་དུ་རྟེན་ཀྱི་གཙོ་བོ་གུ་རུའི་སྐུ་ཚབ་མཐོང་བ་ཀུན་གྲོལ། གསུང་གསེར་དངུལ་བཀྲ་མའི་པདྨ་བཀའ་ཐང་། ཐུགས་བྱང་ཆེན་མཆོད་རྟེན་བཅས་གཡས་དང་གཡོན་གྱི་རེའུ་མིག་ལ། རྟེན་གྱི་གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་གྲགས་པའི་བཙོ་བརྒྱ་རྫོང་གི་ནང་རྟེན་ནཱ་ལེནྡྲའི་ཐུབ་པ་རྡོར་གདན་མེ་ཐུབ་མ། བོ་དྷི་སཏྭ། ཆོས་རྒྱལ། གནས་བརྟན་ཆེན་པོ་བཅུ་དྲུག གུ་རུ་མཚན་བརྒྱད། བདེ་གཤེགས་མཆེད་བརྒྱད་སོགས་དང་། ལོགས་བྲིས་ལ་གཉགས་གནུབས་ཀྱི་གཙོས་པའི་རྗེ་འབངས་ཉེར་ལྔ། ཟུར་ཀློང་གི་གཙོས་པའི་ཀཿསྨིན་བླ་བརྒྱུད་བཅས་བཞུགས། ཆོས་ཁང་ཆེན་མོར། རྒྱལ་བའི་བཀའ་འགྱུར་རོ་ཅོག བསྟན་འགྱུར། རྙིང་རྒྱུད། སྙིང་ཐིག་ཡ་བཞི། མཛོད་བདུན། ཀློང་སྙིང་སོགས་སྤར་མ་པོད་དང་། བླ་མ་དགོངས་འདུས་གཙོས་གཏེར་རྙིང་སྐོར་རྩ་ཆེན་དང་རྩེ་ལེའི་བཀའ་འབུམ་སོགས་བྲིས་མ་པོད་ལྷག་བཅས་བཞུགས། མགོན་ཁང་བདུད་འདུལ་དབང་དྲག་རོལ་པའི་ཕོ་བྲང་དུ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་ཀྱི་སྐུ་རྟེན་བྲིས་འབུར་རྟེན་གཏོར་སོགས་དང་། ཁྱད་པར་གནོད་སྦྱིན་ཆེན་པོའི་སྐུ་རྟེན་ཁྱད་འཕགས། སྒོ་ངོས་སུ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེའི་ཞབས་རྗེས་ངོ་མཚར་ཅན་བཅས་བཞུགས། མཆན། དེ་རྣམས་ཀྱི་མདོ་ཁྱམས་འདུ་ཁང་རིག་འཛིན་གྲུབ་པའི་དགའ་ཚལ་སོགས་སུ། བཀའ་གཏེར་གསར་རྙིང་གི་རྩ་གསུམ་རབ་འབྱམས་དུ་མའི་ཞལ་ཐང་བཟང་ལ་མང་རབ། ཀ་མགོ་གུ་རུ་ཐུབ་དྲུག པོ་ལ་དུས་གསུམ་སངས་རྒྱས། བདེ་གཤེགས་སོ་ལྔ་མོས་པ་སྣང་མཛད་རིགས་ལྔ་ཡབ་ཡུམ་སོགས་མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་བཟང་པོས་ཕྱུ་བུར་གཏམས་པ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་དང་། གཞན་ཡང་གང་གིས་རྟིང་བསྐུལ་ཐུགས་གཉེར་གྱིས་སྒོམ་ཁང་དུ་མ་གསར་དུ་རྒྱབ་པའི་མཚོན་ཀུན་ཏུ་བཟང་པོའི་མཛད་ཕྲིན་འཕེལ་རྒྱས་ཀྱི་སྐབས་སུ་བཞུགས་པ་སྟེ་འདི་དག་ནི་བྱང་ཆུབ་སེམས་དཔའ་གཏོང་ལ་མངོན་པར་གོམས་པའི་སྙིང་སྟོབས་ཕུལ་དུ་བྱུང་བ་དག་གི་རྣམ་ཐར་སྒྲིབ་མེད་དུ་གསལ་བ་སྟེེ་ཀུན་གྱིས་བསྔགས་ཤིང་རྗེས་སུ་ཡི་རང་བའི་གནས་དམ་པའོ། །དེ་ལྟ་བུའི་ལེགས་བྱས་བསོད་ནམས་ཀྱི་ཕུང་པོ་དཔག་པར་དཀའ་བ་ཅན་ཉིད་དངོས་མཚན་དམིགས་པའི་དུག་གིས་བཏང་ནས་འཁོར་གསུམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་པོ་ཆེར་ཡོངས་སུ་བསྔོ་བས་རྒྱས་གདབ་པ་ལགས་སོ། །སླར་སྨྲས་པ། དལ་འབྱོར་གྲུ་རྙེད་གདམས་ཟབ་བ་དན་བརྩོན་འགྲུས་རླུང་གིས་རབ་བསྐུལ་ནས། །མ་རིག་གཟུང་འཛིན་ཆུ་སྲིན་གྱིས་དཀྲུགས་སྡུག་བསྔལ་གསུམ་གྱི་རྦ་རླབས་ཅན། །གཏིང་ཟབ་སྲིད་མཚོ་ལས་བརྒལ་རྒྱལ་བའི་འབྱོར་ཚོགས་དཔག་ཡས་ལྷུན་གྲུབ་པའི། །རྣམ་གྲོལ་རིན་ཆེན་གླིང་འདོད་གྲོགས་དག་ཞི་བར་གནས་འདིར་བརྟེན་པར་བྱོས། ༡ །སྨན་ཤིང་ནགས་ཚལ་འབྲས་བུའི་ཁུར་དུད་ཕུན་ཚོགས་སྤོས་ཀྱི་སྤྲིན་ལྡིང་ཞིང་། །བྱ་དང་རི་དྭགས་སྙན་པའི་སྒྲ་འབྱིན་བག་ཕེབས་དལ་གྱིས་རྒྱུ་བ་ཡི། དགྲ་མེད་མི་གཡོ་ཞི་བའི་ནགས་འདིར་རང་དབང་ཆོས་སྤྱོད་དགའ་བ་གང་། །མེ་ཏོག་ཆར་པ་ཆིལ་ཆིལ་འབབས་ལྡན་ལྷ་ཡི་གནས་ནའང་ཡོད་མ་ཡིན། ༢ །རབ་གསལ་ཉི་ཟླའི་སྣང་བས་ཉེར་སྦྱངས་ས་མོས་རྒྱས་པའི་སྐྱེད་ཚལ་ན། །རབ་སྙན་རྐང་དྲུག་དགའ་བས་གླུ་ལེན་དབང་གཞུ་གསར་པའི་ལྡིང་ཁང་ཅན། །རབ་མཛེས་དུས་བཞིའི་དཔལ་མོའི་ལང་ཚོས་མི་རྟག་སྟོང་དང་བདག་མེད་སོགས། །རབ་འབྱམས་ཆོས་ཚུལ་བརྡ་ཡི་ལེགས་འདོམ་སྲས་བཅས་རྒྱལ་བའི་རྣམ་འཕྲུལ་བཞིན། ༢ །དྭངས་པའི་མཁའ་ངོས་རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བས་བསྐོར་བ་བཞིན། །ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ཐུབ་དབང་སྲས་བཅས་བསྐོར་རྣམས་ཀྱང་། །ཞི་བའི་ནགས་ནས་བདུད་རྩི་བརྙེས་ཀྱི་གྲོང་དང་འདུ་འཛིའི་གནས་ནས་མིན། །དེ་ཕྱིར་དཔལ་ལྡན་རྒྱལ་བས་ལེགས་བསྔགས་དབེན་པའི་གནས་འདིར་གཤེགས་པར་རིགས། ༤ །མི་རྟག་གཡོ་བ་སྲིད་པའི་གྲོང་ན་འདོད་ཡོན་སྲིན་མོའི་བསླུ་བྲིད་མཁན། །མདའ་ལྔའི་མཚོན་གྱིས་དྲན་དབང་ལ་གཟས་ཐར་པའི་སྲོག་ལ་རྒོལ་བ་ཡི། །མི་བསྲུན་སྦྲུལ་གདུག་འཁྲི་ཤིང་ལྟ་བུའི་གནས་ངན་དེ་ལ་རྒྱབ་ཕྱོགས་ཏེ། །བག་ཡོད་ཆོག་ཤེས་བདུད་རྩིའི་འཚོ་བཞིན་སྙིང་པོའི་སྒྲུབ་ལ་གཞོལ་བར་མཛོད། ༥ །བསྔགས་འོས་ཡོན་ཏན་མ་ཚང་མེད་འབྱོར་ཕུན་ཚོགས་དབེན་པའི་དགའ་ཚལ་འདིར། །བརྟན་གཡོའི་དྭངས་བཅུད་བྱེད་པོའི་ཕྱག་རྒྱས་གཅིག་ཏུ་བསྡམས་ལ་ཅོ་འདྲི་བའི། །གཞལ་མེད་ཕོ་བྲང་ནོར་བུའི་བ་གམ་ཀུན་ནས་མཛེས་པའི་འོད་འབར་ཞིང་། །ངོ་མཚར་རྟེན་མཆོག་རྒྱ་མཚོས་ཡོངས་གཏམས་ས་ཆེན་འཇིག་རྟེན་རྒྱན་གྱུར་རྨད། ༦ །ངེས་འབྱུང་རྩ་བརྟན་དད་པས་ལྗོན་བཟང་སྙིང་རྗེའི་ཡལ་ག་རབ་རྒྱས་ཤིང་། །ཐོས་བསམ་སྒོམ་པའི་ལོ་མ་མེ་འབྲས་ཆེར་རྒྱས་ཆོས་ཀྱི་དབྱིངས་མཉམ་པ། །ཕན་བདེའི་གྲིབ་བསིལ་ཤིན་ཏུ་རྒྱ་ཆེ་མཐའ་ཀླས་སྐྱེ་དགུ་ངལ་གསོའི་སྨན། །སྔོན་མེད་ནགས་ཚལ་ཕྲེང་བ་འཁྲིགས་འདི་འོག་མིན་ལས་ཀྱང་བསྔགས་འོས་ཉིད། ༧ །རྣམ་དག་སོ་ཐར་ཁྲིམས་གཙང་གདན་ཁྲིར་བྱང་ཆུབ་སེམས་ཀྱི་བང་རིམ་བརྗིད། །དབང་བཞིའི་བུམ་བཟང་གྲོལ་ལམ་བསྐྱེད་རྫོགས་བྲེ་དང་ཆོས་འཁོར་དཔལ་འབར་ཞིང་། །འོད་གསལ་སྙིང་པོའི་ཏོག་གིས་ཡོངས་མཛེས་སྣང་བཞིའི་ཡེ་ཤེས་རྒྱན་ཆ་ཅན། །སྐྱེ་དགུའི་མཆོད་སྡོང་ཆེར་གྱུར་སྒྲུབ་པོར་དཀར་ཕྱོགས་ལྷ་ཡི་རྟག་ཏུ་བསྲུང་། ༨ །འདིར་ནི་ངེས་གསང་སྙིང་པོའི་སྒྲུབ་བརྒྱུད་མི་ནུབ་ཆེས་ཆེར་འཕེལ་བའི་ཕྱིར། །ལྷག་བསམ་སྟོན་ཟླའི་དཔལ་ལྟར་དཀར་བས་ཉམས་གསོས་ལེགས་པར་བགྱིས་པའི་དགེས། །འགྲོ་ཀུན་འོད་གསལ་སྙིང་པོའི་གྲུར་ཞུགས་སྒྲིབ་པའི་ཆུ་གཏེར་རབ་བརྒལ་ནས། །སྐུ་དང་ཡེ་ཤེས་འབྱོར་ཚོགས་མཐའ་ཡས་བྱང་ཆུབ་རིན་ཆེན་གླིང་ཕྱིན་ཤོག ༩ །འགྲོ་བསོད་དྭངས་པའི་མཁའ་ལ་ཕན་བདེའི་འོད་འཕྲོ་ཐུབ་བསྟན་ཉིན་མོར་བྱེད། །འཆར་ནུབ་དང་བྲལ་རྟག་ཏུ་རབ་གསལ་མཆོག་གསུམ་དཔུང་པ་འོད་བརྒྱའི་གཟིས། གཡོན་ཅན་བདུད་སྡེའི་སྨག་རུམ་དཔྱིས་ཕྱུང་བསྟན་འཛིན་འདབ་བརྒྱ་བཞད་པའི་ཚལ། །ལུང་རྟོགས་ཡོན་ཏན་སྦྲང་རྩིའི་རབ་ཕྱུག་སྐལ་བཟང་སྐང་དྲུག་དགའ་བྱེད་ཤོག ༡༠ །ངེས་འབྱུང་ཤིང་རྟས་ཉེར་དྲངས་སྒྲུབ་པའི་གནས་བརྟན་སྐལ་བཟང་མཆེད་གྲོགས་རྣམས། །མི་མཐུན་འགལ་རྐྱེན་གནོད་པའི་རྐྱེན་བྲལ་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཏེ། །འདུ་འཛིའི་གཡེང་བྲལ་འོད་གསལ་ཐེག་མཆོག་རྡོ་རྗེ་རྩེ་མོའི་གསང་ལམ་ལས། །ལྷུན་གྲུབ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་འཇའ་ལུས་རྡོ་རྗེའི་བཀྲ་ཤིས་ཤོག ༡༡ ། ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་གང་ཉིད་ནས་བཀའི་བསྐུལ་མ་གནང་བ་ལྟར། དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བཙུན་པ་༧ ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་ཤིང་རྟ་གྲོ་བཞིན་ཟླ་བའི་འཕེལ་ཕྱོགས་ཀྱི་དགའ་བ་གསུམ་པར་གནས་དེ་ཉིད་ཀྱི་བསམ་གཏན་གྱི་ཁང་བཟང་ཨེ་ཝཾ་དགའ་འཁྱིལ་དུ་བྲིས་པ་དགེ་ལེགས་འཕེལ།། །།


previousསྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དཀར་ཆག་མདོར་བསྡུས་རབ་གསལ་ནོར་བུའི་མེ་ལོང་།next