Nitartha Digital Library
Tibetan
 
no previousno next

(༡)རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པའི་རྣམ་ཐར་རྣམ་མཁྱེན་ཐར་ལམ་གསལ་བའི་མེ་ལོང་ཡེ་ཤེས་སྣང་བ་བཞུགས་སོ། །

(༢)མཁས་པས་མཁས་པའི་བགྱི་བའི་ཟེར་གྱིས་རྣམ་ཐར་ཨུཏྤལ་ནགས་ཚལ་དབྱེ།

(༣)གྲུབ་པས་གྲུབ་པའི་བརྟུལ་ཞུགས་ཕོ་ཉས་ཕན་བདེའི་མཛེས་མ་མགྲོན་དུ་འབོད།།

(༤)བསྔགས་འོས་བསྔགས་པའི་ཚུལ་ལས་མི་འདའ་ཁྱབ་བདག་བླ་མའི་ཞབས་པདྨོ།།

(༥)བློ་ལྡན་བློ་མིག་དག་པའི་སླད་དུ་སྙིང་དབུས་ཆུ་མཚོར་བསྟི་བར་བྱ།

(༦)ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། སྟོན་པ་སངས་རྒྱས་བདེན་གཉིས་དམ་པའི་ཆོས། །དགེ་འདུན་ཚོགས་ཀྱི་ཞིང་གྱུར་སྐྱབས་ཀྱི་མཆོག །བྱིན་རླབས་དངོས་གྲུབ་ཕྲིན་ལས་སྩོལ་བའི་མགོན། །རྩ་བརྒྱུད་བླ་མ་ལྷ་དང་ཌཱ་ཀི་ལ། །བདག་སོགས་སྙིང་ནས་གུས་པས་སྐྱབས་སུ་མཆི། །ཟག་མེད་བདེ་ཆེན་མཚན་དཔེ་རྣམ་བཀྲ་བས། །ཡིད་འོང་ལྟ་བས་མི་ངོམས་རྡོ་རྗེའི་སྐུ། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་རྫོགས། །རྗེ་བཙུན་རས་ཆུང་སྐུ་ལ་ཕྱག་འཚལ་ལོ། །ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲས། །མདོ་རྒྱུད་བསྟན་འཆོས་མན་ངག་ལ་སོགས་པ། །རྒྱལ་བའི་དགོངས་དོན་གང་ལ་གང་འདུལ་དུ། །རྡོ་རྗེའི་མགུར་གྱིས་གདུལ་བྱ་

(༧)ཚིམ་པར་མཛད། །རྗེ་བཙུན་རས་ཆུང་གསུང་ལ་ཕྱག་འཚལ་ལོ། །ཉེས་སོགས་སྒྲིབ་གཉིས་དྲི་མ་ཀུན་སྤངས་ཤིང་། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱས། །ས་ལམ་མཐར་ཕྱིན་མཆོག་བརྙེས་རྡོ་རྗེའི་ཐུགས། །རྗེ་བཙུན་རས་ཆུང་ཐུགས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་དང་ཉིད་དབྱེར་མེད། །སྐུ་གསུམ་ཡེ་ཤེས་གར་གྱི་རྣམ་རོལ་ཅན། །མི་ཟད་རྒྱན་གྱི་ཆོ་འཕྲུལ་བསམ་མི་ཁྱབ། །རྗེ་བཙུན་ཡོན་ཏན་མཆོག་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྨོན་ལམ་ཐུགས་རྗེའི་རྣམ་འཕྲུལ་གཟུགས་ཀྱི་སྐུ། །གང་འདུལ་དེར་སྣང་སྲིད་མཐར་འགྲོ་དོན་མཛད། །རྗེ་བཙུན་ཕྲིན་ལས་

(༨)དཔལ་འབར་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །དུས་གསུམ་བཅས་རང་སྡིག་པ་མ་ལུས་བཤགས། །ཁྱེད་ཀྱི་མཛད་སོགས་དགེ་ལ་ཡི་རང་ངོ། །འགྲོ་བའི་དོན་དུ་ཆོས་འཁོར་བསྐོར་བར་བསྐུལ། །སྲིད་མཐར་མྱ་ངན་མི་འདའ་བཞུགས་སུ་གསོལ། །བདག་གཞན་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །ཁྱེད་ཀྱི་མཛད་མཆོག་ངོ་མཚར་རྣམ་ཐར་རྣམས། །འགྲོ་ལ་ཕན་ཕྱིར་ཅུང་ཟད་འདིར་བཀོད་ན། །བརྩེ་བས་རྗེས་གནང་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་ནམ་མཁའ་མཉམ་པར་ཐུགས་རྗེས་བཟུང་། །ལྷར་བཅས་འགྲོ་བ་ཡོངས་ཀྱི་དཔལ་མགོན་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རས་ཆུང་རྡོ་རྗེ་གྲགས་པ་ཞེས། མཚན་ཉི་ཟླ་ལྟར་ཀུན་ཏུ་གྲགས་པ་དེ་ཉིད་ཀྱི་རྣམ་བར་ཐར་པ་མི་ཟད་རྒྱན་གྱི་འཁོར་ལོའི་ནང་ནས། རགས་པ་ཆེ་ལོང་ཙམ་བསྟན་ཞིང་བརྗོད་པ་རྣམ་མཁྱེན་ཐར་ལམ་གསལ་བར་སྟོན་པའི་མེ་ལོང་ཡེ་ཤེས་སྣང་བ་ཞེས་བྱ་བ་འདི་ལ་དོན་རྣམ་པ་གསུམ་སྟེ། །སྔོན་བྱུང་འདས་པའི་མཛད་པ་མདོ་ཙམ་བརྗོད་པ་དང་། ད་ལྟར་སྐུ་སྐྱེ་བ་འདིའི་མཛད་པ་རྣམ་ཐར་རྒྱས་པར་ཕྱེ་སྟེ་བསྟན་པ་དང་། མ་འོངས་པའི་མཛད་པའི་ལུང་བྱང་ཅུང་ཟད་བརྗོད་པའོ།། ༈ །།དང་པོ་

(༩)སྔོན་བྱུང་འདས་པའི་མཛད་པ་མདོ་ཙམ་བརྗོད་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་དང་པོའི་སངས་རྒྱས་ཀུན་བཟང་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ལས་སྤྲུལ་ཚུལ་མཐའ་ཡས་པ་དང་། ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བར་སངས་རྒྱས་གར་གྱི་དབང་ཕྱུག་ཅེས་བྱ་བར་གྱུར་ནས་འགྲོ་བའི་དོན་མཛད། གཞི་སྙིང་པོ་མེ་ཏོག་གིས་བརྒྱན་པ་ན་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་པདྨོ་ལས་སྤྲུལ་པའི་ཟེའུ་འབྲུ་ཉི་ཤུ་རྩ་ལྔ་ཡོད་པའི་ཐོག་མའི་གླིང་འཇིག་རྟེན་ཀློང་ཡངས་འོད་ཀྱི་དཀྲིགས་པ་ཞེས་བྱ་བར་སངས་རྒྱས་སྤྲིན་གྱི་སྙིང་པོ་ཞེས་བྱ་བར་གྱུར་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང་ཞིང་ཁམས་རྣམ་པར་བཀོད་པ་ཞེས་བྱ་བར་ཡབ་ལེགས་སྦྱིན་ཡུམ་མཆོག་སྦྱིན་མ་གྲོང་ཁྱེར་རྔ་ཡབ་ཏུ་ནོར་བུའི་ཕྲེང་བ་ཞེས་བྱ་བར་སྐུ་འཁྲུངས་ཏེ། སངས་རྒྱས་འཁོར་ལོ་ལེགས་སྤྱོད་ལ་ཆོས་ཉན། དེ་ནས་འཕོས་ནས་བདེ་བ་མྱོས་ཞེས་བྱ་བའི་གླིང་དུ་གྲོང་ཁྱེར་ནམ་མཁའ་འཛིན་དུ་གྲགས་པར་ཕ་གློག་གི་འོད་ཡུམ་རྣམ་པར་མཛེས་ཞེས་པའི། །སྲས་ལེགས་སྦྱིན་ཞེས་བྱ་བར་འཁྲུངས་ཏེ། སངས་རྒྱས་དགེ་བའི་བློ་གྲོས་ལས་ཆོས་ཉན།

(༡༠)སླར་ནོར་བུའི་ཕུང་པོའི་རྩེར་མངོན་པར་བྱང་ཆུབ། ཡང་གདུལ་བྱའི་དོན་དུ་སྟོན་པ་ཁྱེའུ་སྣང་བ་དམ་པའི་དྲུང་དུ། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་ཅེས་བྱ་བར་འཁྲུངས་ཏེ་བཀའི་བསྡུ་བ་མཛད། གནས་འཇིག་རྟེན་མི་མཇེད་པར་སྟོན་པ་འོད་མི་འཁྲུགས་པའི་དྲུང་དུ། ཁྱེའུ་མཁའ་འགྲོ་འདུལ་བྱེད་ཅེས་བྱ་བར་འཁྲུངས་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྒྱུད་ལྔའི་བསྡུ་བ་མཛད། གནས་དྲོད་བཤེར་འདུས་པ་འོད་ཀྱི་ཕུང་པོར་སྟོན་པ་འཇམ་དཔལ་འཇིགས་བསྐྱབས་ཀྱི་དྲུང་དུ། བྱང་ཆུབ་སེམས་དཔའ་སྤྱོད་པའི་རྒྱལ་པོ་ཞེས་བྱ་བར་སྤྲུལ་ནས། རྨ་བྱ་འཇིག་བསྣོལ་དཔལ་འབྱུང་བཞི་ཟད་པ་བཀའི་བསྡུ་བ་མཛད། གནས་གསང་ཆེན་རོལ་པའི་དུར་ཁྲོད་དུ་སྟོན་པ་གཞོན་ནུ་སྟོབས་ལྡན་གྱི་དྲུང་དུ། བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བར་སྤྲུལ་ནས། ཕ་རྒྱུད་མ་རྒྱུད་རྣམས་ཀྱི་བཀའི་བསྡུ་བ་མཛད། གནས་རྡོ་རྗེ་གདན་བྱང་ཆུབ་འབྱུང་བར་སྟོན་པ་སྔོན་རྫོགས་རྒྱལ་པོའི་དྲུང་དུ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེར་སྤྲུལ་ནས་ཆོས་ངེས་དོན་འབའ་ཞིག་གི་བཀའི་བསྡུ་བ་མཛད། གནས་སྟུག་བོ་བཀོད་པར་སྟོན་པ་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་སྤྲུལ་ནས་རྒྱུད་སྡེ་མཐའ་དག་གིས་བཀའི་བསྡུ་བ་མཛད། གནས་སུམ་ཅུ་རྩ་གསུམ་

(༡༡)དུ་རྡོ་རྗེ་སེམས་དཔར་སྤྲུལ་ནས། བཀའ་རྫོགས་པ་ཆེན་པོའི་བསྡུ་བ་མཛད། གཞན་ཡང་སངས་རྒྱས་སྟོང་གི་ཐུགས་བསྐྱེད་པའི་དུས་ཆོས་ཀྱི་སེམས་དཔར་གྱུར་པ་དང་། སྟོན་པ་ཐུབ་དཀའ་གཞོན་ནུའི་དྲུང་དུ་ཁྱེའུ་དན་འཕག་ཞེས་བྱ་བར་གྱུར་ཏེ་མངོན་པར་བྱང་ཆུབ་པའི་ཚུལ་སོགས་བརྗོད་ཀྱིས་མི་ལང་ངོ། ༈། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལའང་། ཉེ་གནས་ཀུན་དགའ་བོར་གྱུར་ཏེ་མདོ་སྡེའི་བཀའི་བསྡུ་བ་པོ་དང་ཐུབ་པའི་རྒྱལ་ཚབ་བསྟན་པའི་བདག་པོ་མཛད་དེ་ཤྭ་ནའི་གོས་ཅན་དང་། དགྲ་བཅོམ་པ་ཉི་མ་གུང་པ། བྱང་སེམས་སྦུན་ཌི་རྣམས་ལ་བསྟན་པ་གཏད་དེ་དགོངས་པ་རྫོགས་པར་མཛད་པ་དང་། ཨོ་རྒྱན་དུ་རྒྱལ་པོ་ཨིནྜ་བོ་དྷིར་སྤྲུལ་ནས་དཔལ་གསང་བ་འདུས་པ་གསོལ་བ་བཏབ་པ་དང་། བྱང་ཕྱོགས་ཤམ་བྷ་ལར་ཆོས་རྒྱལ་ཟླ་བ་བཟང་པོར་སྤྲུལ་ནས། དཔལ་ལྡན་འབྲས་དཔུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོ་གསོལ་བ་བཏབ་ཅིང་བཀའི་བསྡུ་བ་པོ་མཛད་པ་དང་། སློབ་དཔོན་ལས་ཀྱི་རྡོ་རྗེར་སྤྲུལ་ཏེ་གསང་བའི་བདག་པོ་ཉིད་ཀྱི་བསྟན་པ་སྤེལ་ཚུལ་སོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་མཐའ་ཡས་པའོས།། ༈ །།གངས་ཅན་འདིར་ཡང་ཐུགས་རྗེ་ཆེན་པོའི་འཕྲིན་ལས་སྒྲུབ་ཕྱིར་འཕྲུལ་བློན་འགར་དང་།

(༡༢)མདོ་སྔགས་བསྟན་པ་རྒྱས་ཕྱིར་པཎ་ཆེན་ལོཙྪ་བཻ་རོ་ཙ་ན་དང་། སྡིག་རྒྱལ་བདུད་ཚོགས་འདུལ་ཕྱིར་ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་མང་དུ་བྱོན་ནོ། ༈ །གཉིས་པ་ནི་ད་ལྟར་སྐུ་སྐྱེ་བ་འདི་ཡི་མཛད་པ་རྣམ་ཐར་རྒྱས་པར་ཕྱེ་སྟེ་བསྟན་པ་ལ་དོན་རྣམ་པ་གསུམ་སྟེ། དང་པོར་བསམ་བཞིན་སྲིད་པར་སྐུ་འཁྲུངས་ཤིང་ཆོས་ཕྱིར་དགའ་བ་སྤྱད་ཚུལ། །བར་དུ་ཐོས་བསམ་སྒོམ་གསུམ་མཛད་ཅིང་ཉམས་རྟོགས་མཐར་ཕྱིན་པའི་ཚུལ། མཐར་ས་ལམ་རིམ་གྱིས་བགྲོད་དེ་གདུལ་བྱ་སྨིན་གྲོལ་ལ་བཀོད་པ་སོགས་སྐུ་གསུམ་མངོན་དུ་གྱུར་ཚུལ་ཏེ། སྐུ་ལུས་མ་སྤངས་པར་སྐལ་ལྡན་སོ་སོའི་དག་པའི་སྣང་བ་ལ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས། བླ་མ་མཁའ་འགྲོས་མཆོད་སྤྲིན་དུ་མས་བསུས་ཏེ་དག་པ་མཁའ་སྤྱོད་དུ་གཤེགས་པའི་ཚུལ་ལོ། ༈ །དང་པོ་སྐུ་འཁྲུངས་ཤིང་ཆོས་ཕྱིར་དཀའ་བ་སྤྱད་ཚུལ་ལ་སྐོར་ཚེ་གསུམ་གྱི་དང་པོ་ནི། ༈ །ཨེ་མ་ཧོ། ཁྱེད་ཐུགས་ཆོས་དབྱིངས་མཁའ་ལས་མི་གཡོ་བར། །ཁྱེད་སྐུ་སྣ་ཚོགས་ཆོས་ཀྱི་སྤྲིན་ཆེན་འཁྲིགས། །ཁྱེད་གསུང་བདུད་རྩིའི་ཆར་རྒྱུན་འགྲོ་གླིང་དུ། །ཁྱེད་ཉིད་འགྲོ་བའི་བད་ཚལ་རྒྱས་པར་མཛད། །ཐོག་མ་མེད་ནས་བསགས་སྦྱང་མཐར་ཕྱིན་ཀྱང་། །བདག་སོགས་གདུལ་བྱའི་ལམ་སྣ་

(༡༣)འདྲེན་པའི་ཕྱིར། །མཛད་པ་བསམ་མི་ཁྱབ་པའི་ཚུལ་སྟོན་པའི། །ཁྱབ་བདག་བླ་མ་ཁྱོད་ཉིད་རྒྱལ་གྱུར་ཅིག །ཉི་མ་བྱེ་བའི་འོད་ཟེར་དང་ལྡན་རས་པ་སྐུའི་ལྷུན་པོ་མཚན་དཔེའི་དཔལ་འབར་བླ་གོས་འཚམས་སྤྲིན་སྐེ་རགས་འཛིན་ཞིང་བློ་ལྡན་གསེར་རིའི་དབུས་ན་ལྷམ་མེར་གསལ། །ཚེམས་དཀར་ཆུ་འཛིན་ཕྲེང་བའི་དབུས་ན་རོ་འཛིན་ཀློག་གི་རོལ་རྩེད་དང་འགྲོགས་རྡོ་རྗེའི་གསུང་གིས་སྤྲིན་དབྱངས་མངོན་པར་སྒྲོགས་པས་སྐལ་བཟང་རྨ་བྱ་གཞོན་ནུའི་ཚོགས་རྣམས་གར་བྱེད་ཅིང་། །སྒྲིབ་གཉིས་སྤྲིན་བྲལ་ཁྱོད་ཐུགས་མཁའ་ལ་རྒྱལ་བའི་གསུང་རབ་གཟའ་སྐར་ཕྲེང་མཛེས་ཐུབ་བསྟན་ཀུ་མུད་མངོན་པར་འཕེལ་བྱེད་གྲགས་པའི་རི་བོང་མཚན་མས་རབ་ཏུ་མཛེས་པར་བྱེད་པའི་མགོན། །ཚངས་དང་དབང་སོགས་གྲགས་ལྡན་དག་དང་མཁས་མང་ཡོངས་ཀྱི་གཙུག་རྒྱན་དག་ལ་ཞབས་མཐིལ་འགོད་མཛད་བླ་མ་དེ་ཡི་སྐུ་ལ་ཐལ་མོ་སྦྱར་ཏེ་ཀུན་ནས་དང་བས་ཕྱག་བགྱིའོ། ༈ །དུས་གསུམ་གྱི་སངས་རྒྱས་སྲིད་པ་གསུམ་གྱི་འདྲེན་མཆོག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མདོ་རྒྱུད་ཀུན་གྱི་མངའ་བདག །སྒྲུབ་ཐབས་དང་གདམས་ངག་རྣམས་ཀྱི་རྒྱ་མཚོ་སྐད་གཉིས་བསྒྱུར་བའི་ལོཙྪ་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་སྲས་ལག་ལེན་གྱི་ཆོས་ཀུན་

(༡༤)ཁོང་དུ་ཆུད་པ་བཤད་བརྒྱུད་ཀྱི་བཀའ་བབས་འཛིན་པ། བརྡ་བརྒྱུད་ཀྱི་དེད་དཔོན་ཆེན་པོ། སྙན་བརྒྱུད་ཀུན་གྱི་སྲོག་འཛིན་དམ་པ། དོན་བརྒྱུད་རྟོགས་པའི་དབང་ཕྱུག །ཕྲིན་ལས་དགོས་འདོད་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་པ། རྒྱ་བོད་གཉིས་ན་འགྲན་ཟླ་བྲལ་བ། ༈ །རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་ཆེན་བཞད་པ་རྡོ་རྗེའི་སྲས་ཀྱི་ཐུ་བོ། རྗེ་བཙུན་ཆེན་པོ་རས་ཆུང་རྡོ་རྗེ་གྲགས་པ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་སྐུ་བསྟམས་པའི་སྐོར་ཚོ་ལ་ཚུལ་བཞི་སྟེ། དུས་དང་ཡུལ་དང་རིགས་རུས་ཆོ་འབྲང་ལ་གཟིགས་པའི་ཚུལ་དང་། ཡུམ་གྱི་ལྷུམས་སུ་ཞུགས་ཤིང་རྫུ་འཕྲུལ་གྱི་བཀོད་པ་བསྟན་པའི་ཚུལ་དང་། བལྟམས་ཤིང་ཡིད་དུ་འོང་བའི་སྤྱོད་པས་གཞན་སྣང་ཁྲིད་ཅིང་སྒྱུར་བའི་ཚུལ་དང་། དཀའ་བ་སྤྱད་ཅིང་སྡུག་བསྔལ་གྱི་བདེན་པ་མངོན་དུ་གཟིགས་པས་ངེས་འབྱུང་གི་བླ་མའི་དྲུང་དུ་བསྟན་པ་མཆོག་ལ་ཞུགས་པའི་ཚུལ་ལོ། །དང་པོ་དུས་དང་ཡུལ་དང་རིགས་རུས་ཆོ་འབྲང་ལ་གཟིགས་པའི་ཚུལ་ནི། ཐོག་མ་མེད་པའི་སྔོན་རོལ་ནས་སྐུ་གསུམ་དུ་སངས་རྒྱས་ཀྱང་། བོད་མུན་པའི་གླིང་དང་འདྲ་བར་དུས་སྙིགས་མ་ལྔ་བདོར་འགྲོ་བ་འདུལ་བར་དགོངས་ནས། ཡུལ་ལ་གཟིགས་ཚུལ་ནི། ཐུབ་པ་གངས་ཆེན་མཚོའི་ལྷུང་བཟེད་

(༡༥)སྟེང་གི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཉེར་ལྔའི་དབུས་མ་བཅུ་གསུམ་པ། བར་པ་མི་མཇེད་ཀྱི་འཇིག་རྟེན་ཐུབ་དབང་ཤཱཀྱ་ཐུབ་པའི་ཞིང་ཁམས་ཀྱི་ནང་ཚན། ས་དུམ་བུ་བཅུ་གཉིས་ལས་ལྷོ་ཕྱོགས་འཛམ་བུའི་གླིང་དེ་ལ་ཡུལ་ཁམས་ཀྱི་བྱེ་བྲག་ཤིན་ཏུ་མང་བ་ལས་བྱང་ཕྱོགས་ཁ་བ་ཅན་ཟལ་མོའི་སྒང་རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། ༈ །རྗེ་བཙུན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་འཕགས་མ་སྒྲོལ་མས་སྐྱོང་བའི་ཞིང་ཁམས་བོད་ཡུལ་མངའ་རིས་ཀྱི་ཆ་ས་འབུར་དུ་དོད་པ་མངའ་རིས་གུང་ཐང་གི་ལུང་ཕྲན་ཡུལ་ར་ལ། གྲོང་པད་དཀར་ཕྲང་རེ་ཞེས་བྱ་བ་ཡིན་ལ། ༈ །རིགས་རུས་ཆོ་འབྲང་ལ་གཟིགས་ཚུལ་ནི། རིགས་དམངས་རིགས་ལས་མཆོག་ཏུ་གྱུར་པ་སྔགས་སྐྱེས་ཆོས་ལྡན་ཀྱི་རིགས། རུས་ནི་གཉན་མེ་ཕོ་ལྷ་རྗེ་ཞེས་བྱ་བ་བསྐྱེད་རྫོགས་ཀྱི་ཡོན་ཏན་དུ་མ་དང་དང་ལྡན་པ་དེའི་སྲས་དར་མ་གྲགས་ཞེས་བྱ་བ་ཡབ་དང་། ཆོ་འབྲང་ནི་ཡུམ་རྡོ་རྗེ་མཁའ་འགྲོའི་མཚན་དང་ལྡན་པ་ར་མོ་གཙུག་ཏོར་སྒྲོན་ཞེས་བྱ་བ་ཡིན་ལ། ༈ །གཉིས་པ་ཡུམ་གྱི་ལྷུམས་སུ་ཞུགས་ཤིང་རྫུ་འཕྲུལ་གྱི་བཀོད་པ་བསྟན་པའི་ཚུལ་ནི། མིག་དམར་ཞེས་བྱ་བ་ཤིང་ཕོ་བྱི་བའི་ལོ་ལ་ལྕང་ལོ་ཅན་ནས་དཔའ་བོ་

(༡༦)མཁའ་འགྲོ་མང་པོ་དང་ལྷའི་བུ་དང་བུ་མོ་མང་པོའི་འཁོར་གྱི་སྣ་ལ། ལྷའི་ལམ་སྣམ་བུ་རྐྱང་པ་ལྟ་བུའི་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཡུམ་གྱི་མངལ་དག་པར་བྱས་ཏེ། ནམ་མཁའི་མཐོངས་ནས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འཚེར་བ་ཞིག་ཡུམ་གྱི་ལྷུམས་སུ་ཞུགས་སོ། །དེའི་ཚེ་ལྷ་ཚོགས་མང་པོ་མགྲིན་ཅིག་ཏུ་གསང་བའི་བདག་པོ་བོད་ཀྱི་གདུལ་བྱའི་དོན་དུ་སྤྲུལ་པ་སྐྱེའོ་ཞེས་པའི་སྒྲ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསན་ཅིང་གཟིགས་ལ། ས་གཡོ་བ་དང་། སྒྲ་དང་། འོད་དང་། འཇའི་གུར་ཕུབ་པ་སོགས་ལྟས་ངོ་མཚར་ཆེ་བ་མང་པོས་མངའ་རིས་གུང་ཐང་གི་ཕྱོགས་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡབ་ཡུམ་གཉིས་ཀྱང་སྡུག་བསྔལ་གྱི་སྣང་བ་མེད་ཅིང་ཚེ་འདིའི་སྣང་བ་ལས་བཟློག་སྟེ་བདེ་གསལ་མི་རྟོག་པའི་ཉམས་མྱོང་དང་སྤྲོ་དགའི་ངང་ནས། རྨི་ལམ་དུ་དཔའ་བོ་མཁའ་འགྲོས་མཆོད་ཅིང་དག་པའི་ཞིང་གི་སྣང་བ་ཤར་རོ། ༈ །གསུམ་པ་བལྟམས་ཤིང་ཡིད་དུ་འོང་བའི་སྤྱོད་པས་གཞན་སྣང་ཁྲིད་ཅིང་སྣང་བ་སྒྱུར་ཚུལ་ནི། དེ་ལྟར་ཡོན་ཏན་དུ་མ་དང་ལྡན་པའི་སྐུ་ལུས་དེ་ཉིད་སྔར་སྲས་ཀྱིས་དབེན་ཕྱིར་ཡབ་ཡུམ་གཉིས་ཀྱིས་གཅེས་སྤྲས་དུ་མའི་སྒོ་ནས་ལེགས་པར་བསྐྱངས་པ་ལས། ཟླ་དགུ་ངོ་བཅུ་རྫོགས་ཏེ་དུས་ལ་བབ་ཚེ་ཤིང་ཕོ་བྱི་བའི་ལོ་སྟོན་ཟླ་འབྲིང་

(༡༧)བོ་རྒྱུ་སྐར་དབྱུག་པ་ལ་བབ་པའི་ཚེ། ལྷའི་མེ་ཏོག་གི་ཆར་དང་། རོལ་མོའི་སྒྲ་དང་། དྲི་བཟང་གི་ངད་པ་འཐུལ་ཞིང་སྒྲ་དང་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བལྟམས་པར་གྱུར་ཏོ། །དེའི་ཚེ་བཙས་སྟོན་བཟང་པོ་དང་བཅས་སྐུ་སྐྱེད་སྲིངས་ཞིང་རང་གི་སློབ་དཔོན་གྱིས་དབང་བསྐུར་བྱིན་གྱིས་བརླབས། །མཚན་གཉན་རྡོ་རྗེ་གྲགས་སུ་བཏགས། །མིའི་བུ་མི་འདྲ་ལྷའི་སྲས་ལྟ་བུ་མཚན་དཔེའི་ཆ་ཤས་རྫོགས་ཤིང་ཀུན་གྱི་ཡིད་འཕྲོག་གོ། ༈ །།བཞི་པ་དཀའ་བ་སྤྱད་ཅིང་སྡུག་བསྔལ་གྱི་བདེན་པ་གཟིགས་པས། ངེས་འབྱུང་དྲག་པོས་བླ་མ་དང་མཇལ་ཞིང་བསྟན་པ་མཆོག་ལ་ཞུགས་ཚུལ་ནི། སྲས་དགུང་ལོ་བདུན་ལོན་ཚེ་ཡབ་གཉན་དར་མ་གྲགས་དུས་ལ་བབ་པས་མི་རྟག་པར་གྱུར་ཏེ་ཡུམ་སྲས་གཉིས་ཤིན་ཏུ་སྐྱོ་ཚེ། ཡབ་ཀྱི་གཅུང་པོ་ཁུ་བོ་གཉན་འབར་རེ་བྱ་བས་ཡུམ་དབང་དུ་བསྡུས། གཉན་འབར་རེ་དེ་སྡིག་ལ་དགའ་ཞིང་སྙིང་རྗེ་ཆུང་བ། དད་པ་མེད་ཅིང་ཆོས་ལ་མི་དགའ་བ་ཞིག་ཡོད་པས། དེའི་དབང་དུ་མ་ཡང་སོང་སྟེ་མ་ཁུ་གཉིས་ཀྱིས་ཤིན་ཏུ་སྡང་བར་གྱུར། དེར་སྐྱོ་བ་དང་སྡུག་བསྔལ་བས་ཅི་བྱ་རྟོལ་མེད་པར་གྱུར་བའི་ཚེ་ཁྱིམ་མཚེས་བློ་ཉེ་བ་དང་ཤ་ཚ་བ་རྣམས་ན་རེ། ཤེས་རབ་ཆེ་བར་འདུག་པས་ཀློག་འདྲ་བསླབས་དང་ལས་

(༡༨)སླ་བར་ཡོང་ཟེར། དེར་ཕའི་སློབ་དཔོན་དབུས་པ་ཅིག་ཡོད་པའི་སར་ཕྱིན་ནས་ཀློག་ཡིག་བསླབས་པས་ཡུན་རིང་མ་འགོར་བར་བརྡ་བསྟན་པ་ཙམ་གྱིས་མཁས་པའི་ཕུལ་དུ་ཕྱིན་བར་མཁྱེན། མི་རྣམས་ན་རེ་སྤྲུལ་པ་བསླབ་ཚུལ་སྟོན་པ་དང་འདྲ་ཟེར་སྐད། དེ་ནས་ཡུལ་མི་རྣམས་ཀྱིས་ཀློག་འདོན་ལ་བོས་པས་ཤིན་ཏུ་བྲིན་པར་བྱུང་དུས་རང་ཡང་གནས་སྐབས་སུ་སྐྱིད་ཅིང་བདེ་བ་དང་། །ཀློག་གི་ཁྱོས་མས་མ་ཁུ་གཉིས་སྐྱོངས་བས་ཁོང་གཉིས་ཤིན་ཏུ་མགུ་བར་གྱུར། སྤྲུལ་སྐུ་མི་ཡུལ་དུ་སྐུ་བལྟམས་ཤིང་སྐུའི་ལང་ཚོ་རྒྱས་པའི་སྐོར་ཚོ་དེ་དང་པོའོ།། ༈ །།གཉིས་པ་ནི་དེའི་ཚེ་རྗེ་བཙུན་ཆེན་པོ་མི་ལ་རས་པ་དེ་ཉིད་སྐུ་ཐང་གི་བྲག་སྐྱ་རྡོ་རྗེ་རྫོང་ན་གཞན་ཕན་གྱི་སྒྲུབ་པ་ལ་བཞུགས་པ་ལས། ནམ་ཐོ་རངས་ཤིག་འོད་གསལ་གྱི་ངང་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བྱོན་ཏེ། ཁྱོད་ལ་མིའི་བུ་སློབ་ཉི་མ་ལྟ་བུ་གཅིག །ཟླ་བ་ལྟ་བུ་གཅིག །རྒྱུ་སྐར་ལྟ་བུ་ཉེར་གསུམ་ཏེ་གྲུབ་ཐོབ་རང་ཡང་ཉེར་ལྔ། ཕྱིར་མི་བཟློག་པའི་རྟོགས་ལྡན་བརྒྱ། ལམ་ལ་དྲོད་ཐོབ་པའི་སྐྱེས་ཆེན་བརྒྱ་རྩ་བརྒྱད། ལམ་སྣ་ཟིན་པའི་རྣལ་འབྱོར་པ་སྟོང་རྩ་གཅིག །ཆོས་འབྲེལ་ཐོབ་པས་ངན་སོང་རྒྱུན་ལམ་ཆད་པ་རྩིས་ལས་འདས་པ་འོང་བ་ལས། གུང་ཐང་གི་ཕུ་ལག་ར་ལ་བྱ་བ་ན་ལས་ཅན་གྱི་སྐྱེས་

(༡༩)བུ་ཟླ་བ་ལྟ་བུ་དེ་ཡོད་པས། དེའི་དོན་དུ་དེ་ཕྱོགས་སུ་སོངས་ཤིག་བྱ་བའི་ལུང་བསྟན་བྱུང་བས། རྗེ་བཙུན་ཡང་བྲག་སྐྱ་རྡོ་རྗེ་རྫོང་ནས་རིམས་ཀྱིས་གུང་ཐང་བརྒྱུད་དེར་ལའི་ཕུ་ཟ་འོག་ཕུག་ཏུ་བཞུགས་སོ། །དེ་དུས་ཁྱེའུ་གཉན་ཕྲུག་རྡོ་རྗེ་གྲགས་ད་ཕྲུག་ཁ་སེར་ཞེས་པ་དེ་ཉིད་དགུང་ལོ་བཅུ་གཅིག་འགྲོ་ལ། ཉིན་གཅིག་ཁྱོས་མ་ཁྱེར་ཕྱིན་ཙ་ན་མ་ཁུ་གཉིས་མི་འདུག །མི་གཞན་མང་པོ་ལུང་པའི་ཕུ་ན་ཡར་འགྲོ་ཞིང་འདུག །ཅི་ཡོད་ན་སྙམས་སེམས་ཅན་འཚོ་རྒྱུ་འདྲ་ཡོད་པ་དེད་བོང་བུ་ལ་ཞོན་ནས་རྗེས་ལ་ཕྱིན་པས། ར་ལའི་ཕུ་ཟ་འོག་ཕུག་པ་ན།། ༈ །།རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བཞུགས་འདུག་ཅིང་མགུར་གསུང་བའི་སྒྲ་ལྷང་ལྷང་ཐོས་པ་ཙམ་གྱིས་བྱིན་གྱིས་བརླབས་ཏེ། སྣང་བ་འགྱུར་ཞིང་རང་དབང་མེད་པའི་དད་པ་སྐྱེས་ནས་དྲུང་དུ་ཕྱིན་པས་ཟིལ་བུན་པ་དང་བཅས་བསམ་མི་ཤེས་ཤིང་བརྗོད་དུ་མི་བསྟུབ་པའི་ཉམས་ཤིག་ཤར་ནས་རེ་ཞིག་ཁྲོང་ངེ་ལུས། དེར་གཞན་རྣམས་ཀྱིས་ཀྱང་འབུལ་བ་བྱེད་ཅིང་འདུག །རང་གིས་ཀྱང་ཀློག་གི་ཁྱོས་མ་དེ་ཕུལ་བས། རྗེ་བཙུན་གྱི་གསུང་ནས་ཁྱོད་ཀྱི་མེས་པོ་ལྷ་རྗེ་དེ་ངའི་བླ་མ་མར་པའི་སློབ་མ་ཡིན་གསུང་ནས་ཤིན་ཏུ་མཉེས་པར་མཛད། དེ་དུས་རྗེ་བཙུན་གྱིས་མགུར་གསུངས་པ་ལ་ཉན་པས་དཀར་པོའི་

(༢༠)"ལས་འབྲེལ་སད་དེ། ཏིང་ངེ་འཛིན་དུ་ཕྱམ་ཕྱམ་དུ་སོང་ཞིང་གསལ་སྟོང་འཛིན་མེད་ཀྱི་ཉམས་སྐྱེས་པ་ལ། རྗེ་བཙུན་ཤིན་ཏུ་མཉེས་ཏེ་འདི་ལ་རས་པ་བཟང་པོ་ཞིག་ཡོང་། རས་པ་ཙམ་ལས་བཟང་བ་གཅིག་ཡོང་ཡང་ཡང་གསུང་བས། མི་རྣམས་ན་རེ་དེ་ཙམ་དུ་མཉེས་ན་རྗེ་བཙུན་ལ་ཕུལ་བས་ཆོག་ཟེར། དེ་དུས་དགུང་ལོ་བཅུ་གཅིག་བཞེས་པ་ཡིན་སྐད། དེ་ནས་ཀློག་འདྲ་སྟོན་ནས་ཟ་མ་བཟང་བ་ཞིག་བྱུང་བས་དེ་རྣམས་ཁྱེར་ནས་རྗེ་བཙུན་གྱི་དྲུང་དུ་ཕྱིན་ཁྱོས་མ་དེ་ཕུལ་སྔར་གྱི་སྡུག་བསྔལ་བྱུང་ཚུལ་རྣམས་ཞིབ་ཏུ་ཞུས་པས། རྗེ་བཙུན་གྱི་གསུང་ནས་ང་ལས་ཁྱོད་བག་ཙམ་གྲག་འདུག་སྟེ། ལར་འཁོར་བ་ལ་སྐྱིད་མེད་གསུང་། རྗེ་བཙུན་གྱིས་དེ་ཙམ་གྱི་དཀའ་བ་ཅི་མཛད་ལགས་ཞུས་པས། རྗེ་བཙུན་རང་གི་ཡབ་མེས་ཀྱི་བྱུང་ཁུངས་ཡུལ་ཐོན་ཚུལ་ཡབ་གཤེགས་ནས་ཨ་ཁུ་ཨ་ནེ་དགྲར་ལངས་ཚུལ་ཡུམ་གྱི་བཀས་བསྐུལ་དེ་མཐུ་དང་སེར་བས་སྡང་དགྲ་ཚར་བཅད་ཚུལ། བླ་མ་རྣམས་ཀྱིས་རིམ་པས་ལུང་བསྟན་ཏེ། སྒྲ་སྒྱུར་མར་པའི་དྲུང་དུ་དཀའ་བ་དྲག་པོ་སྤྱད་ཅིང་སྨིན་གྲོལ་གདམས་པ་རྫོགས་ཏེ་བསྒྲུབ་པ་ལ་རྫོངས་ཤིང་། ཡུལ་དུ་ཕེབས་ཚེ་སྐྱོ་བ་སྐྱེས་ཚུལ་གྱི་རྣམ་ཐར་རྣམས་རྒྱས་པར་གསུངས་ཏེ། འཇིག་རྟེན་འདི་ལ་བལྟས་ན་སྐྱོ་བ་མིན་པ་མེད། བླ་མའི་བཀའ་དྲིན་གྱིས་

(༡༩)གདམས་ངག་རྣམས་བསྒོམ་ཞིང་རི་ཁྲོད་དུ་ཟ་སོགས་འཚོ་བ་དཀའ་ཐུབ་ལ་བརྟེན་ནས་ཉམས་སུ་བླངས་པས་ད་ལྟ་གསང་སྔགས་ནས་ཇི་ལྟར་གསུངས་པའི་ལམ་དང་འབྲས་བུའི་ཡོན་ཏན་རྣམས་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་རང་དེ་ཙམ་གྱི་སྡུག་བསྔལ་མི་དགོས་ཀྱིས་གསུང་སྔོན་གྱི་ལས་འཕྲོ་དང་བག་ཆགས་བཟང་པོ་སད་པའི་སྟོབས་ཀྱིས་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། གསུང་སྒྲོག་ཏུ་ཕྱིན་པའི་ཁྱོས་མ་རྣམས་རྗེ་བཙུན་གྱི་དྲུང་དུ་ཕུལ་ནས། ཆོས་ཞུ་ཞིང་བསྡད་པ་ལས། རྗེ་བཙུན་གྱིས་དྲང་དོན་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་ཞིབ་ཏུ་གསུངས་པ་ལས། དེ་དག་ཐུགས་རྒྱུད་ལ་ཇི་ལྟ་བ་བཞིན་སྐྱེས་ཏེ། ཚེ་འདི་དང་འཁོར་བ་མཐའ་དག་ལ་བློ་ལོག་སྟེ། ཆོས་ཡང་དག་པ་ཅིག་བྱེད་པར་ཐུགས་ཐག་ཆོད་ཚེ། མ་ཁུས་བརྩད་བཅད་པས་རྗེ་བཙུན་གྱི་དྲུང་ན་འདུག་ཅིང་། ཁྱོས་མ་མ་བྱུང་པས་ཡོན་བདག་རྣམས་ཀྱིས་མ་སྦྱིན་པ་ཡིན་ནམ་སྙམས་ནས་གསུང་སྒྲོག་ཏུ་གཏང་བའི་ཡོན་བདག་རྣམས་ལ་ཁྱེད་རྣམས་ཀྱིས་ངེད་ཀྱི་བུ་ལ་ཟ་ཡོན་སྦྱིན་ནམ་ཞེས་རིམ་པར་དྲིས་པས་སྦྱིན་ཟེར་བ་ཁོ་ན་བྱུང་སྟེ། རྗེ་བཙུན་ལ་ཕུལ་བར་ཤེས་ནས་མ་ཁུས་ཇི་ལྟར་

(༢༠)བཀག་རུང་མ་ཁེགས་པས་ཁོང་གཉིས་ཁྲོས་ནས་ཤིན་ཏུ་སྡང་ཞིང་སྡུག་བར་བཅོལ། བུས་ཀྱང་རྗེ་བཙུན་གྱི་དྲུང་དུ་ཕྱིན་ཆོས་སྒོར་འཇུག་པའི་ཞུ་བ་ཕུལ་བས། རྗེ་བཙུན་གྱིས་སོ་ཐར་གྱི་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་དང་། ཐེག་ཆེན་སྨོན་འཇུག་ཏུ་ཐུགས་བསྐྱེད། མཚན་ཡང་རས་ཆུང་རྡོ་རྗེ་གྲགས་པར་གསོལ་ཏེ། ཕག་མོའི་དབང་བསྐུར་དང་བྱིན་བརླབས་ཀྱིས་རྒྱུད་སྨིན་པར་མཛད། གཏུམ་མོའི་ཁྲིད་གནང་ཞིང་བསྒོམས་པས། དྲོད་ཀྱིས་རས་རྐྱང་ཐུབ་པ་སོགས་ཉམས་རྟོགས་བཟང་པོ་འཁྲུངས་ཤིང་སྒྲོལ་མའི་བཟླས་ལུང་ཡང་གནང་། དེ་ནས་ཉིན་གཅིག་ཡང་ཟ་མའི་ཤ་གཟུག་བཟང་བ་གཅིག་བྱུང་པ་ཡང་རྗེ་བཙུན་ལ་དྲངས། དེ་ནས་མ་ཁུ་ཅན་དུ་མ་ཕྱིན་པར། ཁྱོས་མ་ཁུར་གྱིན་རྗེ་བཙུན་གྱི་དྲུང་དུ་ཕྱིན་ནས་གསུང་གླེངས་མཛད་པས་ཐུགས་ཡིད་འདྲེ་བར་བྱུང་། རྗེ་བཙུན་གྱིས་ཐུགས་ལ་བཏགས་ནས་སྐྱིད་འབོ་ལེ་ཡོད་དུས་ཀློག་འདོན་པའི་ཡོན་བདག་རྣམས་ལ་མ་ཁུས་འབར་པས་ཡང་ཁྱོས་མ་དུ་མ་རེ་མ་ཁུ་ལ་མི་སྐྱེལ་ཀ་མེད་བྱུང་། ཡང་ཡོན་བདག་གཅིག་ན་རེ། ཀློག་འདོན་ལ་ཤོག་ཟེར་བས། ཁྱོས་མ་ང་རང་གང་དགའ་ལ་བསྐུར་ན་ཡོང་གཞན་མི་ཡོང་བྱས་བས། གང་དགའ་བ་ལ་བཀུར་གྱིས་ཤོག་གཅིག་ཟེར། དེ་ནས་ཡོན་བདག་རྣམས་ལ་མས་

(༢༡)འགལ་དུ་མ་ཚུགས། དེ་ནས་ཁྱོས་མ་ཁྱེར་གྱིན་རྗེ་བཙུན་གྱི་དྲུང་དུ་ཕྱིན་པས། ཡོན་བདག་མོ་ན་རེ་ཁྱོད་གང་དུ་འགྲོ་ཟེར། རྗེ་བཙུན་མི་ལའི་དྲུང་དུ་འགྲོ་བྱས་པས། ང་ཡང་འགྲོ་ཟེར་ནས་མོས་ཀྱང་ཕྱིན་པས་རྗེ་བཙུན་ལ་དད་པ་ཐོབ་སྟེ་ཡོན་བདག་མོས་གཡུ་ཞིག་ཕུལ་བས་རྗེ་བཙུན་གྱིས་བཞེས་སུ་མ་འདོད། དེ་ནས་ར་ལའི་ས་ཕུག་ཆུང་བ་གཅིག་ཏུ་ནས་ཁལ་གཅིག་གི་ཙམ་པ་ཁུར་ནས་བཞུགས། རྗེ་བཙུན་གྱིས་འཇམ་དཔལ་གྱི་སྒྲུབ་ཐབས་ཤིག་གནང་ནས་བཟླས་པ་བྱེད་ཅིང་ཡོད་དུས་མ་ཁུ་གཉིས་ཀྱིས་ལྟོ་ཆད་པས་ཁོང་གཉིས་ཚིག་པ་ཟོས་ནས། རྗེ་བཙུན་མི་ལ་ལ་སྤྲང་པོ་འདིས་ངེད་ཀྱི་བུ་འདི་བློ་སླད་ཟེར་ནས་དང་པོར་སྒོ་ལ་བརྫངས། དེར་འཚང་མ་ཐུབ་བས་རྡོ་ཆར་ཡང་ཡང་དཔོན་སློབ་གཉིས་ལ་ཕབ། དེར་མི་གཞན་འདྲ་ཡོང་ན་ཁོང་གཉིས་ཀྱིས་མི་ཐུབ་པས་རྡོ་ཆར་རེ་བྱས་ནས་ལོག་འགྲོ་བ་ལ་ཉིན་གཅིག་དཔོན་སློབ་གཉིས་པོ་རང་བཞུགས་ཡོད་དུས། རྗེ་བཙུན་ལ་རྡོ་ཆར་བྱས། རས་ཆུང་པ་ནི་ཁུ་བོ་སྙིང་རྗེ་མེད་པས་ཤ་བཙོན་བཞིན་དུ་ལག་པ་བཀྱིགས་ཤིང་ཐག་པ་བཏགས་ནས་དྲུད་དེ། ཁྱོད་ཀློག་མི་བྱེད་ན་ལས་བཅོལ་གྱིས་ཟེར་ནས་ཁྲིད་བས། རྗེ་བཙུན་ལ་ནི་སྙིང་རྗེ་བ་མ་གཏོགས་གཞན་མཛད་ཐབས་མ་བྱུང་རས་

(༢༢)ཆུང་པ་ནི་བླ་མ་དཀོན་མཆོག་ལ་འབོད། མ་ཁུ་གཉིས་ནི་ད་རུང་ཁྱོད་ཁྱོས་མ་བསྐྱོལ་ལ་འདིར་སྡོད་གཅིག་ཟེར་ནས་ཁ་པོ་འཚག །དེ་ནས་མ་ཁུ་དབང་ཆེ་བས་ཁྱོད་ཀློག་གི་ཁྱོས་མ་ཁྱེར་མི་ཡོང་ན་ཁྲུ་ཀློག་ཟེར་ཁྲུ་ཀློག་ཚན་ཆེ་བར་བཅོལ། ལག་མཐིལ་སོགས་དང་སོར་མོ་རྣམས་རྡོལ་བས་རྣག་ཁྲག་འཛག་པ་བྱུང་། དེ་དུས་མ་མེད་པའི་ཤུལ་ཞིག་ཁུ་བོས་ཞིང་སྟོད་ན་སྐྱེར་ཕུང་ཞིག་ཡོད་པ་དེ་ལ་སྦལ་ལྕོང་དཀར་པོ་མང་བར་གནས་པ། ཞིང་སྨད་ན་སེ་ཕུང་ཆེན་པོ་ཞིག་དང་བྲ་མ་ཐོར་རེ་བ་ཡོད་པ་དེ་ལ་སྦལ་ལྕོང་ནག་པོ་མང་བར་གནས་པ་དེ་རྣམས་ལ་ཀླུ་ཐ་བཞི་མགོ་གསུམ་དཔལ་བྱ་བ་གནས་ཡོད་པ་ཡིན་ཟེར། རྨོས་དང་བཙས་མའི་དུས་དང་གཡུལ་དུས་རྣམས་སུ་ཡུལ་མི་རྣམས་ཀྱིས་དེ་ལ་མཆོད་པ་བྱེད་པ་ཞིག་ཡོད་པ་དེ་འགོགས་སུ་བཅུག་པས་དེས་ལན་ནམ། ཁུ་བོ་མིའི་ནོར་ལ་རྐུ་འཕྲོག་འབའ་ཞིག་བྱེད་པ་གཅིག་ཡོད་པ་དེ་ཤི་ནས། དེའི་རོ་དི་ཀླུ་ཡོད་པའི་ཆུ་མིག་གཅིག་གི་ཁ་ནས་ཕུག་གཅིག་ཡོད་པ་དེར་བཅུག་ནས་སྒོ་བརྩིགས་ཏེ་དུར་རས་ཀླུ་ལ་གཏོད་པ་ཡིན་ཟེར་དེས་ཕུང་ངམ། ན་སོ་གཞོན་པས་ཞང་པོ་གཏད་མཁན་ཞིག་ཡོད་པ་དེའི་རོགས་བྱེད་དགོས་བྱུང་སྟེ་ས་གཉན་ཞིག་བརྐོས་པ་དེས་ལན་ནམ། ལོ་བཅུ་བཞི་ལོན་དུས་སྐུ་

(༢༡)ལུས་ལ་སྙུན་མཛེ་ཚབས་ཆེ་བ་ཞིག་བྱུང་ནས་ཡོད་དུས། མ་ཁུ་ན་རེ་ད་མི་ལ་ཅན་དུ་སོང་འདིར་མ་སྡོད་ཟེར། དེ་ནས་རྗེ་བཙུན་གྱི་དྲུང་དུ་ཕྱིན་པས་རྗེ་བཙུན་གྱི་ཞལ་ནས་ཁྱོད་གླེན། དུད་འགྲོ་ཡང་སྐྱིད་སར་འགྲོས་པ་ལ་ཁྱོད་ད་ལས་མི་ཡོང་བ་ད་ངས་ཁྱོད་ལ་ཨེ་ཕན་ལྟ་ཡི་གསུང་ནས་སོག་མ་མེད་ཀྱི་གདམས་པ་གནང་ནས་བཟླས་པ་ཟླ་བ་ལྔ་ཙམ་བྱས་པས་མ་ཕན། ཕྱག་ན་རྡོ་རྗེ་སྐུའི་སྙིང་པོ་བཛྲ་པཱ་ཎཱི་ལ་བསྙེན་པ་བྱས་པས་ཀྱང་མ་ཕན། དེ་ནས་ཕུག་པའི་ནང་དུ་མ་བཞུགས་པར་ཁང་ཐོག་དང་། ཟུར་ཟུར་རྣམས་སུ་ཉལ་ཞིང་བསྡད། དེར་ཞང་པོ་བྱུང་ནས་སྙིང་རྗེ་རྒྱལ་པོའི་ཕྲུ་གུ་འདྲ་བ་ཞིག་ཡོད་པ་ལ་ཟེར། གུང་ཐང་ཚེར་ཡུལ་བྱ་བར་ཞང་པོའི་ཡུལ་དུ་ཕྱིན་ནས་ཀློག་འདྲ་འདོན་ཞིང་ཡོད་པ་ལ་ཡུལ་དེ་ན་མེ་ཕོ་ཞི་བ་སྒོམ་ཆེན་བྱ་བ་སེར་བ་ལ་སྡིག་མཛུབ་གཏད་པས་སེར་བ་མེར་འགྲོ་བ། ཞོ་ཆང་ཉེས་པ་བསྲུང་ན་སྣོད་དུ་ལག་པ་བཅུག་པས་ཐུབ་པ་གཅིག་འདུག །སྒོམ་ཆེན་ཞི་བ་ལ་ཁྱེད་ལ་འདི་ཙམ་གྱི་ནུས་པ་ཡོད་པ་ཅི་ཡིན་ཞེས་དྲིས་པས། སྒོམ་ཆེན་ན་རེ་ང་ལ་སློབ་དཔོན་ལས་ཀྱི་རྡོ་རྗེའི་བསྒྲུབ་ཐབས་འབྲིང་པོ་ཞིག་རྙེད། དེའི་སྔགས་བཟླས་པས་ནུས་པ་བྱུང་བ་ཡིན་ཟེར། དེར་རས་ཆུང་པས་འོ་ན་"

(༢༢)ང་ལ་གནང་དུ་རུང་ངམ་ཁྱེར་ཤོག་དང་གསུངས་པས་རུང་ཟེར་ནས་གཏུམ་པོ་ཁྱུང་གི་ཤམ་བུ་ཅན་བསླབས་ནས་གནས་གོག་གཅིག་ཏུ་དབྱར་ལ་སྟོན་བཏགས་པ་གཅིག་བཟླས་པ་བྱས། དེར་ཀློག་ཡོན་རྣམས་ཟད་པས་མ་ཁུ་ལ་རྒྱགས་ཤིག་སྐྱོལ་བྱས་པས་ཡུན་རིང་དུ་མ་སྐྱལ། དེར་རྨི་ལམ་དུ་མལ་འོག་ནས་སྦལ་སྦྲུལ་མང་པོ་ཤིག་ཤིག་བྱེད་ཅིང་སྡིག་སྦྲུལ་ལུས་ལ་འཛགས་པ་སོགས་མང་དུ་རྨིས་པས་གཉིད་ཉལ་བ་ལ་འཚེར་བ་བྱུང་། དེར་ཞང་པོས་ཀྱང་ལྟོ་དུམ་དུམ་བསྐྱལ། མ་ཁུ་གཉིས་ལའང་འདི་སྙིང་རྗེ་ལྟོ་སྐྱོལ་ཅིག་བྱས་པས། མ་ཁུས་ཡོས་ཕུལ་བཞི་ཙམ་བསྐྱལ་ནས་འདི་ཟོ་ལ་འདིར་མ་སྡོད་པར་ངེད་ཀྱིས་མིག་གིས་མི་མཐོང་ཞིང་རྣ་བས་ཀྱང་མི་ཐོས་པ་ཞིག་ཏུ་སོངས་ཤིག །ངེད་ལ་རྒྱགས་སྐྱེལ་རྒྱུ་མེད་དོ་ཟེར་ཞིང་ངན་སྨྲས་མང་དུ་བྱས་བྱུང་བ་ལ་སྐྱོ་བ་དྲག་པོ་སྐྱེས་ནས་ང་ཤི་ན་ཡང་དགའ་བ་ལ་བསམ་ཡོད་དུས། དེ་ནས་བླ་མས་ནམ་ཤིན་ཏུ་གྲང་བའི་ཉིན་གཅིག་ཕྱིར་སྡད་པས། ཨ་ཙ་ར་བཞི་བྱུང་ནས་འཁྱགས་ལྟོགས་ཐང་ཆད་གནས་གཡར་ཟེར་བས། བླ་མས་གནས་གཡར་མེ་གཏང་སིངས་པོ་བྱིན་ཞིང་བྱམས་པར་བསྐྱངས། ནམ་སྲོད་ལ་མནལ་དུ་སོང་འདུག་ནམ་གུང་ལ་དགེ་སྦྱོར་བྱེད་ཅིང་འདུག་ཐོ་རངས་གཡལ་

(༢༣)ཆ་ཆ་བྱེད་ཅིང་བྷུ་ཧུ་བྷུ་ཧུ་ན་ག་བྷུ་ཧུ་ཀླུ་མང་པོ་རྨིས། གནས་པོ་ཁྱོད་ལ་མཛེ་འོང་ཟེར་དེར་ང་ལ་མཛེ་བྱུང་ནས་སྡུག་བསྔལ་བ་ཞིག་ཡིན་ཡོས་ཞིག་ཡོད་པ་ཟ་འམ་བྱས་པས་རུང་ཟེར་ནས་ཐམས་ཅད་ཀྱིས་ཟོས་སོང་། དེར་ཨ་ཙ་རའི་དབོན་དེས་བོད་སྐད་བྱང་བར་ཤེས་ཤིང་འདུག་པས་དེ་ན་རེ་ཐབས་བྱས་ན་གྲག་ཡོང་མོད་ཟེར་དེར་ངས་ཐབས་མི་ཤེས་བྱས་པས་བསྙེན་པ་དེ་ཅི་ཡིན་ཟེར་ལོ་རྒྱུས་བཤད་པས་འོ་ན་ལུང་མེད་པས་ལེན་པ་ཡིན་ཟེར་བས་རས་ཆུང་པས་ཤུམས་པས་དེར་ཨ་ཙ་ར་དེ་རྣམས་གྲོས་བྱས་ནས་གནས་པོ་མ་དུ་ལོངས་ཤིག་ཨ་ཙ་རའི་དཔོན་དེ་ན་རེ་ངེད་རྣམས་རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་རྒྱུ་ཡིན་ཏེ་ཁྱོད་འདིར་བསྡད་ན་འཆི་བ་འདུག་པས་ནོར་གང་ཡོང་གསེར་དུ་སྒྲིལ་དང་། ཏ་བ་ས་ཏའི་གྲོང་ཁྱེར་གྱི་ཉེ་ལོགས་ན་ངེད་ཀྱི་བླ་མ་ཝ་ལ་ཙཎྜ་བྱ་བ་ཕྱག་ན་རྡོ་རྗེ་དངོས་དང་འདྲ་བའི་ནུས་པ་ཅན་ཞིག་ཡོད་ཁོང་གསུམ་ལ་ལམ་ཡིག་གི་ཤོག་འཕྲིན་བསྐུར་ཏེ། རྒྱ་ནག་རི་བོ་རྩེ་ལྔ་ལ་གཏོང་། ངས་ཁྱོད་སྐྱེལ་དུ་ཕྱིན་གྱིས་ཟེར་བས། དེར་དེའི་སྐད་ཐོས་མ་ཁད་དུ་མི་བཟོད་པའི་ཡིད་དུངས་པ་གཅིག་བྱུང་སྟེ་མི་འགྲོ་རེ་ཤི་སྙམས་པ་བྱུང་། དེ་ནས་འཕྲལ་དུ་ཀློག་འདྲ་བྱས་ནས་ཡོན་བསྡུས་པས་གསེར་ཞོ་བཞི་བྱུང་བ་

(༢༤)ཁྱེར་ཨ་ཙ་ར་དཔོན་གྱིས་བསླབས་པ་བཞིན་ཀུ་བ་ཕྱེད་བཅད་གཅིག །རེ་བེམ་གཅིག །རྩིད་ཟོམ་ཅིག་ལམ་ཆས་སོགས་དགོས་བྱའི་ཆས་རྐྱེན་རྣམས་གསོགས་པར་བྱས་སོ། །སྔོན་གྱི་ལས་སློངས་རྐྱེན་ངན་དྲག་པོ་གྲོགས་སུ་ཤར་བའི་སྐོར་ཚོ་དེ་གཉིས་པའོ།། ༈ །།གསུམ་པ་ནི་གྲབས་རྣམས་གྲུབ་པ་དང་མ་ཁུས་ནི་བློས་བཏང་ཞིང་རས་ཆུང་པས་རྗེ་བཙུན་ལ་རྒྱ་གར་ལ་འགྲོ་བའི་ལོ་རྒྱུས་བཀའ་གནང་ཞུས་པས། རྗེ་བཙུན་གྱི་བཀའ་ཡིས་གནང་ཞིང་བྱིན་གྱིས་བརླབས་ཏེ་འགྲོ་ཆོས་སུ་མགུར་འདི་གསུངས་སོ། ༈ །དྲན་མཆོག་རྗེ་ལ་གསོལ་བ་འདེབས་སོ། །བུ་རས་ཆུང་པ་ལ་བྱིན་གྱིས་རློབས་ཤིག །བུ་ཚེ་འདིའི་བློ་ཕུགས་ཆོས་ལ་གཏོད་ཅིག །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ། །ཁ་ཚིག་མིན་པར་གསོལ་བ་འདེབས་ཤིང་། །རྒྱ་གར་གླིང་དེ་སྐོར་ལ་བྱོན་ཅིག །ཏིང་འཛིན་དཀའ་ཐུབ་ཟས་སུ་ཟ་ཞིང་། །ཨ་ཐུང་རྟེན་འབྲེལ་རས་གོས་གྱོན་ལ། །རླུང་སེམས་སྒྱུ་མའི་རྟ་ལ་ཞོན་ནས། །རྒྱ་གར་གླིང་དེ་བསྐོར་ལ་བྱོན་ཅིག །དྲི་མེད་སེམས་ལ་ཕྱི་བརྡར་བགྱིས་ལ། །དམ་ཚིག་དངུལ་དཀར་མེ་ལོང་དེ་ཀུན། །འགྱོད་མེད་དྲན་པས་རྒྱུན་དུ་བལྟ་ཞིང་། །རྒྱ་གར་གླིང་དེ༴ ལོ་འདོད་རྐུན་མས་ཕྱི་ནོན་ཡོང་བས། །ཆོས་བརྒྱད་

(༢༥)མགོ་སྙོམས་སོ་པ་ཐོང་ལ། །ཡོན་ཏན་དམིགས་མེད་ངང་དུ་སྦས་ནས། །སེམས་བསྐྱེད་བཟང་པོས་བསྐོར་ལ་བྱོན་ཅིག །བུ་ཚེ་རིང་ནད་མེད་སྨོན་ལམ་འདེབས་སོ། །ཅེས་གསུངས་ནས། རྗེ་བཙུན་སྒྲུབ་ཕུག་གི་ནང་དུ་བཞུགས་པ་ལ། རས་ཆུང་པས་ཕྱི་ནས་འདག་འབྱར་ཕུལ་ནས་ཨ་ཙ་རའི་ཕྱི་བཞིན་རྒྱ་གར་ལ་འབྱོན། ཛྭ་ཀི་དེ་ཡང་སྙིང་རྗེ་ཤིན་ཏུ་ཆེ་བར་འདུག་པས་ལམ་འགྲོགས་ལེགས་པར་བྱས་ལམ་ལ་དཀའ་ལས་ཆེ་བར་བྱུང་སྟེ་བསྔགས་རུ་བཏབ་ཀྱིན་ཕྱིན། སྣག་ཁྲག་མ་ཐུབ་པ་ཀུ་བ་ཕྱེད་བཅད་ཀྱི་ནང་དུ་བཟེད་ཅིང་ཁེངས་པ་དང་ཕོ་ཞིང་ཕྱིན་རྐང་པ་ལ་ཕོལ་ཡོད་པ་ལ་བརྩིད་ཟོམ་བྱས་ནས་བྱོན་པས། ཉིན་མོ་ཟླ་བོའི་རྗེས་མ་སླེབ་པར་ལམ་ནོར་དོགས་ཡོད་པ་རྣམས་སུ་ཁོང་རྣམས་ཀྱི་ཐོ་བཙུགས་ཀྱིན་ཕྱིན། དེའི་ཤུལ་བསྙགས་ཛྭ་ཀི་ལམ་འགྲོགས་དང་བཅས་པ་རྣམས་ཀྱིས་ཀྱང་ལམ་ཞག་ཐུང་ངེ་བྱས་བླ་མས་སླེབས་སར་ཨ་ཙ་ར་དེས་ཟ་མ་དང་ཆུ་ཤིང་མཐུན་རྐྱེན་བསགས་ཀྱིན་བྱུང་། དུས་གཅིག་འཇག་མའི་སྤྱིལ་པོ་གཅིག་གི་ཙར་དོ་ནུབ་འདིར་སྡོད་ལ་ནང་བར་གཤེགས་ཟེར་སོང་། བླ་མས་དེར་བཞུགས་ནས་ནང་པར་བྱོན་པས་ཕྲད་དེ། གར་ཕྱིན་དྲིས་པས་བླ་མ་ཅན་ཕྱིན་ཟེར། འོ་ན་ངེས་ཀྱང་དོ་ནུབ་སླེབ་བམ་

(༢༦)བྱས་བས། ཁྱོད་ཀྱིས་ཟླ་བ་དྲུག་ནས་སླེབ་ཟེར། འོ་ན་ཁྱོད་ཀྱིས་འཁོར་བ་ཅི་ཡིན་དྲིས་པས་ང་གྲུབ་པ་ཐོབ་པ་ཡིན་ཟེར། འོ་ན་ང་ལ་བྱིན་རླབས་ཞུ་བྱས་པས་བྱིན་བརླབས་བྱས་པས་ཤིན་ཏུ་ཕན་པ་བྱུང་སྐད། དེ་ནས་ཡུལ་བདེ་བ་བྱ་བར་སླེབས་ཏེ་པ་ཏ་ས་ཏའི་གྲོང་མཐོང་ནས་གྲོང་ཕ་གི་ཡིན་ག་ལེ་ཤོག་ཅིག་ཟེར་ནས་ཁོང་རྣམས་བླ་མ་བཞུགས་པའི་ནགས་ཚལ་ཕྱོགས་ལ་ཕྱག་བྱེད་ཅིང་གསོལ་བ་འདེབས་སོ། །དེ་ལ་ཅི་ཡིན་དྲིས་བས་བླ་མ་བཞུགས་ཡོད་ཟེར། འོ་ན་ད་རུང་རེ་ཞིག་འདུག་བྱས་པས། ཁོང་ན་རེ་ཁྱེད་བོད་འདི་རྔམས་ཆེན་སྤངས་ནས་རྔམས་ཆུང་ལབ་བར་འདུག་ཟེར། དེ་ཅི་ཡིན་བྱས་པས་བོད་ནས་རྒྱ་གར་དུ་སླེབ་པ་ལ་བདེ་བ་དང་ས་ཏ་གཉིས་རིང་ཟེར་བར་འདུག་ཟེར། དེ་ནས་སྔོན་ལ་སོང་ཨ་ཙ་ར་དེ་ལ་ལམ་ལ་ལོཙྪ་ཡང་བསླབས་སོ། །དེར་ཞབས་ཀྱིས་འབྱོན་མ་མཁྱེན་ཏེ་འདྲིལ་ལོག་དང་འོག་འདྲུད་བྱེད་ཅིང་ཕྱིན་པས་ཡུན་རིང་པོ་འགོར། དེ་ནས་ས་ཏའི་ནགས་ལ་ཕྱིན་པས། ནགས་དེའི་ནང་ན་ནགས་མུན་པའི་པདྨ་བྱ་བ་ཞིག་འདུག་སྟེ། མཐའ་ཐམས་ཅད་ཆུས་འཁོར་བ། ནགས་ལ་མི་དང་བྱོལ་སོང་ས་ལ་འགྲོ་བ་མི་ཐར་བ་ལ་ལམ་འགྲོ་ས་མོ་རང་མོའི་སྒོ་ཙམ་ཞིག་འདུག་པ་དེ་ལ། སྟེང་ནས་ནགས་ཀྱིས་བཀབ་པ། ནགས་དེ་འོག་ནས་སྟག་དང་སེངྒེ་དུ་འཆའ་བ་གཉིས་

(༢༧)འདུག་པ་དེའི་བར་ན་འགྲོ་དགོས་པ་ལ་འཇིགས་ཤིང་དྲེད་པས། ཨ་ཙ་ར་དེ་ན་རེ། ཅི་ཡང་མི་ཡོང་བས་མཛེ་པོ་སོང་ཟེར་སྐད། དྲེད་བཞིན་ཕྱིན་པས། ཅི་ཡང་མ་བྱུང་སྟེ་ནང་ནས་བལྟས་པས་བྲག་གི་གཟུགས་སུ་བརྡའ་སྐད། དེ་ནས་ཨ་ཙ་ར་དེ་ན་རེ་ཁྱོད་སུ་ལ་ཡང་མ་སྐྲག་པ་དང་གཏམ་མ་ཟེར་དངོས་གྲུབ་མ་འདོད་ཟེར། དེ་ཅི་ཡིན་བྱས་པས་མི་མ་ཡིན་དྲག་པོ་འབར་བས་བར་ཆད་ཡོང་ཟེར། དེ་ནས་རེ་ཞིག་ནས་གཅན་གཟན་སྟག་དང་སེངྒེ་དོམ་དང་ཅེ་སྤྱང་སྲ་དང་གཅན་གཟན་དྲེད་དང་། ཁྭ་ཏ་འོལ་བ་བྱ་ཀག་ངར་དུར་དུ་ཟ་བ་ལྟར་རྒྱུག་པའི་མི་ལུས་མགོ་སྒྱུར་མཚོན་ཁྱེར་ནས་མི་སྙན་པ་ལབ་པ། གོས་ནས་འཐེན་པ། གཏམ་འདྲི་བ། ཁ་འགྲུ་བ། ནོར་གཏེར་བ། ལམ་འགེགས་ཟེར་བ་བྱུང་བས། ཨ་ཙ་ར་དེ་མི་སྔོན་པོ་མཆེ་བ་དུང་འདྲ་བ་མིག་གསུམ་ཉི་མ་ཙམ་བཀྲ་བ་ལག་པ་བཞི་པ་ཅིག་ཏུ་གྱུར་པས། གཞན་ཐམས་ཅད་བྱ་རོག་གདོང་དང་། སེང་གདོང་དང་། དོམ་གདོང་དང་། དྲེད་གདོང་དུ་སོང་ནས། དེ་ནས་མི་དེས་བླ་མ་ལ་ཁྱོད་རང་འདིར་སོང་ལ་བླ་མ་མཛེལ་ཞིག་ཟེར། ཁོང་ནམ་མཁའ་ལ་ཡུལ་དེ་སོང་སྐད་དོ། །དེའི་ནང་ནགས་པདྨོ་ཁ་བྱེ་བ་འདྲ་བ་དྲི་ཞིམ་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ། དུས་རྒྱུན་ཏུ་སྐད་སྙན་པོ་མ་ཆད་

(༢༨)བར་སྒྲོག་པ། ཉིན་མོ་འོད་ཀྱིས་ཁེང་པ་ལྟ་བུར་འདུག་པ། ནུབ་མོ་ཉི་མའི་འོད་ལྟ་བུར་འདུག་པ། དེའི་དབུས་ན་ཁང་བུ་གྲུ་བཞི་པ་ལ་མེ་ཏོག་གིས་བརྒྱན་པ། སྤོས་ཕོར་མང་པོ་བཀྲམ་པ་གཅིག་འདུག་པའི་ནང་དུ་ཕྱིན་པས། སུ་ཡང་མེད་པའི་ཁྲིས་ཤིག་ན་ཨ་ཙ་ར་ཤ་ལུས་དམར་འབིག་པ་ལ་སྤྱན་གསུམ་བྱས་པ། སྨ་ར་མཐོ་རེ་ཙམ་ཨག་ཚོམས་སུ་སྐྱེས་བ། སྐྲ་ཕྱེད་སྤྱི་བོར་བཅིངས་པ། ཕྱེད་སིལ་བུར་འཕྱང་བས་སྐུ་སྟོད་ནོན་པ་མཐོང་པ་དང་མེ་སྟག་ཕྲོ་རྩེར་བྱུང་བ་སྙམ་བྱེད་པ་ཞིག་བླ་མ་ལ་སྤྱན་གཟིར་ཏེ་འདུག་པ་དང་། བྲེད་དེ་འབྲོས་བསམ་འདུག་པ་དང་། ང་དོན་ཅི་ལ་ཡོངས་བསམ་ཕྱག་བྱས་གསེར་ཞོ་བཞི་པོ་ཕུལ་ནས་གཤུམས་ཏེ་ལྟོ་གོས་ཆོས་གསུམ་ཞུ་བྱས་པས། བླ་མ་ན་རེ་ཨ་ཙ་མ་ཁྱོད་ཀྱིས་རྟག་ཏུ་དུའི་དཀའ་བ་ཙམ་སྤྱད། ཁྱོད་ལ་སུས་སྐྱབས་བྱས་ཟེར་བས་གོང་གི་ལོ་རྒྱུས་དེ་རྣམས་བཤད་ནས། དེ་ཅི་ཡིན་དྲིས་པས། དེ་ངའི་བསྟན་བསྲུངས་བྱ་རོག་མཚན་ཅན་བྱ་བ་ཡིན། ཁྱོད་ལ་སྐྱེས་བུ་གཅག་ཡོད་པས་ལེན་དུ་བཏང་བ་ཡིན་གསུང་བླ་མ་ཝ་ལ་ཙནྜའི་དྲུང་དུ་ཕེབས་ཤིང་མཇལ་བས་ས་དང་པོ་ཐོབ་པ་ལྟ་བུའི་དགའ་སྤྲོ་སྐྱེས། ཇོ་མོ་ལ་བརྒྱགས་ཐེབས་གཏད། དེ་ནས་བླ་མ་ལ་སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པས་བླ་མའི་ཞལ་ནས། ཁྱོད་ནི་

(༢༩)པདྨ་འབྱུང་གནས་ཡིན། །ཁྱོད་གདམ་ངག་དགོས་པ་ལ་ན་བའི་ཚུལ་བསྟན་ནས་ཡོངས་པ་དགའོ། །ཁྱོད་ནི་བསྟན་པའི་ནོར་བུ་ཡིན། །མཁའ་ལ་ཁྲི་གདུགས་ཤར་བ་འདྲ། ཁྱོད་ནི་བསྟན་པའི་སྒྲོན་མེ་ཡིན། །མུན་པའི་གླིང་དུ་ཟླ་ཤར་འདྲ། །ཁྱོད་ནི་རྟག་ཏུ་དུ་དང་འདྲ། །གདམས་ངག་ལེགས་པར་ངས་སྦྱིན་ནོ། །གདོན་ཆེན་མྱུར་དུ་གསོས་ཏེ་འོང་། །གསུང་ནས་ལས་ཀྱི་རྡོ་རྗེའི་བསྒྲུབ་ཐབས་འབྲིང་པོ་ཡི་གེ་བཅུ་པའི་རིགས་གཏད་ཀྱི་དབང་གནང་། དེ་ནས་བསྒྲུབ་ཐབས་གནང་ནས་ཡི་གེ་བཅུ་པ་ཞག་ཉེར་གཅིག་བགྲངས། དེ་ནས་ཁྱུང་གི་ཤམ་བུ་བཏགས་པའི་བསྒྲུབ་ཐབས་གནང་ནས་མི་དང་ལས་སུ་འཛོམ་ཁྱོད་མྱུར་དུ་འཚོ་ཡི་གསུང་། བླ་མའི་ཙར་སྤྱིལ་པོ་བྱས་ནས། ཟླ་བ་གསུམ་བསྒྲུབ་པ་བྱས་པས་དང་པོར་ལུས་ཐམས་ཅད་ཕུས་བཏབ་པ་བཞིན་སྐྲངས། ནད་ཟུག་གཟེར་ཆེར་བྱུང་ནས་ཚུགས་ཐབས་མེད་པར་གྱུར། རྣག་ཁྲག་ཆུ་སེར་ཡང་མལ་ས་བངས་པ་བྱུང་བས། བླ་མ་ལ་ད་ད་ནང་མ་སོས་པ་འདྲ་ན་ཞུས་པས། བླ་མའི་ཞལ་ནས་དམངས་པོ་ཡུལ་འཚོལ་བ་བྱ་བ་ཡིན། ཕམ་པོ་སྲིད་འཚོལ་བ་བྱ་བ་ཡིན། དང་པོ་འདི་ཙུག་འོང་བས་འཚོ་ཡིས་གསུང་ནས། བླ་མས་ཀྱང་ཞག་བདུན་མཚམས་གཅོད་གྲོགས་མཛད་ནས་སྔགས་བགྲངས་

(༣༠)པས། ཉིན་མོ་བཟླས་པ་དོས་དྲག་ན་ངོ་གདོང་འཇམ་ཉལ་ལེ་ཡོང་། ནུབ་མོ་གཉིད་ཐུན་རེ་ལོག་ཙ་ན་ངོ་གདོང་རྦབ་རྦབ་འགྲོ་བ་ལས་འཚམས་བཅད་ནས་ཟླ་བ་གཅིག་སོང་ཙ་ན། ནུབ་གཅིག་རྨི་ལམ་ན་ལྟད་མོ་ལ་མི་མང་པོ་འགྲོ་བ་རྨིས་ཏེ། དེར་ཁོང་རྣམས་ལ་ཁྱེད་རྣམས་གང་དུ་འགྲོ་དྲིས་པས། ངེད་རྣམས་གུང་ཐང་གི་གཉན་རྡོ་རྗེ་གྲགས་ལ་གནོད་པའི་ཀླུ་བསྐྱེས་བྱེད་པ་ལ་ལྟར་འགྲོ་ཟེར། དེ་ང་ཡིན་སྙམ་ནས་རྗེ་བཙུན་དང་མི་གཅིག་འགྲོགས་ཏེ་རི་མཐོན་པོ་གཅིག་ལ་འཛེགས་ནས་རིའི་རྩེ་གཅིག་ནས་བལྟས་པས་ལུང་པ་གཅིག་ནས་སྦལ་པ་དང་སྡིག་པ་དང་། སྦྲུལ་མང་པོ་ཕྱུང་ཕྱུང་ཟེར་ཞིང་སོང་བ་ལ་བྱ་མང་པོས་ཕྱི་ནས་ཡར་འདེད་ཀྱིན་འགྲོ་འདུག་པས། སྦལ་སྦྲུལ་དེ་དག་ནི་ལ་བརྒལ་སྦྲུལ་ཆེན་པོ་ཞིག་གིས་ཕྱི་མིག་བལྟས་ནས་སོང་བ་རྨིས། གཉིད་སད་པ་དང་། མལ་ཆུར་འདབ་སོང་འདུག་ཅིང་། ངོ་གདོང་ལ་བལྟས་བས་འཇམ་མུལ་ལེ་འདུག་རྐང་པ་ལ་ཕོལ་ཡོད་པ་རྣམས་ཀྱང་གཞི་མེད་དུ་གྲག་འདུག །བདེན་ནམ་མི་བདེན་བསམ་ལངས་ནས་རྒྱུགས་བས་ཤིན་ཏུ་ལུས་བདེ་བར་འདུག་པས་ཨ་ལི་དགའ་ན། ད་ཡུལ་ན་ནི་མཛེས་ཐུ་ལུམ་ཁྱེར་ཟེར་གྱིན་ཡོད། ཕ་དར་མ་གྲགས་ལ་བུ་མ་སྐྱེས་རེ་བྱས། ཏེ་ཏེ་མང་དུ་བརྡུངས། བླ་མའི་སྤྱན་སྔར་ད་ལྟ་རང་རྨི་ལམ་བཤད་པ་ལ་འགྲོ་འམ་སྙམ་པ་ལ། སྤྱིར་རྒྱ་གར་པ་གཏུམ་

(༣༡)ཞིང་ཁྱད་པར་བླ་མ་ཐུགས་གཏུམ་པས་བཀའ་བཀྱོན་བྱུང་གིས་དོགས་ནས་བསྡད་པས། སྔར་བས་ནམ་བཅུ་འདབ་ཀྱི་རིང་བ་ཙམ་བྱུང་། ནང་པར་སྔ་བར་ལངས་ནས་བླ་མའི་དྲུང་དུ་ཕྱིན་པས་བླ་མ་མི་བཞུགས་འདུག །ཡུམ་ལ་ཞུས་པས་ཕྱིར་གཤེགས་གསུང་། དྲུང་དུ་ཕྱིན་ཕྱག་ཕུལ་ནས་ང་ལུས་ཀྱང་ཤིན་ཏུ་བདེ་བར་གྱུར་ཞེས་མདང་གི་རྨི་ལམ་རྣམས་ཞིབ་ཏུ་ཞུས་པས། བླ་མའི་ཞལ་ནས་ད་སོས་པ་ཡིན་ནོ། །འོན་ཀྱང་ད་རུང་ལོག་ཉེན་ཡོད་སྦྲུལ་ཕྱི་མིག་བལྟ་བ་དེ་མ་ལེགས་པས་བཟླས་པ་བྱ་དགོས། སྤྱིར་ཡང་ས་བདག་བྱ་བ་གདུག་པ་ཆེ། སྙུགས་རིང་འཇབ་མཁས་པས་ལོག་ཉེན་ཡོད་པས་དྲག་སྔགས་ཀྱི་བསྲུང་བ་བྱེད་དགོས་གསུང་ནས། ཀ་རུ་ཎ་རྩ་གསུམ་པ་བཏགས་ནས་བསྲུང་བའི་དོན་དུ་ཟླ་བ་གཅིག་འཚམས་མཛད་དོ། །གཞན་ཡང་གཏུམ་པོ་སྔ་འགྱུར་གྱི་ཆོས་སྐོར་མང་ཞིག་གནང་། དེ་ནས་ནད་སོས་པས་དགའ་གྲགས་ནས་བླ་མ་ལ་ཆོས་གཞན་ཞུ་བ་ཡང་མ་དྲན། བོད་ལ་འགྲོ་སྙིང་འདོད་པར་བྱུང་བས་བླ་མའི་དྲུང་དུ་ཞུ་བ་ལ་ཕྱིན་སྟེ། དང་བོད་ལ་འགྲོ་སྙིང་འདོད་པས་ངས་བོད་ལ་ཕྱིན་ནས་གསེར་བརྩལ་ནས་བླ་མའི་སྐུ་དྲིན་ལན་གཅིག་འབུལ་ཏེ། ང་ཕྱུག་པོ་ཁོ་ན་མ་ཡིན་པས་ཕན་ཚུན་འཚོལ་དགོས་པས་ལོ་བཞི་ཙམ་འགོར་དོགས་ཡོད་

(༣༢)པས། དེ་བར་བླ་མ་ཞབས་པད་བརྟན་པར་བཞུགས་པ་དང་། ངའི་སྲུང་བ་མཛོད་གཅིག །ངས་བོད་ནས་གསེར་བསླངས་འོང་ངོ་ཞུས་པས་རུང་གིས་ཛཱ་ཛཱ་གསུང་ནས་རྗེ་བཙུན་གྱིས་ཆས་པ་དང་། བླ་མས་བར་ཆད་མེད་པར་བྱིན་བརླབས་མཛད་དེ་ནས་བོད་དུ་བྱོན་པས་མ་ཁུས་མཐོང་ནས་མ་ཁུ་ཅན་དུ་ཤོག་ཟེར། ཁྱོད་ཀྱི་ནད་སོས་འདུག་གང་དུ་ཕྱིན། ད་ཕ་གཞིས་གཉེར་བགྱིས་ཟེར་རྩིས་ཆེ་ཆེ་སྐད་ཟེར། འཁོར་བ་ལ་ཐུགས་གཏིང་ནས་སྐྱོ་བ་སྐྱེས་བས། མ་ཁུ་ལ་སྐྱིད་ན་འཁོར་བ་ལ་དགོས་སྐད། སྡུག་ན་ཕྱིར་འདོན་ཞིང་མཐའ་གཅོད་པས་འཁོར་བའི་ཁྲོད་དུ་སྐྱིད་ཀྱང་སྡོད་རེ་ཞེས་དབུ་སྙུང་མཛད་དེ། མ་ཁུས་འབོད་པ་ཅན་མ་ཕྱིན་པར་རྗེ་བཙུན་མི་ལ་བརྩད་གཅོད་ཅིང་དྲུང་དུ་བྱོན་པས། སྔར་གྱི་འདག་འབྱར་མ་བཤིག་པར་བཞུགས་འདུག །འདག་འབྱར་བཤིག་ནས་མཇལ་བས་བླ་མ་དགྱེས་ནས་ཕྱག་གིས་འཐེན་འཐེན་མཛད། ཁྱོད་ཀྱིས་གོ་བཅད་ང་ཁྱོད་ཀྱི་མཛེ་གཡོག་བྱེད་སྙམ་ནས་འབོད་མི་བཏང་བས་རྒྱ་གར་ལ་སོང་ངེ་ཟེར་བས་དགའ་བར་བྱུང་། སུ་ལ་ཐུག་སུས་ཕན་ལ་སོགས་ཞིབ་ཏུ་འདྲི་བ་ལ་འདི་ལྟར་བྱས་ཀྱི་ལོ་རྒྱུས་རྒྱས་པར་ཞུས་པས་ཤིན་ཏུ་མཉེས་སྐད། རས་ཆུང་པས་རྗེ་བཙུན་ལ་སྙུན་དྲིས་པའི་ལན་དུ་རྗེ་བཙུན་གྱིས་མགུར་

(༣༣)འདི་གསུངས་སོ།། ༈ །།དྲིན་ཅན་མར་པའི་ཞབས་ལ་འདུད། །བདག་ཉེ་དུ་དང་འབྲེལ་ཐག་བཅད་པས་བདེ། །ཕ་ཡུལ་གྱི་ཞེན་པ་སྤངས་པས་བདེ། །ཡུལ་སྡེའི་གཉེར་ཁ་མེད་པས་བདེ། །དགེ་འདུན་གྱི་རྫས་ལ་མ་འབགས་བདེ། །ཁང་ཁྱིམ་བདག་ཏུ་མ་བཟུང་བདེ། །འདི་ལ་འདི་དགོས་མེད་པས་བདེ། །འཕགས་པའི་ནོར་གྱིས་ཕྱུག་པས་བདེ། །འཚོ་སྐྱོང་གི་སྡུག་བསྔལ་མི་དགོས་བདེ། །བོར་དོར་གྱི་དོགས་པ་མེད་པས་བདེ། །ཟད་པའི་འཇིགས་པ་མེད་པས་བདེ། །སེམས་ཀྱི་ཕུ་ཐག་ཆོད་པས་བདེ། །ཡོན་བདག་གི་ངོ་སྲུངས་མི་དགོས་བདེ། །སྐྱོ་ངལ་སུན་པ་མེད་པས་བདེ། །ཚུལ་འཆོས་མ་བྱས་སྤྱོད་པ་བདེ། །ཅི་བྱས་ཆོས་སུ་སོང་བས་བདེ། །འགྲོ་འདོད་ངལ་དུབ་མེད་པས་བདེ། །གསོད་གཅོད་འཇིགས་པ་མེད་པས་བདེ། །རྐུ་འཕྲོག་འཇིགས་པ་བྲལ་བས་བདེ། །དགེ་སྦྱོར་གྱི་མཐུན་རྐྱེན་བྱུང་བས་བདེ། །སྡིག་པའི་ལས་རྣམས་སྤངས་པས་བདེ། །བསོད་ནམས་ཀྱི་ལས་ལ་འབད་པས་བདེ། །ཞེ་སྡང་གནོད་སེམས་བྲལ་བས་བདེ། །ང་རྒྱལ་ཕྲག་དོག་སྤངས་པས་བདེ། །ཆོས་བརྒྱད་སྐྱོན་དུ་མཐོང་བས་བདེ། །དེ་ཡང་བཏང་སྙོམས་བཞག་པས་བདེ། །སེམས་ཀྱིས་སེམས་ལ་བལྟས་པས་བདེ། །དེ་ཡང་རེ་དོགས་མེད་པས་བདེ། །འཛིན་མེད་འོད་གསལ་ཀློང་ན་བདེ། །མི་རྟོག་ཡེ་ཤེས་

(༣༤)དབྱིངས་ན་བདེ། །ཤུགས་འབྱུང་གཉུག་མའི་ངང་དུ་བདེ། །ཚོགས་དྲུག་རང་སར་བཞག་པས་བདེ། །སྒོ་ལྔའི་རྣམ་ཤེས་གསལ་བས་བདེ། །ཡིད་ཀྱི་འགྲོ་འོང་ཆད་པས་བདེ། །བདག་ལ་བདེ་ལུགས་མང་བར་གདའ། །རྣལ་འབྱོར་རང་གི་སྐྱིད་གླུ་ཡིན། །སྐྱིད་པ་གཞན་ལ་ང་མི་སྨོན། །ཤི་ཡང་བདེ་དེ་སྡིག་མ་བྱས། །གསོན་ཡང་བདེ་དེ་དགེ་སྦྱོར་འཕེལ། །ཟས་གོས་ཡོན་བདག་རྣམས་ཀྱིས་སྦྱོར། །འདི་ནི་དཀོན་མཆོག་བླ་མའི་དྲིན། །རྣལ་འབྱོར་བདེ་བའི་ཚད་དུ་གདའ། །རས་ཆུང་བདེ་འམ་དོན་འགྲུབ་བམ། །ཞེས་གསུངས་པས་རས་ཆུང་པས་ཀྱང་བདག་ཀྱང་བདེ་དོན་ཡང་འགྲུབ་ཅེས་ཞུས་སོ། །རྒྱ་གར་ལ་བྱོན་ཏེ་བླ་མ་ཝ་ལ་ཙཎྜ་དང་མཇལ་གསང་བའི་བདག་པོ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོས་སྐོར་གསན་ཚུལ་སོགས་སྐུ་སྙུན་མཛེ་ལས་གྲོལ་ཞིང་ཆོས་ཕྱིར་དཀའ་བ་སྤྱད་ཚུལ་གྱི་སྐོར་ཚེ་དེ་གསུམ་པའོ། ༈ །གཉིས་པ་བར་དུ་ཐོས་བསམ་སྒོམ་གསུམ་མཛད་ཅིང་ཉམས་རྟོགས་མཐར་ཕྱིན་པའི་ཚུལ་ལ་སྐོར་ཚེ་བཅུའི་དང་པོ་ནི། དེ་ནས་རས་ཆུང་པས་ད་ནི་ཉམས་རྟོགས་མཐར་མ་ཕྱིན་གྱི་བར་དུ་རྗེ་བཙུན་གྱི་ཕྱག་ཕྱིར་འབྲལ་མེད་བྱེད་པས། སྨིན་གྲོལ་དབང་དང་གདམས་པ་རྣམས་ལྷག་མ་མ་ལུས་པར་གནང་དགོས་ཞུས་དྲུང་ན་བཞུགས་ཡོད་ཚེ། ཡང་མ་ཁུ་འབོད་དུ་བྱུང་

(༣༥)བས་རྗེ་བཙུན་མི་ལས་མཐུས་བསྡིགས་པས་གྲེད་དེ་ལོག་ནས་སོང་། དེ་དུས་བླ་མའི་དྲུང་དུ་ཕྱག་རྒྱ་ཆེན་པོ་དང་གཏུམ་མོའི་གདམས་པ་ཁ་འཐོར་བ་རྣམས་ཞུས་འཇིག་རྟེན་འདི་དང་ཁྱིམ་གྱི་བྱ་བ་རྣམས་བློས་བཏང་། ད་ནི་ཤི་རུང་གསོན་རུང་བླ་མ་ཁྱེད་རང་མཁྱེན་ཞེས་པའི་དམ་བཅའ་ཡང་མཛད། དེར་བླ་མ་ཡང་མཉེས་པས་གདམས་པ་གཞན་ཡང་འགའ་ཙམ་གནང་། དེར་བླ་མ་ལ་ཞུས་ནས་ང་བླ་མ་ཝ་ལ་ཙཎྜ་ལ་བཀའ་དྲིན་ཞིག་སྐྱེལ་དགོས་ཡོད་པས་གསེར་འཚོལ་ཞུས་པས་བཀའ་གནང་ནས་བསོད་སྙོམས་ཡང་མཛད། མ་ཁུ་ལ་ཞིང་སྐལ་ཆུང་བ་བླངས་ནས་དེ་བཙོངས་ཐབས་གང་གྲག་གིས་བཙལ་བས་ལོ་གཉིས་ཙམ་ལ་གསེར་སྲང་ཕྱེད་དང་བཞི་རྙེད་པ་ཁྱེར་ཏེ་མྱུར་བར་ཏ་པ་ས་ཏར་བྱོན་ནས་བླ་མ་དང་མཇལ། གསེར་སྲང་དོ་བླ་མ་ལ་ཕུལ་གང་ཇོ་མོ་ལ་ཕུལ་ནས་བླ་མའི་དྲུང་དུ་ཡོད་དུས་མི་གཅིག་གིས་ཚྭ་བྲེ་གང་གི་ཁར་གསེར་མན་འཇའ་གཅིག་བཞག་ཏེ་ཕྱག་བཙལ་ནས་པ་ར་པི་ཏོ་མང་པོ་ཟེར། འདི་ཅི་ཟེར་བ་ལགས་ཞེས་ཞུས་པས། བག་མ་གཅིག་ཆུ་མིག་ཁར་མ་ཧེའི་བུ་ཤི་བའི་གློ་ཁྲུར་ཕྱིན་པས་བུད་མེད་དེ་རྐྱལ་པ་ཕུས་གཏབ་པ་ལྟར་སོང་། དེ་ལ་ང་འབོད་པ་ཡིན་གསུང་། འཚོ་འམ་ཞུས་པས་འཚོ་གསུང་། འོ་ན་ང་ཡང་ཁྲིད་པར་ཞུ་བྱས་ཏེ་བླ་མའི་གདན་ཁུར་

(༣༦)ནས་ཕྱིན། ཅོ་པ་རིར་འཚམས་ཞག་ལྔ་བཅད་དེ་འཚམས་གྲོལ་ནས་བླ་མས་སྦྱིན་བསྲེག་མཛད། སྦྱིན་བསྲེག་བྱས་པའི་མེ་དམར་ལམ་མེ་བ་ལ་བུད་མེད་དེ་སྟེག་ནས་བསྐྱུར་བ་དང་བརྒྱལ་བ་དེ་སངས་ནས་སོས་སོ། །བུད་མེད་དེ་གུས་ནས་བླ་མའི་སྐུ་བཀྲུས་པའི་དྲི་མ་འཐུང་ཞིང་གདའ། ཡང་མི་གཅིག་གིས་ཚྭ་ཁྱེར་ནས་གོང་ལྟར་ཟེར་བ་ལ་ཅི་ཟེར་ཞུས་པས། སྦྲུལ་མོ་གཅིག་ལ་ཕྲུ་གུ་སྐྱེས་བས་ཕྲུ་གུ་དེ་མི་གཅིག་གིས་བསད་དེ་ནས་སྦྲུལ་དེས་མི་དེ་བཟུང་བས། མི་དེ་ད་ལྟ་ཤི་ནས་ཡོད་ཟེར། དེར་འབོད་པ་ཡིན་གསུང་། ཡང་གོང་ལྟར་ཞུས་ཕྱིན་ཙ་ན། ཀ་ར་ཀ་ཏ་ཨ་ཚེ་གསུང་། བྱ་མོ་ནག་མོ་གཅིག་ཁྱེར་ནས་བྱུང་། པཱ་ཎི་ཨ་ཚེ་གསུང་ཆུ་ཁྱེར་ནས་བྱུང་། དེར་ཏིང་ངེ་འཛིན་ཡུན་རིང་བར་མཛད་བྱབ་པ་བྱས་ཤིང་ཆུ་ལ་བླུག །ཆུ་བྱ་མོ་ལ་གཏོར་བས། མི་དེ་ལ་སྦྲུལ་འཁྲིལ་ནས་འདུག་པ་བསལ་བ་དབུགས་ནར་གྱིས་བྱུང་། སྦྲུལ་དེ་མ་བསད་པར་ཁོ་རང་གི་གནས་སུ་སྐྱོལ་ཞིག་གསུང་ངོ་། །ཀླུའི་གཏེར་ཡོད་པས་ཞིང་ལ་སོགས་པ་མ་བྱེད། བྱེད་པར་འདོད་ན་ཀླུ་དེ་དེ་མིན་པ་གཞན་ཞིག་དུ་ངས་སྐྱེལ་དུ་བཅུག་གིས་གསུང་ནས་སྐྱེལ་དུ་འཇུག་པ་མཛད་ཅིང་འདུག་པ་ལ། ལམ་ན་ཕར་འོ་མ་དང་རྩི་སྨན་གྱིས་ཆག་ཆག་བཏབ། གར་སྐྱེལ་བ་དེའི་སར་ཀླུའི་ཕོ་བྲང་བཞེངས་ནས་སྒྲུབ་པ་མཛད་པས་སྦལ་ལྕོང་གྲེད་དེ་སྐྱེད་

(༣༧)པ་མཐོང་གསུང་། དེ་མིན་པའི་ཡོན་ཏན་མང་པོ་འདུག་པ་ལ། ང་རང་མཛེ་བསོས་བས་ཆོག་སྙམ་ནས་ཞིབ་པར་མ་ཞུས། དེ་ནས་འཁོར་བ་བཞིའི་སྒྲུབ་ཐབས་རྣམས་ནས། གཞན་ཡང་བླ་མའི་དྲུང་དུ་གཏུམ་ཆུང་གི་སྐོར་ལ་ཕྱི་སྒྲུབ་ཁྱུང་གི་ཤམ་བུ་ཅན། ནང་སྒྲུབ་ཡུམ་གྱི་ཤམ་བུ་ཅན། ཁྱུང་ཤམ་ཅན་གྱི་སྐོར་ལ་གཏུམ་པོ་ཁྱུང་གཅིག་གི་སྐོར། ཁྱུང་གསུམ་གྱི་སྐོར། ཁྱུང་ལྔའི་སྐོར། ཁྱུང་ཉི་ཤུ་རྩ་གཅིག་གི་སྐོར། ཁྱུང་ཉི་ཤུ་རྩ་ལྔའི་སྐོར། གཏུམ་པོ་ཕུར་གཅིག་མ་སོགས་དང་། ནང་སྒྲུབ་ཡུམ་དང་བཅས་པའི་ཆ་ལག་ཡོངས་སུ་རྫོགས་པ། གཞན་ཡང་བླ་མའི་དྲུང་དུ་གཏུམ་ཆེན་གསང་སྒྲུབ་ཕུར་པའི་ཤམ་བུ་ཅན་གྱི་སྐོར། རྒྱུད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཚང་མ་འབྲེལ་བཤད་དང་བཅས་པ། དེ་དག་གི་ཕྱི་ནང་གསང་གསུམ་དབང་སྒྲུབ་ཐབས་ལས་མཐའ་དང་བཅས་པ་ཆ་ཚང་བ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་སྐོར་ཆ་ཚང་བ། ཨུ་ཙརྻའི་སྐོར་ཆ་ལག་ཚང་བ་སྟེ་ཕྱག་ན་རྡོ་རྗེའི་ཆོས་སྐོར་ཚང་བར་གསན། གཞན་ཡང་སངས་རྒྱས་ཐོས་ཆོག་གཞུང་ཁྲིད་བཅུ་དྲུག །ལོ་རྒྱུས་ཆ་ལག་དང་བཅས་པ་གནང་ནས་ད་ལེན་སྤེལ་བའི་དུས་མིན་ཁྱོད་ལ་སློབ་མ་ལོའི་མིང་ཅན་ཞིག་འོང་དེ་ལ་གཏེར་གྱི་ཁ་བྱང་གཏོད་ལ། བོད་ཀྱི་ཡུལ་ན་གནས་མཁའ་འགྲོ་

(༣༨)འདུ་བ་དུང་གི་ཁང་པ་བྱ་བ་ཡོད་དེར་གཏེར་དུ་སྦོས་ལ་མི་རབས་བདུན་ལ་འདོན་པའི་སྨོན་ལམ་ཐོབ་གསུང་ནས་ལུང་བསྟན་ཁ་བྱང་དང་བཅས་པ་ཆ་ཚང་བར་གནང་། གཞན་ཡང་གདམས་ངག་གི་གཏེར་མཛོད་དུ་བཞུགས་པས་ཆོས་དབང་མན་ངག་རྟེན་འབྲེལ། བཟློག་སྐོར་རྒྱུད་སྐོར་ལ་སོགས་ཟབ་ལ་རྒྱ་ཆེ་མང་དུ་གནང་ནས་འདི་སྐད་གསུང་། ཨེ་མ་ཧོ། བསྐལ་བ་ཅན་གྱི་གང་ཟག་ཁྱོད། །ཆོས་དང་གདམས་པའི་མཛོད་དུ་འགྱུར། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་དེ། །མི་རྒན་ཁ་ལ་ཉན་སྤྲོ་ན། །ཁ་བ་ཅན་གྱི་ལྷོ་རྒྱུད་ངོས། །མཐའ་ནི་གངས་ཀྱིས་བསྐོར་བའི་ས། །ཤཱཀྱ་སེངྒེ་ལུང་བསྟན་གནས། །རི་བོ་ཤིནྟའི་ལྷོ་ཕྱོགས་ན། །ཡེ་ཤེས་མཁའ་འགྲོའི་གནས་ཤིག་ཡོད། །དེ་རུ་འགྲོ་དོན་འགྲུབ་པར་འགྱུར། །ཞེས་གསུངས་ནས། ད་གདམས་པ་ཐམས་ཅད་རྫོགས་པ་སྦྱིན་ཡོད་ཚིམ་པར་གྱིས་ཤིག་གསུང་། དེ་ནས་གསེར་ལྷག་མ་གང་ཡོད་ཐམས་ཅད་ཕུལ་ནས་གཏུམ་པོའི་གདམས་ངག་ལྷག་མ་མེད་དམ་ཞུས་པས། དབུ་སྙུང་བཞེས་ནས་བྷི་ན་ཡ་གའི་སེར་བ་གཅིག་གསུངས་སོ། །དེ་ནས་བླ་མས་གསུང་ནས་ཁྱོད་རྣལ་འབྱོར་པར་འདུག་པས་སུའི་སློབ་མ་ཡིན་གསུང་། ད་ནཱ་རོ་པ་ནས་བརྒྱུད་པ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ཞེས་གྲགས་པ་དེའི་

(༣༩)སློབ་མ་ཡིན་ཞུས་པས། ད་ཁྱོད་དམ་ཚིག་གཙང་མ་སྣོད་དང་ལྡན་པ་ཅིག་འདུག་པས། འདི་ན་ནཱ་རོ་པའི་སློབ་མ་གཅིག་ཡོད་པས་དེ་མཇོལ་གསུང་། ཕྱག་རྟེན་མེད་ཞུས་པས། ཇོ་མོས་རས་ཡུག་གཅིག་བསྐུར་བྱུང་བ་ཁྱེར་ནས་བླ་མ་ཏི་ཕུའི་དྲུང་དུ་ཕྱིན་པས་ལོཙྪ་བ་ཇོ་རྒྱལ་དང་དུས་འཛོམ། བླ་མ་ཏི་ཕུ་དང་སྔར་འདྲིས་ཀྱི་ཕ་བུ་འཕྲད་པ་ལྟར་བྱུང་། བླ་མ་ཏི་ཕུ་ལ་མོས་པར་བྱུང་བས་ལོ་རྒྱུས་རྣམས་ལོཙྪ་བ་ལ་ཞིག་ཏུ་དྲིས་པས་ཡུལ་ཡངས་པ་ཅན། རིགས་སྦྲམ་ཟེ། ཡབ་སྒེག་པའི་རྡོ་རྗེ། ཡུམ་ཀུན་ཏུ་བཟང་མོའི་སྲས། ཡབ་པཎྜི་ཏ་གྷ་ཡ་དྷ་ར། ཁུ་བོ་པཎྜི་ཏ་ཟླ་བའི་སྙིང་པོ། ཡུམ་མཁའ་འགྲོ་མ་བཛྲ་ར་ཏྲ། ཞང་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ། ཡབ་ཡུམ་གཉིས་ལ་སྲས་ལྕམ་སྲིང་གསུམ་ཡོད་པའི་ཐོག་མ་ཡིན་ལ། མཚན་དྷརྨཱ་བཛྲ་ཏེ། སྲས་དེ་ཉིད་ལོ་བཅུ་གསུམ་ལོན་ཚེ་ཚེའི་དུས་བྱས་ཏེ། ཤིན་ཏུ་གཅེས་པས་མྱ་ངན་དང་བཅས་བསིལ་བ་ཚལ་གྱི་དུར་ཁྲོད་དུ་རོ་བསྐྱལ་ཏེ། སྐྱེལ་མི་རྣམས་རོ་ཆོག་བྱེད་པའི་ཚེ། བུའི་རོའི་གམ་དུ་ཕུ་རོན་ཞིག་བྱུང་བ་བབས་ཏེ་མགོ་གུག་གུག་པ་གསུམ་བྱས་ནས་ཤི་སོང་བ་དང་། བུ་སོས་དེ་ལངས་བྱུང་རོ་སྐྱེལ་མི་རྣམས་འཇིགས་ཤིང་སྐྲག་དེ་ཕྱོགས་ཕྱོགས་སུ་འབྲོས་པར་

(༤༠)བརྩམས་པ་ལས། སྔར་ཡབ་ཀྱི་ཐུགས་རྗེས་རྒྱ་སྐད་བརྡའ་འཕྲོད་ཙམ་མཁྱེན་པས། ང་རོ་ལངས་མིན་ང་རང་སོས་པ་ཡིན། ཁྱིམ་དུ་འགྲོ་གསུངས་པས། ཁོང་རྣམས་དགའ་གྲགས་ཧ་ལས་ངོ་མཚར་དུ་གྱུར་པ་དང་སྡེབས་བྱོན་པས། སྔར་གྱི་བྱིས་པ་རྩེད་གྲོགས་རྣམས་ན་རེ། ཁོང་ཤི་བར་འདུག་ཟེར་མདུན་དུ་བྱུང་། ཡུལ་མི་རྣམས་ན་རེ་རིམ་འགྲོ་ལ་དུར་ཁྲོད་དུ་ཕྱིན་པར་འདུག་ཟེར། ཕ་མ་གཉིས་དང་འཕྲད་པས་འཆངས་ཏེ་དགའ་གྲགས་བརྒྱལ་བ་ལས་སངས་པ་དང་། ཤི་བ་སོས་པ་ལས་མཆོག་ཏུ་དགའ་སྟེ་རོ་སྐྱེལ་མི་རྣམས་ལ་སོས་ལུགས་ཇི་ལྟར་བྱུང་དྲིས་པས། ངེད་རྣམས་རོ་ཆོག་བྱེད་དུས་ཕུང་པོའི་རྩར་ཕུ་རོན་ཞིག་བྱུང་སྟེ་ཤི་མ་ཁད་བུ་སོས་བྱུང་ཟེར་རོ། །ཕ་མས་སྔར་ལྟར་བརྩེ་བས་སྐྱོང་ཞིང་འགྲོགས་པ་ལས། སྔར་གྱི་བུ་དེ་བས་ཤེས་རྒྱུད་དལ་ཞིང་ཆོས་ལ་དཀར་བ་ཕ་མ་ལ་གུས་ཤིང་དབུལ་འཕོངས་ལ་བྱམས་པ། དཀོན་མཆོག་ལ་མོས་ཤིང་དགེ་ལས་ལ་བརྩོན་པ་ཞིག་འདུག་པས། སྔར་གྱི་བུ་དེའི་ཤེས་རྒྱུད་མིན་པར་ཤེས་ཏེ་ཇི་ལྟར་ཡིན་དྲིས་པས་ཕུ་རོན་གྱིས་བོད་ནས་གྲོང་འཇུག་བྱས་པ་སོགས་ལོ་རྒྱུས་རྒྱས་པར་བཤད་པས་རྒྱ་གར་གྱི་ཡུལ་དེའི་སྐད་དུ། ཕུ་རོན་ལ་ཏི་ཕུ་ཟེར་བས། དེ་ལ་ཡ་མཚན་པར་བྱས་མཚན་ཏི་ཕུ་པར་ཆགས་

(༤༡)པ་ལས། བུ་ཡི་འདུ་ཤེས་མེད་པར་བླ་མ་ཟེར་ཏེ་བྲམ་ཟེ་ཡབ་ཡུམ་གཉིས་བོས་ཞབས་ཏོག་བྱས་པ་ལས། ཚེ་འདིར་ཡང་བུ་དང་འདྲ་བའི་ཕན་ཐོགས་བྱུང་སྟེ། དེ་མིན་ལོངས་སྤྱོད་ཆེ་ཞིང་ཅི་བསམས་ཀྱི་དོན་འགྲུབ། སྲས་དེ་ཡང་སྐུ་སྐྱེད་ཆེ་ཞིང་མཚན་དང་དཔེ་བྱད་ཀྱི་ཆ་ཤས་ཀྱིས་བརྒྱན་པ། ཆོས་ལ་མངོན་པར་དད་པས་སློབ་དཔོན་གུ་པ་ཏ་བཛྲ་ལ་གློག་དང་ཡི་གེ་བསླབས། དགོངས་ལོ་བཅོ་ལྔ་བཞེས་ཚེ། དེ་ནས་ནཱ་རོའི་དྲུང་དུ་བྱོན་ནས་རབ་ཏུ་བྱུང་བ་མཛད་པས་མེ་ཏོག་གི་ཆར་འབབ་པ་དང་། རོལ་མོའི་སྒྲ་སྒྲོག་ས་གཡོ་བ་སོགས་བལྟས་ངོ་མཚར་ཅན་མང་པོ་བྱུང་། པཎ་ཆེན་ནཱ་རོ་ལ་ཆོས་མང་པོ་ཞུས་པའི་སྐབས་ཞིག །རྗེ་བཙུན་ནཱ་རོ་པ་ནམ་མཁའི་མཐོང་ན་གར་མཛད། འཇའ་ཡི་གུར་ཕུབ་མཁའ་འགྲོ་སྤྲིན་ལྟར་སྟིབས། དེ་དག་གི་དབུས་ན་རྗེ་བཙུན་ཏེ་ལོ་པ་རུས་པའི་རྒྱན་དྲུག་གསོལ་དུར་ཁྲོད་ཀྱིས་ཆས་ཀྱིས་རྒྱན་ཕྱག་ན་རྡོ་རྗེ་དང་ཐོད་པ་འཛིན་པ། བདེ་བར་གཤེགས་པ་གཞན་ཡང་ནམ་མཁའི་སྐར་ཚོགས་བཀྲམ་པ་ཙམ་དང་། རྡོ་རྗེ་ཕག་མོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་གཟིགས། དད་མོས་དཔག་ཏུ་མེད་པ་འཁྲུངས་པས་ཏེ་ལོས་གསང་སྔགས་ཀྱི་མན་ངག་མང་པོ་བརྡའ་ཡི་ཚུལ་དུ་བསྟན། རྡོ་རྗེ་ཕག་མོ་སོགས་མཁའ་

(༤༢)འགྲོ་མང་པོས་དགོངས་རྒྱུད་ཀྱི་ཚུལ་དུ་ཐུགས་ལ་འཕོས། དེ་རྣམས་ཀྱི་ལོ་རྒྱུས་ནཱ་རོའི་དྲུང་དུ་ཞུས་པས། ཐུགས་དགྱེས་པའི་ཚུལ་གྱིས་ཞལ་ནས། ཁྱོད་མར་བའི་སྲས་ཏི་ཕུའི་ལུས་ལས་བྲམ་ཟེའི་བུ་ལ་གྲོང་འཇུག་བྱས་ཤིང་། རྗེ་བཙུན་ཏེ་ལོ་པ་ཆེན་པོས་བྱིན་གྱིས་བརླབས་པའི་བུར་འདུག་ཅིང་གསང་སྔགས་ཀྱི་བསྟེན་པ་རྒྱ་བོད་གཉིས་སུ་རྒྱས་ཞིང་སྐལ་ལྡན་མང་པོ་སྨིན་ཅིང་གྲོལ་བར་ནུས་པས། མིང་ཡང་ཏི་ཕུ་གསང་སྔགས་ཀྱི་སྡོང་པོར་ཐོགས་ཤིག་གསུང་། རིགས་པའི་གནས་ལྔ་ལ་མཁས་པར་སྦྱངས། ནཱ་རོ་པ་དང་མངའ་བདག་མཻ་ཏྲི་པ་གཉིས་ཀའི་གདམས་པ་རྫོགས་པར་ཞུས། ནཱ་རོའི་ཞལ་ནས་ཏི་ཕུ་ཁྱོད་ཀྱང་བསྒོམ་སྒྲུབ་རེམ་ལས་གྱིས་ཤིག་གསུང་། དགུང་ལོ་བཅོ་བརྒྱད་བཞེས་དུས་ནཱ་རོའི་ཞལ་ནས་འཁོར་བསྡུས་ཤིག་གསུང་། དེ་ནས་རེ་ཞིག་ན་ཏི་ཕུས་བསོད་སྙོམས་ལ་བྱོན་པས། གྲོང་ཁྱེར་ཆེན་པོ་བདེ་ལྡན་བྱ་བ་ན་མཚན་ལྡན་མ་རིགས་བཟང་ཞིང་སྤྱོད་ལམ་དང་མཚན་ཉིད་ཚུལ་དང་ལྡན་པ་ཞིག་བསོད་སྙོམས་འབུལ་བ་ལ་བྱུང་བས་ཏི་ཕུས་མཚན་དང་ལྡན་པར་གཟིགས་ནས་དབང་དུ་བསྡུ་བར་དགོངས། མཚན་ལྡན་མ་དེས་ཀྱང་ཏི་ཕུ་སངས་རྒྱས་དངོས་སུ་མཐོང་སྟེ་ཕྱག་བཙལ་གསོལ་བ་བཏབ་ནས་འབྲལ་བ་མེད་པའི་

(༤༣)དངོས་གྲུབ་ཞུས། ཏེ་ཕུས་རྗེས་སུ་བཟུང་ནས་མིང་ཌཱ་ཀི་ཛྙཱ་ན་མི་ཏྲ་ཞེས་གྲགས་སོ། །དེ་ནས་ཡང་ཏི་ཕུས་གྲོང་ཁྱེར་བ་ར་ཎ་སེར་བྱོན་པས། གྲོང་ཁྱེར་བ་ཐམས་ཅད་ཏི་ཕུའི་ཞལ་བལྟ་བ་ལ་འཚོགས། དེའི་ཁྲོད་ན་མཚན་དང་ལྡན་པའི་བུ་མོ་ཞིག་གུས་པས་ལྷ་ཕྱག་འཚལ་ཞིང་མོས་གུས་དུང་དུང་བྱེད་པ་ཅིག་འདུག་པ་དེ་དབང་དུ་བསྡུས་ཏེ་མུ་དྲཱར་རྟེན་ནས་སྔགས་ཀྱི་འབྲས་བུ་སྒྲུབ་པར་མཛད། དེའི་མིང་པདྨ་པཉྩ་ཞེས་ཟེར། དེ་ནས་ཏི་ཕུ་ཡབ་ཡུམ་གསུམ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་སྟེ་ཤིང་སྤངས་གནས་སུ་སྒྲུབ་པ་ལ་བརྩོན་པར་བཞུགས་སྐད་དོ། །ལོ་གསུམ་བསྒྲུབས་པས་ཉམས་རྟོགས་གོང་འཕེལ་དུ་གྱུར་ནས་ཞེན་པ་མེད་པའི་བདེ་སྟོང་དབྱེར་མེད་དུ་རྟོགས་ཤིང་སྙིང་པོ་དོན་གྱི་དགོངས་པ་མཐའ་ཕྱིན་ཐུན་མོང་གི་དངོས་གྲུབ་ཡང་གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི་འགྲུབ། དེ་ནས་ཡབ་ཡུམ་གསུམ་གྱིས་ངང་པ་གསུམ་དུ་སྤྲུལ་ནས་ནུབ་ཕྱོགས་མེ་ཏོག་བཀོད་པའི་ཚལ་ན་ཡུམ་གོས་དཀར་མོའི་སྤྲུལ་པ་ཨ་ནེ་གྲུབ་པའི་རྒྱལ་མོ་དང་མཇལ་ནས་ཚེ་དཔག་མེད་ཀྱི་སྨིན་གྲོལ་གདམས་པ་ཞུས་ཤིང་ཚེའི་རིགས་འཛིན་བརྙེས། དུར་ཁྲོད་བརྒྱད་དང་ཡུལ་ཉི་ཤུ་རྩ་བཞིའི་གནས་སུ་བྱོན་ནས་སྔར་འདས་པའི་རིགས་འཛིན་མང་པོ་

(༤༤)ངང་མཇལ་སྟེ། དེ་རྣམས་གསུང་མཐུན་པར། རྡོ་རྗེ་འཆང་ཆེན་ཧེ་རུ་ཀ་པ་དེ། །ཧེ་རུ་ཀ་ནི་ཏེ་ལོ་པ་ཞེས་གྲགས། །ཁྱོད་ནི་ཏེ་ལོའི་ཐུགས་ཀྱི་སྤྲུལ་པ་སྟེ། །ཁྱོད་ནི་སངས་རྒྱས་དངོས་ཀྱི་རྣམ་སྤྲུལ་ཡིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པར་མི་ནུས་སོ། །ཞེས་བྱ་བ་ལ་སོགས་པའི་ལུང་སྟོན་པ་ནི་ཤིན་ཏུ་མང་ཞིང་རྒྱ་གར་ན་ད་ལྟ་འགྲོ་བའི་དོན་རྒྱ་ཆེ་བར་བཞུགས་བྱ་བ་ལ་སོགས་པའི། རྣམ་པར་ཐར་པ་ཐོ་རེ་ལོང་ངེ་བ་གཅིག་ལོཙྪ་བས་གསུངས་བྱུང་བས་ཤིན་ཏུ་དད་པར་བྱུང་། བླ་མ་ལ་ཆོས་འབྲེལ་ཞིག་ཞུ་ཞུས་པས་ཚར་གསུམ་ཁུག་པ་དབང་གི་གདམས་ངག་གིས་སྣ་དྲངས་པའི་ཆོས་སྐོར་ཐོར་བུ་ཞིག་གནང་། དེ་ནས་ཕྱག་དང་བསྐོར་བ་བྱས་ཞབས་སྤྱི་བོར་བླངས་ཤིང་སྨོན་ལམ་བཏབ་ནས་ཏ་པ་ས་ཏར་བྱོན་ནས་བླ་མ་ཝ་ལ་ཙཎྜའི་དྲུང་དུ་ཕེབས་ཚེ་བླ་མས་གསུང་ནས། ཆོས་ཨེ་ཐོབ་མོས་པ་བྱུང་ངམ་བྱ་བ་ལ་སོགས་པ་གསུངས་པས། ཆོས་ཡང་ཐོབ་དད་གུས་གཏིང་ནས་ཚུད། ད་ང་བོད་ལ་འགྲོ་དགོས་པ་འདྲ་ཞུས་པས། བླ་མའི་ཞལ་ནས་ད་ལན་སོངས་ཤིག་ངས་བར་ཆད་བསྲུང་གི་མྱུར་དུ་ཁྱོད་འདིར་བླ་མས་གཏོང་བར་འདུག །དེ་ཙ་ན་ཆོས་མང་དུ་ཐོབ་པར་འགྱུར་གསུང་ནས་ལུང་བསྟན། དེ་ནས་བླ་མ་རྨིར་ཏི་ཁྱུང་གཤོག་ལ་རྐང་མགྱོགས་ཞུས་ནས་ཟླ་བ་གཅིག་བསྒྲུབས་ཏེ་

(༤༥)བྱོན་པས། རྒྱ་གར་ནས་བོད་དུ་རྗེ་བཙུན་གྱི་དྲུང་དུ་ཞག་དྲུག་ལ་སླེབ་པའི་དངོས་གྲུབ་བརྙེས། དེ་ནས་བླ་མ་ཡབ་ཡུམ་ལ་ཕྱག་དང་བསྐོར་བ་བྱས་ཞབས་སྤྱི་བོར་བླངས་སྨོན་ལམ་བཏབ་ནས་ཕྲེང་བཞིན་དུ་བོད་ཕྱོགས་ལ་བྱོན། དེ་ནས་རྒྱ་བལ་གྱི་གནས་ཆེན་འགའ་ཡང་མཇལ། བོད་དུ་ཕེབས་ཏེ་བླ་མ་སྦ་རེག་ཅེས་བྱ་བ་གསང་སྔགས་རྙིང་མའི་མངའ་བདག་ཅིག་ལ་རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས་ཀྱི་སྐོར་གསན་ནས། ལྷ་མེད་འདྲེ་མེད་ཀྱི་ལྟ་བ་ལྟར་མཛད། འུབ་བཅུད་སྒོམ་ཆེན་ཞེས་བྱ་བའི་བསྒོམ་པ་མཁན་ཞིག་ལ་ཨ་མ་ན་སིའི་གདམས་ངག་ཕྱག་རྒྱ་ཆེན་པོ་སྣང་བ་ཕོག་ཤི་ཕོག་འགྱེལ་བྱ་བ། འདི་ལྟར་ཡིན་གྱི་སྣང་བ་ཝལ་ལ་དྲན་པ་དེ་བསྐྱེད་རིམས། དེ་ལྟར་སྟོང་པའི་རིམ་པ་སྟེ་རྫོགས་རིམས། ཡང་དེ་ལྟར་རྐྱེན་སྣང་གི་ཤེས་པ་འདི་བསྐྱེད་རྫོགས་གཉིས་སུ་ལམ་དུ་འཁྱེར་བ་སྟེ། ཡི་དམ་གྱི་ལྷ་མི་སྒོམ་པའི་ལུགས་ཀྱང་མཛད་གསུང་། ཡང་གུང་ཐང་དུ་བླ་མ་ཕུར་བྱ་བ་གདམས་ངག་ཅན་ཞིག་ལ་རླུང་ལོག་སྣོན་གྱི་གདམས་པ་ཟབ་པ་གཅིག་དང་། བྲམ་ཟེ་མཆོག་སྲེད་ནས་བརྒྱུད་པའི་བཀའ་སྲུངས་གྲི་གུག་མའི་སྐོར་བསྐྱེད་རྫོགས་ལས་རིམ་སྒྲུབ་ཐབས་རྣམས་དང་། རྒྱུད་དང་ལས་མཐའ་དག་དང་སྡེ་བརྒྱད་གནད་འཁོར་ལོ་ཏྲི་པ་ལའི་ཤམ་བུའི་སྐོར་

(༤༦)རྣམས་ཞུས། དེ་ནས་རྗེ་རས་ཆུང་པ་རིགས་ཀྱི་བདག་པོ་རྗེ་བཙུན་བཞད་པ་རྡོ་རྗེའི་དྲུང་དུ་བྱོན་ནས། སྔར་ཡང་དབང་དང་བྱིན་བརླབས་གདམས་པའི་ཆོས་སྒོ་ཕྱེ། ད་ཡང་བླ་མས་གང་གསུང་ལ་མངོན་པར་བསྟོད་དེ་ཞབས་ཏོག་སྒྲུབ་པས་ཐུགས་རྗེས་བཟུང་སྟེ་སྔར་གྱི་ཆོས་འཕྲོ་ནས་བརྩམས་སྨིན་གྲོལ་ཆོས་དང་གདམས་པ་རྣམས་ལྷག་མ་མ་ལུས་པར་ཅི་ནས་ཀྱང་གནང་དགོས་ཞེས་གསོལ་བ་གཏབ་པས། རྗེ་བཙུན་གྱིས་ཀྱང་དབང་ཟབ་པ་ཅིག་གནང་ནས་ནཱ་རོའི་ཆོས་དྲུག་གི་དབུ་བཙུགས་ཏེ་རིམ་པ་བཞིན་གནང་ཞིང་། ལས་ཅན་གྱི་སྐལ་ལྡན་མཆོག་ཏུ་དགོངས་ཏེ། ཐོགས་རེ་སྐུ་མཚམས་ཀྱི་དབེན་པ་སོ་སོར་བརྟེན་པ་ཙམ་ལས་ཕལ་ཆེར་དཔོན་སློབ་གཉིས་འབྲལ་མེད་དུ་རྗེ་བཙུན་རས་ཆུང་པས་ཉེ་གནས་བགྱིས་ཏེ་ཟ་འོག་ཕུག་ནས་རོན་ཕུའི་འོད་གསལ་ཕུག་ཏུ་བྱོན་ཞིང་བཞུགས་ཏེ་ཙ་ཕུ་རས་པ་སྨིན་གྲོལ་ལ་བཀོད། དེ་ནས་རྗེ་བཙུན་དཔོན་སློབ་སོ་སོར་ངེས་མེད་ཀྱི་རི་ལ་གཞན་ཕན་གྱི་སྒྲུབ་པ་མཛད་ཅིང་། རྗེ་རས་ཆུང་པས་སྤྱིར་མདོ་སྔགས་བསྟན་པ་རབ་འབྱམས་རྣམས་ལ་ཐོས་བསམ་ཕྱོགས་མེད་དུ་མཛད། ཁྱད་པར་གསང་སྔགས་བླ་མེད་ཡང་དགོས་རྗེ་བཙུན་ཆེན་པོ་མི་ལའི་ཆོས་སྐོར་མཐའ་དག་ལ་ཐོས་བསམ་པ་སྒོམ་གསུམ་མཐར་ཕྱིན་པ་མཛད་པས་མཁས་ཤིང་

(༤༧)གྲུབ་པའི་སྐྱེས་ཆེན་དམ་པར་གྱུར་ཏོ། །དེ་ནས་རྗེ་བཙུན་གྱི་ཕྱག་ཕྱི་བགྱིས་ཏེ་ལ་ཕྱི་གངས་ཀྱི་ར་བ་ལ་ཐོགས་གཅིག་བཞུགས། དེ་ནས་རྗེ་བཙུན་ལ་མཁའ་འགྲོས་བསྐུལ་ཞིང་བླ་མའི་ལུང་བསྟན་ཡོད་པ་ལྟར་དཔོན་སློབ་མང་དག་དང་བཅས་ཏེ། གངས་དཀར་གྱི་རྒྱལ་པོ་ཏི་སེ་བསྐོར་ཞིང་གཞན་ཕན་གྱི་སྒྲུབ་པ་དང་། ནཱ་རོ་བོན་ཆུང་རྫུ་འཕྲུལ་གྱིས་བཏུལ་ཞིང་། གདུལ་བྱ་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་པ་སོགས་ཀྱི་ཕྱག་ཕྱི་མཛད། དེ་ནས་དཔོན་སློབ་རྣམས་སླར་སྐུ་ཐང་གི་བྲག་སྐྱ་རྡོ་རྫོང་དུ་ཕྱགས་ཕེབས་ཉ་མ་རྣམས་ཀྱི་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ་ནས་དཔོན་སློབ་རྣམས་ཐུགས་དམ་འཕེལ་བར་ཡོད་ཚེ། རྗེ་བཙུན་རས་ཆུང་པ་ལ་རྗེ་བཙུན་ཆེན་པོས་སྐྱོ་ཤས་དང་ངེས་འབྱུང་། ཉམས་དང་རྟོགས་པ་ཅི་འདུག་གཟིགས་པའི་ཕྱིར། རྐྱེན་མེད་དུ་བསླུ་བསླུ་འདྲ་བ་བཅུ་གཉིས་ཀྱི་མགུར་གསུངས། དེའི་ཚེ་རས་ཆུང་པའི་ཐུགས་ལ་བླ་མ་སངས་རྒྱས་དངོས་ལ་བསླུ་བའི་ཆོས་མེད་ངེས། ང་དང་ཉམས་ལེན་མི་ནུས་པ་རྣམས་ལ་དགོངས་པ་ཅན་ཡིན་དགོངས་ཏེ། རང་རྒྱུད་ཀྱི་ཐོག་གི་ལྟ་སྒོམ་སྤྱོད་པ་གནད་དུ་སྒྲིལ་བའི་ཞུ་དོན་མགུར་དུ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་དེ་མ་ཡིན་པའི་ཉམས་རྟོགས་

(༤༨)ཅིག་ཡོད་དེ་ཡོད་ང་ལ་གསང་དུ་མི་རུང་དྲང་པོར་ཕུལ་གསུང་། རྗེ་བཙུན་གྱི་ཐུགས་རྗེས་ཉམས་རྟོགས་ན་འཕར་ཏེ་རྙེད་པ་བདུན་གྱི་ཞུ་དོན་ཕུལ། རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ཁྱོད་ཀྱིས་དེ་བསྒོམས་པའི་ཉམས་མྱོང་ཕྱོགས་མཐུན་ཙམ་ལས་མཚན་ཉིད་པ་མ་ཡིན། ཉམས་མྱོང་མཐར་ཕྱིན་པའི་མཚན་ཉིད་འདི་འདྲ་བ་ཞིག་ཡོང་བ་ཡིན་གསུང་། ཀློང་གྱུར་བརྒྱད་ཀྱི་ངོ་སྤྲོད་མགུར་དུ་གསུངས། ཡང་རྗེ་བཙུན་གྱི་ཐུགས་རྗེས་རས་ཆུང་པ་ཉམས་རྟོགས་རིམ་པར་ན་འཕར་སྟེ། རང་གི་རྟོགས་ཚད་བར་དོ་དྲུག་ཏུ་སྒྲིལ་ནས་ཕུལ་བས། བླ་མ་ཤིན་ཏུ་མཉེས་ཏེ། རས་ཆུང་པ་ཉམས་མྱོང་མཚན་ཉིད་པ་དེ་ཡིན། སློབ་མ་སྣོད་ལྡན་བྱ་བ་ཡང་ཁྱོད་ལ་ཟེར་བ་ཡིན། བླ་མ་མཉེས་ཐབས་གསུམ་ལས། དང་པོར་དད་པ་དང་ཤེས་རབ་ཀྱིས་བླ་མ་མཉེས་པར་བྱས། བར་དུ་ཐོས་བསམས་ཀྱིས་འཇུག་སྒོ་མ་ལོག་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ཤིང་ཉམས་ལེན་ལ་སྙིང་རུས་བསྐྱེད་ཅིང་བསྒོམས་པས་མཐའ་མར་ཉམས་རྟོགས་ཁྱད་པར་ཅན་རིམས་ཀྱིས་སྐྱེས་འདུག་གི། ད་ཁ་བཤད་ཚིག་གི་ལོ་མ་ལ་མ་དགའ་བར། དོན་ཉམས་སུ་ལེན་ཕྱིར་བྱུང་ཚད་ཀྱི་ཁ་ནང་དུ་ལྟོས་ལ་སྒོམས་ཤིག །ང་ལ་ཡང་བླ་མ་མར་པའི་ཞལ་ནས་མདོ་རྒྱུད་ཀྱི་ཤེས་རྒྱ་མེད་ཀྱང་རུང་གི། ཐ་སྙད་ཀྱི་ཚིག་ཕྱིར་

(༤༩)མ་འབྲང་བར་ཁ་ནང་དུ་ལྟོས་ལ་བླ་མས་ཅི་གསུང་གི་བཀའ་བཞིན་སྒོམས་ཤིག་གསུངས་པའི་གསུང་ཁྱད་པར་ཅན་རྣམས་མ་བརྗེད་པར་ཉམས་སུ་བླངས་པས། འཁོར་བ་ལ་བློ་ལོག་པ་དང་ཡོན་ཏན་འདི་རྣམས་རྒྱུད་ལ་སྐྱེས་པ་ཡིན། ཞེས་བླ་མའི་གསུང་སུམ་ཅུའི་གདམས་ངག་མགུར་དུ་གསུངས། དེའི་གསུང་ལན་དུ་བླ་མ་རས་ཆུང་པས་མགུར་འདི་ཕུལ་ལོ། དད་པ་འགྱུར་མེད་ཀྱི་རྩ་བ་ཅན། །ལས་དང་པོའི་དུས་སུ་བརྟེན་པ་ཡིན། །ཆོས་འདུན་རྣམ་དག་གི་རྩ་བ་ཅན། །བསོད་ནམས་བསོག་པའི་དུས་སུ་བརྟེན་པ་ཡིན། །ཐུན་བཞིའི་རྣལ་འབྱོར་བཟླས་པ་ཅན། །བསྐྱེད་རིམས་མཚན་བཅས་ཀྱི་དུས་སུ་བརྟེན་པ་ཡིན། །ཐོས་བསམ་ཤེས་རབ་ཀྱི་རྩ་བ་ཅན། །གྲུབ་མཐའི་ངོས་འཛིན་གྱི་དུས་སུ་བརྟེན་པ་ཡིན། །སྟོང་གསལ་སྙིང་རྗེའི་རང་བཞིན་ཅན། །རྫོགས་རིམས་མཚན་མེད་ཀྱི་དུས་སུ་བརྟེན་པ་ཡིན། །ཚོགས་ཀྱི་འཁོར་ལོ་བྱིན་བརླབས་ཅན། །མཁའ་འགྲོ་འདུ་འཚོག་གི་དུས་སུ་བརྟེན་པ་ཡིན། །ཡིད་འོང་ཕྱག་རྒྱ་བདེ་བ་ཅན། །རོ་སྙོམས་ཞེན་མེད་ཀྱི་དུས་སུ་བརྟེན་པ་ཡིན། །རྡོ་རྗེའི་གླུ་དབྱངས་ཉམས་མྱོང་ཅན། །རི་ཁྲོད་དབེན་པའི་གནས་སུ་བརྟེན་པ་ཡིན། །བླ་མ་དུས་གསུམ་སངས་རྒྱས་དེ། །ཉིན་མཚན་ཡེངས་པ་མེད་པར་བརྟེན་པ་ཡིན། །ང་ཁྱུང་ཆེན་

(༥༠)"མཁའ་ལ་ལྡིང་བ་ཡང་། །སྒོ་ངའི་ནང་ནས་གཤོག་སྒྲོ་རྒྱས། །བྱ་ཕྲུག་རང་ནས་ནམ་འཕངས་སྤྱོད། །ངམ་འགྲོག་གཡང་ལ་ཉམ་མི་ང་། །བར་སྣང་ཁམས་ཀྱང་ལམ་དུ་བདེ། །འགྲོ་དྲུག་གདོད་ནས་སངས་རྒྱས་ལ། །ཀུན་གཞི་ཉིན་མཚན་ཆོས་ཀྱི་སྐུ། །མ་ཡི་ལྷུམས་ནས་རྫོགས་སངས་རྒྱས། །སྐྱེ་ཤི་འཁོར་བས་ཉམ་མི་ང་། །དམྱལ་བ་བྱང་ཆུབ་ལམ་དུ་བདེ། །ཉ་མོ་ཆབ་ལ་འཕྱོ་བ་ལ། །ཆུའི་སུབས་ནས་འཆི་མི་སྲིད། །ཉ་ཆུང་རང་ནས་གཙང་ཆབ་འགྲིམ། །རྦ་ཀློང་འཁྲུག་ཀྱང་ཉམ་མི་ང་། ཉ་ཆུང་བདེ་བ་ཆུ་ལས་འབྱུང་། །སེངྒེ་གངས་ལ་གནས་པ་ཡང་། །མའི་ཁོང་ནས་རྩལ་གསུམ་རྫོགས། །སེང་ཕྲུག་རང་ནས་གངས་ཁྲོད་འགྲིམ། །གཅན་གཟན་ཚོགས་ཀྱང་ཉམ་མི་ང་། །སྡེར་ཆགས་ཡོངས་ཀྱི་རྒྱལ་པོ་བྱེད། །བླ་མའི་ཐུགས་སྲས་རས་ཆུང་ང་། །བླ་མའི་དྲུང་ནས་ཉམས་མྱོང་རྒྱས། །རི་ཁྲོད་དབེན་པར་རྟོགས་པ་བསྐྱངས། །རྐྱེན་ངན་བྱུང་ཡང་ཉམ་མི་ང་། །སྡུག་བསྔལ་བདེ་བ་ཆེན་པོའི་དབྱིངས། །ཆོས་ཉིད་འདི་ལྟར་གནས་པ་ལ། །རྣལ་འབྱོར་བྱང་ཆུབ་འཚོལ་བ་རྣམས། །འཁོར་བའི་གནས་སུ་ལྷུང་མི་སྲིད་འཁོར་བར་ལྷུང་ཡང་ཉམ་མི་ང་། །འཁོར་བ་བྱང་ཆུབ་ལམ་དུ་བདེ། །ཅེས་ཕུལ་བས། བླ་མའི་ཞལ་ནས་རས་ཆུང་པ་རང་མཐོང་དང་ཁ་བོ་མ་ཆེ་དང་། དང་པོ་རང་ནས་སངས་རྒྱས་རྒྱས་བ་སྐད་རྟོག་ངན་

(༥༡)གྱི་འུབ་ཆུབ་བྱུང་ན་དཀའ་མོ་མཆི། འོན་ཀྱང་ཁྱོད་མཁའ་འགྲོས་ལུང་བསྟན་པ་ཡིན་པས་དེ་ཙམ་ཡང་ཡོད་དུ་རེ་གསུང་། རས་ཆུང་པའི་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་བར་བྱུང་ངོ་། །ཐོས་བསམས་ཀྱི་སྒྲོ་འདོགས་རྣམས་ཆོད་ཅིང་། བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་རིམས་ཀྱིས་འཁྲུངས་པའི་སྐོར་ཚོ་སྟེ་དང་པོའོ། ༈ །གཉིས་པ་ནི། དེ་ནས་དཔོན་སློབ་རྣམས་འཚོ་བ་དཀའ་ཐུབ་ཀྱི་ངང་ནས་དེང་ཡུན་རིང་དུ་བཞུགས། རྗེ་རས་ཆུང་བ་སོགས་བུ་སློབ་རྣམས་ཕྱོགས་ཕྱོགས་ཀྱི་རི་ཁྲོད་དང་། རོ་བསྙོམས་ཀྱི་ལྡུམ་བུ་ལ་བྱོན། རྗེ་བཙུན་གྱིས་རེ་ཞིག་གསུང་བཅད་མཛད་ཏེ་དེ་གར་བཞུགས། དེ་ནས་རོང་ཆུང་རས་པ། རྫི་བོ་རས་པ། གཤེན་སྒོམ་རས་པ་ལ་སོགས་གདུལ་བྱ་མང་དག་སྨིན་གྲོལ་ལ་བཀོད། དེ་ནས་རས་ཆུང་པ་ཕྱགས་ཕེབས་ཏེ་དཔོན་སློབ་གཉིས་ཀྱི་འབྲི་མཚམས་ཀྱི་མཚོ་ལྔའི་དིའུ་ཆུང་གི་ཕྱོགས་ན་མར། རོ་སྙོམས་ཀྱི་ལྡུམ་བུ་དང་སེམས་ཅན་གྱི་འགྲོ་དོན་ལ་བྱོན་ཚེ། རས་ཆུང་མ་དབང་དང་གདམས་པས་སྨིན་གྲོལ་ལ་བཀོད་ཏེ། ཡེ་ཤེས་མཁའ་འགྲོའི་རྣམ་སྤྲུལ་མཚན་ལྡན་གྱི་རྣལ་འབྱོར་མ་སྤྱོད་པའི་གྲོགས་སུ་འོས་པ་གཅིག་ཏུ་དགོངས་ནས། རྗེ་བཙུན་ཆེན་པོས་རས་ཆུང་པ་ལ་ཁྱོད་སློབ་མ་སྐྱོང་པ་ལ་མཁས་པ་ཡིན་པས་འདི་རྗེས་སུ་ཟུངས་ཤིག་གསུང་རས་

(༥༢)ཆུང་པ་ལ་གནང་ནས། རེ་ཞིག་གི་བར་དུ་ངེས་མེད་དབེན་པའི་རི་ཁྲོད་རྣམས་སུ་བརྟུལ་ཞུགས་གསང་བའི་སྤྱོད་པས་རྗེ་རས་ཆུང་པའི་ཐུགས་དམ་གྱི་གྲོགས་མཛད། རྗེ་རས་ཆུང་པས་སྨིན་གྲོལ་གྱི་ལྷག་མ་བསྟན་ཞིང་བསྐྱངས་པས་ཉམས་མྱོང་བཟང་བར་བྱུང་ངོ་། །སྐབས་ཞིག་དུ་དེ་ཞག་འགའ་ཁམས་མ་བདེ་བ་རས་ཆུང་པས་རླུང་རྟགས་གཟིགས་ཚེ་ཅི་ཡང་མི་ཉེས་པར་མཁྱེན་ནས་མོ་དད་པ་བརྟེན་མི་བརྟེན་བལྟ་ཕྱིར་ན་བ་གང་དགར་བོར་ནས། རྗེ་བཙུན་གྱི་ཕྱག་ཕྱིར་བྱོན་ཕྱིས་སུ་དཔོན་སློབ་གཉིས་དང་མཇལ་དུས་དད་པ་ལོག་མ་ལོག་གཟིགས་ཕྱིར་དགོངས་པ་ཅན་གྱི་མགུར་གསུངས་པ་གོ་ནས་ཞུ་ལན་ཕུལ་བ་ཤིན་ཏུ་མཉེས། རྗེ་རས་ཆུང་པས་ཉམས་ལེན་ཞལ་ལྟའི་མགུར་གསུངས་པ། ༈ །ཕ་ན་མོ་གུ་རུ། ཐེ་ཚོམ་སྒྲོག་དང་འབྲེལ་བ་ལ། །བླ་མ་དམ་པའི་གདམས་ངག་དགོས། །འཁོར་བའི་སྒྲོག་དང་འབྲེལ་བ་ལ། །བྱ་བ་བཏང་བའི་སྤྱོད་པ་འཚལ། །ཉོན་མོངས་སྒྲོག་དང་འབྲེལ་བ་ལ། །རྐྱེན་དང་བྲལ་བའི་སྤྱོད་པ་འཚལ། །ཞེན་པའི་སྒྲོག་དང་འབྲེལ་བ་ལ། །འདོད་པ་མེད་པའི་སྤྱོད་པ་འཚལ། །སྡུག་བསྔལ་སྒྲོག་དང་འགྲེལ་བ་ལ། །རང་དབང་ཐོབ་པའི་སྤྱོད་པ་འཚལ། །གཉིས་འཛིན་སྒྲོག་དང་འགྲེལ་བ་ལ། །གཉིས་མེད་རྟོགས་པའི་སྤྱོད་པ་འཚལ། །བག་ཆགས་སྒྲོག་དང་འགྲེལ་བ་ལ། །བདེ་བ་ཆེན་

(༥༣)བོའི་སྤྱོད་པ་འཚལ། །ལུས་ངག་སྒྲོག་དང་འགྲེལ་བ་ལ། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་འཚལ། །གསུངས་ནས་སློབ་མ་སྣོད་ལྡན་དུ་གཟིགས་ཏེ་གདམས་ངག་ཁྱད་པར་ཅན་བསྟན་ནས་གནད་ཀྱི་མགུར་འདི་གསུངས་སོ། ༈། ཕ་ན་མོ་གུ་རུ། ཆོས་ཉིད་གདོད་ནས་གྲོལ་བ་ལ། །ལྟ་བ་བཟུང་དུ་ཅང་འཚལ་ལམ། །སེམས་ཉིད་རང་བཞིན་གཉུག་མ་ལ། །སེམས་ཀྱི་འཛིན་ཐབས་ཅང་འཚལ་ལམ། །སྤྱོད་པ་ཟུང་འཇུག་རང་གྲོལ་ལ། །གཉེན་པོ་བཅོས་སུ་ཅང་འཚལ་ལམ། །ཉམས་མྱོང་བདེ་ཐང་བག་ཡངས་ལ། །དབེན་པར་སྡོད་པ་ཅང་འཚལ་ལམ། །འབྲས་བུ་སྐུ་གསུམ་རང་རྫོགས་ལ། །རྩོལ་སྒྲུབ་བགྱིད་དུ་ཅང་འཚལ་ལམ། །འདི་ནི་སྐལ་བ་རབ་ཀྱི་གླུ། །དགོངས་སམ་སྐལ་ལྡན་རྣལ་འབྱོར་མ། །རྒྱུ་དང་འབྲས་བུར་མ་ཕྱེ་ན། །ལྟ་བ་བགྱི་བ་དེ་ལགས་མོད། །སྣང་སྟོང་གཉིས་སུ་མ་ཕྱེ་ན། །སྒོམ་པ་བགྱི་བ་དེ་ལགས་མོད། །བདག་གཞན་གཉིས་སུ་མ་ཕྱེ་ན། །མན་ངག་བགྱི་བ་དེ་ལགས་མོད། །ཆེད་དུ་གང་ཡང་མི་བྱེད་ན། །སྤྱོད་པ་བགྱི་བ་དེ་ལགས་མོད། །ཞེན་འདོད་གདོན་གྱིས་མ་ཟིན་ན། །འབྲས་བུ་བྱ་བ་དེ་ལགས་མོད། །རྨི་ལམ་དུས་སུ་མ་འཁྲུལ་ན། །གོམས་པ་བྱ་བ་དེ་ལགས་མོད། །གོམས་པའི་མཐུ་ལས་སངས་རྒྱས་འབྱུང་། །ཉམས་སུ་ལོངས་ཤིག་སྒོམ་ཆེན་མ། །

(༥༤)ཞེན་འདོད་ཕྱོགས་སུ་མ་བཏང་ཞིག །ཅེས་གསུངས་ཏེ་ད་སྒོམས་ཤིག་གསུངས་པས། དེ་ནས་རས་ཆུང་མ་བྱང་གི་གནམ་མཚོ་ཕྱུགས་མོའི་སེན་མོ་དོ་ལ་ལོ་བརྒྱད་ཀྱི་བར་དུ་སྒོམ་དུ་གཤེགས། རྟགས་བཅུ་ཡོན་ཏན་བརྒྱད་སོགས་ས་ལམ་མཐར་ཕྱིན་ཏེ་སྐུ་ལུས་མ་སྤངས་པར་དག་པ་མཁའ་སྤྱོད་དུ་གཤེགས་སོ། །རྗེ་བཙུན་ཆེན་པོའི་ཕྱག་ཕྱི་བགྱིས་བ་དང་། །ངེས་མེད་ཀྱི་རི་ལ་བཞུགས་ཤིང་ཉམས་རྟོགས་རིམས་ཀྱིས་གོང་དུ་འཕེལ་བ་དང་། རས་ཆུང་མའི་གེགས་སེལ་བོགས་འདོན་མཛད་པ་སོགས་སྣ་ཚོགས་པའི་ཆེ་བའི་ཡོན་ཏན་ནོ། །རྗེ་རས་ཆུང་པས་རྗེ་བཙུན་མཇལ་དུ་ཕེབས་ཚེ། རྗེ་བཙུན་ཆེན་པོ་ཉིད་སྙེ་ཤང་མགུར་ཏའི་རི་ལ་གཤེགས་ནས་མི་བཞུགས་འདུག་པས། རྗེ་རས་ཆུང་པ་དང་གཤེན་སྒོམ་རས་པ་གཉིས་ཀྱིས་སྤྱན་འདྲེན་དུ་བྱོན། རྗེ་བཙུན་རྩད་མ་ཆོད་པར་སྙེ་ཤང་དང་བལ་པོའི་ཇག་པས་འཇོམས་གྲབས་བྱུང་བ་ལ། ངེད་ཛོ་ཀི་ཡིན་མ་འཇོམས་བྱས་པས། ཛོ་ཀི་ཟེར་ན་སཉྫ་ཛོ་ཀི་ལ་ཟེར་བ་ཡིན་མཚོན་དུག་མས་ཀྱང་མི་ཕུགས། མེས་ཀྱང་མི་འཚིག །ཆུས་ཀྱང་མི་འཁྱེར། །གཡང་ལ་སྐྱུར་ཀྱང་གྱེན་ལ་འཕུར་ཡོང་། ཁོ་ཁོམ་རྒྱལ་པོས་ཀྱང་གདན་མི་འདྲོངས་པ་གཅིག་ཡོད་ཟེར་བརྔན་པ་སྦྱིན་ནས་སྟོན་བྱས་པས་བསྟན་ནས། རྗེ་བཙུན་དང་མཇལ་ཕྱག་ཕུལ་ཞིང་སྙུན་དྲི་

(༥༥)ཞུས་པའི་ལན་དུ་རྗེ་བཙུན་གྱིས་དགོངས་པ་ཅན་རྣལ་འབྱོར་བདེ་ལུགས་ཀྱི་མགུར་གསུངས་པས། གཤེན་སྒོམ་རས་པ་ན་རེ། རྗེ་བཙུན་ལ་བདེ་ལུགས་དང་དགྲ་དང་བྲལ་ལུགས་དེ་ལྟ་བུ་ཡོད་པས་ཀ་ངེད་གདན་འདྲེན་དུ་ཡོངས་པ་ཡིན། ད་ནི་རི་ཁྲོད་ཁོ་ནར་བཞུགས་མི་དགོས་པས་བོད་ལ་བྱོན་ནས་སེམས་ཅན་གྱི་དོན་མཛད་པ་ཞུ་ཞེས་ཞུས་པས་རྗེ་བཙུན་གྱི་ཞལ་ནས་རི་ཁྲོད་དུ་བསྡད་པ་འདི་སེམས་ཅན་གྱི་དོན་རབ་དམ་པ་ཡིན། བོད་ལ་ཕྱིན་པས་ཆོག་ང་དབེན་པ་ཁོ་ན་བརྟེན་པ་འདི་དགེ་སྦྱོར་ངན་པ་མ་ཡིན་ཏེ། བླ་མའི་བཀའ་དྲིན་གསབ་པ་ས་ལམ་གྱི་ཡོན་ཏན་སྐྱེ་བ་ལ་དྲོད་རྟགས་ཡོན་ཏན་བཟང་རུང་དབེན་པ་བརྟེན་པ་རྣལ་འབྱོར་པ་ཡི་དཔའ་ཚུལ་ཡིན་ཞེས། དབེན་གནས་རི་ཁྲོད་འཛིན་ཞིང་བསྒྲུབ་པའི་ཆེ་བརྗོད་དཔའ་ཚུལ་གྱི་མགུར་གསུངས། རས་ཆུང་པས་རྗེ་བཙུན་མི་དང་ནི་སྣང་བ་མི་བཏུན་ཀ་ཤི་ཀའི་རས་དང་། ཨ་རུ་ར་རྣམ་རྒྱལ་བཟང་པོ་འདི་སུས་ཕུལ་ཞུས་པས། མི་ཡི་ལྷས་ཕུལ་ཞེས་པའི་མགུར་གསུངས། དེ་ནས་ནན་གྱིས་བོད་ལ་སྤྱན་དྲངས་ཤིང་ཕེབས་ནས། ལ་ཕྱི་ཆུ་མདོའི་སྙན་གཡོན་ཕུག་བྲག་དམར་འཆོང་ལྡིང་བྲིན་དང་ཆུ་བར་རྣམས་སུ་ཕེབས་ཤིང་བཞུགས་སོ། །རྗེ་རས་ཆུང་པ་དེ་བར་ལ་ཕྱི་དང་རྙ་ནང་སོགས་ངེས་མེད་ཀྱི་རི་ལ་བཞུགས་ཤིང་། སླར་རྙ་ནང་

(༥༦)གྲོད་ཕུག་དུ་རྗེ་བཙུན་ཡབ་སྲས་ཀུན་ཕེབས་ཏེ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་དེ་དུས་རས་པ་ཡང་ཤིན་ཏུ་མང་བ་འདུས་ལོ་གཉིས་ཀྱི་བར་དུ་བཞུགས། ཡོན་བདག་ཕོ་མོ་ཐམས་ཅད་དང་། རས་པ་གསར་པ་ཐམས་ཅད་སློབ་དཔོན་རས་ཆུང་པ་ཟེར་ནས་དད་པ་བྱེད་པ་ལ། སེ་བ་ན་རས་པ་ན་རེ་རྗེ་མི་ལ་རང་གིས་རས་ཆུང་པའི་དབུ་སྟོན་པ་ཡིན་ཡོན་ཏན་དང་ཤེས་རབ་ལ་སོགས་པ་གངས་ནས་འདྲ་ཟེར་བ་ལ། ལེགས་ཚུལ་གྱི་ཚོགས་འཁོར་རྒྱས་པར་བཤམས་ནས་དབང་ཞུ་ཟེར་བའི་དུས་སུ། རྗེ་བཙུན་གྱི་ཞལ་ནས་སེ་བན་ལ་སོགས་ཀྱི་མགོ་འདོན་གྱི། དཀྱིལ་འཁོར་བཞེངས་པའི་གྲབས་མཛོད་ཅིག་གསུང་། དེར་སེ་བན་གྱིས་གང་ཚུགས་བྱེད་མ་ཤེས་པར་རྗེ་བཙུན་ལ་དཀྱིལ་འཁོར་འདྲིར་བྱུང་བ་ལ། རྗེ་བཙུན་གྱི་གསུང་ནས་བསླབས་པ་བཞིན་མཛོད་གསུང་། དཀྱིལ་འཁོར་གྱི་ཐིག་འདེབས་ལུགས་ལ་མ་མཉེས་ནས། རས་ཆུང་པས་གྱིས་ཤིག་གསུང་། དབང་བསྐུར་ཚོགས་འཁོར་མཛད་ནས་གཏོར་མ་མ་གཤེགས་པའི་བར་དེར་རྗེ་བཙུན་གྱི་གསུང་ནས་བླ་མས་གདམས་པ་གནང་བས་ང་ལ་ཉམས་རྟོགས་འདི་ལྟར་སྐྱེས་བྱ་བའི་མགུར་རེ་འོང་དང་གསུངས་པ་ལ། ཐམས་ཅད་མིག་ཕར་ལྟ་ཚུར་ལྟ་མིན་པ་མ་བྱུང་བས། རས་ཆུང་བས་ལོངས་ཤིག་གསུང་། དེ་བི་ལན་དུ་མགུར་འདི་ཕུལ་ལོ།། ༈ །།སྔོན་ཚེ་

(༥༧)ཕ་ཡུལ་ར་ས་བས། །ད་ལྟ་རྙ་ནང་གྲོད་ཕུག་བདེ། །སྔོན་ཚེ་ཕ་ཞིང་ཁྲུ་ཀོ་བས། །ད་ལྟ་སྤྱིལ་བུའི་ག་བདར་བདེ། །སྔོན་ཚེ་མ་ཁུའི་གཡོག་པོ་ལས། །ད་ལྟ་བླ་མའི་དྲུང་ན་བདེ། །སྔོན་ཆ་དྭ་ཕུག་ཁ་སེར་བས། །ད་ལྟ་རས་ཆུང་རྡོར་གྲགས་བདེ། །སྔོན་ཚེ་མཐོང་ཐོས་སྡུག་བསྔལ་ལས། །ད་ལྟ་ཀུན་གྱི་མཆོད་གནས་བདེ། །སྔོན་ཚེ་བཀྲེས་སྐོམ་འབྲལ་མེད་ལས། ད་ལྟ་ཏིང་འཛིན་འཚོ་བ་བདེ། །སྔོན་ཚེ་ཚ་གྲང་འབྲལ་མེད་ལས། །ད་ལྟ་རས་གོས་ཀྱང་གཅིག་བདེ། །ཆོས་ལ་མི་ཚེ་སྐྱེལ་བ་ལ། །བདེ་སྐྱིད་ཐམས་ཅད་འགྲུབ་པའི་ཐབས། །རྗེ་རི་ཁྲོད་རས་པའི་བྱིན་བརླབས་ཀྱིས། །བདག་བསམས་པ་འགྲུབ་པར་བྱིན་གྱིས་བརློབས། །ཞེས་ཞུས་པས། །བླ་མའི་ཞལ་ནས་བུ་བདེ་བ་ངོ་ཤེས་པ་དེ་ཡོན་ཏན་སྐྱེས་པའི་རྟགས་ཡིན། ཁྱོད་གྱི་མིང་ཡང་བདེ་བ་ཡོན་ཏན་དུ་ཐོགས་གསུང་། དེ་དུས་དབའ་བོ་མཁའ་འགྲོ་རྣམས་ཀྱིས་ལེགས་སོ་དེ་དེ་ལྟར་རོ་ཞེས་བྱ་བའི་སྒྲ་བྱུང་ནས་བླ་མ་ཤིན་ཏུ་མཉེས་ཤིང་ཐུགས་སྲས་དམ་པར་བཞུགས་སོ། །རྗེ་རས་ཆུང་པའི་ཐུགས་ལ། བླ་མ་འདི་རང་ད་དུས་རྟག་ཏུ་མི་འབྲལ་བསམ་པའི་ངེས་ཤེས་དྲག་པོ་འཁྲུངས། བླ་མའི་ཕྱག་ཕྱི་ལོ་བཅུ་གཉིས་བྱེད་པའི་དམ་བཅའ་ཕུལ། ཆོས་དྲུག་ལ་སོགས་པའི་ཆོས་ལ་ཉམས་ལེན་བརྩོན་

(༥༨)པར་མཛད་པས་བདེ་དྲོད་རང་འབར་དུ་བྱུང་། མཚན་ཡང་ཀུན་གྱི་སློབ་དཔོན་རས་ཆུང་པ་ཞེས་འབོད། ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ་འཁྲུངས་ཐུགས་རབ་ཤིན་ཏུ་ཆེ་བས་རྗེ་བཙུན་གྱིས་ཀྱང་ཐུགས་ལ་བཏགས། དེ་དུས་མཛད་པ་ཐམས་ཅད་བླ་མ་ཅི་མཉེས་མ་གཏོགས་གཡོ་སྒྱུ་དང་རང་འདོད་སྒྲུབ་མ་མྱོང་གསུང་། དེ་ནས་དགྱེས་པ་རྡོ་རྗེའི་དབང་བསྐུར་རྒྱས་པ་ཞིག་གནང་། བརྒྱུད་འགྲེལ་རྣམས་ཀྱང་ལུང་དུ་རྫོགས་པར་གནང་། སློབ་མ་རས་པ་གཞོན་པ་ཐམས་ཅད་ཀྱིས་སློབ་དཔོན་དང་རྗེ་བཙུན་གྱིས་ཆོས་གསུངས་པ་ཐམས་ཅད་ལ་རྗེ་རས་ཆུང་པ་ཚུད་པར་མཛད་ནས་གདམས་པ་མང་དུ་གསན་ནོ། །དེ་ནས་དཔོན་སློབ་ཀུན་གྱི་བལ་པོ་རྫོང་དུ་རྒྱ་གར་དྲརྨཱ་བོ་དྷི་མཇལ་བ་ལ་ཕེབས། དེ་ནས་ཡར་ཕེབས་ཏེ་གྲོད་ཕུག་ཏུ་བཞུགས་ཚེ། རྗེ་བཙུན་ཆེན་པོ་རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་ནོན་ཏེ་རྒྱ་གར་གྱི་དྲརྨཱ་བོ་དྷིས་ཕྱག་ཕུལ་བས་སྙན་གྲགས་དང་སྐུ་བསོད་རྒྱས་ནས་སེམས་ཅན་གྱི་དོན་དང་ཐུགས་དམ་འཕེལ་བར་རྙ་ནང་གྲོད་ཕུག་ན་བཞུགས་དུས། མཚན་ཉིད་ཀྱི་གྲྭ་ས་ཤིག་ཡོད་པའི་གཙོ་བོ་ལོ་སྟོན་དང་དར་ལོ་གཉིས་ཕྲག་དོག་གི་ཡིད་རབ་ཏུ་འཁྲུགས་ཏེ་མི་མཐུན་པའི་སྤྱོད་ཁྱེར་སྣ་ཚོགས་པས་རྩོད་པ་བྱས་དུས། མཁྱེན་

(༥༩)པ་དང་ཐུགས་རྗེས་བཟློག་ཀྱང་སླར་རྗེ་བཙུན་གྱི་ཞལ་དུས་གཏབ་ཚེ། རྗེ་རས་ཆུང་པས་ངའི་བླ་མའི་སྐུའི་བ་སྤུ་གཅིག་ཀྱང་མི་དོ་རུང་། སྐུ་ལ་བསྡོ་པའི་སྡིག་ཅན་འདི་འདྲ་མ་བསྒྲལ་ན་རྩ་ལྟུང་འཕོག་ཅིང་། བསྒྲལ་ན་ཚོགས་ཆེ་གསུང་བེར་ཁ་གཅིག་ཁྱེར་ནས་རྡེག་དུ་ཆས་པས། རྗེ་བཙུན་གྱི་ཕྱག་གིས་བཟུང་སྟེ། རིག་པ་བཅག་འདེབས་གཉེན་པོ་གསལ་བྱེད་བཀའ་ནན་གྱི་མགུར་གསུངས་པས། ཐུགས་དམ་གསལ་ཐེབས་ཏེ། བཟོད་པ་བསྒོམས་པས་བྱང་ཆུབ་ཀྱི་སེམས་ཕྱིན་ཅི་མ་ལོག་པ་ཐུགས་རྒྱུད་ལ་འཁྲུངས། ནང་དུ་ཏིང་ངེ་འཛིན་གྱི་དགའ་བ་ཡང་ཁོང་དུ་ཚུད་དོ། །སླར་ཡང་སྟོན་པ་རྣམས་ཀྱིས་ཕྲག་དོག་གི་རྩོད་པ་བྱས་པ། རྗེ་བཙུན་ཆེན་པོའི་མངོན་མཁྱེན་དང་རྫུ་འཕྲུལ་གྱིས་བཟློག་སྟེ་བསྐྱངས་ཤིང་ལན་དང་སྤོབས་པ་ཞུམ་པར་གྱུར་ཅིང་སྐྱེ་བོ་ཀུན་གྱིས་ཀྱང་སྨད་པས་བསོད་ནམས་དང་བཀུར་སྟི་ཉམས་པར་གྱུར། འོ་ན་ཀྱང་རྩོད་པ་ཚིག་དོན་གཉིས་ཀ་མངོན་སུམ་དུ་རྒྱལ་ཡང་། ཐུགས་སྲས་རས་ཆུང་པ་དེ་ཉིད་རྒྱ་གར་ལ་བྱོན་པའི་དུས་ལ་བབ་པ་ཐུགས་རྒྱུད་མཁའ་འགྲོས་བསྐུལ་ཕྱིར། ཚད་མའི་ཐ་སྙད་ཀྱི་ཚིག་གིས་དངོས་ལན་གཏབ་རྒྱུ་མ་བྱུང་བས་ཐུགས་མ་ཚིམ་ཏེ། རྫུ་འཕྲུལ་ལ་ཡང་ཡིད་མི་ཆེས་པའི་སྟོན་པ་བློ་མ་ཚིམ་འདི་རྣམས་ཐ་སྙད་

(༦༠)ཀྱི་ཚིག་དངོས་ལན་གྱི་ཚར་གཅོད་དགོས་པ་འདུག །ཡང་ན་དྲག་པོ་མཐུ་ཡི་སྒོ་ནས་ཚར་གཅོད་དགོས་པ་འདུག་སྟེ་མཐུ་རྗེ་བཙུན་ལ་ཞུས་རུང་གསུང་གསུང་ཙམ་ཡིན་པ་འདྲ་མིན་ན་རྫུ་འཕྲུལ་ལ་མིག་འཕྲུལ་ཡིན་ཟེར་བ་འདི་རྣམས་ཚར་བཅད་ན་རུང་བ་འདུག་སྟེ་མི་མཛད་པ་འདུག །ད་ང་ཚེ་གཅིག་ལ་སངས་རྒྱ་བ་ལ་བླ་མའི་གདམས་ངག་ཟབ་ཏེ། སྟོན་པ་འདི་རྣམས་ཚར་གཅོད་པ་ལ་རྒྱ་གར་ལ་ཕྱིན་རིག་པའམ་མཐུ་གང་རིགས་སླབ་དགོས་པ་འདུག་སྙམས་ནས་རྗེ་བཙུན་གྱི་དྲུང་དུ་རང་གི་འདོད་པ་ལྟར་ཞུ་བ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་འོ་སྐོལ་རྩོད་པ་འཕམ་ན། སྟོན་པས་དག་ག་ལ་གཏེར། ཁྱོད་རྩོད་ལན་འདེབས་ཕྱིར་རྒྱ་གར་ལ་རིག་པ་དང་མཐུ་སློབ་ཏུ་འགྲོ་ན་འཇིག་རྟེན་འདི་པ་ཁོ་ནར་འགྲོ་བ་ཡིན་ཞིང་རྒྱ་ལ་དོན་གྱི་ཉམས་ལེན་བློས་བཏང་ནས་ཚིག་དང་མཐུ་སླབས་པས་ཕྱོགས་རེ་ཙམ་ཤེས་རུང་། རྩོད་པ་དང་རྒོལ་བ་གང་ནས་འོང་ངེས་པ་མེད་ཅིང་ཚིག་རིགས་ཀུན་ཤེས་པའི་དུས་མི་འོང་། རྩོད་ལན་དང་དྲིས་ལན་ནུས་པ་ཀུན་ཤེས་པ་ལ་སངས་རྒྱ་དགོས། སངས་རྒྱ་བ་ལ་སྒོམ་དགོས་པས་ཚེ་འདི་བློས་ཐོང་ལས་སྒོམ་རང་ངོ་ཤེས་པ་སྒོམ་བཞིན་གདོད་མཐུས་གཞན་གསོད་ནུས་རུང་འདྲེན་ནུས་པ་མེད་ན་རང་གཞན་གཉིས་ཀ་འཕུང་བ་ཡིན། དེ་མིན་ངས་ཀྱང་མཐུ་བྱས་པ་ལ་བརྟེན་ནས་མར་

(༦༡)པའི་དྲུང་དུ་དཀའ་བ་དུ་མ་སྤྱད་དགོས་བྱུང་། དེས་ན་ཚེ་ཐུང་ནམ་འཆི་ཆ་མེད་ལ་སྒོམ་ལ་སྒྲིལ་ལ་སྡོད་གསུངས་པས། རས་ཆུང་པས་རྒྱ་གར་ལ་འབྱོན་པའི་ཞུ་བ་ཡང་ཡང་ནན་གྱིས་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ཅིས་ཀྱང་མི་ཉན་པར་འགྲོ་ན། བླ་མའི་ལུང་བསྟན་དུས་ལ་བབ་ཕྱིར། རིག་པ་སློབ་ཏུ་མི་གཏོང་། ང་ལྷོ་བྲག་མར་པའི་དྲུང་ནས་ཡོང་དུས། སྙན་རྒྱུད་ཀྱི་ཆ་ལག་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ལས་བཞི་གནང་ནས། ལྔ་ད་རུང་རྒྱ་གར་ན་ཡོད་པས་ང་རང་གི་བུ་རྒྱུད་ཀྱིས་ཕྱིན་ནས། ནཱ་རོའི་བརྒྱུད་པ་ལ་ཞུས་ནས་ལོངས་ཤིང་སེམས་ཅན་ལ་ཕན་ཐོགས་གསུང་བའི་ལུང་བསྟན་ཡོད་ནའང་། ཆོས་ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གཉིས་ཀྱིས་ཚིམ་ཞིང་། ངས་སྔར་སྒོམ་བློས་གཏོང་མ་ནུས་པར་མ་སོངས། ང་ན་སོ་རྒས་པ་དང་སེམས་ཀྱི་ཕུ་ཐག་ཆོད་པས་འགྲོ་བ་མི་ཡོང་པར་འདུག །ཁྱོད་ན་སོ་གཞོན་བློ་ཁོག་ཆེ། ཤེས་རབ་དང་སྙིང་རུས་ཐམས་ཅད་འཛོམ་པ་ཡོད་པས་ད་ཁྱོད་སོངས་ལ་ལོངས་ཤོག་ཅིག །རྒྱ་གར་དུ་འགྲོ་བ་ལ་གསེར་དགོས་པ་ཡིན་གསུང་དཔོན་སློབ་གཉིས་ཀ་ལ་འབུལ་བ་བྱུང་པ་གསེར་དུ་སྒྲིལ་བས་མང་རབ་སོག་ཚེ། གྲྭ་བུ་སློབ་ཉ་མ་ཕོ་མོ་སོགས་ཁྲོམ་ཆེ་བར་ཚོགས་པའི་དབུས་སུ། ཁྲི་ཆེ་བ་གཅིག་བརྩེགས་ནས་དེ་ལ་རྗེ་རས་ཆུང་

(༦༢)པ་བཞུགས་སུ་གསོལ། བླ་མས་སློབ་མ་མངའ་གསོལ་བ་ལ་ཉེས་པ་མེད་པ་ཡིན་གསུང་། མར་ངོའི་ཚེས་བཅུ་ལ་རས་ཆུང་པས་རྒྱ་གར་ཡུལ་དུ་འབྱོན་པའི་ལམ་མཁན་མཁའ་འགྲོ་ཆོས་སྐྱོང་ལ་ཞུ་བའི་ཆེད་དུ། མཚན་མོ་ཚོགས་འཁོར་ཞིག་མཛད། སང་ཉིན་དེ་གཤེན་རྡོར་མོ་དང་། ལེགས་འབུམ་ལ་སོགས་ཏེ་ཉ་མ་རྣམས་ཀྱིས་རས་ཆུང་པ་ལ་གཤེགས་སྐྱེ་མས་ཀྱི་ཚོགས་འཁོར་ཞིག་བཤམས་པའི་ཚོགས་གྲལ་དུ། རྗེ་བཙུན་གྱིས་གསེར་གང་ཡོད་རྣམས་རས་ཆུང་པ་ལ་གནང་སྟེ། བུ་རས་ཆུང་པ་ངའི་གླུ་འདིའི་དོན་ལ་བསམས་ནས་རྒྱ་གར་ནས་ཆོས་འདི་དག་ལོངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། ༈ སྒྲ་བསྒྱུར་མར་པའི་ཞབས་ལ་འདུད། །རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས། །བུ་རས་ཆུང་རྩོད་པ་འཕམ་པ་དེ། །ཐེ་ཚོམ་ཟ་ཕྱིར་ཉམས་ལེན་འབོར། །སློབ་གཉེར་འདོད་ཕྱིར་ས་མཐའ་བསྐོར། །དེ་རྣལ་འབྱོར་བཟློག་པའི་འཕྲང་གཅིག་ཡིན། །ཁྱོད་རྒྱ་གར་ཡུལ་དུ་འགྲོ་བ་ན། །པཎ་ཆེན་ནཱ་རོའི་བརྒྱུད་པ་ལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ཞུས། །རྩོང་ཚིག་ཕྲེང་བས་བྱ་རྒྱུ་མེད། །ང་དང་པོ་ཐུགས་ས་མ་ནོར་བས། །མར་པ་ལོཙྪའི་ཞབས་ལ་གཏུགས། །བར་དུ་བསྒོམ་ས་མ་ནོར་བས། བྲག་དཀར་རྟ་སོའི་རྩེ་ལ་བསྒོམས། །ཐ་མར་

(༦༣)འདོམས་ས་མ་ནོར་བས། །བཤེས་མེད་འདྲིས་མེད་ཡུལ་དུ་འདོམས། །ད་ནི་སྲིད་ཞི་སྤང་བླང་བྲལ། །དེས་ན་རྣལ་འབྱོར་བཟློག་མི་སྲིད། །ང་ལྷོ་བྲག་མར་པའི་ཞབས་དྲུང་ནས། །གཉན་པའི་རི་ལ་ཡོང་དུས་སུ། །བླ་མ་སངས་རྒྱས་འདི་སྐད་གསུང་། །འཁོར་ལོས་བསྒྱུར་རྒྱལ་རིན་ཆེན་འཛིན། །རིགས་ལྔ་བྱ་འཕུར་ཆོས་ཉིད་ཀློང་། །རིག་པ་ཡེ་ཤེས་སྒྲོན་མེ་གཅིག །རྩ་རླུང་དྲ་མིག་འཁོར་ལོ་གཉིས། །བདེ་ཆེན་གསུང་གི་རིན་ཆེན་གསུམ། །རོ་སྙོམས་ཕྱིའི་མེ་ལོང་བཞི། །རང་གྲོལ་ཕྱག་རྒྱ་ཆེ་དང་ལྔ། །དམ་ཆོས་འདི་ལྔ་རྒྱ་གར་ན། །ད་རུང་ཡོད་པས་ལོངས་གསུང་ཡང་། །ང་ན་སོ་རྒས་ནས་མ་ཐོན་པས། །ཁྱོད་མར་པའི་བརྒྱུད་པ་འཛིན་བའི་བུས། །རྒྱ་གར་ཡུལ་ནས་ལོངས་ལས་ཤོག །ཐོས་པ་ཙམ་གྱིས་སངས་རྒྱ་བའི། །གདམས་ངག་ཅིག་ཡོད་པ་ང་རངས་གཏེར། །ཞེས་གསུངས་ནས་བུ་རས་ཆུང་པ་ཚིག་ངན་རྟོག་གེའི་ཕྲེང་བ་བསླབ་ན་རང་རྒྱུད་གྱོང་ཧྲེང་འགྲོ་བ་ལ་ཚེགས་མེད། དེ་མ་སློབ་པར་རྒྱ་གར་ཡུལ་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཡོད་པ་ཚོལ་ལ་ལོངས་ཤོག་གསུངས་པས། རས་ཆུང་པ་དགྱེས་བཞིན་གསེར་ཚོའི་ནང་ནས་གསེར་ཐེག་བོ་ཆེ་བ་གཅིག་བླ་མའི་དབུ་ཐོག་ཏུ་ཕུལ་གཞན་ཕུད་རྣམས་སྐུ་ལ་ཕུལ་ཏེ་ཕྱག་བཙལ་ཞིང་ཞབས་སྤྱི་བོར་བླངས་ནས།

(༦༤)ཞུ་བ་འདི་སྐད་ཕུལ་ལོ། ༈ །བླ་མའི་བཀའ་ལུང་དགོངས་དོན་རྣམས། །སྲོག་དང་བསྡོས་ནས་སྒྲུབ་པ་ཞུ། །གདམས་ངག་མཁའ་འགྲོའི་ཁ་རླངས་རྣམས། །ལུང་བསྟན་བཞིན་དུ་ལེན་པར་ཞུ། །བྱིན་བརླབས་བཀའ་དྲིན་ཐུགས་རྗེ་ལ། །ཡེངས་པ་མེད་པར་འཇུག་པར་ཞུ། །མཁྱེན་བརྩེ་ལྡན་པའི་ཐུགས་རྗེ་ཡིས། །འབྲལ་བ་མེད་པར་བཟུང་དུ་གསོལ། །བཀའ་ཚིག་རྡོ་རྗེའི་ཕྲེང་བ་རྣམས། །བརྗེད་པ་མེད་པར་དྲན་པར་ཞུ། །རས་ཆུང་འདྲིས་མེད་བཤེས་མེད་ལ། །ལས་ཅི་ལ་ཐུག་ཀྱང་སྐྱོང་བར་ཞུ། །རྒྱ་གར་བཅའ་ཕྲེང་འཇིགས་པ་ལས། །བདག་གང་དུ་འགྲོ་ཡང་གཟིགས་པ་ཞུ། །འདྲིས་མེད་མི་ཡུལ་འཁྱམས་པའི་ཚེ། །ལས་འཕྲོ་བཟང་དང་སྤྲོད་པ་ཞུ། །སྣང་བ་ལམ་དུ་བར་ཆད་ཀྱི། །ནོར་བར་བྱུང་ན་བསྒྱུར་བ་ཞུ། །དུས་དང་རྣམ་པ་ཐམས་ཅད་དུ། །ཐུགས་རྗེས་ཅིས་ཀྱང་འཛིན་པ་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱིས་རས་ཆུང་པ་ལ་མགུར་འདི་གསུངས་སོ། ༈ །བུ་རས་ཆུང་རྒྱ་གར་འགྲོ་བ་ལ། །སུམ་ཚན་བདུན་གྱི་གྲོས་གཅིག་འདེབས། །གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་གི་ཤེས་རབ་ཆེ། །དེ་ལ་ཆེ་བ་རྣམ་གསུམ་མཛོད། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་སློབ་མའི་དད་པ་དགོས། །གསུམ་དུ་རང་

(༦༥)ལ་སྙིང་རུས་དགོས། །དེ་ལ་དགོས་པ་རྣམ་གསུམ་མཛོད། །གཅིག་ཏུ་སྲོག་རྩོལ་གནད་དུ་ཚུད། །གཉིས་སུ་ཆོས་ཉིད་ཀློང་དུ་ཚུད། །གསུམ་དུ་ཆོས་ལ་རང་བྱན་ཚུད། །དེ་ལ་ཚུད་པ་རྣམ་གསུམ་མཛོད། །གཅིག་ཏུ་བདེ་བའི་འོད་གསལ་མཐོང་། །གཉིས་སུ་སྣང་བ་སྣ་ཚོགས་མཐོང་། །གསུམ་དུ་ལུང་རིག་མན་ངག་མཐོང་། །དེ་ལ་མཐོང་བ་རྣམ་གསུམ་མཛོད། །ཕྱག་རྒྱ་མཚན་ལྡན་གྲོགས་སུ་གཅེས། །ཉམས་མྱོང་བདེ་བ་སེམས་ལ་གཅེས། །སྤྱོད་པ་གླང་ཆེན་ལྟ་བུ་གཅེས། །དེ་ལ་གཅེས་པ་རྣམ་གསུམ་མཛོད། །སྣོད་ངན་གདམས་ངག་གཏེར་བ་འཕངས། །ཉམས་མྱོང་གླུ་རུ་ལེན་པ་འཕངས། །རྣལ་འབྱོར་གྲོང་ཡུལ་འཁྱམ་པ་འཕངས། །དེ་ལ་འཕངས་པ་རྣམ་གསུམ་མཛོད། །གཅིག་ཏུ་མཆེད་གྲོགས་ཚོགས་སུ་འདུ། །གཉིས་སུ་མཁའ་འགྲོ་ཚོགས་སུ་འདུ། །གསུམ་དུ་ཡོ་བྱད་ཚོགས་སུ་འདུ། །དེ་ལ་འདུ་བ་རྣམ་གསུམ་མཛོད། །གླུ་དེ་དོན་བསམས་ནས་ཉམས་ལེན་འཚལ། །ཅེས་གསུངས་སོ། །མཚན་ཉིད་སྟོན་པས་རྩོད་པས་རྐྱེན་བསྐུལ་བྱས་ཏེ། རྗེ་མར་པའི་ལུང་བསྟན་དུས་ལ་བབ་ཅིང་མཁའ་འགྲོས་ཐུགས་རྒྱུད་བསྐུལ་ཕྱིར། རྒྱ་གར་ལ་འབྱོན་བཞེད་པ་ལྟར། བླ་མས་ལུང་བསྟན་རྗེས་གནང་དང་བཅས། རྒྱ་གར་ལ་ཕྱི་མ་འབྱོན་པར་ཆས་པའི་སྐོར་ཚོ་དེ་གཉིས་པའོ། །

(༦༦)གསུམ་པ་ནི། དེ་ནས་རྗེ་རས་ཆུང་པས་བླ་མ་ལ་ཕྱི་ཕྱག་ཕུལ་ཞིང་སྨོན་ལམ་བཏབ་བལ་ཡུལ་ཕྱོགས་ལ་ཆས་བ་དང་། ར་ལོ་ཡང་བལ་ཡུལ་ཕྱོགས་ལ་འབྱོན་པ་དུས་འཛོམ། གཞན་ཡང་ཁྱི་སྟོན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དཔོན་སློབ་འགའ་ཞིག་དང་འགྲོགས་ནས་བྱོན། ཁྱི་སྟོན་དེ་དང་པོ་རི་དྭགས་བཤོར་བའི་ཁྱི་ར་བ་ཡིན་པར་འདུག་པས། ཁོས་སྒོ་བ་ལ་ཁྱི་བཀྱེ་བས་སྒོ་བ་སྤང་གི་དིའུ་ལ་འཁོར་བ་ཁྱིས་བསུས་པ་ཧྲལ་ནས་རྒྱུ་ལྟོ་ཚོ་ཡང་སྤང་ཁར་དཔུང་སྟེ་ལུག་ནས་ཀྱང་སྒོ་བ་མ་ཤི་བར་བསད་ཀྱི་དོགས་པས་ད་རུང་བྲོས་སོང་པས་དེར་ཁོ་འགྱོད་ནས་ཨ་ཙ་མ་སེམས་ཅན་གྱི་སྲོག་ལ་འདི་ཙམ་གྱི་འཕངས་པ་འདུག་སྙམ་ནས། ཁྱི་ཚོ་ཆོས་སྡེ་གཅིག་ལ་ཕུལ་ཁོང་རབ་ཏུ་བྱུང་ནས་ཆོས་བྱས་པས། མཚན་ཡང་ཁྱི་སྟོན་བྱང་ཆུབ་སེམས་དཔའ་ཞེས་གྲགས། དེ་ལྟ་བུའི་ཁྱི་སྟོན་དཔོན་གཡོག་སོགས་དཔོན་སློབ་བཅོ་ལྔ་ཙམ་གདོངས་ནས་བྱོན་པས། བལ་ཡུལ་གྱི་མཐའ་ཞིག་ཏུ་ཕེབས། བླ་མ་ནི་སྔར་བྱོན་པའི་ཡོན་བདག་གིས་སྤྱན་དྲངས། བླ་མ་ར་ལོ་ཡང་གནས་པོ་རྙིང་པ་ཅན་དུ་བྱོན། དེར་ཁྱི་སྟོན་དཔོན་སློབ་སྲང་ཁ་གཅིག་ན་བལྟ་ཡིན་གདའ། གཡོག་གཉིས་སིངས་པོ་སློང་དུ་བྱུང་བས། བླ་མས་ཡོན་བདག་ལ་ཟས་ཆུང་ཡང་བགོད་དུ་རུང་བྱ་བ་ཡིན་པས་ངའི་ཆང་

(༦༧)འདི་མཉམ་པོར་བྱའོ། །ཁྱི་སྟོན་གདན་དྲོངས་བྱས་པས་རུང་ཟེར་ནས་ནང་དུ་བོས་ཆང་དྲངས་པས་ཁྱི་སྟོན་བཟི་ནས་རྗེ་བཙུན་གྱི་བྲང་ལ་སོ་གཏབ་ནས། ཆོས་པ་བྱ་བ་ཁྱེད་ལྟ་བུ་ཡིན། བླ་མ་ར་ལོ་བྱ་བ་མི་ཆེན་པོར་བྱས་ཆེ་བའི་ང་རྒྱལ་གྱིས་ཁེངས་ཟེར། དེ་ནས་ཐོན་ནས་བལ་པོ་ཐིལ་དུ་འགྲོ་དུས་རྗེ་བཙུན་གྱི་ཁྲེལ་པོ་ཁྱི་སྟོན་གྱིས་ཁུར་ཟེར། དེར་བླ་མས་ཁྱེད་དགེ་སློང་བགྲེས་པོ་གཅིག་ལ་བསྐུར་བས་གང་ནས་འོང་གསུང་ནས་མ་བསྐུར་བར་རང་གི་བསྣམས་ནས་བྱོན། དེ་ནས་བལ་པོ་ཐིལ་དུ་ཕོབས། བླ་མས་བྷ་རི་མ་ཆུང་ཤོས་ལ་གནས་མོ་བྱས་ནས་དེར་བཞུགས་པས་བལ་པོའི་ཡོན་བདག་ཕོ་མོ་ཀུན་བོད་ཀྱི་རྣལ་འབྱོར་པ་ལ་ཆོས་ཞུ་ཟེར་ནས་ཁྲོམ་ཚོགས་ཤིང་ཁྲི་བཤམས་བྱས་འདུག་པའི་ཁར། ཁྱི་སྟོན་བསྡད་ནས་ཆོས་བཤད། དེ་ནས་བལ་བོ་བྷ་རི་བྷ་ཤ་བྱ་བའི་བུ་མོ་བྷ་རི་རྣལ་འབྱོར་མ་བྱ་བ་གྲུབ་ཐོབ་ཏུ་བྱེད་པ་ཞིག་ཡོད་པས། མོ་ཆོས་ལ་མགུ་ན་མེ་ཏོག་སྟོར་སྨོན་ལམ་འདེབས་བྱེད་པ་གཅིག་ཡོད་པ་དེ་ཡང་དང་པོ་ལག་པ་ཐལ་མོ་སྦྱར་ནས་གུས་གུས་ལྟར་ཉན་བཞིན་འདུག །དེར་ཁྱི་སྟོན་གྱིས་རྫོགས་པ་ཆེན་པོའི་ལྟ་བའི་སྦད་ཁམ་ཆེན་པོ་བཤད་པས། མོ་མ་གུས་པར་འགོལ་ས་གཅིག་ཏུ་སོང་། བྷ་ཀུ་ལི་བྱ་བས་རས་ཀྱི་ཁུག་མ་ཞིག་ནས་འོལ་མ་སེའི་ཕྲེང་

(༦༨)བ་བཏོན་ནས་བཟླས་པ་བྱེད་ཅིང་འདུག །བླ་མའི་ཐུགས་ལ་མོ་བཟླས་པ་བྱེད་པ་འདི་ཡི་དམ་གྱི་ལྷ་ཞིག་ཡོད་པ་ཡིན་ནམ་དགོངས། མོ་བཟླས་པ་མ་ཟིན་གྱི་བར་དུ་གཡས་སུ་བྲག་རལ་གཡོན་དུ་ཤིང་འགྱེལ་ཡང་འཕྲོ་མི་གཅོད་པས། དེར་བསྡད་ནས་བཟླས་པ་ཟིན་པ་དང་དྲིས་པ། ཁྱོད་ད་ཕྱི་སྔ་མ་དད་ནས་ཕྱིས་མ་དད་པ་ཅི་ཡིན་བྱས་པས། ཛོ་ཀིའི་ཆོས་ལ་དད་རྒྱུ་མ་བྱུང་། སངས་རྒྱ་བའི་ཆོས་ཞིག་སྒྲུབ་པ་ལ། །བྱིན་གྱིས་བརློབ་པའི་བླ་མ། དངོས་གྲུབ་གཏེར་བའི་ཡི་དམ། བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་དགོས་པ་ལ། ལྷ་མེད་འདྲེ་མེད་རང་ཟེར་བ་ལ་མ་དད་ཟེར། བལ་བོ་གཞན་རྣམས་ཀྱང་བོད་ངན་པའི་ཆོས་ལ་དེ་ལས་མི་ཡོང་ཟེར། དེ་ནས་བྷ་རི་མ་ལ་ཁྱོད་བཟླས་པ་བྱེད་པ་དེ་ལ་ཡི་དམ་གྱི་ལྷ་ཡོད་དམ་དྲིས་པས། བོད་ངན་པ་ཡི་དམ་གྱི་ལྷ་ལོས་ཡོང་བོད་ཀྱི་ཆོས་པ་ལ་འདི་བས་མི་རེ་ཟེར་ནས་རྒོལ་དུ་བྱུང་། འོ་ན་ཡི་དམ་གྱི་ལྷ་དགོས་སམ་བྱས་པས། ཡི་དམ་གྱི་ལྷ་ལོས་དགོས་བསྐྱེད་རྫོགས་གཉིས་ཀྱི་སྐྱ་བར་ནས་མ་བཏོན་པའི་སངས་རྒྱས་ཅི་ལ་ཡོང་ཟེར། འོ་ན་ཁྱོད་ཀྱི་ཡི་དམ་གང་ཡིན་ཤོད་དང་བྱས་པས། ཁྱོད་ངའི་བླ་མ་ནི་མིན། ཁྱོད་ལ་ངའི་ཡི་དམ་ཅི་ལ་ཟློས་ཟེར། ཡང་བླ་མས་གསེར་གྱི་འདྲ་མེན་ཉོས་ནས་ཁྱེར་ཏེ་དེར་བྱིན་ནས་ཟློས་དང་བྱས་པས། ཁྱོད་ཀྱི་ང་ལྟོག་

(༦༩)པར་མཐོང་ངམ། ཁྱོད་ལ་གསེར་མང་པོ་གཅིག་འདུག་སྟེ། དེ་འདྲའི་ཕྱིར་ངའི་ཡི་དམ་ཟློས་སམ་ངའི་ཡི་དམ་གསང་བ་ཡིན་ཟེར། འོ་ན་གདམས་པ་ཞིག་ཞུ་དང་ཞུས་པས། བོད་སྤྲུག་སྒྲོན་ཆུང་འདྲ་བ་ཞིག་ངས་གདམས་པ་མི་ཤེས་ཟེར་ནས་སོང་། དེར་བླ་མའི་ཐུགས་ལ་ཡི་དམ་གྱི་ལྷ་བསྒོམ་དགོས་པར་འདུག་སྙམ་པ་གཅིག་ཤར་རོ། །དེ་ནས་མོའི་ཁོལ་མོ་ཆུ་ལེན་དུ་བྱུང་པས་མོ་ལ་བརྔན་པ་གཅིག་སྦྱིན་ནས། ཁྱོད་ཀྱི་ཇོ་མོའི་ལྷ་དེ་ཅི་ཡིན་དྲིས་པས་མོ་ན་རེ། ཁ་དོག་དམར་མོ་གཡས་ཕག་ཞལ་གདོང་ཁྲོ་མོ་གྲི་གུག་དང་ཐོད་པ་འཛིན་པ་རྐང་པ་གཡོན་རྐྱང་ནས་ཡོད་པ་ཡིན། བྷ་རི་མ་ལ་མ་ཟློ་ང་ལ་རྒོལ་དུ་ཡོང་ཟེར། འོ་ན་ཞལ་གཉིས་མ་ཡིན་ནམ་སྙམ་པ་ཙམ་བྱུང་སྟིག་པོ་རང་མེད། དེ་ན་ནུབ་མོ་ལྕགས་རིའི་ནང་ལ་འགའ་འགའ་ཕྱིན་ན་ར་ཛའི་ཆད་པ་འོང་བས་ཕྱི་སྒོའི་ཙ་ན་ཡར་འཛགས་ནས་ཐང་ཀ་བཀྲམ་པ་ལ་བལྟས་པས་གསལ་པོ་མ་མཐོང་། རྒྱ་གར་གྱི་ལུགས་ཀྱི་ལྷ་མང་པོའི་ཁྲོད་དུ་ཡི་དམ་གྱི་ལྷ་སྦས་ནས་གང་ཡིན་ཆ་མེད་དུ་བྱས་འོང་བ་ཡིན་གསུང་། དུས་རེ་ཞིག་བྷ་རི་རྣལ་འབྱོར་མའི་ཁྱོ་བོ་འབའ་ཆེན་འབའ་རོ་བྱ་བ་གཅིག་རྫིང་བུའི་འགྲམ་དུ་ཁྲུས་བྱེད་ཅིང་འདུག་པའི་དྲུང་དུ་ཕྱིན་ནས་མེ་ཏོག་འབྲས་ཕུལ་གང་གི་ཉོས་

(༧༠)ནས་ཕུལ་ཏེ། ཁྱོད་ཀྱི་ཆུང་མའི་ཡི་དམ་གང་ཡིན་བྱས་བས། བཛྲ་ཝ་ར་ཧི་ཧོ་ཡིན་ཟེར། འོ་ན་མོའི་སློབ་དཔོན་སུ་ཡིན་བྱས་པས་ཏི་ཕུ་ཡིན་ཟེར། ཡང་དུས་ཞིག་བྷ་རི་ཕྱག་སྡུམ་ལ་ཡི་དམ་དགོས་སམ་བྱས་པས་དགོས་ཟེར། གང་ཡིན་བྱས་པས་ལྷ་བཅུ་གསུམ་མ་ཡིན་ཟེར། ཡང་བླ་མ་ཡེ་རང་པ་ལ་ཡི་དམ་དགོས་སམ་བྱས་པས་དགོས་ཟེར། འོ་ན་ང་ལ་གནང་བར་ཞུ་དང་ཞུས་པས་མ་གནང་། དེ་ནས་རྒྱ་གར་ལ་འབྱོན་དགོངས་པ་ལ། རྒྱ་གར་གྱི་རྒྱལ་པོ་དང་། བལ་པོའི་རྒྱལ་པོ་འཁྲུག་རྩོད་ཤོར་བས། རྒྱ་བལ་གྱི་འགྲུལ་ཆད་པས་དགུན་བལ་པོར་བཞུགས་དགོས་པ་བྱུང་བས། བལ་པོ་ཧ་དུ་དཀར་པོ་ལ་ཕག་མོ་ཞུས། བྷ་རོ་ཤོར་ཆུང་བྱ་བ་ལ་བདེ་མཆོག་རྩ་རྒྱུད་བཤད་ཕྲན་དང་བཅས་པ་ཞུས། གྲུབ་ཐོབ་ཨ་མོ་གྷ་ལ་ལྟ་སྒོམ་སྤྱོད་འབྲས་གདམས་པ་ཞུས་པས་ཚང་བར་བསྟན། ཞེན་པ་མེད་པ་གྲུབ་ཐབ་ཤྲཱི་ལ་བྷ་རོའི་སྤྱོད་འགྲོས་མཐོང་། དེ་ནས་དབྱིད་ཀར་སོང་ནས་ཡུན་རིང་པས་སུན་བའི་སྣང་བ་ཤར། མི་ནད་ནི་ཤིན་ཏུ་མང་བས་སེམས་སྐྱོ་ནས་ཚོགས་འཁོར་ཞིག་བྱས་ནས། བླ་མ་ལ་གསོལ་བ་བཏབ་པས། རྗེ་བཙུན་མི་ལ་ཡིད་ཀྱི་དངོས་སྣང་དུ་ཕེབས་ནས། རྒྱལ་པོ་ལ་ཞུས་ནས་སོངས་འཇིགས་པ་མི་ཡོང་གསུངས་བ་ཞིག་བྱུང་བ་བདེན་བསམ་ནས་རྔ་མ་དཀར་པོ་ཅིག་

(༧༡)གསེར་ཞོ་གང་། གླ་རྩི་འགོར་ཅིག་ཁྱེར་ནས། རྒྱལ་པོ་ལ་མཇལ་ཁ་ཞུ་བྱས་པས། བོད་ངན་པ་ཁྱོད་དང་རྒྱལ་པོ་མཇལ་ས་མེད་ཟེར། དེར་རྒྱུས་མེད་ལ་འཆད་པ་མི་ཡོང་ཟེར་བས། ཡོལ་ཁང་ནང་དུ་འཚངས་བྱོན་ནས། རྒྱལ་པོ་ལ་ཕྱག་རྟེན་ཕུལ་ཏེ་ཞུ་བ་བགྱིས་པ། ༈ །ཁྱེད་ལྟ་བའི་སྐུ་མཁར་མཐོ་མི་མཐོ། །ཆོས་བརྒྱད་ཀྱི་ཆུ་བོ་གྲུབ་ན་མངོན། །སྒོམ་པའི་སྐུ་མཁར་བརྟན་མི་བརྟེན། །དགོན་པར་ཡུན་རིངས་བསྡད་ན་མངོན། །སྤྱོད་པའི་སྐུ་མཁར་བརྟན་མི་བརྟན། །ཕྱོགས་རིས་དམག་གིས་བསྐོར་ན་མངོན། །སེར་སྣའི་འདུད་པ་ཁྲོལ་མི་ཁྲོལ། །ཟང་ཟིང་ནོར་དང་འཕྲད་ན་མངོན། །བརྩོན་འགྲུས་རྟ་ཕོ་མགྱོགས་མི་མགྱོགས། །ལེ་ལོའི་ཐང་ལ་རྒྱུགས་ན་མངོན། །ཤེས་རབ་རལ་གྲི་རྣོ་མི་རྣོ། །ལུང་དང་གྲུབ་མཐའ་བཤད་ན་མངོན། །རྒྱལ་པོ་བཀའ་ཁྲིམས་རྔམ་མི་རྔམ། །རས་ཆུང་རྒྱ་གར་ཕྱིན་ན་མངོན། །ཞེས་ཞུས་པས། རྒྱལ་པོས་གསུང་ནས། རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་ལ། སློབ་མ་རས་ཆུང་པ་བྱ་བ་གཅིག་ཡོད་ཟེར་བ་ཁྱོད་ཨེ་ཡིན་གསུང་། ཡིན་ཚུལ་རྣམས་ཞུས་པས། ཁར་སིང་ནས་མི་ཡོང་པ་ད་འབྲང་ཐོག་ལ་ཤོག་གསེར་ཡིག་བསྐུར་ཅིག་གསུང་དེ་མ་ཐག་འབྲང་སྟེག་ནས་ཕྱིན་པས། གྷཎྜའི་རྟགས་ཤིག་གནང་ཕྱག་རྟེན་རྣམས་ཀྱང་ཁྱོད་ཆོས་འཚོལ་ལ་དུ་འགྲོ་བས་ཁྱོད་རང་གལ་

(༧༢)ཆེ་གསུང་ནས་ཕྱིར་གཏད། ལམ་གྱི་ཆས་གང་དགོས་པ་ཁྱེར་གསུང་ནས་གནང་། ད་ལན་ཁྱོད་ཀྱི་རྗེས་ལ་སུ་འགྲོ་ཁྲིད་དང་ལེགས་པོ་འོང་གསུང་པས། རས་ཆུང་པས་མི་བརྒྱ་ལྷག་ཙམ་ཁྲིད་སྐད་དོ། །དེ་ནས་རྒྱ་གར་དུ་ཕྱིན་ཁ་ཆེ་བན་ཆུང་བྱ་བ་མཁས་པ་ཞིག་ལ་མ་རྒྱུད་རྩ་བའི་རྣམ་བཤད་རྒྱས་པ་ཅིག་ཞུས། དཔལ་སྤན་ད་པ་ལ་ཕ་རྒྱུད་སྐོར་དང་རླུང་གི་རྒྱུ་ཚུལ་མཐའ་དག་ཞུས། ཨ་ཐུ་ལ་བཛྲ་ལ་ཕྱག་རྒྱ་ཆེན་པོ་ཨ་མ་ན་སིའི་སྐོར་ཚང་མ་ཞུས། ཡེ་ཤེས་མཁའ་འགྲོའི་རྣམ་སྤྲུལ་གྲུབ་པ་ཐོབ་པའི་རྣལ་འབྱོར་མ་ཆུའི་ཁ་ན་ཕར་ལ་ལྕམ་ལྕམ་འགྲོ་བ་གཅིག་ལ་འཕོ་བའི་ཆོས་སྐོར་མཐའ་དག་ཞུས། དེ་ནས་རིམས་ཀྱིས་ཤིང་སྤང་གསེར་གྱི་མཎྜལ་དུ་གཏོལ། དེ་ནས་རྗེ་གསང་སྔགས་ཀྱི་རྒྱལ་པོ་ཏི་ཕུ་བཞུགས་པ་དང་མཇལ་གསེར་སྲང་གང་གི་ཕྱག་རྟེན་ཕུལ་ཕྱག་བཙལ་བསྐོར་བ་བགྱིས་ནས་ཏི་ཕུ་དང་ཞལ་མཇལ་ནས་ཆོས་ཞུ་བའི་མགུར་འདི་ཕུལ་བར་གདའ། ༈ །རྗེ་བཙུན་བླ་མའི་སྐུ་མཐོང་སྣང་བ་འགྱུར། །གསུང་ཐོས་ལས་ངན་སྒྲིབ་པ་དག །ཕྱག་དབང་བར་ཆད་རྐྱེན་ངན་སེལ། །བལྟས་ཤིང་བལྟ་འདོད་གསོལ་བ་འདེབས། །བདག་ཆགས་པའི་རྒྱལ་པོ་ཕ་ཡུལ་སྤངས། །འཛིན་པའི་རྒྱལ་པོ་ནོར་རྫས་སྤངས། །ཞེན་པའི་རྒྱལ་པོ་ཉེ་འབྲེལ་སྤངས། །ལ་བརྒལ་བར་དཀའ་བའི་ཐེམ་པ་བརྒལ། །ལམ་བསྒྲོད་

(༧༣)པར་དཀའ་བའི་ལམ་རིངས་བསྒྲོད། །སིང་ག་ལའི་ནགས་སུ་ཕྱིན་ཙ་ན། །ནགས་ཁྲོད་མུན་ནག་འཐིབས་པ་འདྲ། །མི་རྒོད་སྦྲང་ཆར་ཟིམ་བུས་མང་། །ཚེ་སྲོག་ན་བུན་བས་ཀྱང་ཡལ། །རྫོང་དཀར་ལའི་ནགས་སུ་ཕྱིན་རྩ་ན། །སྦ་ཟམ་གཞུ་རྒྱུད་བས་ཀྱང་འཕྲ། །ཡེང་ཡེང་ལྕང་མ་རླུང་བསྐྱོད་འདྲ། །ཚེ་སྲོག་ཟིལ་པ་ལས་ཀྱང་འགྲུལ། །བལ་པོའི་ཐིལ་དུ་ཕྱིན་ཙ་ན། །མི་ནད་བུ་ཡུག་བས་ཀྱང་འཚུབ། །མི་རོ་ལུད་ཕུང་བས་ཀྱང་ཆེ། །ཚེ་སྲོག་མེ་སྟག་ལས་ཀྱང་ཡལ། །ལམ་རིང་པོར་དཀའ་བ་སྣ་ཚོགས་སྤྱད། །ལུས་སྡུག་བསྔལ་རྐྱེན་སྣང་མང་ལགས་ཀྱང་། །རྗེ་ཡིད་ལ་བྱས་པས་སྐྱོན་མ་བྱུང་། །རྗེ་བླ་མའི་ཆོས་ནི་རྒྱ་མཚོ་འདྲ། །རྒྱ་མཚོའི་གཏིང་ལ་ཐུག་མཐའ་མེད། །ཐུག་མཐའ་མེད་པའི་ཆོས་གཅིག་ཞུ། །བླ་མའི་ཆོས་དང་ཉི་ཟླ་འདྲ། །ཉི་ཟླའི་འོད་ཀྱིས་གླིང་བཞི་ཁྱབ། །འགྲོ་ལ་ཁྱབ་པའི་ཆོས་གཅིག་ཞུ། །བླ་མའི་ཆོས་དང་ནོར་བུ་འདྲ། །ནོར་བུས་དགོས་འདོད་ཆར་དུ་འབེབས། །དོན་འདོད་དགུ་འབྱུང་བའི་ཆོས་གཅིག་ཞུ། །བླ་མའི་ཆོས་དང་སྨན་མཆོག་འདྲ། །སྨན་མཆོག་འདུ་བའི་ནད་རྣམས་སེལ། །ནད་ཉོན་མོངས་སེལ་བའི་ཆོས་ཤིག་ཞུ། །རྗེ་ཡིད་བཞིན་ནོར་བུ་འགྲོ་བའི་མགོན། །ཡེ་ཤེས་རྒྱ་མཚོའི་འོད་ཟེར་གྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །དགོས་

(༧༤)འདོད་ཉི་ཟླ་འཆར་དུ་གསོལ། །ཞེས་ཞུས་ཤིང་གསོལ་བ་བཏབ་པས། ཏི་ཕུ་མཉེས་ནས། སྒོམ་བྱུང་ལྷན་སྐྱེས་གཉིས་ཀ་ཡོད་པའི་ཤེས་རབ་ཅན་གཅིག་འདུག་གསུང་། སྨ་ལོཙྪ་བ་ཞབས་དྲུང་ན་འདུག་པ་ན་རེ། ཤེས་རབ་ཆེ་རྒྱུ་མེད་དང་པོ་ནས་བསམས་བསམས་པ་ཡིན་ཡོང་། ཁོ་ཕ་གི་ནས་ཚུར་ཡོང་ནས་དེ་ལས་བསམ་རྒྱུ་མེད་པས་ངོ་མཚར་ཅི་ཆེ་ཟེར། བླ་མ་ཏི་ཕུའི་ཞལ་ནས་ངས་བོད་སྐད་ཧ་ཅང་མཁས་པ་མི་ཤེས་ཏེ་ཐམས་ཅད་ཤེས་རབ་ཀྱི་གཤིས་ལ་ཡོད་པ་ཅིག་འདུག །སྔར་ནས་བསམས་བསམ་པ་ཨེ་ཡིན། འཕྲལ་ལ་བརྒྱུད་པ་དང་བླ་མ་དང་གདམས་ངག་གང་འདོད་རྣམས་དྲིས་དང་འཕྲལ་དུ་ལན་ཐེབས་ན་ཤེས་རབ་ཆེ་བའི་རྟགས་ཡིན་གསུང་། བླ་མའི་གསུང་བཞིན་ལོཙྪ་བས་འདྲིར་བྱུང་བ་ལ། བླ་མ་ལ་ཡང་གསེར་ཐིག་པོ་གཅིག་ཕུལ་ནས་གདམས་པ་འདོད་པ་དང་ལོ་རྒྱུས་ཀྱི་མགུར་འདི་ཕུལ་ལོ། ༈ །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །གདམས་ངག་མཁའ་འགྲོའི་གསང་ཚིག་ཡིན། །བཀའ་ནི་ཏེ་ལོ་པ་ལ་བབས། །བཅུད་ཀྱི་བདུད་རྩི་ནཱ་རོས་གསོལ། །ཡོན་ཏན་རྒྱ་མཚོ་མར་པས་བླངས། །སྙན་བརྒྱུད་དྲོད་རྟགས་མི་ལས་སྟོན། །ང་རང་རས་ཆུང་རྡོ་རྗེ་གྲགས། །ང་མི་ལ་རས་ཆེན་བརྒྱུད་པ་འཛིན། །ང་རོ་སྙོམས་ཕྱི་ཡི་མེ་ལོང་འདོད། །རྩ་རླུང་དྲ་མིག་འཁོར་ལོ་འདོད།

(༧༥)བདེ་ཆེན་གསུང་གི་རིན་ཆེན་འདོད། །རང་གྲོལ་ཕྱག་རྒྱ་ཆེན་པོ་འདོད། །རིག་པ་ཡེ་ཤེས་སྒྲོན་མེ་འདོད། །གཞན་ཡང་གསང་སྔགས་ཉེ་བའི་ཆོས། །གདམས་ངག་རིན་ཆེན་དམ་པའི་ནོར། །སྣོད་ལྡན་བུ་ལ་གནང་དུ་གསོལ། །ཞེས་ཞུས་པས། ཏི་ཕུའི་ཞལ་ནས། དེ་ལ་བསམ་དུ་མེད་ངོ་མཚར་ཆེ་གསུང་ཤིན་ཏུ་མཉེས་སོ། །དེ་ནས་བླ་མ་ཏི་ཕུའི་ཞལ་ནས་ལན་དུ་གསུངས་པ། ༈ །ཁྱོད་རྒྱུད་པ་མ་ནོར་རྡོ་རྗེ་འཆང་། །གདམས་ངག་མ་ནོར་མཁའ་འགྲོའི་གསུང་། །བཀའ་བབས་མ་ནོར་ཏཱེ་ལོ་པ། །བཅུད་ཀྱི་བདུད་རྩི་ནཱ་རོས་གསོལ། །ཡོན་ཏན་རྒྱ་མཚོ་མར་པས་བླངས། །མི་ལ་རས་ཆེན་རྟོགས་པ་ཆེ། །བུ་ཁྱོད་ཀྱང་སྣོད་ལྡན་ཡིན་པར་མཆིས། །བཀའ་རྒྱུད་བླ་མའི་བརྒྱུད་པ་འཛིན། །རོ་སྙོམས་ཕྱིའི་མེ་ལོང་ཡོད། །རྩ་རླུང་དྲྭ་མིག་འཁོར་ལོ་ཡོད། །བདེ་ཆེན་གསུང་གི་རིན་ཆེན་ཡོད། །དེ་གསུམ་ཁྱོད་ལ་ཅིས་མི་སྦྱིན། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡོད། །རིག་པ་ཡེ་ཤེས་སྒྲོན་མེ་ཡོད། །གཞན་ཡང་དགོས་པའི་ཆོས་དྲུག་ཡོད། །དེ་རྣམས་ཁྱོད་ལ་ཅིས་མི་སྦྱིན། །བརྡ་དོན་གསུམ་གྱི་ནོར་བུ་ཡོད། །འཆི་མེད་བདུད་རྩིའི་བཅུད་ལེན་ཡོད། །ངོ་སྤྲོད་གནད་ཀྱི་བར་དོ་ཡོད། །དེ་རྣམས་ཁྱོད་ལ་ཅིས་མི་སྦྱིན། །བསམ་གྱིས་མི་ཁྱབ་གཏེར་མཛོད་ཡོད། །བསམ་གཏན་ཐུན་

(༧༦)འཇོག་གདམས་ངག་ཡོད། །རིན་ཆེན་ལྔའི་གདམས་ངག་ཡོད། །དེ་ཡང་ཁྱོད་ལ་ཅིས་མི་སྦྱིན། །ཞེས་གསུངས་ནས་སྣ་ལེན་བཟང་པོ་མཛད། །དེ་ནས་བླ་མ་ལ་ཕྱག་བྱས་གླེང་མོ་བྱས་པས། རྗེ་བཙུན་དང་ཐུང་ནས་བླ་མ་ལ་སངས་རྒྱས་བསྒྲུབ་པ་ལ་ཡི་དམ་གྱི་ལྷ་དགོས་སམ་ཞུས་པས། ཡི་དམ་ལོས་དགོས་བསྐྱེད་རྫོགས་གཉིས་ལ་མ་བརྟེན་པར་སངས་རྒྱས་མི་ཡོང་གསུང་། འོ་ན་བླ་མ་ལ་ཡིདམ་གྱི་ལྷ་ཡོད་དམ་ཞུས་པས་ཡོད་གསུང་། འོ་ན་གང་ཡིན་ཞུས་པས། མི་སྨྲ་བ་དམ་ཚིག་ཡིན་གསུང་། འོ་ན་ང་ཡང་དེ་ཞུ་ཞུས་པས་རུང་གསུང་། བླ་མའི་སློབ་མ་བལ་པོ་བྷ་རི་རྣལ་འབྱོར་མ་ཡིན་ནམ་ཞུས་པས་ཡིན་གསུང་། མོ་ལ་བླ་མས་ཅི་གནང་ཞུས་པས་མོ་ལ་རྡོ་རྗེ་རྣལ་འབྱོར་མ་བསླབས་གསུང་། དེ་ནས་ཁྱིམ་དུ་ཕྱིན་ནུབ་མོ་ཅོ་པ་རི་ཡི་ནང་དུ་ཉལ་ས་བྱས་ནས། བླ་མ་དང་ཡུམ་གཉིས་སྟོད་ན་གཟིམས། རྗེ་བཙུན་སྨད་དེར་བཞུགས། ལོཙྪ་བ་ཟུར་གཅིག་ན་ཉལ། མཎྜལ་ཁ་ན་མར་མེ་ཏ་ལེ་འདུག་གི་བར་དུ་བླའོ་བྱས། དེ་ནས་མར་མེ་གྲོངས་ནས་བླ་མ་བཟླས་པ་མཛད་ཅིང་འདུག །ཇོ་མོ་གཉིས་དང་ལོཙྪ་བ་རྣམས་གཉིད་ལོག་འདུག །རྗེ་བཙུན་གྱི་ཐུགས་ལ་མར་མེ་གྲོངས་ནས་བླ་མས་བཟླས་པ་བྱེད་པ་དེ་ཉན་ལ་དེ་གང་ལ་བྱེད་པ་དེ་ཡི་དམ་ཡིན་པས། ཞུ་དགོས་སྙམ་ནས་

(༧༧)དབུ་སྟེག་ནས་གསན་པས་ཏྲ་ཏྲ་ཏྲི་ཏྲི་ཧཱུྃ་ཧཱུྃ་ཟེར་བ་ལས་གཞན་ཅི་ཡང་གསལ་པོ་མ་ཐོས། བླ་མའི་དྲུང་དུ་ཕྱིན་ནས་ཉན་དགོས་བསམ་ནས། གཅེར་བུར་བླ་མའི་དྲུང་དུ་ཕྱིན་པས་དྲེད་ནས་དབུགས་རྫངས་དེ་སླར་ཡང་མི་གསལ་དུ་སོང་། མལ་དུ་ལོག་ནས་ཉན་པས་དེ་བས་གསལ་ཙམ་ཐོས་ཀྱང་ལོ་མ་ཚ། དེར་བླ་མས་བཟླས་པ་ཟིན་ནས། བོད་བ་ཁྱོད་སྨྱོ་འམ་ནུབ་མོ་ཉལ་འཕྲོ་ལ་གཅེར་བུར་ལངས་ནས་ཁྱིམ་ལ་རྒྱུག་པ་གསུང་། ལོཙྪ་བ་ན་རེ་འབའ་རོ་ཁྱོད་ཀྱིས་ཕྱིན་ནམ་ཟེར། ཕྱིན་བྱས་པས་ཅི་བྱེད་སྙམ་པ་ཟེར། བླ་མའི་བཟླས་པ་བྱེད་པ་དེ་ཉན་ལ་དེ་ཞུ་སྙམས། གཞན་ཧེ་བཛྲ་ལ་སོགས་པ་ང་རང་ཤེས་ཏེ། བླ་མའི་ཡི་དམ་གང་ཡིན་པ་དེ་ཞུ་སྙམ་པ་ཡིན་ཞུས་པས། ཇོ་མོ་ན་རེ་ཁྱོད་རེ་ཅང་དེ་འདྲ་དྲན་པ་ཟེར། ལོཙྪ་བ་ན་རེ་མི་ཅང་རི་ཞེས་ཟེར་ནས་ཐམས་ཅད་བཞད་ཅིང་གདའ། དེའི་ནང་པར་དཀྱིལ་འཁོར་ཐམས་ཅད་བཞེངས་ནས། ཇོ་མོ་ཞལ་གཉིས་མ། བདེ་མཆོག་བཅུ་གསུམ་མ། སྟོང་ཐུན་འདུས་པ་བཅུ་གཉིས་རྣམས་གནང་། འདི་ཡི་དམ་ཚིག་མི་སྨྲ་བ་ཡིན། །མ་གསང་གེགས་ནི་སྐྱེ་འགྱུར་ཏེ། །དངོས་གྲུབ་དེ་ནི་ཉམས་པར་འགྱུར། ཞེས་བྱ་བ་ཡིན། འདི་རྣམས་རྣམ་པར་མི་རྟོག་པ་དོན་གྱི་ལྷ་བྱ་བ་ཡིན་

(༧༨)པས་འདི་བསྒོམ་པ་ལས་མི་རྟོག་པ་ཤུགས་ལས་སྐྱེ་བ་ཡིན། བྷ་རི་རྣལ་འབྱོར་མ་ལ་ངས་འདི་བསླབ་མོ་འདི་ཡི་སྒོ་ནས་གྲོལ་བ་ཡིན་གསུང་། བླ་མས་སུ་ལ་ཞུས་ཞུས་པས། ངའི་ཕ་ནཱ་རོ་མཻ་ཏྲི་གཉིས་ཀའི་སློབ་མ་ཡིན། པཎྜི་ཏ་གྷ་ཡ་དྷ་ར་བྱ་བ་ཡིན། ཕ་ཡི་ཟླ་ལ་ངས་ཀྱང་བན་ཆུང་དུ་ཡོད་དུས། བླ་མ་གཉིས་ལ་ངས་ཉན་པ་ཡིན་གསུང་། གྷ་ཡ་དྷ་ར་ལ་རྡོ་རྗེ་རྣལ་འབྱོར་མ་རང་བྱུང་གི་སྐུ་གཅིག་འདུག་པས། དེ་ཡང་གྷ་ཡ་དྷ་ར་ལ་བ་བེལ་མ་ཞིག་ཡོད་པས་བེའུ་སྐྱེས་པའི་དུས་སུ་པ་ཟས་ཁར་སོང་ཡང་ནུ་མ་སྟོང་པར་བྱས་ཤིང་འོང་བས་བེའུ་ལ་འཐུང་རྒྱུ་མེད་པར་ཤི་ལ་ཁད་ཙ་ན། པཎྜི་ཏས་བསོ་མའི་གྲུ་གུ་རིང་པོ་གཅིག་ཚགས་བྱས་ནས་སྣ་གཅིག་བ་གཞུག་ལ་བཏགས། གཅིག་ཁོང་རང་གི་རྐང་པ་ལ་བཏགས་ཙམ་ན་ཆོས་སྟོན་གསོལ་བའི་ཚེ་རྐང་པ་ལ་འཐེན་གྱིས་བྱུང་། དེར་རྗེས་གྲུ་གུ་འཐུལ་ཞིང་ཕྱི་ན་ཕར་ཕྱིན་པས། བ་དེ་ཙནྡན་གྱི་ནགས་ན་ཙནྡན་སྡོང་པོ་གཅིག་ལ་འོ་མ་བཞོ་མཁན་མེད་པར་སི་རི་རི་གཏོར་བཞིན་འདུག །སྔར་ཡང་གཏོར་ནས་དྲག་པ་ཁོ་ལེ་འདུག །དེའི་ནུབ་མོ་གྷ་ཡ་དྷ་ར་དཔོན་གཡོག་གིས་དེའི་ཙར་ཉལ་བསྡད་པས། ནུབ་མོ་མཁའ་འགྲོ་མས་མཆོད་པ་བྱེད་པས་སྒྲ་དང་འོད་ཟེར་ལ་སོགས་པ་བྱུང་། ནངས་

(༧༩)པར་སྡོང་པོ་དེ་བཅད་ནས་གསེས་པའི་ནང་ནས་རྡོ་རྗེ་རྣལ་འབྱོར་མའི་སྐུ། རང་བྱུང་རིན་པོ་ཆེ་པདྨ་ར་ག་ལས་བྱས་པ་ཞལ་གཉིས་མ་གཡས་ཕག་ཞལ་རིན་པོ་ཆེ་བཻ་ཌཱུརྱ་ལས་བྱས་པ་རྒྱན་དང་བཅས་པ་མཚན་ཉིད་དང་ལྡན་པ་ཤིན་ཏུ་ལེགས་པ་གཅིག་བྱུང་བར་གདའ། དེ་ཅོ་པ་རིར་སྤྱན་དྲངས་ནས་རབ་ཏུ་གནས་པ་བྱས་པས། མེ་ཏོག་གི་ཆར་བ་བོལ་ནུབ་ཙམ་ཞིག་བབ་གསུང་། ནམ་མཁའ་ནས་གཟུགས་མེད་པའི་སྐད་ཅིག་དངོས་གྲུབ་ཅི་འདོད་གསུང་། པཎྜི་ཏ་གྷ་ཡ་དྷ་རས་གྲུབ་པ་ཐོབ་པ་བདུན་བརྒྱུད་འདོད་ཅེས་ཞུས་པས། ཙཎྜ་ཀ་ལ་དངོས་གྲུབ་སྐུ། །འདོད་འཇོའི་བ་མོ་སྐུའི་རྟེན། །བྷ་ག་ལའི་ཕག་མོ་རྙེད། །སྤྱན་དྲངས་མེ་ཏོག་ཆར་རྒྱུན་བབ། །ཟླ་མགོན་མི་སྣང་དངོས་གྲུབ་ཐོབ། །གྷ་ཡ་དྷ་ར་ཉི་ཟེར་རྒྱུ། །གྲུབ་པའི་རྒྱལ་མོ་ཚེ་ལ་དབང་། །ཏི་ཕུ་དུར་ཁྲོད་ཆོས་ཀྱིས་བརྒྱན། །ཞེས་བྱ་བ་ཞིག་ཤིང་སྤང་གསེར་གྱི་མཎྜལ་གསང་སྔགས་ཕོ་བྲང་འཕྲུལ་གྱི་ཡ་ཐེམ་ལ་བྲིས་ནས་འདུག་གོ། ལྷ་སྐུ་དེའི་ཙར་སོ་སོ་སྐྱེ་བོ་ཞིག་བསྡད་ཀྱང་མི་རྟོག་པར་ཁྲིལ་ཁྲིལ་འགྲོ་ཞིང་འདུག་གསུང་། ད་ལྟ་ཡང་གཟུགས་སྐུ་ལ་རབ་གནས་ཚུད་མ་ཚུད་ཀྱི་ཁྱད་པར་ཅི་ལ་བྱེད་བྱས་ན་རབ་གནས་ཆགས་ན་དེའི་རྩར་བསྒོམས་པས་མི་རྟོག་པར་ཁྲིལ་གྱིས་འགྲོ་ན་བྱིན་རླབས་ཞུགས་པ་ཡིན་

(༨༠)གསུང་། དེ་ནས་བླ་མ་དང་ལོཙྪ་བ་རྣམས་སྐུ་བསོད་ལ་ཡན་ནས་གདམས་ངག་ཡུན་རིང་དུ་མ་བྱུང་། ཡང་གསོལ་བ་བཏབ་པས། བླ་མ་ཏི་ཕུའི་ཞལ་ནས་པཎྜི་ཏ་གྷ་ཡ་དྷ་ར་དང་མཻ་ཏྲི་པ་གཉིས་ཀའི་རིག་པ་ཡེ་ཤེས་སྒྲོན་མེ་ཡོད་དེ། འདྲ་བར་འདུག་གསུང་ནས། བླ་མ་དང་རྨ་ལོཙྪ་བ་རྗེ་བཙུན་དང་དཔོན་སློབ་རྣམས་སྐུ་མཚམས་ལ་བཞུགས་ནས་དང་པོར་དབང་མཛད། དེ་ནས་གདམས་ངག་རྣམས་ཚང་བར་གནང་། གཞི་རྫོགས་དབང་བཀའ་དང་བཅས་པ། བརྒྱུད་ཚིག་བཀའ་དང་བཅས་པ། བསྲེ་འཕོ་མན་ངག་བཀའ་དང་བཅས་པ། དོན་བརྒྱུད་བྱིན་བརླབས་ཀྱི་བཀའ་དང་བཅས་པ། རྗེ་མི་ལས་བསྐུལ་བའི་ཆོས་སྐོར་མ་ལུས་པ་ཞུས། གདམས་ངག་དམར་ཁྲིད་ཐམས་ཅད་རྫོགས་པར་བྱས། རང་གི་ཞུས་པ་སྔ་མ་ཞུས་པ་དྲུག་དང་གཞན་ཡང་མང་དུ་གནང་བྱུང་བ་ལ། ལོཙྪ་བའི་འགྱུར་ལ་ཡིད་ཆེས་པོ་མ་བྱུང་བས་ལོཙྪ་བ་འདིས་ཕྲག་དོག་བྱེད་པ་འདྲ་བསམ་ནས། ལོཙྪ་བ་ལ་གསེར་དུམ་གཅིག་ཕུལ་ནས་མགུར་འདི་གསུངས་སོ།། ༈ །།ཁྱེད་སངས་རྒྱས་བསྟན་འཛིན་ལོཙྪ་བ། །བདག་བློ་མ་རིག་མུན་པ་བསལ་དུ་གསོལ། སེམས་ཐེ་ཚོམ་གྱི་དྲ་བ་བཅད་དུ་གསོལ། །ངག་མི་ཤེས་ཀྱི་རྒྱ་མདུད་བཤིག་དུ་གསོལ། །ལས་ཆགས་སྡང་གི་ཉོན་མོངས་འཇོམས་དུ་གསོལ། །ཞེས་ཞུས་པས། ལོཙྪ་བས་གསེར་བསྡུས་ནས་སོང་།

(༨༡)ལྷགས་ཕྲན་བུ་གཅིག་ཀྱང་བསྒྱུར་བྱུང་། དེ་ནས་བླ་མ་ཏི་ཕུའི་ཞལ་ནས་བུ་རས་ཆུང་པ་གདམས་ངག་རྣམས་ལྷག་ཆད་མེད་པར་གནང་ཟིན་པས་ཁྱོད་ཡིད་ཆེས་སམ་གསུངས་པ་ལ། གདམས་ངག་གི་ཡོང་ལུགས་ལ་ཅུང་ཡིད་མ་ཆེས་ཞུས་པས། སླར་ཡང་བླ་མས་ལོཙྪ་བ་ཇོ་རྒྱལ་ལ་ལྐོག་དུ་ལོཙྪ་བསྒྱུར་དུ་བཅུག་པས། རྨ་ལོཙྪ་བས་ཆོས་ཀྱི་ཕྱེད་བཅད་འདུག་གསུང་། དེར་ལུས་མེད་མཁའ་འགྲོའི་ཆོས་སྐོར་ལྷག་མ་རྣམས་དང་ཏི་ཕུའི་གཞི་ཆོས་ཆོས་དྲུག་ཤམ་བུའི་སྐོར། བསྲེ་བ་དགུ་སྐོར། ཟློ་བ་སྐོར་གསུམ། བསམ་གཏན་ཐུན་འཇོག་ཆེ་འབྲིང་ཆུང་གསུམ་ཤམ་བུའི་སྐོར་དང་བཅས་པ་སོགས་མང་དུ་གསན། དེ་ནས་བླ་མ་ཏི་ཕུས་དུས་འཁོར་གྱི་རྩིས་མཛད་པས་ཁྱོད་ཀླུ་དཀར་མོ་ཞིག་གི་བུ་རུ་འདུག་ཆོས་ཀྱི་སྐལ་བ་ལྡན་ཞིང་བསོད་ནམས་ཆེ་བར་འོང་སྟེ། ཚེ་རིང་པོ་མི་ཡོང་གསུངས། །དེར་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། དེ་ལྟར་བགྱིའོ་གསུང་ནས་འཕྲལ་དུ་བར་ཆོད་སེལ་བའི་དབང་ཞིག་གནང་ནས་འདི་ཡི་བདག་པོ་གཅིག་དང་སྤྲད་ཀྱི་གསུང་། དེ་ནས་སྐབས་ཞིག་གི་ཚེ་བླ་མ་ཏི་ཕུས་ཚོགས་འཁོར་རྒྱ་ཆེན་པོ་ཞིག་མཛད་དེའི་དུས་གསང་སྔགས་རྒྱུད་སྡེའི་ལྷ་ཚོགས་དཔག་ཏུ་མེད་པ་དང་གྲུབ་ཐོབ་དང་རྣལ་འབྱོར་ཕོ་མོ་མང་པོ་བྱོན་ནས་དངོས་སུ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚོགས་

(༨༢)དཔོན་དེ། རྣལ་འབྱོར་མ་སྐུ་ལུས་རིད་པ་དབུ་སྐྲ་ཐམས་ཅད་སིལ་བུར་ཡོད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཞིག་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དགྱེས་པར་རོལ་ནས་ཐམས་ཅད་སྐུ་གསུང་། ཐུགས་སྒྱུ་མ་ཙམ་དུ་གཤེགས་ཤིང་བྱོན་པའི་སྣང་བ་བྱུང་། བླ་མ་ཏི་ཕུ་ལ་རས་ཆུང་པས་ཞུས་པ། མདང་གི་ཚོགས་དཔོན་མ་དེའི་མཚན་ཅི་ལགས་ཞུས་པས། ཏི་ཕུའི་ཞལ་ནས། བྷ་ག་ལའི་ཕག་མོ་བྱ་བ་ཡིན། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྣམ་སྤྲུལ་ནི་བསམ་ལས་འདས། ཁྱོད་གདམས་ངག་ཅིག་ཞུ་འདོད་དམ་གསུང་། ཞུ་བ་ལགས་ཞུས་པས་དུས་ཤིག་འོང་། ད་ལན་འདིར་གདམས་ངག་གི་སྤྲོས་པ་ཆོད་གསུང་། བླ་མའི་དྲུང་དུ་འཕོ་བསྲེ་ཆེན་མོ་ལ་སོགས་གདམས་ངག་མཐར་ཐུག་པ་མང་པོ་ཞུས། དེ་ནས་སྐབས་ཞིག་ཏུ་བླ་མ་ཏི་ཕུའི་ཞལ་ནས། བུ་རས་ཆུང་པོ་ད་རིང་གྲོང་ཁྱེར་ཕ་རོལ་དགེ་བ་ན་ལྟད་མོ་ཡོད་པས་ཁྲོམ་ལ་སོངས་ཤིག་གསུང་། དེར་བལྟད་མོ་ལ་བྱོན་པས་ཁྲོམ་གྱི་འདབ་གཅིག་ཏུ་རྣལ་འབྱོར་པ་རས་དམར་པོའི་ཨང་འགའ་རག་བྱས་པ་རལ་བའི་ཐོར་གཙུག་མི་ཆེ་ཙམ་སྤྱི་བོར་བཅིངས་པ། ཤ་རྩི་སྔོ་བ་བོངས་རིང་བ། མིག་རྩ་དམར་ཧུར་རེ་བ། ཁྲི་བརྙན་གྱི་ལྤགས་པ་ཕྲག་པ་ལ་བཀལ་བ། ཁྲི་བརྙན་གྱི་རྭ་དུང་འབུད་པ་གཅིག་དང་འཕྲད་པས། རྣལ་འབྱོར་པ་དེས་ཡུན་

(༨༣)རིང་དུ་གཟིགས་ནས། བོད་ཕྲུག་སྙིང་རྗེ་བར་འདུག་སྟེ་ཁྱོད་ལ་ཚེ་ཞག་བདུན་ལས་མི་འདུག་གསུང་། དེ་སྐད་ཐོས་མ་ཐག་ཏུ་ཤིན་ཏུ་དྲེད་པར་གྱུར་ནས་མགྱོགས་པར་བླ་མའི་དྲུང་དུ་ཕྱིན་ནས་སྔར་གྱི་ལོ་རྒྱུས་རྣམས་ཞུས་པས། བླ་མའི་ཞལ་ནས་ཁྱོད་འཆི་བ་ལ་འཚེར་རམ་གསུང་། རས་ཆུང་པས་ང་འཆི་བ་ལ་མི་འཚེར་ཏེ། བོད་ཀྱི་སེམས་ཅན་རྣམས་ལ་ཕན་མི་ཐོགས་ཤིང་། ཕ་བླ་མ་མི་ལའི་དགོངས་པ་ཡང་མི་རྫོགས་པས་མ་ཤི་ན་དགའ་བས་ད་བཅུགས་བགྱི་ལགས་ཞུས་པས། བླ་མའི་གསུང་ནས་ཁྱོད་ལ་ཚེ་ཞག་བདུན་ལས་མེད་པ་ངེས་ཀྱང་ཤེས་ཏེ། ཁྱོད་ཡིད་མ་ཆེས་ཀྱིས་དོགས་པས་མ་བཤད་པ་ཡིན། རྣལ་འབྱོར་པ་དེ་གྲུབ་ཆེན་ཨ་མོ་གྷ་བཛྲ་བྱ་བ་ཡིན། ཚེ་དེ་ལས་མེད་པ་ལ་དྲེད་མི་དགོས་ཀྱི། གནས་ཨོ་རྒྱན་གྱི་གནས་ཀྱང་ཟེར། མེ་ཏོག་བཀོད་པ་ཡང་ཟེར། རྡོ་རྗེའི་རྫོང་གསང་བའི་ཕུག་པ་ཡང་ཟེར། ཀིའུ་རི་མཁའ་འགྲོ་འདུ་བའི་བྲག་ཁུང་ཡང་ཟེར། དེ་ན་མ་གཅིག་གྲུབ་པའི་རྒྱལ་མོ་ཡང་ཟེར་བ་ངོ་བོ་གཅིག་ལ་མཚན་བཅུ་རུ་གྲགས་པ་ཞིག་བཞུགས། དེར་རང་རེ་ཕང་ཕད་གཉིས་འགྲོ་ཡི་གསུང་ནས། ཨ་ནེའི་དྲུང་དུ་ཕྱིན་པས། གནས་དེ་ན་མཁའ་འགྲོའི་ཁྲོམ་ཤིན་ཏུ་ཆེ་བ་ཚོགས་པའི་དབུས། གདན་ཁྲི་ཤིན་ཏུ་མཐོ་བ་དང་བཅས་པའི་སྟེང་

(༨༤)ན་མ་གཅིག་གྲུབ་པའི་རྒྱལ་མོ་དེ་མི་ལོ་ལྔ་བརྒྱ་ལོན་ཟེར་བ། སྐུ་ལུས་ནི་བུ་མོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་པ་ཞིག་བཞུགས་འདུག་སྟེ། དེའི་སྐུ་མཐོང་བ་ཙམ་གྱིས་སྣང་བ་འགྱུར་བས་ཕྱག་རྩོལ་མེད་དུ་བརྩལ། ཞབས་སྤྱི་བོར་བླང་པས་མ་གཅིག་གི་གསུང་ནས། ཁྱོད་ཅི་འདོད་གསུང་། སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས། བདག་ལ་ཚེ་ཞག་བདུན་ལས་མེད་ཟེར་པས་ཚེའི་དངོས་གྲུབ་ཞུ་ཞུས་པས། ཁྱོད་ཀྱི་ཉིན་ཞག་བདུན་གཉིད་མེད་བྱེད་ནུས་སམ་གསུང་། དེ་ནུས་ཞེས་ཁས་བླངས་པས། འཆི་མེད་ཚེའི་སྒྲུབ་བ་གནང་ནས་སྒྲུབ་པ་ཞག་བདུན་མཛད། དེ་ནས་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་ལ་སོགས་པ་མང་པོ་ཞུས་ནས་དབང་ཐོན་པའི་དུས་སུ། རས་ཆུང་པ་ཁྱོད་ད་ལྟ་ལོ་དུ་ཡིན་གསུང་བཞི་བཅུ་ཞེ་གཉིས་ལགས་ཞུས་པས། ཚེ་ཇི་ཙམ་ཐུབ་པར་འདོད་གསུང་རས་ཆུང་པས་ང་རང་ཤི་ན་ཡང་མི་ལྟོ་སྙམ་པ་ཚུན་ཐུབ་པར་འདོད་ཞུས་པས། བོད་ངན་པའི་བསམ་པ་ཐོམ་པོ་ལ་ངེས་པ་མེད་བུ་ཕའི་ཚེ་དང་མཉམ་པ་གཅིག་བྱེད་དགོས་གསུངས་ནས། བརྒྱད་ཅུ་གྱ་བརྒྱད་ཚུན་བསྲིངས་ནས་ལུང་བསྟན་པ་ཡིན་གསུང་། དེ་ནས་ཡང་མ་གཅིག་གི་དྲུང་དུ་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་སྒྲུབ་ཐབས་ཆ་ཚང་དང་། མཁའ་འགྲོ་ཐུགས་སྒྲུབ་ཤམ་

(༨༥)བུའི་སྐོར་དང་། ཆོས་དྲུག་ལ་སོགས་པ་མང་དུ་གསན། དེ་ནས་ཚེ་དབང་གྲོལ་བའི་ནུབ་གཅིག་གི་ཚེ་པཎྜི་ཏ་ཟླ་བའི་སྙིང་པོ་ཚོགས་འཁོར་ཚར་བ་དང་ནགས་གསེབ་ན་ཕར་བཞུད་པ་མཐོང་བས། རས་ཆུང་པས་ཡང་ཕྱག་ཕྱིར་འབྲངས་ནས་སོང་ཙ་ན། ཤིང་ཙནྡན་སྡོང་པོ་ཞིག་གི་རྩ་བ་ན་འོད་དཀར་པོ་ཕུབ་ཙམ་ཞིག་འཁྱིལ་ལི་ལི་འདུག་པའི་ཙ་ན་འདོད་འཇོའི་བ་གཅིག་ཡང་ཉལ་འདུག་པ་ལ། པཎྜི་ཏས་པ་དེ་ལ་ཕྱག་བྱེད་ཅིང་འདུག་གོ། །རས་ཆུང་པས་ཡང་ཕྱག་རྩོལ་མེད་དུ་མང་དུ་བརྩལ། དེ་ནས་པཎྜི་ཏས་ནམ་མཁའ་ནས་གར་མང་པོ་མཛད་པས་མེ་ཏོག་གི་ཆར་བོ་ལ་ནུབ་ཙམ་བབ་ནས། འཇའ་འོད་ཀྱི་གུར་ཕུབ་པའི་ནང་ན་མཁའ་འགྲོ་མང་པོ་འདུག་པ་རྣམས་ཀྱིས་དབྱངས་འདི་སྐད་གསུངས་སོ། ༈ །བླ་མ་གསང་སྔགས་ཆེ་བའི་སྐུ། །འདོད་དགུ་སེམས་ལ་འཆར་དུ་གསོལ། །ལོ་སྤྲིན་ནགས་ཀྱི་ཤིང་གསེབ་ན། །རང་ལུས་འོད་ཀྱི་གཞལ་ཡས་ཁང་། །ཨ་མ་རྒན་མོའི་བྱིན་བརླབས་ལ། །མ་དང་མཁའ་འགྲོའི་མེ་ཏོག་བབས། །ཤིང་སྤང་གསེར་གྱི་མཎྜལ་ལ། །འདོད་འཇོ་བ་མོའི་སྐུར་ཡང་བསྟན། །བྷ་ག་ལའི་ཕག་མོ་ལ་འཁྲུངས། །ཏི་ཕུ་དུར་ཁྲོད་ཆས་ཀྱིས་བརྒྱན། །བྱིན་བརླབས་ནུས་པའི་ཆར་པ་འབབ། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །རོ་སྙོམས་ཕྱི་ཡི་མེ་ལོང་

(༨༦)ལྟོས། །བདེ་ཆེན་གསུང་གི་རིན་ཆེན་འཆང་། །དམ་ཚིག་རང་སེམས་མེ་ལོང་བསྲུངས། །བྱིན་བརླབས་སེམས་ཀྱི་རྒྱ་མདུད་ཁྲོལ། །འོད་གསལ་མ་རིག་མུན་པ་སེལ། སྤྱོད་པ་ཆུ་ལ་རལ་གྲི་རྒྱབ། །དམ་རྫས་རྟོགས་པའི་ཉི་མ་འདེས། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམས། །ལུས་མེད་མཁའ་འགྲོའི་བརྡའི་ཆོས། །བུའི་སྙིང་ལ་གནས་པར་ཤོག །ཅེས་གསུངས་པ་ལ། དབྱངས་རྟ་ལ་ཆགས་པའི་ངང་དུ་སྙིང་ལ་སོང་པ་ལྟ་བུར་གྱུར་ནས་ཚིག་རྣམས་བློ་ལ་མ་ཟིན། གཉིས་སད་པ་ལྟ་བུའི་ཉམས་སད་ཙ་ན། ཁོང་རྣམས་གར་སོང་ཆ་མེད་དུ་སོང་ནས་མི་འདུག །ཚིག་མ་ཟིན་པས་བློ་མི་བདེ་ཙ་ན་ཏི་ཕུའི་གཟིམས་ཁང་གི་ཡ་ཐེམ་ལ་ཚིག་རྣམས་ལྷག་ཆད་མེད་པར་བྲིས་འདུག །དེ་ནས་ཨ་མ་གྲུབ་པའི་རྒྱལ་མོ་ལ་གདམས་ངག་མང་དུ་གསན་ནས། གསེར་མང་པོ་ཞིག་ལ་མཎྜལ་བྱས་ཏེ་མ་གཅིག་དང་བླ་མ་ཏི་ཕུ་གཉིས་ལ་ཕུལ་ནས་མ་གཅིག་གི་རྣམ་པར་ཐར་པ་རགས་རིམས་ཞིག་དང་། གདམས་པར་རྣམས་ཀྱང་ལྷག་མ་མ་ལུས་པ་གཅིག་ཐུགས་རྗེས་འཛིན་པ་ཞུ་ཞུས། ཡང་གསེར་མཚོན་པ་ཅིག་ལ་མཎྜལ་བྱས་ནས་ལོཙྪ་བ་གཉིས་ལ་ཕུལ་ཏེ། སྔར་ཡང་བླ་མ་ཏི་ཕུ་དང་མ་གཅིག་གཉིས་ཀྱི་གདམས་པ་མང་དུ་གནང་བ་རྣམས་དང་། ད་ལྟ་འཕྲལ་དུ་ཞུས་པ་སོགས་མདོར་ན་གདམས་ངག་ཐམས་ཅད་ལ།

(༨༧)ལོཙྪ་བ་གཉིས་ཀྱི་འཁྲི་བསྣན་མེད་པར་གནང་དགོས་ཞེས་ཞུ་བ་ངོ་མཚར་ཅན་གྱི་མགུར་འདི་ཕུལ་ལོ། ༈། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརློབས། །ཁོ་བོ་རས་ཆུང་རྡོར་གྲགས་ངས། །སྔོན་ཆ་གྲང་ཡིད་ལ་མ་བགྱིས་པར། །སྡུག་ཁུར་རུའི་འོག་ནས་ས་ལམ་བཅད། །ཡུལ་བཟང་པོ་ལ་ཕྱི་ཐག་མ་བྱས་པར། །མཛའ་བཤེས་གཉེན་འདུན་གསོན་བསྐྱུར་བྱས། །ཟས་ཞིམ་པོའི་རོ་ལ་མ་ཆགས་བར། །འཕྲལ་གང་བྱུང་སྟབས་བདེའི་ཟས་ལ་རོལ། །ཚོང་ཁེ་ཕོགས་ཁྲམ་ཟས་བསྒྲུབ་པ་བཤོལ། །ཚེ་འདི་ལ་ཆགས་པའི་སེམས་སྤངས་ནས། །སྲོག་འབེན་དུ་བཙུགས་ནས་བླ་མ་བཙལ། །དེ་དཀའ་བར་བསམ་སྟེ་སྤྱད་རིན་ཆོག །ན་ནིང་ལོ་ལ་དཀའ་དགུ་སྤྱད། །ད་ལྟའི་ལོ་ལ་རྗེ་དང་མཇལ། །ངོ་མཚར་གྱི་བལྟད་མོ་མཚར་དགུ་མཐོང་། །ཤིང་སྤང་གསེར་གྱི་མཎྜལ་མཐོང་། །ཏི་ཕུ་གསང་སྔགས་སྡོང་པོ་མཐོང་། །བྷ་ག་ལའི་ཕག་མོ་མཐོང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཐོང་། །བལ་པོ་ཤྲཱི་ལ་བྷ་རོ་མཐོང་། །བྷ་རོ་གྲ་མའི་སྤྱོད་འགྲོས་མཐོང་། །ཆུ་སྲིན་ཁ་ནས་ཆུ་འབབ་མཐོང་། །གསེར་གྱི་ཝ་ཏི་སོར་བཞི་མཐོང་། །མི་རྟག་མྱ་ངན་འདས་མཚན་མཐོང་། །མཁའ་འགྲོ་སྡེ་བཞིའི་མཆོད་དབྱངས་མཐོང་། །འདོད་འཇོའི་བ་ཡི་

(༨༨)རྫུ་འཕྲུལ་མཐོང་། །ལྷ་དང་ལྷ་མོའི་ཞིང་ཁམས་མཐོང་། །མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཐོབ། །བླ་མའི་དམ་ཆོས་སེངྒེའི་ཞོ། །སྣོད་ལྡན་བུ་ལ་གནང་བ་ཞུ། །ལོཙྪའི་ཐུགས་བསྐྱེད་བྱམས་པའི་ཆང་། །འགྲོ་དྲུག་གི་མགྲོན་ལ་གནང་བ་ཞུ། །སངས་རྒྱས་ཀྱི་བཀའ་ལུང་མཁའ་འགྲོའི་ཟས། །རིགས་ལྡན་གྱི་བུ་ལ་གཏེར་བ་ཞུ། །བཀའ་རྒྱུད་ཀྱི་རྣམ་ཐར་རིན་ཆེན་ནོར། །བརྒྱུད་ལྡན་གྱི་བུ་ལ་འབོགས་པ་ཞུ། །གསང་ཚིག་ཉམས་དབྱངས་རྡོ་རྗེའི་རྒྱ། །དམ་ཚིག་ཅན་ལ་གནང་བ་ཞུ། །གདམས་པའི་གནད་འཛིན་ལོཙྪ་བ། །བཀའ་དྲིན་གསུང་ངག་གསལ་བར་མཛོད། །ཅེས་ཞུས་པས། བླ་མ་ཏི་ཕུས་མ་གཅིག་ལ་བོད་ཀྱི་རྣལ་འབྱོར་འབྱོར་ལ་མ་གཅིག་གིས་སྐུ་ཆེ་བའི་ཡོན་ཏན་རགས་པ་ཅིག་དགོས་ཞུ་བས་བཤད་དམ་ཞུས་པས་རུང་གསུངས། དེ་ནས་བླ་མ་ཏི་ཕུའི་ཞལ་ནས་འདི་སྐད་གསུངས། །བུ་རས་ཆུང་པ་མ་ཡེངས་པར་དོན་འདི་རྣམས་སེམས་ལ་བཟུང་དང་། ཁ་བ་ཅན་གྱི་ཡུལ་དུ་ཡང་ཕན་པ་རྒྱ་ཆེན་པོ་ཐོགས་པར་འགྱུར་གྱི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གྱུར་པ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་རྒྱལ་ཡུམ་གོས་དཀར་མོའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་བརྗོད་ཀྱིས་མི་ལང་མོད། འོན་ཀྱང་ད་ལྟ་གནས་སྐབས་ཀྱི་རགས་པ་བཞིག་བརྗོད་ན་ངོ་མཚར་རྨད་དུ་བྱུང་བ། རྒྱ་གར་

(༨༩)རྡོ་རྗེ་གདན་གྱི་ནུབ་ཕྱོགས། ཨོ་རྒྱན་གྱི་ཡུལ་ཁམས་ཞེས་བྱ་བ་ཞིང་ཁམས་ལག་མཐིལ་ལྟར་ཁོད་སྙོམས་པ། བྱང་ཆུབ་ཀྱི་ཤིང་དང་འབྲས་བུ་གན་གྱི་ཤིང་གིས་བརྒྱན་པ། ཨུ་དུམ་ཝ་ར་ལ་སོགས་མེ་ཏོག་མང་པོའི་ཚལ། ཙནྡན་ལྗོན་པའི་ཤིང་དང་སེང་ལྡེང་འཐུག་པོའི་ནགས་ཚལ་རྒྱས་པ། མ་རྨོས་པའི་ལོ་ཏོག་དང་ཡན་ལག་བརྒྱད་ལྡན་ཆུ་བོ་འབབ་པ། ཕོ་སྐྱེས་ཐམས་ཅད་དཔའ་བོ་དང་། མོ་སྐྱེས་ཐམས་ཅད་དཔའ་མོར་ཡོད་པ། ཡིད་ལ་བསམ་པ་ཙམ་གྱིས་འདོད་དགུ་འབྱུང་བ། རྒྱན་དང་ལོངས་སྤྱོད་ཐམས་ཅད་རང་བཞིན་གྱིས་འབྱུང་བ། དེའི་དབུས་ན་མེ་ཏོག་བཀོད་པའི་གནས་ཡོད་པ། ཡིད་དུ་འོང་ཞིང་གནྡྷོ་ལའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་རྣམ་པ་ཡིད་དུ་འོང་བའི་སེམས་ཅན་སྣ་ཚོགས་པ་ཡང་འཛུམ་ཞིང་སྐད་སྙན་པ་སྒྲོག་པ་སིལ་སྙན་དང་རོལ་མོའི་སྒྲ་སྐད་རྣམ་པ་སྣ་ཚོགས་པ་སྙན་པར་སྒྲོག་པ་ཡིད་དུ་འོང་ཞིང་དཔག་ཏུ་མེད་པ། དེའི་དབུས་སུ་པདྨའི་སྡོང་པོ་ཞིག་ལ་མེ་ཏོག་ཆེན་པོ་ཞིག་འཁྲུངས་པས་མཁའ་འགྲོ་མ་ཐམས་ཅད་ཡ་མཚན་སྐྱེས་སོ། །དེ་ལ་བསྐོར་བ་དང་ཚོགས་འཁོར་མང་པོ་བྱས་ཕྱག་དང་མཆོད་པ་མང་པོ་ཕུལ། དེ་ཡི་ཚེ་མེ་ཏོག་གི་ཆར་བབ། རོལ་མོའི་སྒྲ་སྣ་ཚོགས་པ་རང་བཞིན་གྱིས་

(༩༠)བྱུང་། ས་གཡོ་བ་ཆེན་པོ་བྱུང་སྟེ། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་བར་སྣང་ལ་ལྷགས་ཏེ། རྡོ་རྗེའི་གླུ་ལེན་གར་སྒྱུར། ས་སྤྱོད་མ་དང་ས་འོག་གི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཚོགས་ཏེ། ཨ་ལ་ལ་ཧི་ཧི་ཞེས་པའི་ཉམས་འབར་ཞིང་རུས་པའི་རྒྱན་ཆ་སྣ་ཚོགས་བྱས་ཏེ་གར་སྣ་ཚོགས་བསྒྱུར། དེའི་ཨུ་དུམ་ཝ་རའི་མེ་ཏོག་དེ་ལ་བུ་མོ་ལོ་བརྒྱད་ཀྱི་ན་ཚོད་འགྲོ་པའི་རྣམ་པ་གཅིག་འཁྲུངས་སོ། །དེ་ལ་མཁའ་འགྲོ་མ་རྣམས་ཀྱིས་རུས་རྒྱན་དང་། དར་གྱི་གཅོད་པན་ཕུལ་ནས་ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་། གནྡྷོོ་ལའི་གཙུག་ལག་ཁང་དུ་གདན་དྲངས་ཏེ། རྡོ་རྗེ་ཕག་མོ་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་དུ་རིན་ཆེན་སྣ་ལྔའི་གདན་ཁྲི་མཐོན་པོའི་སྟེང་དུ་བཞུགས་སུ་གསོལ། མཚན་མ་ཅིག་གྲུབ་པའི་རྒྱལ་མོར་མངའ་གསོལ་ཏེ། མཁའ་འགྲོ་མང་པོའི་ཚོགས་དང་དཔོན་མཛད་དོ། །དེ་ནས་རྫུ་འཕྲུལ་ལུས་ཀྱི་བཀོད་པ་མང་པོར་སྤྲུལ་ཏེ་ཞིང་ཁམས་ཐམས་ཅད་དུ་བྱོན། སངས་རྒྱས་ཐམས་ཅད་ལ་ཆོས་གསན་ནོ་ཞེས་གྲགས་སོ།། ༈ །།རྡོ་རྗེ་ཕག་མོ་སྤྲུལ་པའི་སྐུ། །རྒྱལ་བའི་རྒྱལ་ཡུམ་གོས་དཀར་མོ། །སངས་རྒྱས་ཐམས་ཅད་སྐྱེས་པའི་ཡུམ། །གྲུབ་པའི་རྒྱལ་མོ་ལ་ཕྱག་འཚལ། །རྒྱ་གར་ཡུལ་གྱི་ནུབ་ཕྱོགས་སུ། །ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ། །གནས་ནི་མེ་ཏོག་བཀོད་པའི་

(༩༡)གནས། །མེ་ཏོག་པདྨ་ལས་འཁྲུངས་ཤིང་། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །དཀར་དམར་འོད་ལྡན་ཡིད་འོང་མ། །འཇའ་ལུས་རྡོ་རྗེའི་རྣམ་པར་མཛེས། །ལང་ཚོར་ལྡན་ཞིང་བདེ་སྟེར་མ། །རིན་ཆེན་རུས་པའི་རྒྱན་དྲུག་གསོལ། །གྲི་གུག་བདུད་རྩི་ཐོད་པ་བསྣམས། །དར་གྱི་ལྷབ་ལྷུབ་ཅོད་པཎ་ཅན། །མཁའ་འགྲོ་རྒྱ་མཚོའི་ཚོགས་དབུས་སུ། །གནྡྷོ་ཤེལ་གྱི་གཙུག་ལག་དུ། །རིན་ཆེན་སྣ་ལྔའི་ཁྲི་སྟེངས་སུ། །མ་ཅིག་གྲུབ་པའི་རྒྱལ་མོར་གྲགས། །ལོ་གྲངས་ལྔ་བརྒྱ་སོང་ཞེས་ཀྱང་། །ན་ཚོད་བཅུ་དྲུག་ཚུལ་དུ་བཞུགས། །བདེ་ཆེན་པདྨོོ་བཀོད་པ་རུ། །ཚེ་ལྷ་ཡོངས་ཀྱི་ཞལ་གཟིགས་ཏེ། །ཚེ་དབང་ཁྲིད་དང་བཅས་པ་གསན། །རིག་འཛིན་ཚེའི་དངོས་གྲུབ་ཐོབ། །མིང་ནི་གོས་དཀར་ཞེས་སུ་གྲགས། །དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར། །འོག་མིན་སྟུག་པོ་བཀོད་པར་བྱོན། །ལོངས་སྐུ་རྡོ་རྗེ་འཆང་ཆེན་མཇལ། །གསང་སྔགས་དབང་བཞི་རྫོགས་པར་ཞུས། །བླ་མེད་སྐུ་བཞི་མངོན་དུ་གྱུར། །རྡོ་རྗེ་ཕག་མོ་ཞེས་སུ་གྲགས། །རྒྱལ་བ་རྒྱ་མཚོའི་འཁོར་གྱིས་བསྐོར། །གནྡྷོ་ཤེལ་གྱི་གཙུག་ལག་དུ། །བདེ་མཆོག་འཁོར་ལོ་དང་མཇལ་ཏེ། །གསང་སྔགས་རྡོ་རྗེ་ཐེག་པ་གསན། །གསང་སྔགས་མཆོག་གི་དངོས་གྲུབ་བརྙེས། །རྡོ་རྗེ་མཁའ་འགྲོ་

(༩༢)ཞེས་སུ་གྲགས། །གནས་གསུམ་དཔའ་བོ་མཁའ་འགྲོས་བསྐོར། །མེ་ཏོག་ཆེར་རྒྱས་ཞིང་དུ་བྱོན། །བཅོམ་ལྡན་རྒྱལ་བ་རིགས་ལྔ་མཇལ། །དུག་ལྔ་འདུལ་བའི་ཆོས་རྣམས་གསན། །ཡེ་ཤེས་ལྔ་རུ་སྔོན་སངས་རྒྱས། །རྣལ་འབྱོར་ཆེན་མོ་ཞེས་སུ་གྲགས། །མཁའ་འགྲོ་སྡེ་ལྔའི་འཁོར་གྱིས་བསྐོར། །རི་བོ་ཏ་ལའི་རྩེ་མོར་བྱོན། །བྱམས་མགོན་སྤྱན་རས་གཟིགས་དབང་མཇལ། །ཐེག་པ་ཆེན་པོའི་ཆོས་རྣམས་གསན། །འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས། །འགྲོ་འདུལ་མཁའ་འགྲོ་ཞེས་སུ་གྲགས། །སེམས་དཔའ་སེམས་མའི་འཁོར་གྱིས་བསྐོར། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །གུ་རུ་པདྨ་འབྱུང་གནས་མཇལ། །གསང་སྔགས་ཟབ་མོའི་ཆོས་རྣམས་གསན། །གསང་ཡུམ་གསང་བའི་མཆོད་པ་ཕུལ། །དགའ་བཞིའི་བདེ་སྟོང་ཉམས་མྱོང་རྒྱས། །ཆོས་ཉིད་ཟབ་མོའི་དངོས་གྲུབ་བརྙེས། །གཙུག་གྱི་རྒྱན་ཅིག་ཞེས་སུ་གྲགས། །འཁོར་ནི་མཁའ་འགྲོ་མང་པོས་བསྐོར། །ཡུལ་ནི་ཉི་ཤུ་རྩ་བཞིར་བྱོན། །མཁའ་འགྲོ་སུམ་ཅུ་སོ་གཉིས་མཇལ། །མན་ངག་གནད་ཀྱི་གདམས་པ་གསན། །གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་བརྙེས། །ནམ་མཁའ་དབྱིངས་ཕྱུག་ཞེས་སུ་གྲགས། །ཌཱ་ཀི་དཀར་མོ་འབུམ་གྱིས་བསྐོར། །དུར་ཁྲོད་བརྒྱད་ཀྱི་གནས་སུ་བྱོན། །མཁའ་འགྲོ་སེང་གདོང་མ་དང་མཇལ། །བདེ་

(༩༣)ཆེན་གསང་བའི་ངོ་སྤྲོད་གསན། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བརྙེས། །དུར་ཁྲོད་རོ་ཟན་ཞེས་སུ་གྲགས། །མཁའ་འགྲོ་སྤྲུལ་པའི་སྟག་གཟིག་དང་། །དོམ་དང་ཅེ་སྤྱང་མང་པོས་བསྐོར། །རྒྱ་གར་ཡུལ་རྣམས་ཀུན་ལ་བྱོན། །རྣལ་འབྱོར་གྲུབ་ཆེན་བརྒྱད་ཅུ་མཇལ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསན། །ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས། །མཁའ་འགྲོ་བདེ་བྱེད་ཞེས་སུ་གྲགས། །སྐལ་ལྡན་ལས་ཅན་མང་པོས་བསྐོར། །པདྨ་དབང་གི་གནས་ལ་བྱོན། །དཔའ་བོ་དབང་ཆེན་རྟ་མགྲིན་མཇལ། །རྒྱུད་སྡེ་སྟོང་ཕྲག་མང་པོ་གསན། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །གསང་བ་ཡེ་ཤེས་ཞེས་སུ་གྲགས། །ཌཱ་ཀི་སྟོང་ཕྲག་མང་པོས་བསྐོར། །དེ་ལྟར་ངོ་བོ་གཅིག་ལ་མཚན་ཡོངས་སུ་གྲགས་པ་བཅུ་ཐམ་པ་ཡིན་ཏེ། གྲུབ་པའི་རྒྱལ་མོའི་ཞལ་ནས། ༈ །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །རྡོ་རྗེ་འཆང་ཆེན་ལ་སོགས་ཏེ། །རྒྱལ་བ་རིགས་ལྔ་ཡབ་ཡུམ་མཇལ། །བདེ་མཆོག་འཁོར་ལོ་ལ་སོགས་ཏེ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཇལ། །ས་ར་ཧ་དང་ཀླུ་གྲུབ་དང་། །གྲུབ་ཆེན་རྣམས་དང་ང་གཏམ་བྱས། །ཞེས་གསུངས་ཤིང་འཇའ་ལུས་རྡོ་རྗེའི་སྐུར་བཞུགས་པ་ཡིན་ནོ། །རྫུ་འཕྲུལ་དང་ལྡན་པས་འོག་མིན་དང་མངོན་དགལ་དང་བདེ་བ་ཅན་ལ་སོགས་

(༩༤)པའི་ཞིང་ཁམས་ཐམས་ཅད་དུ་བྱོན་ནས། ལ་ལར་ནི་གཙོ་མོའི་ཚུལ། །ལ་ལར་ནི་འཁོར་གྱི་ཚུལ། །ལ་ལར་ནི་སྤྲུལ་པའི་ཚུལ་ལ་སོགས་ཏེ་ཡང་དག་པའི་རྣམ་པར་ཐར་པ་ནི་བསམ་ལས་འདས་པ་ཡིན་གོ་འམ་གསུང་། གཞན་མ་རྟོགས་ཕྱོགས་རྟོགས་ལོག་རྟོགས་ཀྱི་མངལ་སྐྱེས་སུ་འདོད་པ་སོགས་ཚད་མའི་གཏན་རྩིས་དང་འགལ་ཕྱིར་འདིར་བརྗོད་པར་བྱ་བ་མ་ཡིན་ནོ། །གང་ལྟར་ཡང་རྗེ་བཙུན་དང་མཇལ་བའི་ཚེ། མི་ལོ་ལྔ་བརྒྱ་སོང་ཟེར་ན་ཚོད་ནི་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་གཞོན་ཚུལ་ལང་ཚོ་དང་ལྡན་པ། མཁའ་འགྲོའི་མཚན་རྟགས་ཚང་ཞིང་འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་བ། བདེ་བ་རྒྱས་བའི་ཉམས་དང་རྣམ་འགྱུར་སྣ་ཚོགས་སུ་སྟོན་པ། གསང་སྔགས་ཀྱི་སྤྱོད་པ་མཐའ་དག་མཛད་པས་སྐལ་ལྡན་རྣམས་ལ་གྲོལ་བ་སྟེར་བ། རེས་འགའ་ནི་མང་པོར་སྤྲུལ། རེས་ནམ་མཁའ་ལ་བྱོན། སྐུ་ལུས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་མཛད་ཅིང་རྡོ་རྗེའི་གླུ་ལེན། མཁའ་འགྲོ་འབུམ་ཕྲག་མང་པོ་ལ་ཆོས་གསུངས། ཉི་མ་གཅིག་གམ་དུས་གཅིག་ལ་ཚོགས་འཁོར་བརྒྱ་ཕྲག་ལ་སོགས་པའི་དཔོན་མཛད། དེ་ལ་སོགས་པའི་རྫུ་འཕྲུལ་ནི་བརྗོད་ཀྱིས་མི་ལང་བ་འདུག་གསུང་། དེ་ནས་ཆོས་འདོད་པ་རྣམས་ལྷག་མ་མེད་པར་ཚར་བར་བྱས་ནས། ཚོགས་འཁོར་ཞིག་

(༩༥)མཛད་པའི་དུས་སུམ་ཅིག་གྲུབ་པའི་རྒྱལ་མོས་བླ་མ་རས་ཆུང་པ་ལ་སྤྱན་འབུར་ཚུགས་སུ་གཟིགས་ནས། བོད་ཁ་བ་ཅན་གྱི་ཞིང་ཁམས་སུ་ང་དང་ཁྱོད་གཉིས་འདུ་འབྲལ་མེད་པར་འགྲོ་བའི་དོན་བྱེད་ཨང་། དེ་དུས་གསང་སྔགས་ཟབ་མོ་འདིས་སེམས་ཅན་ལ་ཕན་ཐོགས་པར་གྱིས་ཤིག་གསུང་། སླར་ཡང་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་པ་ཞིག་གནང་ནས། ད་རས་ཆུང་པ་བོད་ལ་སོངས་ལ་སེམས་ཅན་གྱི་དོན་གྱིས་ཤིག་གསུངས། དེར་བླ་མ་རས་ཆུང་པས་ཁོ་བོ་ཡང་ཞིང་འདིར་དཔའ་བོ་དཔའ་མོ་རྣམས་དང་སྐལ་བ་མཉམ་པའི་དངོས་གྲུབ་ཞུ་ཞུས་པས། མ་ཅིག་གི་གསུང་ནས།། ༈ །།ཁྱོད་ནི་རྡོ་རྗེ་འཆང་ཆེན་ཏེ། །ཁྱོད་ནི་འཁོར་ལོ་སྡོམ་པ་ཡིན། །སེམས་ཅན་འདུལ་ཕྱིར་སྤྱན་རས་གཟིགས། །ཐམས་ཅད་མཁྱེན་ཕྱིར་འཇམ་དབྱངས་ཡིན། །འཁོར་བ་སྒྲོལ་ཕྱིར་ཕྱག་རྡོར་ཏེ། །ཁྱོད་ཉིད་ཧེ་རུ་ཀ་པ་ཉིད། །བཛྲ་ཀི་རྟི་འགྲོ་བའི་དཔལ། །ཁྱོད་འདི་རུ་མ་འདུག་བོད་དུ་སོང་། །བོད་ཀྱི་སེམས་ཅན་ཉོན་མོངས་པའི། །འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །ཁ་བ་ཅན་གྱི་ལྷོ་ཕྱོགས་ན། །རྟེན་ཤཱཀྱ་མུ་ནེའི་ཤར་ལྷོ་ངོས། །མ་རིག་མོན་གྱི་བྱང་ཤར་ན། །གསོད་བྱེད་ཀླུའི་མཐའ་བསྐོར་དབུས། །རྡོ་དང་བོད་ཀྱི་འཚམས་ཤེད་ན། །གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་དང་། །ང་གྲུབ་པའི་རྒྱལ་མོའི་

(༩༦)གནས་ཤིག་ཡོད། །དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཆོས་བརྒྱུད་དེ་རུ་དར་བར་འགྱུར། །ངའི་སྐུ་ཆས་གསུང་གི་རིག་འཛིན་དང་། །ཐུགས་ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཀྱིས། །ཁྱེད་དེ་རུ་ཅི་བསམ་འགྲུབ་པ་ཡིན། །ལོ་ནི་བརྒྱད་ཅུ་གྱ་བརྒྱད་ལ། །བདེ་ཆེན་མཁའ་སྤྱོད་འགྲུབ་པར་འགྱུར། །ཞེས་ལུང་བསྟན་ནས། ངའི་ལག་གི་ཐོད་པ་འདི་གནས་ཨོ་རྒྱན་གྱི་མཁའ་འགྲོ་མ་དངོས་ཀྱི་ཐོད་པ་མཁའ་འགྲོ་མ་རྒྱ་མཚོ་ཡི་སྲོག་སྙིང་ལྟ་བུ་ཡིན་པས། འདི་རྗེ་བཙུན་མི་ལ་ལ་ཕུལ་ཞིག་གསུང་། ཡང་སྐུའི་རྒྱན་དྲུག་དང་གྲི་གུག་འདི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྟེན་ཡིན་པས། ཁྱོད་རང་ཁྱེར་ཅིག་གསུང་ནས་ལུང་བསྟན་བྱིན་བརླབས་གདམས་པ་རྣམས་ཡོངས་སུ་རྫོགས་པར་གནང་ནས་ད་ནི་སོངས་ཤིག་གསུངས་པས། སེམས་ཕྲེང་བཞིན་དུ་ཕྱག་དང་བསྐོར་བ་བྱས་ཞབས་སྤྱི་བོར་བླངས་སྨོན་ལམ་བཏབ་ནས་བྱོན་སྐད། མ་ཅིག་གྲུབ་པའི་རྒྱལ་མོ་མཇལ་ཞིང་བྱིན་བརླབས་སྨིན་གྲོལ་བཀའ་བབས་གདམས་པ་ལུང་བསྟན་རྫོགས་པར་གནང་། འཆི་བདག་གི་བདུད་བཅོམ་ཏེ་འཆི་བ་མེད་པ་ཚེའི་རིག་འཛིན་རྡོ་རྗེའི་སྐུ་གསུང་ཐུགས་བརྙེས་པའི་སྐོར་ཚོ་དེ་གསུམ་པའོ། ༈ །བཞི་པ་ནི་དེ་ནས་བླ་མ་ཏི་ཕུ་ལ་གསེར་གྱི་མཎྜལ་ཕུལ་ནས་

(༩༧)གདམས་ངག་ལྷག་མ་རྣམས་གསོལ་བ་བཏབ་པས། བླ་མའི་ཞལ་ནས་མ་གཅིག་གིས་ལུང་བསྟན་པ་དེ་རྣམས་ལ་བཀའ་རྒྱ་ཡོད་པས་ངག་གདམ་པ་གཅེས་གསུངས། དུས་ཕྱིས་ཡང་བཀའ་གཉན་པའི་ཕྱིར་བརྒྱུད་འཛིན་རེ་གཉིས་མ་གཏོགས་གཞན་ལ་གསང་བར་མཛད་དོ། །དེ་ནས་གདམས་ངག་ཅིག་གནང་ནས་ཞུ་ཞིང་ཡོད་དུས། ནང་མ་ཅིག་རས་ཆུང་པས་བླ་མའི་དྲུང་དུ་བྱོན་པས། སློབ་མ་བྱིན་བརླབས་ཞུ་བ་མོ་གསུམ་ཕོ་གཉིས་དང་ལྔ་འདུག་པ་ཡུད་ཙམ་ཞིག་ལ་གར་སོང་ཆ་མི་འདུག་པས་ཡིད་མ་ཆེས་ཏེ། བླ་མ་ལ་རྒྱུ་མཚན་ཞུས་པས། བྱིན་བརླབས་ཞུགས་པའི་སློབ་མ་ལྔ་ཡོད་པ་ཡིན་དེ་ཐམས་ཅད་དུར་ཁྲོད་ན་བཞུགས་པ་ཡིན། ཁྱོད་བལྟ་བར་འདོད་ན་བསྟན་གྱིས་གསུང་། དུས་ནམ་ཞིག་བླ་མ་ཏི་ཕུའི་ཡབ་ཀྱི་འདས་མཆོད་ཀྱི་དུས་སུ། བླ་མ་དང་མ་ཅིག་དང་རྣལ་འབྱོར་མ་ཤཱཀྱ་དང་གསུམ་གསོལ་བ་འདེབས་ཀྱི་འདུག་པས། ནམ་ཐོ་རངས་སྐྱ་རེངས་དང་པོ་དེ་ལ་རྣལ་འབྱོར་ཕོ་མོ་ལྔ་བྱུང་ནས། མ་ཅིག་ལ་ཕྱག་རེ་བྱས་ནས་གྲལ་ལ་འཁོད་འདུག་པ་ལ། བླ་མ་ན་ར་ཁྱེད་རྣམས་ལ་ཡི་དམ་གྱི་ལྷ་ཡང་མེད། སྙིང་པོ་བགྲང་རྒྱུད་ཡང་མེད། སྒོམ་རྒྱུ་ཡང་མེད་པར་བྱིན་བརླབས་ཁོ་ནས་ལྟ་བ་རྟོགས་པ་ཡིན་འདུག་ན། ལྟ་བ་བྱ་བ་ཅི་འདྲ་ཞིག་འདུག་གསུངས་པས། རྣལ་འབྱོར་པ་དེ་རྣམས་ན་རེ་

(༩༨)ཚེག་གི་ལྟ་བའམ་དོན་གྱི་ལྟ་བ་གསུང་། ཚིག་གི་ལྟ་བ་ཡིན་ན་བློ་ལས་འདས་པ། སྤྲོས་པ་དང་བྲལ་བ་སྨྲ་བསམ་བརྗོད་དུ་མེད་པ་ཞིག་གདའ། དོན་གྱི་ལྟ་བ་འདི་སྨྲ་རུ་མེད་སེམས་ཀྱི་གཞི་རྩ་སྣང་སེམས་དང་ཚེས་ཉིད་དཔྱེར་མེད་དེ་ལ་སྨྲ་རྒྱུ་མི་གདའ་གསུང་ཚོགས་ལ་རོལ་ནས་བཞུད་པའི་དུས་སུ་སྐར་ཁུང་ན་ཡར་ལ་སོང་ངོ་། །ཡང་བླ་མའི་གསུང་ནས་ཁྱོད་བོད་ཀྱི་ཡུལ་ན་བྱིན་བརླབས་ཀྱི་ལྟ་བ་རྟོགས་པ་ཡོད་དམ་གསུངས། བག་རེ་ཡོད་ཞུས་པས། ཅང་ཡོད་དམ་ངས་ཐོས་པ་ལ་ནི་བྱིན་བརླབས་ཞུགས་ཟེར་ཙ་ན། གཅེར་བུར་འཕྱོང་རྒྱུག་བྱེད་པ་ལ་ཟེར་གསུང་། དེ་འདྲ་འང་བྱེད་ཀྱི་གདའ་ཞུས་པས། བླ་མའི་ཞལ་ནས་དེ་མིན་བྱིན་རླབས་ཞུགས་པ་བྱ་བ་སེམས་ཉིད་དང་ཆོས་ཉིད་འཕྲོད་ནས་ཆོས་སྐུ་ངོས་ཟིན་པ་དེ་ལ་བྱེད་པ་ཡིན། ཁྱོད་ཀྱི་དེ་ལ་བྱིན་རླབས་ཞུགས་པ་བྱ་བ་མིན་གསུང་། བྱིན་བརླབས་ཀྱི་ལྟ་བ་རྟོགས་པ་རྣལ་འབྱོར་པ་ལྔ་དེ་ལྟ་བུ་ཞིག་ཡོད་པ་ཡིན་གསུངས། དེ་ནས་གདམས་པ་གཞན་རྣམས་ཀྱི་སྤྲོས་པ་ཆོད་ནས། ད་རྒྱ་གར་ས་ཐག་ཀྱང་རིང་ཅ་འཕྲང་ཟམ་པ་ཆུ་ཨར་ཇག་གཅན་གཟན་སོགས་ལམ་གྱི་འཇིགས་པ་ཤིན་ཏུ་ཆེ། རྣལ་འབྱོར་ན་སོ་ཡང་རྒས་ཤིང་ད་ཡང་ཡང་ཨེ་སླེབ་མི་ཤེས་པས་གདམས་པ་ཟབ་ཁྱད་ཐོན་པའི་ཆོས་འདྲ་ཡོད་ན་ལྷག་མ་མ་ལུས་པ་འགྲོ་

(༩༩)བའི་དོན་དུ་གནང་བར་ཞུ་མེད་ན་ང་འགྲོ་ཞུས་པས། བླ་མས་གསུང་ནས་ད་རུང་སྡོད་གདམས་པ་ཡོད་ཀྱི་གསུང་ནས། ཁྱད་པར་གྱི་གདམས་པ་རོ་སྙོམས་སྐོར་དྲུག་ནི་རྗེ་ནཱ་རོ་པས་དཀའ་ཆེན་བཅུ་གཉིས་སྤྱད་པའི་དུས་སུ་ཐུགས་ལ་འཁྲུངས་ཏེ། བླ་མ་ཏི་ཕུ་ལ་གདམས། བླ་མ་ཏི་ཕུས་རྗེ་རས་ཆུང་པ་ལ་གདམས་ངག་རྫོགས་པར་གནང་སྟེ་འདི་སྐད་གསུང་། སྤྱིར་རྒྱ་གར་འོ་མའི་རྒྱ་མཚོ་དང་འདྲ་བ་ནས་གདམས་ངག་མར་གྱི་ཡང་ཞུན་ལྟ་བུ་འདི་རྒྱུད་སྡེ་རྣམས་ལ་གབ་ནས་ཡོད་པ་ལ་པཎྜི་ཏ་རྣམས་ཀྱིས་ལོང་གཏམ་གྱི་ཚུལ་དུ་བཤད། བླ་མ་གྲུབ་ཐོབ་རྣམས་ཀྱི་ཁོག་པའི་སྙིང་ལྟ་བུ་ཡིན། རི་ཁྲོད་འགྲིམ་པ་རྣལ་འབྱོར་གྱི་གོ་ཆ། ཀུ་སུ་ལུ་པ་སྒོམ་ཆེན་རྣམས་ཀྱི་སྨན་སྦྱོར་འདི་ལྟ་བུའི་གདམས་ངག་རྙེད་པར་དཀའ་བ་འདི་ནཱ་རོ་པ་མ་གཏོགས་པཎྜི་ཏ་དང་ཀུ་སུ་ལུ་པའི་རྣལ་འབྱོར་པ་གཞན་རྣམས་ལ་མེད་པས་ཁྱོད་ལས་འཕྲོ་དང་སྐལ་བར་ལྡན་པ་སྣོད་ལྡན་གྱི་གང་ཟག་ཡིན་པས་བསྟན་པ་ཡིན་གསུང་ནས་ཤམ་བུ་དང་བཅས་ཚང་བར་གནང་ནས། སྤྱིར་གདམས་ངག་ཟབ་མོ་སྟོན་པ་ལ་དུས་ཚོད་དགོས་པས་ཁྱོད་ཀྱིས་ད་ལྟ་བོད་དུ་སྟོན་པའི་དུས་ལ་མ་བབ་ཕྱིར། བོད་ཡུལ་དབུས་ཀྱི་ལྷོ་ཕྱོགས་དཔའ་བོ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས། དུང་གི་བྲག་

(༡༠༠)འཇིགས་སུ་རུང་བ་ཁྲོ་བོའི་ཆ་བྱད་འདྲ་བ་ཡོད་པ། ཚང་ཚིང་འཁྲིགས་པའི་ནགས་ཚལ་དང་། དུར་ཁྲོད་འཇིགས་སུ་རུང་པ་དང་བཅས་པ་ཡོད་ཀྱི་དེར་མཁའ་འགྲོ་ཆོས་སྐྱོང་དང་གནས་དེའི་ལྷ་སྲིན་གཞི་བདག་ལ་གཏད་གཉེར་བགྱིས་ལ། མི་རབས་གསུམ་གྱི་འོག་རོལ་ཏུ་སྣོད་ལྡན་གྱི་གང་ཟག་ཅིག་ལེན་དུ་འོང་བས་དེའི་ལག་ཏུ་གཏོད་ཅིག་བགྱིས་ལ། སྨོན་ལམ་རྒྱ་ཆེན་པོ་ཐོབ་ལ་གཏེར་དུ་སྦོས་ཤིག་གསུང་བཀའ་རྒྱས་བཏབ་བོ། རྗེ་རས་ཆུང་པས་དགའ་སྤྲོ་དང་བཅས་པས་བླ་མས་གསུངས་པ་རྣམས་ཞལ་གྱིས་བཞེས་ནས་དེའི་དོན་དུ་མགུར་ཕུལ་བ། ༈ །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཅན། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྗེ་བཙུན་ཏཻ་ལོ་བཀའ་དྲིན་ཅན། །གནས་ལྔ་མཁས་པའི་ནཱ་རོ་པ། །གསང་སྔགས་སྡོང་པོ་གདམས་པའི་མཛོད། །འགྲོ་དྲུག་སེམས་ཅན་བསྐྱབ་ཏུ་གསོལ། །ཐ་མལ་རང་རྒྱུད་ཤེས་པ་ཤིག །མི་ལུས་སངས་རྒྱས་དགོངས་པ་ཅན། །སྐལ་ལྡན་བདག་ལ་བྱིན་གྱིས་བརླབས། །རྗེས་འཇུག་སློབ་མ་སྐྱོབ་ཏུ་གསོལ། །བླ་མ་རྗེ་ཡི་ཞལ་སྔ་ནས། །རྒྱ་གར་འོ་མའི་རྒྱ་མཚོ་ནས། །གདམས་ངག་མར་གྱི་ཡང་ཞུན་འདི། །རྒྱུད་སྡེ་རྣམས་ན་གབ་ནས་ཡོད། །པཎ་ཆེན་

(༡༠༡)རྣམས་ཀྱི་ལོང་གཏམ་ཚུལ། །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་ཡིན། །རི་ཁྲོད་འགྲིམ་པའི་གོ་ཆ་ཡིན། །ཀུ་སུ་ལུ་པའི་སྨན་སྦྱོར་ཡིན། །པཎ་ཆེན་ནཱ་རོ་མ་གཏོགས་པ། པཎྜིི་ཏ་དང་ཀུ་སུ་ལི། །གཞན་ལ་གདམས་ངག་འདི་འདྲ་མེད། །སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། །གདམས་ངག་བཤད་ལ་དུས་ཚོད་དགོས། །ད་ལྟ་བསྟན་པའི་དུས་མེད་པས། །ཁྲོ་བོའི་ཆ་བྱད་འདྲ་བའི་བྲག །མཁའ་འགྲོ་འདུ་བའི་གནས་ཤིག་དུ། །མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། །གཏད་གཉེར་བགྱིས་ལས་གཏེར་དུ་སྦོས། །མི་རབས་གསུམ་གྱི་འོག་རོལ་ཏུ། །སྣོད་ལྡན་གང་ཟག་ལེན་དུ་འོང་། །དེའི་ལག་དུ་གཏོད་ཅིག་བགྱིས། །སྨོན་ལམ་ཐོབ་ལ་སྦོས་ཤིག་གསུང་། །བླ་མའི་བཀའ་ནི་རྒྱལ་བའི་བཀའ། །རྒྱལ་བའི་བཀའ་ལ་བཅག་ཐབས་མེད། །འཛམ་གླིང་བསྐོར་ཀྱང་མི་རྙེད་པའི། །གདམས་ངག་འཕངས་ཀྱང་གསུང་བཞིན་དུ། །ལུང་བསྟན་གནས་སུ་སྦ་བར་ཞུ། །དེ་བར་རྐྱེན་ངན་མེད་པ་ཡི། །བྱིན་བརླབས་སྲུང་བ་དམ་པ་མཛོད། །ཅེས་ཞུས་དེ་ནས་བླ་མ་རས་ཆུང་པས། ད་གདམས་པའི་ལྷག་མ་འདྲ་མེད་དམ་ཞུས་པས། ད་རུང་གདམས་པ་ཡོད་ཀྱི་ལྷོད་བགྱིས་ལ་སྡོད་དང་གསུང་། དེར་བླ་མ་

(༡༠༢)རས་ཆུང་པས། ངའི་བླ་མ་མི་ལ་ཡང་སྐུ་བགྲེས་ནས་ཡོད་པས་བོད་ལ་འགྲོ་སྙིང་འདོད། གདམས་པ་རྣམས་མྱུར་དུ་ཐུགས་རྗེས་བཟུང་ཞུས་པས། བླ་མའི་ཞལ་ནས། འོ་ན་དེ་ལྟར་བྱ་ཡི་གསུང་ནས། །ཕྱག་རྒྱ་ཆེན་པོའི་གདམས་ངག་ཏི་ཕུ་ཉིད་ཀྱིས་མཛད་པའི་དོ་ཧ་དོན་བསྡུས་པའི་ལོ་རྒྱུས། དོ་ཧ་དོན་བསྡུས་པའི་ཡིག་སྣ། དོ་ཧ་དོན་བསྡུས་པའི་ལྷན་ཐབས། དོ་ཧ་དོན་གྱི་གཞུང་། རལ་གྲི་ལྟ་བུའི་སྟོང་ཐུན། པདྨ་ལྟ་བུའི་སྟོང་ཐུན། རིན་པོ་ཆེ་ལྟ་བུའི་སྟོང་ཐུན། རྡོ་རྗེ་ལྟ་བུའི་སྟོང་ཐུན། འཁོར་ལོ་ལྟ་བུའི་སྟོང་ཐུན། ལྟ་བ་དངོས་ཀྱི་སྟོང་ཐུན། ཐིག་ལེ་ལྟ་བུའི་སྟོང་ཐུན། ཐིག་ལེ་ཁུག་པའི་སྟོང་ཐུན། ཕྱག་རྒྱ་བཞི་ཡི་སྟོང་ཐུན། ཕྱག་རྒྱ་དྲུག་གི་སྟོང་ཐུན། དྲན་པ་མེད་པའི་སྟོང་ཐུན། དགོས་པ་དངོས་ཀྱི་སྟོང་ཐུན། རིག་པའི་སྟོང་ཐུན། ངོ་བོ་ངེས་ཚིག་གི་སྟོང་ཐུན། མ་ནོར་རྣམ་གསུམ་གྱི་སྟོང་ཐུན། དྲན་པའི་སྟོང་ཐུན། ལམ་བཞི་ཡི་སྟོང་ཐུན། སྤྱོད་པ་དངོས་ཀྱི་སྟོང་ཐུན། བརྡ་ཡི་སྟོང་ཐུན། །འབྲས་བུའི་སྟོང་ཐུན། རྐྱེན་བྲལ་གསུམ་གྱི་སྟོང་ཐུན། །སྐུ་གསུམ་དགུ་སྤྲུགས་སྟོང་ཐུན། གང་ཟག་བདག་མེད་སྟོང་ཐུན། ཆོས་ཀྱི་བདག་མེད་སྟོང་ཐུན། ཕྱག་རྒྱ་ཆེན་པོ་ཐིག་ལེའི་དོན་ལ་འཕྲེང་བའི་ལེའུ་བཅོ་བརྒྱད། ལེའུ་རེ་རེ་ལ་ངོ་སྤྲོད་ཉི་ཤུ་རྩ་ལྔ་ལྔ་ཡོད། དོན་ལ་བསྡུས་

(༡༠༣)ན་ངོ་སྤྲོད་ཕྱེད་དང་ལྔ་བརྒྱ་བཞུགས་པ་རྣམས་དང་། གཞན་ཡང་གྲུབ་ཐོབ་བཀའ་བཞིའི་གདམས་པའི་བཅུད་ཕོ་ཉའི་ལམ་གཙོ་བོར་སྟོན་པ་རྗེ་བཙུན་ཏེ་ལོས་གྲུབ་ཆེན་ཀ་སོ་རི་པ་ལ་གདམས། དེས་པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་གདམས། མཁས་གྲུབ་དེས་དུས་ཀྱི་འཁོར་ལོ་སོགས་སྤྱིར་རྒྱུད་ཕ་རྒྱུད་མ་རྒྱུད་སྟེ་རྒྱུད་སྡེ་མཐའ་དག་དང་། གྲུབ་ཆེན་རྣམས་ཀྱི་གདམས་པའི་ཉམས་བཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་དམར་ཁྲིད་ལག་ལེན་དུ་སྒྲིལ་བ་སྨིན་གྲོལ་ཆ་ལག་དང་བཅས་པ། རྡོ་རྗེའི་ཚིག་རྣམ་པར་འབྱེད་པ། ཡོངས་སུ་རྫོགས་པ་སྨིན་གྲོལ་མཐའ་དག་བཀའ་རྒྱ་དང་བཅས་གདམས་ངག་ཡོངས་སུ་རྫོགས་པ་ཞུས། དེ་ནས་ཚོགས་ཀྱི་འཁོར་ལོ་ཞིག་བཤམས་ཏེ། གསེར་ལྷག་མ་མཚོན་པས་བཟུང་། གཞན་རྣམས་བཀའ་དྲིན་ཡོན་དུ་ཕུལ་ནས། ད་ང་བོད་ལ་འགྲོ་བར་ཞུ་ཞུས་ནས། མགུར་འདི་ཕུལ་ལོ།། ༈ །།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལྡན་སྤྲུལ་པའི་སྐུ། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །ཕ་ཐུགས་རྗེའི་སྤྱན་ལྡན་རིན་པོ་ཆེ། །སྔར་ཡང་ཐུགས་རྗེས་རབ་ཏུ་བཟུང་། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཐུགས་སྲས་རས་ཆུང་རྡོར་གྲགས་པས། །ན་ནིང་ལོ་ལ་དཀའ་དགུ་སྤྱད། །ངོ་

(༡༠༤)གཅིག་གི་ལོ་ལ་དགའ་དགུ་མཐོང་། །རིག་པ་ཡེ་ཤེས་སྒྲོན་མེ་མཐོང་། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །རོ་སྙོམས་ཕྱི་ཡི་མེ་ལོང་བལྟས། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཤེས། །བདེ་ཆེན་གསུང་གི་རིན་ཆེན་ཐོབ། །ལམ་གྱི་གཞུང་ཤིང་གཏུམ་མོ་ཐོང་། །ལམ་གྱི་གཞིར་གཞག་སྒྱུ་ལུས་ཐོབ། །ལམ་གྱི་མཚམས་སྦྱོར་རྨི་ལམ་ཐོབ། །ལམ་གྱི་བསུན་མ་འོད་གསལ་ཐོབ། །ལམ་གྱི་བློ་ཆོད་འཕོ་བ་ཐོབ། །ལམ་གྱི་དྲོད་རྟགས་གྲོང་འཇུག་ཐོབ། །ལམ་ཕྲེང་སྐྱེལ་མ་བར་དོ་ཐོབ། །རང་བྱུང་སྐྱེ་མེད་ངོ་སྤྲོད་ཐོབ། །མཐར་ཐུག་ཕྱག་རྒྱ་ཆེན་པོ་ཐོབ། །བསྲེ་འཕོ་རོ་སྙོམས་ཟབ་དགུ་ཐོབ། །དཔེ་བརྗོད་མཚོན་མེད་ལྟ་བ་ཐོབ། །ཟག་མེད་བདེ་ཆེན་སྒོམ་བ་ཐོབ། །འདུ་འབྲལ་མེད་པའི་སྤྱོད་པ་ཐོབ། །རང་རྒྱུད་ལྷུན་གྲུབ་འབྲས་བུ་ཐོབ། །རང་བྱུང་ཅེར་མཐོང་ཆོས་སྐུ་ཐོབ། །སྤང་རེག་མེད་པའི་ལོངས་སྐུ་ཐོབ། །ཐུགས་རྗེ་རང་ཤར་སྤྲུལ་སྐུ་ཐོབ། །སེམས་ལས་མ་འདས་གཟུགས་སྐུ་ཐོབ། །ཟག་པ་མེད་པ་བདེ་སྐུ་ཐོབ། །གཞི་ལ་བསལ་བཞག་མེད་པ་ཐོབ། །ལམ་ལ་འདུ་འབྲལ་མེད་པ་ཐོབ། །འབྲས་བུ་མཁྱེན་གཉིས་ཟག་མེད་ཐོབ། །དུ་མ་རོ་གཅིག་སེམས་སུ་ཐོབ། །ཅེས་ཞུས་པས་བླ་མ་ཤིན་ཏུ་མཉེས་སོ། །དེ་ནས་བླ་མ་ཏི་ཕུའི་ཞལ་ནས་ངའི་ལྕགས་ཀྱི་རྡོ་རྗེ་འདི་སྤྲུལ་པའི་བཟོ་བོས་ལུགས་སུ་བླུག་པས་སྤྲུལ་པའི་ལུགས་སུ་བྱུང་བ་ཡིན། འདི་བླ་མ་མི་ལ་ལ་ཕུལ་ཅིག་གསུང་།

(༡༠༥)གཞན་ཡང་ཡི་དམ་བདེ་མཆོག་གི་ཐང་སྐུ་ལེགས་པ་གཅིག་དང་། ཤིང་ཨ་ཀ་རུ་ནག་པོ་འབའ་ཞིག་གི་ཕྱག་མཁར་ཞིག་དང་། ཁྲི་སྙན་ས་ལེའི་ལྕགས་པ་དང་། ཌཱ་མ་རུ་དྲྭ་བ་མ་དང་བཅས་པའི་ངོ་མཚར་བའི་སྐྱེས་རྣམས་བསྐུར་ནས། ད་ལྟ་རྒྱ་བོད་གཉིས་ཀྱི་ཆོས་པ་ལ་ངའི་སྐྱེ་བ་སྔོན་མའི་ཡབ་པཎ་ཆེན་ནཱ་རོའི་སྲས་ཀྱི་ཐུ་བོ་ལོཙྪ་བ་མར་པའི་སློབ་མ་བླ་མ་མི་ལ་ལས་བཟང་བ་མེད། ངེད་ཀྱིས་བསྐུར་བ་འདི་རྣམས་ལམ་ལ་མ་བརླག་པ་བགྱིས་ལས་ཕྱག་དུ་ཕུལ་ཞིག །ཁྱོད་རང་ཡང་ལུས་ངག་ཡིད་གསུམ་གུས་པའི་ཞབས་ཏོགས་གང་ནུས་ལ་འབུངས་ཤིག་གསུང་། གཞན་ཡང་ཕྱག་རྒྱ་ཆེན་པོ་ལ་བླ་མ་བལ་པོ་མཁས་པར་གྲགས། །ཞལ་གཉིས་མ་དང་བཅུ་གསུམ་མ་ལ་ཡེ་རང་པ་མཁས་པ་ཡིན་པས་ཁོང་ལ་དོ་དམ་བགྱིས་ལ་ཞུས་གསུངས། བླ་མས་གནང་བ་འདིས་ཆོག་གམ་ཞུས་པས་ང་བས་ཁོང་དེ་ལས་མཁས་པ་ཡིན་ཅིས་ཀྱང་ཞུས་ཤིག་གསུང་། དེ་ནས་ཚོགས་འཁོར་བཟང་བ་གཅིག་ཕུལ། གསེར་མཚོན་པ་གཅིག་ཀྱང་ཕུལ་ནས་ངོ་མཚར་ཅན་གྱི་མགུར་འདི་ཕུལ་ལོ།། ༈ །།རྗེ་བླ་མའི་བཀའ་དྲིན་ལུས་ལ་ཞུགས། །ལུས་སྣང་སྟོང་ལྷ་ཡི་ཕོ་བྲང་ཡིན། །བླ་མའི་བཀའ་དྲིན་ངག་ལ་ཞུགས། །ངག་གྲགས་སྟོང་སྔགས་ཀྱི་འཁོར་ལོ་བསྐོར། །བླ་མའི་ཐུགས་རྗེ་སེམས་

(༡༠༦)ལ་ཞུགས། །སེམས་གསལ་སྟོང་ཆོས་སྐུའི་རྒྱལ་ས་ཟིན། །བདག་དཀའ་དགུ་སྤྱད་པས་དོན་ཆེན་འགྲུབ། །དཀོན་པའི་ལྟད་མོ་མཚར་དགུ་མཐོང་། །རོ་སྙོམས་ཕྱི་ཡི་མེ་ལོང་ལ། །སྒྱུ་མ་འཕྲུལ་པའི་སྤྲུལ་པ་མཐོང་། །བདེ་ཆེན་གསུང་གི་རིན་ཆེན་ལ། །བདེན་པ་མེད་པའི་མཆོད་དབྱངས་ཚོར། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལ། །དངོས་པོ་མེད་པའི་ལྟད་མོ་མཐོང་། །རིག་པ་ཡེ་ཤེས་སྒྲོན་མེ་ལ། །སྣ་ཚོགས་རིག་པའི་ཆོ་འཕྲུལ་སྐྱེས། །རྩ་རླུང་དྲྭ་མིག་འཁོར་ལོ་ལ། །ཚེ་སྔ་ཕྱིའི་རྟེན་འབྲེལ་དྭངས་གསལ་གྲུབ། །གཞན་ཡང་དགོས་པའི་ཆོས་དྲུག་ལ། །རྒྱུད་ཟབ་མོའི་ལུང་རིག་འཁོར་དུ་འདུས། །ཏི་ཕུ་གསང་སྔགས་སྡོང་པོ་ལ། །ཡི་དམ་ལྷའི་དཀྱིལ་འཁོར་རྫོགས། །མ་ཅིག་གྲུབ་པའི་རྒྱལ་མོ་ལ། །གསང་བ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཤིང་སྤང་གསེར་གྱི་མཎྜལ་ལ། །དཔའ་བོ་དཔའ་མོའི་མཆོད་སྤྲིན་འདུ། །འདོད་འཇོ་ལྷའི་བ་མོ་ལ། །དངོས་གྲུབ་གཏེར་གྱི་ཆར་པ་འབབ། །བྷ་ག་ལའི་ཕག་མོ་ལ། །དུས་གསུམ་སངས་རྒྱས་བཞུགས་གནས་བཅས། །པཎྜི་ཏ་ཟླ་བའི་སྙིང་པོ་ལ། །ཐར་པར་འགྲོ་བའི་ལྡེ་མིག་འདུག །འདིར་འཚོགས་སྐལ་ལྡན་ཕོ་མོ་ལ། །གསང་སྔགས་ཆོས་ཀྱི་ཉི་མ་ཤར། །འགྲོ་དྲུག་སེམས་ཅན་ཕ་མ་ལ། །མཐོ་རིས་ལམ་གྱི་ནམ་མཁའ་དེངས། །ཕ་ཡི་བཀའ་དྲིན་རས་ཆུང་ལ། །ངེས་

(༡༠༧)ཤེས་ཟབ་མོའི་མེ་ཏོག་འཁྲུངས། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ། །དམ་ཚིག་ལྷའི་ཕོ་ཕོགས་གནང་། །བོད་ཀྱི་མགོ་ནག་མི་རྣམས་ལ། །མུན་པ་སེལ་བའི་སྒྲོན་མེ་ཡོད། །ངོ་མཚར་ཅན་གྱི་གདམས་པ་རྣམས། །བླ་མས་གནང་བས་བདག་སེམས་ཚིམ། །ད་ལྟ་དགའ་ལ་ཡུན་དུ་སྐྱིད། །ཅི་བསམ་འགྲུབ་པའི་རས་ཆུང་ལ། །རྐྱེན་བར་ཆད་མེད་པའི་དངོས་གྲུབ་ཞུ། །ཞེས་ཞུས་དེ་ནས་གདམས་པའི་བེ་བུམ་རྣམས་ཕྱག་དུ་ཕུལ་ནས། རབ་གནས་དང་ཞུས་དག་ཞུས་པས། །མངའ་གསོལ་དང་དག་ཐེར་ཡང་མཛད། །ད་དུང་ཡང་བླ་མ་ཡི་དམ་ལ་མོས་གུས་དང་མ་བྲལ་བ་བགྱིས་ལས་བཞུད་དང་ལམ་ལ་མཁའ་འགྲོ་མ་ཞིག་གིས་དག་པར་བྱེད་པ་འདུག་གི་གསུང་ནས། མགུར་འདི་གསུངས་སོ། །བཀའ་དྲིན་ཆེ་བའི་བླ་མ་ལ། །གསོལ་བ་འདེབས་ཅིང་བཞུད་པར་ཞུ། །ཡི་དམ་དཔའ་བོ་མཁའ་འགྲོ་ལ། །ཚོགས་འཁོར་འབུལ་ཞིང་བཞུད་པར་ཞུ། །བཀའི་སྲུང་མ་ཆོས་སྐྱོང་ལ། །གཏོར་མ་འབུལ་ཞིང་བཞུད་པ་ཞུ། །བར་ཆད་རྐྱེན་ངན་འབྱུང་པོ་ལ། །སྙིང་རྗེ་སྒོམ་ཞིང་བཞུད་པར་ཞུ། །ས་འཕྲང་འཇིགས་པའི་གཡང་ས་ལ། །ཐེ་ཚོམ་མེད་པར་བཞུད་པ་ཞུ། །བླ་མ་རྗེ་བཙུན་སངས་རྒྱས་ལ། །དད་གུས་སྐྱེད་ཅིང་བཞུད་པར་ཞུ། །ལུང་བསྟན་ཟབ་མོའི་མངོན་ཤེས་ལ། །ཡི་རང་སྐྱེད་ཅིང་

(༡༠༨)བཞུད་པར་ཞུ། །བླ་མའི་བཀའ་དྲིན་ཡོན་ཏན་ལ། །དྲིན་དུ་བཟོ་ཞིང་བཞུད་པར་ཞུ། །འདིར་འཚོགས་དཔོན་སློབ་མཆེད་གྲོགས་ལ། །སྨོན་ལམ་འདེབས་བཞིན་བཞུད་པར་ཞུ། །ཅེས་གསུངས་པས། །རས་ཆུང་པ་དགྱེས་གྲགས་ནས་གསེར་ལྷག་མ་ཡོད་པ་དུམ་པ་ཞིག་བཟུང་གཞན་རྣམས་ཕྱག་དུ་ཕུལ་ནས། །རྩོལ་མེད་ཀྱི་ཕྱག་མང་པོ་འཚལ་ཞིང་སྐུ་ཁམས་བདེ་བར་བཞུགས་ཞུ་བའི་མགུར་འདི་ཕུལ་ལོ། ༈ །།ང་སོང་བའི་དུས་ན་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུར་གྱུར་བླ་མ་བདེ་བར་བཞུགས། །ཆོས་ཀྱི་སྤྱན་ལྡན་ཆོས་ཀྱི་སྐུ། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །གསང་སྔགས་སྡོང་པོ་བདེ་བར་བཞུགས། །ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ། །འགྲོ་བའི་སྒྲོན་མེ་བདེ་བར་བཞུགས། །སྐལ་ལྡན་བུའི་སྐྱབས་གནས་མཆོག །བཀའ་དྲིན་བྱམས་པ་བདེ་བར་བཞུགས། །ད་དུང་འགྲོ་བའི་དཔལ་མགོན་ལ། །མྱ་ངན་མི་འདའ་བདེ་བར་བཞུགས། །ཡེ་ཤེས་ཕྲིན་ལས་སྣ་ཚོགས་ཀྱི། །བུའི་ལམ་སྣ་འདྲེན་དུ་གསོལ། །ལམ་དང་ཆུ་འཕྲང་སྣ་ཚོགས་ལ། །འོད་གསལ་དབྱིངས་ཀྱི་སྒྲོན་མེ་ཁྱོགས། །རྐྱེན་དང་བར་ཆད་ཐམས་ཅད་ལ། །བྱང་ཆུབ་རྡོ་རྗེའི་བཟློག་པ་མཛོད། །མདུན་རྒྱབ་གཡས་གཡོན་ཐམས་ཅད་དུ། །ཡི་དམ་

(༡༠༩)དཔའ་བོའི་སྐྱེལ་མ་ཞུ། །གར་སྡོད་བྱ་བའི་ས་རྣམས་ལ། །མཁའ་འགྲོ་ཆོས་སྐྱོང་སྡོང་གྲོགས་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །བཀའ་དྲིན་རྟེན་འབྲེལ་མཛད་དུ་གསོལ། །ཞེས་ཞུས་པས། བླ་མ་ཤིན་ཏུ་མཉེས་ནས་སྨོན་ལམ་བཟང་པོ་བཀྲ་ཤིས་དང་བཅས་པ་གནང་། མཁའ་འགྲོ་ཆོས་སྐྱོང་ལ་བཅོལ་གཏད་མཛད་ནས་བྱིན་རླབས་ཁྱད་པར་ཅན་གནང་ངོ། །དེ་ནས་ཕྱག་བཙལ་ཞིང་ཞབས་སྤྱི་བོར་བླངས། སྨོན་ལམ་ཡང་དག་པ་བཏབ་པོ། །བླ་མ་ཝ་ལ་ཙཎྜ་ཡབ་ཡུམ་སྤྱོད་པ་ལ་གཤེགས་ཚར་ནས་མི་བཞུགས་འདུག་པས་མ་མཇལ་སྐད། དེ་རྣམས་ནི་རས་ཆུང་ཏི་ཕུའི་སྐོར་གཙོ་བོར་གྱུར་པ་ལས། སྨིན་གྲོལ་བཀའ་བབས་ལུང་བསྟན་རྫོགས་པར་ཐོབ་པས་རྒྱ་གར་ལ་ཕེབས་ཐེངས་གསུམ་པ་སྟེ་སྐོར་ཚོ་བཞི་པའོ།། ༈ །།ལྔ་པ་ནི་དེ་ནས་བལ་བོད་ལ་ཕེབས་པར་ཆས་ཚེ་དད་པ་ཅན་གཉིས་ཞབས་ཕྱིར་འདྲེངས་ཏེ་ས་ལ་གོ་ལེ་བྱོན་པས། ཡུལ་ཅིག་དུ་ཤིང་གསེབ་ཏུ་དཔོན་སློབ་གསུམ་པོ་བཞུགས་ཚེ། ཉེ་གནས་གཅིག་ལ་ཡི་དྭགས་ཀྱི་ཉེན་པ་གཅིག་ཡོད་པས། སྐུ་སྐེད་ལ་སེང་ལྡེང་གི་ཕུར་པ་མཐོ་གང་པ་གཅིག་ཡོད་པ་དེ་ས་ལ་བཏབ་སྟེ་ཉལ་དུ་བཅུག །ནང་པར་སྟོན་ཏེ་བླ་མ་སྔོན་ལ་བྱོན་པས། དེས་འགྲོ་མ་ནུས་ཏེ། དེའི་ཙ་ན་བྲམ་ཟེ་ཤེལ་ཕྲེང་ཅན་གྱི་བུ་གཅིག་ཡོད་

(༡༡༠)པས་བླ་མ་བཙལ་ཏེ་དེར་བྱོན་པས། ཡུལ་པའི་མི་ཡང་མང་དུ་བྱུང་། མོ་མ་ཀུན་ན་རེ་ཀླུ་འཛིན་པ་ལག་རིངས་ཀྱི་སྙིང་ལ་བན་དེ་གཅིག་གི་ཕུར་པ་རྒྱབ་འདུག་པས། ཡུལ་དུ་ཀླུ་ནད་ཡོང་ངོ་ཟེར་བས། ཁྱེད་སྡིག་པ་ཅི་ཡིན་ཟེར་དེར་ལུགས་དང་རྒྱུ་མཚན་རྣམས་བཤད་དེ་མི་ན་བ་དེ་ལ་བྱིན་བརླབས་མཛད་པས་གྲག་སྐད། དེ་ནས་མི་ཀུན་གྱིས་ཕྱག་བྱས། ཅེ་མོ་པདྨས་ལུས་ཕུལ་བས་མ་བཞེས། རྒྱན་ཕུལ་བས་ཀྱང་མ་བཞེས་པ། མོས་པ་ཕུལ་བས་བླ་མས་མོ་ལ་དགོངས་པ་བསྟན་པ་སྤྲུལ་སྐུ་ཐུག་ཕྲད་གནང་ངོ་། །དེ་ནས་ཀླུ་ལ་ཞི་བ་གང་གིས་ཀྱང་མ་ཐུལ་བས། དྲག་པོ་ཁྱུང་གི་དཀྱིལ་འཁོར་བཞེངས་ནས་བཏུལ་བས་དམ་ལ་གནས་སྐད། ཡུལ་དེ་ན་ཀླུ་རྒྱལ་རིགས་ལ་སོགས་པ་ཐམས་ཅད་ཀྱི་གནོད་པ་མེད་དོ། །ཇོ་མོ་ཁྱུང་མོ་བྱ་བ་དེ་ཡང་དེའི་དུས་སུ་བྱུང་སྟེ། བླ་མ་ལ་ཕྱག་བྱས་ལུས་ཕུལ་ནས་བརྩེ་བས་བླང་དོར་མེད་པར་བཞེས་སུ་གསོལ་ཞེས་བརྗོད་པས། བླ་མས་བུ་མོ་འདོད་པའི་སྲེད་པས་ཕུལ་གྱུར་ན། །ལུས་ངན་ཆགས་པའི་བདག་ཉིད་བུད་མེད་ཁྱོད། །ལས་ངན་ཆགས་པས་འདོད་པའི་ཚྭ་ཆུ་འཐུང་། །ངོམས་པ་མེད་ཕྱིར་རྣལ་འབྱོར་བདག་མི་འདོད། །གསུངས་པས། མོ་ངུ་ཞིང་འདོམས་དང་བྲང་སྤྲོད་ཅ་ཅོ་ཡ་ང་བ་མང་པོ་བརྗོད་པས། བླ་མས་ང་ཕྱིར་འདོང་ན་ཐོས་

(༡༡༡)བསམ་སྒོམ་གསུམ་གྱིས། །ལུས་ངག་དཀའ་བ་དུ་མ་ཆོད། །རང་གི་དངོས་པོ་གཏན་ལ་ཕོབ། །དེའི་ང་དང་འབྲེལ་བར་འགྱུར། གསུངས་པས། མོ་ན་རེ། སྐོམ་པའི་མི་ལ་ཆུ་སྦྱིན་མ་བཏང་ན། །མེ་ཡི་ལོངས་སྤྱོད་སྦྱིན་པས་ག་ལ་ཚིམ། །དེ་བཞིན་འདོད་པས་གདུངས་པའི་སེམས་ཅན་ལ། །ཞི་ཕྱིར་མི་མཆོག་ཁྱོད་ཀྱིས་བདག་ལ་སྦྱོར། །ཟེར་བས། ཡང་བླ་མས་སྡོང་པོའི་རྩེ་ལ་སྦྲང་རྩི་ཡོད་པ་ལ། །མ་རིག་བླུན་པོས་ལྕེ་དང་ལག་གཡབས་པས། །འདོད་པའི་སྦྲང་རྩི་ཐོབ་པར་འགྱུར་སྲིད་དམ། །དེ་བཞིན་ཆོས་ལ་སེམས་པའི་སངས་རྒྱས་རེ་བ་ལ། །ཁ་ཅང་སྡུག་སྐད་བརྗོད་པས་སུ་ཡང་དུལ། །སྐྱེས་པ་གཞན་ཡང་མེད་དམ་སེམས་རེ་འཁྲུལ། །གསུངས་པས། མོ་ན་རེ། དཀའ་ཐུབ་བྱས་པས་སངས་རྒྱས་འབྱུང་གྱུར་ན། །ཡི་དྭགས་བཀྲེས་སྐོམ་རྣམས་ཀྱང་སངས་རྒྱ་འམ། །ཐོས་པས་སངས་རྒྱས་ཆུ་འགྲམ་གྲམ་པ་འམ། །སྒོམ་པས་སངས་རྒྱས་རི་བོང་ཡང་། །བསམ་པས་སངས་རྒྱས་ཉན་ཐོས་ཀྱང་། །སྤྱོད་པས་སངས་རྒྱས་གཅན་ཟན་ཡང་། །དེ་བས་འདོད་པ་མི་སྒྲུབ་པ། །རྣལ་འབྱོར་ཁྱོད་ལ་ཤེས་སམ་ལྟ། ཟེར་ནས་ལངས་སོང་སྐད། དེར་རྗེ་རས་ཆུང་པས་ཅུང་ཟད་དགོངས་པས་མོ་འདུལ་བའི་དུས་བབ་པར་མཁྱེན་ནས། །སྐུ་

(༡༡༢)གཅེར་བུ་ལ་རུས་པའི་རྒྱན་གསོལ་ཕྱག་ཏུ་ཁ་ཊྭྃ་ཀ་རྩེ་གསུམ་པ་བསྣམས། དཔྲལ་བ་ལ་སོགས་པར་རྒྱན་གསུམ་གཏབ། ཞལ་ནས་ཧཱུྃ་བརྗོད་ཅིང་གོམ་པ་བདུན་དུ་སྟང་སྟབས་མཛད་པས། ས་ཡང་དུམ་བུ་དུམ་བུར་གཡོས། དེ་ནས་སྤྱན་ནམ་མཁའ་ལ་གཏད་པས། སྤྲིན་འདུས་ཏེ་རྣལ་འབྱོར་པ་དེས་ཞལ་ནས་ཧ་ཧ་བཞད་པས་ན་བུན་བྱུང་བཛྲ་བཛྲ་བརྗོད་པས་རྡོ་རྗེའི་གཟུགས་འདྲ་བའི་ཆར་དག་པོ་བབ། ཧཱུྃ་ཞེས་བརྗོད་པས་འབྲུག་བྱུང་རླུང་དྲག་པོ་དང་བཅས་པས་སྐུ་ལུས་ཧྲིལ་མཛད་ནས་ཕཊཅེས་དྲག་པོ་སྐུ་འཕར་བ་ཙམ་ཞིག་བརྗོད་པས། རྡོ་རྗེ་གནམ་ལྕགས་དྲག་པོ་དཀོན་མཆོག་གསུམ་པོ་མ་ཡིན་པས་བསྐྱབ་པར་མི་ནུས་པའི་ཐོག་དྲག་པོས་མོ་བསྒྲལ་སྐད་དོ། །དེ་ནས་མོའི་མིང་པོ་མུ་སྟེགས་ལག་བཟང་གི་བུ་སྐད་པོ་ཆེ་ཞེས་བྱ་བས། མུ་སྟེགས་ཀྱི་སྦྱོར་བ་ངན་པ་བྱས་སོ། །དེ་ནས་རྗེ་རས་ཆུང་པས་སྐུ་ལ་ཟ་འོག་གི་བེར་གསོལ། དེ་ཕྱི་ཡི་སྣང་བ་ལ་དབང་ཐོབ་པའི་རྟགས་ཡིན། །ནང་ཉོན་མོངས་པ་རྩད་ནས་གཅོད་པའི་རྟགས་སུ། ཁ་ཊྭྃ་ཀ་རྩེ་གསུམ་མཆན་ཁུང་དུ་བཅུག །སྟེང་ན་བླ་མ་གྲུབ་ཐོབ་དང་། དཀོན་མཆོག་གི་ཅི་བསམས་དགོས་འདོད་བསྒྲུབ་པའི་རྟགས་སུ། དབུ་ལ་ཀ་རི་བའི་དབུ་ཞྭ་སྙུང་པོ་ཀ་ལེབ་པ་ཡང་ཟེར་བ་ཞིག་

(༡༡༣)གསོལ། དད་པ་ཅན་རྗེས་སུ་འཛིན་པའི་རྟགས་སུ། ཟུང་བཞི་སྔོན་པོ་ཞིག་སྐེ་རག་བྱས་དྲག་པོ་ཐམས་ཅད་རྩད་ནས་གཅོད་པའི་རྟགས་སུ། སེང་ལྡེང་ཕུར་པ་གཅིག་བློ་ལ་བརྩུགས། སྐུ་ལ་བསྡོ་བ་ཐམས་ཅད་རྩད་ནས་གཅོད་པའི་རྟགས་སུ། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་བསྣམས། ཀུན་སྣང་གི་རྟོག་པ་གསོལ་བའི་རྟགས་སུ། ཕྱག་གཡོན་བནྡྷ་རཀྟ་དང་བདུད་རྩིས་གང་བ་བསྣམས། ཐབས་ཤེས་རབ་གཉིས་སུ་མེད་པའི་རྟགས་སུ། བནྡྷ་རཀྟ་རྡོ་རྗེས་དཀྲུག་ཅིང་གསོལ། མ་རུང་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ། གདན་རྣམ་པ་སྣ་ཚོགས་ཀྱི་སྟེང་ན་བཞུགས་པས། མུ་སྟེགས་ངན་སྦྱོར་བ་ངན་པས་གང་བྱས་ཀྱང་མ་ཚུགས་ཏེ། རྒྱ་གར་དང་བལ་པོ་གཉིས་ཀའི་རླུང་དྲིལ་ཏེ་རྒྱབ་པས། སྤུ་འགུལ་བ་ཙམ་ལས་མ་བྱུང་སྐད། དེ་ནས་ཁོས་རླུང་དང་མཚོན་དུ་དྲིལ་ཏེ་རྒྱབ། རླུང་གི་རྩལ་དྲིལ་ཏེ་སྦྱངས་པས་ཁོ་རང་གི་དེ་དང་དྲིལ་ཏེ་ཟློག་པས་སླར་ཁོ་རང་བསྒྲལ། དེ་ནས་དྲིལ་ཏེ་བཟློག་པས་མུ་སྟེགས་ཀྱི་གྲོང་ཁྱེར་བདུན་བརྒྱ་བསྒྲལ། མཚན་ཡང་རྡོ་རྗེ་འཁོར་ལོ་ཞེས་བྱའོ། །དེ་ནས་ཚུར་བྱོན་ལམ་དུ་ཕྱག་རྒྱ་ཆེན་པོ་ལ་སུ་མཁས་བྱས་པས་བོད་ངན་པ་བླ་མ་བལ་བོ་མཁས་པ་མི་ཤེས་པ་ཨེ་ཡིན་ཟེར། དེ་ནས་བླ་མས་ལུང་བསྟན་པ་

(༡༡༤)བཞིན་བླ་མ་ཡེ་རང་པ་ཅན་དུ་བྱོན་ནས། བླ་མས་ལུང་བསྟན་ཚུལ་རྣམས་དང་། ཡི་དམ་གྱི་ཆོས་སྐོར་རྣམས་གནང་དགོས་ཞེས་ཞུས་པས། བླ་མ་ཡེ་རང་པ་ཤིན་ཏུ་མཉེས་པས་ཞལ་གྱིས་བཞེས་ནས་གདམས་པ་རྣམས་དང་ཡིག་ཆ་ཡིག་སྣ་ཆ་ལག་དང་བཅས་པ་ཚང་བར་གནང་། དེ་ཡང་དང་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ལ། བྱིན་རླབས་ཀྱི་ལྷར་ཞལ་གཉིས་མ་དང་། ལྷ་བཅུ་གསུམ་མ་འདི་གདམས། དེས་ས་ར་ཧ་ལ་གནང་། དེས་རི་ཁྲོད་པ་ལ་གནང་། དེས་མཻ་ཏྲི་པ་ལ་གནང་། །དེ་ལ་ཐུགས་སྲས་བཞི་ཡོད་པ་ལ། རྒྱལ་པོ་ར་མ་ཕ་ལ། དགེ་སློང་དེ་ཝ་ཙཎྜ། རྒྱ་གར་ཕྱག་ན། ན་དྷེ་ཀ་ར་དང་བཞི་ཡོད་པ་ལ། ར་མ་ཕ་ལ་དང་། ན་དྷེ་ཀ་ར་གཉིས་ལ་བསྒོམ་པར་གདམས་ནས། ར་མ་ཕ་ལས་ཙིཏྟའི་གླིང་གི་རྒྱལ་ཁམས་ཀྱི་དགོན་པ་ཞིག་ཏུ་བཞུགས་པ་ལ། དེ་ན་ཛོ་ཀི་དང་སྒོམ་ཆེན་མང་པོ་བཞུགས་འདུག་པ་ལ། ཁྱེད་རྣམས་ཡི་དམ་གང་ལ་བྱེད་དྲིས་པས། སོ་སོ་ལ་རང་རང་གི་སྒྲུབ་ཐབས་རེ་ཡོད་གསུང་། ར་མ་ཕ་ལས་ང་ལ་བྱིན་རླབས་ཀྱི་ལྷ་ཞལ་གཉིས་མ་དང་བཅུ་གསུམ་མ་བྱ་བ་རྒྱལ་བ་རི་ཁྲོད་པ་ནས་བརྒྱུད་པ་ཁྱད་པར་འཕགས་པ་ཡོད་གསུངས་པས། དེ་ངེད་རྣམས་ཀྱང་ཞུ་གསུང་ནས་ཚོགས་འཁོར་བཅས་ཏེ་ཞུས་པས། བྱིན་བརླབས་ཁྱད་དུ་འཕགས་པ་བྱུང་བས། དེ་རྣམས་གྲུབ་

(༡༡༥)པ་ཐོབ་བོ། །ཨོ་རྒྱན་ན་ར་མ་ཕ་ལ་བྱ་བ་སྐུ་བསོད་ནམས་ཀྱི་སྒྲ་སྙན་ཕྱོགས་ཐམས་ཅད་དུ་ཁྱབ་པ་ལ། དེ་ཡང་བལ་ཡུལ་དུ་སྒྲ་སྐད་ཆེན་པོ་བྱུང་པས། དེར་བླ་མ་ཡེ་རང་པས་ཀྱང་ཨོ་རྒྱན་དུ་ར་མ་ཕ་ལའི་ཞབས་ལ་གཏུགས་ནས་ཞུས་སོ། །རྗེ་ཡེ་རང་པ་དེ་ཡང་མཁས་གྲུབ་རྟོགས་པ་དང་ལྡན་པར་གྱུར་ཞིང་། དེ་ལ་བླ་མ་རྗེ་བཙུན་གྱིས་ཞུས་པས། བླ་མས་ལུང་བསྟན་པ་ཡིན་གསུང་ནས་ཐུགས་དགྱེས་བཞིན་དུ་གནང་ངོ་། །བོགས་ཡང་ཆེ་བར་བྱུང་། འདི་ལ་གཞན་རྣམས་ན་རེ་ཕག་མོ་ཟུང་གསུམ་ཡ་དྲུག་བྱ་བ་ཡོད་གསུང་སྟེ། གདམས་ངག་ལ་སྦས་བཅོས་བྱས་པ་ཡིན་མི་འདོད་གསུང་ངོ་། །དེར་གདམས་ངག་ཐམས་ཅད་རྫོགས་པ་དང་། བལ་པོའི་ལྗོངས་ལ་བྱོན་པས་བྷ་རི་རྣལ་འབྱོར་མ་གྲུབ་པ་ཐོབ་པ་དེ་ཡང་སྲང་སྟོང་གཅིག་ཏུ་བསུ་བ་ལ་བྱོན་བྱུང་སྟེ། མཇལ་འཕྲལ་ལ་འདི་སྐད་ཟེར་རོ།། ༈ །།སྤྱན་སྤངས་འདི་ཡི་མཐོ་ལུགས་ཀྱི། །རྡོ་རྗེ་འཆང་ནས་བརྒྱུད་ལས་ཆེ། །སྤྱན་རྩ་འདི་ཡི་དམར་ལུགས་ཀྱི། །ཡི་དམ་ཕག་མོ་སྒོམ་ལས་ཆེ། །གསང་ཚིག་འདི་ཡི་དམ་ལུགས་ཀྱི། །ཏཱེ་ལོའི་བརྒྱུད་པ་འཛིན་ལས་ཆེ། །སྐུ་མདངས་འདི་ཡི་ཆེ་ལུགས་ཀྱི། །མཁའ་འགྲོའི་གསང་ཚིག་སྒོམ་ལས་ཆེ། །དད་གུས་འདི་ཡི་ཆེ་ལུགས་ཀྱི། །ཏི་ཕུའི་སློབ་མ་ཡིན་ལས་ཆེ། །ང་དང་དང་

(༡༡༦)པོར་འཕྲད་ལུགས་ཀྱི། །ཨ་ནེའི་གདམ་ངག་ཐོབ་ལས་ཆེ། །ཐུགས་རིངས་འདི་ཡི་ཆེ་ལུགས་ཀྱི། །སྣ་གཏད་བཟང་པོ་ཡོད་ལས་ཆེ། །ངང་རྒྱུད་འདི་ཡི་འཇམ་ལུགས་ཀྱི། །བྱང་སེམས་སྟོང་ཉིད་རྟོགས་ལས་ཆེ། །ཐུགས་ཁུར་བརྩོན་འགྲུས་ཆེ་ལུགས་ཀྱི། །དམ་ཚིག་སྡོམ་པ་གཙང་ལས་ཆེ། །ཞེས་གསུངས་ནས། ཁྱོད་རྒྱ་གར་དུ་ཨེ་ཕྱིན། བླ་མ་དང་ཨ་ནེ་ཁམས་ཨེ་བཟང་ཟེར། ཨ་ནེ་སུ་ལ་ཟེར་བྱས་པས་ཨ་ནེ་གྲུབ་པའི་རྒྱལ་མོ་ཚེ་ལོ་ལྔ་བརྒྱ་ལོན་པ་ཞིག་ཡོད་པ་དང་མ་མཇལ་བ་ཨེ་ཡིན་ཟེར་བས། དེ་ལ་ངས་ཚེ་དབང་དང་གདམས་ངག་ཞུས་ཕག་མོ་དང་འདོད་འཇོའི་བ་ལ་སོགས་ངོ་མཚར་ཅན་མང་པོ་མཐོང་ཞུས་པས། བྷ་རི་མ་ན་རེ་དེ་ཤིན་ཏུ་བཟང་། ད་ང་ཅན་དུ་འདེང་ངོ་གསུང་སྣ་ལེན་བཟང་པོ་མཛད། ད་འོ་སྐོལ་གཉིས་གསང་ཚིག་མཐུན་པར་འདུག་པས་ཁྱོད་ཀྱི་དཔེ་ཆ་འདི་རྣམས་ང་ལ་ལྟད་མོ་སྟོན་དང་གསུང་། རས་ཆུང་པས་དཔེ་ཆ་རྣམས་ཕྱག་ཏུ་བཞག་ནས། མགུར་འདི་ཕུལ་ལོ།། ༈ །།ང་བཀའ་རྒྱུད་བླ་མ་རས་ཆེན་བུ། །ཕ་དང་མཇལ་བའི་སྨོན་ལམ་ཞུ། །མཁའ་འགྲོའི་གསང་ཚིག་སྒོམ་པ་ལ། །ཉམས་དང་རྟོགས་པའི་བྱིན་བརླབས་ཞུ། །ཏི་ཕུའི་སློབ་མ་ཡིན་པ་ལ། །དམ་ཚིག་བླ་མའི་དངོས་གྲུབ་ཞུ། །ཨ་ནེ་གྲུབ་པའི་གདམས་ངག་ལ། །དོན་དང་འབྲེལ་བའི་ངོ་སྤྲོད་ཞུ། །ལྟ་སྒོམ་ཟབ་མོའི་ལམ་ཁྲིད་ལ།

(༡༡༧)ཡེངས་མེད་སྒོམ་པའི་སྨོན་ལམ་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལྷག་ཆད་མེད་པའི་ཞུས་དག་ཞུ། །ལམ་དང་མདུན་གྱི་འགྲོ་འདུག་ལ། །བར་ཆོད་མེད་པའི་སྨོན་ལམ་ཞུ། །ཞེས་ཞུས་ནས་དཔེ་ཆ་རྣམས་ཕྱག་ཏུ་ཕུལ་བས། བྷ་རི་མོས་ལེགས་པར་གཟིགས་ནས་ལ་ལའི་སར་དད་དད་གུས་གུས་བྱེད་ཅིང་མཆི་མ་སིལ་སིལ་བ་ཡོང་བཞིན་འདུག །ལ་ལའི་ས་ན་མི་དད་པར་འཁྲོས་སྟངས་བྱེད་ཅིང་འདུག་པས། རས་ཆུང་པས་ཁྱེད་ལ་ལའི་སར་དང་། ལ་ལའི་སར་མི་དད་པ་བྱེད་ཅིང་འདུག་པ་ཅི་ཡིན་བྱས་པས། ཁྱོད་ཀྱིས་སྒྲ་མི་ཤེས་པའི་སྐྱོན་ཆེན་པོ་བྱུང་འདུག །ངའི་བླ་མ་དེས་འདི་འདྲ་གར་གསུང་། ལོཙྪ་བས་ཁྱོད་ལ་ཕྲག་དོག་བྱས་ནས་མི་དགོས་པའི་ཚིག་མང་པོ་གཏབ་ནས་འདུག་གསུང་ནས། ལྷག་ཆད་མེད་པར་སྒྲིགས་ནས་གཏད། ཆོས་གཞན་ཡང་འགའ་ཞིག་ཞུས་པས་གནང་། བླ་མས་ལུང་བསྟན་པའི་མཁའ་འགྲོ་མ་ཡིན་པར་ངོ་ཤེས་ནས་རས་ཆུང་པ་ཡང་དད་པ་དང་ངེས་ཤེས་བཟང་པོ་སྐྱེས་སོ། །དེ་ནས་སྔར་གྱི་གནས་མོ་རྙིང་པ་ཅན་དུ་ཕྱིན་པས་སྣ་ལེན་བཟང་པོ་བྱས། ཞབས་ཏོག་གུས་པར་བྱུང་བས་ཆོས་འབྲེལ་ཡང་གནང་། དེར་ཕེབས་པ་རྒྱལ་པོས་ཀྱང་གསན་ནས་སྣ་ལེན་བཟང་པོ་མཛད། །ཐུགས་ཀྱང་ཤིན་ཏུ་མཉེས་ནས། བླ་མ་མི་ལ་དང་ཁྱེད་

(༡༡༨)དཔོན་སློབ་གཉིས་ངའི་མཆོད་གནས་ལ་འབྱོན་དགོས་གསུང་། རྗེ་བཙུན་ལ་སྨན་བཟང་དྲུག་མང་པོའི་སྐྱེས་ཡང་ཕུལ་བྱུང་བས། དེ་ཁུར་ནས་ཡོང་བཞིན་ཡོད་ཙ་ན་ལམ་ཁར་མུ་སྟེགས་པའི་སྟོན་པ་གཅིག་དང་ཕྲད་པས་དེ་ན་རེ་རས་ཆུང་པ་ཁྱོད་བོད་ལ་འགྲོ་བ་ལ། བསྟན་པ་སྤེལ་བ་དང་འཛིན་པ་དང་། བསྲུང་བ་གསུམ་ཡོད་པ་ཡིན་པས། བསྲུང་བ་ལ་ངའི་གདམས་ངག་འདི་མེད་ཐབས་མེད་པས། ཁྱོད་ལ་གསེར་དུམ་པ་ཅིག་ཡོད་ན་ངས་སྟེར་ཟེར་བས་རས་ཆུང་པས་གསེར་དུམ་པ་ཞིག་ཡོད་པས་མཐུ་ཞག་བདུན་མ་དང་། གཏད་སྐྱེལ་བ་དང་། སེར་བ་འབེབས་པ་དང་། སྲིའུ་གསོ་བ་དང་། གག་ལྷོག་གཟེར་གསུམ་ལ་སོགས་པའི་ངན་སྔགས་མང་བ་ཞིག་ཞུས། དེ་ནས་དོན་ཐམས་ཅད་གྲུབ་པ་དང་ལམ་ལ་བར་ཆད་མེད་ཅིང་བདེ་བར་ཕེབས་ཤིང་བྱོན་ནོ། །དེ་ཐམས་ཅད་རས་ཆུང་ཏི་ཕུའི་སྐོར་ཏེ་རྒྱ་གར་ལ་ཕེབས་ཐེངས་གསུམ་མཛད་པའི་ཕྱི་མ་ལས། རྒྱ་གར་ནས་ཚུར་ཕྱགས་ཕེབས་པའི་སྐོར་ཚོ་དེ་ལྔ་པའོ།། ༈ །།དྲུག་པ་ནི་དེ་ནས་རྗེ་བཙུན་ཆེན་པོ་མི་ལ་བྲག་དམར་འཕྱོང་ལུང་ན་སྒྲུབ་པ་ལ་བཞུགས་པའི་དུས་སུ། ད་ཙམ་ངའི་བུ་དེ་ཡང་སླེབ་ཐང་དགོངས་ནས་འོད་གསལ་གྱི་ངང་ནས་གཟིགས་པས། ཚུར་རས་ཆུང་པ་ཤེལ་གྱི་མཆོད་རྟེན་འོད་ལྷག་གེ་བ་ཞིག་ཏུ་གཟིགས་ཤིང་ཡོད་ཙ་ན།

(༡༡༩)མུ་སྟེགས་ཀྱི་ངན་སྔགས་རྣམས་དང་ཕྲད་ཅིང་ཞུས་ནས་རླུང་དམར་འཚུ་བ་མ་ཞིག་ཏུ་བྱས་ནས་ཚུབ་ཁྱི་ལེ་བྱུང་པས། རྗེ་བཙུན་ཐུགས་མ་བདེ་ནས་ངའི་བུ་དེ་ལ་བར་ཆད་ཅིག་བྱུང་བ་ཨེ་སྲིད་དགོངས་ནས་སྐུ་མཚམས་བཀྲོལ་ཏེ་ནམ་མཁའ་ལ་འཕུར་བྱོན་པའི་ཞབས་ས་ལ་འབེབས་པའི་ཐོག་མར་ལ་ཕྱི་རས་ཆེན་ཕུག་གི་བྲག་ལོགས་ལ་བྱུང་བས་ཞབས་རྗེས་ཡང་ཤིན་ཏུ་གསལ་བར་བྱུང་ངོ་། །དེ་ནས་ལམ་རྙ་ནང་སྣང་ཡུལ་རྒྱུད་སྡེ་རེ་ཞིག་བེ་ཚེ་འདོད་ཡོན་རྫོང་དུ་ཞུགས། རས་ཆུང་པ་གུང་ཐང་ནས་བྱོན་པ་དང་དཔལ་མོ་དཔལ་ཐང་ན་ཡར་བསུ་བ་ལ་བྱོན་པས། དཔལ་ཐང་སྟོད་དུ་ཕེབས། དེར་དཔོན་སློབ་གཉིས་གཅིག་གིས་གཅིག་འབྱོན་པ་གཟིགས་པས། བླ་མ་རས་ཆུང་པའི་དགོངས་པ། ངས་རྒྱ་གར་ལན་མང་དུ་འཁོར། ཁྱད་པར་དུ་ད་ལན་གྲུབ་ཐོབ་པཎྜི་ཏ་མང་པོ་མཇལ་ཆོས་དང་གདམས་ངག་བསམ་གྱིས་མི་ཁྱབ་པ་འདི་རྣམས་ཐོབ། ཁྱད་པར་དུ་བླ་མ་རང་གིས་བསྔགས་པའི་ཆོས་སྐོར་ཐམས་ཅད་གདན་དྲངས་ཡོད་པས། ད་ལན་རང་བླ་མས་ང་ལ་ཕྱག་ལན་ནམ། ཕྱག་སྔོན་མ་མཛད་ཡོངས་སྙམས་པ་ཐུགས་ལ་འཁྲུངས་ནས་བྱོ་ན་ཞིང་ཡོད་པ་ལ། དེར་རྗེ་བཙུན་གྱིས་དེ་མཁྱེན་ནས། རྗེ་བཙུན་ཕ་བོང་ཆེན་པོ་གཅིག་གི་ཁར་བཞུགས་ཏེ། འོ་རས་ཆུང་

(༡༢༠)པ་ཁྱོད་རྒྱ་གར་འཁོར་བ་ཡ་མཚན་ཆེ་རྒྱུ་མེད། ངའི་དྲུང་དུ་རྒྱ་གར་གྱི་གྲུབ་ཐོབ་དང་། དཔའ་བོ་མཁའ་འགྲོ་ཐམས་ཅད་ཆོས་ཉན་དུ་ཡོང་བ་ཡིན། ཁྱོད་རང་ཕྱག་དང་ཞེ་ས་ལེགས་པ་ཅིག་འདི་ན་ཡར་ལ་ཕུལ་ཅིག་གསུང་པ་ལ། ཏི་ཕུ་པས་རྗེ་བཙུན་རང་ལ་སྐྱེས་སུ་ཕུལ་བའི་ཨ་ཀ་རུའི་ཕྱག་མཁར་དེས་ཕྱག་རྟེན་བྱས་སྐོར་བ་དང་ཞེ་ས་བཀུར་སྟི་ཕྱག་ཕུལ་བས། རྗེ་བཙུན་ཕྱག་ལན་གྱི་ཐུགས་དགོངས་ཙམ་ཡང་མི་འདུག་པ་དང་། རས་ཆུང་པ་སེམས་མི་དགའ་བས་བཞིན་འགྱུར་རུང་། བླ་མ་ལགས། བདག་རྒྱ་གར་ལ་སོང་བར་གནས་གང་དུ་བཞུགས། སྐུ་ཁམས་བདེ་མོ་བྱུང་ལགས་སམ། འོ་སྐོལ་དཔོན་སློབ་ད་གང་དུ་འབྱོན་པ་ཡོད། རས་པ་གྲོགས་མཆེད་རྣམས་ད་ལྟ་སྐུ་ཁམས་བཟང་བར་ཡོད་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཐུགས་ལ་འདི་ལ་མུ་སྟེགས་པའི་ངན་ཞིག་བྱུང་ངམ། བདུད་ཀྱིས་བྱིན་གྱིས་བརླབས་སམ་གང་ནའང་ང་རྒྱལ་གྱི་བར་ཆད་ཞིག་བྱུང་འདུག་པས་འདི་ཐབས་ཀྱིས་བསལ་དགོས་དགོངས་ནས། ཞལ་འཛུམ་བག་དང་བཅས་ནས་ལན་དུ་མགུར་འདི་གསུངས་སོ།། ༈ །།ང་གངས་སྟོད་འགྲིམ་པའི་རྣལ་འབྱོར་པ། །ཁམས་བདེ་བ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས། །དུག་ལྔའི་དྲེགས་པའི་ནད་སངས་པས། །མ་བདེ་མ་མཆིས་བདེ་མོར་བྱུང་། །འདུ་འཛི་ཞེན་པའི་

(༡༢༡)གཡེང་བ་སྤངས། །གཅིག་པུར་རང་དབང་ཐོབ་པས་བདེ། །སྣ་ཚོགས་འབྲེལ་བའི་ལས་སྤངས་ནས། །མི་མེད་ལུང་པའི་དབེན་པ་བདེ། །འཇིག་རྟེན་སྡུག་གི་ཁྱིམ་ཐབས་སྤངས། །གསོག་འཇོག་མེད་པའི་བྱ་བ་བདེ། །མཁས་འདོད་དཔེ་ཆ་མ་བསླབ་པས། །སེམས་ཁྲལ་མེད་པའི་དགེ་སྦྱོར་བདེ། །སྨྲ་འདོད་ང་རྒྱལ་མི་ཆེ་བས། །ཁ་མཆུ་རྩོད་པ་མེད་པས་བདེ། །གཡོ་སྒྱུ་ཟོལ་ཟོག་མི་ཤེས་པས། །དེ་བྱུང་འདི་བྱེད་མེད་པས་བདེ། །གྲགས་འདོད་རློམ་སེམས་མེད་པ་ཡི། གཏམ་ངན་མི་ཁ་ཟད་པས་བདེ། །གནས་གང་བྱུང་ཆོག་པས་གར་ཡང་བདེ། །གོས་གང་གོན་ཆོག་པས་ཅི་བྱས་བདེ། །ཟས་གང་ཟོས་ཆོག་པས་གང་བྱུང་བདེ། །མི་ང་ནི་དུས་རྣམས་རྟག་ཏུ་བདེ། །ཕ་རྒན་མི་ལ་རས་པ་ང་། །སྒྲ་བསྒྱུར་མར་པའི་བཀའ་དྲིན་གྱིས། །འཁོར་འདས་སེམས་ལ་རྫོགས་པས་ན། །དུས་ནམ་ཡང་བདེ་བའི་རྣལ་འབྱོར་ཡིན། །རས་པ་གྲོགས་མཆེད་ཁམས་བཟང་ཞིང་། །དབེན་པའི་རི་ལ་ཉམས་ལེན་འཕེལ། །བུ་རས་ཆུང་རྡོ་རྗེ་གྲགས་པ་ཁྱོད། །རྒྱ་གར་ཡུལ་ནས་འཁོར་ལགས་སམ། །གཞི་དང་ལམ་བར་ཐམས་ཅད་ཏུ། །ལུས་སེམས་ངལ་བས་མ་དུབ་བམ། །བློ་དང་རིག་པ་བཀྲ་ལགས་སམ། །མགུར་དང་གྲེ་ལྕེ་བདེ་ལགས་སམ། །བླ་མའི་གསུང་བཞིན་བསྒྲུབས་ལགས་སམ། །འདོད་པའི་དམ་

(༡༢༢)ཆོས་ཐོབ་ལགས་སམ། །གདམས་ངག་མ་ཐོབ་དགུ་ཐོབ་བམ། །ཡོན་ཏན་མི་ཤེས་དགུ་ཤེས་སམ། །ང་རྒྱལ་རང་མཐོང་མེད་ལགས་སམ། །བྱས་ཚད་གཞན་དོན་ཡིན་ལགས་སམ། །རས་ཆུང་བྱེས་ནས་སླེབ་པ་ཡི། །བྱོན་སྐྱེམས་འཐུས་སྐུ་དབྱངས་ལ་མཛོད། །ཞེས་གསུངས་པས། དེ་ནས་བླ་མ་རས་ཆུང་པས། བླ་མ་ལགས་ངས་རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་གདན་དྲངས་པ་ལ་ཁྱེད་ཀྱིས་ཕྱག་དང་མཆོད་པ་བསྟོད་པ་མངའ་གསོལ་མ་མཛད་ན། བོད་བླུན་པོའི་གྲོང་ཁྱེར་མི་དད་པས། ཁྱེད་ཀྱི་ཕྱག་དང་མཆོད་པ་མངའ་གསོལ་མཛད་པ་ཞུ་ཞུས་ནས། མགུར་འདི་ཕུལ་ལོ།། ༈ །།རྗེ་བླ་མའི་བཀའ་ལུང་རྡོ་རྗེའི་གསུང་། །སྒྲུབ་ཕྱིར་རྒྱ་གར་ཡུལ་དུ་ཕྱིན། །ལམ་འཕྲང་འཇིགས་པ་ཆེ་བ་ན། །དཀའ་སྤྱད་སྡུག་བསྔལ་མང་པོ་མྱོང་། །འོན་ཀྱང་དཀའ་བ་སྤྱད་རིན་ཆོག །ཏི་ཕུ་གསང་སྔགས་སྡོང་པོ་དང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཇལ། །ངོ་མཚར་ཆེ་བའི་ཡི་དམ་མཐོང་། །མཁའ་འགྲོའི་ལུང་བསྟན་རྟགས་དང་མཇལ། །རང་རེ་བཞེད་པའི་མན་ངག་ནི། །རིག་པ་ཡེ་ཤེས་སྒྲོན་མེ་དང་། །རྩ་རླུང་དྲྭ་མིག་འཁོར་ལོ་དང་། །རོ་སྙོམས་ཕྱི་ཡི་མེ་ལོང་དང་། །བདེ་ཆེན་གསུང་གི་རིན་ཆེན་དང་། །དམ་ཚིག་རང་སེམས་མེ་ལོང་དང་། །དམ་རྫས་

(༡༢༣)རྟོགས་པའི་ཉི་མ་དང་། །སྤྱོད་པ་ཆུ་ལ་རལ་གྲི་དང་། །རང་གྲོལ་ཕྱག་རྒྱ་ཆེན་པོ་དང་། །འཆི་མེད་བདུད་རྩིའི་བཅུད་ལེན་ཐོབ། །གཞན་ཡང་གསེར་དང་འདྲ་བའི་ཆོས། །ངོ་སྤྲོད་གནད་ཀྱི་བར་དོ་དང་། །བསམ་གཏན་ཐུན་འཇོག་གདམས་ངག་དང་། །བརྡ་དོན་གསུམ་དང་རིན་ཆེན་ལྔ། །ཉམས་སུ་ལེན་པའི་ཆོས་དྲུག་དང་། །ཚེ་འདིར་དགོས་པའི་གདམས་ངག་སོགས། །བསམ་གྱི་མི་ཁྱབ་གདམས་ངག་ལ། །མ་དང་མཁའ་འགྲོ་སྤྲིན་བཞིན་འདུས། །ལྷ་དང་བླ་མས་མཉེས་མཉེས་མཛད། །ངོ་མཚར་ལྟད་མོ་ཐམས་ཅད་མཐོང་། །གདམས་ངག་མཁའ་འགྲོའི་སྲོག་སྙིང་ཞུས། །བདག་དང་ཐུགས་ཡིད་གཅིག་ཏུ་འདྲེས། །དངོས་གྲུབ་མེ་ཏོག་ཆར་པ་བབ། །དབང་དང་རྗེས་གནང་གོས་སུ་གྱོན། །བལྟས་བཟང་རྟེན་འབྲེལ་མགུལ་དུ་བཏགས། །ལྷའི་ཕ་འབབ་ཁ་རུ་བཅུག །མན་ངག་དམར་ཁྲིད་ལག་ཏུ་གཏད། །བཀྲ་ཤིས་སྨོན་ལམ་སྐྱེལ་མ་མཛད། །བལྟས་དང་ལུང་བསྟན་བསུ་མས་བསུས། །དོན་ཆེན་བསམ་པ་གུང་དུ་འགྲུབ། །དགའ་སྤྲོ་སྐྱིད་པའི་ཉི་མ་ཤར། །ད་ནི་བླ་མ་རྗེ་བཙུན་མཇལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས། །བདག་གིས་ཐོབ་པའི་དམ་ཆོས་ལ། །བོད་དུ་འཕྲིན་ལས་འབྱུང་བའི་ཕྱིར། །ཐུགས་ལ་ཨི་འཕྲོད་གཟིགས་ནས་ཀྱང་། །མཆོད་བསྟོད་མངའ་

(༡༢༤)གསོལ་མཛད་པ་ཞུ། །ཅེས་ཞུས་ནས། བེ་བུམ་རྗེ་བཙུན་གྱི་ཕྱག་ཏུ་ཕུལ་བས། རྗེ་བཙུན་གྱིས་རས་ཆུང་པའི་ང་རྒྱལ་ཅོག་པའི་མགུར་གསུངས་ནས། རས་ཆུང་པའི་བེ་བུམ་དང་ཨ་ཀ་རུའི་ཕྱག་མཁར་བསྣམས་ཏེ། །རྫུ་འཕྲུལ་གྱི་ཞབས་ཀྱིས་བྱོན་པ། རས་ཆུང་པ་ངལ་དུབ་པས་ཕྱག་ཕྱི་མ་ཟིན་པར་འདུར་དབྱངས་ཀྱི་མགུར་ཕུལ། རྗེ་བཙུན་ཡང་རས་ཆུང་པའི་གླུ་གསན་ཞིང་བྱོན་ནས་རྫོགས་པའི་མཐར་བཞུགས་ཏེ། ཞུས་ལེན་གྱི་མགུར་གསུངས། དཔོན་སློབ་གཉིས་སྡེབས་ནས་འབྱོན་པའི་ལམ་བར་ལ། རས་ཆུང་པའི་ཐུགས་ལ་གཞན་གྱི་བླ་མ་ཡིན་ན། ངས་རྒྱ་གར་ནས་འཁོར་བའི་མདུན་དུ་གྲོད་དུ་ཚོར་བའི་སྣ་ལེན་བཟང་པོ་ཡོང་སྟེ། ངའི་བླ་མ་འདི་ནི་ཁོང་རང་གི་སྐུ་གཟུགས་དང་ན་བཟའི་གནང་ཚུལ་ཡང་འདི་ལས་མེད་པའི་ང་ལ་སྣ་ལེན་ག་ལ་ཡོང་། ངས་རྒྱ་གར་འཁོར་གསང་སྔགས་ཀྱི་ཆོས་སྐོར་འདི་ཙམ་ཤེས་པ་ཞིག་བྱང་ཆུབ་སྡུག་ཁུར་གྱི་སྒྲུབ་བ་མི་ཡོང་། འདོད་ཡོན་དང་བཅས་ཏེ་སྒོམ་དགོས་སྙམ་པའི་ང་རྒྱལ་དང་། རྗེ་བཙུན་ལ་ལོག་ལྟའི་རྟོག་པ་ངན་པ་དེ་བྱུང་བས། རྗེ་བཙུན་གྱིས་དགོངས་ཏེ་ལམ་བར་ལ་གཡག་རུ་ཞིག་འདུག་པ་ལ་རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་གཡག་རུ་འདི་ཁྱེར་ཅིག་གསུངས་པས། རས་ཆུང་པའི་བསམ་པ་ལ་ངའི་བླ་མ་འདི་རེས་འགའ་ནི་གང་གིས་

(༡༢༥)ཀྱང་དགོས་པ་མེད་གསུང་བ་བཞིན་མཛད། རེས་འགའ་ནི་ཁྱི་རྒས་ཀྱིན་ཞེ་སྡང་ཆེ། མི་རྒས་ཀྱིན་འདོད་པ་ཆེ་ཟེར་བའི་དཔེ་དེ་མཛད་འདུག །གཡག་རུ་འདིས་ཅི་བྱེད་སྙམས་འདི་ཟ་ནི་མི་ཉན་བཏུང་ནི་མི་ཉན་བོར་ཐོང་ཞུས་པས། དངོས་པོ་འདི་ཙམ་གྱིས་འཆིང་བར་མི་འགྱུར་ཞིང་དགོས་པའི་དུས་ཡོད་པ་ཡིན་གསུང་། རྗེ་བཙུན་རང་གིས་བསྣམས་ཏེ་དཔལ་མོ་དཔལ་ཐང་གི་དཀྱིལ་བྱིའུ་ཙམ་གྱིས་ཡིབས་སའང་མེད་པ་ཅིག་ཏུ། ནམ་མཁའ་སྤྲིན་མེད་ལ་སྤྲིན་འདུས། སེར་བ་ཆེན་པོ་རླུང་དྲག་པོས་བསྐྱོད་ནས་འབབ་པ་ལས། རས་ཆུང་པས་བླ་མ་བལྟ་བའི་བླགས་ཙམ་ཡང་མ་བྱུང་བས་རས་གོས་ཀྱིས་དབུ་བསྟུམ་ནས་བཞུགས། སེར་བ་ཅུང་ཟད་ཞི་བ་དང་རྗེ་བཙུན་བཙལ་བས་མ་རྙེད་དེ། ཅུང་ཟད་བཞུགས་པས་ས་མཐོ་ས་ཞིག་ན་གཡག་རུ་དེ་འདུག་པའི་ཐད་དུ། རྗེ་བཙུན་གྱི་གསུང་ཞིག་བྱུང་པ་དང་། དེའི་སར་བྱོན་ནས་ད་ཅི་འདི་རྗེ་བཙུན་གྱི་ཕྱག་ན་བསྣམ་ཡོད་པ་ཡིན་སྙམས་ཕྱག་ཏུ་བླངས་པས་གཡོ་འགུལ་མ་ནུས་པར་ལྡན་པ་ས་ལ་སྦྱར་ནས་གཡག་རུའི་ནང་ལ་བལྟས་པས། གཡག་རུ་ཆེར་མ་སོང་ཞིང་། རྗེ་བཙུན་གྱི་སྐུ་ཆུང་དུ་མ་སོང་བར་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཡངས་ཆ་དང་བཅས་ཏེ་གཡག་རུའི་དོགས་ན་བཞུགས་ནས། རས་ཆུང་པ་ལ་བུ་

(༡༢༦)ཕ་དང་མཉམ་ན་གཡག་རུའི་ནང་དུ་ཤོག །ལྟ་སྒོམ་སྤྱོད་འབྲས་ལ་མཐོ་དམན་འདུག་པས་བསམ་བློ་ཐོང་ཞེས་པའི་ངོ་སྤྲོད་གེགས་སེལ་བོགས་འདོན་གྱི་མགུར་གསུངས་པས། ངེས་པར་ང་རང་ཡང་ཤོང་བ་ཡིན་ནམ་སྙམས་འགྲོ་གྲབས་བྱས་པས་ལག་མགོ་ཡང་མ་ཐར་བ་དང་། རས་ཆུང་པའི་ཐུགས་ལ། རྗེ་བཙུན་གྱི་མཐུ་བདེན་རུང་མི་བདེན་རུང་སེར་བ་བདེན་པར་འདུག་སྙམས་པ་དང་། ཐུགས་དད་པའི་སྐྱོ་ཤས་དང་ཆར་རླུང་གང་བས་འདར་བའི་དུ་མ་དབྱངས་ཀྱིས་གཡག་རུ་ལ་ཞལ་གཏད་ནས་གསུང་ལན་གྱི་དབྱངས་ཕུལ་བས། རྗེ་བཙུན་གཡག་རུའི་ནང་ནས་ཕྱིར་བྱོན་ཏེ། ནམ་མཁའ་ལ་ལྟ་སྟངས་ཞིག་མཛད་པས་རླུང་ཞི་སྤྲིན་རྣམས་སོ་སོར་དེངས་ནས། ཉི་མ་ཚ་མོ་ཞིག་ཤར་བྱུང་བ་དང་། རས་ཆུང་པའི་རས་གོས་སོགས་སྐུ་ཆས་བངས་པ་རྣམས་བསྐམ། དར་ཅིག་བཞུགས་པའི་བར་ལ་རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་མཐུ་རང་དག་ཁྱོད་རྒྱ་གར་ལ་འགྲོ་མི་དགོས་ངས་ཀྱང་མཁས་པར་ཤེས། ཆོས་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་གི་ཚིམ་ནས་ངས་རྒྱ་གར་ལ་མ་ཕྱིན་པ་ཡིན། ད་ཁྱོད་རྒྱ་གར་ལ་ཕྱིན་ནས་འདོད་པའི་ཆོས་རྣམས་ཐོབ་པ་ལེགས་གསུང་བས། རས་ཆུང་པས་ཞུས་པ། བླ་མ་ལགས་ད་གྲང་ལྟོགས་གཉིས་ཀ་འཛོམ་གདའ་བས་རུ་བ་ཕ་གི་ལ་བསོད་སྙོམས་

(༡༢༧)ལ་འབྱོན་ཞུས་པས། རྗེ་བཙུན་གྱི་གསུང་ནས། ད་ལྟ་བསོད་སྙོམས་བྱེད་པའི་དུས་མིན་གསུངས་པ་ལ། དུས་ལྟོགས་པའི་དུས་འདི་ཁ་ལགས་པས། ཅིས་ཀྱང་འབྱོན་པར་ཞུ་ཞུས་པས། འོ་ན་འདོང་ཞིག་སྣ་གཏད་ཀྱི་དང་པོ་ལ་རྟེན་འབྲེལ་གྱི་སུམ་གཉིས་ཡོད་པ་ཡིན་པས། ཡ་སྣའི་སྦྲ་མོ་ཆེ་ལ་ཐོག་མར་སློང་གསུངས་པས། རས་ཆུང་པས་བསོད་སྙོམས་པ་ཉེ་བ་རྡུབས། ཆེན་པོ་ལ་མ་རྔམ། ཆུང་ངུ་ལ་མ་བརྙེས་བྱ་བ་ཡིན་པས། རུ་སྣའི་སྦྲ་ཆུང་འདི་ག་ནས་སློང་དགོས་ཞུས་པས། ཡོང་ནི་མི་ཡོང་ཁྱོད་མི་ཉན་ན་སློངས་ཤིག་གསུངས་པ་ལྟར། སྦྲ་ཆུང་སེར་པོ་དེའི་སྒོར་བྱོན་ནས་བསོད་སྙོམས་དགོས་གསུངས་པས། ནང་ནས་རྒན་མོ་འཇིགས་སུ་རུང་བ་ཞིག་བྱུང་བ་དེ་ན་རེ། རྣལ་འབྱོར་པ་ནང་ནུབ་མེད་པར་སྤྲང་ནུས་པ་དེ་ལས་ལ་བཟང་སྟེ། ངེད་རྣམས་ཀྱིས་སྐྱལ་ཡང་མ་ཟིན་པ་འདུག །ཁྱེད་རྣམས་ཟ་འདོད་པ་རང་གིས་ཆོག་པ་མིན། མི་ལ་ཡོད་དགོས། ང་རང་གི་ནང་ན་ཡོད་པ་ད་ནང་ནས་སློངས་མོ་བ་ལ་སྦྱིན་ཚར་ནས་མེད། གཞན་ལ་སློངས་ཤིག་ཟེར་ངན་སྨྲས་ལབ་ཏུ་བྱུང་པས། རྗེ་བཙུན་གྱི་ཞལ་ནས་དོ་ནུབ་ཟ་མི་ཟ་བར་འདུག་གི། །ཉི་མ་ཡང་བརྒལ་སོང་ཉལ་དུ་འགྲོ་གསུང་། རུ་བ་དེའི་ཕ་ཚད་ན་དེའུ་འབོར་ཙམ་ཞིག་འདུག་པའི་སྟེང་དུ་གཟིམས་པས། ནམ་ཕྱེད་ཙམ་ན་

(༡༢༨)རུ་བ་དེ་རྣམས་ཀུ་ཅོ་དི་རེ་འདུག་ནམ་སྨད་ཀུ་ཅོ་ཞི་སོང་པ་དང་། ཉི་མ་ཤར་ཚེ་རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་རུ་བ་རྣམས་ལ་ལྟོས་དང་གསུང་བལྟས་པས། མདང་བསོད་སྙོམས་མ་སྦྱིན་པའི་ཨ་ལྡིང་དེ་མིན་པ་གཅིག་ཀྱང་མི་འདུག་ཞུས་པས། འོ་ན་དེར་འདོང་ཤིག་ཟ་རྒྱུ་དང་བྱེད་རྒྱུ་གཉིས་ག་ཡོད་དོ་གསུང་། དཔོན་སློབ་གཉིས་ཀྱིས་བྱོན་པས། རྒན་མོ་དེ་ཚེའི་དུས་ལ་བབ་པ་དང་ཡུལ་གཉན་པོ་ལ་ངན་སྨྲས་ཤོར་བས་རྐྱེན་བྱས་མཁའ་འགྲོའི་ཆད་པས་ཤི་ནས། ནོར་རྣམས་རུ་བས་ཁྱེར་ཟ་རྒྱུ་མར་ཐུད་རྩམ་པ་སྒྱེའུ་གང་དང་ཞོ་ཟོ་བ་གང་སྙམ་འདུག་པས། རྗེ་བཙུན་གྱི་ཞལ་ནས་བུ་རས་ཆུང་པ་ཆོས་ཐམས་ཅད་འདི་དང་འདྲ། མ་དང་མོ་ལ་འདི་རྣམས་འཕངས་པོ་ཡོད་དེ། ད་ནང་འོ་སྐོལ་གཉིས་ལ་བཞག་འདུག །ད་ཁ་ཟ་འདོད་དང་སྤྲོད་ཅིག་གསུང་ཚེ། རས་ཆུང་པས་བླ་མའི་ཞལ་ལ་ཅེར་རེ་བལྟས་པས་ད་མ་སྡོད་པར་ཟ་མ་གྲོངས་ཤིག་གསུང་དཔོན་སློབ་གཉིས་ཀྱིས་མོའི་རྫས་ལ་ཚོགས་འཁོར་མཛད། ལྷག་མ་ཟ་ཉན་པ་རྣམས་རས་ཆུང་པས་ཁྲེས་བོར་བགྲགས་ཏེ་འགྲོ་གྲབས་བྱས་པས། རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་རོ་ཟས་ཟོས་ནས་རོ་ལས་མ་བྱས་པས་མི་ཡོང་བས། འཇིག་རྟེན་གྱི་ཁ་གཏམ་ལ་ཟས་རྒན་གྱི་ཟ་ལས་གཞོན་གྱིས་བྱེད་བྱ་བ་ཡིན་པས། ཁྱོད་ཀྱིས་རོ་ཁུར་ཞིག་ངས་

(༡༢༩)རོ་སྣ་བྱེད་གསུངས་པས། རས་ཆུང་བ་གྲིབ་ལ་འཛེམ་པས་མི་འཐད་བཞིན་རྒན་མོའི་རོ་ཁུར་བའི་སྣ་རྗེ་བཙུན་གྱིས་དྲངས་ཏེ་སྤང་ཁ་ཞིག་ཏུ་སླེབ་པ་དང་། ད་འདིར་བཞོག་ཅིག་གསུང་སྦ་བེར་དེའི་སྙིང་ཁར་བཙུགས་ནས། རས་ཆུང་པ་འདི་ལྟ་བུའི་འཆི་བ་སྐྱེ་འགྲོ་ཐམས་ཅད་ལ་ཡོད་པས། ཡོང་བ་མ་ཤེས་པ་ཚོའི་ལྷ་ཆོས་ཀྱི་སྐལ་བ་ཆད་ངེས་པས། འོ་སྐོལ་གཉིས་ཀྱང་ཞེ་ཟོན་དྲག་པོ་བྱེད་དགོས་གསུང་། མི་རྟག་སྒྱུ་མའི་དཔེ་དྲུག་གི་མགུར་གསུངས། རྒན་མོའི་རུས་པའི་ལས་རྣམས་རྫོགས་པར་མཛད། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲངས་ཏེ། ཕྱེ་སོགས་གསོལ་དུ་རུང་བ་རྣམས་བསྣམས་ནས་བེ་ཚེ་འདོད་ཡོན་གྱི་རྫོང་དུ་བྱོན་ནོ། །དེ་ནས་རྗེ་བཙུན་ཡབ་སྲས་ཐང་དཔལ་མོ་དཔལ་ཐང་གི་གཤམ་བེ་ཚེ་ལ་བཞུགས་པའི་དུས་སུ། རས་ཆུང་པ་མཁྱེན་རྒྱས་ཐུགས་དགྱེས་པའི་ངང་ལ་ཐུགས་བསམས་སྣ་ཚོགས་འདུག་པ་རྗེ་བཙུན་གྱིས་དགོངས་ནས། ནམ་ཞིག་རྗེ་བཙུན་གྱིས་རས་ཆུང་པ་ཁྱོད་ལ་ཉམས་ཇི་ལྟ་བུ་འཆར་བཞིན་འདུག་གསུང་། རས་ཆུང་པས་རྗེ་བཙུན་ལ་ཉམས་ཤར་ཚུལ་འདི་མགུར་དུ་ཕུལ་ལོ།། ༈ །།ཕ་བླ་མའི་དྲུང་ན་འདུག་ཙ་ན། །མཚོན་ངར་མ་ལྟ་བུའི་ཉམས་ཤིག་ཤར། །ཕྱི་ནང་སྒྲོ་དོགས་ཆོད་པ་བློ་རེ་བདེ། །བདག་མང་པོའི་ནང་ན་འདུག་

(༡༣༠)ཙ་ན། །སྣང་གསལ་མར་མེ་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་གཞན་ལ་གསལ་འདེབས་བློ་རེ་བདེ། །གངས་དཀར་གྱི་རྩེ་ལ་འདུག་ཙ་ན། །དར་སེང་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །གཞན་སྣང་ཟིལ་གྱིས་གནོན་པས་བློ་རེ་བདེ། །བྲག་དམར་གྱི་ལོགས་ལ་འདུག་ཙ་ན། །བྱ་རྒྱལ་རྒོད་པོ་ལྟ་བུའི་ཉམས་ཤིག་ཤར། །ཕྱི་རྒྱ་བརླབས་ཀྱིས་ཆོད་པ་བློ་རེ་བདེ། །ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམ་ཙ་ན། །སྟག་ཆུང་བུང་བ་ལྟ་བུའི་ཉམས་ཤིག་ཤར། །རེག་ལ་ཆགས་པ་མེད་པ་བློ་རེ་བདེ། །འཁོར་བའི་ནང་ན་འདུག་ཙ་ན། །མེ་ཏོག་པདྨ་ལྟ་བུའི་ཉམས་ཤིག་ཤར། །འཇིག་རྟེན་སྐྱོན་གྱིས་མ་གོས་བློ་རེ་བདེ། །འཇིག་རྟེན་པའི་ཁྲོད་ན་འདུག་ཙ་ན། །དངུལ་ཆུ་དཀར་སྔོ་ལྟ་བུའི་ཉམས་ཤིག་ཤར། །རེག་ལ་གོས་པ་མེད་པ་བློ་རེ་བདེ། །དད་ལྡན་ཉ་མའི་གསེབ་ན་འདུག་ཙ་ན། །རྗེ་བཙུན་མི་ལ་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་དབྱངས་སུ་ལེན་པ་བློ་རེ་བདེ། །བློ་བདེ་བ་བླ་མའིབཀའ་དྲིན་ལགས། །སེམས་མ་བཅོས་པ་ནི་སངས་རྒྱས་སུ་འདུག །ཅེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་དེ་རྣམས་ང་རྒྱལ་དང་མ་ནོར་བར་བླ་མའི་བཀའ་དྲིན་དུ་ཤེས་ན་ངོ་མཚར་ཆེ་བས་ལེགས་འདུག་སྟེ། ཉམས་དེ་ལ་ལྟ་བ་འདི་འདྲ་ཞིག་དགོས་པ་ཡིན་ཏེ་མེད་པ་འདྲ་གསུང་། མགུར་འདི་གསུངས་སོ།། ༈ །།ང་སྙིང་རྗེ་གཏིང་ནས་

(༡༣༡)སྐྱེས་ཙ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཚུད་པ་འདྲ། །མཚོན་བྱེད་སྙན་ཁུང་བརྒྱུད་པ་ཡི། །གདམས་ངག་ཉམས་ལེན་འདྲེས་པ་དེ། །ལན་ལནྪ་ཆུ་ལ་ཐིམ་པ་འདྲ། །ང་ཡེ་ཤེས་ནང་ནས་ཤར་ཙ་ན། །ཡིན་མིན་ཐེ་ཚོམ་ཕྲེང་བ་དེ། །མཉམ་རྗེས་རྨི་ལམ་སད་པ་འདྲ། །ལྟ་བས་བདེ་ཆེན་ཟིན་ཙ་ན། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རང་གྲོལ་ཆབ་ཀྱི་ལྦུ་བ་འདྲ། །ཤེས་བྱ་གཤིས་ལ་ཕེབས་ཙ་ན། །གནས་ལུགས་རིག་པའི་ཡེ་ཤེས་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །འགྱུ་བ་དངས་སྙིགས་ཕྱེད་ཙ་ན། །རང་བྱུང་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །ཀུན་གཞི་ཆོས་སྐུར་ཐིམ་ཙ་ན། །སྐྱེས་གནས་སྲེད་ལེན་ཕུང་པོ་འདི། །སྒོ་ང་རྡོག་པས་པ་རྫིས་པ་འདྲ། །འཛིན་པའི་ཐག་པ་ཆད་ཙ་ན། །ས་མཚམས་སྲིད་པའི་བར་དོ་དེ། །སྦྲུལ་ལ་བྱས་པའི་མདུད་པ་འདྲ། །སྤྱོད་པ་བླང་དོར་གྲོལ་ཙ་ན། །སེམས་བྱ་བྲལ་ངང་ལ་གནས་པ་དེ། །རྩལ་གསུམ་རྫོགས་པའི་སེངྒེ་འདྲ། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གསལ་བ་གསུམ་དང་འགྲོགས་ཙ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཡུལ་དང་དབང་པོ་རྟ་གཡག་གིས། །སེམས་དང་ཕུང་པོ་འཆིང་ཐག་ཆད། །མི་ལུས་རིན་ཆེན་ཆུད་མ་གསན། །ང་རྣལ་འབྱོར་

(༡༣༢)བྱ་བ་ཚར་ནས་གདའ། །བུ་ཁྱོད་ལ་དེ་འདྲ་ཅང་ཡོད་དམ། །ང་རྒྱལ་མ་ཆེ་རས་ཆུང་པ། །ཅེས་གསུངས་པས། རས་ཆུང་པ་ལ་ཐུགས་སྐྱེད་ནར་བ་ཅིག་བྱུང་བ་ཡིན་སྐད། དེ་ནས་རྗེ་བཙུན་གྱི་ཞལ་ནས། ད་འོ་སྐོལ་ཕ་བུ་ལ་ཕྱིའམ། ཏི་སེ་སོགས་མི་མེད་ཀྱི་ལུང་སྟོང་ཞིག་ཏུ་བསྒོམ་དུ་འགྲོ་གསུངས་པས། རས་ཆུང་པས་བདག་ལུས་ངལ་དུབ་ཆད་གདའ། གྲོང་ཐག་ཉེ་བའི་དགོན་པ་གཅིག་ཏུ་ལུས་ཟུངས་གསོ་ཞིང་མ་བསྡད་ན་འགྲུལ་དང་སྒོམ་ཕེར་བ་མི་འདུག་ལགས་ཞུས་པས། རྗེ་བཙུན་གྱིས་ཆོས་སྙིང་ནས་བྱེད་ན་འདི་བཞིན་བྱས་པས་ཆོག་ཅེས། ཆོག་པ་བརྒྱད་ཀྱི་མགུར་གསུངས་ནས་ཁྱོད་གཞོན་ནུ་ཞིག་དང་ང་རྒད་པོས་ཡུན་རིང་པོ་ལབ་མི་ཁོམ་གསུང་ནས་བྱོན་བཞུད་པ་ལ། རས་ཆུང་པས་བླ་མའི་ན་བཟའ་ནས་འཇུས་ནས་དེ་ལ་རྗེ་རས་ཆུང་པས་གང་ཟག་དབང་པོ་མཐོ་དམན་དང་། སྤང་རྟོགས་ནུས་པ་མི་གཅིག་པས་ཅིག་ལ་ཆོག་པ་ལྟར། ཀུན་ལ་མ་ཆོག་ཅེས་མི་ཆོག་པ་བརྒྱད་ཀྱི་མགུར་ཞུ་ལན་དུ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་འོ་ཡོང་པས་བྱས་ན་ང་བཞིན་ཆོག་པར་འདུག །མི་ཡོང་བས་བྱས་ན་ཁྱོད་བཞིན་མི་ཆོག་པར་འདུག །ཁྱོད་ཅིས་ཀྱང་མི་མེད་ཀྱི་རི་ལ་མི་འགྲོ་ན་རེ་ཞིག་སྤོ་མཐོ་ལ་འཆོས་གསུང་། དབོན་སློབ་གཉིས་བྲག་དམར་སྤོ་མཐོ་ལ་ཕེབས་སོ། །དེ་ནས་རྗེ་བཙུན་ཡབ་སྲས་གཉིས་

(༡༣༣)ཀྱིས་སྤོ་མཐོ་ལ་བྱོན་ཏེ་བྲིན་གྱི་ཐད་སོར་ཕེབས་པ་ལས་རས་ཆུང་པས་བདག་དོ་ནུབ་འདིར་བསྡད་བྲིན་གྱི་ཡོན་བདག་རྣམས་དང་འཕྲད་ཞུས་པས། རྗེ་བཙུན་གྱི་ཞལ་ནས་བུ་ཐོག་མར་གྲྭ་པ་བུ་སློབ་ཡོན་བདག་གང་གིས་ཀྱང་མ་ཚོར་བར་འོ་སྐོལ་ཕ་བུ་གཉིས་རང་སྤོ་མཐོར་འགྲོ་གསུང་། རས་ཆུང་པ་ཐུགས་མ་རངས་བཞིན་བྱོན་ཏེ་ཡབ་སྲས་གཉིས་བྲག་དམར་སྤོ་མཐོའི་སྐྱིད་ཕུག་ཉི་མ་རྫོང་དུ་ཕེབས་སོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ཁྱོད་ཀྱིས་ཆུ་ལོང་ཤོག་ཅིག །རང་རེའི་ཆུ་གཞུང་མ་འདི་ཁམས་ལ་ཅུང་ཞིག་མི་འཕྲོད་ཙམ་བྱུང་བས། བྲག་དམར་འཕྱོད་ལུང་གི་ཆུ་ནས་ལོང་ཤོག་ཅིག །ངས་མེ་བཏང་གི་གསུང་། རས་ཆུང་པ་ཆུ་ལེན་དུ་ཕྱིན་ནས་ཆུ་ལོངས་ཏེ་ཚུར་སླེབ་པའི་ཚེ་སྤོ་མཐོ་དང་སྐྱིད་ཕུག་གི་བར་གྱི་ཐང་དེ་ཡངས་ཤིང་རྒྱ་ཆེ་བ་ཡིད་དུ་འོང་པ་ཞིག་ཏུ་གྱུར་པའི་དབུས་ན་རྐྱང་མ་གཅིག་ལ་བུ་གཅིག་སྐྱེས་མ་བུ་དེ་གཉིས་ལ་ཡང་བུ་རེ་རེ་སྐྱེས་དེ་དག་ལ་ཡང་བུ་རིམ་པར་སྐྱེས་ནས་རྐྱང་མ་བརྒྱ་བུ་བརྒྱ་བྱུང་པ་ཀུན་རྩེད་མོ་རྩེ་ཞིང་འདུག་པ་ལ། དཔལ་ཐང་གི་རྐྱང་བས་ཀྱང་ཡ་མཚན་ཞིང་དུད་འགྲོའི་རིགས་ལ་རྫུས་སྐྱེས་ཀྱི་རྣམ་པ་འདྲ་བ་བྲག་རི་བཟར་ལ་ནགས་རོང་ཅ་ཕྲེང་དམ་པ་འདིར་རྐྱང་འདི་ཙམ་གནས་ཤིང་རྩེ་ཞིང་འདུག་པ་རེ་དགའ་སྙམ་རེ་ཞིག་ལྟད་མོ་ལ་ཡེངས་པའི་བར་

(༡༣༤)ལ། རྗེ་བཙུན་གྱིས་མེ་བཏང་ནས་རས་ཆུང་པའི་བེ་བུམ་ཁ་ཕྱེ་སྟེ་ཐུགས་རྗེ་ཆེན་པོའི་ངང་ནས་བདེན་ཚིག་གསུངས་པ། ངས་རྒྱ་གར་ལ་འཚོལ་དུ་གཏང་བའི་ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་ཏེ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་རྣམས་ནམ་མཁར་མཁའ་འགྲོ་རྣམས་ཀྱི་ཕྱག་ཏུ་བཞེས་ཤིག །མུ་སྟེགས་ཀྱི་ངན་སྔགས་ལ་སོགས་ཏེ་བསྟན་པ་དང་སེམས་ཅན་ལ་གནོད་པ་རྣམས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཟུར་དུ་ཕྱེ་ལ་ཞོག་ཅིག་གསུང་ཅུང་ཟད་དགོངས་པ་ལ་བཞུགས་པའི་བར་ལ་དཔེ་ཆ་ཅི་མེད་པའི་ཤོག་དྲིལ་འགའ་རེ་ལུས་བྱུང་པ་མེ་ལ་བསྲེགས་ཟིན་པའི་ཚེ་རས་ཆུང་པའི་གཟིགས་སྣང་གི་སྤྲུལ་པའི་རྐྱང་རྣམས་གྲག་པ་ཅིག་སྤྱང་ཀིར་སོང་པ་དེས་རྐྱང་ཀུན་དེད་ནས་ལ་གཅིག་བརྒལ་སོང་པ་དང་རས་ཆུང་པའི་ཐུགས་ལ་ང་དེ་ཙམ་ཅིག་ཡེངས་འདུག །ད་མ་ཕྱིན་ན་རྗེ་བཙུན་གྱི་བཀའ་བཀྱོན་བྱུང་དོགས་ཡོད་བསམ་མྱུར་དུ་བྱོན། འདི་ཡི་སྐབས་སུ་ཡིག་ཆ་རྙིང་པ་ཅི་རིགས་ན་གནས་བྲག་སྐྱ་རྡོ་རྗེ་རྫོང་ཡིན་ཞིང་ཆུ་མིག་མིག་ལ་གནོད་པས་ཕ་ཆུ་ནས་ལོང་ཞེས་པ་འདུག་སྟེ། ཟླ་བ་ལྔ་པ་དྲུག་པ་ནས་བརྒྱད་པའི་བར་གྱི་ཆར་ཆུ་མ་གཏོགས་ཆུ་མིག་རྩ་བ་ནས་མེད་པ་དང་། དེ་ནས་ཕ་ཆུ་ལ་མི་རང་ཐར་ཙམ་གྱི་མཐུར་ཤོད་བྲག་རོང་ཤིན་ཏུ་བཟར་བ་དང་ཆུ་དང་དེའི་བར་ལ་

(༡༣༥)ཐང་གཏན་ནས་མེད། བེ་ཚེ་ནས་སྐུ་ཐང་བར་ལ་སླར་ཡར་ལ་བར་ཞག་བཞི་ཟློག་དགོས་པ་སོགས་ས་རྒྱུས་མེད་ཀྱི་སྐྱོན་བྱུང་འདུག །འོན་ཀྱང་སྤྲུལ་པ་ལ་ངེས་པ་མེད་ནའང་འགལ་ཁྱབ་ཀྱི་སྐྱོན་མང་ཞིང་། གནས་ལ་ཀྲི་ཟམ་སྤོ་མཐོ་སྐྱིད་ཕུག་གི་ཀྲི་ཟམ་སོགས་ད་ལྟ་གྲགས་ཤིང་ཡོང་ལ་བྲག་སྐྱ་རྡོ་རྗེ་རྫོང་ལ་མེད་པ་མངོན་སུམ་དུ་འགལ་བ་དང་། རྐྱང་མ་བརྒྱ་བུ་སྟོང་ཆུའི་སྦ་མཛེད་འགྲོས་འདིད་སོགས་རྗེ་བཙུན་ཉིད་ཀྱི་གསུང་མགུར་གྱི་ངོ་སྤྲོད་ཉིད་དང་མངོན་སུམ་དུ་འགལ་བའི་གནོད་བྱེད་ཡོད་ལ་སྒྲུབ་དག་མེད་པའི་ཕྱིར་བློ་གྲོས་ཤེས་ལྡན་ཕྱོགས་ལྷུང་མེད་པའི་རྣམ་དཔྱོད་ཅན་རྣམས་ཀྱི་དགོངས་པར་རིགས་སོ། །དེ་ནས་རྗེ་རས་ཆུང་པས་བྱོན་ཚེ་ཀྲི་ཟམ་གྱི་ཐད་དུ་ཤོག་དུད་ཀྱི་དྲི་མ་ཆིལ་བྱུང་བ་དང་ངའི་དཔེ་ཆ་རྣམས་བསྲེགས་སམ་སྙམས་ཕྱིན་པས། བེ་བུམ་གྱི་ཤུབས་དེ་སྟོང་ལྷེབ་བེ་འདུག་པ་ལས་སྙིང་ཐོན་འགྲོ་བ་ལྟ་བུའི་སེམས་མི་དགའ་བའི་ངང་ནས་བདག་གི་དཔེ་ཆ་རྣམས་གར་ཐལ་ཞུས་པས། ཁྱོད་ཀྱིས་ཆུ་དུས་ལ་ཁྱེར་མ་བྱུང་བས་ཤི་བ་ཡིན་པ་འདུག། ཁྱོད་ཤི་རྟིང་ངས་དཔེ་ཆ་ལ་བདེ་མི་ཆོད་ཅིང་དགེ་སྦྱོར་གཡེང་བར་འདུག་སྙམ་དགོས་མེད་ཀྱི་དཔེ་ཆ་རྣམས་མེ་ལ་སྲེགས་ཁྱོད་དེ་ཙམ་ཅི་ལ་འགོར་གསུངས་པས། རས་ཆུང་

(༡༣༦)བ་སྔར་ནས་ང་རྒྱལ་ཡོད་པའི་ཁར་བླ་མས་ཀྱང་ཆགས་སྡང་མཛད་པར་འདུག་སྟེ་ཁོང་གིས་ང་ལ་འདི་ཙམ་ཕོད་ན་ད་སླར་ཡང་ཏི་ཕུའི་དྲུང་དུ་བཟློག་གམ། ཡང་ན་རྒྱལ་ཁམས་ལ་འགྲོ་དགོས་སྙམ་པའི་དད་པ་རྩ་བ་ནས་ལོག་པའི་ངང་ལ་དར་ཅིག་ཁ་རོག་པར་འདུག །དེ་ནས་བདག་གིས་རྐྱང་མ་བརྒྱ་བུ་བརྒྱ་ལ་ལྟད་མོ་བལྟ་ཞིང་བསྡད་པས་འཕུང་ལགས། རྗེ་བཙུན་རང་གིས་གནང་བའི་གསེར་དང་བདག་གིས་སྒོ་གསུམ་གྱི་ངལ་དུབ་ཁྱད་དུ་བསད་ནས་རྒྱ་གར་ལ་ཕྱིན་པ་དོན་མེད་དུ་སོང་གདའ། ད་རྒྱལ་ཁམས་ལ་འགྲོ་བ་ཞུ་ཟེར་དད་པ་ལོག་པའི་རྣམ་འགྱུར་མང་དུ་བྱེད་ཅིང་འདུག་པ་ལ། རྗེ་བཙུན་གྱི་ཞལ་ནས་བུ་རས་ཆུང་པ་དད་པ་ལྡོག་མི་དགོས་ཀྱི། ཁྱོད་རང་ལྟད་མོ་ལ་ཡེངས་པས་ལན་བུ་ལྟད་མོ་ལ་དགའ་ན་ངས་བསྟན་གྱི་ལྟོས་ཤིག་གསུང་། ༈ །རྗེ་བཙུན་རང་གི་གཙུག་ཏུ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སྒྲ་བསྒྱུར་མར་པ་དེ་ཉིད་རྡོ་རྗེ་འཆང་དང་དབྱེར་མེད་དུ་བཞུགས་པ་ལ་བརྒྱུད་པའི་བླ་མས་བསྐོར་བ། སྤྱན་དང་སྙན་གཡས་གཡོན་གྱི་ཐད་ན་ཉི་ཟླ་འཆར་བ། ཤངས་གཉིས་ནས་མནལ་མ་གཤིབས་པ་ལྟ་བུའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་དང་། སྨིན་མཚམས་ནས་འོད་ཀྱི་མཛོད་སྤུ་འོད་ཟེར་སྣ་ཚོགས་འཕྲོ་བ་དང་། ལྗགས་

(༡༣༧)པདྨ་འདབ་བརྒྱད་ཉི་ཟླའི་གདན་དང་བཅས་པར་སོང་བའི་སྟེང་དུ་འོད་ཀྱི་ཨ་ལི་ཀ་ལི་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་འཁོར་ཞིང་འོད་ཟེར་འཕྲོ་བ། །ཐུགས་ཀར་འོད་ཟེར་འཕྲོ་བའི་དཔལ་བེའུ་རྣམས་སྤྲུལ་ནས་མགུར་འདི་གསུངས་སོ།། ༈ །།བུ་གཅིག་གསན་དང་རས་ཆུང་པ། །བདག་གི་སྤྱི་བོའི་གཙུག་ཉིད་དུ། །སེངྒེས་བསྟེག་པའི་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་སྟེང་ན། །དྲིན་ཅན་མར་པ་ལོཙྪ་དེ། །རྡོ་རྗེ་འཆང་དང་དབྱེར་མེད་ལ། །བརྒྱུད་པའི་བླ་མ་ཐམས་ཅད་ནི། །མུ་ཏིག་བལྟར་ལ་བརྒྱུས་འདྲས་བསྐོར། །ཁྱོད་དང་བའི་མིག་གིས་བལྟ་ཤེས་ན། །བྱིན་རླབས་འདོད་དགུ་ཆར་ལྟར་འབེབ། །བུ་ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་གཅིག་གསན་དང་རས་ཆུང་པ། །མི་ངའི་རྣ་བའི་རྩེ་མོ་ལ། །ཉི་ཟླ་ཟུང་ཅིག་ཤར་བ་འདི། །འཇའ་ཚོན་ལྟ་བུའི་ངང་ལ་ཤར། །ཐབས་དང་ཤེས་རབ་ཟུང་འཇུག་གི། །འོད་གསལ་འཕེལ་འགྲིབ་མེད་པ་ཡིན། །བུ་ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་གཅིག་གསོན་དང་རས་ཆུང་བ། །བདག་གི་སྣ་ཡི་བུ་ག་ན། །འོད་ཟེར་ཁ་དོག་སྣ་ལྔ་སྟེ། །རིན་ཆེན་སྐུད་པའི་རྣམ་པ་ཅན། །གསང་བ་སྔགས་ཀྱི་ངོ་བོ་ཉིད། །སྲོག་རྩོལ་དབུ་མར་ཚུད་པ་དེ། །

(༡༣༨)རླུང་རྡོ་རྗེའི་བཟླས་པ་འབྱོངས་པའི་རྟགས། །བུ་ཡ་མཚན་ལྟད་མོ་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསན་དང་རས་ཆུང་པ། །བདག་གི་སྨིན་མའི་བར་མཚམས་ན། །མཛོད་སྤུ་དུང་ལྟར་འཁྱིལ་བ་ལས། །འོད་ཟེར་སྣ་ཚོགས་འཕྲོ་བ་དང་། །དྲི་མེད་སྣང་བའི་བདུད་རྩི་སྟེ། །སངས་རྒྱས་ཐུགས་རྗེ་སྤྲུལ་པའི་འོད། །བུ་ཡ་མཚན་ལྟད་མོ་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསན་དང་རས་ཆུང་པ། །ངའི་མགྲིན་པ་སྨྲ་བའི་ལྗགས་ཀན་ནི། །པདྨ་དམར་པོ་འདབ་བརྒྱད་ལ། །ཉི་ཟླ་ཨ་ལི་ཀ་ལི་བཞུགས། །རྡོ་རྗེའི་གསུང་སྒྲ་སྒྲོག་བྱེད་པ། །གསུང་རབ་བརྗོད་བྱ་འགག་པ་མེད། །ཁྱོད་གུས་པའི་མིག་གིས་ལྟ་ཤེས་ནས། །ཆོས་རྣམས་རང་གི་ངག་ལ་འཆར། །བུ་ཡ་མཚན་ལྟད་མོ་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསན་དང་རས་ཆུང་པ། །ང་ཡི་ལུས་ཀྱི་སྙིང་ཁ་ན། །རིན་ཆེན་དཔལ་བེའུ་འོད་འབར་བ། །སྐུ་གསུམ་འགྱུར་བ་མེད་པ་ཉིད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་མཚོན། །བུ་ཡ་མཚན་ལྟད་མོ་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །ཅེས་གསུངས་པས། རས་ཆུང་པ་ཁེ་ལེ་ལེ་འདུག་པ་མི་གཟུར་བལྟས་ནས་ཤེས་བཞིན་སྡིག་མི་བསོག་པར་ལྟད་མོ་རྐྱང་ཆེ་བར་གདའ། རྗེ་བཙུན་གྲུབ་རྟགས་དེ་ཙམ་སྟོན་

(༡༣༩)པ་ཞིག་སྡིག་མི་མཛད་པས། བདག་གི་དཔེ་ཆ་རྣམས་གནང་བ་ཞུ་ཟེར། ཡང་ཁེ་ལེ་ལེ་བསྡད་ནས་རྐང་པ་བྲོ་ཆུང་འཁྲབ་པུས་མོ་དང་གྲུ་མོ་སྤྲད་པའི་ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་ནས་བཤུ་གླུ་ལེན་ཅིང་འདུག་པ་ལ། ཡང་རྗེ་བཙུན་གྱིས་སྐུ་ཕྱི་གསལ་ནང་གསལ་གྱི་གསང་གནས་སུ་རྡོ་རྗེ་གདན་བཞི། །ལྟེ་བར་བདེ་མཆོག་འཁོར་ལོ། ཐུགས་ཀར་དགྱེས་པ་རྡོ་རྗེ། མགྲིན་པར་མ་ཧཱ་མ་ཡ། སྨིན་མཚམས་སུ་སངས་རྒྱས་ཐོད་པ། སྤྱི་བོར་གསང་བ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་འཇའ་ཡི་གུར་ཁང་གི་ནང་དུ་སྐུ་སྣང་ལ་རང་བཞིན་མེད་པར་ཁྲ་ལམ་མེར་བསྟན་ནས་མགུར་འདི་གསུངས་སོ།། ༈ །།བུ་ཡང་ཅིག་གསན་དང་རས་ཆུང་པ། །རྣལ་འབྱོར་ང་ཡི་ལུས་འདི་ནི། །རྟེན་འབྱུང་བ་ལྷ་མོའི་གཞལ་ཡས་ན། །བརྟེན་པ་རྒྱལ་བའི་ལྷ་ཚོགས་བཞུགས། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །དཔལ་རྡོ་རྗེ་གདན་བཞིའི་ལྷ་ཚོགས་རྣམས། །ཟག་མེད་བདེ་བའི་དཀྱིལ་འཁོར་རྒྱས། །ལྷན་ཅིག་སྐྱེས་པ་ཡེ་ཤེས་སྐུ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །བདེ་མཆོག་སྤྲུལ་པའི་ལྷ་ཚོགས་རྣམས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དེ། །རྡོ་རྗེ་སྐུའི་ངོ་བོར་གནས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བཞུགས། །དེ་སེམས་དཔའ་གསུམ་གྱི་ངོ་བོ་ཉིད།

(༡༤༠)ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཡིན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །མ་ཧཱ་མ་ཡའི་ལྷ་ཚོགས་བཞུགས། །སྣང་བ་སྒྱུ་མར་རོལ་པ་ཡི། །གསུང་གི་རྡོ་རྗེའི་དཀྱིལ་འཁོར་ཡིན། །སྨིན་མཚམས་དུང་དཀར་འཁོར་ལོ་ན། །སངས་རྒྱས་ཐོད་པའི་ལྷ་ཚོགས་བཞུགས། །ཡེ་ཤེས་རིགས་ཀྱི་དོན་དང་ལྡན། །གཉིས་མེད་རྡོ་རྗེའི་དཀྱིལ་འཁོར་གནས། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །གསང་བ་འདུས་པའི་ལྷ་ཚོགས་བཞུགས། །རྩ་དང་བྱང་སེམས་དབྱེར་མེད་པའི། །བདེ་བ་ཆེན་པོའི་དཀྱིལ་འཁོར་གནས། །བུ་རང་ལུས་ལྷ་སྐུར་སྒོམ་ཤེས་ན། །སྐུ་གསལ་འགྲིབ་མེད་པར་དངོས་སུ་འཆར། །ཐ་མལ་ལུས་ཀྱི་འཇའ་ལུས་འགྲུབ། །བུ་ལྟད་མོ་ཆེན་འདི་ཆེ་མོད། །བུ་དད་པ་མ་ལྡོག་དག་སྣང་བསྐྱེད། །ཅེས་གསུངས་པས། རས་ཆུང་པ་ན་རེ་རྗེ་བཙུན་གྱི་གྲུབ་རྟགས་ཡ་མཚན་ཆེ་སྟེ་བདག་དཔེ་མེད་པས་བློ་མི་ཁུག་པར་གདའ་བས། དཔེ་གནང་བ་ཞུ་ཟེར་བས། ཡང་རྗེ་བཙུན་གྱིས་བྲག་ལ་སོགས་པའི་དངོས་པོ་རྣམས་ལ་ཐོགས་མེད་དུ་འབྱོན་པ་དང་། ཕ་བོང་ཞོན་ནས་རྒྱུག་པ་དང་། ཆུའི་ཐོག་ལ་འབྱོན་ཞིང་བཞུགས་པ་དང་། སྐུ་ལས་མེ་འབར་ཞིང་ཆུ་འབབ་པ་དང་། སྐུ་དུ་མར་སྤྲུལ་ནས་སྡུད་པ་དང་། ནམ་མཁའ་ལ་འབྱོན་པ་དང་བཞུགས་པ་ལ་སོགས་པའི་སྤྱོད་ལམ་མཛད་ཅིང་མགུར་འདི་གསུངས་སོ། ༈ །བུ་ཡང་

(༡༤༡)ཅིག་གསན་དང་རས་ཆུང་པ། །ང་དངོས་པོ་རྣམས་ལ་ཐོགས་མེད་འདི། །སྣང་སེམས་གཅིག་ཏུ་འདྲེས་པའི་རྟགས། །ཕ་བོང་ཞོན་ནས་རྒྱུག་པ་འདི། །ཡུལ་ལ་གྲོང་འཇུག་ནུས་པའི་རྟགས། །ཆུ་ལ་ས་བཞིན་སྤྱོད་པ་འདི། །འབྱུང་བཞི་གཅིག་ཏུ་འདྲེས་པའི་རྟགས། །ལུས་ལ་མེ་འབར་ཆུ་འཁྲུག་འདི། །ཟད་པར་ཟིལ་གྱིས་གནོན་པའི་རྟགས། །དུ་མར་འགྱེད་ཅིང་སྡུད་པ་འདི། །སྤྲུལ་པས་འགྲོ་དོན་ནུས་པའི་རྟགས། །ནམ་མཁར་སྤྱོད་ལམ་སྐྱོང་པ་འདི། །རླུང་སེམས་དབུ་མར་ཚུད་པའི་རྟགས། །བུ་ལྟད་མོ་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །ལོག་ལྟ་མ་བྱེད་གསོལ་བ་ཐོབ། །ཅེས་གསུངས་པས། རས་ཆུང་པ་ན་རེ་རྗེ་བཙུན་གྱི་གྲུབ་རྟགས་བྱིས་པའི་རྩེད་མོ་ལྟར་བྱུང་རྒྱལ་དུ་སྟོན་པ་འདིས་སྣང་བ་སུན་པ་ཙམ་མ་གཏོགས་ཡ་མཚན་མི་ཆེ་བར་གདའ། ཐུགས་རྗེ་ཆེན་བདག་གི་དཔེ་ཆ་རྣམས་གནང་བ་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཕ་ལ་དད་པ་མ་ལོག་ཅིག་གསོལ་བ་འདེབས་ནུས་ན་སྣང་སྲིད་ཐམས་ཅད་དཔེ་ཆར་འཆར་བས། ང་ཉམས་བྱུང་རྒྱལ་དུ་སྐྱོང་བ་ལ་གསོལ་བ་ཐོབ་ཅིག་གསུང་། བྲིན་གྱི་ཚོང་པ་རྣམས་རྒྱུ་བའི་ལམ་འཕྲང་དོག་པོ་ཞིག་ཡོད་པའི་འགག་ན་ཕ་བོང་ཆེན་པོ་ཞིག་ཡོད་པ་དེའི་ཁར་བྱོན་ནས་ཕ་བོང་དེ་ཟན་ལྟར་བཅད། ཆུ་ལྟར་

(༡༤༢)འཕྱར། འདམ་ལྟར་བརྫིས་པའི་མཐར། ཕ་བོང་དེ་ལུང་པའི་ཆུ་ཀླུང་ཆེན་པོ་དེའི་ནང་དུ་ཕྱག་ཡ་གཅིག་གིས་འཕེན་པ་རྣམས་མཛད་པའི་བར་ལ་མགུར་འདི་གསུངས་སོ། ༈ །བུ་ཡང་ཅིག་གསན་དང་རས་ཆུང་པ། །ས་ཕྱོགས་ལམ་འཕྲང་དམ་པོ་འདིར། །ལྕགས་ཀྱི་ཕ་བོང་ཟུར་བརྒྱད་པ། །འདི་ཡར་འགྲོ་རྣམས་ཀྱི་གཡས་ཟུར་འཐོག །མར་འགྲོ་རྣམས་ཀྱི་གཡོན་ཟུར་འཐོག །མགར་བ་ཐོ་ཐོགས་བརྒྱ་ཡིས་བསིལ་མ་ནུས། །སྦུད་ཐོགས་བརྒྱ་ཡིས་བཞུ་མ་ནུས། །ད་ཟན་ལྟར་གཅོད་ན་འདི་ལྟར་གཅོད། །ཆུ་ལྟར་ཕྱར་ན་འདི་ལྟར་འཕྱར། །འདམ་ལྟར་རྫི་ན་འདི་ལྟར་རྫི། །མདའ་ལྟར་འཕེན་ན་འདི་ལྟར་འཕེན། །ཕ་ལ་དད་པས་བལྟ་ཤེས་ན། །མི་འདོད་འདོད་དགུ་ཆར་བཞིན་འབབ། །གང་དགོས་ལོངས་སྤྱོད་གཏེར་ཁ་ཕྱེས། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་སྣང་བ་སྒྱུར་ཅིག་རས་ཆུང་པ། །ཅེས་གསུངས་པས། རས་ཆུང་པ་ན་རེ། བདག་གི་དཔེ་ཆ་ཡོང་བའི་རྫུ་འཕྲུལ་མཛད་བྱུང་ན་དད་པ་སྐྱེ། དེ་མིན་སེམས་ཅིག་མི་དགའ་ཟེར་ད་དུང་དད་པ་མ་སྐྱེས་པས། ཡང་རྗེ་བཙུན་གྱི་ན་བཟའ་ལ་གཤོག་པ་མཛད་ནས་བྲག་དམར་གྱི་གཡང་གི་གྱེན་དུ་ནམ་མཁའ་ལ་འཕུར་ཏེ་རྒོད་ལྟར་ལྡིང་ཞིང་ཁྲ་ལྟར་གཞུམ་པ་དང་། གློག་ལྟར་འཁྱུག་པ་ལ་སོགས་པའི་

(༡༤༣)སྤྱོད་ལམ་སྣ་ཚོགས་མཛད་བཞིན་མགུར་འདི་གསུངས་སོ། ༈ །བུ་ཡང་གཅིག་གསན་དང་རས་ཆུང་པ། །བྲག་དམར་སྤོ་མཐོ་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་རྫོང་རྩེ་ན། །བྱ་རྒོད་པོ་འཕུར་ན་གཤོག་རྩ་འདར། །བྱ་ཕྲན་འཕུར་ན་སྙིང་རྩ་འདར། །སྔར་ཡང་མི་ཡི་འཕུར་མ་མྱོང་། །ད་རུང་མི་ཡིས་འཕུར་མི་སྲིད། །ང་མི་རྒན་འཕུར་ན་འདི་ལྟར་འཕུར། །རྒོད་ལྟར་ལྡིང་ན་འདི་ལྟར་ལྡིང་། །ཁྲ་ལྟར་གཞུམ་ན་འདི་ལྟར་གཞུམ། །གློག་ལྟར་འཁྱུག་ན་འདི་ལྟར་འཁྱུག། རླུང་ལྟར་འཕྱོ་ན་འདི་ལྟར་འཕྱོ། །ཁྱོད་རྟེན་འབྲེལ་ལུས་ཀྱི་རྫུ་འཕྲུལ་ལ། །དད་པས་ཉམས་སུ་ལེན་ཤེས་ན། །དབང་སྒྱུར་འཁོར་འདས་གཅིག་ཏུ་འདྲེས། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་རང་རྒྱུད་སྦྱོངས་ཤིག་རས་ཆུང་པ། །ཅེས་གསུངས་ཤིང་རྫུ་འཕྲུལ་བསྟན་རུང་། མིག་ལྟ་བ་ཙམ་མ་གཏོགས་ད་དུང་དད་པ་སྐྱེ་མ་འདོད་པས། སླར་ཡང་རྗེ་བཙུན་གྱིས་ན་བཟའ་ལ་གཤོག་པ་མཛད་ནས། ནམ་མཁའ་ལ་ལྡིང་སྐོར་མཛད་ཅིང་མགུར་འདི་གསུངས་སོ། ༈ །བུ་ཡང་གཅིག་གསན་དང་རས་ཆུང་པ། །མོན་རི་བྲག་དམར་སྤོ་མཐོ་ན། །ཡོང་དོན་མེད་པའི་རྐྱང་གི་ཁྱུ། །སྐད་ཅིག་ཉིད་ལ་བྱུང་པ་དེ། །རོ་གཅིག་སྐྱེ་མེད་ཆོས་ཀྱི་དབྱིངས། །འགག་མེད་དུ་མ་ཤར་བ་ཡིན། །རྐྱང་གཅིག་

(༡༤༤)སྤྱང་ཀིར་སོང་པ་ཡིས། །རྐྱང་ཁྱུ་དེད་ནས་ལ་བརྒལ་བ། །ཉོན་མོངས་རང་མཚང་རིག་པ་ཡིས། །སྤང་བྱ་ཀུན་གྱི་གཉེན་པོ་བྱས། །གཟུང་འཛིན་ལ་མོ་བརྒལ་བ་ཡིན། །མི་ལ་རས་པའི་སྤྲུལ་པ་ཡིས། །རས་ཆུང་རྡོ་རྗེ་གྲགས་པ་ལ། །སྙིང་པོའི་ངོ་སྤྲོད་བྱས་པ་ཡིན། །ཕ་རྒན་མི་ལ་རས་པ་ངའི། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་ལ། །ངོ་མཚར་ལྟད་མོ་མི་ཆེ་བར། །རྐྱང་མ་བརྒྱ་བུ་བརྒྱའི་སྤྲུལ་པ་ལ། །ཡ་མཚན་ལྟད་མོ་ཆེ་བ་དེ། །རས་ཆུང་སྣང་བ་ལོག་པའི་རྟགས། །རྫུ་འཕྲུལ་ཡ་མ་ཟུང་འཇུག་གིས། །ད་དུང་སྣང་བ་མི་འགྱུར་བའི། །སྙིགས་དུས་དད་མེད་བུ་སློབ་ལ། །བསམས་ཤིང་རྣལ་འབྱོར་ངེས་པར་འབྱུང་། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །སྲ་བའི་ཤིང་དང་གྱོང་པོའི་རྭ། །བཀུག་ན་ཁུགས་ཙམ་གདའ་ལགས་ཏེ། །རང་སེམས་གྱོང་པོ་འདི་ལ་ཁུགས་དུས་མེད། །རང་སེམས་ནང་དུ་ཁུག་ཅིག་རས་ཆུང་པ། །ལྷོ་ཁའི་སྟག་དང་བྱང་ཁའི་འབྲོང་། །བཏུལ་ན་ཐུལ་ཙམ་གདའ་ལགས་ཏེ། །བདག་འཛིན་དྲེགས་པ་འདི་ལ་ཐུལ་དུས་མེད། །བདག་འཛིན་དྲེགས་པ་ཐུལ་ཅིག་རས་ཆུང་པ། །གནམ་གྱི་བྱ་དང་སའི་བྱི། །བཟུང་ན་ཟིན་ཙམ་གདའ་ལགས་ཏེ། །དྲན་རིག་འཁྲུལ་པ་འདི་ལ་ཟིན་དུས་མེད། འཁྲུལ་པ་དྲན་པས་བཟུང་ཞིག་རས་ཆུང་པ། །ཐོས་པའི་ཆོས་དང་བསམས་པའི་

(༡༤༥)ཆོས། །བསླབ་ན་ཤེས་ཙམ་གདའ་ལགས་ཏེ། །རང་སེམས་དངོས་མེད་འདི་ལ་ཤེས་དུས་མེད། །སེམས་ཉིད་སྐྱེ་མེད་སྒོམས་ཤིག་རས་ཆུང་པ། །བརྩེ་བའི་ཕ་དང་བྱམས་པའི་མ། །བསྐྱུར་ན་འཁྱུར་ཚོད་གདའ་ལགས་ཏེ། །གཤིས་ངན་རང་རྩིས་འདི་ལ་འཁྱུར་དུས་མེད། །གཤིས་ངན་རང་རྩིས་སྐྱུར་ཅིག་རས་ཆུང་པ། །ཕ་ཡུལ་མཁར་དང་ནང་གི་ནོར། །སྤངས་ན་འཕོངས་ཙམ་གདའ་ལགས་ཏེ། །སྐྱིད་འདོད་སོ་གསོད་འདི་ལ་འཕོངས་དུས་མེད། །ཞི་བདེ་དོན་གཉེར་སྤོངས་ཤིག་རས་ཆུང་པ། །འཕྱོར་པོའི་རྒྱན་དང་མཛེས་མའི་གྲོགས། །སྤངས་ན་འཕོངས་ཙམ་གདའ་ལགས་ཏེ། །མལ་བདེ་དྲོ་འཇམ་འདི་ལ་འཕོངས་དུས་མེད། །གཏི་མུག་རོ་ཉལ་སྤོངས་ཤིག་རས་ཆུང་པ། །ཕ་རིའི་རི་དང་ཚུ་རིའི་བྲག །སྤྲད་ན་འཕྲོད་ཙམ་གདའ་ལགས་ཏེ། །ཡེ་ཤེས་རང་ངོ་འདི་ལ་འཕྲོད་དུས་མེད། །སེམས་ཉིད་རང་ཞལ་ལྟོས་ཤིག་རས་ཆུང་པ། །རྒྱལ་པོའི་བཀའ་དང་བཙུན་མོའི་ལུང་། །ཞུས་ན་གནང་ཙམ་གདའ་ལགས་ཏེ། །འཆི་བདག་གཤིན་རྗེ་འདི་ལ་ཞུས་ས་མེད། །འཆི་བ་ལམ་དུ་སློབས་ཤིག་རས་ཆུང་པ། །བུ་རང་རྒྱུད་ངན་པའི་སྣང་བ་ཟློག །སྤྱོད་པ་ངན་པའི་རྣམ་འགྱུར་ཞོག །རང་རྒྱུད་རྩུབ་མོའི་བསམ་པ་ཐོང་། །བདུད་ཀྱི་བར་ཆད་ལོག་ལྟ་བོར། །བདག་འཛིན་འགོང་པོའི་གྲོགས་པོ་སྤོངས། །ཤི་ཡང་ཁ་ཆེམས་དེ་ལས་མེད།

(༡༤༦)གསོན་ཀྱང་སྙིང་གཏམ་དེ་ལས་མེད། །དེ་རྒྱུད་ལ་ཁོལ་ཅིག་རས་ཆུང་པ། །ཅེས་གསུང་ཞིང་ཇེ་མཐོ་ཇེ་མཐོ་ལ་མི་མཐོང་བར་སོང་པ་དང་། རས་ཆུང་པ་འགྱོད་པ་དྲག་པོ་སྙིང་ནས་སྐྱེས་ཤིང་དད་པ་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ཏེ། རྗེ་བཙུན་ཅི་ནས་ཀྱང་ཐུགས་བདེན་པར་འདུག །ང་རང་རྒྱུད་མ་ཐུལ་བས་དཔེ་རུལ་འགའ་བློས་མ་ཐོངས་པའི་རིན་ལ། བླ་མ་རྗེ་བཙུན་གྱིས་རྫུ་འཕྲུལ་དེ་ཙམ་ཞིག་མཛད་རུང་དད་པ་མ་སྐྱེས་པས་ད་རྗེ་བཙུན་ང་ལ་ཐུགས་ཁྲེལ་ནས་མཁའ་སྤྱོད་དུ་འབྱོན་པར་འདུག །ལོག་ལྟ་ཅན་ངས་ནི་མཁའ་སྤྱོད་མི་བགྲོད་བླ་མ་མེད་པའི་དཔེ་ཆས་ཅི་བྱེད། ད་ག་ཡང་འདི་ལ་གཅེབ་སྙམས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་གྱི་དྲུང་དུ་སྐྱེས་ནས་ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག་ཅིག་ཅེས་སྨོན་ལམ་གཏབ་སྟེ་ཞེ་ཐག་པ་ནས་བྲག་གཡང་ལ་འཆོངས་པས་ལུས་ཡང་ཆོད་པ་དང་བཅས་བྲག་ལོགས་སུ་ལུས་པའི་སྟེང་ན་ཚུར་རྗེ་བཙུན་འཕུར་བའི་གྲིབ་མ་བྱུང་བ་དང་གདུངས་པའི་དབྱངས་དང་སྨྲེ་སྔགས་ཀྱི་འོ་དོད་ཆེན་པོ་འདོན་ཞིང་། རྗེ་བཙུན་གྱི་ཕྱི་ལ་འཕུར་བར་བརྩམས་པས་ལུས་ཀྱི་ནམ་མཁའ་ལ་འཕུར་མ་ཐུབ་རུང་རྐང་འགྲོས་ཀྱིས་ཕྱིན་པས། སྐུའི་གྲིབ་མ་ནོན་ཙམ་བྱུང་སྟེ་ཕྱི་བཞིན་བྱོན་པས་བྲག་དམར་གྱི་སྐེད་སྟོད་རས་ཆུང་པས་མི་ཐར་བའི་སྐུ་མཐོང་

(༡༤༧)གསུང་ཐོས་པའི་བྲག་སྐྱིབས་ཤིག་ན་རྗེ་བཙུན་སྐུ་གསུམ་དུ་སྤྲུལ་ཏེ། དབུས་མའི་རམ་འདེགས་གཡས་གཡོན་གཉིས་ཀྱིས་མཛད་ནས་རས་ཆུང་པ་ལ་འགྱོད་ཚངས་འབུལ་བ་ལ་བསྐུལ་བའི་མགུར་འདི་གསུངས་སོ། ༈ །བུ་ཅིག་གསན་དང་རས་ཆུང་པ། །ཕ་རྗེ་བཙུན་གཅིག་ལ་རྗེ་བཙུན་གཉིས། །རྣམ་འཕྲུལ་གསུམ་དུ་བཞུགས་པ་ལ། །ཁྱོད་ཕྱག་མཆོད་འབུལ་ན་གང་ལ་འབུལ། །སྡིག་བཤགས་པ་བྱེད་ན་གང་ལ་བྱེད། །སྙུན་དྲི་སྨེད་བྱེད་ན་གང་ལ་བྱེད། །རྒྱུད་སྡོམ་པ་ལེན་ན་གང་ལ་ལེན། །དབང་གདམས་ངག་ཞུ་ན་གང་ལ་ཞུ། །དོན་ཟབ་མོའི་ངོ་སྤྲོད་གང་ལ་ཞུ། །མཐར་ཐུག་སྐྱབས་གནས་སུ་ལ་ཞུ། །བློ་རེ་ལྟོས་ཟབ་མོ་གང་ལ་འཆའ། །བུ་སྤྲུལ་བསྒྱུར་ལུས་ཀྱི་བཀོད་པ་ལ། །དད་པ་སྐྱེས་ན་ཁོང་ཡུས་ཤོད། །སྤྱོད་ངན་གཤིན་རྗེའི་ལག་རྟགས་ལ། །འཇིགས་པ་སྐྱེས་ན་མྱུར་དུ་སྤོངས། །ལོག་རྟོག་བདུད་ཀྱི་བར་ཆད་ལ། །འགྱོད་པ་སྐྱེས་ན་བཤགས་པ་བགྱིས། །ཞེས་གསུངས་པས། རས་ཆུང་པ་གདོང་མཆི་མས་གང་བའི་དུ་ངག་གིས་ཞུ་དོན་འདི་དབྱངས་སུ་ཕུལ་ལོ། ༈ །ཕ་མཁྱེན་བརྩེ་ནུས་པ་ཀུན་ལྡན་པའི། །རྗེ་བཙུན་རྣམ་སྤྲུལ་སྤྱིར་སྣང་ཡང་། །ལོག་ལྟས་བསྒྲིས་པའི་རས་ཆུང་ངའི། །དགའ་བས་སྙུན་དྲི་བྱེད་ས་དང་།

(༡༤༨)མོས་པས་ཕྱག་མཆོད་འབུལ་ས་དང་། ལོག་ལྟའི་སྡིག་པ་བཤགས་ཡུལ་དང་། །དམ་ཚིག་སྡོམ་པ་ལེན་ས་དང་། །དབང་དང་གདམས་ངག་ཞུ་ས་དང་། །ངོ་སྤྲོད་མཐར་ཐུག་སྐྱབས་གནས་རྣམས། །རྗེ་བཙུན་དབུས་མ་རང་ལ་ཞུ། །ཐུགས་རྗེས་བསྐྱངས་པའི་ཁོང་ནས་ཡུས། །ཕྱིན་ཆད་ངན་སྤྱོད་སྡིག་པ་སྡོམ། །སྤྲང་ལོག་ལྟ་ཅན་ལ་བསྐྱབ་ཏུ་གསོལ། ཞེས་ཞུས་པས། དྲུང་དུ་སླེབ་སྟེ་རྗེ་བཙུན་དབུས་མ་དེའི་སྐུ་ལ་འཁྲིལ་ནས་དར་ཅིག་དྲན་མེད་དུ་སོང་ནས་སངས་པ་དང་། ཡབ་སྲས་གཉིས་ཕུག་པའི་ནང་ན་ཕེབས་འདུག་སྟེ་རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་ཁྱོད་ངས་དེ་ཙམ་གྱི་གྲུབ་རྟགས་བསྟན་རུང་སྣང་བ་འགྱུར་དུ་མི་སྟུབ་པ་འདི་མ་བཟང་། ལར་ཆོས་འདི་དཀའ་བར་འདུག་ཁྱོད་གདམས་ངག་འཚོལ་དུ་བཏང་བས་ངན་སྔགས་ཁྱེར་ནས་བྱུང་། མཐུ་ང་ལས་ཆེ་བ་མེད་དེ་སྡིག་པ་སྦྱོང་བ་ལ་དཀའ་ལས་ཆེ་བར་བྱུང་། ལར་མཐུ་བྱེད་པའི་མི་འདི་རྣམས་ཚེ་འདི་པ་རྐྱང་པ་ཡིན། སངས་རྒྱས་ཐོབ་པའི་འདོད་ན་དམར་ཁྲིད་ཀྱི་གདམས་ངག་བསྒོམ་ནུས་པ་ཅིག་དགོས། འོ་སྐོལ་ལ་རྩོད་ཡིག་དང་མུ་སྟེགས་ཀྱི་ངན་སྔགས་ཀྱིས་དོན་མེད། ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ལ་བདག་བཟང་པོར་འདུག་པས་མེས་ཚིག་པ་མེད། དེ་མིན་གྱི་དཔེ་རྣམས་སངས་རྒྱས་

(༡༤༩)ཐོབ་ཏུ་རེ་བ་ལ་ངན་སོང་དུ་ཤོར་གྱིས་དོགས་ནས་ངས་མེ་ལ་བསྲེགས་པ་ཡིན་པས་གླུ་འདི་ཉོན་ཅིག་གསུང་མགུར་འདི་གསུང་སོ། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་གདམས་ངག་ལེན་དུ་བཏང་བ་ལ། །རྩོད་ཡིག་འདི་ཡི་མང་ལུགས་ཀྱིས། །གཞུང་བཤད་མཁན་ཅིག་བྱུང་གིས་དོགས། །ཁྱོད་སྒོམ་ཆེན་སྟན་རྡོལ་རེ་བ་ལ། །བཤད་པ་འདི་ཡི་མང་ལུགས་ཀྱིས། །སྟོན་ཆེན་ལྷམ་རྡོལ་བྱུང་གིས་དོགས། །ཁྱོད་གཅིག་ཤེས་ཀུན་གྲོལ་རེ་བ་ལ། །ཐ་སྙད་འདི་ཡི་མང་ལུགས་ཀྱིས། །ཀུན་ཤེས་གཅིག་རྡུགས་བྱུང་གི་དོགས། །ཁྱོད་ཚེ་གཅིག་སངས་རྒྱས་རེ་བ་ལ། །སྒྲུབ་ཡིག་འདི་ཡི་མང་ལུགས་ཀྱིས། །རྒྱུད་ཆགས་སྡང་མཁན་ཅིག་བྱུང་གིས་དོགས། །ཁྱོད་དམ་ཆོས་འཚོལ་དུ་བཏང་བ་ལ། །ལས་ཚོགས་འདི་ཡི་མང་ལུགས་ཀྱིས། །གྲོང་ཆོག་མཁན་ཅིག་བྱུང་གི་དོགས། །ངས་འཚོལ་དུ་བཏང་བའི་དམ་ཆོས་རྣམས། །འཕུར་ཏེ་བྲག་གི་གསེབ་ཏུ་སོང་། །ད་ལྟ་མཁའ་འགྲོའི་ཕྱག་ན་གདའ། །གསོལ་བ་བཏབ་ན་གནང་སྟེ་མཆི། །ཐ་སྙད་གཞན་སེམས་བསྲེགས་པ་དང་། །མཐུ་གཏད་ལ་སོགས་ངན་སྔགས་རྣམས། །ཐར་བ་སྒྲུབ་ལ་དགོས་རྒྱུ་ཆུང་། །འབར་བའི་མེ་ཡི་ནང་དུ་བཞུ། །བཅོམ་ལྡན་མེ་ལྷའི་ཞལ་དུ་ཕུལ། །རང་གཞན་ཀུན་ལ་ཕན་པའི་འཚེངས། །བུ་ཞེ་སྡང་མ་ཆེ་རང་རྒྱུད་བསྲེག །སྡུག་བསྔལ་མ་ཆེ་ལུས་སེམས་བརླག །བཅོས་མ་མ་མང་ལྷོད་དེ་སྡོད། །དྲིན་ལན་བླ་མ་དྲན་པར་གྱིས། །ཞེས་གསུངས་པས། རྗེ་རས་ཆུང་པས་བླ་མ་སངས་

(༡༥༠)རྒྱས་ཀྱི་གསུང་ཡིན་པས་བདེན་ངེས་སྙམས་གསོལ་བ་གཏབ་པས། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་ཏེ་བསྟན་པ་དང་སེམས་ཅན་ལ་ཕན་པའི་དཔེ་ཆ་རྣམས་བྲག་གི་གསེབ་ནས་རས་ཆུང་པ་རང་གི་ཕྱག་ཏུ་བབས་བྱུང་བས་ཚད་ལས་འདས་པའི་དགའ་སྤྲོ་དང་། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མི་འབྲལ་བར་གྱུར་ཏེ། ངས་སྔར་ཡང་བླ་མའི་ཞབས་ཕྱིར་ལོ་བཅུ་གཉིས་འགྲེངས་ཤིང་ཞབས་ཏོག་མང་དུ་བསྒྲུབས། ད་རུང་ཡང་ལོ་བཅུ་གཉིས་ཀྱི་བར་དུ་སྒྲུབ་དགོས་སྙམས་དུ་དམ་བཅས་ཞིང་། །དམ་བཅའ་མཐར་སྐྱོལ་བ་ཡིན་ནོ། །རྗེ་བཙུན་ཆེན་པོའི་མཁྱེན་བརྩེ་ནུས་པ་རྫུ་འཕྲུལ་བསྟན་པ་གཡག་རུ་དང་། རྐྱང་མགུར་གྱི་སྐོར་གྱི་རྗེ་རས་ཆུང་པའི་ཐུགས་དམ་གྱི་གེགས་བསལ་ཞིང་བོགས་སྟོན་པའི་ཚུལ་བསྟན་པའི་སྐོར་ཚོ་དེ་དྲུག་པའོ།། ༈ །།བདུན་བ་ནི། དེ་ནས་མཆེད་གྲོགས་རྣམས་དང་། ཉ་མ་རྣམས་ལ་སྐད་བཏང་པས། ཀུན་འདུས་ནས་རས་ཆུང་པའི་བྱོན་སྐྱེམས་སུ་ཚོགས་འཁོར་ཞིག་མཛད་པའི་གྲལ་དུ། སེ་བན་རས་པ་སོགས་གྲོགས་མཆེད་འགའ་ཞིག་ན་རེ་རྩོད་པ་རང་དེ་དེད་ཀྱིས་ཀྱང་བཟློག་ཐུབ། རས་ཆུང་པ་ལ་ཁྱེད་རྒྱ་གར་དུ་བྱོན་པ་ལ། རྗེ་བཙུན་གྱི་ལུང་བསྟན་གྱི་གདམས་ངག་དང་རིག་པ་གཉིས་ཀ་བྱུང་ཡོད་ལས་ཆེ་བས། ད་

(༡༥༡)རྩོད་པ་བྱུང་ན་ཇི་ལྟར་བཟློག་ཟེར་བ་ལ། རྗེ་བཙུན་གྱིས་རས་ཆུང་པ་ཁྱོད་ཀྱིས་ལུས་མེད་མཁའ་འགྲོའི་ཆོས་སྐོར་གྱི་སྒོ་ནས་རྩོད་པ་ཟློག་ལུགས་གྱིས་ཤིག་གསུངས་པས། །རས་ཆུང་པས་ཀྱང་རྩོད་པ་བཟློག་ལུགས་འདི་དབྱངས་སུ་ཕུལ་ལོ། ༈ །བརྒྱུད་པ་རྡོ་རྗེ་འཆང་ཆེན་གྱིས། །བཀའ་ཆད་རྒྱུད་པའི་རྩོད་པ་བཟློག །བླ་མ་སངས་རྒྱས་རས་པ་ཡིས། །འདོད་ལྡན་བླ་མའི་རྩོད་པ་བཟློག །གདམས་ངག་སྙན་རྒྱུད་ཐབས་ལམ་གྱིས། །བློས་བྱས་བདུད་ཀྱི་རྩོད་པ་བཟློག །རོ་སྙོམས་ཕྱི་ཡི་མེ་ལོང་གིས། །སྐྱོན་ཅན་སྐུངས་ས་མཐའ་ལ་འབུད། །བདེ་ཆེན་གསུང་གི་རིན་ཆེན་གྱིས། །རྣམ་རྟོག་ཡེ་ཤེས་མེ་ཡིས་བསྲེགས། །རྩྭ་རླུང་དྲྭ་མིག་འཁོར་ལོ་ཡིས། །བྱིང་རྒོད་ཧད་པོ་མཐའ་རུ་སྐྱེལ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡིས། །སྒོ་ལྔའི་ངར་འཛིན་འགོང་པོ་འདུལ། །རིག་པ་ཡེ་ཤེས་སྒྲོན་མེ་ཡིས། །སྙོམ་ལས་མ་རིག་མུན་པ་སེལ། །སྤྱོད་པ་ཆུ་ལ་རལ་གྲི་ཡིས། །ཆོས་བརྒྱད་མདུད་པ་རང་སར་འགྲོལ། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རྩོད་པ་བཟློག་ལུགས་ལེགས་བྱུང་། མིང་ཡང་རྩོད་པ་བཟློག་པའི་རིན་ཆེན་བྱ་བར་ཐོགས་གསུངས། དེའི་ཐོག་ཏུ་ལྟ་སྒོམ་གྱི་གནད་འདི་རྣམས་དགོས་གསུང་། མགུར་འདི་གསུངས་སོ། ༈ །ལྟ་བ་སྟོང་པའི་

(༡༥༢)ཡེ་ཤེས་ཡིན། །སྒོམ་པ་འོད་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་མེད་རྒྱུན་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་རྐྱང་པར་ཤོར་ཉེན་གདའ། །དོན་ལ་ངེས་ཤེས་མ་སྐྱེས་ན། །ཚིག་གི་བདག་འཛིན་གྲོལ་བ་མེད། །དེས་ན་ངེས་ཤེས་དྲག་པོ་གཅེས། །སྒོམ་པ་འོད་གསལ་འཛིན་མེད་དེ། །གནས་པ་རྐྱང་པར་ཤོར་ཉེན་གདའ། །ཡེ་ཤེས་ནང་ནས་མ་ཤར་ན། །གནས་པ་གཏན་ཀྱང་གྲོལ་ཆ་མེད། །བྱིང་རྒོད་ལ་ཡེ་ཤེས་མི་སྐྱེ་བས། །དེས་ན་མ་ཡེངས་དྲན་པ་གཅེས། །སྤྱོད་པ་ཆགས་མེད་རྒྱུན་ཞིག་དེ། །ཐོ་ཅོ་རྐྱང་པར་ཤོར་ཉེར་གདའ། །ལྟ་སྒོམ་གྲོགས་སུ་མ་ཤར་ན། །བརྟུལ་ཤུགས་སྤྱོད་པ་ཆོས་བརྒྱད་གྲོགས། །དེས་ན་ཞེན་མེད་གྲིབ་མེད་གཅེས། །འབྲས་བུ་དྲི་མེད་གཅེར་བུ་དེ། །མཚན་མའི་ན་བཟའ་གསོལ་ཉེན་གདའ། །འཁྲུལ་པ་ནང་ནས་མ་ཞིག་ན། །ཡིད་སྨོན་སྒོམས་ཀྱང་དོན་གོ་ཆུང་། །དེས་ན་འཁྲུལ་བ་ཞིག་པ་གཅེས། ཞེས་གསུངས་པས། ཚོགས་པ་ཀུན་ལ་ངེས་ཤེས་སྐྱེས་ཤིང་དགའ་སྤྲོ་ཡི་རངས་པར་གྱུར་ཏོ། །དེ་དུས་ནུབ་ཅིག་བླ་མས་རས་ཆུང་པའི་སྣ་ལེན་དུ་ཚོགས་འཁོར་བཟང་པོ་མཛད་ནས། རས་པ་རྣམས་དང་ཉ་མ་ཡང་མང་བར་འཛོམ་ལེགས་སེ་ལ་བཅོལ་བའི་དཔེ་ཆ་རྣམས་ཁྱེར་བྱུང་པས། བླ་མའི་ཞལ་

(༡༥༣)ནས། ལེགས་སེ་ལ་བཅོལ་བ་མིན་པ་དཔེ་ཆ་གཞན་དེ་ཀུན་གྱི་ནང་ན་ཡང་། །བསྲེག་རྒྱུ་འདྲ་ཡོད་པ་ལ་གསུངས་ནས་བཞད། བུ་རས་ཆུང་པ་ཁྱོད་ཀྱིས་དཀའ་བ་སྤྱད་ནས་བླ་མའི་བཀའ་བཞིན་བསྒྲུབས་པས་བསྟན་པ་དང་སེམས་ཅན་ལ་ཕན་པའི་དོན་ཐམས་ཅད་འགྲུབ་པ་ཡིན་པས། མིང་ཡང་དོན་གྲུབ་རྡོ་རྗེར་ཐོགས། ད་ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས་ལེན་དུ་བཏང་པ་རྣམས་དང་། གཞན་ཡང་གདམས་ངག་རྣམས་ཀྱི་ནང་ནས་མི་རྒན་ལ་མཁོ་བ་འདི་ཟབ་སྙམས་པ་ཡོད་ན། ཕ་རྒན་ལ་སྐྱེས་སུ་ཕུལ་ཅིག་གསུང་། དེར་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་དང་། གཞན་གཉིས་ཏེ་བཅུ་གཅིག་པོ་ཚང་མ་ཕུལ་ནས་གཞན་གདམས་པ་མང་པོ་ཡོད་པའི་ནང་ནས། མ་ཅིག་གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་རྣམས་ཀྱི་ནང་ནས་ཡི་གེ་མེད་པ་ཆིག་བརྒྱུད་ཀྱི་གདམས་པ་འདི་རྣམས་ཟབ་པར་སེམས་ལ་ཡོད་པས་འདི་འབུལ་ལམ་ཞུས་པས། དེ་ཡིན་མི་རྒན་ལ་མཁོ་བ་དེ་ཡིན་མོད། ཁུངས་ཡང་བཙུན་པས་མྱུར་དུ་ཕུལ་ཞིག །གྲུབ་པའི་རྒྱལ་མོ་དང་ཏི་ཕུའི་སྐུ་ཆས་འདི་རྣམས་མི་རྒན་ལ་དགོས་པ་ཆུང་། ཁྱོད་ན་སོ་གཞོན་པས་འགྲོ་དོན་ཆེ་ཕྱིར་ཁྱེར་ལ་ལུང་བསྟན་པའི་གནས་ལ་སྐྱོལ་གསུང་། ཨ་ཀ་རུའི་ཕྱག་མཁར་དང་ཚེ་སྒྲུབ་ཀྱི་གདམས་

(༡༥༤)པ་ཆིག་བརྒྱུད་ཟབ་པ་མཉམ་མེད་སྒམ་པོ་པ་ལ་གནང་བར་གདའ། གཞན་ཆོས་སྐོར་བཅུ་གཅིག་པོ་ངམ་རྫོང་སྟོན་པ་གནང་སྐད། དེ་ནས་བླ་མའི་ཞལ་ནས་རས་ཆུང་པ་བསོད་ནམས་བསགས་པ་བྱ་བ་ཁྱོད་ཡིན། དུས་གསུམ་གྱི་སངས་རྒྱས་སྟོང་མཆོད་པ་བས། བླ་མའི་བ་སྤུ་གཅིག་མཉེས་པར་བྱས་པ་བསོད་ནམས་ཆེ་བ་ཡིན་ཏེ། ཁྱོད་ཀྱིས་ང་མི་རྒན་གྱི་བཀའ་བསྒྲུབས་པས་དགོངས་པ་རྫོགས་པ་ཡིན་ནོ། །ད་ནི་ཁྱོད་ཀྱི་མདུན་མ་ཚར་བ་ཡིན་གསུང་ནས་མཉེས་པར་གྱུར་ཏོ། །ཡང་རྗེ་བཙུན་ཆེན་པོས་མགུར་འདི་གསུངས་སོ། ༈ །ཀྱེ་ཧོ་རས་ཆུང་ཅེར་རེ་གསན། །ལྟ་བ་སེམས་ཀྱི་གཞི་རྩ་ཡིན། །སྒོམ་པ་སེམས་ཀྱི་སྲོག་ཤིང་ཡིན། །སྤྱོད་པ་སེམས་ཀྱི་བོགས་འདོན་ཡིན། །དམ་ཚིག་སེམས་ཀྱི་གཉའ་གནོན་ཡིན། །སྡོམ་པ་སེམས་ཀྱི་སྒྱུར་ཁ་ཡིན། །ཚུལ་ཁྲིམས་སེམས་ཀྱི་གདངས་རྩལ་ཡིན། །གདམས་ངག་སེམས་ཀྱི་ལྡེ་མིག་ཡིན། །སེམས་ཉིད་ལྟ་བ་རྟོགས་མ་རྟོགས། །ཚིག་བཙུབ་ངོ་སྤྲོད་ཤར་ན་ཡིན། །སྒོམ་པ་ཚད་དུ་སྐྱོལ་མ་སྐྱོལ། །ཉོན་མོངས་གསལ་འདེབས་ཤར་ན་ཡིན། །སྤྱོད་པ་ཤུགས་ལ་སོང་མ་སོང་། །རྐྱེན་ངན་གྲོགས་སུ་ཤར་ན་ཡིན། །འབྲས་བུ་རྗེན་པར་གྱུར་མ་གྱུར། །བདེ་སྡུག་སྐྱེ་མེད་ཤར་ན་ཡིན། །དྲན་རྟོག་ཁུང་མེད་གཉུག་

(༡༥༥)མ་འདི། །མཁྱེན་གཉིས་གཅེར་བུར་གྱུར་ན་ཡིན། །བུ་དཀའ་ལས་རྒྱ་གར་བསྐོར་སྐོར་བས། །གཏང་རག་བྱོན་སྐྱེམས་དེ་ལ་མཛོད། །ཅེས་གསུངས་སོ། །ཡང་རྗེ་རས་ཆུང་པ་དགའ་བ་ཁོང་དུ་ཆུད་དེ། བླ་མ་དང་མཆེད་གྲོགས་རྣམས་ལ་ཡིན་ཚུལ་གྱི་མགུར་འདི་ཕུལ། །རྗེ་བཙུན་བླ་མ་རས་ཆེན་ལ། །རས་ཆུང་སྙིང་ནས་གསོལ་བ་འདེབས། །སྔོན་བསོད་ནམས་བསགས་པས་མི་ལུས་ཐོབ། །དང་པོར་གྲོས་ཀྱི་ཁོག་ཅིག་ལེགས། །འཁོར་བའི་ཁྱིམ་ཐབས་བློས་སྤངས་ནས། །རྫས་ལ་ཞེན་ཆགས་མ་བྱས་པས། །ལོངས་སྤྱོད་གང་ཡོད་སྦྱིན་པར་བཏང་། །དེ་ནས་ཐུག་པའི་ས་ཅིག་ལེགས། །བླ་མ་སངས་རྒྱས་རས་ཆེན་ལ། །ཁ་ཞེ་མེད་པར་བློ་སྙིང་བཀལ། །ཅི་གསུང་བཀའ་ལ་མངོན་པར་གཏད། །དེ་ནས་ཞུ་བའི་ཐབས་ཅིག་ལེགས། །རྗེ་ཉི་ཟླ་ལྟ་བུའི་གྲུབ་ཐོབ་ལ། །ཆོས་རྩོད་པ་མེད་པའི་མ་རྒྱུད་དང་། །མན་ངག་ཐབས་ཤེས་གཉིས་མེད་ཞུས། །བླ་མ་རྗེའི་ཞལ་སྔ་ནས། །རྒྱ་བལ་ཕྱོགས་ལ་སོངས་ཤིག་གསུང་། །བཀའ་སྒྲུབས་རྒྱ་བལ་གཉིས་སུ་ཕྱིན། །རིན་ཆེན་གསེར་ལ་ཡོན་བགྱིས་ནས། །ས་གཞི་ལྟ་བུའི་མ་རྒྱུད་དང་། །རྩི་བཅུད་རྒྱས་འདྲའི་སྙིང་པོའི་སྐོར། །གྲུབ་མཐའ་མ་འདྲེས་གསལ་བ་ལ། །བློ་

(༡༥༦)ལས་འདས་པའི་ཕྲ་གཏབ་སྟེ། །རྣལ་འབྱོར་སེམས་ཀྱི་རྒྱན་དུ་བཀོད། །དེ་ནས་སྡོད་པའི་ས་ཅིག་ལེགས། །གྲོང་ཁྱེར་དབུས་སུ་མ་བསྡད་པར། །རི་ཁྲོད་དབེན་པར་ཉམས་སུ་བླངས། །ད་ལྟ་ཕྱོགས་རིས་མེད་པར་གནས། །འཁྲུལ་པ་བརྩད་ནས་ཆོད་ལགས་པས། །མ་རིག་འཁྲུལ་པ་བརྗེད་དེ་ཐལ། །སྐུ་གསུམ་འབྲལ་མེད་དོན་རྟོགས་པས། །བསྒོམ་བློའི་ཤེས་པ་བརྗེད་ནས་ཐལ། །ཞེན་མེད་ཉམས་སུ་བླངས་པ་ཡི། །ལོག་འཚོའི་ལོངས་སྤྱོད་བརྗེད་དེ་ཐལ། །སྙན་རྒྱུད་གདམས་པ་སྒོམས་ལགས་པས། །ཡིག་ནག་ཟིན་བྲིས་བརྗེད་དེ་ཐལ། །རང་སེམས་གཏན་ལ་འབེབས་འབེབས་ནས། །ཐ་སྙད་བཤད་པ་བརྗེད་དེ་ཐལ། །སྒྱུ་ལུས་ལ་དགོན་པ་བྱེད་བྱེད་ནས། །གྲོང་ལྟག་གི་དགོན་པ་བརྗེད་དེ་ཐལ། །གཅིག་པོར་ཉམས་ལེན་བྱས་ལགས་པས། །མང་པོའི་ཚོགས་དཔོན་བརྗེད་དེ་ཐལ། །དམིགས་མེད་རྒྱལ་ཁམས་འགྲིམས་ལགས་པས། །ཐེར་ཟུག་ཏུ་སྡོད་པ་བརྗེད་དེ་ཐལ། །རང་ཉིད་དམན་ས་འཛིན་འཛིན་ནས། །མི་དཔོན་སྤྱོད་པ་བརྗེད་དེ་ཐལ། །འདི་དང་ཕྱི་མ་བར་དོ་གསུམ། །མཉམ་པ་ཉིད་དུ་བསྒོམས་ལགས་པས། །འཆི་བའི་འཇིགས་པ་བརྗེད་དེ་ཐལ། །དོན་དེ་ཡང་བླ་མ་རྗེའི་དྲིན། །དྲིན་ལན་དུ་བསྒྲུབ་པའི་

(༡༥༧)མཆོད་པ་འབུལ། །ལར་བྱས་ཆོས་ཐམས་ཅད་སྒྱུ་མའི་ཚུལ། །ཚུལ་དེ་ཀུན་དགོངས་སམ་མཆེད་ལྕམ་རྣམས། །ཞེས་པའི་མགུར་ཕུལ་བས། བླ་མའི་གསུང་ནས། དེ་ལེགས་ཤེས་པ་གསར་པ་བྱ་བ་སྔ་མ་རྣམས་ལ་ཐོག་རྫིས་བྱེད་པ་ཅིག་ཡོང་པ་ལ་ཚེགས་མེད། །རྣམ་རྟོག་ཕྲ་མོ་འདི་གང་གིས་ཀྱང་མི་ཁེགས་དེས་ན་ཁྱོད་ཀྱི་དེ་ཡང་གཞུང་ཚུགས་པ་ཞིག་དགོས་སོ་གསུང་བས། ཡང་གསུང་ལན་དུ་མགུར་འདི་ཕུལ་ལོ། ༈ །བདག་གིས་མི་ལུས་དམ་པ་ཐོབ། །སྐྱེས་པ་དོན་ཡོད་བླ་མའི་དྲིན། །ཕ་དང་མཐུན་པའི་ལམ་ལ་ཞུགས། །ལས་འཕྲོ་བླ་མ་རས་ཆེན་མཇལ། རང་གི་ངོ་ཤེས་དད་པ་སྐྱེས། །ཇི་ལྟར་བྱས་ཀྱང་སྤྱོད་ལམ་བདེ། །རྣམ་རྟོག་རྩ་བ་སེམས་ཡིན་ཕྱིར། །སེམས་མེད་ཕྱིར་ན་རྣམ་རྟོག་མེད། །དྲན་པ་དྲན་མེད་དགག་བསྒྲུབ་མེད། །དགག་སྒྲུབ་ཡོད་ན་འཁོར་བ་ཡིན། །སེམས་དང་དབྱིངས་འདྲེས་ཅིར་མ་མཐོང་། །མ་མཐོང་དུས་ན་དེ་མཐོང་ཡིན། །རང་སེམས་བཙལ་བས་མི་།རྙེད་ཀྱི། །མ་བཙལ་དུས་ན་ཆོས་སྐུ་ཡིན། །རྟོགས་སོ་སྙམས་པ་འཁོར་བ་སྟེ། །སྙེམས་བྲལ་སེམས་ཀྱི་ངོ་བོ་ཡིན། །དྲན་པ་དགག་སྒྲུབ་མེད་པ་དེ། །དྲན་མེད་སྒྲུབ་ཏུ་མ་བཏུབ་པས། །ཤེས་པ་ཇི་ལྟར་གང་དགར་ཐོང་། །སྒོམ་ཚུལ་སྟོན་ན་རང་ལ་སྡིག །ཅི་མཐོང་སྣང་བ་ཐུག་ཕྲད་ཡིན། །བླང་དོར་བྱེད་ན་རང་ལ་

(༡༥༨)སྡིག །འདོད་ཡོན་རྣམ་ལྔ་གྲོགས་ཀྱི་མཆོག །འཛིན་པ་མེད་པར་ཅི་ཤར་ཡང་། །ཞེན་པ་བྱེད་ན་ཁྱོད་ལ་སྡིག །རྒྱལ་ཁམས་མང་པོ་ཕྱོགས་མེད་འཁྱམས། །འདོད་པ་མེད་པར་རི་ཁྲོད་འགྲིམས། །ཡུལ་སར་འདུག་ན་ཁྱོད་ལ་སྡིག །བླ་མ་གྲུབ་ཐོབ་བཙལ་ནས་སུ། །དམིགས་པ་མེད་པར་ཚག་ལྡོམ་བྱེད། །ངང་ཡུལ་ལྡེག་ན་རང་ལ་སྡིག །བླ་མའི་གསུང་སྒྲོས་རྡོ་རྗེའི་ཚིག །བསྒྲུབ་པར་ནུས་ན་རང་གཞན་འཚེངས། །འཆལ་པར་གཏོང་ན་རང་ལ་སྡིག །ཅེས་བླ་མ་དང་མཆེད་ལྕམ་རྣམས་ལ་ཕུལ་བས་ཤིན་ཏུ་མཉེས་ཏེ། བླ་མས་བཀའ་ལུང་ཞིབ་རྒྱས་གནང་བའི་གསུང་ལན་དུ་རྗེ་རས་ཆུང་པས་མགུར་ཕུལ་བ། ༈ །བླ་མ་རྗེ་བཙུན་བསྟེན་ན་བདེ། །བལྟ་བ་ཕྱོགས་རིས་མེད་ན་བདེ། །སྣང་སྲིད་ཆོས་སྐུར་ཤར་ན་བདེ། །སྤྱོད་པ་ཚུལ་འཆོས་མེད་ན་བདེ། །ལྟས་ངན་གཡང་དུ་བསྡུས་ན་བདེ། །དུག་ལྔ་ལམ་དུ་ཁྱེར་ན་བདེ། །འཁྲུལ་པའི་བག་ཆགས་སངས་ན་བདེ། །བདེ་ཆེན་ལམ་དུ་ཁྱེར་ན་བདེ། གཉིས་འཛིན་ཤེས་པ་སྤངས་ན་བདེ། །རྣམ་རྟོག་འབྲེལ་ཐག་ཉུང་ན་བདེ། །བྱང་ཆུབ་སེམས་ནི་དལ་ན་བདེ། །གདོད་མའི་བག་ཆགས་ཟད་ན་བདེ། །བླ་མའི་མན་ངག་རྟོགས་ན་བདེ། །རྐྱེན་བྲལ་རྣམ་གསུམ་ལྟ་བ་ཡིན། སྐྱེ་འགག་མེད་པ་སྒོམ་པ་ཡིན། །ལྷན་སྐྱེས་རྣམ་གསུམ་སྤྱོད་པ་ཡིན། །སྐུ་ལྔ་ལྷུན་གྲུབ་འབྲས་བུ་

(༡༥༩)ཡིན། །སྐུ་གསུམ་འབྲལ་མེད་ཡི་དམ་ཡིན། །རང་སེམས་གཉུག་མ་གཏན་ཡུལ་ཡིན། །དྲན་པ་སྣ་ཚོགས་རྩེད་མོ་ཡིན། །དྲན་མེད་ཉམས་མྱོང་གཏན་གྱི་གྲོགས། །འཛིན་པ་མེད་པ་འཕྲལ་གྱི་གྲོགས། །ངོས་བཟུང་མེད་པ་སྤྱོད་པ་ཡིན། །བྱ་བ་ཐེངས་པ་གདམས་ངག་ཡིན། །བྱ་རྩོལ་བྲལ་བ་གཉུག་མ་ཡིན། །ཐ་དད་མེད་པ་ཉམས་མྱོང་ཡིན། །སྔོན་ཤེས་འདོད་པ་རྟོགས་པ་ཡིན། །གཞི་ཡོད་པ་ནི་འཁོར་བར་འདོད། །ཅེས་ཞུས་པས། བླ་མ་མཉེས་ནས་ཁྱོད་རས་ཆུང་པ་བྱ་བ་ང་རྒད་པོའི་ཁ་ལ་ཀྱལ་ལེ་བྱེད་པར་གདའ། ཐུ་བོ་ཅིག་རང་མྱུར་དུ་འོང་བ་འདྲ་ཨང་གསུང་བཞིན་བཞད་པར་མཛད། དེ་ནས་ཡང་བླ་མའི་ཞབས་ཏོག་སྐུ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་བསྒྲུབ་པའི་དམ་བཅའ་མཛད། རྗེ་བཙུན་ཆེན་པོས་ཡང་དག་པའི་དོན་ངོ་སྤྲོད་དུ་གདམས་པ་ལས་དེའི་དགོངས་དོན་སླར་ཞུ་དབྱངས་སུ་ཕུལ། དེ་ནས་མཉམ་མེད་སྒམ་པོ་པ་འབྱོན་པའི་མ་འོངས་ལུང་བསྟན་གྱི་མགུར་གསུངས་རྗེས། བྲིན་པའི་ཡོན་བདག་ཕོ་མོ་རྣམས་ཀྱིས་རྗེ་བཙུན་དཔོན་སློབ་ཀྲོ་སྡེ་བཀྲ་ཤིས་སྒང་དུ་གདན་དྲངས་ཤིང་ཕེབས་ཏེ་བཞུགས། རྗེ་བཙུན་རས་ཆུང་པས་ཀྱང་ཕྱག་ཕྱི་ལ་མེད་བཞུགས་ཚེ། མཉམ་མེད་སྒམ་པོ་པ་ཕྱགས་ཕེབས་ཏེ་རྗེས་སུ་བཟུང་ཞིང་དཔོན་སློབ་ཀུན་ཆུ་བར་སྤྲུལ་སྐུའི་ཕོ་བྲང་དུ་

(༡༦༠)ཕེབས་ཤིང་བཞུགས་ཚེ། རྗེ་བཙུན་གྱི་ཞལ་ནས་དབུས་བསྟོན་པ་དང་། རྗེ་གྲགས་པ་དང་། ཞི་བ་འོད་གསུམ་ཁྱོད་རྣམས་དོ་ནུབ་རྨི་ལམ་དགུགས་ཤིག །ནང་པར་ཕ་རྒན་ངའི་རྨི་ལམ་བརྟག་གི་གསུང་། དེར་སོ་སོར་རྨི་ལམ་དགུགས་ཏེ་ནང་པར་བ་འོད་ཐོག་མར་འོངས་ཏེ། རྗེ་བཙུན་ལགས་བདག་ལ་རྨི་ལམ་བཟང་པོར་བྱུང་། ཤར་ཕྱོགས་ནས་ཉི་མ་དྲོ་པོ་ཅིག་ཤར་ནས་བདག་གི་སྙིང་གི་དཀྱིལ་དུ་ཐིམ་པ་རྨིས་ཟེར། རྗེ་རས་ཆུང་པའི་གཅུང་ན་རེ་བདག་ལ་ལུང་པ་ཆེན་པོ་གསུམ་དུ་ཕྱིན་ནས་སྐད་ཆེན་པོ་སྟོན་པ་རྨིས་གསུང་། རྗེ་སྒམ་པོ་བས་བཤུམ་བཞིན་དུ་བདག་ནི་རྨི་ལམ་ཤིན་ཏུ་ངན་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རྨི་ལམ་བཟང་ངན་མི་ཤེས་ཤོད་ཅིག་གསུང་། བདག་གིས་སེམས་ཅན་རིགས་མི་གཅིག་པ་མང་པོའི་སྲོག་བཅད་ནས། དེ་རྣམས་ཀྱི་དབུགས་འགམ་ཞིང་འདུག་པ་རྨིས་ལགས་བདག་ལས་ངན་སྡིག་པ་ཆེ་བར་གདའ་ཞུས་པས། བུ་སྟོན་པ་དུ་མི་དགོས་ལག་པ་ཐོང་ཅིག་གསུང་ནས་རྗེ་བཙུན་གྱིས་ཕྱག་ནས་བཟུང་སྟེ། བུ་ཁྱོད་ཀྱིས་རེ་ས་ནས་མ་བསླུས་སོ། །སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བ་ཞིག་ཁྱོད་ལ་རེ་ཡང་རེ་སྟེ་ཡོང་ཡང་ཡོང་བར་གདའ། ཕ་རྒས་ཁར་བུ་སྐྱེས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་བ་ཡིན་ནོ་གསུང་། ཞི་བ་འོད་ཀྱི་རྨི་ལམ་དེ་འབྲིང་པོ་ཡིན་ཁྱོད་ཀྱིས་སེམས་བསྐྱེད་རྒྱ་ཆུངས་པས་འགྲོ་ཕན་རྒྱ་ཆེན་པོ་མ་བྱུང་

(༡༦༡)ཡང་ཁྱོད་རང་དག་པའི་ཞིང་དུ་གཤེགས་པར་གདའ་གསུང་། རྗེ་རས་ཆུང་པ་ལ་བུ་ཁྱོད་རོ་གྱོང་པའི་སྟོབས་ཀྱིས་ངའི་བཀའ་ལན་གཉིས་བཅག་ཅིང་ད་རུང་གཅིག་བཅོག་པས། ལུང་པ་ཆེན་པོ་གསུམ་དུ་སྐྱེ་བ་བརྒྱུད་ནས་དགེ་བའི་བཤེས་གཉེན་རྒྱང་དུ་གྲགས་པ་གསུམ་དུ་གྱུར་ཏེ། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་བཏགས་པའི་རྗེས་འབྲས་བུ་མངོན་དུ་བྱེད་པར་གདའ། ལར་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱུན་མི་འཆད་བ་འབྱུང་གསུང་། དེ་ནས་དཔོན་སློབ་རྣམས་ཚེ་རིངས་མའི་མགུལ་ནགས་རི། ཇོ་བོ་བོན་རིའི་རྩེར་སྐྱོ་སངས་ལ་ཕེབས་དགྱེས་སྤྲོར་སྤྱོད་བཞིན་ཡབ་སྲས་རྣམས་དྲི་བ་དྲི་ལན་གྱི་མགུར་མང་དུ་གསུངས། དེར་རྗེ་མཉམ་མེད་སྒམ་པོ་པ་དབུས་ཕྱོགས་ལ་ཐེགས་ཤིང་རྗེ་བཙུན་དཔོན་སློབ་ཀྱིས་ཀྱང་ཕྱམ་པོ་ཆེའི་རྡོ་ཟམ་བར་བསྐྱེལ་ཐུང་མཛད། སླར་ཆུ་བར་དུ་ཕྱིར་ཕེབས་ཚེ་མ་འོངས་པ་ན་བསྟན་པ་ཉི་ཟླ་ལྟར་གསལ་ཞིང་བུ་སློབ་གཟའ་སྐར་ལྟར་གྲངས་མང་ཞིང་ཕྲིན་ལས་རྒྱ་ནམ་མཁའ་དང་མཉམ་ལ་ཡུན་ཆུ་བོའི་རྒྱུན་ལྟར་སྤྱིར་འཁོར་བ་མ་སྟོངས་བར་དང་ཁྱད་པར་ཐུབ་བསྟན་མ་རྫོགས་བར་དུ་འབྱུང་བའི་ལུང་བསྟན་གྱི་མགུར་གསུངས། དེ་ནས་དཔོན་སློབ་རྣམས་འོ་འབྱུང་དཔལ་གྱི་ནགས་ཁྲོད་ལ་ཕེབས་ཤིང་བཞུགས། དེ་ནས་ཁུ་བྱུག་དབེན་པ་རྫོང་དུ་བཞུགས་དུས། རྗེ་རས་ཆུང་པས་སྒོ་

(༡༦༢)གསུམ་གྱི་ཉམས་ལེན་ཞུས་པ་ལས། རྗེ་བཙུན་གྱིས་མདོར་བསྡུས་རྒྱས་བཤད་གསུངས་ཤིང་དེ་ལ་རྗེ་རས་པས་དགོངས་འགྲེལ་མཛད། རྗེ་བཙུན་གྱིས་དེའི་གེགས་སེལ་བོགས་འདོན་གནད་འགག་ཏུ་སྒྲིལ་བ་གསུངས། དེ་ནས་དཔོན་སློབ་རྣམས་རྙ་ནང་པ་རྣམས་ཀྱི་སྤྱན་དྲངས་སྟེ་གྲོད་ཕུག་ན་བཞུགས་དུས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་ཞལ་བསྟན་ཏེ། །སྙན་བརྒྱུད་ཡིད་བཞིན་ནོར་བུ་དེ། །རྣལ་འབྱོར་ཙིཏྟའི་དཀྱིལ་ནས་ཕྱུང་། །བཛྲ་ཀི་རྟིའི་སྤྱི་བོར་བཞོག །འོད་ཟེར་དགའ་བས་འཐུང་བར་འགྱུར། །ཅེས་པའི་ཚིག་བཅད་དང་། ད་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་ངག་ཆིག་རྒྱུད་དུ་གནས་པ་བཀའ་རྒྱ་ཅུང་ཟད་བཀྲོལ་ཏེ་སྣོད་ལྡན་གྱི་བུ་ཉི་མ་ལྟ་བུ་ལ་དོན་རྒྱུད་འདུས་པ་དང་། ཟླ་བ་ལྟ་བུའི་སྐྱེས་བུ་ལ་བསྟན་པའི་ཆུ་རྒྱུན་འཛིན་ཕྱིར་ཚིག་དོན་ལྷག་མ་མ་ལུས་པར་ཡོངས་སུ་རྫོགས་པ་དང་། རྒྱུ་སྐར་ལྟ་བུའི་སྣོད་ལྡན་འགའ་ཟུང་ལ་མ་འཆལ་བར་བསྟན་པས་ཆོག་པའི་ལུང་བསྟན་བྱུང་སྟེ། དྭགས་པོ་རིན་པོ་ཆེ་ལ་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གཙོ་བོར་བརྡ་ཡི་དབང་གིས་སྨིན་བར་མཛད་ནས་དོན་བསྡུས་པར་གདམས། རྗེ་ངམ་རྫོང་པ་ལ་འབྲིང་པོའི་ཚུལ་དང་། རྗེ་རས་ཆུང་པ་ལ་ཡོངས་རྫོགས་ལྷག་མ་མ་ལུས་པ་གཏད་རྒྱ་དང་བཅས་

(༡༦༣)པ་ཕྱིས་སུ་དུས་ལ་བབས་ཏེ་གནང་བར་དགོངས། དེ་དུས་ཡབ་སྲས་གཉིས་གདུལ་བྱ་དུས་ལ་བབ་ཕྱིར་ཚོགས་པ་ཤིན་ཏུ་བཟང་ཞིང་འཆད་ཉན་སྒོམ་སྒྲུབ་དམར་ལ། ཐ་མ་ཡོན་བདག་འགའ་ཞིག་ཡབ་བས་ཀྱང་སྲས་ལྷག་རྒྱ་གར་ལན་གསུམ་འཁོར། ཡབ་ལ་མི་བཞུགས་པའི་ཆོས་དང་གདམས་པ་སྲས་ལ་བཞུགས་ཞེས། ཞབས་ཏོག་ཤིན་ཏུ་བཟང་བར་གྱུར་ཏེ། ཡོན་བདག་ཕོ་མོ་རྣམས་དད་པ་མོས་གུས་ཀྱི་འདུ་ལོང་ལོངས་སྤྱོད་ཆེས་པས་རྗེ་བཙུན་རས་ཆུང་པ་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་ཅུང་ཟད་འདུག་པ་ལ། སྤོངས་གསུང་པའི་ཞལ་རྟ་ཡང་ཡང་གནང་བས་རས་ཆུང་པའི་ཐུགས་ལ་ངས་ཕ་ཡུལ་ནི་སྤངས། ཆོས་བརྒྱད་ཀྱི་སྐྱོན་གྱིས་མ་གོས་ལས་ཆེ་སྙམས་རྗེ་བཙུན་ལ་ཕ་ཡུལ་སྤངས་པས་ཆོས་ཕྱེད་འགྲུབ་ཟེར་བ་དེ་བདེན་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཆོས་སྤྱི་སྐད་ལ་དེ་སྐད་ཟེར་ཏེ་དེས་ཅུང་མི་ཕན་གསུང་། མགུར་འདི་གསུངས་སོ། ༈ །རིགས་ཀྱི་བདག་པོའི་ངོ་བོ་ནི། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ན། །སྐྱོན་གྱིས་མ་གོས་བླ་མ་དེ། །ཡོན་ཏན་ཚོགས་ཀྱི་རབ་བརྒྱན་པའི། །བལྟ་བས་མི་ངོམས་རྗེ་ལ་བསྟོད། །ཕ་ཡུལ་སྤངས་པའི་མི་ཡུལ་ཀྱང་། །དེ་བསྲུངས་ལུགས་དང་ཚུལ་བཞིན་དགོས། །སྙན་དང་གྲགས་པ་ཆེ་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབ། །ཟས་བཀུར་སྟི་སྤངས་

(༡༦༤)བའི་ཁམ་ཟན་ཀྱང་། །ཆེ་ལ་གསོག་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་ཞིམ་ལ་འགྲངས་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །གོས་རས་ཡུག་སྤངས་པའི་བརྩེམས་བེར་ཡང་། །ཚེམ་གྲུབ་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་དྲོ་འཇམ་ཡང་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབ། །མཁར་ཁྱིམ་སྤངས་པའི་ས་ཕུག་ཀྱང་། །ཐིགས་ཚགས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་བཙན་ལ་རུབ་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབ། །ཞིང་ཆེན་སྤངས་པའི་ཞིང་ཆུང་ཡང་། །སོ་ནམ་ལུགས་དང་ཚུལ་བཞིན་དགོས། །ལོ་ཉུང་མང་ལ་བཟང་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབ། །འཁོར་བའི་ཆོས་ཉིད་གཞི་རྩ་བྲལ། །བརྟགས་ན་ངོས་བཟུང་མེད་པ་ལ། །རྟོགས་ན་མྱ་ངན་འདས་པ་ཡིན། །ཐམས་ཅད་སྟོང་པའི་ཆོས་ཉིད་ལ། །རྣལ་འབྱོར་རྟག་པར་མ་འཛིན་ཞིག །ཅེས་གསུང་ཞིང་། བླ་མའི་གསུང་ནས་ཕ་ཡུལ་ཙུགས་སྤངས་ལ་རག །ཕ་ཡུལ་སྤངས་ནས་ཚེ་འདི་བློས་བཏང་། གྱོང་ལྟོ་གོས་གཏམ་གསུམ་ལ་ཁུར། བླ་མ་ལ་ཁ་ཞེ་མེད་པའི་མོས་གུས་གྱིས་བླ་མའི་གདམས་ངག་རྣམས་ཆུད་མ་གསན་པར་རི་ཁྲོད་དབེན་པར་ཉམས་དང་རྟོགས་པ་སྐྱོངས་ན་ཆོས་ཕྱེད་འགྲུབ། གཞན་འདུ་འཛི་དང་གཡེང་བ་དགའ་ཞིང་ཆོས་བརྒྱད་ཀྱི་མདུད་པ་དང་མ་བྲལ་ན་ཆོས་ཕྱེད་ལས་ཆ་ཙམ་ཡང་

(༡༦༥)འགྲུབ་པ་ཡང་དཀའ་གསུང་། དེར་རས་ཆུང་པས་བླ་མ་ལགས་དེ་ལ་གོ་རྒྱུ་ཆེན་པོ་ཅིག་བྱུང་། །ཆོས་སྤྱི་ལ་བཤད་པ་དེ་ལ་གོ་རྒྱུ་ཡེ་མ་བྱུང་དུས་ཏེ། ཞུས་ལན་མགུར་དུ་ཕུལ་བ། །རྗེ་དུས་གསུམ་སངས་རྒྱས་རས་ཆེན་ལ། །བདག་ཁ་ཙམ་མིན་པར་གསོལ་བ་འདེབས། །སྤྱིར་འཁོར་བའི་ཆོས་ལ་སུན་ཕྱུང་ནས། །ཆོས་མྱ་ངན་འདས་ལ་དད་པ་དཀའ། །འཇིག་རྟེན་གཡེང་བ་ཀུན་སྤངས་ནས། །དལ་འབྱོར་འཛོམ་པའི་མི་ལུས་དཀའ། །ན་དང་ཚ་བ་ཀུན་སྤངས་ནས། །བཀོལ་དུ་བསྟུབ་པའི་ཕུང་པོ་དཀའ། །བསམ་པ་ལྟ་སྤྱོད་མཐུན་པ་ཡི། །རྒྱུན་དུ་འགྲོགས་པའི་ཟླ་གྲོགས་དཀའ། །དད་པ་སྐྱོ་དུབ་མེད་པ་ཡི། །རི་ཁྲོད་འགྲིམ་པའི་སློབ་མ་དཀའ། །ལུང་རིག་མན་ངག་གསུམ་འཛོམ་པའི། །ཐུགས་རྗེ་ཅན་གྱི་སློབ་དཔོན་དཀའ། །འཇིགས་དང་དོགས་པ་སྤངས་པ་ཡི། །ཕུན་སུམ་ཚོགས་པའི་དགོན་པ་དཀའ། །དེ་རྣམས་ཐམས་ཅད་ཀུན་འཛོམ་ཡང་། །རྩེ་གཅིག་གནས་པའི་བསམ་གཏན་དཀའ། །སྡུག་བསྔལ་བསྐྱེད་པའི་ཁྱིམ་ཐབས་ལ། །བདེ་སྐྱིད་འཛིན་པ་ཤིན་ཏུ་གླེན། །བསགས་ཀྱང་ལུས་པའི་ནོར་རྫས་ལ། །སྡིག་དང་གདོངས་ནས་བསོག་པ་གླེན། །སྒྱུ་ལུས་འབྱུང་བཞིའི་གཡར་པོ་ལ། །བདག་ཏུ་འཛིན་པ་ཤིན་ཏུ་གླེན། །འཆི་བ་ནམ་ཡོང་ཆ་མེད་ལ། །ཚེ་འདིར་ཆགས་པ་ཤིན་ཏུ་གླེན། །ཁོ་བོ་བླ་མའི་

(༡༦༦)ཐུགས་ཀྱི་སྲས། །བསོད་ནམས་བསགས་པས་མི་ལུས་ཐོབ། །ཐོབ་པ་ཆུང་ཟོས་མ་བཏང་བར། །སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །བརྒྱུད་ལྡན་བླ་མ་ཁྱེད་དང་མཇལ། །གསང་སྔགས་ཟབ་མོའི་ཉམས་ལེན་བྱས། །ད་ལྟ་འཁོར་འདས་སྤང་བླང་བྲལ། །ཆོས་མཐུན་སྤྱོད་པས་འགྲོ་བ་འདྲེན། །བླ་མའི་བཀའ་དྲིན་ཡིན་པར་ཤེས། །བྱིན་གྱིས་རློབས་ཤིག་རས་ཆེན་རྗེ། །ད་ལྟ་སྐྱིད་པའི་ཉི་མ་ཤར། །ཞེས་ཞུ་དོན་གླུར་ཕུལ་བས། །རྗེ་བཙུན་གྱི་གསུང་ནས། ངེས་ཤེས་སེམས་ལ་སྐྱེས་པ་དེ་དོན་དམ་ཡིན། ཚིག་ཕྱི་ལ་འགྲེང་བ་དེ་འཆལ་གཏམ་ཡིན་གསུང་། གསང་སྔགས་ཐབས་ཀྱི་ལམ་ལ་བརྟེན་པ་ལགས་པས་འདོད་ཡོན་བག་ཙམ་རེ་བརྟེན་པས་ཁྱབ་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་འདོད་ཡོན་སྒྲུབ་པའི་གྲོགས་སུ་འགྲོ་ན་བརྟེན་པས་ཆོག་སྟེ་བསྒྲུབ་པ་འདོད་ཡོན་གྱི་གྲོགས་སུ་འགྱུར་ན་མི་རུང་། ངས་ལྷོ་བྲག་མར་པའི་དྲུང་ནས་ཡོད་དུས་ཆོས་བརྒྱད་སྤོངས། འདོད་ཡོན་ངན་ངོན་ཙམ་ལ་བརྟེན་ནས་བསྒྲུབ་པ་གྱིས་ཤིག་གསུངས་པ་ལྟར་བསྒྲུབ་པས་ཡོན་ཏན་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་ཀྱང་ཆོས་བརྒྱད་སྤོངས་ལ་བསྒྲུབ་པ་ལོང་ཡོད་དུ་མ་བཞག་པར་སྒྲུབས་ཤིག་གསུང་། མགུར་འདི་གསུངས་སོ། ༈ །རྗེ་བླ་མའི་རྣམ་ཐར་སེམས་ལ་བཅགས། །གསུང་ཞལ་ལྟ་བདུད་རྩི་བརྗོད་དུ་མེད། །

(༡༦༧)

(༡༦༨)

(༡༦༩)

(༡༧༠)

(༡༧༡)

(༡༧༢)

(༡༧༣)

(༡༧༤)

(༡༧༥)ཆོས་ལོང་ཡོད་ལ་བཞག་ན་སྐལ་བ་ཆད། །ཆོས་རང་རྒྱུད་ལ་བསྲེ་ནས་འབུངས་ལ་བསྒོམས། །ཚེ་འདི་ལ་ཆགས་ན་ཕྱི་མ་སྡུག །འཕྲལ་སྐྱིད་ལ་དགའ་ན་བར་ཆད་ཆེ། །ཆོས་ལོང་ཡོད་ལ་བཞག་ན་གླེན་པ་ཡིན། །རང་འཆི་བས་འཇིགས་ན་འབུངས་ནས་སྒོམས། །ལས་སྡིག་པ་བྱས་ན་ངན་འགྲོར་ལྟུང་། །སེམས་གཡོ་ཟོག་འདུག་ན་རང་ཉིད་རླག །རང་བསམ་ངན་སྐྱེས་ན་བསོད་ནམས་མཛད། །ལས་རྣམ་སྨིན་སྦྱོང་ན་འབུངས་ལས་སྒོམས། །གོས་བཟང་པོ་གྱོན་འདོད་སྣང་བ་འཁྲུལ། །ཟས་ཞིམ་པོ་ཟ་འདོད་སྡིག་སྤྱོད་རེ་མ། །གཏམ་སྙན་པོ་འདོད་ན་ལྷ་ཁ་སྡུག །བློ་ཆོས་བརྒྱད་སྤོངས་ལ་འབུངས་ལས་སྒོམས། །ནོར་ཕྱུག་བོ་ཡོང་འདོད་དགྲ་དང་འཕྲད། །འཁོར་མང་པོས་བསྐོར་འདོད་བློ་འགྱོད་ཆེ། །ཚོང་དངོས་པོ་བསོག་འདོད་ལོག་ལྟ་མང་། །བློ་ཆོས་དང་བསྟུན་ནས་འབུངས་ལ་སྒོམས། །སྒོམ་ནུས་ན་སེམས་ལ་རྟོགས་པ་འཆར། །སྒོམ་མ་ནུས་ཁ་བཤད་ཁྲམ་པའི་ཤགས། །ཡུན་རིང་བོར་བསྒོམ་ལོང་མ་མཆིས་པས། །ཡེངས་མེད་དུ་སྒོམ་ལ་བརྩོན་བར་བགྱིས། །བློ་ཆོས་དང་འདྲེས་ན་གར་ཡང་བདེ། །རང་གཅིག་པུར་བསྡད་ན་ཅིས་ཀྱང་དྲག །སྒོམ་གསལ་སྟོང་གི་བསམ་གཏན་རིན་པོ་ཆེ། །བུ་རས་ཆུང་པའི་སེམས་ལ་གནས་པར་ཤོག །ཅེས་གསུངས་པས། ཆོས་

(༡༧༦)བརྒྱད་ཁ་བྲི་བ་ཙམ་མ་གཏོགས་མ་ཚང་ནས་ཐོན་པ་མ་བྱུང་པས་འདི་ལ་ཅི་ནས་ཀྱང་ངེས་འབྱུང་གི་བསྐུལ་འདེབས་ཤིག་དགོས་པ་འདུག་དགོངས་པ་ལས། རྙ་ནང་ཚོང་འདུས་སུ་དམར་ཁེ་བའི་ཚོང་བ་མང་དུ་བྱུང་བའི་ཚེ་རས་ཆུང་པ་དང་དཔོན་སློབ་གཉིས་པོས་བསོད་སྙོམས་ལ་བྱོན་པས། ཤའི་རྩིག་པ་རྩིགས་མགོ་ཡི་ཕུང་པོ་དཔུངས་ལྤགས་པ་གཅལ་དུ་བཀྲམ་ཁྲག་གི་མཚོ་བསྐྱིལ་ཏེ་སེམས་ཅན་གསོད་རྒྱུ་མང་པོ་བསྟར་ལ་བརྒྱུས་པའི་དབུས་ན། མོན་པ་རྒན་པོ་ལག་པ་ཞ་བོ་ཞིག་གིས་ཀྱང་ལུག་ནག་པོ་ཆེན་པོ་ཞིག་ལ་ཁོང་ལག་གཏང་བས། རྨ་བཟོས་ཙམ་ལ་རྒྱུ་མ་ན་རེ་རེ་ལུག་ཤོར་སྟེ་འཇིགས་ནས་སྐད་ཆེན་པོ་འདོན་ཞིང་འདར་ཁྲི་ལེ་བའི་ངང་ལ་རྗེ་བཙུན་ཡབ་སྲས་ལ་སྐྱབས་འཚོལ་དུ་བྱུང་ནས། ལུག་ཚེའི་དུས་བྱེད་པའི་བར་ལ་རྗེ་བཙུན་གྱིས་སྤྱན་ཆབ་མང་པོ་བསིལ་ཞིང་ལུག་ལ་འཕོ་བ་མཛད་ནས་རྣམ་ཤེས་བྱང་ཆུབ་ལམ་ལ་བཀོད་དེ་སྙིང་རྗེ་ཆེན་པོ་མི་བཟོད་པའི་ངང་ནས་མགུར་འདི་བ་གསུངས་སོ། ༈ །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཐར་པའི་ལམ་ལ་ཡར་ལྟོས་དང་། །ཨ་ཙ་མ་སྡིག་ཅན་སྙིང་རེ་རྗེ། །ལས་རེ་རྨོངས་མི་ལུས་ཀྱི་ཡོང་པ་ལ། །ཞེ་རེ་འཕངས་སེམས་ཅན་གྱི་གསོད་ལུགས་ལ། རྒྱོད་རེ་ཆེ་རང་མགོའི་བསྐོར་ལུགས་ལ། །ཙུགས་རེ་གྲག་ཕ་མའི་

(༡༧༧)འཆི་ལུགས་ལ། །ཇི་ལྟར་བྱེད་སྡིག་ཤའི་རྩིག་ལུགས་ལ། །ཅི་རེ་བྱེད་ཁྲག་གི་མང་ལུགས་ལ། །ཇི་ཙམ་ལྟོགས་ཤའི་ཟ་ལུགས་ལ། །གང་ནས་བསམས་སྣང་བའི་འཁྲུལ་ལུགས་ལ། །སྡིག་རེ་ཆེ་སྙིང་རྗེ་མེད་ལུགས་ལ། །ཅི་ཙམ་སྒྲིབས་རྨོངས་པའི་གཏི་མུག་ལ། །ཅི་རེ་བྱེད་སྡིག་པའི་སོ་ནམ་ལ། །སུའི་རྩེར་འདོད་པའི་གདུངས་ལུགས་ལ། །གང་གིས་བྱས་ཡུལ་ལུགས་ཀྱི་ངན་པ་ལ། །ཅུགས་རེ་གྲག་སྐྱོ་བའི་སྐྱེ་ལུགས་ལ། །ཅི་རང་བྱེད་སྡིག་ཅན་གྱི་བྲེལ་ལུགས་ལ། །ཕྱི་མ་སྐད་ཅིག་མི་དྲན་པའི། །མི་འདི་འདྲ་མཐོང་ན་ང་རེ་འཇིགས། །སྡིག་སྤྱོད་རྣམས་མཐོང་བཞིན་སྣང་བ་འཁྲུགས། །རས་ཆུང་པ་ལྷ་ཆོས་ཨེ་དྲན་ཨང་། །དྲན་ན་སྐྱོ་ཤས་ཀྱིས་སྙིང་རླུང་གདང་། །སྒོམ་ན་རི་ཁྲོད་ཀྱི་གནས་ལ་གཤེགས། །སོམས་ན་བླ་མའི་བཀའ་དྲིན་སོམས། །འབྲོས་ན་སྡིག་སྤྱོད་ཙ་ནས་བྲོས། །བཏང་ན་འཇིག་རྟེན་གྱི་བྱ་བ་ཐོང་། །འཛིན་ན་བསྒྲུབ་པའི་དམ་བཅའ་བཟུང་། །ཤེས་ན་མི་ཚེ་ཆོས་ལ་སྐྱོལ། །ཅེས་གསུངས་པས། རས་ཆུང་པ་ཡང་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་གཏིང་ནས་སྐྱེས་ཏེ་སྤྱན་ཆབ་མང་པོ་བསིལ་ཞིང་བླ་མ་ལགས་བདག་ཀྱང་བླ་མའི་བཀའ་བཞིན་ཆོས་བརྒྱད་སྡིག་ཟས་ཀྱི་འཚོ་བ་སྤངས་ནས་སྒོམ་པ་ལགས་པས། འོ་སྐོལ་དཔོན་སློབ་དབེན་

(༡༧༨)པའི་རི་གང་འདྲ་ཞིག་ལ་བསྒོམ་དུ་འབྱོན་ཞུས་པའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུང་སོ། ༈ །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ལས་ངན་གྱིབ་བསྒྲིབས་པས་མུན་པ་ནག །རྣམ་རྟོག་གི་རྐུན་མ་མང་ལ་རྒོད། །བསམ་གཏན་གྱི་ནོར་བུ་འཆོར་ལསཆེ། །ཡེངས་མེད་ཀྱི་མེལ་ཚེ་བྱེད་རེ་རན། །མི་སྡིག་ཅན་ལ་འཆི་བ་ཡོང་སྙམ་མེད། །ངེད་རང་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །འཁོར་བའི་རྒྱུན་ནི་ལམ་འཕྲང་རིང་། །དུག་ལྔའི་ཇག་པ་འཚུབ་ལ་རྒོད། །བུ་རིག་པའི་ཁྱེ་ཆུང་འཛིན་ལས་ཆེ། །ཡེ་ཤེས་ཀྱི་སྐྱེལ་མ་ཚོལ་རེ་རན། །མི་སྡིག་ཅན་ལ་འཆི་བ༴ །རང་རེ་རས་ཆུང་གཉིས་ལ་ཕྱི༴ སྐྱོན་གྱི་རི་བོ་དཔང་རེ་མཐོ། །ཉོན་མོངས་ཀྱི་རྔོན་པ་ཁྱི་རེ་ཚ། །ཏིང་འཛིན་རི་དྭགས་གསོད་ལས་ཆེ། །ཡང་དག་གི་མཐའ་ལ་འབྲོས་རེ་རན། །མི་སྡིག་ཅན་ལ་འཆི་བ༴ །རང་རེ་རས་ཆུང་གཉིས་ལ་ཕྱི༴ །སྒྱུ་མ་ལུས་ཀྱི་ཁང་ཧྲུལ་ལ། །ཞག་དང་ཟ་མའི་ཆར་པ་བབས། །ལོ་དང་ཟླ་བའི་ཐིགས་པས་བརྡུངས། །སྒྱུ་མའི་ཁང་ཧྲུལ་འཇིག་ལས་ཆེ། །འཆི་བྲོད་ཀྱི་ཐིག་ཚགས་བྱེད་རེ་རན། །མི་སྡིག༴ །རང་རེ༴ །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རིག་པའི་ཁྱེའུ་ཆུང་རྐྱལ་རེ་རན། །འཁྲུལ་པའི་རྦ་ལ་གཡེང་ལས་ཆེ། །གཉིས་མེད་གླིང་དུ་འབྲོས་རེ་རན། །མི་སྡིག་ཅན་ལ༴ །རང་རེ་རས་ཆུང་གཉིས༴ །འཁྲིགས་ཆགས་ཀྱི་ནེ་ཐང་ཡངས་ལ་ཆེ། །ཁྱིམ་ཐབས་ཀྱི་འདབ་རྫབ་གཏིང་རེ་ཟབ། །ངེས་འབྱུང་གི་གླང་པོ་བྱིང་ལས་ཆེ། །ཐར་པའི་སྐམ་ས་སྙེགས་རེ་རན། །མི་སྡིག་ཅན་ལ་འཆི་བ༴ །

(༡༧༩)རང་ར་རས་ཆུང་གཉིས། །ཐེག་དམན་གྱི་ལྟ་སྒོམ་གཡང་ས་ཆེ། །བློ་དམན་གྱི་བྱིས་པ་བྱ་བྱེད་མང་། །རིགས་དྲུག་གི་གཡང་ལ་ལྷུང་ལས་ཆེ། །མི་སྡིག་ཅན་ལ་འཆི་བ་ཡོང་སྙམས༴ །རང་རེ་རས་ཆུང་གཉིས༴ །ཅེས་གསུངས་ནས་དཔོན་སློབ་གཉིས་བྱོན་པས་ཚོང་འདུས་ཀྱི་གཞི་བྱེས་ཀྱི་མི་ཕལ་ཆེར་རང་དབང་མེད་པར་དད་པ་སྐྱེས་ནས། །རྗེ་བཙུན་ཡབ་སྲས་ལ་བསྙེན་བཀུར་དང་འཚོ་བའི་ཡོ་བྱད་མང་པོ་ཕུལ་རུང་སྡིག་ཟས་དང་འཇིག་རྟེན་ཆོས་བརྒྱད་བསླུ་བའི་ཆོས་སུ་འདུག་གསུང་མ་བཞེས་པར། ལ་ཕྱི་གངས་ཀྱི་ར་བ་ལ་བྱོན་ཏེ་བདུད་འདུལ་ཕུག་མོ་ཆེར་བཞུགས་པར། ལྷ་སྲིན་སྡུག་པ་ཅན་བཏུལ་ཏེ་ཆུའི་ཏིང་ངེ་འཛིན་དང་སྐྱོ་སངས་ལ་བྱོན་པ་ཆང་ཀླུའི་སྐོར་སོགས་གསུངས། ཡང་དུས་ཤིག་གི་ཚེ་རྗེ་རས་ཆུང་པའི་མནལ་དང་འོད་གསལ་འདྲེས་པའི་ཉམས་ལ། བླ་མ་ཏི་ཕུ་དེ་ཉིད་དུར་ཁྲོད་ཆས་ཀྱི་བརྒྱན་ནས་གར་མཛད་ཅིང་ཞལ་ནས་གདམས་པ་འགའ་གསུང་བ་ཞིག་ཐོས་པ་ལ། མནལ་སད་ནས་བླ་མ་དྲན་བཞིན་མཇལ་འདོད་པ་ལ་ཚད་མེད་པའི་བློ་སྐྱེས་ནས་རྒྱ་གར་ལ་འབྱོན་པའི་ཐུགས་ཐག་བཅད་དེ། རྗེ་བཙུན་ཆེན་པོ་མི་ལའི་དྲུང་དུ་བྱོན་ཏེ་འདི་ལྟར་གསོལ་བ་འདེབས་པའི་ཞུ་བ་མགུར་དུ་ཕུལ་བ། ༈ །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །མཚན་ལྡན་བཞད་པ་རྡོ་རྗེ་ཞེས། །

(༡༨༠)གྲུབ་ཐོབ་རྒྱལ་པོ་ཁྱོད་ཞབས་འདུད། །མདང་གསུམ་ཉལ་བའི་རྨི་ལམ་དུ། །ཏི་ཕུ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞལ་ནས་ཆོས་སྒྲ་དུ་མ་སྒྲོག །དེ་ཐོས་པས་བག་ཆགས་རྨི་ལམ་སད། །རྗེ་ཡིད་ལ་དྲན་པས་ཚུགས་ཐབས་མེད། །ཁོ་བོ་རྒྱ་གར་ཡུལ་དུ་འགྲོ་སྙིང་འདོད། །མ་གཅིག་གྲུབ་པའི་རྒྱལ་མོ་དང་། །ཏི་ཕུ་གསང་སྔགས་སྡོང་པོ་སོགས། །སྐུ་དྲིན་ཅན་གྱི་བླ་མ་རྣམས། །རྒྱ་གར་འཕགས་པའི་ཡུལ་དུ་བཞུགས། །དངོས་གྲུབ་རྫས་ཀྱི་སྡོང་པོ་དང་། །ངོ་མཚར་སྤྲུལ་པའི་ལྟད་མོ་དང་། །འདོད་འཇོའི་བ་རྣམས་མཇལ་སྙིང་འདོད། །དག་པ་འཕྲུལ་གྱི་གཞལ་ཡས་དང་། །ལྷ་དང་ལྷ་མོའི་མཆོད་རྗེས་དང་། །རྣལ་འབྱོར་ཕོ་མོའི་ཚོགས་འཁོར་ལ། །ད་ལྟ་ཁོ་བོས་མཇལ་སྙིང་འདོད། །ཏི་ཕུ་གསང་སྔགས་སྡོང་པོ་ལ། །གསང་སྔགས་རྒྱུད་སྡེའི་ཁོང་སྙིང་གི། །མན་ངག་ད་རུང་ཡོད་གསུང་པ། །ད་རུང་ཁོ་བོས་བླངས་ནས་ཀྱང་། །སེམས་ཅན་ཀུན་ལ་ཕན་པར་བྱ། །ཕ་བླ་མ་སྐུ་ཁམས་བཟང་བ་དང་། །རས་ཆུང་རྒྱ་གར་འཁོར་བྱས་ནས། །དབེན་པའི་བསྒྲུབ་གནས་རྣམས་སུ་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཞུ། །ད་ལན་རྒྱ་གར་འགྲོ་བ་ལ། །བླ་མས་བཀའ་དྲིན་གནང་བར་ཞུ། །ཞེས་མགུར་དུ་ཕུལ་ནས། སླར་ཡང་ཞིབ་ཏུ་ཞུས་པ། བླ་མ་ཏི་ཕུ་རྒྱ་གར་ན་བཞུགས། རྟེན་ངོ་མཚར་ཅན་ཡང་རྒྱ་གར་ན་བཞུགས། སྔར་རྒྱ་གར་ལ་ཕྱིན་དུས་བླ་མ་ཏི་ཕུའི་

(༡༨༡)ཞལ་ནས་ད་དུང་སྡོད་ཅིག་གདམས་པ་གཏེར་རྒྱུ་ཡོད་གསུང་བ་ལ། ངས་བོད་ན་བླ་མ་མི་ལ་སྐུ་བསྒྲེས་ནས་ཡོད་པས་འགྲོ་ཞུས་པས། དེས་ན་སོང་ཕྱིས་སླེབ་པ་བྱུང་ན་ཤོག་གསུང་པ་ཡོད་པས་ད་ལན་རྒྱ་གར་ལ་འགྲོ་བས། བླ་མས་བཀའ་གནང་ནས་བར་ཆད་སེལ་བ་ཞུ་ཞུས་པས། བླ་མས་བཀའ་མ་གནང་སྟེ་རྒྱ་གར་བས་ཀྱང་བོད་རང་ངོ་མཚར་ཆེ་བ་དང་། གྲུབ་ཐོབ་འདི་ན་ཡང་བཞུགས་ཤིང་རང་བྱུང་ཐུགས་རྗེ་ཆེན་པོ་ལ་སོགས་པ་དང་། ཇོ་ཤཱཀ་རྣམ་གཉིས་ཆོས་རྒྱལ་རིགས་འཛིན་མཁས་གྲུབ་སྤྲུལ་སྐུ་མང་པོས་བྱིན་གྱིས་བརླབས་པའི་ས་ཕྱོགས་ཡིན་ཞེས་བཤོལ་གཏབ། སྙིང་གཏམ་གྲོས་སུ་སྙད་པའི་རྗེས་ལ། ཕྱི་ནང་གསང་གསུམ་གྱི་རྫུ་འཕྲུལ་ཡ་མ་ཟུང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ཆེ་བ་བསྟན་ནས། ངོ་མཚར་བའི་མགུར་བཞེངས་པ། ༈ །བདག་གི་སྤྱི་བོའི་གཙུག་ཉིད་ན། །པདྨ་ཉི་ཟླའི་གདན་སྟེངས་ན། །སྐྱེས་མཆོག་མར་པ་ལོཙྪ་དེ། །དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །མི་འབྲལ་ལུས་དང་གྲིབ་མ་འདྲ། །འདི་ལས་ངོ་མཚར་ཆེ་བ་མེད། །བུ་རྒྱ་གར་ངོ་མཚར་ཆེ་རྒྱུ་མེད། །དོན་དེ་བཞིན་ཡིན་ཆོ་བརྩོན་འགྲུས་ཅན། །ཞེས་པ་ལ་སོགས་པའི་མགུར་མང་དུ་གསུངས། ཐུན་མོང་མ་ཡིན་པའི་གདམས་པ་མི་འདྲ་བ་བཅོ་བརྒྱད་བསྟན། ནང་ལུས་ཀྱི་མཛད་པ་དྲུག་གིས་ཐབས་ཡིད་ཆེས་

(༡༨༢)པར་ངོ་སྤྲད། གསང་བ་སྦས་པའི་མཛད་པ་དྲུག་གིས་བསྐྱེད་རྫོགས་སྤྲོས་པ་བཅད། ཕྱི་ཐུན་མོང་གི་མཛད་པ་དྲུག་གིས་བླ་མ་ལ་ངེས་ཤེས་བསྐྱེད་དེ། བླ་མའི་ཞལ་ནས་བུ་རས་ཆུང་པ་གསོལ་བ་བཏབ་ན་བླ་མ་དང་རང་སེམས་དབྱེར་མེད་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོར་གནས་དུར་ཁྲོད་བརྒྱད་དང་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་གནས་ཆེན་རྣམས་ཀྱང་རང་གི་ལུས་ལས་གཞན་དུ་མེད་སྣང་བ་སྣ་ཚོགས་སྤྲུལ་པ་སྐུའི་རང་བཞིན་ཡིན། སེམས་ལས་ལོགས་ན་ལྟད་མོ་དང་ངོ་མཚར་བ་གཞན་མེད་པས། བུ་རྒྱ་གར་ལ་འགྲོ་བའི་སྤྲོས་བ་ཆོད། བུ་བླ་མའི་བཀའ་ལ་ཉོན་ལ་དོན་མེད་ཀྱི་གྲོས་སྣ་མ་མང་། བློ་སྣ་མང་པོས་སེམས་སྤུར། ཡིན་མིན་གྱི་ལོང་གཏམ་མང་པོས་ཉམས་ལེན་ཕྱི་ཤོལ་དུ་སྐྱུར་བའི་བདུད་བྱེད། འགྲོ་འདུག་མང་པོས་ཁ་ལ་ཡོད་དོན་ལ་མེད་པའི་ཆོས་པར་འགྲོ། ཆོས་ཐོས་བློ་མང་པོས་ཚིག་མང་ལ་གདེང་མ་ཐོབ་པའི་ཆོས་པའི་གཟུགས་བརྙན་སྒོམ་ཆེན་དུ་མིང་བཏགས་པ་དོན་ལ་དྲེད། ཚིག་ལ་ཡེངས་ཏེ་རང་རྒྱུད་གསེ་རངས་ལྟར་ཀ་མ་ཏོག་གེ་གྱོད་ཧྲང་ངེ་བ་ཞིག་ཡོང་སྲིད་པས་བུ་རྒྱ་གར་གྱི་སྤྲོས་པ་ཆོད་ལ་ཁ་ནང་དུ་ལོག་ལ་བསྒོམ་དང་ཡིན་ལུགས་ཤིག་ནང་ནས་འཆར་གྱི་གསུང་། དེ་ནས་རྗེ་རས་ཆུང་བས། ཉམས་རྟོགས་ལྟ་བའི་གདེང་ཚད་བཀའ་ལུང་ཕུད་དུ་འཁུར་བའི་མགུར་འདི་ཕུལ་བར་གདའ། །

(༡༨༣)རྗེ་འགྲན་གྱི་དོ་མེད་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སྤྲུལ་པའི་སྐྱེས་མཆོག་ཆོས་ཀྱི་རྗེ། །བདག་བཀའ་བཞིན་བསྒྲུབ་པོ་རྗེས་སུ་བཟུང་། །བཀའ་བརྒྱུད་རྩོད་པ་མེད་དང་གཅིག །གྲུབ་ཐོབ་རྒྱུན་ཆད་མེད་དང་གཉིས། །སློབ་དཔོན་འགྲན་ཟླ་མེད་དང་གསུམ། །དེ་གསུམ་བཀའ་བརྒྱུད་ཀྱི་གདེང་ཚད་ཡིན། །སྙན་བརྒྱུད་ངོ་སྤྲོད་ཟབ་དང་གཅིག །ཐབས་ལམ་དཀའ་ཚེགས་མེད་དང་གཉིས། །གནས་ལུགས་ཕྱག་རྒྱ་ཆེ་དང་གསུམ། །དེ་གསུམ་གདམས་ངག་གི་གདེང་ཚད་ཡིན། །ལྟ་བ་འགྱུར་བ་མེད་དང་གཅིག །སྒོམ་པ་བསམ་བརྗོད་མེད་དང་གཉིས། །རང་རིག་ཡེ་ཤེས་དེ་དང་གསུམ། །དེ་གསུམ་ལྟ་བའི་གདེང་ཚད་ཡིན། །གཞི་འོད་གསལ་དྲི་མ་མེད་དང་གཅིག །ཉམས་བདེ་སྟོང་ངོས་བཟུང་མེད་དང་གཉིས། །དོན་གཉུག་མ་འབྲལ་བ་མེད་དང་གསུམ། །དེ་གསུམ་སྒོམ་པའི་གདེང་ཚད་ཡིན། །འཛིན་པའི་སྟོད་ཕུར་ཐོན་དང་གཅིག །ཞེན་མེད་ཉམས་སུ་ལེན་དང་གཉིས། །འགག་མེད་ཤུགས་ལས་འབྱུང་དང་གསུམ། །དེ་གསུམ་སྤྱོད་པའི་གདེང་ཚད་ཡིན། །ཆོས་ཉིད་མངོན་དུ་གྱུར་དང་གཅིག །སྐུ་གསུམ་རང་ལ་རྫོགས་དང་གཉིས། །གཞན་དོན་ཤུགས་ལས་འབྱུང་དང་གསུམ། །དེ་གསུམ་འབྲས་བུའི་གདེང་ཚད་ཡིན། །བླ་མའི་བཀའ་བཞིན་ཉན་དང་གཅིག །ཅི་བྱེད་ཆོས་བཞིན་མཐུན་དང་གཉིས། །

(༡༨༤)རང་སེམས་མཁའ་ལྟར་དག་དང་གསུམ། །དེ་གསུམ་དམ་ཚིག་གི་གདེང་ཚད་ཡིན། །དམིགས་གཏད་ཕྱོགས་རིས་མེད་དང་གཅིག །སྐྱིད་སྡུག་ཐད་ཀར་སྤྱོད་དང་གཉིས། །གང་བྱུང་གྲོགས་སུ་འཁྱེར་དང་གསུམ། །དེ་གསུམ་སྙིང་རུས་ཀྱི་གདེང་ཚད་ཡིན། །ཞེན་མེད་ལྡུམ་བུ་བྱེད་དང་གཅིག །རྫུན་གཡོ་ཟོལ་མེད་མཛད་སྤྱོད་གཉིས། །འཕྲལ་ཕྱིད་གསོག་འཇོག་མེད་དང་གསུམ། །དེ་གསུམ་འཚོ་བའི་གདེང་ཚད་ཡིན། །གདེང་ཚད་དགུའི་མཆོད་དབྱངས་འདི། །ཕ་བླ་མའི་སྙན་དུ་ཕུལ་བ་ལ། །དོན་ཡིན་མིན་གྱི་འཁུ་འཁྲིག་མ་མཆིས་པས། །བླ་མ་མཁའ་འགྲོའི་ཚོགས་རྣམས་དགྱེས་པར་མཛོད། །མི་ཁོ་བོ་ཡི་འགྲོ་སེམས་སྤྲོས་པ་ཆོད། །ཅེས་ཕུལ་ནས་བླ་མའི་བཀའ་བཞིན་རྒྱ་གར་ལ་འབྱོན་པའི་སྤྲོས་པ་བཅད། །ཞབས་སྤྱི་བོར་བླངས་ཞིང་གསུང་བཀའ་བཞིན་བསྒྲུབས་ཏེ་ཉམས་ལེན་གྱི་ཆོས་ཐམས་ཅད་སྟན་ཐོག་གཅིག་ཏུ་སྒྲུབ་པར་མཛད་དོ། །ཡང་རས་ཆུང་པའི་ཐུགས་ལ་མི་ལའི་མཁར་ལ་ཏི་ཕུའི་བ་གམ་བཏགས་ད་ང་ལས་ལྷག་པ་སུ་ཡང་མེད་སྙམས་པའི་ཐུགས་རྒྱལ་ཞིག་ཤར་བ་བླ་མས་མཁྱེན་ཏེ་བླ་མའི་གསུང་ལས་མཁར་བཟང་ཡང་བྱེ་མའི་འོག་གཞི་བྱས་ན་འགྱེལ་བྱ་བ་ཡིན་གསུང་། དེར་རྗེ་རས་ཆུང་པ་ཐུགས་མ་ནོང་ཞིང་ང་རྒྱལ་གྱི་རྟོག་ངན་ཤར་བ་ལ་ཡིད་འགྱོད་ཅིང་རྗེ་བཙུན་ལ་མི་ཕྱེད་པའི་དད་

(༡༨༥)པ་ཐོབ་པར་གྱུར་ཏོ། །དེ་ནས་དཔོན་སློབ་འགའ་རམ་གདིངས་རྣམ་ཕུག་ན་བཞུགས་པའི་ཚེ། རས་ཆུད་པ་ནཱ་རོ་པ་སྒོམ་ཐོག་ནས་ལྟ་བ་རྟོགས་པར་མཛད་པ་ལེགས་གསུང་། འབྲི་སྒོམ་རས་པ་མཻ་ཏྲི་པ་ལྟ་ཐོག་ནས་སྒོམ་པ་འཚོལ་བ་ལེགས་གསུང་། དེ་ལས་འཕྲོས་པའི་བགྲོ་གླེང་མང་དུ་མཛད་པ་ལས། རྗེ་བཙུན་གྱི་ཞལ་ནས་ཁྱེད་གཉིས་ངའི་གླུ་འདི་ལ་ཉོན་ལ་དེ་ནས་གླེང་མོ་བགྱིས་ཤིག་གསུང་མགུར་འདི་གསུངས་སོ། ༈ །ཉམས་དགའ་འོ་ཐ་སྙད་བྲལ་བས་སྐྱིད། །རྗེ་དྲིན་ཅན་གྱི་བླ་མ་གཙུག་ན་བཞུགས། །འབྲལ་མེད་ཀྱི་རྟོགས་པ་རྒྱུད་ལ་ཤར། །ཁྱོད་རྩོད་ཁམ་ཅན་གྱི་སྟོན་སྒོམ་གཉིས། །ཉེར་ལེན་ནང་ནས་མ་འཕྲོད་ན། །ཀུ་ཅོ་བྱེད་པ་ང་རྒྱལ་ཡིན། །བར་སྒྲོ་འདོགས་ནང་ནས་ཆོད་པ་ལ། །མཐའ་བྲལ་གྱི་ལྟ་བ་མི་ཟེར་རམ། །ལུང་རིགས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །རྣམ་རྟོག་ཆོས་སྐུར་ཐིམ་པ་ལ། །རང་བྱུང་གི་སྒོམ་པ་མི་ཟེར་རམ། །ཉམས་མྱོང་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །ཚོགས་དྲུག་རང་སར་དག་པ་ལ། །རོ་བསྙོམས་ཀྱི་སྤྱོད་པ་མི་ཟེར་རམ། །དུས་ཚོད་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །བདེ་སྟོང་གི་ཉམས་མྱོང་སྐྱེས་པ་ལ། །སྙན་བརྒྱུད་ཀྱི་གདམས་ངག་མི་ཟེར་རམ། །དབང་བཞི་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །སྟོང་ཉིད་ཀྱི་གསལ་སྣང་ཕྱེད་པ་ལ། །ས་

(༡༨༦)ལམ་གྱི་རིམ་པ་མི་ཟེར་རམ། །ལམ་རྟགས་དང་འབྲེལ་བ་ཅིག་རྒྱན་དུ་ཆེ། །རང་སེམས་ཟད་སར་སྐྱོལ་པ་ལ། །ཚེ་གཅིག་གི་སངས་རྒྱས་མི་ཟེར་རམ། །སྐུ་བཞི་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །ལུང་རིགས་དང་མན་ངག་ལྡན་པ་ལ། །བརྒྱུད་ལྡན་གྱི་བླ་མ་མི་ཟེར་རམ། །ཐུགས་རྗེ་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །དད་བརྩོན་སྙིང་རྗེ་ཆེ་བ་ལ། །སྣོད་ལྡན་གྱི་སློབ་མ་མི་ཟེར་རམ། །མོས་གུས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །ལར་སེམས་ཐག་ལྟ་བས་གཅོད་པ་ཡིན། །ཉམས་སུ་བསྒོམ་པས་ལེན་པ་ཡིན། །སྤྱོད་པས་མཐའ་རུ་འདོན་པ་ཡིན། །མངོན་དུ་སྐུ་བཞི་བྱེད་པ་ཡིན། །འབྲས་བུ་སེམས་སུ་འདོད་པ་ཡིན། །ཐམས་ཅད་གཅིག་ཏུ་རྟོགས་པ་ཡིན། །ཅེས་གསུངས་པས། རྗེ་བཙུན་གྱི་གསུང་རེ་རེས་ཀྱང་ངེས་ཤེས་སྐྱེ་བར་འདུག་ཅེས་ཀུན་གྱི་ཐེ་ཚོམ་དང་སྒྲོ་དོགས་ཆོད་པར་གྱུར་ཏོ། །ཡང་རྗེ་བཙུན་གྱིས་རས་ཆུང་པ་ལ་ཆོས་སྙིང་ནས་བྱེད་ན་འདི་དག་དགོས་གསུང་མགུར་འདི་གསུངས་སོ། ༈ །རིག་འཛིན་གྱི་བུ་སློབ་ཚུར་ཉོན་དང་། །ཆོས་ཉམས་སུ་ལེན་ན་འདི་དག་དགོས། །ཡོན་ཏན་ཐམས་ཅད་བསྐྱེད་པ་ཡི། །དུས་གསུམ་སངས་རྒྱས་བླ་མ་དེ། །ཆོས་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་སྐྱེས་སམ་རས་ཆུང་པ། །ཞལ་ནས་གསུངས་པའི་གདམས་ངག་དེ། །དུག་ལྔ་འཇོམས་པའི་སྨན་

(༡༨༧)མཆོག་ཡིན། །བདུད་རྩི་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །བླ་མའི་མཛད་སྤྱོད་རྣམ་ཐར་གྱི། །མངོན་སྤྱོད་འཕྲིན་ལས་བསྒྲུབ་པ་དེ། །སྤྲུལ་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས༴ སེམས་མི་འགྱུ་དགུ་འགྱུའི་དྲན་རྟོག་འདི། །སྐྱེས་ཀྱང་སྐྱེ་མེད་གཞི་རྩ་བྲལ། །དྲན་པ་ཡེངས་མེད་ཡིད་ཆེས་དགོས། །བློ་ལ་ངེས་ཤེས༴ ཉོན་མོངས་དུག་མཚོའི་རྦ་རླབ་འདི། །ཤིང་ཐག་མེ་ཡིས་ཚིག་པ་བཞིན། །འཆིང་བ་མེད་པར་ཡིད་ཆེས་དགོས། །བློ་ལ་ངེས་ཤེས༴ འདོད་ཁམས་ལྷའི་བདེ་བ་ཡང་། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་བཞིན། །འཁོར་བ་བདེན་མེད་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་སྐྱེས༴ ལར་འདུས་བྱས་ཆོས་རྣམས་ཐམས་ཅད་ནི། །མི་རྟག་ནམ་མཁའི་གློག་དང་འདྲ། །འབབ་ཆུ་དང་ནི་སྤོས་བརྒྱ་བཞིན། །ཚེ་འདི་ལོང་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས༴ངེས་པར་རང་གཞན་ཐམས་ཅད་འཆི། །གཅིག་ཀྱང་མི་སྡོད་འཆི་བས་ན། །འཆི་མེད་སྒྲུབ་ལ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །ཅེས་གསུངས་པས་བུ་སློབ་ཀུན་ལ་ངེས་ཤེས་ལྷག་པར་སྐྱེས་སོ། །དེ་ནས་རྙ་ནང་གི་ཉ་མ་རྣམས་ཀྱིས་རས་ཆུང་པ་མཆོད་གནས་ལ་སྤྱན་འདྲེན་དུ་བྱུང་པ་ལ། རྗེ་བཙུན་གྱིས་ཀྱང་ཟླ་བ་ཕྱེད་

(༡༨༨)ཀྱི་བར་བཀའ་གནང་ནས་བྱོན་ཞིང་། དེ་ནས་རྗེ་རས་ཆུང་པས་ཉ་མ་རེ་རེའི་ཁྱིམ་དུ་ཞག་རེ་ལས་མ་བཞུགས་རུང་ཡུན་རིངས་འགོར་ནས། རྗེ་བཙུན་གྱི་དྲུང་དུ་བྱོན་དུས་གནམ་སྒོ་མནན་འདུག་པ་དང་། ང་ཡུན་རིངས་འགོར་བ་ལ་ཐུགས་མ་མཉེས་པ་ཡིན་ནམ་སྙམ་ཞུ་དབྱངས་འདི་ཕུལ་ལོ། ༈ །དམ་ཆོས་གཉུག་མའི་ངང་ལ་བཟའ་གཏད་མེད། །བཟའ་གཏད་བྱུང་ན་གཉུག་མ་མིན། །རྫོགས་པ་ཆེན་པོ་ལ་ཕྱོགས་རིས་མེད། །ཕྱོགས་རིས་བྱུང་ན་རྫོགས་ཆེན་མིན། །ཕྱག་རྒྱ་ཆེན་པོ་ལ་དགག་བསྒྲུབ་མེད། །དགག་བསྒྲུབ་བྱུང་ན་ཕྱག་ཆེན་མིན། །ཉམས་བདེ་བ་ཆེན་པོ་ལ་གསལ་འགྲིབ་མེད། །གསལ་འགྲིབ་བྱུང་ན་བདེ་ཆེན་མིན། །དབུ་མ་ཆེན་པོ་ལ་ངོས་བཟུང་མེད། །ངོས་བཟུང་བྱུང་ན་དབུ་མ་མིན། །བདག་རས་ཆུང་རྒྱལ་ཁམས་བསྐོར་དུ་འགྲོ། ཕ་རྗེ་བཙུན་སྐུ་ཁམས་ཅི་བདེར་བཞུགས། །ཅེས་ཞུས་པས། རྗེ་བཙུན་གྱི་གནམ་སྒོའི་སྟེང་ནས་མགུར་འདི་གསུངས་སོ། ༈ །སེམས་ལས་གཞན་པའི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །སྐྱབས་དཀོན་མཆོག་གསུམ་ལས་གཉེན་པ་མེད། །ཉམས་བདེ་སྟོང་གཉིས་ལས་བཟང་བ་མེད། །དྲིན་བླ་མ་རྗེ་ལས་ཆེ་བ་མེད། །འགྲོ་བ་ཡོངས་ཀྱི་སྤྱི་བོར་འཁུར། །མ་ནོར་གདམས་པ་ཉམས་

(༡༨༩)སུ་ལོང་། །ངེས་ཤེས་རྒྱུད་ལ་སྐྱེ་བ་ཡིན། །རྟོགས་ཚད་རང་ལ་རྙེད་ཙ་ན། །བརྒྱུད་པའི་གདམས་ངག་ཐེབས་པ་ཡིན། །རང་གི་སེམས་ཐག་ཆོད་ཙ་ན། །ཡིད་ཆེས་དྲོད་རྟགས་འཕྲལ་ལ་འབྱུང་། །བྱམས་པ་རྒྱུད་ལ་སྐྱེས་ཙ་ན། །སེམས་ཅན་སྙིང་རྗེས་ཟིན་པ་ཡིན། །བླ་མ་སངས་རྒྱས་སུ་མཐོང་ཙ་ན། །བྱིན་བརླབས་ངང་གི་འཇུག་པ་ཡིན། །ཟུང་སྡེབས་ཀྱི་ཚིག་རྐང་འགའ་ཟུངས་པོ། །དོན་གོ་བས་བསམས་ན་ཆོས་སུ་ཡོད། །མ་གོ་འགྱུར་འགུགས་དབྱངས་སུ་གདའ། །བུ་རས་ཆུང་སྐུ་ཁམས་བདེ་ལགས་སམ། །ཕ་རྒན་ང་བདེ་མོའི་ངང་ལ་གདའ། །ཞེས་གསུངས་ནས་གནམ་སྒོ་ཕྱེ་སྟེ་ནང་དུ་སླེབ་པ་དང་། ད་རེས་ད་ངས་ཀུ་རེ་བྱས་པ་ཡིན་དེ། ལར་རང་ད་རུང་ཁྱོད་ལ་ཆོས་བརྒྱད་ཀྱི་སྣང་བ་ཆེན་པོར་འདུག་པས། དེ་སྤངས་ནས་རི་ལ་བསྒོམ་ནུས་དགོས་གསུང་མགུར་འདི་གསུངས་སོ། ༈ །རྗེ་བླ་མའི་བྱིན་བརླབས་རི་ལ་ཞུགས། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་བརློབས། །ཁྱོད་སྐལ་བ་ཅན་གྱི་རས་ཆུང་པ། །སེམས་དབང་པོ་སྒྲིམས་ལ་གླུ་ལ་ཉོན། །དབེན་གནས་རི་ཁྲོད་འཛིན་དུས་སུ། །ཉེ་བའི་ཁ་ཚིས་མ་དྲན་ཅིག །དྲན་ན་དགྲ་སྡང་གསོན་ལངས་བྱེད། །བླ་མའི་དྲུང་དུ་བསྒོམ་དུས་སུ། །

(༡༩༠)ཚོགས་གསོག་གི་ཁ་ལན་མ་དྲན་ཅིག །དྲན་ན་སྤྱོད་ངན་དམག་དཔུང་འཁྲུག །འབྱུང་བོ་ལ་གཏོར་མ་གཏོང་དུས་སུ། །གཏོར་རིལ་གྱི་གསོག་འཇོག་མ་དྲན་ཅིག །དྲན་ན་རང་ཉིད་འབྱུང་པོར་འགྲོ། །ཡེངས་མེད་ཀྱི་བསམ་གཏན་སྒོམ་དུས་སུ། །གྲོགས་པོ་ལ་མཇལ་འཕྲད་མ་བྱེད་ཅིག །བྱས་ན་མཆེད་གྲོགས་ཀྱི་དགེ་སྦྱོར་སྤུར། །དཀའ་ཐུབ་གྱི་སྙིང་རུས་བྱེད་དུས་སུ། །ཤ་ཆང་གི་ཞིམ་ལྟོ་མ་དྲན་ཅིག །དྲན་ན་ཡི་དྭགས་ཀྱི་གནས་སུ་སྐྱེ། །སྙན་བརྒྱུད་ཀྱི་ཐབས་ལམ་སྒོམ་དུས་སུ། །ཤེས་འདོད་ཀྱི་སློབ་གཉེར་མ་དྲན་ཅིག །དྲན་ན་ལོག་པའི་ལམ་ལ་འཇུག །དབེན་པའི་རི་ལ་སྡོད་དུས་སུ། །འགྲོ་འདོད་བྱ་ར་མ་དྲན་ཅིག །དྲན་ན་ཡིད་ངན་འཕྲལ་ལ་ལྡང་། །བུ་སྙིང་རུས་ཀྱིས་ལྷ་ཆོས་མགོ་བོ་ཐོན། །སྡུག་སྒུར་གྱི་འཁོར་བའི་སྡུག་བསྔལ་སྤོངས། །སྨོན་ལམ་གྱིས་འབྲེལ་བའི་བུ་སློབ་ལ། །ཕ་ཡི་རྟོགས་པ་སྐྱེ་བར་ཤོག །སྣང་སྲིད་ཆོས་སྐུའི་རྟོགས་པ་འདི། །བུ་ཡི་ཉམས་ལ་རྫོགས་པར་ཤོག །ཅེས་གསུངས་པས་རས་ཆུང་པའི་མཚང་ལ་འཕོག་ནས་ཕྱག་འཚལ་ཞིང་ཞུ་དབྱངས་འདི་ཕུལ་ལོ། ༈ །ཕ་བླ་མའི་བཀའ་དྲིན་ལྷ་ཆོས་བྱེད། །སེམས་འཕྲེང་བའི་དྲིན་ཅན་ཕ་མ་སྐྱུར། །སྤང་དཀའ་བའི་ཕ་ཡུལ་རྒྱབ་ཏུ་སྤངས། །གྲོགས་ཉེ་བའི་གདུང་སེམས་ཅིག་ད་རུང་

(༡༩༡)འདུག །འཕྲལ་ཟས་ནོར་གོས་གསུམ་གསོག་འཇོག་བཤོལ། །སེར་སྣ་དང་སྡིག་གསོག་གི་མཐུན་རྐྱེན་མེད། །དཀའ་ཐུབ་དང་བཅུད་ལེན་གྱིས་རི་ལ་སྒོམས། །སེམས་གསོག་འཇོག་གི་སྣང་བ་ཞིག་ད་རུང་འདུག །མཇལ་ནི་གྲུབ་ཐོབ་དངོས་དང་མཇལ། །ཐོབ་ནི་སྙན་རྒྱུད་ཀྱི་གདམས་ངག་ཐོབ། །བསྒོམ་ནི་ཡེངས་མེད་ཀྱི་བརྩོན་འགྲུས་བྱེད། །མཇལ་འདོད་དང་ཞུ་འདོད་ཅིག་ད་རུང་འདུག །བྱེད་ནི་ཕ་ཡི་ཞབས་ཏོགས་བྱེད། །སྒྲུབ་ནི་ཚེ་ཅིག་སངས་རྒྱས་སྒྲུབ། །བཞུགས་ནི་རི་ཁྲོད་གནས་སུ་བཞུགས། །བྱ་བློ་དང་བྱེད་བློ་ཞིག་ད་རུང་འདུག །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །བུའི་སྣང་བ་འགྱུར་བར་བྱིན་གྱིས་རློབས། །ཅེས་ཞུས་པས། རྗེ་བཙུན་གྱིས་རྗེ་རས་ཆུང་པ་ལ་ཞལ་ལྟ་ཞིབ་རྒྱས་མང་པོ་གནང་བས་ཐུགས་བསྐྱེད་ཤིན་ཏུ་ཆེ་བར་བྱུང་བ་ཡིན་ནོ། །རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་སྡོད་ལ་འཁོར་རས་པ་གཞན་ཐམས་ཅད་སྒོམ་དུ་སོང་ཞིག་གསུང་། ཏི་སེ་ལ་ཕྱི་ཆུ་བར་ཕྱི་ནང་གསང་བའི་རྫོང་དྲུག་ཡང་རྫོང་གཉིས་མོན་གྱི་ཤིང་རི། ཡོལ་མོ་གངས་ར་རྣམས་ལ་བཀྱེ། དེ་ནས་དཔོན་སློབ་གཉིས་བཞུགས་དུས་རྙ་ནང་པ་རྣམས་ཀྱིས་གྲོད་ཕུག་ཏུ་སྤྱན་དྲངས་ཏེ་རྙ་ནང་པའི་ཡོན་བདག་རྣམས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་བགྱིས་ཤིང་། རྗེ་བཙུན་གྲོད་ཕུག་ན་བཞུགས།

(༡༩༢)རས་ཆུང་པ་ཕུག་པ་གོང་མ་ན་བཞུགས་པའི་ཚེ། དེ་ནས་རིམ་པས་རས་པ་གྲོགས་མཆེད་བུ་སློབ། ཉ་མ་ཡོན་བདག་སོགས་མང་བར་འདུས་ཏེ། གསུང་ཆོས་ཚུགས་ཤིང་ཚོགས་པ་ཤིན་ཏུ་ཆེ་བར་གྱུར། །དེ་དུས་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་རས་ཆུང་པའི་ཐུགས་རྒྱུད་མནལ་ལམ་གྱི་བརྡས་བསྐུལ་ཏེ། རྗེ་བཙུན་ལ་གསོལ་བ་ནན་ཆེར་བཏབ་པའི་ངོར། རྗེ་བཙུན་རང་གི་རྣམ་ཐར་གསུངས་སོ། །དེ་ནས་རས་ཆུང་པ་དབུས་སུ་འབྱོན་པའི་ཐུགས་འདུན་དྲག་པོ་ཡོད་པ་ལས། ཉ་མ་འགའ་ཞིག་གིས་ཡབ་བས་ཀྱང་སྲས་རྒྱ་གར་འཁོར་བས་ཁྱད་པར་དུ་འཕགས་ཟེར་ཉ་མ་གཞོན་པ་རྣམས་རས་ཆུང་པའི་དྲུང་དུ་མཇལ་དུ་འགྲོ། རྒན་པ་རྣམས་རྗེ་བཙུན་ཆེན་པོའི་དྲུང་དུ་མཇལ་དུ་འགྲོ་བ་ལས། དུས་ནམ་ཞིག་གི་ཚེ་རྗེ་བཙུན་ཡབ་སྲས་ཀྱི་དྲུང་དུ་ཉ་མ་རྣམས་བསྙེན་བཀུར་འབུལ་དུ་བྱུང་བ་ལས། རྗེ་བཙུན་རས་ཆུང་པ་ལ་བསྙེན་བཀུར་བཟང་པོ་བྱས། རྗེ་བཙུན་ཆེན་པོ་ལ་བསྙེན་བཀུར་ཅུང་ཟད་ལས་མ་བྱུང་བའི་ཚེ། རས་ཆུང་པའི་ཐུགས་དགོངས་ལ་ང་ལ་འདི་ཙམ་ཡོང་ལུགས་ཀྱིས་རྗེ་བཙུན་ལ་འདི་བས་ཀྱང་བཟང་བ་བྱུང་ཡོད་བསམ། རྗེ་བཙུན་གྱི་དྲུང་དུ་བྱོན་ཏེ། རྗེ་བཙུན་ལགས་ད་རིང་བསྙེན་བཀུར་བཟང་པོ་བྱུང་ལགས་སམ། འོ་སྐོལ་དཔོན་སློབ་ཀྱི་བསྙེན་བཀུར་གྱི་ཐོག་ནས་རས་པ་རྣམས་ལའང་ཚོགས་འཁོར་ཞིག་

(༡༩༣)གནང་བ་གྲག་ལགས་སམ་ཞུས་པས། དེ་ཅིས་ཀྱང་བྱེད་ངའི་སྐལ་བ་གཡམ་སྒྲོམ་ནང་ནས་ཡོད་པས་ལོང་ཤོག་གསུང་། བླང་པས་ཤ་རིད་གཟུགས་གཅིག །ཐུད་སྔོན་གདར་ཅིག །ཆང་སྐྱུར་ཀུ་བ་གང་། རྩམ་པ་ མཚོན་ཙམ་རྣམས་འདུག་པས། རས་ཆུང་པའི་ཐུགས་མི་དགའ་སྟིང་ངེ་སོང་། བླ་མའི་ཞལ་ནས་ཉ་མའི་ཚོགས་གསོག་ལ་ལྟོ་གྲོངས་ཤིག་གསུང་། བླ་མ་ལ་ཞུས་པས་ཞིམ་པ་ལྟར་མཛད་ནས་གསོལ་བ་བཞིན་འདུག །རས་ཆུང་པའི་ནི་བཞེས་མ་སྤྲོ་ཞིང་ཁམས་ལོག་པ་ཅིག་བྱུང་། རས་ཆུང་པ་རང་གི་གཟིམས་ཕུག་ཏུ་བྱོན་ཏེ། །ཐུགས་བསམས་ལ་ཉ་མ་འདི་རྣམས་ཀྱི་བྱེད་ལུགས་བསམ། བླ་མ་སངས་རྒྱས་ལྟ་བུ་འདི་ཡི་སྐུའི་བ་སྤུའི་བུ་ག་གཅིག་ཀྱང་ངས་མི་དོ་རུང་བསྙེན་བཀུར་ལོག་བར་བྱས་ཡོང་གིན་འདུག །སྔར་ཡིན་ན་བླ་མའི་དྲུང་དུ་བསྡད་གདམས་ངག་ཀུན་རྫོགས་པ་དང་ཞབས་ཏོག་སྙིང་ཚིམ་པ་ཅིག་བྱེད་བསམ་པ་ཡིན་ཏེ། ད་བསྡད་ཡུན་རིངས་ན་བླ་མའི་ཞབས་ཏོག་ཏུ་མི་འགྲོ་ཞབས་འདྲེན་དུ་འགྲོ་བ་འདུག་པས་ཞུ་བ་འབུལ་དུ་འགྲོ་སྙམས་སྔ་མོ་ནས་བཞེངས་བྱོན་པས། རྗེ་བཙུན་དབུ་ཕུར་ནས་གཟིམས་འདུག །མེས་སྒོམ་རས་པ་ཡང་མལ་ས་ན་འདུག་པ་ལས། རས་ཆུང་པའི་ཐུགས་དགོངས་ལ་ངའི་བླ་མ་འདི་རང་དོན་དུ་ཆོས་སྐུ་མངོན་དུ་གྱུར་ཀྱང་གཞན་ངོར་

(༡༩༤)བྱ་བྱ་ཆོས་སྤྱོད་འདྲ་ཡང་མཛད་ན་བསམ་པ་རྗེ་བཙུན་གྱིས་དེ་མཁྱེན་ཏེ་སྤྱོད་ལམ་རྣམ་བཞིའི་མགུར་འདི་གསུངས་སོ། ༈ །བུ་ཉོན་དང་གསོན་དང་རས་ཆུང་པ། །ཕ་རྒན་མི་ལ་རས་པ་ངས། །རེས་འགའ་ཉལ་བཞིང་ཉལ་ཞིང་བསྒོམས། །ཉལ་ཞིང་ཉལ་ཞིང་བསྒོམས་ཙ་ན། །གཏི་མུག་འོད་གསལ་དུ་འཆར་བའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་ཀྱང་འདི་ལྟར་ཡོད་ན་དགའ་བ་ལ། །དགོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཕ་རྒན་མི་ལ་རས་པ་ངས། །རེས་འགའ་ཟ་ཞིང་ཟ་ཞིང་བསྒོམས། །ཟ་ཞིང་ཟ་ཞིང་བསྒོམ་ཙ་ན། །བཟའ་ལྟུང་ཚོགས་འཁོར་དུ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་ཀྱང་འདི་ལྟར་ཡོད། དགོས་རས་ཆུང་པས༴ ཕ་རྒན་མི་ལ་རས་པ་ངས། །རེས་འགའ་འགྲོ་ཞིང་འགྲོ་ཞིང་བསྒོམས། །འགྲོ་ཞིང་འགྲོ་ཞིང་བསྒོམས་ཙ་ན། །འགྲོ་འདུག་བསྐོར་བར་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ༴ ཀུན་ཀྱང་འདི་ལྟར༴ དགོས་རས་ཆུང་པས༴ ཕ་རྒན་མི་ལ་རས་པ་ངས། །རེས་འགའ་སྤྱོད་ཅིང་སྤྱོད་ཅིང་བསྒོམས། །སྤྱོད་ཅིང་སྤྱོད་ཅིང་བསྒོམས་ཙ་ན། །སྤྱོད་ལམ་ཆོས་ཉིད་དུ་གྲོལ་བའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ༴ ཀུན་ཀྱང་འདི་ལྟར༴ དགོས་རས་ཆུང་པས༴བུ་རས་ཆུང་ཡང་དེ་ལྟར་ཉམས་སུ་ལོང་། །མེས་སྒོམ་ཡང་ལོང་ལ་སྐྱོ་ཚ་སྐོལ། །ཅེས་གསུངས་

(༡༩༥)པས། རས་ཆུང་པས་དབུས་ཕྱོགས་ལ་འབྱོན་པའི་ཞུ་བ་རྒྱུ་མཚན་དང་བཅས་མང་དུ་ཕུལ་བའི་མཐར་ཡང་མགུར་འདི་ཕུལ་ལོ། ༈ །བདག་རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་དང་། །ཆོས་འཁོར་ལྷ་ས་བསྐོར་བ་དང་། །ཇོ་ཤཱཀ་རྣམ་གཉིས་མཇལ་བ་དང་། །དཔལ་གྱི་བསམ་ཡས་ལྟ་བ་དང་། །གཡུ་རུ་ཁྲ་འབྲུག་སྐོར་བ་དང་། །མར་རྔོག་གདན་ས་མཇལ་བ་དང་། །གཉལ་དང་ལོ་རོ་བལྟ་བ་དང་། །རོ་སྙོམས་ལྡུམ་བུ་བྱེད་པ་ལ། །ཅིས་ཀྱང་དབུས་སུ་འགྲོ་བར་ཞུ། །ཞུས་པས། རྗེ་བཙུན་གྱི་ཞལ་ནས་བུ་ཁྱོད་ཀྱི་གདུལ་བྱ་དབུས་ན་ཡོད་ཀྱང་འགྲོ་བའི་དུས་ལ་མ་བབ་པས། བླ་མའི་བཀའ་མ་བཅག་པར་ངའི་གླུ་འདི་ལ་ཉོན་ཅིག་གསུང་། མགུར་འདི་གསུངས་སོ། ༈། ཐབས་མཆོག་གསང་སྔགས་རིགས་ལས་འཁྲུངས། །དགའ་བཞི་རྣམ་དག་སྐུ་བཞི་རྗེ། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །སྐྱེས་མཆོག་མར་པའི་ཞབས་ལ་འདུད། །གུང་དེ་རིང་བཀྲ་ཤིས་ཡར་གྱི་ངོ། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ལ། །ང་རྣལ་འབྱོར་གྱི་ཤེས་པ་བདེ་བདེ་མོ། །མེ་ཤེལ་གྱི་ཉི་མ་འོད་ཟེར་ཚ། །དམག་བརྒྱ་ཡི་ནང་ནས་དར་མདུང་ཅན། །བུ་རས་ཆུང་ཟེར་བའི་བཞིན་ལེགས་པོ། །ཚིག་དེ་སྐད་གོང་དུ་མི་སྨྲ་བར། །ཁྱོད་ད་ལྟ་དྲན་ནམ་སྔར་ནས་བསམས། །ད་མ་ཡེངས་རྣ་བའི་དབང་པོ་དང་། །ཐུགས་ཀྱི་མེ་

(༡༩༦)ལོང་གཡའ་ཕྱིས་ལས། །མི་རྒན་གླུ་འདི་ལྷན་ནེ་གསོན། །དབེན་གནས་རི་ཁྲོད་འགྲིམ་དུས་སུ། །རྒྱལ་ཁམས་འགྲིམས་པས་ཅི་ལ་ཕན། །བླ་མ་སངས་རྒྱས་བསྒོམ་དུས་སུ། །ལྷ་ས་བསྐོར་བས་ཅི་ལ་ཕན། །ལྟད་མོ་སེམས་ལ་བལྟ་དུས་སུ། །བསམ་ཡས་ལྟད་མོས་ཅི་ལ་ཕན། །སྒྲོ་དོགས་ནང་ནས་གཅོད་དུས་སུ། །མར་རྔོག་གདན་སས་ཅི་ལ་ཕན། །སྙན་བརྒྱུད་གདམས་པ་སྒོམ་དུས་སུ། །གཉལ་དང་ལོ་རོས་ཅི་ལ་ཕན། །རང་སེམས་གཏན་ལ་འབེབས་དུས་སུ། །ཁྲ་འབྲུག་བསྐོར་བས་ཅི་ལ་ཕན། །ཅེས་གསུངས་པས། ཡང་རས་ཆུང་པས་ཞུ་བ་ནན་གྱིས་ཕུལ་བས་རྗེ་བཙུན་ཆེན་པོས་མགུར་འདི་གསུངས་སོ། །གངས་སྟོད་གྱི་སེངྒེ་དཀར་མོ་ཁྱོད། །རོང་དུ་མ་འབབས་གངས་སྟོད་བཟུང་། །བརྒྱ་ལ་རོང་དུ་བབས་པ་ན། །གཡུ་རལ་ཉམས་ཀྱི་མ་དོགས་སམ། །གཡུ་རལ་ངོམ་ཞིང་གངས་སྟོད་བཟུང་། །ད་རེས་བླ་མའི་བཀའ་ལ་ཉོན། །བྲག་སྟོད་ཀྱི་བྱ་རྒྱལ་རྒོད་པོ་ཁྱོད། །ཤོང་དུ་མ་འབབས་བྲག་སྟོད་བཟུང་། །བརྒྱ་ལ་ཤོང་དུ་བབས་པ་ན། །གཤོག་སྒྲོ་ཉམས་ཀྱིས་མ་དོགས་སམ། །གཤོག་སྒྲོ་ངོམ་ཞིང་བྲག་སྟོད་བཟུང་། །ད་རེས་བླ་མའི་ནགས་སྟོད་ཀྱི་སྟག་གུ་རི་ཁྲ་ཁྱོད། །ས་མཐར་མ་འབབས་ནགས་ཁྲོད་བཟུང་། །བརྒྱ་ལ་ས་མཐར་བབས་པ་ན། །གྲ་འཛུམ་ཉམས་ཀྱི་མ་དོགས་སམ། །གྲ་འཛུམ་ངོམ་ཞིང་ནགས་སྟོད་བཟུང་། །ད་རེས་བླ་མའི༴ མཚོ་

(༡༩༧)སྟོད་ཀྱི་ཉ་མོ་གསེར་མིག་ཁྱོད། །མཚོ་མཐའ་མ་བསྐོར་མཚོ་དཀྱིལ་བཟུང་། །བརྒྱ་ལ་མཚོ་མཐའ་བསྐོར་བ་ན། །དོལ་ལ་འཐུམས་ཀྱི་མ་དོགས་སམ། །གསེར་མིག་ངོམ་ཞིང་མཚོ་དཀྱིལ་བཟུང་། །ད་རེས་བླ་མའི༴ གུང་ཐང་གི་རས་ཆུང་རྡོར་གྲགས་ཁྱོད། །རྒྱལ་ཁམས་མ་འགྲིམ་རི་ཁྲོད་བཟུང་། །བརྒྱ་ལ་རྒྱལ་ཁམས་འགྲིམས་པ་ན། །ཉམས་རྟོགས་འགྲིབས་ཀྱིས་མ་དོགས་སམ། །ཉམས་རྟོགས་སྐྱོང་ཞིང་རི་ལ་སྡོད། །ད་རེས་བླ་མའི་བཀའ་ལ་ཉོན། །ཅེས་གསུངས་པས། །ཡང་རས་ཆུང་པས་ཞུས་པ་བླ་མའི་དྲུང་དུ་ལོ་མང་དུ་ཕྱག་ཕྱིར་འབྲལ་མེད་འགྲེངས་པས་ལྟ་སྒོམ་སྤྱོད་པའི་གདེང་དུམ་པ་ཡོད། ད་ཅིས་ཀྱང་དབུས་ལ་འགྲོ་བར་ཞུ། བླ་མའི་དྲུང་དུ་སྡོད་ཡུན་རིངས་ན་ཞབས་ཏོག་དུ་མི་འགྱུར་ཞབས་འདྲེན་དུ་འགྲོ་བར་གདའ། ཉམས་རྟོགས་ངོམ་དུ་རྒྱལ་ཁམས་ལ་འགྲོ་བར་ཞུ་ཞེས་ཞུ་དབྱངས་འདི་ཕུལ་ལོ། ༈ །ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །གངས་སྟོད་ཀྱི་སེངྒེ་དཀར་མོ་ང་། །གངས་སྟོད་ཡོངས་ལ་མི་འཕྱོ་རུ། །གཡུ་རལ་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་ལ་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །བྲག་སྟོད་ཀྱི་བྱ་རྒྱལ་རྒོད་པོ་ང་། །ནམ་འཕངས་མཐོན་པོ་མི་སྤྱོད་དུ། །གཤོག་དྲུག་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད༴ ད་རེས་བླ་མའི༴ ནགས་སེབ་ཀྱི་སྟག་

(༡༩༨)གུ་རི་ཁྲ་ང་། །ནགས་སེབ་ཡོངས་ལ་མི་འཕྱོར་རུ། །གྲ་འཛུམ་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་ལ་འགྲོ། །ད་རེས་བླ་མའི༴ མཚོ་དཀྱིལ་ཀྱི་ཉ་མོ་གསེར་མིག་ང་། །མཚོ་མཐའ་ཡོངས་ལ་མི་རྒྱུ་རུ། །གསེར་མིག་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད༴ ད་རེས་བླ་མའི༴ གུང་ཐང་གི་རས་ཆུང་རྡོར་གྲགས་ང་། །རྒྱལ་ཁམས་ཡོངས་ལ་མི་འགྲོ་རྒྱུ། །ཉམས་རྟོགས་བཟང་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད༴ ད་རེས་བླ་མའི༴ ཅེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ཁྱོད་ཉམས་དང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་བླ་མའི་དྲུང་ནས་མ་འཕག་ཅིག་གསུང་མགུར་འདི་གསུངས་སོ། ༈ །ཆོས་ཐོས་བསམ་རྒྱུད་ལ་སྦྱངས་པ་ཡི། །རས་ཆུང་རྡོ་རྗེ་གྲགས་པ་ཁྱོད། །མི་ཁོ་བོའི་ཚིག་འདི་གོ་བར་གྱིས། །ཁྱོད་ཆོས་འདོད་ཀྱི་དད་པ་མ་སྐྱེས་པར། །ཟ་འདོད་ཀྱི་ལྡུམ་བུ་མ་བྱེད་ཅིག །ཞི་དངོས་པོའི་གནས་ལུགས་མ་རྟོགས་པའི། །ལྟ་བའི་ཁ་ཁྱེར་མ་མཐོ་ཅིག །ནང་རིག་པའི་རྩལ་སྦྱོང་མ་བྱས་པར། །གཏི་མུག་གི་བླུན་སྒོམ་མ་བྱེད་ཅིག །གདམས་ངག་གི་འཚོ་སྐྱོང་མི་ཤེས་པར། །ཡིག་ནག་གི་ཕག་ཚོང་མ་བྱེད་ཅིག །ཆོས་ཟབ་མོའི་སྟོན་ལུགས་མི་ཤེས་པར། །ཐོས་ཆུང་གི་མི་མགོ་མ་སྐོར་ཅིག །བསོད་ནམས་ཀྱི་སྤེལ་ལུགས་མི་ཤེས་པར། །མི་ནོར་ལ་ཧབ་ཤ་མ་

(༡༩༩)བྱེད་ཅིག །ཞེན་པ་ནང་ནས་མ་ལོག་པར། །དད་རྫས་ལ་ལོག་ཟས་མ་བྱེད་ཅིག །བག་ཆགས་ཀྱི་སྣང་རྒྱ་མ་དག་པར། །འོལ་ཚོད་ཀྱི་མངོན་ཤེས་མ་འཆད་ཅིག །བླ་མེད་མངོན་དུ་མ་གྱུར་པར། །ཡོན་བདག་གི་མཆོད་གནས་མ་བྱེད་ཅིག །དགེ་སྦྱོར་གྱི་ཆིག་རྒྱ་མི་ཐུབ་བར། །བླ་མའི་དྲུང་ནས་མ་འཕག་ཅིག །བུ་རས་ཆུང་མ་འགྲོ་ང་རེས་སྡོད། །ཅེས་བཀའ་ནན་གསུངས་ཀྱང་། །ཞུ་བ་ནན་གྱིས་ཕུལ་བས། ཁྱོད་དེ་ཙམ་དུ་ང་ལ་མི་ཉན་པར་འགྲོ་ན། ངས་ཡོན་བདག་རྣམས་ལ་ཁྱོད་དབུས་ལ་རེ་ཞིག་མི་བཏང་བའི་མནའ་བསྐྱལ་ཡོད་དེ། མནའ་ཀུན་རྨི་ལམ་སྒྱུ་མ་ཡིན་པས་བཀས་གནང་བས་ཆོག །ད་འགྲོ་གྲབས་གྱིས་ཤིག་གསུངས་པས། རས་ཆུང་པ་དགའ་ཆེ་ལ་དུ་བྲོ་བ་ཞིག་བྱུང་སྟེ། ཡབ་སྲས་གཉིས་སྐུ་མཚམས་ཤིན་ཏུ་དམ་པར་མཛད། ཞག་བཞི་བཅུའི་བར་དུ་དབུ་སྔས་སྤྲད་དེ་བཞུགས། རྡུལ་ཚོན་གྱི་དཀྱིལ་འཁོར་རྒྱས་པར་བཞེངས་ཏེ་ཚོགས་དང་མཆོད་པ་རྒྱ་ཆེན་བཀོད་ཅིང་བསྒྲུབ་མཆོད་མཛད་སྲོད་ལ་བབ་ཚེ་རྗེ་བཙུན་ཆེན་པོས་དཔལ་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་སྤྲུལ་ཏེ། རྗེ་བཙུན་ཆེན་པོས་བཀའ་བསྒོ་བ་ནི་མི་ལ་རས་པ་ང་ནི་རྒས་དབང་ཁྱོད་རང་བུམ་པས་བསྐུར་

(༢༠༠)ཅིག་ཆོ་ག་འཁོར་ལོ་སྡོམ་པས་གྱིས་འཁོར་ལོ་གསུམ་གྱི་ལྷས་མེ་ཏོག་གཏོར་ལྷ་མོ་བཅུ་གསུམ་པོ་ལ་ལས་གླུ་ལོང་ལ་ལས་གར་གྱིས་ཁོ་ལ་དོ་ནུབ་དབང་མི་རྫོགས་པའི་ཐབས་མེད་པ་ཡིན། ཁྱོད་གཞོན་པ་ཚོས་འབུངས་ཤིག་གསུང་ཚེ། དཔལ་འཁོར་ལོ་སྡོམ་པས་བུམ་པ་ཁྱེར་ནས་དབང་བསྐུར། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དཔའ་མོ་རྣམས་ཀྱིས་རོལ་མོ་སྒྲོག་ཅིང་མེ་ཏོག་འཐོར། །མཁའ་འགྲོ་མ་བདུན་གྱི་བར་སྣང་དུ་གར་མཛད། དྲུག་གིས་བཀྲ་ཤིས་བརྗོད། འཁོར་གཞན་རྣམས་ཀྱིས་མཆོད་པ་དུ་མ་འབུལ་ཞིང་། རྗེ་བཙུན་རས་ཆུང་པ་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར། ཡང་ནང་པར་ཐོ་རངས་ཀྱི་ཆ་ལ་རྗེ་བཙུན་གྱི་ཞལ་ནས། ཁྭ་གདོང་མས་སྒོ་ཕྱེ། འུག་གདོང་མས་ཐལ་བ་ཕྱོགས། ཁྱི་གདོང་མས་མེ་སྦོར། །ཕག་གདོང་མས་ཆུ་བླུག་ལྟོ་བ་དུས་སུ་ཟན་པར་བགྱིས་ཤིག་གསུང་པ་དང་། ཡོ་བྱད་ཐམས་ཅད་དུས་གཅིག་ལ་འབྱོར་ཏེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། སྤྲུལ་པའི་དཀྱིལ་འཁོར་རྣམས་རྗེ་བཙུན་ཆེན་པོའི་ཐུགས་ཀར་ཐིམ་ཞིང་ནམ་ལངས། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བདེ་མཆོག་ལྷ་བཅུ་གསུམ། ལྷ་ལྔ་ལྷན་སྐྱེས་རྣམས་དང་ཤེས་རབ་སིན་དྷུ་རའི་དཀྱིལ་འཁོར་གཙོ་བོར་གྱུར་པའི་དཀྱིལ་འཁོར་གསུམ་དུ་ཡུམ་བཅོམ་ལྡན་

(༢༠༡)འདས་མ་ལྷ་མོ་བཅོ་ལྔ། ལྷ་མོ་བདུན་མ། ལྷ་མོ་ལྔ་མ། ལྷན་སྐྱེས་རྣམས་ཀྱི་དབང་རྫོགས་པར་བསྐུར། བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བརྡའི་དོན་དབང་རྫོགས་པར་གནང་། ངོ་སྤྲོས་རྒྱས་པར་མཛད་དེ། དོན་བསྡུ་ལ་རྡོ་རྗེའི་མགུར་དྲུག་ལས་ཆོས་སྤྱི་དང་སྨིན་ལམ་གྱི་དོན་བསྡུས་པའི་རྡོ་རྗེའི་མགུར་འདི་གསུངས་སོ། ༈ །དཔལ་མི་བསྐྱོད་རྡོ་རྗེའི་ངོ་བོ་ཉིད། །ཕ་རྗེ་བཙུན་གྱི་ཞབས་ལ་གསོལ་བ་འདེབས། །ད་ལྟ་མི་ལ་རས་པ་ང་། །དལ་འབྱོར་གྱི་ཕུང་པོ་ངེས་པར་འདོར། །སྐྱེ་འཆིའི་འཕྲང་ལ་ཡ་རེ་ང་། །འཁོར་བའི་གཅོང་རོང་གཡང་ས་ཆེ། །ལས་འབྲས་ཀྱི་རྐུན་མ་འདི་མ་ཟད་པར། །སྤྱིར་འཁོར་བར་འཁོར་ཚུལ་བསམ་ཙ་ན། །བདག་བདེན་འཛིན་གྱི་འཁྲུལ་པ་འཇིག་རེ་རན། །འགྲོ་དྲུག་གི་སེམས་ཅན་འདི་དྲིན་ཅན་གྱི་མ། །སྡུག་བསྔལ་གྱི་མནལ་ཚུལ་བཟོད་ཐབས་ཀྱང་གདའི། །སེམས་ཅན་གྱི་འདྲེན་པ་རྒྱལ་བའི་སྐུ། །འདི་མྱུར་དུ་བསྒྲུབ་པའི་ལམ་ཞིག་བརྩལ། །དུས་ཐོག་མར་བུམ་པའི་དབང་ལ་འཇུག ་ལུས་ཐ་མལ་དང་དངོས་འཛིན་ལྷ་སྐུར་འཇིག །ངག་རླུང་ལ་གསང་དབང་བསྐུར་བ་ཡིས། །རླུང་རོ་རྐྱང་གི་འགྱུ་བ་དབུ་མར་ཆད། །དབང་གསུམ་པའི་བདེ་ཆེན་འབར་བ་ཡི། །དབྱིངས་འགག་མེད་ཀྱི་ན་ཆུང་གཅེར་བུར་མཐོང་། །ཚིག་ཟབ་རྒྱས་

(༢༠༢)བ་སྐུ་བཞི་ངོ་སྤྲད་ནས། །དབང་བཞི་པ་སྐུ་གསུམ་དབྱེར་མེད་དུ་སླེབ། །སྒོ་དབང་ལ་ཞུགས་ནས་རིམ་གཉིས་སྒོམ། །ལམ་ཐོག་མར་སྒོམ་པ་ལྷའི་སྐུ། །ལྷ་དབྱིངས་དང་ཡེ་ཤེས་གཉིས་མེད་འཇུག །དབྱིངས་རིག་པ་གཉིས་ལ་རྡོ་རྗེ་འཆང་། །དོན་དེ་ལས་སྤྲུལ་པ་ཤཱཀ་ཐུབ་སོགས། །འདི་སྐྱེ་ཤི་བར་དོའི་འཇོམས་བྱེད་ཡིན། །སྐུ་གསུམ་རང་ལ་རྙེད་པས་ན། །འབྲས་བུ་གཞན་ནས་རེ་དོགས་བྲལ། །ཅེས་གསུངས་སོ། །དེ་ནས་རྡོ་རྗེའི་ཚིག་རྐང་ཏེ་ལོའི་རྡོ་རྗེ་གཞུང་ཆུང་རྣལ་འབྱོར་གྲུབ་ཆེན་བརྒྱད་ལ་ཏེ་ལོས་གདམས་པ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བཞག་རྒྱས་བསྡུས་གཉིས། དཔལ་ནཱ་རོ་པ་ལ་གདམས་པ་ཕྱག་རྒྱ་ཆེན་པོ་གང་གམ་དང་ཆོས་ཉིད་གཉུག་མའི་མགུར། པྲ་ཁྲིད་ལུང་བསྟན་གཏད་རྒྱ་རྣམས་དང་། དཔལ་ནཱ་རོ་པས་མཛད་པའི་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་བདེ་མཆོག་ལྷ་ལྔའི་ལུས་དཀྱིལ་སྒྲུབ་ཐབས། ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱ་གཞུང་རྣམས་དང་། རྗེ་བཙུན་མར་པས་པཎ་ཆེན་ནཱ་རོའི་ཕྱག་ལེན་བཞིན་བུམ་དབང་ཟིན་བྲིས། མཆོག་དབང་གསུམ་གྱི་ཟིན་བྲིས་འཁྲུལ་འཁོར་ཟིན་བྲིས་གསལ་བའི་མེ་ལོང་རྣམས་ལུང་དུ་གནང་ཞིང་བསྐྱེད་རིམས་ཡབ་རྒྱལ་པོ་ལྟ་བུའི་སྒྲུབ་ཐབས་བཞི། ཡུམ་བཙུན་མོ་ལྟ་བུའི་སྒྲུབ་ཐབས་བཞི། ཐབས་ཤེས་གཉིས་སུ་མེད་

(༢༠༣)པའི་ལུས་ཀྱི་དཀྱིལ་འཁོར་ཡུམ་ཁྲོས་མ་དཔའ་མོ་གཅིག་ཏུ་བསྒྲུབ་པ་རྣམས་ཀྱི་ཟིན་བྲིས་ལག་ལེན་དམར་ཁྲིད་དུ་བསྟན་ནས་དེ་རྣམས་ལམ་བསྐྱེད་པའི་རིམ་པ་བྱ་བ་ཡིན། མཆོག་ལ་མ་སྙོགས་ན་ཐུན་མོང་གི་དངོས་གྲུབ་ཐོབ་ཀྱང་དོན་ཆུང་གསུང་། མཆོག་ལ་བསྒྲིལ་བ་རྡོ་རྗེའི་མགུར་འདི་གསུངས་སོ། ༈ །ཕ་ཐབས་ཤེས་གཉིས་མེད་ཀྱི་དོན་བསྒོམས་པས། །གཉིས་འཛིན་གྱི་བཅིངས་པ་མེད་པར་གྲོལ། །རྗེ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །མི་འབྲལ་མེད་ཀྱི་བླ་མ་སྙིང་ལ་ཞུགས། །དུས་ད་ལྟའི་མི་ལ་རས་པ་ང་། །གངས་དཀར་ཏི་སེའི་མགུལ་དུ་བསྒོམ་ཙ་ན། །དངས་ཆ་ལ་ཤེས་བྱའི་དཀྱིལ་འཁོར་ཤར། །སྤྱན་དང་མངོན་ཤེས་སོགས་འདོད་ན་འོང་ཚོད་ནི་གདའ་སྟེ། །ཁོ་བོ་མཆོག་ལ་སེམས་པའི་རྣལ་འབྱོར་པ་ལགས། །ང་ཆུ་བར་བྲག་དམར་གྱི་འཕྱོང་ལྡིང་ལ། །ནམ་མཁའ་ལ་ལྷུང་བ་མེད་པར་འགྲོ། །རྫུ་འཕྲུལ་ལ་སོགས་འདོད་ན་འོང་ཚོད་ནི་གདའ་སྟེ། །ཁོ་བོ་མཆོག་ལ་སེམས་པའི༴ ཚེ་རིངས་གངས་དཀར་གྱི་སྟོངས་ཤོད་ན། །སྲིད་གསུམ་གྱི་འདྲེ་ལ་ཡ་མི་ང་། །དབང་སྡུད་སོགས་འདོད་ན༴ ཁོ་བོ་མཆོག་ལ་སེམས་པའི༴ ང་ལ་ཕྱིའི་གངས་ལ་བསྒོམ་ཙ་ན། །མཁའ་འགྲོའི་ཚོགས་སྤྲིན་ལྟར་འཐིབས་ནས་གདའ། །དངོས་གྲུབ་ཅིག་འདོད་ན་འོང་ཚོད་གདའ་སྟེ། །ཁོ་བོ་མཆོག་ལ་སེམས་པའི་རྣལ་འབྱོར་

(༢༠༤)པ་ལགས། །འཕོངས་འདི་ལྟར་སོང་སོང་བསྒོམ་ལས་བྱུང་། །བུ་འདི་དོན་ཡིད་ལ་བསམས་ན་ལེགས། །སྙིང་ལ་གྲོས་ཆེན་བཏབ་ན་ལེགས། །ཚེ་གཏན་གྱི་འདུན་མ་སྒྲུབས་ན་ལེགས། །ཞེས་གསུངས་ཤིང་བུམ་དབང་འབྲེལ་བ་ཉམས་ལེན་གྱི་གཙོ་བོར་བསྐྱེད་རིམས་སྟོན་པ་ཐུན་མོང་ཡིད་བཞིན་ནོར་བུ་རྫོགས་པར་གདམས། །སླར་ཡང་དབང་སྤྱི་དང་འབྲེལ་བ་ཉམས་ལེན་གྱི་གཙོ་བོར་བསྲུང་ཆ་སྟོན་པ་དམ་ཚིག་ཡིད་བཞིན་གྱི་ནོར་བུ། ཟབ་པ་སྐུའི་དམ་ཚིག །རྒྱ་ཆེ་བ་གསུང་གི་དམ་ཚིག །གཉིས་སུ་མེད་པ་ཐུགས་ཀྱི་དམ་ཚིག །རྩ་བ་ཡན་ལག་དང་བཅས་པ་གནང་ནས་མགུར་འདི་གསུངས་སོ། ༈ །རྗེ་འཁོར་འདས་དབྱེར་མེད་ཀྱི་དོན་གཟིགས་ཀྱང་། །དཀར་ནག་དང་འབྱོར་གུད་ཕྲ་ཞིབ་རྣམས། །གཟིགས་ནས་གཞན་ལ་གསུངས་པ་ཡི། །ཕ་འགྲོ་བའི་མིག་གཅིག་ལོཙྪ་བ། །བཀའ་དྲིན་འཁོར་མེད་ཞབས་ལ་གསོལ་བ་འདེབས། །འདིར་དམ་ཚིག་དང་སྡོམ་པ་རིན་པོ་ཆེ། །དེ་ཚུལ་བཞིན་བསྲུང་ལ་འབད་པར་བགྱི། །བླ་མ་དང་ཡི་དམ་རྡོ་རྗེ་སྤུན། །སེམས་ཅན་དང་བུད་མེད་བཟའ་བསྲུང་ཚོགས། །འདི་དམ་ཚིག་མཆོག་གི་ནོར་བུ་ཡིན། །རྗེ་བླ་མ་སངས་རྒྱས་ཀུན་གྱི་སྐུ། །གསུང་བརྗོད་བྲལ་བླ་མས་ཅི་གསུང་བསྒྲུབ། །ཐུགས་ཐབས་ཤེས་ཉི་མ་ཕྱོགས་མེད་གསལ། །མཆོག་སྐུ་གསུང་ཐུགས་དང་ཡོན་ཏན་གྱི། །

(༢༠༥)ལས་ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས། །སྤྱིར་གང་མཛད་ཡོན་ཏན་དུ་ཤེས་པ་དང་། །དགོས་སངས་རྒྱས་ཀྱི་འཕྲིན་ལས་སུ་མཐོང་པ་ན། །དེ་ཟབ་ལམ་སྒྲུབ་པའི་གདུལ་བྱ་མཆོག །རང་ཧེ་རུ་ཀའི་ང་རྒྱལ་གྱིས། །ཡུལ་གཤེགས་པ་གཤེགས་མས་རྒྱས་གཏབ་ནས། །འདུག་གནས་དང་ཟས་གོས་ལ་སོགས་པ། །ལྷན་སྐྱེས་ཀྱི་རོལ་པར་འཆར་ཡང་འཚལ། །རྗེ་བླ་མ་གཅིག་གི་ཐབས་ཤེས་ལས། །བྱུང་མཆེད་ལྕམ་སོགས་ལ་དག་སྣང་སྦྱང་། །སྤྱིར་འགྲོ་བ་འདི་དག་བདག་གི་མ། །མ་རིག་གིས་ལོང་ཞིང་ཉོན་མོངས་སྐྱེ། །འདི་བཟོད་ཐབས་འདུག་གེ་རྣལ་འབྱོར་པ། །རང་འགྲོ་བའི་བྲན་དུ་བསྔོ་ཡང་འཚལ། །ཤེས་རབ་ཀྱི་རང་བཞིན་བུད་མེད་འདི། །ལྷན་སྐྱེས་དང་སྒྱུ་མ་བསྒྲུབ་པའི་རྒྱུ། །སྤྱིར་དམན་པར་ནམ་ཡང་མི་བལྟ་ཞིང་། །དགོས་ཕག་མོར་བལྟས་ལ་གསོལ་བ་བཏབ། །ལྷ་རྒྱལ་བ་དྲུག་གི་རྣལ་འབྱོར་གྱི། །འདོད་ཡོན་སྤྱི་དང་ཁྱད་པར་རོལ། །ཟས་གོས་སོགས་ཕལ་པས་ལྷ་ལ་མཆོད། །དེ་སྤྲང་ཡོན་གྱི་མི་བདག་མཆོད་པ་ཡིན། །རྫས་བྱིན་རླབས་ཅན་ཐ་མལ་དུ་ལོངས་སྤྱོད་ན། །དེ་སེང་ཞོ་སྣོད་ངན་བླུག་པ་ཡིན། །མི་འབྲལ་ཞིང་བསྲུང་བར་གདམས་པ་ནི། །རུས་རྒྱན་དང་རྡོར་དྲིལ་སོགས་མི་འབྲལ་ལོ། །དམ་ཚིག་ཉེར་གཉིས་ལ་སོགས་པའི། །རྩ་བ་དང་ཡན་ལག་འཁོར་བཅས་བསྲུང་། །བུ་

(༢༠༦)སྣོད་ལྡན་གྱི་སློབ་མ་ལེགས་བརྟགས་ནས། །བྱ་མིན་གྱི་སྤྱོད་པ་ཐམས་ཅད་སྤང་། །སྤྱིར་གསང་སྔགས་གསང་བར་གདམས་པ་ཡིན། །དགོས་བླ་ན་མེད་པའི་རྒྱུད་དོན་གསང་། །ཡི་དམ་འཁོར་ལོ་སྡོམ་པ་གསང་། །སྙིང་པོ་ཕ་མ་རྒྱུད་གསུམ་གསང་། །ཡང་སྙིང་རྡོ་རྗེ་ཕག་མོ་གསང་། །སྙན་བརྒྱུད་ཡིད་བཞིན་ནོར་བུ་གསང་། །དཔལ་ནམ་མཁའ་ལྟ་བུའི་གསང་འདུས་གསང་། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་གསང་། །ལྷ་དང་སྔགས་དང་ཕྱག་རྒྱ་གསང་། །དབང་དང་དུས་དང་མན་ངག་གསང་། །འདི་མ་བསྲུངས་སྲེག་པར་བྱེད་པ་ཡིན། །བསྲུངས་ན་དངོས་གྲུབ་ཐམས་ཅད་འགྲུབ། །ཅེས་གསུངས་སོ། །གཞན་ཡང་ནོར་བུ་སྐོར་གསུམ། ཆོས་དྲུག་ཞིབ་ཏུ་གསུངས་ནས་དོན་བསྡུའི་མགུར་འདི་གསུངས་སོ། ༈ །ཕ་སྟོང་པ་བདེ་ཆེན་ལྷའི་སྐུ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སེམས་སྟོང་དང་བདེ་བའི་དབྱིངས་སུ་བཞུགས། །མི་ངའི་བླ་མ་རྗེ་བཙུན་མཁྱེན། །མི་ངའི་བརྒྱུད་པ་གདེང་ཚད་ཆེ། །བརྒྱུད་པ་གདེང་ཚད་མི་ཆེ་རུ། །ཏེ་ལོ་ནཱ་རོ་ལ་སོགས་པའི། །བརྒྱུད་པ་ཡིད་བཞིན་ནོར་བུ་ཡིན། །རྣལ་འབྱོར་དབང་ལ་གདེང་ཚད་ཆེ། །དབང་ལ་གདེང་ཚད་མི་ཆེ་རུ། །སྨིན་གྲོལ་འབྲས་བུའི་དབང་གསུམ་དང་། །སྨིན་ལམ་འབྲས་བུའི་དབང་དྲུག་ཡིན། །རས་པ་དམ་ཚིག་གདེང་ཚད་ཆེ། །དམ་ཚིག་གདེང་ཚད་མི་ཆེ་རུ། །ཕྱི་ནང་གི་སྡོམ་གསུམ་

(༢༠༧)རིན་པོ་ཆེ། །སེམས་སྐད་ཅིག་སྟེང་དུ་ལག་ལེན་སྒྲིགས། །སྤྱིར་སྣང་བ་ཐམས་ཅད་ལྷ་རུ་ཤར། །དགོས་རས་པ་ངའི་ཕུང་པོ་ཧེ་རུ་ཀ །སེམས་དབྱིངས་སུ་ཐིམ་ནས་ལྷ་རུ་ལྡང་། །སྐྱེ་ཤི་བར་དོ་ལ་འཇིགས་སྙམས་མེད། །གསང་བ་ཟབ་མོའི་ལམ་མཆོག་གཏུམ་མོ་རུ། །སྒྱུ་ལུས་རྨི་ལམ་འོད་གསལ་སོགས། །འཕོ་བ་གྲོང་འཇུག་བར་དོ་སྟེ། །བསྲེ་བ་རོ་སྙོམས་སྤྱིའི་གནད། །ཁྱོད་རས་ཆུང་པ་ལ་གདམས་པ་ཡིན། །བུ་སྙིང་ལ་ཆོངས་ལ་ཁར་མ་འདོན། །འདི་མིན་གཞན་ལ་བཀའ་རྒྱས་གཏབ། །ཅེས་གསུངས། །དེ་ལྟར་ཐུན་མོང་དམ་ཚིག་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་པར་དོ་རྣམས་རྗེ་བཙུན་མི་ལ་ཉིད་ཀྱི་ཉམས་ལེན་གྱི་འགག་རྣམས་ཟིན་བྲིས་སུ་བཀོད་ནས་གནང་། འོག་སྒོ་བདེ་ཆེན་མཁའ་འགྲོའི་གསང་སྒྲོག་རྗེ་བཙུན་གྱི་གསུང་ལས་ཇི་ལྟར་བྱུང་པ་རྣམས་རྗེ་བཙུན་རས་ཆུང་པས་ཟིན་བྲིས་སུ་མཛད། སླར་ལམ་གྱི་རྨང་རྡོའམ་གཞུང་ཤིང་ལྟ་བུ་གཏུམ་མོ་ལ་གལ་པོ་ཆེར་གདམས་པའི་མགུར་འདི་གསུངས་སོ། ༈ །ཕ་རྗེ་བཙུན་སངས་རྒྱས་སྤྲུལ་པའི་སྐུ། །རྗེ་རྩ་རླུང་ཐིག་ལེའི་གནད་གོམས་པས། །ཕ་ཉམས་རྟོགས་ཀྱི་ཉི་མ་ཀུན་ཁྱབ་ཤར། །རྗེ་སྔགས་འཆད་རྒྱལ་པོའི་ཞབས་ལ་འདུད། །སྤྱིར་ཐབས་ལམ་གསང་སྔགས་ཉེ་ལམ་ཡིན། །དགོས་

(༢༠༨)རྡོ་རྗེ་ཕག་མོ་ལྟ་བའི་མིག །སྟེང་འོག་བར་གསུམ་གྱི་གཏུམ་མོ་དང་། །མེས་ཀྱང་དང་བདུད་རྩིས་གང་བ་སོགས། །ཕྱི་ཉི་མའི་འཁོར་ཡུག་ནང་ནས་བལྟ། །རླུང་དབུ་མར་འབྱུང་འཇུག་རྡོར་བཟླས་ཀྱི། །རྩ་རོ་རྐྱང་མདུད་པ་རང་སར་གྲོལ། །སྔགས་རྡོ་རྗེའི་བཟླས་པ་མ་གཏོགས་པ། །ཡིད་སྔགས་རྣམས་གཞན་ལ་བློ་མི་ཁེལ། །རླུང་འཇམ་རྩུབ་ཀྱི་རྣལ་འབྱོར་གཏིང་དཀྲུགས་ནས། །སྲོག་རྩོལ་གྱི་འགྱུ་བ་དབུ་མར་ཆིངས། །སྤྲིན་མེད་ཀྱི་ནམ་མཁའ་ཉམས་སུ་ཆེ། །ཁམས་དཀར་དམར་གྱི་འདུ་འཕྲོ་བཅུད་ལ་འདུད། །ཉམས་བདེ་དྲོད་དང་སེམས་ལ་རྟོགས་པ་འཆར། །བུ་ཡིད་ལ་བཟུང་ལ་སྒོམ་སྲན་ཚུགས། །འདི་ཆིག་བརྒྱུད་ཡིན་པས་གཞན་མ་སྤེལ། །ཅེས་གཏུམ་མོའི་ཡིག་ཆུང་ཉམས་ལེན་དམར་ཁྲིད་དུ་གདམས། ཡང་སྒྱུ་ལུས་རྨི་ལམ་གྱི་ཉམས་མྱོང་མགུར་དུ་གསུངས་པ། ༈ །དཔལ་ཁྱབ་བདག་ཆེན་པོ་ཧེ་རུ་ཀ །ཡུམ་རྡོ་རྗེ་ཕག་མོས་མགུལ་ནས་འཁྱུད། །དབྱིངས་བདེ་བ་མཆོག་ལ་རོལ་མཛད་པའི། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཕ་རྡོ་རྗེ་འཆང་གིས་བྱིན་གྱིས་རློབས། །བུ་མཁའ་འགྲོས་ལུང་བསྟན་རྡོ་རྗེ་གྲགས། །ཁྱོད་སྙིང་ལ་འདི་ལྟར་བསམས་ན་ལེགས། །སྤྱིར་སྣང་སྟོང་ཟ་ཟིའི་སྒྱུ་མ་དང་། །བློས་བྱས་ལྷའི་སྒྱུ་མ་དང་། །རླུང་སེམས་ལས་གྲུབ་པའི་སྒྱུ་མ་

(༢༠༩)གསུམ། །དོན་འདི་གསུམ་རྒྱུད་ལ་བསྐོར་བ་ལས། །རོ་རྐྱང་གི་རྒྱུ་བ་ཆད་ཀྱང་འཚལ། །དབུགས་ལ་འགྲོ་འོང་མེད་ན་བདེ། །རླུང་རྣམ་ཤེས་འོད་གསལ་གྱི་ཁམས་ལ་ཞུགས། །འབར་འཛག་དབུ་མར་ཐིམ་ཡང་འཚལ། །ཟག་མེད་ཀྱི་བདེ་ཆེན་འབར་བའི་དུས། །རྩ་བ་དང་ཡན་ལག་གི་རླུང་བཅུ་དང་། །ཉི་ཁྲི་དང་ནི་ཆིག་སྟོང་དྲུག་བརྒྱ་ཡི། །རླུང་དྷུ་ཏིའི་འཁོར་ལོར་དབྱིངས་ནས་ལྡང་། །ལར་སྙན་ཅིང་ཕྲ་བའི་རླུང་སེམས་ལས། །ལྷ་གཞལ་མེད་ཁང་སོགས་གྲུབ་པར་འགྱུར། །རྗེ་ལོངས་སྐུ་བླ་མའི་ཞལ་རས་སྟོན། །གཉིད་རྨི་ལམ་གཉིས་ཀྱི་བར་ཤེད་ན། །དབུགས་འགྲོ་འོང་མེད་པའི་ཕོ་བྲང་ན། །སེམས་སྒོམ་པ་མེད་པའི་ཡེ་ཤེས་ལས། །བདེ་ཆེན་འོད་གསལ་ཉམས་རྟོགས་འཆར་ཡང་འཚལ། །རྨི་ལམ་འཁྲུལ་པའི་བག་ཆགས་ཤར་བའི་དུས། །སྣང་སྟོང་འཁྲུལ་པའི་རྨི་ལམ་ངོ་ཤེས་ནས། །སྐྱེ་མེད་སྟོང་པའི་དབྱིངས་སུ་ཐག་ཆོད་དེ། །སྣང་བ་སྟོང་པའི་སྤྲུལ་པར་འཆར་ཡང་འཚལ། སྤྱིར་སྣང་བ་ལྷ་རུ་སྒྱུར་བ་དང་། །དགོས་རླུང་སེམས་རྨི་ལམ་ལྷའི་སྐུ། །སྤྲུལ་བསྒྱུར་དང་ཞིང་ཁམས་བལྟ་བ་སོགས། །བསྲེ་བ་རྣམ་གསུམ་གདམས་པ་སྦྱང་ཡང་འཚལ། །འདི་ཉམས་ལེན་གླུ་རུ་བླངས་པ་ཡིན། །གསང་གཏམ་ཁ་རུ་སྟོན་པ་ཡིན། །

(༢༡༠)དགའ་དྲགས་མི་རྒན་བགད་མོ་ཡིན། །མི་གཞན་ལ་མེད་པའི་ཁྱད་ཆོས་ཡིན། །ཅེས་གསུངས་ཏེ་ངས་སྒྲ་བསྒྱུར་གྱི་བླ་མ་ཆེན་པོ་ལ་གདམས་པ་འདི་དག་གི་དོན་རྡོ་རྗེའི་ཚིག་རྐང་དང་བཅས་པ་ཐོས་ནས་ཉམས་སུ་མྱོང་བར་བྱས། །མི་ལོ་ཉི་ཤུ་རྩ་གཉིས་ཀྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བློ་ལ་འཇག་པར་བྱས་པ་ལགས། མི་གཞན་སུ་ལའང་རྒྱུས་མེད་ཁྱོད་རྡོ་རྗེ་གྲགས་ཀྱི་ཀྱང་དོན་འདི་ཡིད་ལ་བཟུང་ལ་ཚིག་ཡི་གེའི་རིགས་སུ་མ་འབྲི་བར་སྣོད་ལྡན་གྱི་སློབ་མ་གཅིག་ལས་མི་སྤེལ་བ་དང་། ཤིན་ཏུ་གསངས་ནས་ཉམས་སུ་ལེན་པ་གལ་ཆེ་ཞིང་། །སྙན་བརྒྱུད་མགོན་པོ་འདིའི་སྤང་པོ་ཡིན་ནོ་གསུང་། དེའི་བར་ཉིན་མཚན་མེད་པར་ཆིག་བརྒྱུད་ཞལ་གདམས་སྙན་བརྒྱུད་ཕྱག་ལེན་བརྡའི་བརྒྱུད་པ་བྱིན་རླབས་དོན་གྱི་བརྒྱུད་པ་རྣམས་ལྷག་མ་མ་ལུས་པར་གནང་ཞིང་མཐར་གཏད་རྒྱ་བཀའ་རྒྱ་སྨོན་ལམ་དང་བཅས་པ་འདི་གསུངས་སོ། ༈། ཨེ་མ་ཧོ། བྱིན་རླབས་བརྒྱུད་པའི་རྩལ་དང་ལྡན། །ཉམས་མྱོང་བརྒྱུད་པའི་སྣོད་དང་ལྡན། །མོས་གུས་རྟོགས་པ་མཆོག་དང་ལྡན། །བུ་ཅིག་རས་ཆུང་རྡོ་རྗེ་གྲགས། །ངའི་གདམས་ངག་ཁྱད་འཕགས་འདི། །མཁའ་འགྲོའི་ལུང་བསྟན་བྱུང་བ་དང་། །དད་གུས་སྣོད་དང་ལྡན་པའི་ཕྱིར། །རིན་ཆེན་གསེར་

(༢༡༡)གྱི་གའུ་རུ། །ནོར་བུས་བཀང་པ་འདྲ་བ་འདི། །རས་ཆུང་ལག་ཏུ་གཏང་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །ཀུན་གྱི་ཐུན་མོང་མ་ཡིན་པས། །དཀོན་མོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ཉམས་སུ་ལོང་ལས་ལྟོས། །འབྲས་བུ་ཕྱི་དུས་འགྱངས་གྱུར་ན། །རྣལ་འབྱོར་ང་ཡིས་བསླུས་པ་ཡིན། །སེམས་བསྐྱེད་ཆུང་བ་མ་ཡིན་ཏེ། །མཁའ་འགྲོའི་ཚོགས་རྣམས་ཀོ་ལོང་དམ། །བླ་མ་བརྒྱུད་པའི་བཀའ་རྒྱ་ཡོད། །ཆོས་བདག་མཁའ་འགྲོའི་བཀའ་རྒྱ་ཡོད། །ངའི་དེ་སྔ་ཁར་མ་འདོན། །ཉམས་ཀྱི་དྲོད་ཚད་འཕེལ་བ་དང་། །ཕྱི་དུས་འགྲོ་དོན་དར་བའི་ཕྱིར། །ཆིག་བརྒྱུད་གནད་དུ་ཤེས་པར་བྱ། །དྲིན་དང་ལྡན་པའི་སློབ་དཔོན་དང་། །བརྩེ་གདུངས་ཅན་གྱིས་ཆེད་ལྕམ་དང་། །ཟས་ནོར་ཅན་གྱི་འཕན་པོ་དང་། །ཁ་དྲག་ཅན་གྱི་བཙན་པོ་དང་། །བྱས་ཡུས་ཅན་ལའང་མི་སྦྱིན་ན། །གཞན་མ་རྣམས་ལ་སྨོས་ཅི་དགོས། །མཁའ་འགྲོའི་ལུང་བསྟན་བྱུང་བ་འམ། །རང་ལ་དད་ཅིང་གུས་པ་ཡིན། །སྣོད་ལྡན་སྤྲང་པོ་ཡིན་ཀྱང་སྦྱིན། །ཀྱེ་ཧོ་རས་ཆུང་རྡོ་རྗེ་གྲགས། །དཔེར་ན་ནོར་བུ་རིན་ཆེན་དེ། །ཚོགས་མ་བསགས་དང་ཕྲད་པ་མིན། །བསོད་ནམས་ལྡན་པའི་སྤྱོད་ཡུལ་ཡིན། །དེས་ན་སྙན་རྒྱུད་གདམས་པ་འདི། །གདུལ་བྱ་བསགས་པ་དམན་བ་ཡི། །སྐལ་མེད་རྣམས་དང་ཕྲད་པ་

(༢༡༢)དཀའ། །ལས་ཅན་འགའ་ཡི་སྤྱོད་ཡུལ་ཡིན། །དད་མེད་སྐྱེ་བོ་རུས་ཤིང་རགས། །སྐལ་མེད་རྒྱུད་ངན་ལོག་རྟོག་སྐྱེ། །གོ་མེད་ཆོས་པས་གཤེ་སྐུར་འདེབས། །དེ་ཕྱིར་ཀུན་ལ་ཤིན་ཏུ་གསང་། །དབང་ཁྲིད་གདམས་པ་བཞི་པོ་འདི། །ཁྲིད་དུ་རྫོགས་པར་མ་ཐོབ་པར། །དབེ་ཐོབ་ལུང་ཐོབ་བྱེད་པ་ཡི། །བླ་མ་ལྟས་ངན་མཐོང་བཞིན་གསོད། །ཆོས་འདི་མཐོང་ནས་གཞོགས་ངོམ་བྱེད། །ཉམས་ལེན་མི་བྱེད་བཤད་སེམས་ཅན། །དམ་ཉམས་སློབ་མ་བྱུང་སྲིད་ན། །མ་ཧཱ་ཀ་ལས་ཆད་པ་ཆོད། །ཟ་བྱེད་མཁའ་འགྲོས་བཀའ་ཆད་ཕོབ། །ལས་ཅན་གུས་ལྡན་སློབ་མ་ཡི། །ཆོས་འདི་གཙོ་བོར་འདོན་གྱུར་ན། །ལུས་དང་གྲིབ་བཞིན་གདོང་གྲོགས་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བླ་མ་བདེ་མཆོག་འཁོར་ལོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མི་ལ་རས་པ་མི་རྫུན་པས། །འཁོར་བ་ཇི་སྲིད་མ་སྟོངས་བར། །ཆོས་འདི་དར་ཞིང་རྒྱས་པར་ཤོག །དེ་སོགས་དགེ་བའི་རྩ་བ་ཡི། །སངས་རྒྱས་བསྟན་པ་དར་བར་ཤོག །ནག་པོའི་ཕྱོགས་རྣམས་འཕམ་པར་ཤོག །བླ་མ་མཁའ་འགྲོའི་གསུང་བཞིན་དུ། །རྙ་ནང་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བཀོད། །ཕྱོགས་དུས་དགེ་ལེགས་ལྡན་གྱུར་ཅིག །ཅེས་ཡོངས་སུ་རྫོགས་པར་གདམས་ཤིང་དཔེ་ཆ་ཡང་བྲིས་ཏེ་ཞུས་དག་མཛད་ནས་འབྱོན་གྲབས་ཚར་བའི་

(༢༡༣)ཚེ། རྗེ་བཙུན་ཆེན་པོའི་ཞལ་ནས་དེ་དེ་ཡིན་ཏེ་དེ་ཉིད་མིན། བརྡ་འདི་གོ་འམ་གསུང་། རྗེ་རས་ཆུང་པས་བདག་གིས་མ་གོ་ཇི་ལྟར་ལགས་ཞུས་པས། རྗེ་བཙུན་ཆེན་པོའི་ཞལ་ནས་དེ་དེ་ཡིན་བྱ་བ་སྔ་གོང་ནས་བཤད་པའི་ཆོས་རྣམས་ཡིན་ཏེ། བསྒོམས་པའི་སྟོབས་ཀྱི་སངས་རྒྱ་བ་ཐབས་ལམ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་སྟེ་དེ་རྣམས་ཁྱོད་ལམ་ལུས་པ་བཤད་ཟིན། དེ་ཉིད་མིན་ཞེས་པ་ནི་ངོ་སྤྲོད་པའམ་ཐོས་པ་ཙམ་གྱི་སངས་རྒྱ་བ་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་གདམས་པ་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་བྱ་བ་ཆིག་རྒྱུད་ཀྱི་གདམས་པ་དེ་རྣམས་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་འཁོར་ས་བཅུ་ལ་གནས་པའི་སེམས་དཔའ་སེམས་མ་སོགས་འཁོར་རི་རབ་ཀྱི་རྡུལ་ཕྲན་དང་མཉམ་པའི་ནང་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་གཅིག་པོ་ལ་གདམས། དེ་ལ་འཁོར་བསམ་གྱིས་མི་ཁྱབ་པའི་ནང་ནས་བདེ་མཆོག་འཁོར་ལོ་དང་གཉིས་སུ་མེད་པ་རྗེ་བཙུན་ཏེ་ལོ་བ་ཁོ་ན་ལ་གནང་། དེ་ལ་རི་རི་བ་ཀ་སོ་རི་པ་རྣལ་འབྱོར་མཚན་བརྒྱད་སོགས་འཁོར་བསམ་གྱིས་མི་ཁྱབ་པའི་ནང་ནས་པཎ་ཆེན་ནཱ་རོ་ཁོ་ན་ལ་གནང་ཞིང་མར་པ་ལུང་བསྟན། པཎ་ཆེན་ནཱ་རོ་ལ། ཀུ་ཀུ་རི་པ། མཻ་ཏྲི་པ་སོགས་རང་དང་མཉམ་པའི་སྤྲུལ་སྐུ་གྲུབ་ཆེན་བདུན། བལ་པོ་སྤྱི་ཐེར་བ་སོགས་མཆོག་གི་དངོས་

(༢༡༤)གྲུབ་ཐོབ་པ་བདུན། དི་པ་མ་ཀ་ར་མྲིར་ཏི་སོགས་པཎྜི་ཏ་བརྒྱ་རྩ། ཕམ་མཐིང་པ་སོགས་གྲུབ་ཐོབ་བརྒྱ་རྩ་བརྒྱད། པེན་ཏ་པ་སོགས་བཏུལ་ཞུག་གྲུབ་པ་ལྔ་བཅུ་རྩ་བཞི། རྣལ་འབྱོར་མ་སྟོང་ཆིག་བརྒྱ། ཏི་ཕུ་པ་སོགས་སྙན་རྒྱུད་འཛིན་པ་བདུན་སོགས་མཐའ་ཡས་པའི་ནང་ན་སྒྲ་སྒྱུར་མར་བ་ཁོ་ན་ལ་གནང་། བླ་མ་མར་པ་ལ་རྔོགས་པ་སོགས་བུ་སློབ་དུ་མ་ཡོད་ཀྱང་མཁའ་འགྲོས་ཁོ་བོ་ལུང་བསྟན་ནས། བླ་མས་ཁོ་བོ་གཅིག་པོ་ལ་གནང་བ་ཡིན། རས་ཆུང་པ་ཁྱོད་ཡང་བླ་མ་དང་མཁའ་འགྲོ་གཉིས་ཀྱི་ལུང་བསྟན་ཡོད་པས་ད་ལན་ངས་བསྟན་པ་ཡིན། གཞན་ལ་འདི་འདྲ་འདུག་བྱ་བ་ཁོ་བོ་མ་ཤིའི་བར་དུ་མ་ཟེར། ཁྱོད་རང་ཡང་སློབ་མ་སྣོད་དང་ལྡན་པ་ཞིག་མཁའ་འགྲོས་ལུང་སྟོན་ཏུ་འོང་གི་དེ་ལ་སྦྱིན། དེ་ལས་མང་པ་ལམ་སྦྱིན་ཅིག་གསུང་ནས་བཀའ་རྒྱ་མཛད། འདིའི་བདག་པོ་ཁྱོད་ཡིན་པས། གདམས་ངག་ལེགས་བར་འཕྲོད་པ་ཡིན་ནོ་གསུང་དགྱེས་བཞིན་དུ་གནང་ངོ་། །དེ་ནས་བླ་མ་རས་ཆུང་པ་རྩོལ་མེད་དུ་ཤིག་གེ་སོང་སྟེ་གྲོལ་བ་ཐོབ། དེ་ནས་བཀའ་དྲིན་དུ་མཆོད་ཚོགས་བཟང་བར་བཤམས་ནས་བདག་ལ་བླ་མས་ལུང་ཇི་སྐད་ཅེས་བསྟན་བྱུང་པ་ལགས་ཞུས་པས། །རྗེ་བཙུན་གྱིས་གསུངས་པ་ངས་བླ་མ་མར་པའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཞབས་ཏོག་བསྒྲུབས་པའི་མཐར་གདམས་ངག་འདི་གནང་ནས་

(༢༡༥)ད་གདམས་ངག་གི་ལྷག་མ་ཡོད་རེ་ཞེས་བླ་མ་ཡི་དམ་མཁའ་འགྲོ་དབང་དུ་བཙུགས་པའི་དབུ་སྙུང་དང་བཅས་ནས་གནང་། ཁྱོད་རང་ཡང་སློབ་མ་ཐོག་མར་སྔ་བ་མཁའ་འགྲོའི་ལུང་བསྟན་དང་བཅས་པ་ཞིག་ཡོང་པ་ཡོད་ཀྱི་དེ་འདི་ཡི་བདག་པོ་ཡིན་པས་སྦྱིན་གསུང་། འོ་ན་མཁའ་འགྲོས་ལུང་ཇི་ལྟར་བསྟན་བྱུང་ལགས་ཞུས་པས། ཡང་བླ་མའི་ཞལ་ནས་མཁའ་འགྲོ་མ་རྣམས་འདི་ལྟར་གསུངས། ༈ །སྐྱེ་མེད་ནམ་མཁའི་མེ་ཏོག་དེ། །མོ་ཤམ་བུའི་རྟ་ཞོན་ནས། །རི་བོང་རྭའི་མཚོན་ཆ་ཡིས། །རུས་སྦལ་སྤུ་ཡིས་བཅིངས་པ་གྲོལ། །ཏེ་ལོ་ཆོས་ཀྱི་སྤྱན་ཅན་གྱི། །ནཱ་རོ་ཡེ་ཤེས་སྒྲོན་མེ་སྦར། །ནཱ་རོ་ཡེ་ཤེས་སྒྲོན་མེ་ཡིས། །མ་ཏིའི་མ་རིག་མུན་པ་གསལ། །མ་ཏི་ཆོས་ཀྱི་ཉི་མ་ཡི། །རྡོ་རྗེ་རྒྱལ་མཚན་རྩེ་ལ་འཕྱར། །ཡེ་ཤེས་རྡོ་རྗེའི་ཆར་རྒྱུན་གྱིས། །གྲགས་པའི་རིན་ཆེན་བུམ་བ་གང་། །བཅུད་ཀྱི་སྐལ་ལྡན་ཁྱབ་པར་མཆིས། །ངེད་མཁའ་འགྲོ་འདུ་འཚོག་སྐབས་ལ་བབ། །ཅེས་གསུང་གིན་གདའ། གཞན་ཡང་བཅོམ་ལྡན་འདས་མའི་ཞལ་ནས། །མཁའ་འགྲོའི་གསང་ཚིག་ནོར་བུ་དེ། །རྣལ་འབྱོར་ཙིཏྟའི་ནང་ནས་ཕྱུང་། །བཛྲ་ཀི་རྟིའི་སྤྱི་བོར་གཞོག །འོད་ཟེར་དགའ་བས་འཐུང་བར་འགྱུར། །ཞེས་ཀྱང་གསུང་། སྙིང་གི་ཐིག་ལེ་ཞིག་ཡོད་པ་ཕ་བུ་ཕྱི་ཚིག་གི་དུས་

(༢༡༦)ཤིག་འོང་གི་དེ་དུས་བྱ། གཞན་གདམས་པ་རྣམས་རྫོགས་པར་སྦྱིན་ཟིན་པ་ཡིན་གསུང་། དེར་རྗེ་རས་ཆུང་པ་ཐུན་མོང་མ་ཡིན་ཞིང་ཚད་ལས་འདས་པའི་དགའ་སྤྲོ་ཐུགས་སུ་ཚུད་དོ། །དེ་རྣམས་ནི་བསྟན་པའི་སྲོག་ཤིང་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་སྐོར་གསུམ་རྡོ་རྗེ་འཆང་གི་བརྒྱུད་པ་བཅུ་གསུམ་གྱི་བར་དུ་ཆིག་བརྒྱུད་དུ་རྒྱས་གཏབ་པ་ལས། བཅོམ་ལྡན་འདས་མས་ཅུང་ཟད་ཡངས་པར་བཀས་གནང་ཞིང་ལུང་བསྟན་པ་ལྟར་བཀའ་བབས་ཀྱི་བརྒྱུད་པ་ལུང་བསྟན་བྱིན་བརླབས་བཀའ་གཏད་བཀའ་རྒྱ་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་པ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་བུ་ལ་གཏད་པ་ལྟ་བུའི་སྐོར་ཚོ་དེ་བདུན་པའོ། ༈ །བརྒྱད་པ་ནི་ཡང་བླ་མའི་ཞལ་ནས་ཁྱོད་དབུས་སུ་ད་ལམ་འགྲོ་བའི་དུས་ལ་མ་བབ་པས་རབ་ཏུ་མ་འགྲོ། དབུས་སུ་འགྲོ་ན་ཡང་ངའི་སྤྱིལ་བོ་འདི་ལ་ཕྱག་བརྒྱ། བསྐོར་བ་བརྒྱ་མཎྜལ་བརྒྱ་གཏོར་མ་བརྒྱ་ཆུ་སྦྱིན་བརྒྱ་ཚ་ཚ་བརྒྱ་གཤེགས་པ་བརྒྱ་དེ་རྣམས་བགྱིས་ལ་སོང་གསུངས་པས། རས་ཆུང་པ་དགའ་གྲགས་ནས་ཞག་གཅིག་བཞུགས་ཀྱང་ནང་པར་དེ་རྣམས་བརྗེད། དེ་ནས་ཆས་གཞན་ནི་འཁྱེར་རྒྱུ་མེད་ན་བཟའ་རས་ཀྱང་དེ་གསོལ། དྲྭ་བ་ཟུར་གསུམ་དང་བ་མེན་གྱི་ཨ་རུ་རྒྱབ་ཏུ་ཁུར་སྙན་བརྒྱུད་ཀྱི་བེ་བུམ་མཆན་ཞབས་སུ་

(༢༡༧)བཅངས་སེང་ལྡེང་གི་ཕུར་པ་སྐུ་སྐེད་ལ་བཟར་དབུ་ཞྭ་རྒྱ་གར་པཎ་ཞྭ་དེ་དབུ་ལ་གསོལ་ནས། རྗེ་བཙུན་ཆེན་པོའི་དྲུང་དུ་བྱིན་རླབས་ཞུར་བྱོན་པས། རྗེ་བཙུན་གྱི་ཐུགས་ལ་རས་ཆུང་པ་འདི་དང་ཡུན་རིང་དུ་འགྲོགས་ཤིང་ད་རེ་ཞིག་ཨེ་འཕྲད་མི་ཤེས་དགོངས་ནས་སྐྱེལ་ཐུང་ལ་ལ་ཁར་ཕེབས་པ་དང་། རྗེ་བཙུན་གྱི་ཞལ་ནས་ཁྱོད་འགྲོ་ལུགས་ཇི་ལྟར་འགྲོ་གསུངས་པ་ལ། འགྲོ་ལུགས་འདི་དབྱངས་སུ་ཕུལ་ལོ། ༈ །ང་དམ་ཆོས་ལྟ་བ་དཔེར་བཞག་ནས། །སྣང་སྟོང་ཟུར་ཁ་འགྲིམ་ཞིང་འགྲོ། །རྟག་ཆད་ཆམ་ལ་འབེབས་བཞིན་འགྲོ། །འགྱུར་མེད་ལམ་དུ་སློང་བཞིན་འགྲོ། །ལྟ་བ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྒོམ་པ་དཔེར་བཞག་ནས། །བདེ་གསལ་ཟུར་ཁ་འགྲིམ་ཞིང་འགྲོ། །བྱིང་རྒོད་ཆམ་ལ་འབེབས་ཤིང་འགྲོ། །བདེ་གསལ་ལམ་དུ་སློང་བཞིན་འགྲོ། །སྒོམ་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྤྱོད་པ་དཔེར་བཞག་ནས། །བརྟུལ་ཞུགས་ཟུར་ཁ་འགྲིམ་ཞིང་འགྲོ། །ཐོ་ཅོ་ཆམ་ལ་འབེབས་ཤིང་འགྲོ། །ཞེན་མེད་ལམ་དུ་སློང་བཞིན་འགྲོ། །སྤྱོད་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་དམ་ཚིག་དཔེར་བཞག་ནས། །རྣམ་དག་ཟུར་ཁ་འགྲིམ༴ གཡོ་སྒྱུ་ཆམ་ལ་འབེབས་ཤིང་༴ ཟོལ་མེད་ལམ་དུ་སློང་བཞིན༴ དམ་ཚིག་ཞན་ཡང་ང་མི་འགྱོད། །དམ་ཆོས་འབྲས་བུ་དཔེར་བཞག་ནས། །ལྷུན་གྲུབ་ཟུར་ཁ་

(༢༡༨)འགྲིམ་ཞིང་འགྲོ། །རེ་དོགས་ཆམ་ལ་འབེབས་ཤིང་འགྲོ། །སྐུ་བཞི་ལམ་དུ་སློང་བཞིན་འགྲོ། །འབུས་བུ་ཞན་ཡང་ང་མི་འགྱོད། །རྗེ་བཙུན་མར་པ་དཔེར་བཞག་ནས། །སྙན་རྒྱུད་ཟུར་ཁ་འགྲིམ་ཞིང་འགྲོ། །ཐ་སྙད་ཆམ་ལ་འབེབས་ཤིང་འགྲོ། །གདམ་ངག་ལམ་དུ་སློང་བཞིན་འགྲོ། །ཆོས་ལམ་ཁྱེར་ཞན་ཀྱང་ང་མི་འགྱོད། །བླ་མ་མི་ལ་དཔེར་བཞག་ནས། །སྙིང་རུས་ཟུར་ཁ་འགྲིམ་ཞིང་འགྲོ། །ལེ་ལོ་ཆམ་ལ་འབེབས་ཤིང་འགྲོ། །བརྩོན་འགྲུས་ལམ་དུ་སློང་བཞིན་འགྲོ། །བརྩོན་འགྲུས་ཞན་ཀྱང་ང་མི་འགྱོད། །ང་རང་རས་ཆུང་དཔེར་བཞག་ནས། །སྐལ་ལྡན་ཟུར་ཁ་འགྲིམ་ཞིང་འགྲོ། །ལོག་རྟོག་ཆམ་ལ་འབེབས་ཤིང་འགྲོ། །མོས་གུས་ལམ་དུ་སློང་བཞིན་འགྲོ། །གསོལ་འདེབས་ཞན་ཡང་ང་མི་འགྱོད། །ཅེས་ཞུས་པས་འགྲོ་ལུགས་ལེགས་པར་བྱུང་ལར་རང་བུ་མའི་རྩར་བསྡད་ན་སྐྱེད་ཆེ། སྒོ་ང་མའི་དྲོད་ལ་བཙོས་ན་རྡོལ་སླ། །སྒོམ་ཆེན་བླ་མའི་དྲུང་ན་གོལ་ས་མེད་པ་ཡིན་ཏེ། མི་ཉན་པར་འགྲོ་བ་འདུག་པས་ངས་ཁྱེད་བརྩེ་བས་མི་འདོར་ཁྱོད་རང་ཀྱང་གསོལ་བ་རྒྱུན་དུ་ཐོབ་ཅིག་གསུངས་པས། རས་ཆུང་པས་སྤྱན་ཆབ་བསིལ་ཞིང་བདག་རྗེ་བཙུན་ལ་སངས་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པ་ཡོད་ཅིང་སྔར་ཡང་རེ་ས་རྗེ་བཙུན་ལས་མེད། ད་རུང་སངས་རྒྱས་མ་ཐོབ་ཀྱི་བར་དུ་རེ་ས་རྗེ་བཙུན་

(༢༡༩)ལས་མེད་པས་འདི་ཕྱི་བར་དོ་ཀུན་གྱི་སྐྱབས་དང་སྐྱེལ་མ་ཞུ་ཞེས་ཞུ་དོན་འདི་དབྱངས་སུ་ཕུལ་ལོ། །བླ་མ་སངས་རྒྱས་ཀྱི་དགོངས་པ་ཐུགས་རྗེ་ཆེ། །བདག་རས་ཆུང་པ་ལ་སྐྱེལ་མ་མཛོད། །ད་བལྟ་བའི་ལ་ལ་འགྲོ་བསམ་པས། །རྟག་ཆད་སྐུངས་ས་མང་པ་དང་། །ཕྱོགས་རིས་ཇག་པ་རྒོད་པ་དང་། །གཟུང་འཛིན་ལ་སྟོངས་ཆེ་བ་ཡིས། །ཡང་དག་རྫོགས་པའི་ས་ལས་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་ལས་སྒྲོལ་ཞིག་སྤྲུལ་པའི་སྐུ། །སྒོམ་པའི་ཐང་ལ་འགྲོ་བསམ་པས། །བྱིང་རྒོད་སྐུངས་ས་མང་བ་དང་། །དམིགས་གཏད་ས་འཕྲེང་དམ་པ་དང་། །རྣམ་རྟོག་མགོ་ལོ་རྒོད་པ་ཡི། །སྐྱེ་མེད་སྤྲོས་བྲལ་ཐང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ༴ འཇིགས་ལས་སྒྲོལ་ཞིག༴ སྤྱོད་པའི་འཕྲང་ལ་འགྲོ་བསམ་པས། །ཞེན་པ་འགྲོགས་ཡུན་རིངས་པ་དང་། །ཚུལ་འཆོས་ས་འཕྲང་དོག་པ་དང་། །ཐོ་ཅོའི་ཇག་པ་རྒོད་པ་ཡི། །ཤུགས་འབྱུང་ཞེན་མེད་འཕྲང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་ལས་སྒྲོལ་ཞིག །དམ་ཚིག་ས་མཁར་རྩིག་བསམ་པས། །ཐོས་པའི་གོར་རྒྱ་ཆུང་བ་དང་། །གཉེན་པོའི་ཞོལ་ཁྱིམ་དམའ་བ་དང་། །ངོ་ལྐོག་ཁྲི་རྒྱོགས་ཆེ་བ་དེ། །སྐྱེ་མེད་དག་པའི་འོབས་ཀྱིས་མ་སྐོར་བར། །བུ་ལ་སྐྱེལ་

(༢༢༠)མ་མཛོད་ཅིག་རིན་པོ་ཆེ། །འཇིགས་ལས་སྒྲོལ་ཅིག༴ འབྲས་བུའི་ཚོད་ཞིག་ལེན་བསམ་པས། །འཁོར་འདས་ཤུལ་ཐག་རིང་བ་དང་། །མྱང་འདས་ས་འཕྲེང་དམ་པ་དང་། །རེ་དོགས་ཇག་པ་རྒོད་པ་སྟེ། །སྐུ་བཞི་ཡོངས་རྫོགས་ཁྱིམ་དུ་མ་ཕྱིན་བར། །བུ་ལ་སྐྱེལ་མ༴ འཇིགས་ལས་སྒྲོལ༴ རས་ཆུང་རྒྱལ་ཁམས་འགྲིམ་བསམ་པས། །སྒྱུ་ལུས་སྐྱིད་འདོད་ཆེ་བ་དང་། །བོད་དུ་དང་གཞི་ཆུང་བ་དང་། །ཁྲམ་པའི་ཇག་པ་རྒོད་བ་ཡི། །བུ་ཕ་ཡི་དྲུང་དུ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་ལ་སྒྲོལ་ཅིག་སྤྲུལ་པའི་སྐུ། །ཞེས་ཞུས་པས། ད་ཅིས་ཀྱང་འགྲོ་ན་སྐྱེལ་མར་བཀྲ་ཤིས་མངའ་གསོལ་བ་ཡིན། །རྟེན་འབྲེལ་ཡོད་པས་ངའི་རས་གོས་འདི་ཡི་ཁར་སྡོད་གསུངས་ན་བཟའ་བལྟབ་རྩིག་མཛད་བཏིང་ནས། རས་ཆུང་པས་བླ་མའི་གྲིབ་མ་ལ་ཡང་འགོམ་དུ་མི་རུང་ལ་ལ་ན་བཟའ་རས་གོས་སྟེང་དུ་སྡོད་དུ་ཨེ་རུང་ཞུས་པས། བླ་མས་བཀའ་གནང་ན་ཉེས་པ་མེད་གསུང་ནས་རས་ཆུང་པ་བཞག །རྗེ་བཙུན་རང་ཕ་བོང་སྟེང་དུ་ཕྱེད་སྐྱིལ་དུ་བཞུགས་པས་སྐུའི་རྗེས་འཁྱུད་གང་ཙམ་དུ་དིམ་པ་བྱུང་བ་དུས་ད་ལྟ་ཡང་གསལ་བར་ཡོད་དོ། །དེ་ནས་རྗེ་བཙུན་གྱིས་བཀྲ་ཤིས་ཀྱི་མགུར་འདི་གསུངས་སོ། ༈ །ངའི་བརྒྱུད་པ་གང་ཡིན་ཟེར་ཙ་ན། །བརྒྱུད་པ་མི་ངན་རྒྱུད་པ་བཟང་།

(༢༢༡)བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བླ་མ་གང་ཡིན་ཟེར་ཙ་ན། །བླ་མ་མི་ངན་བླ་མ་བཟང་། །བླ་མ་མར་རྔོག་རྣམ་གཉིས་ཡིན། །བླ་མ་བཟང་པོ་དེའི། །བུ་རས་ཆུང་པ་ལ༴ དམ་ཆོས་གང་ཡིན་ཟེར་ཙ་ན། །དམ་ཆོས་མི་ངན་དམ་ཆོས་བཟང་། །དམ་ཆོས་ཕྱག་ཆེན་ཆོས་དྲུག་ཡིན། །དམ་ཆོས་བཟང་པོ་དེའི། །བུ་རས་ཆུང་པ་ལ། །ཡི་དམ་གང་ཡིན་ཟེར་ཙ་ན། །ཡི་དམ་མི་ངན་ཡི་དམ་བཟང་། །ཡི་དམ་རྡོ་རྗེ་ཕག་མོ་ཡིན། །ཡི་དམ་བཟང་པོ་དེའི༴ བུ་རས་ཆུང་པ་ལ༴ ཆོས་སྐྱོང་གང་ཡིན་ཟེར་ཙ་ན། །ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡིན། །ཆོས་སྐྱོང་བཟང་པོ་དེའི༴ བུ་རས་ཆུང་པ་ལ༴ ལྟ་བ་སྒོམ་པ་སྤྱོད་པ་གསུམ། །བུ་རས་ཆུང་པ་ལ་བཀྲ༴ གཞི་དང་ལམ་དང་འབྲས་བུ་གསུམ། །བུ་རས་ཆུང་པ་ལ༴ རྩ་དང་རླུང་དང་ཐིག་ལེ་གསུམ། །བུ་རས་ཆུང་པ་ལ༴ བདེ་དང་གསལ་དང་མི་རྟོག་གསུམ། །བུ་རས་ཆུང་པ་ལ༴ སངས་རྒྱས་བདེན་ལ་ཆོས་ཀྱང་བདེན། །དེ་བཞིན་དགེ་འདུན་བདེན་པ་ཡིས། །བཀྲ་ཤིས་མི་འགྱུར་བརྟེན་པར་ཤོག །ང་རང་གང་ཡིན་ཟེར་ཙ་ན། །ང་རང་མི་ལ་རས་པ་ཡིན། །མི་ལའི་བཀྲ་ཤིས་བུ་ལ་ཤོག །བུ་ཕ་ལས་ལྷག་པའི་བཀྲ་ཤིས་ཤོག །ཅེས་གསུངས་ཤིང་གཞན་ཡང་ཞལ་

(༢༢༢)གདམས་ལ་ཁྱོད་ལ་དབུས་སུ་འཇིག་རྟེན་པའི་ཁྱི་མོ་ཞིག་གིས་རྐང་པ་ནས་འཇུ་བ་འདུག་པས། དེ་དུས་བླ་མ་དང་ཉམས་ལེན་མ་བརྗེད་པར་བགྱིས་གསུང་། རྗེ་བཙུན་དེར་བཞུགས་པ་ལ་ཡང་རས་ཆུང་པས་ཞུས་པ། ད་རྒྱ་གར་དུ་འགྲོ་དུས་ཕྱག་རྒྱ་ཆེན་པོ་ལ་བླ་མ་བལ་པོ་ཨ་སུ་མཁས་ཟེར་བས་ཁོང་ད་ལྟ་སུམ་འཕྲེང་ན་བཞུགས་ཡོད་པར་འདུག་པས་དེར་ཕྱིན་པས་ཨེ་ཆོག་ཞུས་པས། བླ་མའི་ཞལ་ནས་འོ་ན་ཞུས་དང་རང་རེའི་ཆོས་ལས་ཟབ་པར་འདུག་ན་ཉམས་ལེན་བགྱིས། མི་ཟབ་པར་འདུག་ན་རང་གི་ཆོས་ལ་སྙིང་རུས་ཆེ་རུ་འགྲོ་བ་ཡིན་གསུང་། རས་ཆུང་པས་ཕྱག་དང་སྐོར་བ་བྱས། ཞབས་དབང་ཞུས། སྨོན་ལམ་བཏབས་ནས་བྱོན་པས། རྗེ་བཙུན་གྱི་ཐུགས་དགོངས་ལ་ཁོང་ལ་ཕྱི་མིག་ཅིག་ལྟར་འོང་དེ་བར་མ་བསྡད་ན་ཁོ་མི་དགའ་ཡོང་དགོངས་དར་གཅིག་གྲོད་ཕུག་སྙ་ཡི་ལ་ཐོག་དེར་བཞུགས་པས། རས་ཆུང་པ་ཕྱི་མིག་མི་བལྟ་བར་བཞུད་པས་རྗེ་བཙུན་གྱི་ཐུགས་ལ་ཁོ་ཕྱི་མིག་གཅིག་ཀྱང་མི་བལྟ་བར་འགྲོ་ལུགས་ཀྱི་བླ་མ་དང་མཆེད་གྲོགས་ལ་ལོག་ལྟ་སྐྱེས་པ་ཡིན་ནམ་བར་ཆད་ཀྱི་ཚུགས་སམ་མི་ཚུགས་ལས་ངན་གྱི་དབང་དུ་འགྲོ་འམ་མི་འགྲོ་ཆོས་དང་བརྒྱུད་པ་རྣམས་གསོང་ཞིང་འགྲོ་བའི་རིགས་ཡིན་དགོངས་ནས་རླུང་ཐུན་གཅིག་བཟུང་ནས་སྔོན་ལ་བྱོན་ཏེ། གྲོད་ཕུག་ནས་ཡར་རེ་ཞིག་འོང་བ་རྙ་ནང་སྡང་ཆུའི་འགྲམ་པི་

(༢༢༣)ལིང་ཟུར་ཁའི་ལ་བཙེས་དང་ཁད་ཉེ་བ་བྲག་སེངྒེ་འགྱིང་འདྲར་རྗེ་བཙུན་ཇག་པ་མི་བདུན་དུ་སྤྲུལ་ནས་རས་ཆུང་པ་ལ་ཟོག་པོ་འདི་སོད་སོད་རྒྱོབ་རྒྱོབ་ཟེར་ནས་ལྟོ་ཆ་དང་གོས་ཆས་རྣམས་འཕྲོགས་པས་རས་ཆུང་པའི་ཐུགས་ལ་ངས་ད་ནང་ཕྱག་དང་བསྐོར་བ་རྣམས་མ་བྱས་པས་ལན་སྙམ་ནས་མིག་ཟིམ་བྱས་བླ་མ་ཡིད་ལ་བསྒོམ་པས་ཡང་སངས་ཀྱིས་སོང་སྙམ་བྱེད་པས་མིག་ཕྱེ་ཙ་ན་ངོ་མི་ཤེས་པའི་རས་པ་བདུན་དུ་སོང་འདུག་པས་རས་ཆུང་པའི་ཉམས་སད་ཕྱིར་མགྲིན་གཅིག་ཏུ་སྡེབས་ནས་མགུར་འདི་གསུངས་སོ། ༈ །ཁྱོད་ལམ་འབྱོན་རས་པ་ཚུར་ཉོན་དང་། །ཁྱོད་རང་སུ་ཡིན་བླ་མ་གང་། །མེས་པོ་སུ་ཡིན་ཡང་མེས་གང་། །བརྒྱུད་པ་སུ་ཡིན་གདམས་ངག་གང་། །སྒོམ་པ་གང་ཡིན་དགོན་པ་གང་། །རི་འདི་གང་ཡིན་བྲག་འདི་གང་། །འགྲོ་བ་གང་གི་ཕྱོགས་སུ་འགྲོ། །སོངས་ཤིག་སུའི་ཞལ་ནས་གསུང་། །གར་འགྲོ་སུ་ཡིན་ཟེར་ཞིང་འགྲོ། །ཁྱོད་འགྲོ་བའི་འགྲོ་ལུགས་ཇི་ལྟར་འགྲོ། །བཀའ་མཆིད་མ་འཁྱོགས་དྲང་པོར་སྨོས། །ཅེས་གསུངས་པས་རྗེ་རས་ཆུང་པའི་ཐུགས་དགོངས་ལ། གཞན་ངའི་སྔོན་དུ་དེ་སྐད་ཟེར་བའི་རས་པ་མི་ཡོང་རྗེ་བཙུན་གྱི་སྤྲུལ་པར་འདུག་སྙམ་ཏེ་ཕྱག་ཕུལ་ནས་འགྲོ་ལུགས་མགུར་དུ་ཕུལ་བ། ༈ །ཕ་རྗེ་བཙུན་ཆེན་པོ་སྙན་གསོན་དང་། །མི་ཁྱོད་

(༢༢༤)རང་སུ་ཡིན་ཟེར་ཙ་ན། །ང་རང་གུང་ཐང་རས་ཆུང་ཡིན། །བླ་མ་མི་ལ་རས་པ་ཡིན། །མེས་པོ་མར་རྔོག་རྣམ་གཉིས་ཡིན། །ཡང་མེས་ཏེ་ལོ་ནཱ་རོ་ཡིན། །གདམས་ངག་མཁའ་འགྲོ་སྙན་རྒྱུད་ཡིན། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །དགོན་པ་ལ་ཕྱི་གངས་ར་ཡིན། །སྒོམ་པ་རྩ་ཐིག་རླུང་གསུམ་ཡིན། །རི་འདི་པི་ལིང་ཟུར་ཁ་ཡིན། །བྲག་འདི་སེངྒེ་འགྱིང་བ་ཡིན། །འགྲོ་བ་དབུས་ཀྱི་ཕྱོགས་སུ་འགྲོ། །སོང་ཞིག་བླ་མ་རྗེ་བཙུན་གསུང་། །བདག་དེ་ལྟར་འགྲོ་བས་འགྲོ་ཆོས་ཞུ། །ཅེས་ཞུས་པས། སྤྲུལ་པ་རྣམས་སྐུ་དངོས་ལ་བསྡུས་ཏེ་ངས་ཁྱོད་ཕྱི་མིག་གཅིག་ཀྱང་མི་བལྟ་བར་སོང་བས་ཉམས་སད་དུ་ཡོངས་པ་ཡིན་ཏེ། དམ་ཚིག་ལ་སྐྱོན་མི་འདུག་པས་ད་ང་དང་ཁྱོད་དམ་ཚིག་གཙང་ཕྱིར་འདུ་འབྲལ་མེད་པས་དབུས་སུ་སོང་ཞིག་གསུང་པ་ལ། རས་ཆུང་པ་སྤྲོ་ཞིང་རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས་ནས་སྨོན་ལམ་མང་དུ་བཏབ་ཅིང་དབུས་ཕྱོགས་ལ་བྱོན་ནོ། །བརྒྱུད་པའི་བྱིན་རླབས་ཞུགས་ཤིང་ཆོས་དང་གདམས་ངག་རྫོགས་ནས་བོགས་འདོན་ཕྱིར་དབུས་ཕྱོགས་ལ་འགྲོ་དོན་ལ་ཕེབས་པའི་སྐོར་ཆོ་དེ་བརྒྱད་པའོ། ༈ །དགུ་པ་ནི། དེ་ནས་བླ་མ་རས་ཆུང་པས་རྙ་ནང་གྲོད་ཕུག་ནས་བླ་མའི་རྣལ་འབྱོར་གྱི་ངང་ནས་རླུང་བཟུང་སྟེ་རྫུ་འཕྲུལ་གྱིས་བྱོན་པས་བོད་འགྲུལ་པའི་ཟླ་ལམ་གཅིག་

(༢༢༥)ཞག་གཅིག་ལ་བཅད་དེ་གཙང་རོང་གཡག་སྡེ་ཞལ་མངའ་བྱ་བར་ཕྱགས་ཕེབས་པའི་དུས་སུ་ཁོ་ཚད་རྙིང་པ་ཁང་སྟོང་གཅིག་ཏུ་དར་ཅིག་གཟིམས་ནས་བཞུགས་པས། ཐུགས་མ་ཕེབས་པར་ཕྱི་ན་ཡར་བྱོན་པས་ཡོན་བདག་མོ་ལུས་ལ་དར་གོས་གྱོན་པ་སྐེ་ལ་གཡུ་ཆེན་པོ་བཏགས་པ། རྒྱབ་ཏུ་ཟངས་བུམ་ཁུར་ལག་ན་ནས་ཟེ་ཁྱེར་བ་ཞིག་ཆུ་ལེན་དུ་བྱུང་བ་དང་། རས་ཆུང་པས་མོའི་མདུན་དུ་བྱོན་ནས་ཡོན་བདག་མོ་རྣལ་འབྱོར་པ་ལ་དོ་ནུབ་ཀྱི་གནས་ཚང་ཞིག་དགོས་གསུངས་པས། མོ་ན་རེ་ཁྱེད་ཀྱིས་གང་ནས་བྱོན་ཟེར་བླ་མ་རས་ཆུང་པའི་དབུ་ནས་ཞབས་ཡན་ཆད་ལ་ལེགས་པར་བལྟ་ཞིང་གདའ་སྐད། དེར་རས་ཆུང་པས་རྙ་ནང་གྲོད་ཕུག་བྱ་བ་ནས་ཡིན་གསུངས་པས་མོ་ན་རེ་གྲོད་ཕུག་ནས་འདིའི་བར་ལ་ལམ་ཞག་དུ་གདའ་ཟེར་བ་བོང་འགྲོས་ཀྱི་ཟླ་བ་གཅིག་འདུག་གསུངས་པས། མོ་ན་རེ་ཁྱེད་ཀྱི་ཞག་དུ་བྱས་ཟེར་ངེད་ཀྱི་ད་ནང་ཡོངས་པ་ཡིན་གསུངས་པས་མོ་ན་རེ་སྔར་ཡང་བོད་འགྲོས་ཟླ་བ་གཅིག་ཉི་མ་གཅིག་ལ་སུས་བཅད་ད་ཡང་སུས་ཆོད་པ་ཡོད། ཁྱོད་རྫུན་ཆེ་བ་མིག་རྩ་དྲུང་པ་སྦར་ཁྱིམ་ཆེ་བ་གཅིག་འདུག་ཁྱོད་ངའི་གཡུ་དང་ཟངས་བུམ་ལ་འཇབ་པར་འདུག་སྟེ་ང་རང་གི་དགོས་ནས་བསྡོགས་པ་ཡིན་ཁྱོད་རང་དགོས་ན་བསྡོགས་ལས་བགྱིས་ཟེར་ནས་མོ་བྲོས་སོང་བ་དང་། བླ་མ་

(༢༢༦)རས་ཆུང་པས་མོའི་ཐུ་བ་ལ་བཟུང་སྟེ་ཁྱོད་ཀྱི་ངའི་དཔེ་མི་ཐུབ་ཁྱོད་རང་ངའི་གླུ་འདི་ལ་ཉོན་ཅིག་གསུང་ནས་མགུར་འདི་གསུངས་སོ། ༈ །སེམས་ཉིད་འོད་གསལ་ཆེན་པོ་འདི། །ནམ་མཁའ་འདི་ལ་དཔེ་བཞག་པས། །ནམ་མཁས་སེམས་ཀྱི་དཔེ་མི་ཐུབ། །ནམ་མཁས་སེམས་ཀྱི་དཔེ་ཐུབ་ན། །ནམ་མཁའ་རིག་མེད་སྟོང་པ་དང་། །སེམས་ཉིད་རིག་བཅས་སྟོང་པ་གཉིས། །སྟོང་པའི་སྒོ་ནས་མཉམ་ལགས་ཀྱང་། །དོན་འདྲ་དང་མི་འདྲ་ཁྱད་པར་ཆེ། །སེམས་ཉིད་འོད་གསལ་ཆེན་པོ་འདི། །ཉི་ཟླ་འདི་ལ་དཔེ་བཞག་པས། །ཉི་ཟླས་སེམས་ཀྱི་དཔེ་མི་ཐུབ། །ཉི་ཟླ་གཟུགས་ཅན་གསལ་བ་དང་། །སེམས་ཉིད་གཟུགས་མེད་གསལ་བ་གཉིས། །གསལ་བའི་སྒོ་ནས་མཉམ་ལགས་ཀྱང་། །དོན་འདྲ་དང་མི་འདྲ་ཁྱད་པར་ཆེ། །སེམས་ཉིད་འོད་གསལ་ཆེན་པོ་འདི། །རི་བོ་འདི་ལ་དཔེ་བཞག་པས། །རི་བོས་སེམས་ཀྱི་དཔེ་མི་ཐུབ། །རི་བོས་སེམས་ཀྱི་དཔེ་ཐུབ་ན། །རི་བོ་ས་རྡོ་དཔུངས་པ་དང་། །སེམས་ཉིད་འདུ་འཕྲོ་མེད་པ་གཉིས། །གཡོ་འགུལ་མེད་པ་མཉམ་ལགས་ཀྱང་། །དོན་འདྲ་མི་འདྲ༴ སེམས་ཉིད་འོད་གསལ་ཆེན་པོ་འདི། །ཆུ་བོ་འདི་ལ་དཔེ་བཞག་པས། །ཆུ་བོས་སེམས་ཀྱི་དཔེ་མི་ཐུབ། །ཆུ་བོ་ཆུ་བྲན་འདུས་པ་དང་། །སེམས་ཉིད་སྤྲོས་དང་བྲལ་བ་གཉིས། །རྒྱུན་ཆད་མེད་པར་མཉམ་ལགས་ཀྱང་། །དོན་འདྲ་

(༢༢༧)དང་མི་འདྲ་ཁྱད་པར་ཆེ། །སེམས་ཉིད་འོད་གསལ་ཆེན་པོ་འདི། །མི་ང་དང་ཁྱོད་ལ་དཔེ་བཞག་པས། །ཁྱོད་ཀྱི་ངའི་དཔེ་མི་ཐུབ་ན། །ཁྱོད་ཀྱིས་ངའི་དཔེ་ཐུབ་ན། །ང་ནི་འཇིག་རྟེན་བྱ་བ་བཏང་། །ཉིན་མོ་སེམས་ཅན་འགྲོ་དོན་བྱེད། །ནུབ་མོ་འོད་གསལ་ངང་ལ་འཇོག །ནང་ནུབ་མཆོད་སྦྱིན་གཏོར་མ་གཏོང་། །ཁྱོད་ནི་འཇིག་རྟེན་བྱ་བ་མཁན། །ཉིན་མོ་བྱ་བའི་ལས་ལ་གཡེངས། །ནུབ་མོ་གཏི་མུག་གཉིད་དུ་སོང་། །ནང་ནུབ་ལྟོ་གོས་ཁོལ་མོར་ཤོར། །མི་ལུས་ཐོབ་པ་མཉམ་ལགས་ཀྱང་། །དོན་འདྲ་དང་མི་འདྲ་ཁྱད་པར་ཆེ། །ཞེས་གསུངས་པ་དང་དེར་མོ་དད་པ་སྐྱེས་ནས་ནང་དུ་ཐེགས་པ་ཞུ་ཟེར་ཏེ་གདན་དྲངས་ནང་དུ་བྱོན་པའི་དུས་སུ་མོ་ལ་ཁྱོ་པོ་རྒན་པོ་ཅིག་འདུག་པས་ཁོ་ཡང་བླ་མ་དང་ཞལ་མཇལ་བ་ཙམ་གྱིས་དད་དེ་ཆོས་ཀྱི་འབྲེལ་བ་ཞུ་ཟེར་བ་ལ་མགུར་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། དོན་མེད་འཇིག་རྟེན་བྱ་བ་ཐོང་། །དང་དུ་རྒྱུད་པའི་གདམས་ངག་ལོང་། །གནས་སུ་རི་ཁྲོད་དགོན་པ་བརྟེན། །གྲུབ་ཐོབ་གོང་མའི་རྣམ་ཐར་ཡིན། །ལྟོ་གོས་གཉིས་ལ་གྱོང་སྐུར་ལས། །འགྲན་ཟླ་གོང་མའི་རྗེས་ལ་ཚུགས། །ནང་ནས་གཡོ་སྒྱུའི་ཁོང་སྲན་ཐོན། །དེ་བཟང་པོ་རྣམས་ཀྱི་རྣམ་ཐར་ཡིན། །དྲེགས་པ་ཆོས་བརྒྱད་མགོ་བོ་སྙོམས། །བླ་མའི་འདམ་ཁ་ཤེས་པར་བྱ། །ལུས་དང་ལོངས་སྤྱོད་བསྙེན་བཀུར་བགྱིས། །དེ་

(༢༢༨)ལས་འཕྲོ་ཅན་གྱི་རྣམ་ཐར་ཡིན། །འཆི་བ་མི་རྟག་རྒྱུན་དུ་སྒོམས། །སྲིད་པའི་ཉེས་དམིགས་དྲན་པར་བྱ། །རྒྱུ་འབྲས་ལས་ལ་མིག་བཞིན་འཛེམས། །སྐྱོ་ཤས་ཅན་གྱི་རྣམ་ཐར་ཡིན། །འཕགས་པའི་ནོར་བདུན་རྒྱུད་ལ་བསོགས། །ཞེན་འདོད་ལྕགས་ཀྱུ་ཆུ་ལ་སྐྱུར། །གཞན་སྐྱོན་མི་བལྟ་རང་སྐྱོན་བལྟོས། །དེ་ཀུ་ས་ལི་པའི་རྣམ་ཐར་ཡིན། །སེམས་ཉིད་བྱང་ཆུབ་མཆོག་ཏུ་བསྐྱེད། །སྡོམ་པ་གསུམ་དང་ལྡན་པར་བྱ། །རིག་པ་ཤེས་རབ་གསུམ་ལ་སྦྱང་། །དེ་མཁས་པ་རྣམས་ཀྱི་རྣམ་ཐར་ཡིན། །བཤད་པ་གང་ཟག་བློ་དང་སྦྱོར། །གཞི་ལས་འབྲས་བུ་སོ་སོར་ཁྱེར། །ལམ་དུ་ཐབས་དང་ཤེས་རབ་སློངས། །དེ་གདམས་ངག་ཅན་གྱི་རྣམ་ཐར་ཡིན། །རང་གཞན་གཉིས་ལ་སྒྲོ་སྐུར་སྤང་། །བརྩོན་འགྲུས་རིག་པའི་གོ་ཆ་བསྒོ། །ཆོས་ལ་ཕྱོགས་རིས་ནམ་ཡང་མིན། །དེ་ཐུགས་རྗེ་ཅན་གྱི་རྣམ་ཐར་ཡིན། །ཅེས་གསུངས་པས་ཁོ་དད་པ་ལྷག་པར་སྐྱེས་ནས་ངེད་ལ་བུ་མེད་པའི་ནོར་རྫས་ཤིན་ཏུ་ཆེ་བ་ཡོད་པས་བླ་མ་རས་ཆུང་པ་ངེད་ཀྱི་བུ་དང་བླ་མ་མཛད་ཅིང་བཞུགས་པར་ཞུ་ཟེར་ནས། གཡུ་དམར་པོ་སེང་གེ་འགྱིང་འདྲ་ཞེས་བྱ་བ་འཇིག་རྟེན་ན་བལྟ་བས་མི་ངོམས་པ་ཅིག་ཡོད་པ་དེ་ཕུལ་ནས་བཞུགས་པར་ཞུ་ཞུས་པས། རྗེ་རས་ཆུང་པས་ཞག་བདུན་བཞུགས་ནས་ཆོས་དང་སྨོན་ལམ་གྱི་འབྲེལ་པ་མང་པོ་བཞག་ཏེ་ད་འདིར་བསྡད་ན་ནང་གི་

(༢༢༩)ཡོན་ཏན་མི་མཐོང་ཕྱིའི་སྐྱོན་བག་ཙམ་མཐོང་ནས་ཡོང་གསུང་སྟེ། མགུར་འདི་གསུངས་སོ། ༈ །ན་མོ་གུ་རུ། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །འདུས་བྱས་ལས་ལ་བཀོལ་དུ་འཕངས། །རང་སེམས་གཉུག་མའི་སངས་རྒྱས་འདི། །འཁོར་བའི་འདམ་དུ་བྱིང་བ་འཕངས། །ལྟ་བ་རང་བྱུང་རྣམ་དག་འདི། །རྣམ་རྟོག་དྲི་མས་གོས་སུ་འཕངས། །རྒྱུན་མི་འཆད་ཀྱི་སྒོམ་པ་འདི། །བྱིང་རྒོད་དགྲ་ལ་བསྐུར་དུ་འཕངས། །སྣང་སྟོང་གཉིས་ཀྱི་སྒྲོན་མེ་འདི། །རྣམ་རྟོག་རླུང་གིས་སྐྱོད་དུ་འཕངས། །ཆགས་མེད་ཞེན་མེད་སྤྱོད་པ་འདི། །གཟུང་འཛིན་སྒྲོག་ཏུ་འཇུག་དུ་འཕངས། །ཆོས་ཟབ་རྣམས་ཀྱི་གླེང་གླེང་སྟེ། །ཐ་མལ་བླ་འོར་བཏང་བ་འཕངས། །བླ་མའི་གདམས་ངག་བདུད་རྩི་འདི། །སྣོད་ངན་ཕལ་ལ་སྦྱིན་པ་འཕངས། །ཉམས་སུ་མྱོང་བའི་མགུར་གླུ་འདི། །ཡུར་གྲལ་ཆང་སར་ལེན་དུ་འཕངས། །ཉམས་སུ་ལེན་པའི་སྒོམ་ཆེན་འདི། །ཐ་མལ་སེབ་དུ་འདུག་པར་འཕངས། །ཞེས་བྱ་བའི་མགུར་གསུངས་ནས་འབྱོན་པར་འཆས་པ་ལ་མི་མང་པོ་འཚོགས་འབུལ་བ་མང་པོ་ཕུལ་ནས་ཆོས་ཞུས་པ་ལ་མགུར་འདི་གསུངས་སོ། ༈ ཡ་གི་དགའ་ལྡན་ལྷ་ཡུལ་ན། །སྟོན་ཐོག་ད་ལྟ་བཏབ་པ་ད་ལྟ་སྨིན། །ལྷ་སོ་ནམས་མཁས་པ་མ་ལགས་ཏེ། །

(༢༣༠)ཚེ་སྔོན་སྦྱིན་པ་བཏང་བའི་འབྲས་བུ་ཡིན། །བསོད་ནམས་བསོགས་ཤིག་འདིར་བཞུགས་རྣམས། །དགེ་བ་སྤེལ་ཅིག་འདིར་འཚོགས་ཚོ། །མ་གི་དམྱལ་ཁམས་བཅོ་བརྒྱད་ན། །མཚོན་ད་ལྟ་རྒྱབ་པ་ད་ལྟ་སོས། །ཁོང་རྨ་ལ་བཟང་བ་མ་ལགས་ཏེ། །སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། །སྲོག་གཅོད་སྤོངས་ཤིག་འདིར་འཚོགས་རྣམས། །བྱམས་པ་བསྒོམས་ཤིག་འདིར་བཞུགས་ཚོ། །ཕ་གི་རྒྱ་མཚོའི་གྲོང་ཁྱེར་ན། །ཡི་དགས་བཀྲེས་སྐོམ་མེ་ལྟར་འབར། །ལྟོ་ད་ལྟ་ཟོས་ཀྱང་ད་ལྟ་ལྟོག །ཡི་དགས་གསུས་པ་ཆེ་བ་མ་ལགས་ཏེ། །ཚེ་སྔོན་སེར་སྣ་ཆེས་པའི་རྣམ་སྨིན་ཡིན། །སེར་སྣ་སྤོངས་ཞིག་འདིར་བཞུགས་རྣམས། །སྦྱིན་པ་ཐོང་ཅིག་སྐལ་ལྡན་ཀུན། །ཤར་ལུས་འཕགས་གླིང་ན་གཟུགས་བྱད་ལེགས། །ཚེ་སྔོན་བཟོད་པ་བསྒོམས་པའི་འབྲས་བུ་ཡིན། །བཟོད་པ་བསྒོམས་པས་གཟུགས་བཟང་ཐོབ། །བཟོད་པ་བསྒོམས་དང་སྐལ་ལྡན་ཀུན། །ཁོང་ཁྲོ་སྤོངས་ཤིག་འདིར་བཞུགས་རྣམས། །ལྷོ་འཛམ་བུ་གླིང་ན་དམ་ཆོས་དར། །ཚེ་སྔོན་ཉན་བཤད་བྱས་པའི་འབྲས་བུ་ཡིན། །ཉན་བཤད་གྱིས་ཤིག་སྐལ་ལྡན་ཀུན། །ཆོས་ལ་སྦྱོངས་ཤིག་འདིར་བཞུགས་རྣམས། །ནུབ་བ་གླང་སྤྱོད་ན་ལོངས་སྤྱོད་ཆེ། །ཚེ་སྔོན་སྦྱིན་པ་བཏང་བའི་འབྲས་བུ་ཡིན། །སྦྱིན་པ་ཐོང་ཅིག་སྐལ་

(༢༣༡)ལྡན་ཀུན། །བསོད་ནམས་བསོགས་ཤིག་འདིར་ཚོགས་རྣམས། །བྱང་སྒྲ་མི་སྙན་ན་ཚེ་རིང་བ། །སྔར་སྲོག་གཅོད་སྤངས་པའི་རྣམ་སྨིན་ཡིན། །སྲོག་གཅོད་སྤོངས་ཤིག་སྐལ་ལྡན་ཀུན། །གཞན་སྲོག་སྐྱབས་ཤིག་འདིར་འཚོགས་རྣམས། །རྒན་རྣམས་ཆོས་ལ་མི་མོས་ཏེ། །གྱང་རུལ་རྙིང་པ་དཔེར་བཞག་ནས། །འགྱེལ་ནས་འགྲོ་བའི་གྲོས་ཤིག་འདེབས། །རྒན་པ་ཆོས་ལ་ཨེ་ཆུད་བལྟ། །གཞོན་རྣམས་ཆོས་ལ་མི་མོས་ཏེ། །སོས་ཁའི་མེ་ཏོག་དཔེར་བཞག་ནས། །ཡལ་ནས་འགྲོ་བའི་གྲོས་ཤིག་འདེབས། །གཞོན་པ་ཆོས་ལ་ཨེ་ཚུད་བལྟ། །ཕྱུག་རྣམས་ཚོགས་གསོགས་མི་དགའ་སྟེ། །སྦྲང་མའི་སྦྲང་རྩི་དཔེར་བཞག་ནས། །རང་བསགས་གཞན་འཁྱེར་གྲོས་ཤིག་འདེབས། །ཕྱུགས་བོ་ཆོས་ལ་ཨེ་ཁུགས་བལྟ། ཞེས་པའི་མགུར་གསུངས་པས། དེར་ཚོགས་བ་རྣམས་ཆོས་ལ་ཚུད་པར་གྱུར་ཏོ། །དེ་ནས་འབྱོན་པར་ཆས་པ་ལ་ཅིས་ཀྱང་ཡུན་རིང་མི་བཞུགས་ནའང་ཟླ་ཤས་ཅིག་ཅི་ནས་ཀྱང་བཞུགས་ཞེས་ནན་ཆེས་བ་ལ་མགུར་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། ཕྱི་སྣང་བའི་ཡུལ་ལ་ཕར་བལྟས་པས། །སྣང་བ་མི་རྟག་མདང་གསུམ་རྨི་ལམ་འདྲ། །རྨི་ལམ་མེད་བཞིན་འཁྲུལ་པས་བློ་མ་བདེ། །འཁྲུལ་པ་གོང་དུ་ཆོད་ཅིག་སྐལ་ལྡན་ཀུན། །ནང་རང་རེའི་དབུགས་ལ་ཚུར་བལྟས་པས། །

(༢༣༢)དབུགས་མི་རྟགས་ནམ་མཁའི་ན་བུ་ན་འདྲ། །ན་བུན་ཡལ་ནས་འགྲོ་བས་བློ་མ་བདེ། །སྐྱེ་མེད་བཙན་ས་བཟུང་ཅིག་སྐལ་ལྡན་ཀུན། །བཟའ་འཚོ་འདུས་པའི་གྲོགས་ལ་ཕར་བལྟས་པས། །བཟའ་འཚོ་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །བཟའ་མི་འདུས་ནས་འབྲལ་བས་བློ་མ་བདེ། །གཅིག་པུར་བཙན་ས་གཟུང་ཅིག་སྐལ་ལྡན་ཀུན། །འབྱུང་འདུས་རང་རེའི་ལུས་ལ་ཚུར་བལྟས་པས། །ལུས་མི་རྟག་རྩ་ཁའི་ཟིལ་པ་འདྲ། །ཟིལ་པ་ཡོལ་ནས་འགྲོ་བས་བློ་མ་བདེ། །སྐྱེ་ཤི་རྩད་ནས་ཆོད་ཅིག་སྐལ་ལྡན་ཀུན། །རང་རེའི་སེམས་ལ་ཚུར་བལྟས་པས། །སེམས་མི་རྟག་ཅང་ཁའི་བྱིའུ་འདྲ། །བྱི་ཆུང་འཕུར་ནས་འགྲོ་བས་བློ་མ་བདེ། །སེམས་རང་ངོ་བཟུང་ཤིག་སྐལ་ལྡན་ཀུན། །བསགས་པའི་ནོར་ལ་ཕར་བལྟས་པས། །ནོར་མི་རྟག་སྦྲང་མའི་སྦྲང་རྩི་འདྲ། །རང་བསགས་གཞན་གྱིས་སྤྱོད་པས་བློ་མ་བདེ། །སྦྱིན་པ་ཕྱོགས་མེད་ཐོང་ཞིག་སྐལ་ལྡན་ཀུན། །ཞེས་པའི་མགུར་གསུངས། །ཆོས་དང་ཞལ་ལྟ་རྒྱས་པར་གནང་ནས་བྱོན་ཏེ་ཡོན་བདག་རྣམས་ཀྱི་སྐྱེལ་ཐུང་ཡར་རྒྱབ་གཙང་པོའི་འགྲམ་ཚུན་བྱས་དེར་བླ་མ་ལ་ཕྱག་བཙལ་ནས་ངེད་རྣམས་ལ་སྐྱེལ་དར་གྱི་ཆོས་ཅིག་གནང་བར་ཞུ་ཟེར་བས་མགུར་འདི་གསུངས་སོ། ༈ །དྲན་པས་ངན་སོང་འཇིགས་པ་སྒྲོལ། །ཕ་སངས་རྒྱས་བཞད་པའི་ཞབས་ལ་འདུད། །ཁྱེད་

(༢༣༣)དད་ཅན་གྱི་སྐལ་ལྡན་འདིར་བཞུགས་རྣམས། །དོན་གནས་ལུགས་ཀྱི་སྙིང་གཏམ་སེམས་ལ་བཞོག །དད་པ་ཆུང་ཡང་བླ་མ་བསྟེན། །བྱིན་རླབས་རྒྱུད་ལ་འཇུག་པ་ཡིན། །ཤེས་རབ་ཆུང་ཀྱང་བསམ་བློ་ཐོང་། །བློ་རིག་པའི་དཀོར་མཛོད་ཕྱེད་ནས་འོང་། །ཁར་རྒྱུ་ངན་ཡང་མ་ཎི་གྲོངས། །ལས་ངན་སྡིག་པ་འདག་བ་ཡིན། །འབྱོར་པ་ཆུང་ཡང་དཔེ་ཆ་བྲིས། །བསམ་པ་ཚད་དུ་འཁྱོལ་བ་ཡིན། །ལོངས་སྤྱོད་ཆུང་ཡང་སྦྱིན་པ་ཐོང་། །ཚེ་ཕྱི་མའི་རྒྱགས་ཕྱེ་ཐོགས་པ་ཡིན། །དོན་འདི་ལྟར་བྱས་ན་ཆོས་དང་མཐུན། །ཅེས་པའི་མགུར་གསུངས་ཏེ། རྗེ་རས་ཆུང་པས་གཡག་སྡེ་མདའ་ནས་ཆུ་བྱང་ལ་ཐོན་རོང་ཆུང་མདའ་རྒྱུད་སྐྱིད་ཤོད་ཀྱི་ལུང་ནས་ཡར་བྱོན་སྟོང་ལུང་དུ་ཕེབས། །བྲང་ར་མོ་ཆེ་བྱ་བ་ན་གནས་བརྟན་ཀུན་རྒྱལ་བྱ་བ་མཁར་ལས་ཆེན་པོ་བྱེད་པའི་མི་མང་པོ་འཚོགས་འདུག་པས། རྗེ་བཙུན་རས་ཆུང་པས་མགོལ་སའི་ཁང་འཕྲིས་ཞིག་ཏུ་ཏིང་ངེ་འཛིན་ལ་བཞུགས་པས། ཀུན་རྒྱལ་གྱི་ཇོ་མོ་མཐོང་འཁོལ་བྱ་བ་དེས་མཐོང་། དེ་ལ་རྣལ་འབྱོར་པར་གྲོ་ཞིག་སློང་གསུངས། མོས་ད་ལྟ་དལ་དུ་འཇུག་པ་མི་འོང་བསམ་ནས་ཕད་ཚེ་རྡོལ་པོ་མང་པོ་ཞིག་དང་རས་སྤུའི་གྲུ་གུ་ཅིག་ཁྱེར་འོངས་ནས་རས་པ་ཁྱེད་དལ་པོར་སྡོད་བ་མི་ཡོང་པས་འདི་རྣམས་ཚེམ་བུ་བགྱིས་ཤིག །ད་ལྟ་ངས་གྲོ་

(༢༣༤)དྲངས་ཀྱི་དལ་བར་བསྡད་ནས་གྲོ་འདོད་པ་ངོ་ཚ་བ་ཡིན་ཟེར། །དེར་བླ་མ་རས་ཆུང་བས་དེ་རྣམས་ཅི་ཡང་མ་མཛད་པར་ཏིང་ངེ་འཛིན་ལ་བཞུགས་པས་དར་ཅིག་ནས་ཡོན་བདག་མོ་སྣོད་ཕད་ལེན་དུ་བྱུང་སྟེ་ཟིན་ནམ་ཟེར་མ་ཟིན་གསུངས་པས་མོ་ན་རེ་ཁྱེད་རང་རྣལ་འབྱོར་པ་རྣམས་ལ་རེས་ན་འདི་ཙམ་ཞིག་བགྱིས་བྱས་ཀྱང་མི་བྱེད། ཁྱེད་ཚོ་ལས་དལ་བ་མེད་པ་ལ་མི་ལ་དོན་མེད་ལ་ཚ་བ་གྲོངས་ཟེར་འདུག་ཟེར་འབར་དུ་བྱུང་བ་ལ་ཡོན་བདག་མོ་ཁྱོད་དེ་སྐད་མ་ཟེར་བར་ངའི་གླུ་འདི་ལ་ཉོན་གསུང་ནས་མགུར་འདི་གསུངས་སོ།། ༈ །།རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བཀའ་དྲིན་ཅན་གྱིས་བྱིན་གྱིས་བརླབས། །གངས་སྟོད་ཀྱི་སེང་གེ་དཀར་མོ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །བྲེལ་བས་གངས་སྟོད་ཡོངས་ལ་འཕྱོ། །དལ་བས་བྱ་རྒྱུ་སྐད་ཅིག་མེད། །དགྲ་བུ་ཡུག་འདི་ལ་ཞེ་ཟོན་འཚལ། །ནགས་སྟོད་ཀྱི་རྒྱ་སྟག་ཁྲ་བོ་ང་། །དལ་ཡང་དལ་ཏེ་བྲེལ་ཡང་བྲེལ། །བྲེལ་བས་ནགས་སྟོད་ཡོངས་ལ་འཕྱོ། །དལ་བས་བྱ་རྒྱུ་སྐད་ཅིག་མེད། །དགྲ་ས་མདའ་འདི་ལ་ཞེ་ཟོན་འཚལ། །བྲག་སྟོད་ཀྱི་བྱ་རྒྱལ་རྒོད་པོ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །བྲེལ་བས་ནམ་འཕངས་ཡོངས་ལ་འཕྱོ། །དལ་བས་བྱ་རྒྱུ་སྐད་ཅིག་མེད། །དགྲ་ཐག་སྙི་འདི་ལ་ཞེ་ཟོན་འཚལ། །

(༢༣༥)མཚོ་སྟོད་ཀྱི་ཉ་ཆུང་གསེར་མིག་ང་། །དལ་ཀྱང་དལ་ཏེ་བྲེལ་ཡང་བྲེལ། །དལ་བས་བྱ་རྒྱུ་སྐད་ཅིག་མེད། །བྲེལ་བས་མཚོ་སྟོད་ཡོངས་ལ་རྒྱུ། །དགྲ་ལྕགས་ཀྱུ་འདི་ལ་ཞེ་ཟོན་འཚལ། །གུང་ཐང་གི་རས་ཆུང་རྡོར་གྲགས་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །བྲེལ་བས་རྒྱལ་ཁམས་ཡོངས་ལ་འཕྱོ། །དལ་བས་བྱ་རྒྱུ་སྐད་ཅིག་མེད། །དགྲ་འཆི་བདག་འདི་ལ་ཞེ་ཟོན་མཛོད། །འཆི་བདག་བདུད་པོ་འདི་ལ་ཞེ་ཟོན་ཤ་མ་ཅིག་འཚལ། །ཁྱོད་ཉོན་དང་ཉ་མ་སེར་སྣ་ཅན། །རྙེད་དཀའི་དལ་འབྱོར་མི་ལུས་འདི། །འདུས་བྱས་ལས་ལ་བཀོལ་དུ་འཕངས། །བྱ་བ་ཐོང་ལ་ཆོས་སྒོར་ཞུགས། །འདི་ཕྱི་གཉིས་ཀ་སྐྱིད་པ་ཡིན། །མི་ཚེ་ཀློག་འཁྱུག་ཡུད་ཙམ་འདི། །གཡེང་བའི་རླུང་ལ་བསྐུར་དུ་འཕངས། །འཆི་བ་མི་རྟག་རྒྱུད་ལ་སྦྱོར། །རང་ལ་ཡོན་ཏན་སྐྱེ་བ་ཡིན། །གཉུག་མ་གཤིས་ཀྱི་གནས་ལུགས་འདི། །འདུ་འཛིའི་རླུང་ལ་སྐུར་དུ་འཕངས། །གཅིག་པུར་རི་བཟུང་གནས་ལུགས་སྐྱོངས། །རང་གཞན་དོན་གཉིས་འགྲུབ་པ་ཡིན། །ཁྱོད་ཉ་མ་རང་གི་ཁྱིམ་དུ་བཞུད། །ང་རྣལ་འབྱོར་རྒྱལ་ཁམས་བསྐོར་དུ་འགྲོ། །ཞེས་གསུངས་པས་མོ་དད་པ་ལྷག་པར་སྐྱེས་ནས། མཆི་མ་དབང་མེད་དུ་ཤོར། ཁྱེད་བླ་མ་དུས་གསུམ་གྱི་

(༢༣༦)སངས་རྒྱས་ལ་ངས་དེ་ལྟ་བུའི་ཚིག་ངན་དང་བསྐུར་པ་མང་དུ་ཞུས་པ་མཐོལ་ལོ་བཤགས། ངེད་འཇིག་རྟེན་བ་འཁོར་བའི་བྱ་བ་ལ་དུས་འདས། འཆི་བ་མ་དྲན་པའི་ངང་ལ་མི་ཚེ་དོན་མེད་དུ་ཟད་ནས་ངན་སོང་དུ་སྐྱེ་བ་རྣམས་ལ་ཐུགས་རྗེས་གཟིགས་ནས་བདག་རྗེས་སུ་བཟུང་བ་ཞུ་ཞེས་གུས་པས་ཕྱག་མང་དུ་བརྩལ་ཞིང་། ད་ནང་དུ་གཤེགས་པ་ཞུ་ཟེར་ནས་ཞུ་བ་ནན་གྱིས་ཕུལ་བས། བླ་མས་ཀྱང་གདུལ་བྱར་མཁྱེན་ཏེ་ནང་དུ་བྱོན་པས། ཁོང་ལས་མི་རྣམས་ཀྱང་གྲོ་བཞེས་ཀྱི་སྒང་ལ་འདུག་དེ། ཁོང་རྣམས་ན་རེ་ངེད་ལ་མི་ལག་དཀོན་དུས་ས་རྡོ་སྐྱས་ཀྱང་ཆོག །ཆུ་སླངས་ཀྱང་ཆོག་བརྫབ་བརྫིས་ཀྱང་ཆོག་པ་ལ། ལྟས་ངན་གྱི་བྱ་བཞིན་དུ་ཁ་ཕྱིར་བལྟས་ནས་བསྡད་འདུག །གྲོ་ཟ་དུས་མགོ་ཟིང་གི་ལངས་ནས་འོང་པ་ཟེར་ནས་ཐམས་ཅད་ཀྱིས་འབར་ཀྱིན་གདའ། དེར་ཡོན་བདག་མོ་ན་རེ་ཁོང་བླ་མ་གྲུབ་ཐོབ་ཅིག་ཡིན་པར་འདུག་པས་དེ་འདྲ་མ་ཟེར་བར་ཆོས་འབྲེལ་ཞུས་ཟེར། དེ་ནས་ནང་དུ་ཞབས་ཏོགས་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བགྱིས། དེའི་ཁྱིམ་བདག་དེ་ན་རེ་བླ་མ་ཁྱེད་ཀྱིས་ངའི་མཁར་འདི་ལ་དཔེ་གྲས་པའི་ཆོས་ཤིག་གསུངས་དང་ཟེར་བ་ལ། བླ་མས་མགུར་འདི་གསུངས་སོ།། ༈ །།ཨེ་མ་ཧོ། མཉམ་ཉིད་ཀྱི་དམ་པ་རིན་པོ་ཆེ། །འོད་

(༢༣༧)གསལ་ཆེན་པོའི་ངང་ལ་བཞུགས། །མཐའ་བརྒྱད་སྐྱོན་གྱིས་མ་གོས་པའི། །རྗེ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །མི་ཆེ་མེད་ཆུང་མེད་ལུང་པ་འཛིན། །རྣལ་འབྱོར་བདག་ཀྱང་ལུང་པ་འཛིན། །ལུང་པའི་འཛིན་ལུགས་བཤད་རྩ་ན། །ཕྱི་སྟོང་ཉིད་ཀྱི་ཡུལ་ས་ཡངས་དང་གཅིག །ཉམས་ལེན་གྱི་ཆུ་ཤིང་འཛོམ་དང་གཉིས། །བཀའ་བརྒྱུད་ཀྱི་ལམ་འཕྲེང་བདེ་དང་གསུམ། །དེ་གསུམ་འཛོམ་པའི་ཡུལ་ས་ལ། །དགྲ་ཉོན་མོངས་རླུང་གིས་མ་བསྐྱོད་ན། །ཚེ་ཕྱི་མའི་ལུང་པ་དེ་ཉིད་བཟང་། །ཨེ་མ་ངོ་མཚར་མི་ཆེའམ། །མི་ཆེ་མེད་ཆུང་མེད་མཁར་ཞིག་བརྩིག །རྣལ་འབྱོར་བདག་ཀྱང་མཁར་ཅིག་བརྩིག །མཁར་གྱི་བརྩིག་ལུགས་བཤད་ཙ་ན། །གཞི་དད་པའི་འགྲམ་གཞི་བརྟན་དང་ཅིག །ལྟ་བའི་བ་གམ་མཐོ་དང་གཉིས། །ཡེ་ཤེས་སྒོ་མོ་འགྲིག་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་མཁར་པོ་ལ། །དགྲ་འཁྲུལ་བའི་ཕྱི་སྒྱོགས་མ་འཕོག་ན། །ཚེ་ཕྱི་མའི་མཁར་ལ་དེ་ཉིད་བཟང་། །ཨེ་མ་ངོ་མཚར་མི་ཆེ་འམ། །མི་ཆེ་མེད་ཆུང་མེད་ཞིང་ཅིག་འདེབས། །རྣལ་འབྱོར་བདག་ཀྱང་ཞིང་ཅིག་འདེབས། །ཞིང་གི་འདེབས་ལུགས་བཤད་རྩ་ན། །གཞི་དད་པའི་ཞིངས་བཟང་དང་གཅིག །བརྩོན་འགྲུས་ཆུ་ལུད་

(༢༣༨)འཛོམ་དང་གཉིས། །སྐུ་གསུམ་འབྲས་བུ་སྨིན་དང་གསུམ། །དེ་གསུམ་འཛོམ་པའི་གཤོལ་ཞིང་ལ། །དགྲ་དུག་ལྔའི་སད་སེར་མ་བྱུང་ན། །ཚེ་ཕྱི་མའི་ཞིང་ལ་དེ་ཉིད་བཟང་། །ཨེ་མ་ངོ་མཚར་མི་ཆེའམ། །མི་ཆེ་མེད་ཆུང་མེད་གཏན་གྲོགས་འཚོལ། །རྣལ་འབྱོར་བདག་ཀྱང་གྲོགས་ཤིག་འཚོལ། །གྲོགས་ཀྱི་འཚོལ་ལུགས་བཤད་རྩ་ན། །བཀའ་བརྒྱུད་ཀྱི་གདུང་རྒྱུད་བཙུན་དང་གཅིག །ལྟ་བའི་སྐྱེ་འབྲས་ལེགས་དང་གཉིས་སྒོམ་པའི་བརྩེ་གདུངས་ཆེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་གཏན་གྲོགས་ལ། །དགྲ་ལོག་ལྟའི་བར་ཆད་མ་བྱུང་ན། །ཚེ་ཕྱི་མའི་གྲོགས་ལ་དེ་ཉིད་བཟང་། །ཨེ་མ་ངོ་མཚར་མི་ཆེ་འམ། །མི་ཆེ་མེད་ཆུང་མེད་སྲས་གཅིག་སྐྱེས། །རྣལ་འབྱོར་བདག་ཀྱང་སྲས་གཅིག་སྐྱེས། །སྲས་ཀྱི་སྐྱེད་ལུགས་བཤད་རྩ་ན། །རིག་པའི་ཁྱེའུ་ཆུང་འཁྲུངས་དང་གཅིག །ལྟ་སྒོམ་གྱི་རྒྱན་ཆ་ལེགས་དང་གཉིས། །སྤྱོད་པའི་གཟུགས་བྱད་མཛེས་དང་གསུམ། །དེ་གསུམ་འཛོམ་པའི་ཁྱེའུ་ཆུང་ལ། །དགྲ་བདུད་ཀྱི་བར་ཆད་མ་བྱུང་ན། །ཚེ་ཕྱི་མའི་སྲས་ལ་དེ་ཉིད་བཟང་། །ཨེ་མ་ངོ་མཚར་མི་ཆེ་འམ། །མི་ཆེ་མེད་ཆུང་མེད་ནོར་གཅིག་གསོག །རྣལ་འབྱོར་བདག་ཀྱང་ནོར་ཅིག་གསོག །ནོར་གྱི་གསོག་ལུགས་བཤད་ཙ་ན། །བཀའ་མདོ་རྒྱུད་ཀྱི་ནོར་རྫས་མང་དང་གཅིག །སྡོམ་གསུམ་གྱི་ཡོ་བྱད་འཛོམ་དང་གཉིས། །གཉེན་པོའི་

(༢༣༩)ནོར་གཉེར་མཁས་དང་གསུམ། །དེ་གསུམ་འཛོམ་པའི་ནོར་རྫས་ལ། །དགྲ་ཉེས་ལྟུང་གི་རྐུན་མ་མ་བྱུང་ན། །ཚེ་ཕྱི་མའི་ནོར་ལ་དེ་གསུམ་བཟང་། །ཨེ་མ་ངོ་མཚར་མི་ཆེ་འམ། །སྣང་བ་དཔེ་རུ་གྲས་པ་ཡིན། །ནང་གནས་ལུགས་གཏན་ལ་ཕབ་པ་ཡིན། །རས་ཆུང་ལྟ་བའི་མཁར་བརྒྱད་བརྩིག །སྣང་སྟོང་ཟུང་འཇུག་ལྟ་བའི་མཁར། །ཕྱོགས་རིས་དགྲ་ལ་བརྩིགས་པ་ཡིན། །དྲི་མེད་འོད་གསལ་སྒོམ་པའི་མཁར། །བྱིང་རྒོད་དགྲ་ལ་བརྩིགས་བ་ཡིན། །ཤུགས་འབྱུང་འགག་མེད་སྤྱོད་པའི་མཁར། །ཚུལ་ཆོས་དགྲ་ལ་བརྩིགས་པ་ཡིན། །སྐུ་གསུམ་ལྷུན་གྲུབ་འབྲས་བུའི་མཁར། །རེ་དོགས་དགྲ་ལ་བརྩིགས་པ་ཡིན། །ཕྱག་ན་རྡོ་རྗེ་བསྲུང་བའི་མཁར། །ནག་པོ་ཀླུ་ལ་བརྩིགས་པ་ཡིན། །གནས་གསུམ་མཁའ་འགྲོ་བྱིན་རླབས་མཁར། །བར་ཆད་དགྲ་ལ་བརྩིགས་པ་ཡིན། །ཆོས་སྐྱོང་མགོན་པོ་ནུས་མཐུའི་མཁར། །སྡང་བའི་དགྲ་ལ་བརྩིགས་པ་ཡིན། །རོ་སྙོམས་ལྡུམ་བུ་ཟས་ཀྱི་མཁར། །མུ་གེའི་དགྲ་ལ་བརྩིགས་པ་ཡིན། །རས་ཆུང་ལྟ་བའི་མཁར་བརྒྱད་འདི་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་གདའ། །བདེ་བདེ་འདྲ་ནས་བྱས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་ཀྱང་མཛོད། །ཞེས་གསུངས་པས། །ཁོང་དེ་ན་ཡོད་པའི་མི་ཐམས་ཅད་དད་

(༢༤༠)པར་གྱུར་ནས་ཕྱག་གྱང་འགྱེལ་བ་ལྟར་དུ་འཚལ་སྔར་ངག་འཁྱལ་གྱི་སྒྲིབ་པ་བསགས་པ་ལ་འགྱོད་ཚངས་ཀྱི་བཤགས་པ་བྱས་ནས། །བདག་ཅག་རྣམས་རྗེས་སུ་འཛིན་བ་ཞུ་ཞེས་དབང་དང་གདམས་པ་ནན་ཆེར་ཞུ་བ་ལ། གང་ལ་གང་འདོད་པའི་སྒོ་ནས་ཆོས་དབང་གིས་ཚིམ་པར་མཛད། དེར་ཁྱིམ་བདག་དེས་གླེགས་བམ་ལྟག་སྤྲོད་ཅིག་ཕུལ་ནས་ངེད་ཀྱི་མཁར་འདི་ལ་རབ་གནས་ཤིག་ཞུ་ཞུ་བ་ལ། བླ་མས་བྱིན་རླབས་དང་རབ་གནས་རྒྱས་པར་མཛད་པས་མཁར་དེ་བཀྲ་ཤིས་ཤིང་ཡོན་ཏན་དང་ལྡན་པ་ཞིག་བྱུང་པའི་ཤུལ་ད་ལྟ་ཡང་ཟུར་མང་བ་ཞིག་འདུག་གོ། །དེ་ནས་དེ་རྣམས་ཀྱི་བླ་མ་ཡུན་དུ་བཞུགས་པར་གསོལ་བ་ནན་གྱིས་བཏབ་པས་བཞུགས་པར་མ་གནང་དེ། མགུར་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། ལས་ལ་ཟིན་པ་མེད་དེ་ཆུ་བོའི་གཉེར་མ་འདྲ། །ལས་བྱས་པས་མི་ཟིན་བཞག་པས་ཟིན། །སྤྱོད་པ་བྱར་མེད་ལྷུག་པར་བཞོག །རྣམ་རྟོག་ཟད་པ་མེད་དེ་གྲམ་པའི་རྡོ་ཆུང་འདྲ། །རྡོ་བསལ་བས་མ་ཟད་བཞག་པས་ཟད། །སྒོམ་པ་ཡང་མ་བཅོས་མ་ཡེངས་བཞོག །ཐོལ་སྐྱེས་ཤེས་པ་ནམ་མཁའི་རླུང་དང་འདྲ། །བཟུང་བས་མི་ཟིན་རང་གར་བཞག་ན་ཟིན། །ལྟ་བ་ཡང་མཐའ་བྲལ་ངང་ལ་བཞོག །དུ་མ་རོ་ཅིག་མ་རྟོགས་ན། །དགག་བསྒྲུབ་བྱེད་པ་དཀའ་ལས་

(༢༤༡)ཆེ། །ཞེན་པ་རང་ལོག་མ་བྱུང་ན། །སྤང་བྱ་སྤོང་བ་དཀའ་ལས་ཆེ། །དམིགས་སུ་མེད་པའི་དོན་རྟོགས་ན། །སྣང་བ་སྣང་རུང་མ་སྣང་རུང་། །འཕོ་འགྱུར་མེད་པའི་དོན་རྟོགས་ན། །འདུས་བྱས་རྟག་རུང་མ་རྟག་རུང་། །བགྲོད་དུ་མེད་པའི་དོན་རྟོགས་ན། །གནས་འདི་མཐོང་རུང་མ་མཐོང་རུང་། །ཐེ་ཚོམ་མེད་པའི་དོན་རྟོགས་ན། །སྒྲོ་བསྐུར་འདེབས་རུང་མི་འདེབས་རུང་། །གཉིས་སུ་མེད་པའི་དོན་རྟོགས་ན། །ཕྱི་ནང་འབྱེད་རུང་མི་འབྱེད་རུང་། །མཉམ་པ་ཉིད་ཀྱི་དོན་རྟོགས་ན། །ཐེག་པ་བགྲོད་རུང་མ་བགྲོད་རུང་། །བཅོས་སུ་མེད་པའི་དོན་རྟོགས་ན། །མཉམ་པར་བཞག་རུང་མ་བཞག་རུང་། །རེ་དོགས་མེད་པའི་དོན་རྟོགས་ན། །བླང་དོར་བྱས་རུང་མ་བྱས་རུང་། །རིག་པ་མངོན་དུ་གྱུར་པ་ལ། །ཚད་མས་གཞལ་རུང་མ་གཞལ་རུང་། །སེམས་ལ་དཔེ་དོན་ཤར་ཙ་ན། །ཉི་ཟླ་གསལ་རུང་མ་གསལ་རུང་། །དེ་ལྟར་མན་ངག་མ་ཐོབ་པར། །སྤྱོད་པ་རང་གར་མ་སྤྱོད་ཅིག །ཅེས་གསུངས་པས་གནས་བརྟན་ཀུན་རྒྱལ་མོས་ནས་ཆོས་མང་པོ་ཞུས་ཤིང་། །རང་རེའི་ལུང་པའི་ཕུ་ན་སྟོད་ལུངས་ཕར་ཚང་བྲག་བྱ་བ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཤིག་ཡོད་པས། དེར་བཞུགས་པ་ཞུ་ཞབས་ཏོགས་འོ་མི་བརྒྱལ་བ་བྱེད་ཟེར་བ་ལ། རྗེ་རས་ཆུང་པའི་ཞལ་ནས། །

(༢༤༢)ལས་ཀྱི་འབྲེལ་པ་འཇོག་པའི་ཡིན་པས་ཞག་བདུན་བཞུགས་པ་ཡིན་གསུང་། དེ་ནས་བླ་མ་རས་ཆུང་པ་ཉིད་སྟོད་ལུངས་ཕུ་ནས་བྱང་ལམ་རྒྱུད་དེ་འཕན་ཡུལ་བཀྲས་ཀྱི་སུམ་འཕྲེང་ན་བླ་མ་བལ་པོ་བཞུགས་ཟེར་བས་མཇལ་སྙམ་བྱོན་པས། བླ་མ་ལྷ་སར་བྱོན་ཟེར་ནས་མ་མཇལ། དེར་འཁམས་པ་ཕྱུག་པོ་ཅིག་གི་ཆུང་མ་གཅེས་པ་ཅིག་ན་བས་བྱིན་རླབས་ཞུ་ཟེར། རླུང་གནད་ཀྱི་རྟེན་འབྲེལ་ལ་རྟག་པ་མཛད་པས་ཕན་ཐོགས་པར་མཁྱེན་ནས་བྱིན་བརླབས་མཛད་བུད་མེད་དེ་ནད་གཞི་མེད་དུ་གྲག་སྟེ། དེར་ཁོང་འཁོར་བཅས་དད་པས་འབུལ་བ་ཆེན་པོ་བྱས་ཞབས་ཏོག་ལེགས་པར་བསྒྲུབས་པ། གཞན་འབུལ་བ་ཅི་ཡང་མ་བཞེས་བར་ལུག་ཤ་སྐམ་པོ་ཁོག་པ་ཕྱེད་དང་གཉིས་བྱུང་བ་བཞེས་ཏེ་རྡོ་གཏུན་དུ་བཏགས་པས་ཁོ་ན་རེ་དེས་བླ་མ་ཅི་མཛད་ཟེར་བླ་མས་ང་ལ་བླ་མ་མི་ལ་རས་པ་ཞེས་བྱ་བ་འཚོ་བ་སྔོ་ཁོ་ན་ལ་མཛད་པ་ཞིག བྲིན་སྙ་ནང་གི་རི་ལ་བཞུགས་ཡོད་པས་དེའི་སྔོ་རྡོར་ལ་འདི་འབུལ་བ་ཡིན་གསུངས་པས། ཁོ་ཡང་དགའ་སྟེ་འོ་ན་འདི་ཡང་སྣོན་མ་མཛད་པ་ཞུ་ཟེར་ནས་ཤ་སྐམ་ཁོག་པ་ཆེ་བ་གཅིག་ཕུལ་བྱུང་བས་དེ་ཡང་བཏགས་ནས་ཆེ་སྐྱལ་དུ་བླུག་སྟེ་འཁུར་ནས་རྗེ་བཙུན་གྱི་སྤྱན་སྔར་འབུལ་བ་ལ་བྱོན། དེ་དུས་ཀྱི་རྡོ་གཏུན་ད་ལྟ་ཡང་སུམ་འཕྲེང་ན་ཡོད་དོ། །

(༢༤༣)དེ་རྗེ་བཙུན་སྙ་ནང་གྲོད་ཕུག་ན་བཞུགས་པས་མཁྱེན་ཏེ། །རས་ཆུང་པ་དབུས་སུ་བསོད་ནམས་ཆེན་པོ་སྐྱེས་ནས་ང་ལ་འབུལ་བ་བཟང་པོ་སྐྱེལ་དུ་ཞག་གསུམ་ལ་སླེབ་པར་འོང་བ་འདུག་གསུང་། ལས་སེ་ལ་སོགས་པས་སྣ་ལེན་གྱི་ཕུད་བཅོས་ནས་ཡོད་དུས་ཞག་གསུམ་སྟེ་བཞིའི་སྔ་ཞོགས་དེ་བླ་མའི་ཞལ་ནས་ད་རིང་རས་ཆུང་པ་སླེབ་པར་ཡོད་པས་བསུ་བ་ལ་འགྲོ་གསུང་བྱོན་པས་པི་ལིང་ཟུར་ཁའི་ལ་བཙས་རྩར་ཡབ་སྲས་གཉིས་མཇལ། དེར་རས་ཆུང་པས་ཤ་སྐམ་རྐྱལ་པ་གང་པོ་ཕུལ་ཕྱག་བཙལ་བྱིན་རླབས་ཞུས་ནས། རྗེ་བཙུན་ཆེན་པོ་སྐུ་ཁམས་བདེ་ལགས་སམ་ཞུས་པས། རྗེ་བཙུན་གྱི་རྐྱལ་པ་ཁ་ཕྱེ་ནས་སྤར་བ་གང་ཞལ་དུ་བཏབ་དེ་མི་ཕོའི་འཁོས་ཁ་དང་ཁྱོད་ལ་འབུལ་བ་འདི་ལས་མི་ཡོང་གསུང་ཞིང་ཕར་རྒྱུག་ཚུར་རྒྱུག་མཛད་ནས་མཉེས་པའི་ཞལ་ལྟ་དང་རྣམ་འགྱུར་མང་དུ་མཛད་དོ། །དེ་ནས་དཔོན་སློབ་ལྷན་དུ་སྙ་ནང་གྲོད་ཕུག་དུ་ཕེབས་ཉ་མ་ཡོན་བདག་རྣམས་དང་ལས་སེ་སོགས་པས་ཚོགས་འཁོར་དང་སྣ་ལེན་བཟང་དུ་བྱས་དུས། བླ་མའི་ཞལ་ནས་ཕོ་ཁམ་པོ་ཆེ་འདིས་བླ་མ་ལ་བསམས་ནས་འདུག་དམ་ཚིག་གཙང་ཨང་གསུང་ནས་ཤིན་ཏུ་མཉེས་པའི་ཚུལ་མང་དུ་མཛད་འདུག་པས། དེས་རྐྱེན་བྱས་ནས་ཁོང་རྣམས་ཀྱི་རྗེ་བཙུན་ལ་ཡང་ཞུས།

(༢༤༤)རྗེ་རས་ཆུང་པ་ལ་སྔ་གོང་བླ་མ་ཁྱེད་ཐེགས་ཤུལ་དུ་རྗེ་བཙུན་ཡང་ཐུགས་ཤིན་ཏུ་སྐྱོ་བར་བཞུགས་པས། ད་བླ་མའི་ཞབས་ཏོག་དང་ངེད་ཉ་མ་རྣམས་ཀྱི་དོན་དུ་འདི་ཁོ་ནར་བཞུགས་དགོས་ཞུས་པས། དེའི་ལན་དུ་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ད་རེས་འགའ་རྒྱལ་ཁམས་ཕྱོགས་མེད་སྐོར། །རྒྱལ་ཁམས་ཕྱོགས་མེད་མི་སྐོར་དུ། །ཆུ་ཤིང་འཛོམ་ལ་ཆགས་ཞེན་སྐྱེ། །དེས་ན་རྒྱལ་ཁམས་ཕྱོགས་མེད་བསྐོར། །ད་རེས་འགའ་བླ་མའི་ཕྱག་ཕྱི་འགྲེང་། །བླ་མའི་ཕྱག་ཕྱི་མི་འགྲེང་དུ། །སེམས་སྟོང་འབྱམས་ཁ་ལྟར་ཤོར་ཉེན་འདུག །དེ་ཕྱིར་བླ་མའི་ཕྱག་ཕྱི་འགྲེང་། །ད་རེས་འགའ་ཡོན་མཆོད་འབྲེལ་ཐག་གཅོད། །ཡོན་མཆོད་འབྲེལ་ཐག་མི་གཅོད་དུ། །མགུ་མེད་ངོ་བསྲུངས་དགེ་སྦྱོར་འཆག །དེས་ན་ཡོན་མཆོད་འབྲེལ་ཐག་གཅོད། །ད་རེས་འགའ་ཞེ་སྡང་དགྲ་བོ་འདུལ། །ཞེ་སྡང་དགྲ་བོ་མི་འདུལ་དུ། །བྱམས་སྙིང་རྗེ་བྲལ་བས་དམྱལ་བར་སྐྱེ། །དེས་ན་ཞེ་སྡང་དགྲ་བོ་འདུལ། །རེས་འགའ་རི་ཁྲོད་དབེན་པ་འགྲིམ། །རི་ཁྲོད་དབེན་གནས་མི་འགྲིམ་དུ། །མང་པོའི་ཚོགས་དཔོན་སྡུག་བསྔལ་བསྐྱེད། །དེས་ན་རི་ཁྲོད་དབེན་གནས་འགྲིམ། །ད་རེས་འགའ་གཅིག་པོར་ཆིག་ཉལ་བྱེད། །གཅིག་པོར་ཆིག་ཉལ་མི་བྱེད་དུ། །ཟླ་གྲོགས་འཐབ་རྩོད་ཟག་པ་བསོག །དེས་ན་གཅིག་བོར་

(༢༤༥)ཆིག་ཉལ་བྱེད། །རེས་འགའ་རིག་པའི་ཁྱེའུ་ཆུང་བརྟེན། །རིག་པའི་ཁྱེའུ་ཆུང་མི་བརྟེན་དུ། །ཉམས་རྟོགས་གདུང་རྒྱུད་ཆད་ཀྱིས་དོགས། །དེས་ན་རིག་པའི་ཁྱེའུ་ཆུང་བརྟེན། །ད་རེས་འགའ་དབུས་ཀྱི་ཕྱོགས་སུ་འགྲོ། །དབུས་ཀྱི་ཕྱོགས་སུ་མི་འགྲོ་རུ། །ཁྱོད་ཉ་མས་སྒྲིབ་པ་བསགས་ཀྱི་དོགས། །དེས་ན་དབུས་ཀྱི་ཕྱོགས་སུ་འགྲོ། །ཐེ་ཚོམ་གྱི་རྒྱ་མདུད་བཤིག་དུ་འགྲོ། །ཉམས་མྱོང་གླུ་རུ་ལེན་ཞིང་འགྲོ། །ལས་ཅན་ལ་འབྲེལ་པ་འདོགས་ཤིང་འགྲོ། །བླ་མ་སྤྱི་བོར་སྒོམ་ཞིང་འགྲོ། །ད་རས་ཆུང་མི་སྡོད་རས་ཆུང་འགྲོ། །ཞེས་གསུངས་ནས་རས་ཆུང་བ་རང་ལ་འབུལ་བ་བྱུང་བ་རྣམས་ཀྱིས་བླ་མ་དང་མཆེད་ལྕམ་ཀུན་ལ་ཚོགས་འཁོར་བཟང་བ་ཅིག་མཛད། ལས་སེ་ཅན་ན་དངུལ་གྱི་རྣ་སྒོར་གཉིས་འདུག་པ་བསྣམས་ནས་འབྱོན་པར་འཆས་པ་ལ། ཉ་མ་རྣམས་ན་རེ་བླ་མ་མི་ལ་ལ་ཁྱེད་རང་གི་སྔར་ཡང་ཁོང་ལ་བཤོལ་མ་གཏབ་ཟིན། ད་ལན་ལོག་བྱོན་པ་ལ་བཤོལ་མི་འདེབས་པ་ཟེར་ནས་རྩོད་གཞི་བྱས་པ་ལ། བླ་མ་རྗེ་བཙུན་གྱི་ཞལ་ནས་ང་ཁོ་ལ་སྡོད་ཡང་མི་ཟེར་སོང་ཡང་མི་ཟེར་ཁྱེད་རང་རྣམས་ལ་ཉན་ན་གང་དགའ་བགྱིས་གསུང་། དེར་ཡོན་བདག་རྣམས་ཀྱིས་ཞུ་བ་ནན་གྱིས་ཕུལ་བས་མ་གནང་དེ་མགུར་འདི་གསུངས་སོ།། །།

(༢༤༦)ཕ་ན་མོ་གུ་རུ། ཆོས་ཉིད་ངང་ནས་རྗེ་བཙུན་བདེ། །ཁྲམ་བ་བརྟེན་སྙིང་མ་འཚལ་ལོ། །ཟོག་པོ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཚིག་བྲལ་ངང་ནས་ལྟ་བ་བདེ། །སྒྲོ་དོགས་གཅོད་སྙིང་མ་འཚལ་ལོ། །རྟག་ཆད་ཇི་ལྟར་དགྱེས་དགྱེས་མཛོད། །གཉུག་མའི་ངང་ནས་སྒོམ་པ་བདེ། །ཐུན་དུ་གཅོད་སྙིང་མ་འཚལ་ལོ། །བྱིང་རྒོད་ཇི་ལྟར་དགྱེས་དགྱེས་མཛོད། །འོད་གསལ་ངང་ནས་ཉམས་མྱོང་བདེ། །འཛིན་ཆགས་བྱེད་སྙིང་མ་འཚལ་ལོ། །འཕེལ་འགྲིབ་ཇི་ལྟར་དགྱིས་དགྱེས་མཛོད། །མཉམ་ཉིད་ངང་ནས་སྤྱོད་པ་བདེ། །བླང་དོར་བྱེད་སྙིང་མ་འཚལ་ལོ། །ཚུལ་ཆོས་ཇི་ལྟར་དགྱེས་དགྱེས་མཛོད། །ལྷུན་གྲུབ་ངང་ནས་འབྲས་བུ་བདེ། །འབད་རྩོལ་བྱེད་སྙིང་མ་འཚལ་ལོ། །རེ་དོགས་ཇི་ལྟར་དགྱེས་དགྱེས་མཛོད། །རྗེ་བཙུན་དྲུང་ན་རྣལ་འབྱོར་བདེ། །ཕ་མ་སྙིང་ལ་མ་འཚལ་ལོ། །ཉེ་དྲུང་ཇི་ལྟར་དགྱེས་དགྱེས་མཛོད། །ཀུན་མཁྱེན་ངང་ནས་སྐུ་གསུམ་བདེ། །རྩི་གདབ་བྱེད་སྙིང་མ་འཚལ་ལོ། །སྒྲོ་བསྐུར་ཇི་ལྟར་དགྱེས་དགྱེས་མཛོད། །ཐོགས་མེད་ངང་ནས་དྲི་མེད་བདེ། །མཚན་མར་སྤྱོད་སྙིང་མ་འཚལ་ལོ། །ཡིད་གཉིས་ཇི་ལྟར་དགྱེས་དགྱེས་མཛོད། །རྟོགས་པའི་ངང་ནས་འཁོར་བ་བདེ། །སྐྱོན་དུ་བལྟ་སྙིང་མ་འཚལ་ལོ། །མྱང་འདས་ཇི་ལྟར་

(༢༤༧)དགྱེས་དགྱེས་མཛོད། །འགྱུར་མེད་ངང་ནས་མཐར་ཐུག་བདེ། །དགག་བསྒྲུབ་བྱེད་སྙིང་མ་འཚལ་ལོ། །སྤང་བླང་ཇི་ལྟར་དགྱེས་དགྱེས་མཛོད། །སྐྱེ་མེད་ངང་ནས་སྒྱུ་ལུས་བདེ། །ཕྱེད་དུ་བྱེད་སྙིང་མ་འཚལ་ལོ། །སྐྱེ་ཤི་ཇི་ལྟར་དགྱེས་དགྱེས་མཛོད། །དམིགས་མེད་ངང་ནས་སྙིང་རྗེ་བདེ། །བདག་དོན་བྱེད་སྙིང་མ་འཚལ་ལོ། །གཞན་དོན་ཇི་ལྟར་དགྱེས་དགྱེས་མཛོད། །རྣལ་འབྱོར་པ་ཡི་རྟོགས་ཚད་འདི། །སྐལ་ལྡན་རྣམས་ཀྱི་སྒྲོན་མེར་མཆིས། །སྐལ་མེད་རྣམས་ཀྱི་སྡིག་རྐྱེན་མཛོད། །ཞེས་གསུངས་པས་ད་དུང་ཁོང་རྣམས་ཀྱི་ཞུ་བ་ནན་ཏན་དུ་བགྱིས་བ་ལ། །འགྲོ་ལུགས་ཀྱི་མགུར་འདི་གསུངས་སོ།། ༈ །།རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརློབས། །ཁྱེད་འདིར་འཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །དར་ཅིག་རས་ཆུང་ཀླུ་ལ་ཉོན། །སེམས་ཉིད་ནམ་མཁའ་ལྟ་བུ་འདི། །ཕྱི་ནང་ཆོས་སྐུར་གསལ་ལ་དག །ཤེལ་གོང་ལག་མཐིལ་བཞག་པ་འདྲ། །རྣམ་པ་ཀུན་མཁྱེན་སྟོང་པ་ཉིད། །དེ་ལྟ་བ་ཙམ་ཞིག་དཔེར་མཚོན་ནས། །བློ་འདས་ཟུར་ཁ་འགྲིམ་ཞིང་འགྲོ། །ལྟ་ངན་ཆམ་ལ་འབེབས་ཤིང་འགྲོ། །སྣང་སྟོང་ལམ་དུ་འཁྱེར་ཞིང་འགྲོ། །ལྟ་བ་མེད་ཀྱང་ང་མི་འགྱོད། །སླད་ཀྱི་སྒོམ་པ་བཞེད་པ་

(༢༤༨)ན། །སེམས་ཉིད་མ་བཅོས་ངང་ལ་བཞོག །སོ་མ་རང་གདངས་ལྷུག་པར་བཞོག །བཅོས་མའི་བློའི་དོན་མི་རྟོགས། །མ་བཅོས་གཉུག་མ་སངས་རྒྱས་ཡིན། །དེ་སྒོམ་པ་ཙམ་ཞིག་དཔེས་མཚོན་ནས། །འོད་གསལ་ཟུར་ཁ་འགྲིམ་ཞིང་འགྲོ། །མ་རིག་ཆམ་ལ་འབེབས་ཤིང་འགྲོ། །སེམས་རང་བྱུང་ལམ་དུ་སློང་བཞིན་འགྲོ། །སྒོམ་རྒྱུ་མེད་དེ་ང་མི་འགྱོད། །རྗེས་འཇུག་སྤྱོད་པ་བཞེད་པ་ན། །སྤྱོད་ལམ་ཚོགས་དྲུག་ལྷུག་པར་བཞོག །བྱ་བ་ཐོར་ལ་བརྟེན་མ་བཅའ། །གདེང་ལྡན་རང་བཅས་ཐད་སོར་ཐོང་། །བྱིང་རྒོད་ཞེ་འདོད་དྲན་ཐག་ཆོད། །དེ་སྤྱོད་པ་ཙམ་ཞིག་དཔེར་མཚོན་ནས། །ངེས་མེད་ཟུར་ཁ་འགྲིམ་ཞིང་འགྲོ། བླང་དོར་ཆམ་ལ་འབེབས་ཤིང་འགྲོ། ཞེན་མེད་ལམ་དུ་སློང་བཞིན་འགྲོ། །སྤྱོད་པ་སྟོར་ཏེ་ང་མི་འགྱོད། །སླད་ཀྱི་དམ་ཚིག་བཞེད་པ་རྣམས། །རང་གི་སེམས་ལ་ཟོལ་མེད་ཅིང་། །རང་གཞན་གཉིས་སུ་མི་ཕྱེད་པས། །རྡོ་རྗེ་སྤུན་གྱིས་མི་ཁྲེལ་བྱ། །གསལ་བ་ཤེལ་གོང་ཕྱིས་ལྟར་གྱིས། །དེ་དམ་ཚིག་ཙམ་ཞིག་དཔེར་མཚོན་ནས། །ཀ་དག་ཟུར་ཁ་འགྲིམ་ཞིང་འགྲོ། །ལོག་ཆོས་ཆམ་ལ་འབེབས་ཤིང་འགྲོ། །དཀོན་མཆོག་དཔང་དུ་བརྩུགས་ཤིང་འགྲོ། དམ་ཚིག་མེད་དེ་ང་མི་འགྱོད། །སླད་ཀྱི་འབྲས་བུ་བཞེད་པ་ན། །རང་རིག་གསལ་བ་སྤྲུལ་པའི་སྐུ། །ཟག་མེད་བདེ་བ་ལོངས་སྤྱོད་རྫོགས།

(༢༤༩)སྤྱིར་ཡང་མི་རྟོག་ཆོས་ཀྱི་སྐུ། །དབྱེར་མེད་བདེ་ཆེན་ངོ་བོ་ཉིད། །འབྲས་བུ་ཙམ་ཞིག་དཔེར་མཚོན་ནས། །རོ་ཅིག་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དོགས་ཆམ་ལ་འབེབས་ཤིང་འགྲོ། །དབྱེར་མེད་ལམ་དུ་སློང་བཞིན་འགྲོ། །འབྲས་བུ་ཟད་དེ་ང་མི་འགྱོད། །སླད་ཀྱི་སངས་རྒྱས་ཐོབ་འདོད་རྣམས། །ཡེ་ནས་རང་བཞིན་ལྷན་ཅིག་སྐྱེས། །རིག་སྟོང་སྤྲོས་བྲལ་བདེ་བ་ཆེ། །མཁྱེན་གཉིས་གཅེར་བུ་རྗེན་པར་གསལ། །རྩོལ་མེད་འོད་གསལ་ཀུན་ལ་ཁྱབ། །སངས་རྒྱས་ཙམ་ཞིག་དཔེར་མཚོན་ནས། །ཆོས་ཉིད་ཟུར་ཁ་འགྲིམ་ཞིང་འགྲོ། ཆོས་ཅན་ཆམ་ལ་འབེབས་ཤིང་འགྲོ། འཁོར་འདས་ལམ་དུ་སློང་བཞིན་འགྲོ། །འཁོར་བར་འཁྱམས་ཀྱང་ང་མི་འགྱོད། །སླད་ཀྱི་བརྒྱུད་པ་བཞེད་པ་ན། །རྡོ་རྗེ་འཆང་ནས་བརྒྱུད་པར་ལྡན། །ཏཱེ་ལོ་ཆོས་ཀྱི་སྤྱན་དང་ལྡན། །ནཱ་རོས་ཉམས་བླངས་རྟོགས་པར་ལྡན། །སྒྲ་བསྒྱུར་སྤྲུལ་སྐུ་བྱིན་རླབས་ལྡན། །རྗེ་རས་ཆེན་ཙམ་ཞིག་དཔེར་བཞག་ནས། །གདམས་ངག་ཟུར་ཁ་འགྲིམ་ཞིང་འགྲོ། །རྒྱུད་ངན་ཆམ་ལ་འབེབས་ཤིང་འགྲོ། །འཇིག་རྟེན་སྤྲོས་པ་བཅད་ཅིང་འགྲོ། །ཚེ་འདིའི་བྱ་བ་འདོར་ཞིང་འགྲོ། །རི་ཁྲོད་དབེན་གནས་འགྲིམ་ཞིང་འགྲོ། །ཉམས་རྟོགས་ཡེངས་མེད་སྐྱོང་བཞིན་འགྲོ། །བློ་འདས་ངང་ལ་གཉུག་མ་གཏོར། །རྒྱུད་བ་ངན་ཡང་ང་མི་

(༢༥༠)འགྱོད། །སླད་ཀྱི་སློབ་མ་བཞེད་པ་ན། །དང་པོ་དད་ལྡན་བླ་མ་བསྟེན། །སྡོམ་གསུམ་མོས་གུས་ཚད་དུ་སྐྱོལ། །སྨིན་ལམ་དབང་གིས་སྨིན་པར་གྱིས། །གྲོལ་བྱེད་ཐབས་ལ་རྩོལ་བ་བསྐྱེད། །དད་ལྡན་ཙམ་ཞིག་དཔེར་མཚོན་ནས། །སྡོམ་གསུམ་ཟུར་ཁ་འགྲིམ་ཞིང་འགྲོ། །སྒྲིབ་གཉིས་ཆམ་ལ་འབེབས་ཤིང་འགྲོ། །ཚད་མེད་ལམ་དུ་སློང་བཞིན་འགྲོ། །སློབ་མ་ངན་ཡང་ང་མི་འགྱོད། །དེས་ན་འདིར་འཚོགས་དཔོན་སློབ་རྣམས། །གསུངས་པའི་ཆོས་སྒོ་ཇི་སྙེད་པ། །ཟབ་མང་མཁས་པ་རྒྱ་ཆེར་བསྐྱེད། །རྣམ་རྟོག་ཆོས་སྐུ་གཅེར་བུ་དེ། །རང་གསལ་བརྗོད་མེད་བརྗེན་པར་མཐོང་། །ཡེངས་མེད་རང་ཡིད་ཆེས་པར་སྒྲུབ། །བྱིན་རླབས་གཞན་ཡིད་ཆེས་ཙ་ན། །བསྒྲུབ་རྒྱུད་བསྟན་པ་དར་དེ་མཆིས། །ང་ནི་དབུས་ཀྱི་ཕྱོགས་སུ་འགྲོ། །ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུགས། །བུ་རས་ཆུང་དབུས་སུ་འགྲོ་བ་ལ། །ཕ་བླ་མས་བྱིན་གྱིས་བརླབ་དུ་གསོལ། །ཞེས་གསུངས་ནས་འབྱོན་པར་འཆས་པ་དང་། ཉ་མ་ཡོན་བདག་རྣམས་བཤོལ་མི་ཐེབས་པར་གོ་ནས་བླ་མ་རྗེ་བཙུན་གྱིས། །སྦར་ཡང་བཤོལ་བཏབ་པས་མ་ཐེབས་ངའི་བུ་ཁུགས་ཐབས་ག་ལ་ཡོད་གསུང་པ་བདེན་པར་འདུག །འདི་ལྟ་བུའི་ཐུགས་ཐག་ཆོད་པ་ཐེ་ཚོམ་ཙམ་ཡང་མི་མཛད་པ་འདུག་ཟེར་ནས་ཧ་ལས་ཏེ་ཁོ་ཐག་

(༢༥༡)ཆོད་པར་གྱུར་ཏོ། །དེ་ནས་བླ་མ་རྗེ་བཙུན་གྱི་གསུང་ནས་ད་ཁྱོད་ཅིས་ཀྱང་འགྲོ་ན་མགྱོགས་པར་བྱོན་ངས་སྐྱེལ་ཐུང་བྱ་ཡི་གསུང་། རྗེ་རས་ཆུང་པས་སྔར་ལྟར་སྐུ་ཆས་རྣམས་གྲུབ་པ་དང་རྗེ་བཙུན་དཔོན་སློབ་ཀྱི་གྲོད་ཕུག་གི་སྙའི་ལ་བཙས་སྟེངས་སུ་སྐྱེལ་ཐུང་མཛད་དེར་རྗེ་བཙུན་གྱི་ཞལ་ནས་བུ་རས་ཆུང་པ་ཁྱོད་ཅིས་ཀྱང་འགྲོ་ན་ང་མི་རྒན་ལ་གསོལ་བ་རྒྱུན་དུ་ཐོབ། །རང་སྙན་རྒྱུད་ཀྱི་ཉམས་ལེན་དང་མ་བྲལ་བ་བགྱིས་རི་ཁྲོད་དབེན་པ་རྣམས་སུ་ཡང་འབྲེལ་པ་ཞོག །ས་གཅིག་ཏུ་ཡུན་རིངས་དུ་མ་སྡོད་བླ་མ་གདམས་ངག་ཅན་འདུག་ན་སྒྲོ་དོགས་ཆོད། རང་གི་སྙན་རྒྱུད་ལས་ཟབ་པ་འདུག་ན་ཉམས་སུ་ལོང་། མི་འདུག་ན་རང་གི་བླ་མ་དང་གདམས་ངག་ལ་ཡིད་ཆེས་ཆེར་འགྲོ་བར་ཡིན་གསུང་ནས་སྔར་གྱི་ཕ་བོད་སྐུ་རྗེས་ཡོད་པའི་སྟེང་དུ་བཞུགས་ནས་ད་སོངས་ཤིག །ཡུལ་ཡར་ལུངས་ཀྱི་དབུས་ན་རི་རྩེ་མོ་རིན་པོ་ཆེ་དཔུང་པ་འདྲ་བ་རྩ་བ་འབྲས་ཀྱི་ལྗང་ལོ་རྒྱས་པ་འདྲ་བའི་ཤར་འདབས་ལ་བྲག་ཐལ་མོ་སྦྱར་བ་འདྲ་བ་ཡོད་དེར་བསྒྲུབ་པ་གྱིས་འགྲོ་བ་མང་པོ་ལ་ཕན་པར་འགྱུར། འཇིག་རྟེན་པའི་ཁྱི་མོ་གཅིག་ལ་ཞེ་ཟོན་ཆེར་དགོས་འདུག་གོ་དྲན་པར་གྱིས་ཤིག །དེ་དུས་ཀྱང་མི་རྒན་ང་ལ་མོས་གུས་དང་སེམས་ཅན་དབུལ་འཕོངས་ལ་སྙིང་རྗེ་དང་གདམས་པ་ལ་ཉམས་ལེན་མ་བརྗེད་པ་དགོས་སོ། །

(༢༥༢)དྲན་པར་གྱིས་ཤིག་གསུངས་ནས་བྱིན་རླབས་མཛད། བླ་མ་རས་ཆུང་པས་ཕྱག་ཕུལ་ཞབས་སྤྱི་བོར་བླང་སྨོན་ལམ་བཏབ་ནས་བླ་མ་སྤྱི་བོར་བསྒོམ་སྟེ་བླ་མ་དང་འདུ་འབྲལ་མེད་སྙམ་པའི་ངང་ལ། དབུས་ཕྱོགས་ལ་ཞལ་སྒྱུར་ཏེ་བྱོན་པ་ལས་བླ་མ་མི་ལའི་ཐུགས་དགོངས་ལ་ཆུང་ནས་འགྲོགས་པ་ཡིན་པས་ང་ནི་ཁོ་ལ་སེམས་འཕྲེང་བར་ཡོང་ཞིང་འདུག །ཁོ་ཡང་ང་ལ་སེམས་འཕྲེང་བར་ཡོད་ལ་ཆེ་ཕྱི་མིག་ཅིག་བལྟ་དགོངས་ཙ་ན། རས་ཆུང་པ་ཕྱི་མིག་ཡང་མི་བལྟ་བར་རྫུ་འཕྲུལ་དང་བཅས་ཏེ་རྒྱང་ངེར་བཞུད་པས། བླ་མའི་དགོངས་པ་ལ་ཁོ་ལ་མོས་གུས་འདུ་འབྲལ་མེད་པ་ཡོད་པས་ཨེ་གྲག་གཞན་ཁོ་ཡི་རྒྱུག་ལུགས་དང་ཕྱི་མིག་ཡང་མི་བལྟ་བ་འདི་མ་བཟང་དགོངས་ཏེ་སླར་གྲོད་ཕུག་ཏུ་བྱོན། དབུས་བཞུད་བར་མའི་སྐོར་རོ།། ༈ །།དེ་ནས་རྗེ་བཙུན་རས་ཆུང་པས་ལམ་ལྷོ་ངོས་འགྲིམ་ཞིང་ས་སྟོང་ཉིན་ལམ་བཅུ་ཡོད་པ་ཡུད་ཙམ་གྱིས་བཅད་ནས་གཙང་ཉང་སྟོད་མཁར་ཁ་བྱ་བར་ཕེབས་པས། དེ་ནས་སྐྱ་སེར་གྱི་ཁྲོམ་ཆེན་པོ་འདུག་པའི་སར་བླ་མས་ཀྱང་བྱོན་པས་དེ་རྣམས་ཀྱི་ནང་ནས་སྟོན་པ་བཙུན་སེང་ངེ་བ་ལ་བོངས་མི་ཆེ་ཙམ་པ་ཅིག་བྱུང་ནས་རས་པ་གཞོན་ནུ་དང་བ་འདྲེན་པ་ཞིག་འདུག་སྟེ། ཆ་ལུགས་འདིའི་ནང་ན་ཡོན་ཏན་མེད་ན་འབུགས་ཆེ་བ་ཡིན་རབ་བྱུང་ཅིག་བྱས་ན་

(༢༥༣)སངས་རྒྱས་བསྟན་པ་ལ་ཕན་ཞིང་རང་ཡང་འབུག་ཆུང་བ་ཡིན་ཟེར་འདུག་པ་ལ། བླ་མ་རས་ཆུང་པས་འདི་ལྟར་ཉོན་དང་སྟོན་པ་ཆོས་བརྒྱད་མཁན་རྣམས་ལ་ངས་འབུག་ས་བཤད་ཀྱི་གསུང་ནས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ཁྱེད་འདིར་ཚོགས་ལྷ་མི་ང་འདོད་ཅ་ན། །ཚེ་འདི་དོན་བསྒྲུབ་པའི་གྲུང་པེ་ཉོན། །ང་གྲུབ་ཐོབ་བཀའ་བཞིའི་བརྒྱུད་པ་འཛིན། །བླ་མ་མང་པོའི་གདམས་པའི་མཛོད། །ཕ་རས་ཆེན་ཐུགས་ཀྱི་སྲས་ཤིག་ལགས། །དོན་འཁྲུལ་པའི་བློ་རྒྱུད་མ་མཆིས་ཀྱང་། །ཁྱེད་བསམ་བཟང་གི་སྙིང་རྗེ་བསྒོམ་པ་མཚར། །ད་འབུག་ས་དྲུག་གི་ཕྱི་ཚིག་འཚལ། །ཐ་སྙད་ཚིག་གི་ལོ་མ་ལ། །སྟོན་ཆེན་རྣམས་ཀྱི་འབུག་ས་མཛོད། །ཉམས་མྱོང་བདེ་བའི་གཡང་ཆགས་ལ། །སྒོམ་ཆེན་རྣམས་ཀྱི་འབུག་ས་མཛོད། །ཚུལ་འཆོས་བག་མའི་སྤྱོད་པ་ལ། །བཙུན་ཆེན་རྣམས་ཀྱི་འབུག་ས་མཛོད། །སྨྱོན་པ་ཕོ་མོའི་རས་སྤྱོད་ལ། །རྣལ་འབྱོར་ཕོ་མོའི་འབུག་ས་མཛོད། །ཁ་དྲག་བྱུང་གི་རང་མཐོང་ལ། །ཡོན་བདག་ཕོ་མོའི་འབུག་ས་མཛོད། །ཁ་ལྟ་ཡེ་མེད་འཆལ་པོ་ལ། །ཉ་མ་རྣམས་ཀྱི་འབུག་ས་མཛོད། །སྐྱབས་འགྲོ་གསུམ་ལ་མཆེད་ཚིག་འཚལ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་

(༢༥༤)སྐྱབས་འགྲོ་ཡིན། །ནང་ནུབ་ཟ་ཕྱག་རྒྱུན་མ་བཅད། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །སེམས་ཀྱི་མོས་གུས་རྒྱུན་མ་བཅད། །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། །འཕྲལ་གྱི་ཉམས་ལེན་རྒྱུན་མ་བཅད། །རང་རང་འགྲོ་བ་སེམས་ཅན་རྣམས། །དབྱེར་མེད་ཆོས་སྐུར་རོ་གཅིག་ཀྱང་། །བྱམས་དང་སྙིང་རྗེ་རྒྱུན་དུ་སྒོམ། །ཁྱེད་འདིར་ཚོགས་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་པས་སྟོན་པ་དེས་ཐོག་དྲངས་པའི་ཁྲོམས་ཐམས་ཅད་དད་པར་གྱུར་ཏེ། །མཆོད་པ་དང་བསྐུར་སྟི་ཕུན་སུམ་ཚོགས་པར་བྱས་ནས། བླ་མ་ལགས། །ཁྱེད་དང་པོ་གང་ནས་བྱོན། ད་གང་དུ་གཤེགས། །བླ་མ་དང་ཡུལ་གང་ཡིན་ངེད་རྣམས་ལ་ཆོས་འབྲེལ་རེ་ཡང་གསུང་བ་ཞུ་ཟེར་བ་ལ། བླ་མས་མགུར་འདི་གསུངས་སོ།། ༈ །།རྗེ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཡན་ལག་དྲུག་ཅུའི་ལོངས་སྤྱོད་རྫོགས། །གསལ་སྟོང་ཀུན་ཁྱབ་ཆོས་ཀྱི་རྗེ། །ཕ་བླ་མའི་ཞབས་ལ་གུས་ཕྱག་འཚལ། །ང་རྣལ་འབྱོར་ཡིན་ལུགས་བཤད་ཀྱི་ཉོན། །ལུས་ངག་ཡིད་གསུམ་འདུལ་ཙ་ན། །འདུལ་བ་མཁན་ཅིག་ང་ཡང་ཡིན། །རྣམ་ཤེས་རླུང་ལ་ཞོན་ཙ་ན། །ཕ་རྒྱུད་མཁན་ཅིག་ང་ཡང་ཡིན། །ལུས་ལ་བདེ་བ་རྒྱས་ཙ་ན། །མ་རྒྱུད་མཁན་ཅིག་ང་ཡང་

(༢༥༥)ཡིན། །སྣང་སྲིད་ཕྱག་རྒྱར་བསྟེན་ཙ་ན། །སྣང་སེམས་མཁན་ཅིག་ང་ཡང་ཡིན། །སྣང་སྲིད་དབྱེར་མེད་རྟོགས་ཙ་ན། །སྟོང་ཉིད་མཁན་ཅིག་ང་ཡང་ཡིན། །རྣམ་རྟོག་དངོས་འཛིན་ཆོམས་ཙ་ན། །ཕུར་པ་མཁན་ཅིག་ང་ཡང་ཡིན། །སེམས་སྐྱེ་མེད་ནམ་མཁའ་ལྟ་བུ་ལ། །ཀུན་ལ་ཁྱབ་པའི་རྣལ་འབྱོར་པ། །ང་ནི་ནམ་མཁའི་ཁྱུང་ཆེན་བཞིན། །ཆགས་པ་མེད་པའི་ལྡུམ་བུ་པ། །ང་ནི་གངས་ཀྱི་སེང་གེ་བཞིན། །ཉམས་ང་མེད་པའི་ལྡུམ་བུ་པ། །ང་ནི་ནགས་ཀྱི་ཕག་རྒོད་བཞིན། །རྣམ་རྟོག་མེད་པའི་ལྡུམ་བུ་པ། །ང་ནི་དུར་ཁྲོད་ལྕེ་སྤྱང་བཞིན། །ཀུན་ཏུ་རྒྱུ་བའི་ལྡུམ་བུ་བ། །ང་ནི་རྒྱ་མཚོའི་ཉ་མོ་བཞིན། །ཕྱོགས་བཅུར་ཁྱབ་པའི་ལྡུམ་བུ་བ། །ང་ནི་འཁོར་ལོས་བསྒྱུར་རྒྱལ་བཞིན། །ཁམས་གསུམ་དབང་སྡུད་ལྡུམ་བུ་བ། །ལྡུམ་བུ་པ་ལ་འདིར་འགྲོ་མེད། །ཅེས་གསུངས་པས་ཐམས་ཅད་ཡིད་རངས་པར་གྱུར་ཏོ། །དེ་ནས་ཡང་དེ་དུས་སྟོན་པ་དེས་ཐོག་དྲངས་པའི་དད་པ་ཅན་འགའ་ཞིག་གིས་སྤྱན་དྲངས་ཏེ། བླ་མ་ལ་དབང་དང་གདམས་པ་ཞུས་པས་སྒོམ་སྐྱེས་པ་མང་པོ་བྱུང་སྟེ། སྟོན་པ་དེ་ལྷག་པར་དད་པས་བླ་མ་ཁྱེད་རང་གི་ཐུགས་ཉམས་སུ་བཞེས་ལུགས། ད་ལྟ་འཕྲལ་དུ་སྐྱང་ཚུལ་དོན་འདི་ལྟར་ཡིན་ཅེས་མགུར་དུ་གསུང་པ་ཞུ་ཞེས་ཞུས་པ་ལ་མགུར་འདི་གསུངས་

(༢༥༦)པར་གདའ། ༈ །ཕ་ན་མོ་གུ་རུ། ཀྱེ་ཧོ་དགེ་བཤེས་སྙན་སྟོན་པ། །མཁས་ཀྱང་ཁྱེད་རང་མཁས་ལགས་ཏེ། །ང་ནི་ཅི་ཡང་མི་ཤེས་ཀྱང་། །བསྒོམ་པའི་སྟོབས་ཀྱིས་རྟོགས་པ་སྐྱེས། །བསམ་གཏན་ཀྱི་ཁྲིད་ལ་གླུ་ཞིག་ལེན། །ཁྲིད་ལ་གླུ་ཞིག་མི་བླང་དུ། །མིག་ལོང་རྣམས་ལ་མིག་ཅིག་བྱུང་། །དད་ལྡན་རྣམས་ལ་ལམ་ཞིག་བྱུང་། །ལམ་ནི་ཕྱོགས་མེད་ཡངས་པའི་ལམ། །བདག་དང་པོར་སེམས་ཉིད་བརྩད་བཅད་པས། །དེ་དུས་སངས་རྒྱས་དགོངས་པ་དེ། །འགྲོ་དྲུག་ཡོངས་ལ་ཁྱབ་ལགས་ཏེ། །མ་རིག་པ་ཡི་བསྒྲིབས་ལགས་ནས། །དེ་སྣང་བ་སེམས་སུ་ངོ་སྤྲད་པས། །མ་རིག་སྤངས་པ་ཤ་ཡི་སྤྱན། །ཐབས་ཀྱི་གདམས་ངག་སྣ་ཚོགས་ཀྱིས། །དངོས་པོའི་རྙོག་པ་དག་ཙ་ན། །གོལ་ས་མེད་པ་ལྷའི་སྤྱན། །སྐབས་སུ་གློ་བུར་མཐོང་ཙ་ན། །རྨོངས་པའི་བློ་ཅན་མི་ཤེས་པ། །གང་གང་སྣང་བ་དེ་དེ་ཉིད། །དཔེར་ན་ལོང་བ་བུ་སྟོར་བ། །བུ་ཉིད་མདུན་དུ་བཞག་ནས་འཚོལ། །དེ་བཞིན་མ་རིག་མིག་བཀག་པས། །སངས་རྒྱས་རང་ལ་ཡོད་པ་ལ། །རྦ་དང་བློ་ཡིས་གཞན་ནས་འཆོལ། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །མི་རྟོག་ཡེ་ཤེས་ཆོས་ཀྱི་སྤྱན། །མཉམ་གཞག་རྗེས་ཐོབ་བསྲེས་ཙ་ན། །ཚོགས་དྲུག་ཡུལ་ལ་ཤར་བའི་ཚེ། །སྣང་བ་སྤྱིར་ཡང་སློབ་དཔོན་སྣང་། །སློབ་དཔོན་མ་མཐོང་སེམས་ཉིད་མཐོང་། །སེམས་སྐྱེ་

(༢༥༧)མེད་རྟོགས་པ་ཡེ་ཤེས་སྤྱན། །འཁོར་འདས་སྤྲོས་པ་ཆོད་ལགས་ནས། །དུས་གསུམ་རྒྱལ་བའི་བཞུགས་ཐབས་ལ། །སྐྱེ་བ་མེད་ཅིང་འགག་པ་མེད། །མ་སྐྱེས་པ་ཡི་སེམས་ཉིད་ལ། །འབྲལ་བ་མེད་པའི་དོན་གཅིག་རྟོགས། །མ་འགགས་པ་ཡི་ཆོས་རྣམས་ལ། །ཞེན་པ་མེད་པའི་དོན་གཅིག་རྟོགས། །ཁམས་གསུམ་ཡེ་ནས་སྟོང་པ་ལ། །མ་རིག་པ་ཡི་སྒྲིབ་པ་དེ། །རང་བྱུང་རྟོགས་པ་ཡེ་ཤེས་ཏེ། །དཔེར་ན་ནོར་བུ་རིན་ཆེན་ལ། །འབད་པ་མེད་པར་འགྲོ་དོན་འབྱུང་། །འགྱུར་བ་མེད་པ་སངས་རྒྱས་སྤྱན། །སྤྱན་སྔ་ཆགས་པ་མེད་སྤྱད་ན། །བདེ་འགྲོའི་གནས་སུ་རྒྱུག་པར་བྱེད། །ཅེས་གསུངས་པས། །སྟོན་པ་དེ་ན་རེ་ངས་གཞོན་ནུ་ལ་རབ་ཏུ་བྱུང་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། སྡེ་སྣོད་གསུམ་ལ་བསླབ་སྦྱོང་བྱས་ཚིག་གི་སྒྲོ་དོགས་ལེགས་པར་ཆོད་པ་ཡིན་ནའང་། བླ་མ་དང་མཇལ་ཙ་ན་བྱ་རྒྱུ་དང་ལབ་རྒྱུ་ཅི་ཡང་མེད་པར་ཐབས་ཟད་པ་ལྟར་མཆིས། ད་བླ་མ་ཁྱེད་གང་གསུང་ལ་མངོན་པར་གཏོད་པས་ཞལ་ལྟ་ཟབ་མོ་ཞིག་ཐུགས་ལ་འདོགས་འཚལ་ཞེས་ཞུ་ཞིང་། བསྙེན་བཀུར་ཞབས་ཏོག་ཆེར་བྱས་ནས་ཁྲིད་དང་མན་ངག་མང་དུ་ཞུས་ནས་བསྒོམ་པས་སྟོན་སྒོམ་ཁྱད་པར་དུ་འཕགས་པ་ཞིག་བྱུང་བས་དེ་ལ་མགུར་འདི་གསུངས་པར་གདའ། ༈ །ཕ་ན་མོ་གུ་རུ། སྔོན་ཐམས་ཅད་མཁྱེན་པའི་མདོ་རྒྱུད་དང་། །ཆོས་

(༢༥༨)རྗེ་གྲུབ་ཐོབ་ཀྱི་གསུང་སྒྲོས་གཉིས། །རང་རྒྱུད་ཀྱི་སྟེང་དུ་འཛོམ་ལགས་པས། །ཐོས་བསམ་བྱ་རྒྱུ་བདག་ལ་མེད། །རྒྱུད་ལ་སྐྱེས་པའི་ཉམས་མྱོང་དང་། །ནང་ནས་ཤར་བའི་རྟོགས་པ་གཉིས། །གདམས་ངག་གི་སྟེང་དུ་འཛོམ་ལགས་པས། །ཉམས་ལེན་བྱ་རྒྱུ་བདག་ལ་མེད། །གཉུག་མའི་དོན་སྟོན་བླ་མ་དང་། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་གཉིས། །མོས་གུས་སྟེང་དུ་འཛོམས་ལགས་པས། །ཐ་དད་འདུ་ཤེས་བདག་ལ་མེད། །རྒྱུན་ཆད་མེད་པའི་གནས་ལུགས་དང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས། །ངོ་སྤྲོད་སྟེང་དུ་འཛོམ་ལགས་པས། །བྱང་ཆུབ་བསྒྲུབ་རྒྱུ་བདག་ལ་མེད། །འཇིག་རྟེན་གྲགས་པའི་ཆོས་བརྒྱད་དང་། །གང་བྱུང་ལེགས་ཀྱི་མདུན་མ་གཉིས། །ངེས་མེད་སྟེང་དུ་འཛོམ་ལགས་པས། །འདེམ་ཁའི་འདུ་ཤེས་བདག་ལ་མེད། །འཕྲལ་དུ་དགོས་པའི་ཟས་གོས་དང་། །ཕུགས་སུ་དགོས་པའི་ནོར་རྫས་གཉིས། །ཆོག་ཤེས་སྟེར་དུ་འཛོམ་ལགས་པས། །གསོག་འཇོག་འདུ་ཤེས་བདག་ལ་མེད། །སྔོན་གྱི་ལས་འཕྲོ་སད་པ་དང་། །ཐོས་བསམ་སྒྲོ་དོགས་ཆོད་པ་གཉིས། །སྐལ་ལྡན་སྟེང་དུ་འཛོམ་ལགས་པས། །ལད་ཀྱིས་དོགས་པ་བདག་ལ་མེད། །རྗེས་འཇུག་ཉམས་སུ་ལེན་འདོད་རྣམས། །དང་པོར་རྒྱུད་ལྡན་བླ་མ་ཚོལ། །བར་དུ་མན་ངག་མཐའ་རྒྱ་ཆོད། །ཐ་མར་ཉམས་ལེན་བསྒྲུབ་ལ་འབུངས། །སངས་རྒྱས་ཚེ་འདིར་ཐོབ་པར་མཆིས། །

(༢༥༩)ཅེས་གསུངས་པས། སྟོན་པ་དེ་ལ་རི་ཁྲོད་འཛིན་པའི་སྒོམ་ཆེན་བཟང་པོ་གཅིག་བྱུང་ནས་མཐར་གྲོལ་བ་ཐོབ་སྐད་དོ། །དེ་ནས་ཡང་ཡོན་བདག་དད་པ་ཅན་ཁ་གཅིག་གིས་ལས་སྟོད་བྱང་གི་ཅུང་པ་སར་གདན་དྲངས་དབང་དང་གདམས་པ་ཞུས། ཞབས་ཏོག་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་འདི་ན་བཞུགས་གནས་རི་ཁྲོད་ལེགས་པར་ཡོད་པས་བཞུགས་པར་ཞུས་ནས་བླ་མས་རི་ཁྲོད་གཟིགས་པ་ལ་ཐེགས་པས། རི་ཁྲོད་དེ་ཡང་ཆུ་མེ་ཤིང་འཛོམ་པ་དབེན་ཞིང་རིག་པ་དངས་པས་ཐུགས་དམ་ངང་གིས་འཕེལ་བར་འདུག་པ་ལ། བླ་མ་ཡང་མཉེས་ཏེ་ཐོགས་ཅིག་བཞུགས་ནས་བསྒྲུབ་པར་མཛད་སླར་ཡང་ཕྱིས་འབྱོན་པར་ཞལ་གྱིས་བཞེས། དེ་ནས་སླར་ཅུང་པ་སར་ཕེབས་ནས་དེར་འཚོགས་པའི་ཡོན་བདག་རྣམས་ལ་མགུར་འདི་གསུངས་པར་གདའ།། ༈ །།རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལར་སྐྱེས་ནས་ཤི་བ་མཐོང་ཙ་ན། །གཅེས་དགུ་བསྒྱུར་ནས་འགྲོ་ལུགས་འདི། །ལམ་འདི་འཁྲུལ་པར་མ་ཤེས་སམ། །ད་རུང་རྟོགས་པའི་ཉམས་རྩལ་སྦྱོངས། །འདུས་བྱས་མི་རྟག་མཐོང་ཙ་ན། །རང་གཞན་འཚོགས་ནས་འབྲལ་བ་འདི། །རང་རེ་ཀྱང་པ་མི་ནུས་སམ། །ད་རུང་གཅིག་པོར་སྡུག་སྲན་བསྐྱེད། །བསགས་ནས་ལུས་པ་མཐོང་ཙ་ན། །རང་ནོར་གཞན་གྱིས་སྤྱོད་པ་འདི། །སྦྱིན་པའི་

(༢༦༠)བཏང་བློ་མ་སྐྱེས་སམ། །ད་རུང་སྙིང་པོའི་ལག་ལེན་མཛོད། །ཇོ་བོ་བཟང་པོ་མཐོང་ཙ་ན། །སྡོམ་པ་ངོས་ལྐོག་བྱེད་ལུགས་འདི། །རྒྱུ་འབྲས་ཁྱད་དུ་མ་བསད་དམ། །ད་དུང་སྲིད་པའི་ཉེས་དམིགས་སོམས། །གདམས་ངག་ཅན་རྣམས་མཐོང་ཙ་ན། །ལམ་སྣ་ཟིན་དུ་རེ་བ་འདི། །དགེ་སྦྱོར་རྩ་བ་མ་ཟིན་ནམ། །ད་དུང་བླ་མའི་གདམ་ཁ་བགྱིས། །ཚོགས་དཔོན་བྱེད་པ་མཐོང་ཙ་ན། །བདག་འཛིན་བློ་སྣ་རིང་ལུགས་འདི། །རང་རེ་གཙང་སར་ཅི་ལ་ཐོན། །ད་རུང་ཞེ་འདོད་ཁོང་སྲན་ཐོན། །འཁྲི་བ་མཆོད་མཐོང་ཙ་ན། །བྱ་བའི་གཉེར་ཁ་མང་ལུགས་འདི། །ལོང་མེད་རྒྱུད་ལ་ཅི་ལ་སྐྱེ། །ར་རུང་འཆི་བ་མི་རྟག་བསྒོམས། །བསོད་ཟད་གང་ཟག་མཐོང་ཙ་ན། །རང་གི་ནང་ཚང་སྟོན་ལུགས་འདི། །སྡིག་པའི་རྒྱབ་ཁུར་མ་ནོན་ནམ། །ད་རུང་བླ་མ་བརྟེན་ཡུན་སྲིངས། །ཅེས་གསུངས་ནས་གནས་དེ་ནས་འབྱོན་པར་འཆས་པས་ཐམས་ཅད་ཀྱིས་གུས་པའི་ཚུལ་གྱི་ཡང་ཡང་ཕེབས་པར་གསོལ་བ་བཏབ་བོ། །དེ་ནས་བྱོན་ནས་ཉང་སྟོད་རྩིས་ཀྱི་མགྲོན་ཁང་དུ་ཕེབས་པས། དེ་ནས་མགྲོན་པོ་ཕྱོགས་ནས་འདུས་པ་མང་པོ་རྩི་ཉོག་ཉོག་འདུས། དགོང་མོ་དེར་བཞུགས་པས་མི་རྣམས་འདོད་པས་གདུངས་པའི་རིགས་ཤ་སྟག་འདུག་པས་སེམས་ཅན་རྣམས་ལ་སྙིང་རྗེ་དཔག་ཏུ་མེད་པ་འཁྲུངས། །དེར་ཤར་པོ་བོང་རིང་པ་མདའ་གཞུ་འཁོར་གསུམ་

(༢༦༡)བཏགས་པ་ཁྲེས་པོ་ཆེན་པོ་ཁུར་བའི་གཡུ་རྣ་བཏགས་པ་ཅིག་བྱུང་པས་དེ་ན་རེ་རས་པ་ཁྱེད་ཀྱིས་གང་ནས་བྱོན་བླ་མ་སུ་ཡིན་ཟེར། དེར་བླ་མ་རས་ཆུང་པས་ངེད་ད་ལམ་སྙ་ནང་ཕྱོགས་ནས་འོངས་བླ་མ་མི་ལ་རས་པ་བྱ་བ་གྲུབ་ཐོབ་རྩོད་པ་མེད་པ་ཅིག་བཞུགས་པ་དེའི་སློབ་མ་ཡིན་ཁྱེད་གང་ནས་འོངས་གང་དུ་འགྲོ་གསུངས་པས། ཤར་པོ་དེ་ན་རེ་ངེད་བྱར་ཞེས་བྱ་བ་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་ས་གནས་ཆེན་དུ་གྲགས་པ་ཨ་ཤུ་བྲག་གི་འདབས། ཡུལ་ལ་དགེ་བཅུ་ཚང་བ་ཞིག་ཡོད་པ་ནས་འོངས་ཁྱེད་གསུང་པའི་བླ་མ་མི་ལ་རས་པ་ཡབ་སྲས་གཉིས་ཡོད་ཟེར་བ་སྐུ་སྙན་པ་ཆེ་བར་འདུག་པས་དེ་གཉིས་ཀྱི་ཞལ་བལྟ་བ་དང་ཆོས་འདྲ་བ་ཡང་ཨེ་ཐོབ་བསམ་པས་མངའ་རིས་གུང་ཐང་གི་ཕྱོགས་ལ་འགྲོ་བསམ་པ་ཡིན། ཁྱེད་བླ་མ་མི་ལའི་གྲྭ་པ་ཡིན་འདུག་པས་ད་ལྟ་གང་ན་བཞུགས། སྐུ་ཁམས་ཨེ་བཟང་བླ་མའི་ཐུགས་སྲས་རས་ཆུང་པ་བྱ་བ་གཅིག་བཞུགས་ཟེར་དེ་ཡང་བླ་མའི་དྲུང་ན་བཞུགས་ཨེ་ཡོད་ཞེས་དྲི་བ་ཞིབ་ཏུ་ཞུ་བ་ལ་བླ་མ་རས་ཆུང་པས། བླ་མ་དཔོན་སློབ་ཐམས་ཅད་ཀྱང་སྐུ་ཁམས་བཟང་ནས་ཡོད་ད་ལྟ་སྙ་ནང་གྲོད་ཕུག་ན་བཞུགས་ཡོད་གསུང་། དེ་ནས་དེར་འཚོགས་པའི་འགྲུལ་པོ་རྣམས་ལ་མགུར་འདི་གསུངས་སོ། །

(༢༦༢)ཕ་ན་མོ་གུ་རུ། སྐུ་དྲིན་ཅན་གྱི་བླ་མ་ལ། །མོས་གུས་རྟག་ཏུ་བྱ་བར་རིགས། །ལྟ་བ་ཕྱག་རྒྱ་ཆེན་པོ་འདི། །རེ་དོགས་ཀྱི་རླུང་ལ་བསྐུར་བ་འཕངས། །སྒོམ་པ་ཡིད་ལ་མི་བྱེད་འདི། །གཉིས་འཛིན་སྒྲོག་གིས་བཅིང་པར་འཕངས། །རང་སྤྱོད་ཤུགས་ལ་བྱུང་བ་འདི། །ཚུལ་ཆོས་དྲི་མས་གོས་པར་འཕངས། །ཉམས་མྱོང་བདེ་བ་ཆེན་པོ་འདི། །ཐ་སྙད་མིང་གིས་གདགས་པར་འཕངས། །བྱ་བ་བཏང་བའི་རྣལ་འབྱོར་འདི། །ཡོན་བདག་གི་ངོ་བསྲུང་བྱ་བ་འཕངས། །ངེས་པར་ཆོས་བྱེད་དམ་པ་འདི། །འཛིན་ཆགས་ཡུལ་དུ་སྡད་པ་འཕངས། །ཕྱག་རྒྱ་མཚན་དང་ལྡན་པ་འདི། །ཐ་མལ་གྲོགས་དང་འགྲོགས་པར་འཕངས། །ཁོམ་ལྡན་མི་ལུས་དོན་གྲུབ་འདི། །དགེ་མེད་འཆལ་བར་བཏང་བ་འཕངས། །རང་སེམས་ནོར་བུ་རིན་ཆེན་འདི། །འཁོར་བའི་འདམ་དུ་བྱིང་བ་འཕངས། །བླ་མའི་མན་ངག་བདུད་རྩི་འདི། །ལེ་ལོའི་དབང་དུ་བཏང་བ་འཕངས། །འོད་གསལ་ཟུང་འཇུག་སྒྲོན་མེ་འདི། །རྣམ་རྟོག་རླུང་གིས་བསྐྱོད་པ་འཕངས། བླ་མེད་སྤྱོད་པ་རོ་སྙོམས་འདི། །ཆོས་བརྒྱད་ཆུ་ལ་སྐྱུར་བ་འཕངས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །འདུས་བྱས་ལས་ལ་བཀོལ་དུ་འཕངས། །བྱ་བ་ཐོངས་དང་འདིར་ཚོགས་རྣམས། །ཤེས་གསུངས་པས་མི་མང་པོ་དད་པར་གྱུར་ནས་སྡིག་

(༢༦༣)པ་སྤོང་པ་དང་དགེ་བ་བསྒྲུབ་པ་སོགས་ཆོས་སྒོར་ཞུགས་པ་མང་དུ་བྱུང་ངོ་། །དེ་ནས་ཡུད་ཙམ་སོད་པ་དང་བླ་མ་མི་ལ་ཡབ་སྲས་ཀྱི་གྲྭ་པ་རས་པ་གཅིག་གཉལ་དང་ལོ་རོ་གནས་སྐོར་ལ་སོང་པ་གཅིག་ཡོད་པ་དེར་སླེབ་བྱུང་བས། ཁོ་ན་རེ་ཨ་ལ་ལ་ངའི་བསོད་ནམས་ལ་བླ་མ་འདི་ན་ཕེབས་འདུག་ཟེར། ཤར་པོར་ཤེར་སྣང་ན་རེ་བླ་མ་སུ་ཡིན་ཟེར། བླ་མ་རས་ཆུང་པ་ཡིན་ཟེར་བས། ཡང་ཤར་པོ་དེ་ན་རེ་དེས་ན་རྗེ་བཙུན་ཐུགས་རྗེ་རེ་ཆུང་ད་ཅི་ནས་ང་ཡིན་མི་གསུང་པ་ཟེར་ནས་མཆི་མ་འདོན་ཞིང་ཕྱག་འཚལ་ཞབས་སྤྱི་བོར་བླངས་ད་བླ་མའི་ཕྱག་ཕྱི་བྱེད་པས་འཁྲིད་པ་ཞུ་ཟེར། དེར་བླ་མས་ཐུགས་རྗེ་ཆུང་རྒྱུ་མེད་ང་རང་ཡང་བླ་མ་མི་ལ་མིན་པ་བློ་གཏོད་ས་མེད་ཁྱེད་རང་ཡང་ང་ལྡུམ་བུ་ལ་འགྲོ་བའི་ཕྱི་ལ་འགྲོ་མ་ཟེར་བར། བླ་མ་གྲུབ་ཐོབ་རི་ཁྲོད་ན་རས་པ་མང་པོ་སྐྱོང་བཞིན་བཞུགས་ཡོད་པས་དེར་སོང་ལ་ཆོས་དང་གདམས་པ་ཞུས་ལ་ཤོག །ང་ད་གཟོད་ལྷོ་རྒྱུད་ཕྱོགས་སུ་སླེབ་ཡོང་པས་དེ་དུས་ཆོས་དང་གདམས་པས་ཕན་ཐོགས་པར་བྱ་ཡི་གསུངས་པས། །ཤར་པོ་མ་ཉན་ཏེ་དུས་ད་ནས་མ་ཤིའི་བར་དུ་བླ་མ་ཁྱེད་དང་མི་འབྲལ་ཞིང་ཁྱེད་རང་གར་འབྱོན་ཕྱག་ཕྱི་མི་བྱེད་རེ་ཟེར་མནའ་བསྐྱལ་ནས་མ་ཉན་པས། ཡང་བླ་མས་ཁྱོད་དེ་སྐད་མ་ཟེར་དང་བླ་མ་སངས་རྒྱས་དང་།

(༢༦༤)མི་འགྲོགས་པར་ལྡུམ་བུ་བ་གཅིག་བསྟེན་པ་མི་རུང་བས་འདི་ཉོན་གསུང་ནས་མགུར་འདི་གསུངས་སོ། ༈ །རྗེ་དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །འབྲེལ་ཚད་དོན་དང་ལྡན་པའི་རིན་པོ་ཆེ། །ཕ་བཞད་པ་རྡོ་རྗེའི་ཞབས་ལ་འདུད། །ཁྱོད་ཉོན་དང་བྱར་པོའི་སྟག་ཤར་བ། །ཡོན་ཏན་རྫོགས་པར་འདོད་ན་བརྒྱུད་པའི་བླ་མ་བསྟེན། །སློབ་དཔོན་བྱེད་པར་འདོད་ན་བཀའ་ལུང་ཐོས་བསམ་མཛོད། །ལོངས་སྤྱོད་འཕེལ་བར་འདོད་ན་ཚོགས་གསོག་རྒྱུན་དུ་མཛོད། །ནུས་པ་ཆེ་བར་འདོད་ན་སྒྲུབ་ལ་བརྩོན་པར་མཛོད། །ཉམས་དང་ལྡན་པར་འདོད་ན་དབང་བཞིས་སྨིན་པར་མཛོད། །མཁའ་འགྲོ་འགོ་བར་འདོད་ན་དམ་ཚིག་ཚུལ་བཞིན་བསྲུངས། །སྡུག་བསྔལ་ཞི་བར་འདོད་ན་རླུང་བཅུ་དབང་དུ་བསྡུས། །སྡོམ་གསུམ་ལྡན་པར་འདོད་ན་ཉིན་མཚན་རྒྱུན་དུ་སྒོམས། །རིག་པ་འཆར་བར་འདོད་ན་འོད་གསལ་དྲི་མེད་སྒོམས། །སངས་རྒྱས་ཐོབ་པར་འདོད་ན་རེ་དོགས་དབང་མ་གཏང་། །རྩོད་པ་མཁས་པར་འདོད་ན་སྒྲ་དང་ཚད་མ་སླབས། །ཚེ་གཅིག་སངས་རྒྱས་འདོད་ན་གྲུབ་ཐོབ་བླ་མ་བསྟེན། །རང་གཞན་དོན་གཉིས་འདོད་ན་རི་ཁྲོད་དབེན་པར་བསྒོམས། །གཞན་དོན་རྒྱ་ཆེན་འདོད་ན་བྱང་ཆུབ་སེམས་ཉིད་སྦྱོངས། །འཁོར་འདས་དབྱེར་མེད་འདོད་ན་དུ་མ་རོ་གཅིག་བལྟོས། །སྤྲུལ་སྒྱུར་ནུས་པར་འདོད་ན་རླུང་བཅུའི་དེ་ཉིད་བསྒོམས། །རྣལ་

(༢༦༥)འབྱོར་ཁ་ལ་ཉན་ན་ཁྱོད་ཀྱི་དོན་ཆེན་འགྲུབ། །ཅེས་གསུངས་པས་ཡང་ཤར་པོ་ན་རེ་དེ་ལྟར་ཡིན་པས་བླ་མ་ཁྱེད་ཀྱིས་བདག་རྗེས་སུ་འཛིན་པར་ཞུ། ང་ནི་ལེགས་ཉེས་གང་བྱུང་ཀྱང་ཁྱེད་རང་མཁྱེན་ལུས་ངག་ཡིད་གསུམ་དུས་ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བླ་མ་ཁྱེད་ལ་འབུལ་བས། །ཐུགས་རྗེས་གཟུང་འཚལ་ཟེར་ནས་ཕྱག་ཕྱིར་འབྲངས་པས་མིང་ར་རྡོ་རྗེ་ཤེར་སྣང་ཟེར་བ་རིན་ཆེན་གྲགས་སུ་བཏགས། སོ་སོར་ཐར་པའི་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་དང་། ཐེག་པ་ཆེན་པོའི་སྨོན་འཇུག་བྱང་ཆུབ་ཏུ་སེམས་བསྐྱེད་ཞབས་ཕྱིར་འབྲངས་ཤིང་དབང་དང་གདམས་པས་རྗེས་སུ་བཟུང་པས་ཉེ་གནས་རིན་ཆེན་གྲགས་ཤེས་བྱ་བའི་ཞབས་ཏོག་ཅན་དེ་བྱུང་བ་ཡིན་ནོ། །དེའི་ཡུལ་ནི། །གསང་སྔགས་ཕོ་བྲང་གི་ནུབ་སྒོ་བྱར་ཞེས་བྱ་བ་ཡུལ་གྱི་དགེ་བཅུ་ཚང་བ་ཉི་མ་སྦས་པ་ལ་སོགས་རྒྱ་གར་གྱི་གྲུབ་ཆེན་གྱིས་བྱིན་གྱིས་བརླབས་པ། ཨ་ཤུ་བྲག་ལ་སོགས་པ་གནས་ཆེན་མང་པོའི་སྒོ་དཔའ་བོ་དང་དཔའ་མོ་འདུ་ཞིང་བཀྲ་ཤིས་པའི་ཡུལ་ཞིག་ཡིན་ལ། ཡུལ་དེའི་སྨད་ཀྱི་ཆ་ཁུལ་དུ་བྱུང་པ་ཁོད་སྙོམས་ཤིང་དང་སྤྲོ་བའི་ས་ནེབ་ལ་ཐིལ་པ་ཡིན་ཞིང་། གདུང་རུས་ནི་ར་ཡིན་ཡབ་ནི་བྱང་ཆུབ་རྒྱལ་པོ་ཞེས་བྱ་བ་དད་པ་དང་ལྡན་ཞིང་བསོད་ནམས་ཅན་ཞིག་ཡིན་ལ། ཡུམ་ནི་མཁའ་འགྲོའི་མཚན་དང་

(༢༦༦)ལྡན་པ་ཆོ་རིགས་ཁུངས་བཙུན་ཞིང་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་ཚང་བ་མཚན་དཔལ་ལྡན་སྒྲོལ་མ་ཞེས་བྱ་བའི་སྲས་སུ་འཁྲུངས་ཤིང་། ཁོང་རང་ཡང་ཆུང་དུ་ནས་དད་པ་དང་ལྡན་ཞིང་ཀུན་གྱི་ཡིད་དུ་འོང་བ་ཤེས་རབ་ཆེ་ཞིང་ཆོས་ལ་མངོན་པར་དད་པ། སྙིང་རྗེ་དང་ལྡན་པས་ཡུལ་དབུལ་ཞིང་འཕོངས་པ་དག་མཐོང་ན་རང་གི་ཟས་གོས་སོགས་འཕྲལ་དུ་སྦྱིན་ཕོད་པ་བློ་ཁོག་ཡངས་ཤིང་ཆོས་འཇིག་རྟེན་གང་ལ་ཡང་བརྩོན་འགྲུས་དང་ལྡན་པས་འཁོར་བ་སྙིང་པོ་མེད་པའི་ཚུལ་འདི་ཉིད་ལོ་གསུམ་བཞི་ཙམ་སོང་པ་ནས་གོ་བས། བླ་མ་དང་ཆོས་ལ་མོས་གུས་ལྷག་པར་ཆེ་ཞིང་འགྱུར་ལྡོག་མེད་པ་མཚན་རྡོ་རྗེ་ཤེར་སྣང་ཞེས་བྱ་བ་ཞིག་ཡིན་ལ་དགུང་ལོ་བཅོ་བརྒྱད་ལོན་དུས་རྗེ་བཙུན་རིན་པོ་ཆེ་མི་ལ་ཡབ་སྲས་ཀྱི་སྙན་པ་གསན་ནས་ལ་སྟོད་ཕྱོགས་ལ་འབྱོན་པར་བློས་ཐག་བཅད་ཡབ་ཡུམ་ལ་གནང་བ་ཞུས་ཏེ་ཡོ་བྱད་མང་པོ་གསེར་དུ་བསྒྲུབས་ནས་གྲོགས་ཡང་མེད་པར་བློ་སྟོབས་ཆེན་པོས་བྱོན་པས། བླ་མ་རས་ཆུང་པ་དང་ཉང་སྟོད་རྩིས་ཀྱི་ནག་པོ་ཚང་དུ་མཇལ་དེར་གསེར་དང་གཡུ་རྣ་འཁོར་གསུམ་རྣམས་བླ་མའི་ཕྱག་ཏུ་ཕུལ། ཕྱག་ཕྱི་ལ་འབྲེང་བར་ཞུས་ནས་ཞབས་ཏོག་ཡང་དག་པ་བྱས་པས་བླ་མ་མཉེས་ནས་ཉེ་གནས་རིན་ཆེན་གྲགས་ཤེས་མིང་དུ་ཆགས། བླ་མ་དང་ལོ་བཅུ་དགུ་ལ་མཇལ་ནས་བླ་མས་ཆོས་གསུངས་པ་ཐམས་ཅད་ལ་ཚུད་པར་

(༢༦༧)མཛད་དགོས་ཞུས་པས་བཀའི་ཡང་གནང་ནས་ཆོས་ཐམས་ཅད་ཐོབ་པར་མཛད་པ་ཡིན་ནོ། །དེ་ནས་བླ་མ་རས་ཆུང་པ་དང་ཉེ་གནས་རིན་ཆེན་གྲགས་གཉིས་ལྷན་དུ་དབུས་ལ་ཕེབས་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་མཇལ། ཇོ་བོ་མཆེད་གཉིས་ལ་ར་ཤེར་སྣང་གིས་ཕུལ་བའི་གསེར་རྣམས་ཀྱང་གསེར་ཆབ་བྱས་ཏེ་ཞུས་གསེར་སེལ་མ་ཡང་ཕུལ་སྨོན་ལམ་རྒྱ་ཆེན་པོ་བཏབ། དེ་ནས་ལྷ་ས་ན་བླ་མ་བལ་པོ་ཨ་སུ་བཞུགས་འདུག་པ་དང་མཇལ་གདམས་པ་ཞུ་ཞུས་པས། བླ་མ་བལ་པོའི་ཞལ་ནས། ཡང་ན་རིག་པ་རིག་པ་བརྗེ། །ཡང་ན་རིག་པ་ཡོན་གྱིས་བསླུ། །ཡང་ན་རིག་པ་བུ་ལ་འབོགས། ཟེར་བ་ཡིན། ཁྱོད་ངའི་བུ་ནི་མིན་གདམས་ངག་ཡོད་དེ་ཡོན་བཟང་པོ་དགོས་པ་ཡིན་གསུང་ནས་དོ་ཧ་སྐོར་གསུམ་གྱི་གཞུང་དང་ཕྱག་རྒྱ་ཆེན་པོ་ཐོ་རེ་བ་ཞིག་གནང་ནས་སུམ་འཕྲེང་དུ་ཤོག་གསུང་། དེ་ནས་བླ་མ་རས་ཆུང་པ་དཔོན་སློབ་གཉིས་ཀྱིས་ཡར་ལུངས་ཕྱོགས་ལ་བྱོན་པས། ཆོས་ཞུ་བ་མང་པོ་བྱུང་སྟེ་དེར་ཡོ་བྱད་འབུལ་བ་བྱུང་བ་རྣམས་བཞེས་པས་སྣམ་བུ་གཉིས་དང་གསེར་སྲང་གཅིག་བྱུང་བ་བསྣམས་ནས་སུམ་འཕྲེང་དུ་བྱོན་བླ་མ་བལ་པོའི་དྲུང་དུ་གདམས་པ་ཞུ་ཞུས་པས་མཆོད་པ་བཟང་དུ་བཤོམས་ཤིག་གདམས་པ་བྱ་ཡི་གསུང་། དོ་ཧ་གཞུང་རྣམས་ལ་སྨད་ལུགས་གཞི་སྐྱོང་གི་བཤད་པ་མཛད་བྱུང་

(༢༦༨)བས་དེ་རང་ཡིན་ལགས་སམ་ཞུས་པས། བླ་མ་བལ་པོའི་གསུང་ནས་ཡང་ན་འདུགས་བྱ་ཡང་ན་འདུགས་བྱ་གསུངས་ནས་ཞྭ་སྐྱོགས་ཀྱི་བཤད་པ་མཛད་བྱུང་བས། བླ་མ་རས་ཆུང་པ་ཅུང་མ་མགུ་ནས་བསྙེན་བཀུར་བཟང་བ་གཅིག་མཛད་ནས་འདི་ལྟར་ཞུས་སོ། ༈ །ལྟ་བའི་སྐུ་མཁར་མཐོ་མི་མཐོ། །ཕྱོགས་རིས་དམག་གིས་བསྐོར་ན་མངོན། །བསྒོམ་པའི་རི་རྒྱལ་བརྟན་མི་བརྟན། །ཉོན་མོངས་རླུང་ཚུབ་ལངས་ན་མངོན། །སྤྱོད་པའི་རྟ་ཕོ་བཟང་མི་བཟང་། །འཁོར་འདས་ཀྱུས་ཐོག་བཅད་ན་མངོན། །བརྩོན་འགྲུས་རིག་པ་མྱུར་མི་མྱུར། །ཚེ་གཅིག་སངས་རྒྱས་བསྒྲུབས་ན་མངོན། །ཚུལ་ཁྲིམས་རྒྱལ་མཚན་མཐོ་མི་མཐོ། །རིག་འཛིན་རྣམས་དང་མཇལ་ན་མངོན། །སྦྱིན་པའི་གཏེར་ཁ་ཕྱེད་མི་ཕྱེད། །རྒྱལ་ཁམས་ཕྱོགས་མེད་འགྲིམས་ན་མངོན། །བཟོད་པའི་གོ་ཆ་སྲ་མི་སྲ། །ཁོང་ཁྲོའི་ཇག་ཚོམས་བྱུང་ན་མངོན། །བསམ་གཏན་ལུས་བྱད་བདེ་མི་བདེ། །རྟག་ཆད་བྱིང་རྒོད་འདྲེན་ན་མངོན། །ཤེས་རབ་རལ་གྲི་རྣོ་མི་རྣོ། །ལུང་དང་གྲུབ་མཐའ་གཤགས་ན་མངོན། །བླ་མའི་གདམས་ངག་ཆེ་མི་ཆེ། །ཐེག་པའི་དྲི་བ་བྱུང་ན་མངོན། །ཤེས་བྱ་ཀུན་ལ་མཁས་མི་མཁས། །བློ་གསལ་མང་པོས་བསྐོར་ན་མངོན། །མངོན་ཤེས་སྤྱན་དང་ལྡན་མི་ལྡན། །རྨུ་རྒོད་མ་རུང་འདུལ་ན་མངོན། །ཞེས་ཞུས་པས།

(༢༦༩)བླ་མ་བལ་པོ་ཞལ་ངོམ་ནག་གཏིང་གི་སོང་། དེ་ནས་བླ་མའི་ཞལ་ནས་ལར་ཁྱེད་སྒོམ་ཆེན་པ་དོན་ཐོག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པ་དང་། ངེད་མདོ་རྒྱུད་དཔང་པོར་བཞག་ནས་ཚིག་གི་མཐའ་རྒྱ་བསྐྱེད་པ་གཉིས་ཅུང་མི་འདྲ། འོན་ཀྱང་ང་ལ་གདམས་ངག་ཡོད་ཀྱི་འབྲོམ་སྟོན་ལ་སོགས་པས་འབུམ་ཕུལ་བ་ཡང་ཡོད། ཁྱོད་ཀྱིས་ང་ལ་ནས་ཁལ་བརྒྱ་པ་ཅིག་ཕུལ་དང་ངས་གདམས་ངག་སྦྱིན་གྱིས་གསུང་། ལར་ཁྱེད་རང་གིས་ཉམས་ལེན་གང་ལ་བྱས་གོ་མྱོང་རྟོགས་པ་ཅི་ཡོད་ལེགས་པར་སྨྲོས་དང་གསུངས་པས་མགུར་འདི་ཡིན་ལུགས་སུ་ཕུལ་བ། ༈ །ཕ་ན་མོ་གུ་རུ། སྔོན་ཚེ་དགེ་བ་སྤྱད་ལགས་པས། །དལ་འབྱོར་མི་ལུས་ཐོབ་པ་འདི། །མི་ཚེ་སྟོང་སྐྱེལ་བྱེད་མ་ཁོམ། །དེས་ན་བྱ་བ་བཏང་པ་ཡིན། །ཐོས་བསམ་སྒྲོ་འདོགས་ཆོད་ལགས་པས། །སྲིད་པའི་མཚན་ཉིད་གོ་བ་འདིས། །འཇིག་རྟེན་རྣམ་བཞག་སྐྱོང་མ་ཁོམ། །དེས་ན་དམན་ས་འཛིན་པ་ལགས། །ཚོགས་གཉིས་རྒྱུད་ལ་རྫོགས་ལགས་པས། །བདེ་སྐྱིད་རང་ལ་རྙེད་པ་འདིས། །ཐར་ལམ་ལོགས་སུ་འཚོལ་མ་ཁོམ། །དེས་ན་ཞེ་འདོད་ཟད་པ་ཡིན། །མོས་གུས་སྣང་བ་དག་ལགས་པས། །བླ་མའི་ཐུགས་དགོངས་མཐོང་བ་འདིས། །གཞན་ལ་ཡིད་སྨོན་འབུལ་མ་ཁོམ། །དེས་ན་ཆིག་

(༢༧༠)རྐྱ་ཐུབ་པ་ཡིན། །སྲིད་པའི་སྐྱོ་ཤས་ཆེ་ལགས་པས། །འཆི་བརྒྱུད་ལ་དྲན་པ་འདིས། །རྙེད་དང་བཀུར་སྟི་འཚོལ་མ་ཁོམ། །དེས་ན་དཀའ་ཐུབ་བྱེད་པ་ཡིན། །འབྲལ་མེད་ལམ་དང་འཕྲད་ལགས་པས། །སྒོ་གསུམ་རྩོལ་བ་ཞི་བ་འདིས། །ཐུན་བཞིའི་རྣལ་འབྱོར་སྒོམ་མ་ཁོམ། །དེས་ན་ཉལ་ནས་སྡོད་པ་ཡིན། །སྨོན་ལམ་རྒྱུ་འབྲས་སྨིན་ལགས་པས། །འགྲོ་བའི་སྡུག་བསྔལ་དྲན་པ་འདིས། །རང་གི་ཞི་བདེ་བསྒྲུབ་མ་ཁོམ། །དེས་ན་གཞན་དོན་བྱེད་པ་ཡིན། །བྱིན་རླབས་རྒྱུད་ལ་ཞུགས་པ་ཡིས། །ངེས་ཤེས་རྒྱུད་ལ་སྐྱེས་པ་འདིས། །ཐ་སྙེད་ཚིག་ཕྱིར་འབྲེང་མ་ཁོམ། །དེས་ན་གསོལ་བ་འདེབས་པ་ཡིན། །ཞེས་ཞུས་པས་དེ་ཚོ་ཁ་པོར་འདུག་དོན་ལ་ཡང་ཡོད་མཆིས་ལག་ལེན་ལ་ཙུགས་བྱེད། ངའི་བླ་མ་ཕྱག་ན་རྡོ་རྗེ་ཡང་ཕྱག་རྒྱ་ཆེན་པོ་ལ་མཁས་པ་ཡིན། །རྒྱ་བལ་གཉིས་ན་ངེད་དཔོན་སློབ་ཕྱག་རྒྱ་ཆེན་པོའི་སྦད་ཆེ་བ་ཡིན། བོད་འདི་དད་པ་ཤིན་ཏུ་ཆུང་མཐོ་འགྲོགས་ཆེ་ལོངས་སྤྱོད་ཆུང་སེར་སྣ་ཆེ་གཏོང་ཕོད་ཆུང་ཞུ་ཕོད་ཆེ་ཆོས་མཐོང་ཆུང་རང་མཐོང་ཆེ་བ་མང་འདུག །ཁྱེད་རྣལ་འབྱོར་པ་ཤ་མ་ཅིག་འདུག་ངའི་གྲྭ་པ་བགྱིས་ལས་ང་བླ་མར་ཁུར་དང་ང་ལ་གདམས་ངག་ཡོད་ཀྱི་ང་བུ་མང་གསོ་དགོས་པས་འབུལ་བ་མེད་དུ་མི་རུང་ང་རང་གཅིག་པུར་ཡིན་ན་གང་ལྟར་

(༢༧༡)བྱེད་ཀྱང་ལས་སླ་དེ་གསུང་པས། ཡང་མགུར་འདི་ཕུལ་ལོ། ༈ །རྗེ་བླ་མའི་ཞབས་ལ་གུས་ཕྱག་འཚལ། །དད་དང་མཁས་དང་བཙུན་དང་གསུམ། །འདི་གསུམ་སེམས་ཀྱི་སྲོག་ཤིང་ལགས། །བཙུགས་ན་བརྟན་ལ་འཛེག་ན་བདེ། །སྲོག་ཤིང་མཛད་ན་དེ་ལ་མཛོད། །ཆགས་མེད་སྣང་མེད་དམིགས་མེད་གསུམ། །འདི་གསུམ་སེམས་ཀྱི་གོ་ཆ་ལགས། །རྒྱུ་དང་རྐྱེན་གྱི་མདས་མི་ཕིགས། །གོ་ཆ་མཛད་ན་དེ་ལ་མཛོད། །སྒོམ་དང་བརྩོན་འགྲུས་སྲན་ཚུགས་གསུམ། །འདི་གསུམ་སེམས་ཀྱི་རྟ་ཕོ་ལགས། །བྲོས་ན་ཐར་ལམ་དགོངས་པ་སྙོགས། །རྟ་ཕོ་མཛད་ན་དེ་ལ་མཛོད། །རང་རིག་རང་གསལ་རྟོག་མེད་གསུམ། །དེ་གསུམ་སེམས་ཀྱི་འབྲས་བུ་ལགས། །བཏབ་ན་སྨིན་ལ་ཟ་ན་བཅུད། །འབྲས་བུ་མཛད་ན་དེ་ལ་མཛོད། །སེམས་དོན་བཅུ་གཉིས་བྱ་བ་ཡིན། །ཤེས་རབ་མཚོན་ཆེན་ཁོང་ནས་མཆིས། །ཆོས་བྱེད་ཀུན་ལ་དེ་རྣམས་གཅེས། །དེ་རྣམས་འཛོམ་པ་བརྒྱ་ལ་འགའ། །ཞེས་ཞུས་ནས་ཡང་ཡར་ལུངས་ལ་བྱོན་པས་ཉིན་གུང་ཙམ་ལ་གད་པ་སྟེངས་བྱ་བར་ཕེབས་པས། ར་ཤེར་སྣང་རང་ཡུལ་ལ་ཆོས་ཞུ་བའི་ཡོན་གསེར་ལེན་དུ་སོང་། བླ་མ་ཉིད་ཀྱིས་གྲོང་སེབ་ན་ཕར་ཉི་མ་ཚ་བས་ཞལ་སྐྱེམས་པའི་ཉམས་ཤིག་བྱུང་

(༢༧༢)བས་སྐྱེམས་ཤིག་འཚོལ་བ་ལ་བྱོན་པས་སྤྲང་ཁ་ཤིན་ཏུ་རིང་བ་གཅིག་གི་ཕུག་ན་སྒོ་ཅིག་འདུག །དེར་སྒོ་བར་ལ་གཟིགས་པས་ཆང་མ་གཉིས་ཀྱི་བར་ན་བཀའ་གདམས་པའི་བཙུན་པ་གཉིས་བསྡད་ནས་ཆང་ལ་ཧུབ་སྐོར་བྱེད་ཀྱིན་འདུག་པས་གཟིགས་པས། ཐུགས་ཤིན་ཏུ་སྐྱོ་བར་གྱུར་ནས་མ་བཟང་སངས་རྒྱས་བསྟན་པའི་སྒོར་ཞུགས་འདུལ་བའི་སླབ་པ་ནོད་ནས་བག་མེད་པའི་སྤྱོད་པ་བྱེད་ལུགས་འདི་སངས་རྒྱས་བསྟན་པའི་ཞབས་འདྲེན་དུ་འགྲོ་བ་འདུག །འོན་ཀྱང་ཕན་ཐོགས་པ་ཡོང་སྲིད་དགོངས་ནས་ནང་དུ་ཚངས་ཀྱི་བྱོན་པས་ཆང་མ་གཅིག་གིས་ཆང་སྤུས་མོའི་འོག་ཏུ་སྦས། གཅིག་བླ་མ་ལ་འབར་དུ་བྱུང་བས་བླ་མས་ཁྱོད་རང་ང་ལམ་འབར་བ་ཁྱེད་རང་ཐམས་ཅད་ངའི་གླུ་འདི་ལ་ཉོན་དང་གསུང་ནས་མགུར་འདི་གསུངས་སོ། ༈། བླ་མ་དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སྤྲང་བདག་ལ་ཐུགས་རྗེ་སྤྱན་གྱིས་གཟིགས། །ཤཱཀྱ་ཐུབ་པའི་བསྟན་པའི་སྙིགས་མ་ལ། །བསླབ་པ་དངོས་བླངས་འདུལ་ཁྲིམས་ལྐོག་ཏུ་བཞག །ཚུལ་ཆོས་དངོས་སུ་སྟོན་པའི་རབ་བྱུང་འདི་རྣམས་ལ། །ཐུགས་རྗེས་གཟིགས་དང་བྱམས་མགོན་ཐུགས་རྗེ་ཅན། །པུ་ཏི་མང་པོ་ཉན་བཤད་བྱས་ལགས་ཀྱང་། །རང་གི་སེམས་ཀྱི་མཚན་ཉིད་མ་རྟོགས་པར། །ཁྲུ་ཏ་ཤིང་ལྟར་ནེ་ཙོ་ཁ་བཤད་

(༢༧༣)མཁན། །སྟོན་པ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །མི་ཚེ་རི་ལ་བསྡད་ནས་བསྒོམས་ནའང་། །བླུན་སྒོམ་སྟེངས་པོས་སྦོམ་ཡོར་སྐྱེད་མེད་ཅིང་། །བསྒོམ་སྒྲུབ་བྱས་ཀྱང་རང་རྒྱུད་གསེ་ལྟར་རེངས། །འབད་པ་དོན་མེད་བསྒོམ་ཡུས་ཆེར་སྨྲ་བའི། །སྒོམ་ཆེན་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །ནང་གི་རྣམ་རྟོག་དབང་དུ་མ་འདུས་པར། །ཕྱི་ཡི་སྤྱོད་པ་ཐོ་ཅོ་གཅེར་རྒྱུགས་བྱེད། །རིག་པ་གཅེར་བུ་མཚན་མའི་གོས་ཀྱིས་བསྟུམས། །དད་ལྡན་སུན་འབྱིན་ཟོག་པོ་ཁྱི་དཀྲོག་མཁན། །རྣལ་འབྱོར་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །བྲག་ཕུག་ཞྭ་ལྟར་གྱོན་ནས་སྒྲུབ་པོ་སྐད། །ཡི་དམ་མི་བརྟེན་འགོང་པོ་བརྟེན་བསྒྲུབ་བྱེད། །རྫས་ངན་བསྲེགས་པས་ཕྱི་ནང་རང་རྒྱུད་ཚིག །ཤི་ནས་འདྲེ་རུ་སྐྱེ་བའི་སྒྲུབ་ཐབས་མཁན། །སྔགས་པ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །མི་མཐུན་ཆགས་ཆེ་ཕྱི་ལ་སྒྱུར་རོ་སྐད། །ཟང་ཟིང་མདུན་དུ་བསགས་པས་ལྟས་ངན་དངོས། །འོ་དོད་བོས་ཀྱང་དོན་གོ་སྣ་གཅིག་མེད། །ལྟ་ལོག་སྤྱོད་ལོག་སྣང་གཤེན་མུ་སྟེགས་མཁན། །བོན་པོ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །ངན་དང་གཡོ་སྒྱུས་རང་དོན་ཡན་པར་བཏང་། །ཁྲམ་དང་ཧམ་བས་གཞན་གྱི་དོན་ལ་འབད། །མནའ་ལ་ཟས་བྱས་

(༢༧༤)ལ་ཡོགས་འཕྲལ་དུ་བྱུང་། །སྡིག་སྒྲིབ་ལྐོག་བསགས་མགུ་མཁན་མི་གཅིག་མེད། །གཙོ་བོ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །རང་འདོད་ཁོང་དུ་བཅུག་ནས་གཞན་དོན་སྐད། །ཚ་གྲང་ནད་ངོ་མ་ཕྱེད་སྨན་ལོག་གི། །མི་གཅེས་དག་ལ་ཁོང་ངན་ལག་ཡང་བྱེད། །བྱམས་སེམས་མེད་པའི་གཤིན་རྗེ་ལག་དམར་མཁན། །ལྷ་རྗེ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །རང་སྲོག་འབེན་དུ་བཙུགས་ནས་གཡོག་བྱས་པས། །འབར་ལྟག་བྱུང་ཡང་ཤི་ནས་གཏམ་སྙན་འདོད། །གྲགས་ལོ་ཅིག་ལ་རང་མགོ་མི་ལ་སྐྱེལ། །ཞེ་སྡང་དབང་གིས་དམྱལ་བའི་གཏིང་རྡོར་འགྲོ། །ཧོར་འདྲ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །བཟའ་འཚོ་ཁྱིམ་གང་ནང་ནས་རང་གཅེས་ཀྱང་། །ཕན་དུ་རེ་ནས་སྡིག་པ་དགོས་ཁུར་བསོག །ཕན་པའི་དགེ་བ་ངག་ལ་འགེགས་ཤིང་བྱེད། །ཁྱི་མོ་ཆང་མ་ལྟ་བུའི་སེར་སྣ་ཅན། །བུད་མེད་རྣམས་ལ་ཐུགས་མགོན་ཐུགས་རྗེས་གཟིགས། །འཇུག་པའི་སྔ་མ་སྨིན་པའི་ཕྱི་མ་བྱེད། །སྐལ་ཐག་རེམ་ལ་དུག་པོ་གཞན་ལས་ཧྲུལ། །དགོས་པའི་ཆོས་མེད་རི་ཀླུངས་བང་ཆེན་བྱེད། །སྨྲ་མཆུ་མང་བས་ཡོན་མཆོད་དཀྲུགས་ཤིང་མཁན། །བཙུན་མ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །མི་ལུས་ཐོབ་ནས་ཆོས་ལ་མི་བསམ་བར། །མེ་

(༢༧༥)ལོང་ཁྱེར་ནས་བྱད་ལ་ཕྱི་བདར་བྱེད། །སྙིང་དུ་ཁྱོ་བསམ་རྒྱབ་ཏུ་ཕ་མ་བསྐྱུར། །དོན་གོ་མེད་པའི་སྲིན་མོ་རང་རྩིགས་ཅན། །དམན་ཤར་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །ལས་སུ་བུ་བསྐྱངས་ཤགས་ངན་སྣ་མང་འདྲེན། །མགོ་བོ་དཀར་ཡང་འཆི་སྙམ་ཡིད་ལ་མེད། །སྦྱིན་ལ་མ་གོམས་ལག་པ་སྒོ་བས་དམ། །བསོད་ནམས་ཟད་པའི་ཡི་དགས་མགོ་དཀར་མ། །རྒན་མོ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །ཕ་དང་མ་ཡི་གཅེས་པར་བསྐྱངས་ན་ཡང་། །བསླབ་པས་མི་ཉན་ཚུར་ལ་སྡུག་ཡུས་བྱེད། །བོངས་ལུས་རྫོགས་ནས་ཕ་མ་བརྡུང་བྱེད་པའི། །འགོང་སྤྲུལ་ལན་ཆགས་བསམ་བླག་སྣབས་ལུག་མགོ། །བྱིས་པ་རྣམས་ལ་བྱམས་མགོན་ཐུགས་རྗེས་གཟིགས། །བླ་མ་དུས་གསུམ་སངས་རྒྱས་ཐུགས་རྗེ་ཅན། །རས་པ་བདག་ལ་ཐུགས་རྗེས་བྱིན་གྱིས་རློབས། །ཁྱེད་འདིར་བཞུགས་ཀྱི་དམན་བཙུན་ཡ་བཞི་པོ། །མི་རས་པའི་གླུ་དེ་སེམས་ལ་ཞོག །ཞལ་ཆོས་ལ་བསྒྱུར་ན་དོན་ཆེན་འགྲུབ། །མི་ང་ཟེར་ཉན་ན་བཀྲ་ཤིས་འབྱུང་། །ཞེས་གསུངས་པས་དེ་ན་འདུག་པའི་སྟོན་པ་དེ་གཉིས་དང་ཆང་མ་གཉིས་དེ་ཁོང་རྣམས་ཤིན་ཏུ་དད་པར་གྱུར་ཅིང་ཁྱེད་རང་བདེན་ཟེར་ནས་བླ་མ་ལ་དབང་དང་བྱིན་རླབས་མང་དུ་

(༢༧༦)ཞུས་པས། བླ་མས་གདམས་ངག་གནང་བསྒོམ་དུ་བཅུག་པས་རས་ཀྱང་ཐུབ་པའི་རྣལ་འབྱོར་ཕོ་བཞི་བྱུང་པས་ངོ་མཚར་བའི་སློབ་མར་གྱུར་ཏོ། །དེ་ནས་རྗེ་རས་ཆུང་པས་ཡར་ལུངས་ཀྱི་ཁབས་བྱེ་ཆུང་བྱ་བ་ན་ཡར་བསོད་སྙོམས་ལ་བྱོན་པས་ཕོ་བྲང་སྐྱོར་ལྡེམ་བྱ་བ་ན་བྱེ་ཆུང་བརྩད་པོའི་མཁར་མཐོ་ལ་བཙན་པའི་སླར་ཙམ་དཀར་པོ་ཞིག་འདུག་པའི་སྒོ་རྩ་ན་ཡར་བྱོན་སྦ་མཁར་གྱིས་སྒོ་བརྡུང་ཞིང་དབྱངས་འཐེན་པས། དེ་ན་ལྷ་ལྕམ་ལྡེམ་བུ་བྱ་བ་ཡབ་རྒྱལ་པོའི་བསྙུན་གཡོག་བྱེད་ཅིང་ཡོད་པ་ལས་ཕྱི་སྒོའི་ནང་སླ་གཡེལ་ན་མཛོ་མོ་བཞོ་བཞིན་ཡོད་པ་ལས་མཛོ་མོ་འགྲོགས་མོ་རང་བཞོ་སྟེགས་ཁ་ནས་ས་ལ་ལྷུང་བས་མོ་དད་པ་ལོག་སྟེ་རྣལ་འབྱོར་པ་ཡི་རོ་འབྱོར་པ་རོ་འབྱོར་བ་ཡི་རྟོགས་འབྱོར་པ་དབྱར་ཁའི་དུས་སུ་དཀར་སྤྲང་བྱེད། དགུན་གྱི་དུས་སུ་སྐྱུར་སྤྲང་བྱེད། ནམ་ཟླ་དུས་བཞི་མེད་པར་འཁྱམ་པ་འདི་ཚོ་ཟེར་ནས་ས་སྤར་གང་ཁྱེར་ནས་སྒོ་ཕྱེ་དེ་གཏོར་བསམ་ཡོངས་པ་ལ། སྒོ་ཕྱེ་བས་རས་ཆུང་པའི་སྐུ་གང་ནས་བལྟས་ཀྱང་ལེགས་པ་ལྷ་སྐུ་འདྲ་བ་དེ་མཐོང་བས་སྔར་གྱི་ཞེ་སྡང་ཞི་ནས་དད་པ་ལྷང་པ་ཞིག་སྐྱེས་ཏེ་ཁྱེད་གང་ནས་བྱོན་གང་དུ་འབྱོན་ཁྱེད་རང་ཇི་སྐད་བྱ་བ་ཡིན་ཟེར་ནས་དྲི་བ་ཞིབ་ཏུ་བྱེད་ཅིང་། དབུ་ཞབས་ཀྱི་བར་ཐམས་ཅད་ལ་ལེགས་པར་བལྟ་བ་ལ། བླ་མ་རས་ཆུང་པས་ང་རྙ་ནང་

(༢༧༧)ཕྱོགས་ནས་འོངས་པ་ཡིན། བླ་མ་མི་ལ་རས་པ་ད་རང་རས་ཆུང་རྡོ་རྗེ་གྲགས་པ་བྱ་བ་ཡིན་པ་འདི་ཚོར་བསོད་སྙོམས་འདྲ་བྱས་ནས་བླ་མ་ཞིག་ལ་ཆོས་ཞུ་བའི་ཡོན་འདྲ་བྱེད་བསམ་པས་ལྷ་ལྕམ་ཁྱོད་ཀྱིས་འབུལ་བ་ཞིག་བྱེད་དགོས་གསུངས་པས། ལྷ་ལྕམ་གྱི་ཞིབ་དངུལ་སྡེར་གང་བླངས་ནས་སྣོད་དང་བཅས་པ་ཕུལ་ཏེ། བླ་མ་རང་འདིར་རེ་ཞིག་བཞུགས་པ་ཞུ་ངས་ཡབ་ལ་ཞལ་ཞིག་ཞུས་ཡོང་གི་ཟེར་ལྷ་ལྕམ་ནང་དུ་ཡར་ལོག་ནས་ཡབ་སྐྱོར་ལྡེམ་བརྩད་པོའི་དྲུང་དུ་སོང་སྟེ་ཡབ་ལ་རང་རེའི་སྒོ་དྲུང་ན་རྣལ་འབྱོར་པ་རས་ཆུང་སྒོམ་བསྒོམས་འདྲ་བ་བསྒྲུབ་པ་བྱས་བྱས་འདྲ་བ་ཡ་མཚན་ཆེ་བ་ཞིག་བསོད་སྙོམས་ལ་ཕེབས་འདུག་ནང་དུ་གདན་དྲངས་རང་རེའི་བླ་མཆོད་ཞུས་ན་ཡབ་ཀྱི་བསྙུན་གཞི་འདི་ལ་ཕན་པ་ཅིག་ཨེ་ཡོང་ཞུས་པས། ཡབ་བརྩད་པོ་ན་རེ་མདང་ང་ལ་རྨི་ལམ་བཟང་པོ་བྱུང་ཡ་མཚན་ཆེ་བར་ཡོད་སྲིད་པས་ནང་དུ་གདན་དྲོངས་བསོད་སྙོམས་གང་བཞེས་པ་གཅིག་ཕུལ་ཞིག་ཟེར། དེར་ལྷ་ལྕམ་གྱིས་བླ་མའི་དྲུང་དུ་ཡོངས་ཏེ་བླ་མ་ཁྱེད་ཀྱིས་ཕན་ཆ་འདྲ་ཨེ་མཁྱེན་ངེད་ཀྱི་ཡབ་བརྩད་པོ་སྐུ་ཅུང་མ་སྙོམས་པས་ཐབས་ཤིག་ཀྱང་ཞུ། ནང་དུ་ཕེབས་ནས་ཕན་ཆ་མཛད་ན་ཞབས་ཏོག་དང་འབུལ་བ་གང་བཞེས་འབུལ་ཟེར་ནས་ནང་དུ་གདན་དྲངས་སོ། །བླ་མ་རས་ཆུང་པས་ཕན་ཆ་ཡང་དུམ་དུམ་ཤིས་གསུངས་

(༢༧༨)ནས་ནང་དུ་བྱོན་ཡབ་བརྩད་པོ་དང་མཇལ་ནས་བརྩད་པོ་ན་རེ་བླ་མ་ཁྱེད་ཀྱི་གང་ནས་བྱོན་ཟེར། བླ་མས་ངས་རྙ་ནང་གྲོད་ཕུག་བྱ་བ་ནས་ཡོངས་གསུངས་པས། ཡབ་བརྩད་པོ་ན་རེ་གནས་དེ་ཕྱོགས་ན་རས་ཆེན་དང་རས་ཆུང་བྱ་བའི་བླ་མ་གཉིས་བཞུགས་ཟེར་ཁྱེད་གང་གི་གྲྭ་པ་ཡིན་ཟེར། དེར་བླ་མ་རས་ཆུང་པས་བླ་མ་རས་ཆེན་བྱ་བ་དེ་རྗེ་མི་ལ་རས་ཆེན་ཞེས་གྲུབ་ཐོབ་རྩོད་བ་མེད་པར་ཡོངས་སུ་གྲགས་པ་དེ་ཡིན་དེ་ངའི་བླ་མ་ཡིན། ང་རས་ཆུང་པ་ཞེས་བླ་མའི་ཐུགས་སྲས་ཡིན་གསུངས་པས། བརྩད་པོ་ན་རེ་འོ་ན་ངའི་བསོད་ནམས་ལ་སྙན་པ་ཐོས་ནས་ཡུན་རིང་སྟེ་གདན་དྲངས་ན་ངས་མི་འདྲོངས། ད་བླ་མས་བདག་ལ་ཐུགས་རྗེས་བཟུང་བདག་ལ་ནད་ཆེན་པོ་གཅིག་གིས་བསྐོར་ནས་སྡུག་བསྔལ་བ་ཡིན། མོ་རྩིས་གང་བྱས་ཀྱང་བླ་མ་རྟོགས་ལྡན་ལ་བྱིན་རླབས་ཞུས་ན་ཕན་ཟེར་བ་བྱུང་བས་ད་ལན་ཁྱེད་ཕེབས་པ་ཐུགས་རྗེས་བཟུང་། ད་ང་ཡི་ནད་འདི་གྲག་པ་ཞིག་བྱུང་ན་ཁྱེད་ཅི་མཉེས་པའི་ཞབས་ཏོག་བྱེད་ཟེར། དེར་བླ་མ་རས་ཆུང་བས་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་དང་ཇོ་མོ་ཚེ་རིངས་མའི་བྱིན་རླབས་དང་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་བྱས་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་རིགས་གཏད་བཟླས་ལུང་གནང་ཞིང་བསྙེན་པ་བྱས་པས་ཞག་བདུན་ན་ཡབ་བརྩད་པོ་ནད་ལྷག་མ་མེད་པར་སོས། དེར་བརྩད་པོ་ཤིན་ཏུ་མོས་ནས་ང་ལ་བུ་མེད་པས་ངའི་མངའ་རིས་ནོར་རྫས་ཐམས་ཅད་བླ་མ་

(༢༧༩)ཁྱེད་ལ་འབུལ་བས་བུ་མོ་ལྷ་ལྕམ་དང་བཅས་པ་ཐམས་ཅད་བཞེས་པར་ཞུ་ཟེར་ནས་ཕོ་བྲང་སྐྱོར་ལྡེམ་དང་བུད་མེད་ཀྱི་ལུས་བླངས་པ་ལ་ལྷ་ཅིག་ལས་མཛེས་པ་མེད་པས་དེ་དང་མངའ་རིས་ཐམས་ཅད་ཕུལ་བས། བླ་མ་རས་ཆུང་པས་ཀྱང་དེ་ཐམས་ཅད་སྐྱོང་པར་ཞལ་གྱིས་བཞེས་སོ། །དེ་ནས་དེ་དང་གཞན་ཡང་ཡར་ལུངས་ཕྱོགས་སུ་ཆོས་ཞུ་བ་མང་ཞིང་སྐུ་བསོད་ཆེ་བས་ལོངས་སྤྱོད་ནི་མཐའ་ཡས་པ་བྱུང་སྟེ། ནས་ཁལ་བརྒྱ་གསེར་སྲང་གང་སྣམ་བུ་བཟང་པོ་ལྔ་ཕྲུག་ཐུལ་བཟང་པོ་གཅིག་དང་གཞན་ཡང་འབུལ་བ་དང་མཆོད་རྫས་མང་དུ་ཁྱེར་ནས་སུམ་འཕྲེང་དུ་འབྱོན་གྲབས་མཛད་ཚེ་བྱར་ནས་ཉེ་གནས་རིན་ཆེན་གྲགས་ཀྱང་མཆོད་རྫས་འབུལ་བ་ཁྱེར་ནས་སླེབ་བྱུང་པས་དཔོན་སློབ་ལྷན་དུ་འབུལ་བ་རྣམས་ཁྱེར་ནས་སུམ་འཕྲེང་དུ་བྱོན་པས། བླ་མ་བལ་པོ་ཉིད་གདུལ་བྱ་གཞན་ཡང་ཆེ་བར་འདུག་པས་ཅུང་ཟད་ཙམ་འགྱངས་པར་བྱུང་དེ་ནས་བླ་མ་ལ་འབུལ་བ་རྣམས་བགྱིས་ནས་གདམས་ངག་རྣམས་ལྷག་མ་མེད་པར་ཞུ་ཞུས་པས། བླ་མ་བལ་པོས་ཀྱང་དཀར་ཁྲིད་བཅུ་གསུམ་ནག་ཁྲིད་བཅུ་གསུམ་དམར་ཁྲིད་བཅུ་ཐམས་པ་ལ་སོགས་གདམས་ངག་མང་དུ་གནང་བྱུང་ཡང་བཤད་པ་ཕལ་ཆེ་བས་སྒྲིབས་པས་དོན་དམ་པ་ཉམས་སུ་ལེན་མ་བདེ་བས་ཅུང་མ་མགུ་ནས་ཡང་མཆོད་པ་དང་ཚོགས་གཏོར་

(༢༨༠)བཟང་དུ་བཤམས་མཎྜལ་གྱི་འབུལ་བ་ཡང་གསེར་ལ་སོགས་མང་རབ་གཅིག་ཕུལ་ཏེ་ང་བླ་མ་མི་ལའི་དྲུང་ན་ཡོད་དུས་འདི་ལྟར་ཡོད་པ་ཡིན་ཞུས་ནས་ཉམས་ཚད་བལྟ་བའི་མགུར་འདི་ཕུལ་ལོ།། །།ཕ་བླ་མ་རྗེ་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརློབས། །ང་དང་པོ་ལྟ་བའི་གནས་ལུགས་གོ། །བར་དུ་སྒོམ་པའི་ཉམས་ལེན་ཤེས། །མཐའ་མར་སྤྱོད་པའི་གདེང་དང་ལྡན། །དེ་བླ་མ་མི་ལའི་བཀའ་དྲིན་ཡིན། །ལྟ་བ་སྣང་སྟོང་བརྗོད་བྲལ་དེ། །ད་ལྟ་སྤྲོས་པའི་བྱ་སྤུ་འཐོར། །སྒོམ་པ་བདེ་གསལ་རྟ་ཕོ་དེ། །ད་ལྟ་བྱིར་རྒོད་མཐའ་ལ་ཚུད། །སྤྱོད་པ་གཟུང་འཛིན་ཀུན་བྲལ་དེ། །ད་ལྟ་ཆོས་བརྒྱད་ལ་ལ་འཇོག །འབྲས་བུ་རང་གསལ་སྒྲོན་མེ་དེ། །ད་ལྟ་རེ་དོགས་ཐང་ལ་འཁྱམ། །ཁྱེད་གདམས་ངག་ཡོངས་ཀྱི་ལྡེ་མིག་ཡིན། །གདམས་པ་རྣམས་ཀྱི་གསང་བའི་མཛོད། །ས་ར་ཧ་ནས་བརྒྱུད་པ་ཡི། །མཻ་ཏྲིའི་ཐུགས་ཀྱི་སྒྲོན་མེ་ཞུ། །ཞེས་ཞུས་པས། བླ་མ་ཞལ་རས་ནག་གཏིང་གི་སོང་ཡང་ཞལ་ནས་ཞག་ཁ་ཤས་སྡོད་དང་གདམས་པ་ཡོད་ཀྱི་གསུང་དེ་ནས་བླ་མ་སྐུ་མཚམས་ཞག་བཅོ་ལྔ་མཛད། དེ་དུས་ཇོ་མོ་ལ་བསླབ་ནས་རྣལ་འབྱོར་པ་དཔོན་སློབ་ལ་སྡོད་བགྱིས་གསུངས་ནས། དེའི་བར་དུ་བླ་མའི་གྲྭ་པ་གསུམ་སྡེ་ཟེར་བ་ཞབས་ཏོག་ཅན་དུ་གྲགས་པ་ཅིག་འདུག་པ་ལ་བླ་མ་ལ་ཆེ་བའི་

(༢༨༡)ཡོན་ཏན་ཅི་ཡོད་འཁྲུངས་པའི་ཡུལ་དང་གདམས་པ་གསན་ལུགས་རྣམས་གང་ལྟར་ཡིན་ཞིབ་ཏུ་དྲིས་པས་སློབ་མ་དེ་ན་རེ། བླ་མ་བལ་པོ་འདིའི་དང་པོར་མེས་པོ་ནི། སྔོན་རྒྱ་གར་གྱི་ཡུལ་ནས་རྒྱལ་པོ་ཤ་ག་དེ་བའི་རིགས་ལ་རྗེའུ་རིགས་ཀྱི་པཎྜི་ཏ་ཆེན་པོ་སློབ་མ་མང་པོ་དང་བཅས་པ་ཅིག་བལ་ཡུལ་དུ་བྱོན་ནས་བལ་པོ་བྷ་རོ་རྣམས་ཀྱི་མཆོད་གནས་མཛད། པཎྜི་ཏའི་བརྒྱུད་པ་བླ་མ་དམ་པ་ཞིག་ཡིན་པར་འདུག་དེའི་བུས་ཡོན་ཏན་མ་བསླབ་པས་བྷ་རོའི་གཡོག་པོར་གྱུར་པ་དེའི་བུ་ཡིན་ཏེ། བླ་མ་དམ་པ་སྐུ་གཞོན་པའི་དུས་སུ་ཡོན་བདག་ཀེ་ཤོ་བྷ་རོའི་མཛོད་པ་མཛད་པའི་དོན་དུ་རྒྱ་སོ་ཁ་ཚུན་དང་མང་ཡུལ་མན་གྱི་ཚོང་ཟོང་བསླང་ནས་བདག་པོ་བྷ་རོ་ལ་ཕུལ་བས། བྷ་རོ་དགའ་སྟེ་ངས་ཁྱོད་ལ་ཁྱིམ་ཡང་འབུགས་ཁབ་ཀྱང་ལེན་ཟེར་བ་ལ་ཨ་སུས་བདག་ལ་ཁྱིམ་མི་འཚལ་ཆོས་འདོད་པས་ཆོས་ལ་བཏང་བར་ཞུ་བྱས་པས་བྷ་རོས་ཀྱང་གནང་སྟེ། དང་པོར་བལ་པོ་ཛ་ཧ་ཀུ་ལ་ཤཱནྟི༚་བྷ་ཏྲར་གྲགས་པའི་པཎྜི་ཏ་དེ་ལ་དགྱེས་རྡོར་རྒྱུད་ལ་མཁས་པར་བསླབས། ཤེས་རབ་འགྲེལ་ཆུང་དང་དོ་ཧ་ཞུས་པས་མཁྱེན། །ཡོན་བདག་གི་མཆོད་གནས་ཡང་མཛད། དེ་དུས་ཆུ་བོ་གངྒ་ཚུན་ལ་བླ་མ་དེ་བཟང་བ་ཡིན་གསུང་། དེ་ནས་མང་ཡུལ་དུ་བྱོན་ནས་ཕར་བལ་པོ་ལ་གཤེགས་ཁར་མང་ཡུལ་བ་རྣམས་ཀྱི་འདི་ཡོན་བདག་ཀེ་ཤོ་བྷ་རོའི་

(༢༨༢)ཐུགས་གཅེས་པ་ཡིན་བྱས་པས། བོད་སྟོན་མཁས་པ་དགའ་སྟོན་དང་ཤེས་སྟོན་བྱ་འབར་བྷ་བན་ཆོས་འབར་འབྲོག་མི་ཇོ་སྲས་ཟ་རག་ཐོས་པ་དགའ་སྒྲོ་འབུམ་ས་འབར་ལ་སོགས་པ་བོད་སྟོན་ཆེན་པོ་བཅུ་གཅིག་དང་། །གཞན་ཡང་བཙུན་པ་བཅོ་བརྒྱད་ཙམ་གྱིས་བླ་མ་ལ་ཕན་དར་ཡུག་གཅིག །རེ་རྣམ་གཅིག་གསེར་ཞོ་གང་རྣམས་ཕུལ་ནས་ལམ་གྲོགས་དང་རྒྱ་བལ་གྱི་གཉེར་ཁ་ཞུ་ཟེར་བས། ཁོང་རྣམས་ཁྲིད་དེ་བལ་པོར་བྱོན་བལ་པོ་ན་གྲོང་ཁྱེར་ཆེན་པོ་བཞི་ཡོད་པའི། ཁོ་ཁོམ་དང་ཡང་འགལ་དུ་རྒྱ་བོད་གཉིས་ཁ་མི་འབབ་ཡམ་བུར་བོད་འབབས་ཡེ་རང་དུ་རྒྱ་འབབས་པས། བོད་སྟོན་རྣམས་ཀྱིས་ཟོང་དོང་རྩེར་བསྒྱུར་བ་ལ་བོད་ཁ་ཅིག་ཁྲིད་ནས་ཡེ་རང་དུ་བྱོན་པས། དེ་ན་པཎྜི་ཏ་ཆེན་པོ་དབུ་སྐྲ་དང་སྨར་དཀར་པོ་ཅན་ཞིག་དང་མཇལ་བས་པཎྜི་ཏ་ལ་ཕྱག་མཛད་ནས་བླའོ་ཞུས་པས་བླ་མའི་ཞལ་ནས་བོད་རྣམས་ཅི་ལ་དགའ་གསུང་མངར་བ་ལ་དགའ་ཞུས་པས་བུ་རམ་གྱི་ཤིང་སྦྱིན་ནས་བོད་རྣམས་ཀྱི་འཆས་འཆས་བྱས་ཟོས་པས་བླ་མ་ཤིན་ཏུ་དགྱེས་སྐད། མཚན་ཞུས་པས་བཛྲ་པཱ་ཎི་ཧཱུྃ་ལ་གསུང་དེ་ཐད་ཀར་བསྒྱུར་མ་བདེ་བས་བོད་ཀྱི་ལྷ་དང་འདྲ་བར་བླ་མ་ཕྱག་ན་རྡོ་རྗེ་བྱ་བར་བྱུང་། དེར་བག་ཙམ་འགོར་བས་ཤུལ་ན་ཡོད་པའི་བོད་སྟོན་རྣམས་ན་རེ་ཁྱེད་རེ་འགོར་ཅི་བྱེད་ཅིང་བསྡད་ཟེར་ཡེ་རང་ན་རྒྱ་གར་གྱི་པཎྜི་ཏ་གཅིག་ཕེབས་འདུག་བ་དང་

(༢༨༣)མཇལ་བས་འགོར་བ་ཡིན་བྱས་པས། ཁོང་རྣམས་དགའ་སྟེ་ངེད་ཆོས་འཚོལ་བ་དང་པཎྜི་ཏ་ཕེབས་པ་དུས་འཛོམ་པ་དེ་བཟང་དངོས་གྲུབ་ཡིན་ད་ཁྱེད་ཀྱིས་པཎྜི་ཏ་ལ་ཞུ་བ་བགྱིས་ཟེར་ནས་ཞུ་བ་བྱས་པས་བླ་མ་ཕྱག་ནའི་ཞལ་ནས་ངའི་རིང་ལ་བོད་དུ་ཕྱག་རྒྱ་ཆེན་པོ་དར་བ་ཅིག་བྱེད། ཆོས་བཤད་ཀྱི་གསུང་ནས་གནང་ཉིན་ནས་ཆོས་གསུངས་ཏེ་བོད་སྟོན་རྣམས་ལ་ཆོས་གང་ལ་དགའ་གསུངས་པས་སེམས་ལ་བཞག་པའི་ཆོས་གཅིག་ཞུ་ཞུས་པས། བོད་ཀྱི་དད་པ་ལ་མཉེས་ཏེ་ཤེས་རབ་ཆུང་གསུང་། དེ་ནས་ལྐོག་ཏུ་སུ་ར་འཐུང་ངམ་གསུང་འཐུང་ཞུས་པས་སྦྱིན་ནས་བོད་སྟོན་རྣམས་ཆང་གིས་བཟི་བས་བླ་མ་གཞད། དེ་ནས་བླ་མ་ཨ་སུས་དོ་ཧ་ཞུ་བའི་གསོལ་བ་གཏབ་པས་བླ་མའི་ཞལ་ནས་མ་ནོར་བའི་ཆོས་དོ་ཧ་ཁྱོད་ཀྱིས་ཤེས་པར་བྱའི་གསུང་ནས་དོ་ཧ་གནང་། ལས་ཀྱི་ཕྱག་རྒྱ་སོགས་ཕྱག་རྒྱ་གསུམ་ལ་དཔེ་དོན་དྲུག་གིས་བསྐོར་བའི་གདམས་ངག་གསུངས་དུས་དེར་ལོ་ཕྱེད་དང་བཞི་ལ་ཆོས་སྡེ་གསར་མའི་སྐོར་གསུམ་ལ་སོགས་པ་ཆོས་ཚན་བཞི་བཅུ་ཞེ་བདུན་གསུངས་པས། །བླ་མ་ཨ་སུ་ཡང་བདེན་པ་གཟིགས་ཏེ་ཡང་དག་པའི་སྐྱེས་བུར་གྱུར་ནས་བླ་མ་རྒྱ་གར་དུ་གཤེགས་པའི་ཕྱག་ཕྱི་ལ་དུས་ཕྱིས་ཅིག་རྒྱ་གར་དུ་བྱོན་པས་པཎྜི་ཏའི་གླིང་དུ་ཚད་པས་སྙུན། བསྙུན་དངས་ནས་

(༢༨༤)ཤེའུ་ཤཱཀྱ་ཡེ་ཤེས་ཀྱིས་བསྐུར་བའི་མེ་ཏོག་ཀྱང་ཕུལ། བླ་མ་བལ་པོ་རང་གི་ལོངས་སྤྱོད་ཅི་ཡོད་པས་ཀྱང་བླ་མ་ཕྱག་ན་མཉེས་པར་བྱས་ནས་སྔར་གྱི་ཆོས་རྣམས་ཀྱི་གསལ་འདེབས་དང་། མཚན་བརྗོད་བདེ་མཆོག་དགྱེས་རྡོར་མ་ཧཱ་མ་ཡ་གསང་བ་འདུས་པ་རྣམས་ཀྱི་ཚིག་དང་ཉམས་ལེན་རིམ་པ་མང་དུ་གནང་། ཡན་ལག་བརྒྱད་པ་དང་དྷི་རི་ཤྲཱི་རི་དང་སྙན་སྒྲིལ་དང་མཇལ་བ་བརྩད་སྤྱོད་དང་། བེ་སྒྲུམ་སྔོན་པོ་ཆོས་སྡེ་བཅུ་གསུམ་སྤྲིངས་ཡིག་དང་བཅས་པ་ཆོས་ཚན་བདུན་ཤེའུ་སྟོན་པ་ལ་བརྫངས། བླ་མ་ཉིད་ལ་ཡང་གནང་ངོ་། །ཚུར་འབྱོན་ཁར་ཟླ་བ་བཅོ་ལྔ་ལ་ཆོས་སྡེ་དགུ་བཅུ་གོ་གཉིས་གནང་། དེ་ནས་ཁྱོད་ཀྱིས་ཆོས་འདི་རྣམས་ཉམས་སུ་ལོང་གཞན་ལ་ཡང་ཕན་ཐོགས་པར་གྱིས་གསུང་། སྤྱོད་ལམ་ཇི་ལྟར་བགྱི་ཞུས་པས་ཇི་ལྟར་བདེ་བ་བགྱིས་གསུང་ཆོས་བྱེད་ཅིང་བསྡད་ན་བདེ་འམ་ཞུས་པས་དེ་ལྟར་གྱིས་གསུང་། ང་བོད་དུ་འང་འགྲོ་ཞུས་པས་འོ་ན་ང་དང་མི་འཕྲད་དམ་གསུང་བདག་གིས་མོས་གུས་རྒྱུན་མི་འཆད་ཞུས་པས་ཞལ་འཛུམ་མཛད་བཤད་པ་ནམ་བྱེད་ཞུས་པས་ལོ་བཅོ་ལྔ་ཙམ་ནས་བགྱིས་གསུང་དོ་ཧ་ལ་འགྲེལ་པ་གཅིག་བགྱིད་དམ་ཞུས་པས་ཁྱེད་ཤེས་རབ་ཆེ་གསུང་། དེ་ནས་ཁྱོད་བོད་ལ་འགྲོ་ན་ང་ལ་དངོས་གྲུབ་འབྱུང་བའི་ཐོད་པ་གསུམ་ཡོད་པའི་ཐོད་པ་སྦྱང་འགུགས་འདི་ཁྱོད་

(༢༨༥)ལ་མི་མཁོ། རྗེའུ་རིགས་ཀྱི་ཐོད་པ་ཤིང་ཐོག་སྐྱེ་བ་འདི་ཡང་བོད་གྲང་པས་མི་དགོས། རྒྱལ་པོ་སྐྱེ་བ་བདུན་པའི་ཐོད་པ་འདི་ཁྱོད་ལ་ཕྱིས་སྦྱིན་གྱིས་ཚན་མ་ཐོབ་ལས་སོངས་གསུང་ནས་ཐོད་པ་ལ་མཚན་མའང་བཏབ། དེ་ནས་བླ་མ་ཨ་སུས་བོད་ལ་བྱོན་ནས་ལོ་བརྒྱད་ཙམ་ཚོང་བྱས་ལོ་དགུ་ནས་ཆོས་མང་དུ་བཤད་ཀྱང་སྐད་བྱང་པར་མ་བྱུང་བཅུ་གཅིག་བཅུ་གཉིས་ནས་སྐད་བྱང་པར་ཤེས་པས་བླ་མ་ལ་མངོན་ཤེས་འདུག་སྙམས་ངེས་ཤེས་སྐྱེས་བླ་མའི་བཀའ་རྒྱ་ལོ་གཉིས་མ་ཐེམས་པས་སྒྲུབ་བརྒྱུད་མ་ཚུགས་པ་དེས་ལན་པར་གདའ་སྐད། ཕྱིས་བླ་མ་ཕྱག་ན་གཤེགས་ནས་སྲས་ཀྱིས་རྒྱལ་བུ་སྐྱེ་བ་བདུན་པའི་ཐོད་པ་བླ་མ་ལ་བསྐུར་བྱུང་པ་ད་ལྟའི་ཐོད་པ་གསེར་མདོག་འདི་ཡིན། བླ་མས་ཀྱང་རྒྱ་གར་ལ་སྲས་ཀྱི་ཕྱག་ཏུ་ཐོད་པའི་ཡོན་གསེར་སྲང་གསུམ་བརྫངས་པ་ཡིན་ཟེར་འབྲོམ་སྟོད་དུ་བཞུགས་དུས་ཚོགས་པ་མང་དུ་སྐྱོངས་པས་སྤར་ཕུ་བ་བློ་གྲོས་སེང་གེ་ལ་སོགས་སློབ་མ་མང་པོ་བྱུང་། ད་ལྟ་ཡང་བརྒྱུད་པ་འཛིན་པ་རླུང་རོག་ཞང་གསུམ་མག་བ་སྒང་པ་སྐུད་པོ་ལོ་ལྔ་ལ་སོགས་པ་ཡོད་ཟེར། དེ་ནས་བླ་མས་བོད་ཀྱི་ཤེས་སྟོན་གམ་དུ་བྱོན། དེ་ནས་བྱང་འབར་ཅན་དུ་བྱོན་དེ་ནས་སུམ་འཕྲེང་དུ་བྱོན། དེ་ནས་རྒྱ་ལ་འབྱོན་དགོངས་ནའང་ཚོགས་པ་མང་པོ་འདུས་པས་ད་ལྟ་

(༢༨༦)ཁྲི་ཚོ་མང་པོ་ཡོད་པ་ཡིན་འདིར་ཇོ་མོ་འབྲོམ་བཟའ་འདི་དང་མཐུན་ནས་འདི་ལ་སྲས་གྲགས་པ་སེང་གེ་འདི་འཁྲུངས་པའི་ངོ་མཐོང་བས་རྒྱ་ལ་འབྱོན་པ་བཤོལ་བ་ཡིན་ཟེར། དེ་ནས་སྨ་སྒོམ་ཆོས་ཀྱི་ཤེས་རབ་ཀྱང་བླ་མ་འདིའི་སློབ་མ་ཡིན། ཕག་མོ་དང་དོ་ཧ་འདི་ལ་སློབ་མ་མང་པོ་ཡོད་ཟེར། བྱེ་མ་ལུང་གི་རོ་སྒོམ་དང་སྒོམ་ཀ་བཞི་པ་དང་དྲབ་ཀྱི་སྒོམ་ཚོ་དང་ཀླུས་སྟོན་རྡོ་རྗེ་བླ་མ་ལ་སོགས་པ་མི་ཆེན་མང་པོ་བུ་སློབ་ཏུ་ཡོད་ཟེར། དུས་ཕྱིས་བླ་མ་འདི་ལ་རིགས་ཀྱི་སྲས་གྲགས་པ་སེང་གེ་དང་། ཆོས་ཀྱི་གྲགས་པ་ཞེས་བྱ་བ་དོ་ཧ་དང་ཕྱག་རྒྱ་ཆེན་པོ་ལ་མཁས་ཤིང་གྲུབ་པ་གཉིས་དང་། ཨིནྟུ་དང་དབང་དེ་བྱ་བ་གཉིས་ཏེ་སྲས་བཞི་སྲས་མོ་གསུམ་བྱུང་སྟེ། ལྕམ་སྲིང་བདུན་བྱོན་པ་ཡིན་ནོ་ཟེར། དེ་ནས་བླ་མས་ཟླ་བ་ཕྱེད་པའི་མཚམས་གྲོལ་ནས་གྲྭ་པ་ཐམས་ཅད་བསགས་ཏེ་ཚོགས་འཁོར་ཞིག་གནང་ཞིང་ཁྲི་ཆེན་པོའི་སྟེང་དུ་བཞུགས་བླ་མའི་ཞལ་ནས་འདི་སྐད་གསུང་། ༈ །སྣང་བ་འཇའ་ཚོན་ལྟ་བུ་ལ། །སྤྱོད་པ་ཐབས་ཀྱི་ལྕགས་ཀྱུས་བཟུང་། །སྣང་སེམས་ཡུལ་ལས་འདས་པ་རུ། །སྒོམ་པ་བདེ་གསལ་རྟ་ཕོ་རྒྱུག །གཟུང་འཛིན་ཡུལ་ལས་འདས་པ་ཡི། །ལྟ་བ་སྣང་སྟོང་བརྗོད་མེད་དེ། །རེ་དོགས་གཉིས་དང་བྲལ་བ་ཡི། །འབྲས་བུ་རང་གསལ་ཉི་མ་འདེས། །ཡང་ན་དྲན་པའི་ཡུར་ཆུ་

(༢༨༧)ལ། །ཤུགས་འབྱུང་སྤྱོད་པ་མཉམ་པར་རྒྱུག །དྲན་མེད་ཆུ་བྲན་ལྟ་བུ་ལ། །སྒོམ་པ་བདེ་གསལ་སྐྱ་བས་བཟུང་། །སྐྱེ་མེད་གཙང་པོ་རབ་མེད་ལ། །ལྟ་བ་སྤྲོས་བྲལ་གྲུ་རྫིངས་ཐོང་། །བློ་འདས་རྒྱ་མཚོ་ཐུག་མེད་ལ། །འབྲས་བུ་ཡིད་བཞིན་ནོར་བུ་ལོང་། །ཡང་ན་དྲན་པ་སྣང་ཆ་སྟེ། །དྲན་མེད་སྣང་དང་བྲལ་བ་ཡིན། །སྐྱེ་མེད་སྤྲོས་དང་བྲལ་བའི་ཕྱིར། །བློ་འདས་བརྗོད་དུ་མེད་པར་བལྟོས། །ཅེས་གསུངས་དྲན་པ་དྲན་མེད་སྐྱེ་མེད་བློ་འདས་བྱ་བ་དེ་ཚོ་ལེགས་ལེགས་པོ་ཡིན་གསུང་། གཞན་ཡང་དོ་ཧ་སྐོར་གསུམ་དང་ངོ་སྤྲོད་ལྟ་བའི་བརྡ་སྐོར། མཉམ་གཞག་སྒོམ་པའི་བརྡ་སྐོར། །ལམ་ཁྱེར་སྤྱོད་པའི་བརྡ་སྐོར། མཐར་ཐུག་འབྲས་བུའི་བརྡ་སྐོར། སྙིང་པོ་ཡང་སྙིང་གི་བརྡ་སྐོར། ཐུན་མོང་སྤྱོད་པའི་བརྡ་སྐོར། ཁ་འཐོར་རྒྱབ་རྟེན་གྱི་བརྡ་སྐོར་རྣམས་གནང་། །ཟབ་མོ་མན་ངག་ཏུ་སྦས་པ་བཞི་ལ་སོགས་སྙན་བརྒྱུད་དུ་གནང་ནས་འདི་ཁྱོད་ལ་སྦྱིན་པ་ཡིན་གྱི་གཞན་སློབ་མ་སུ་ལ་ཡང་སྦྱིན་པ་མེད་པས་ཁྱེད་རང་ཡང་སློབ་མ་བརྒྱུད་འཛིན་ཞིག་མིན་པ་མི་གཞན་ལ་མ་བཤད་ཅིག །ད་ང་ལ་གདམས་པ་དེ་ལས་མེད་པས་ང་ལ་རྩ་བའི་བླ་མར་བཟུང་ལས་འབུལ་བ་སྐྱོལ་ཅིག་གསུང་། དེ་ནས་བླ་མ་རས་ཆུང་བས་ཚོགས་དང་མཆོད་པ་ཞུས་ཡོན་བཟང་དུ་

(༢༨༨)ཕུལ། ཕྱག་བྱས་ནས་འགྲོ་བར་ཞུས་པས་དེ་ལྟར་གྱིས་ཕྱིས་ཀྱང་འབུལ་བ་སྐྱོལ་ཞིག་གསུངས་པས། ཁས་བླངས་ནས་སྐྱིད་ཤོད་ལ་བྱོན་པས་ལྷ་སར་ཕེབས། དེར་བླ་མ་ལ་ཆོས་ཞུ་བ་དང་འབུལ་བ་བྱེད་པ་ཡང་མང་དུ་བྱུང་བས་སྟོན་པ་ཁ་ཅིག་ཕྲག་དོགས་གི་བསམ་པས་འདི་ལ་ཡོན་ཏན་མེད་ཅིང་། སླབ་སྡོམ་མེད་པ་ཞིག་གིས་ཆོས་བཤད་པར་འདུག་ཟེར་ནས་མ་དད་པའི་ཚུལ་བྱེད་འདུག་པ་རྣམས་ལ་བླ་མས་མགུར་འདི་གསུངས་པར་གདའ། །ན་མོ་གུ་རུ། རང་གི་རྒྱུད་ལ་མེད་པ་རུ། །རེ་བ་ཆེ་ཡང་མི་ཡོང་པས། །དགེ་བཅུ་མ་སྤྱད་མཐོ་རིས་རེ། །ཚུལ་ཁྲིམས་མ་བསྲུངས་བཙུན་པོ་རེ། །སྟོང་ཉིད་མ་བསྒོམ་སངས་རྒྱས་རེ། གཞན་སྐྱོན་དྲངས་པས་རང་བཙུན་རེ། །སེར་ལུས་བསྒྱུར་ཙམ་བཙུན་པར་རེ། །མགོ་རལ་ཕོད་ཀས་སྡགས་པ་རེ། །ནོར་གཉེན་ཆགས་པས་རང་དོན་རེ། །ནན་ཏན་མ་བྱས་སྟོན་ཆེན་རེ། །ངོས་བཟུང་ལ་ཅན་ལ་ལྟ་བ༴ །བཟའ་གཏད་ཅན་ལ་སྒོམ་པ༴ །བླང་དོར་ཅན་ལ་སྤྱོད་པ༴ །གཉིས་འཛིན་ཅན་ལ་ཐེག་ཆེན༴ །ཟང་ཟིང་ཅན་ལ་སྒོམ་ཆེན༴ །ལེ་ལོ་ཅན་ལ་གོམས་པ༴ །སྦྱིན་པ་མ་བཏང་ལོངས་སྤྱོད་རེ། །སྤྱོད་པ་རྩིང་ལ་རྟོགས་ལྡན༴ །ཕྱི་མ་བརྗེད་ལ་སྤྱད་པོ༴ །རང་འཕུང་སྒྲུབ་ལ་གྲག་པོ །གཡང་སར་འདུག་ལ་བརྟན་པོར༴ །བྱི་སྤྲུག་གསོག་ལ་འཛང་མར༴ །སྡིག་པ་བསྒྲུབ་ལ་དགེ་བར་རེ། །དུག་གསུམ་མ་སྤངས་ཡོན་ཏན་རེ། །དགྲ་ཟིན་ཅན་ལ་བྱམས་པ་རེ། །ཞེ་སྡང་ཅན་ལ་སྙིང་རྗེ་རེ། །ཕན་སེམས་ཆུང་ལ་སེམས་བསྐྱེད་རེ། །སྐྱབས་འགྲོ་མ་བསྟན་ཚུལ་ཁྲིམས་རེ། །འདུལ་ཁྲིམས་མེད་པར་སེམས་བསྐྱེད་རེ། །

(༢༨༩)སེམས་བསྐྱེད་མེད་པར་དབང་བསྐུར་རེ། །བླངས་ཀྱང་མི་ཡོང་པ་ཡི་ཆོས། །འདུལ་ཁྲིམས་མི་བསྲུང་བཙུན་པ་མིན། །སེམས་བསྐྱེད་མི་སྦྱོང་བྱང་སེམས་མིན། །དམ་ཚིག་མ་བསྲུང་སྡགས་པ་མིན། །སྡོམ་པ་བླངས་ཀྱང་དོན་མེད་འགྱུར། །ཞེས་གསུངས་ནས་ཆུ་ལ་མི་བྱིང་བར་ཆུ་ཡི་ཁ་ལ་ཅམ་ཅམ་བྱོན་ནས་ངེད་སྡོམ་པ་མེད་པ་ཀུན་འདི་ལྟར་འགྲོ་བ་ཡིན་གསུང་། ཡང་རྩིག་པ་དང་ཁང་ཁྱིམ་ལ་ཐོགས་པ་མེད་པར་ཕར་ཐར་ཚུར་ཐལ་བྱོན། ངེད་གཏི་མུག་ཉལ་བ་ཀུན་འདུག་བྱེད་པ་ཡིན་གསུང་། །གཞན་ཡང་མེ་དཔུང་ཆེན་པོར་མཛད་པ་དང་ཤེལ་གྱི་མཆོད་རྟེན་འོད་འཚེར་བར་བཞུགས་པ་དང་སྐུ་ནམ་མཁའ་དང་བསྲེས་ནས་མི་མངོན་པར་བཞུགས་པ་ལ་སོགས་སྤྲུལ་བསྒྱུར་མང་དུ་མཛད་པས། འབུམ་སྟོན་བྱ་བ་དད་པར་གྱུར་ནས་བཤགས་པ་བྱས་ཤིང་བླ་མ་ལ་ཆོས་ཞུས་ནས་བསྒོམས་པས། རི་ཁྲོད་ཐུབ་པའི་སྒོམ་ཆེན་བཟང་པོ་གཅིག་བྱུང་དེར་འབུལ་བ་བྱུང་བ་རྣམས་བླ་མ་ཨ་སུ་སྐྱལ་བས་བླ་མ་ཤིན་ཏུ་མཉེས་ཏེ་གདམས་ངག་ལྷག་མ་མེད་པར་གནང་བ་ཡིན་ནོ། །དེར་བླ་མ་རས་ཆུང་པའི་དགོངས་པ་ལ་གདམས་ངག་དང་ཆོས་ལ་བླ་མ་མི་ལ་ལས་ལྷག་པ་གང་ནའང་མི་འདུག་དགོངས་ནས་ཐེ་ཚོམ་ཆོད་དོ། །དེ་ནས་སྒྲགས་ཀྱི་རི་ཁྲོད་དུ་བྱོན་ནས་གནས་འབྲེལ་མཛད་ནས་བཞུགས་ཡོད་དུས། རྣལ་འབྱོར་པ་ཁ་

(༢༩༠)ཅིག་བྱུང་ནས་རང་རེ་རྣལ་འབྱོར་པ་རྣམས་སྤྱོད་པ་གུ་ཡངས་གྲོགས་སུ་བདེ་གནས་གང་དགའ་ཟས་གང་འདོད་དང་སྣང་བ་གང་བདེ་བྱས་ཆོག་པ་འདི་སླ་མོ་ཡིན་ཨང་ཟེར་འདུག་པ་ལ་བླ་མ་རས་ཆུང་པས་དེ་དང་ཡིན་ཏེ་ཆོས་གཤའ་མ་ཞིག་བྱེད་ན་དུས་དང་གནས་སྐབས་ཐམས་ཅད་དུ་མ་ཡེངས་པ་ཅིག་ཤིན་ཏུ་དགོས་ཤིང་དམ་ཚིག་ལ་གཅེས་སྤྲས་མེད་པའི་རྣལ་འབྱོར་པ་དེ་རྣམས་ཕུགས་སླ་མོ་རང་མ་བྱུང་གི་དོགས་གསུངས་ནས་མགུར་འདི་གསུངས་སོ། ༈། ཕ་ན་མོ་གུ་རུ། དལ་འབྱོར་མི་ལུས་ཐོབ་ནས་ཆོས་སྒོར་ཞུགས་པ་ཆོག་གམ་བསམ་ཙ་ན། །དེ་ལས་དཀའ་བའི་ཐོས་བསམ་སྒྲོ་འདོགས་ཆོད་དགོས་ཅི་ལ་མནོ། །འཆི་བ་རྒྱུད་ལ་སྐྱེས་ནས་བདག་འཛིན་བློ་སྣ་བསྟུངས་པས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་དགོས་མེད་ཕུགས་སུ་འཇུག་དགོས་ཅི་ལ་མནོ། །སྲིད་པའི་མཚན་ཉིད་གོ་ནས་དགེ་བཅུ་སྤྱད་པས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་རྒྱུ་འབྲས་ལས་ལ་འཛེམ་དགོས་ཅི་ལ་མནོ། །གདམས་ངག་ཟབ་མོ་ཞུས་ནས་དེ་དོན་བློ་ལ་ཡོད་པས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་གྲུབ་ཐོབ་བརྒྱུད་པ་སྙག་དགོས་ཅི་ལ་མནོ། །གནས་པ་ཟིན་ནས་སྡོད་ཚུགས་ཐུབ་པས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་གཉུག་མའི་ངོ་བོ་མཐོང་དགོས་ཅི་ལ་མནོ། །གཞིའི་གནས་ལུགས་གོ་ནས་སྤྱོད་

(༢༩༡)ལམ་ཡན་པར་བཏང་བས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་ཅི་དགུ་རྒྱབ་ཏུ་སྐྱུར་ནས་བསྒོམ་དགོས་ཅི་ལ་མནོ། །གཅིག་པུར་རི་ལ་འདུག་ནས་དགེ་སྦྱོར་སྐྱོངས་པས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་བླ་མས་ཅི་གསུང་སྒྲུབ་དགོས་ཅི་ལ་མནོ། །ཆོས་བརྒྱད་འདོད་བློ་ཟད་ནས་རང་ཉིད་གཙང་སར་ཐོན་པས་ཆོག་གམ་བསམ་ཙ་ན། །དེ་བས་དཀའ་བའི་དོན་གཉིས་ཕུན་སུམ་ཚོགས་དགོས་ཅི་ལ་མནོ། །ཞེས་གསུངས་པས། ཁོང་རྣམས་ན་རེ་བླ་མ་ཁྱེད་རང་བདེན་ད་བླ་མ་ཁྱེད་གར་བཞུགས་སུ་ངེད་རྣམས་ཀྱང་ཕྱག་ཕྱི་བྱས་ནས་ཆོས་ཞུ་ཉམས་སུ་ལེན་པ་ཡིན་ཟེར་ནས་ཕྱིས་ཀྱང་གནས་དེ་ཉིད་དུ་སྒྲུབ་པ་ལ་བཞུགས་དུས་ཆོས་གནང་བས་ཕན་ཐོགས་པར་བྱུང་སྐད། དེ་ནས་གསེར་སྲང་གང་གི་ཇ་ཁྱེར་ནས་ཆུ་ལྷོ་ཁ་ལ་ཐོན་ཏེ་གཞུང་དུ་རྔོག་གི་གདན་ས་དང་རྗེ་མར་བའི་གདུང་ཁང་རྗེ་མི་ལའི་ཕུག་བ་རྣམས་མཇལ་ཚེ། དེར་རྔོག་ཞེ་སྡང་རྡོ་རྗེས་སྣ་ལེན་དང་ཞབས་ཏོག་མཛད་ཁོང་རས་ཆུང་བ་ལ་ཐུགས་མོས་པས་ཆོས་ཤིག་ཞུ་བར་བཞེད་གསུང་གླེངས་མཛད་དེ་རས་ཆུད་པས་ཏི་ཕུའི་ཆེ་བརྗོད་མང་བར་མཛད་པས་རྔོག་གི་ཐུགས་ལ་རྗེ་བཙུན་མི་ལ་དྲིན་ཆེ་བ་ཡིན་པ་ལ་ཏི་ཕུའི་ཆེ་བ་དེ་ཙམ་བརྗོད་བ་རྗེ་མི་ལ་ལས་རྒྱ་གར་བ་ལ་དད་པ་མི་འཐད་དགོངས་ཅུང་ཟད་མ་མོས་ཏེ་ཆོས་འབྲེལ་ནི་མ་གསན། དེ་ནས་

(༢༩༢)རས་ཆུང་པ་དཔོན་སློབ་གཉིས་ཀྱི་གཞུང་རི་འོར་པ་སྤ་ཅན་གྱི་མཆོད་གནས་མཛད་ནས་ཕ་མ་གཉིས་ལ་གདམས་ངག་བཏབ་པས་འཆི་ཁར་ལམ་རྣ་ཟིན་ཅིང་བར་དོ་ཆོད་པའི་སྐལ་བ་ཅན་གཉིས་བྱུང་། དེ་ནས་རས་ཆུང་པ་ཕེབས་ཁར་པ་སྦ་བ་ཅན་གྱི་རྗེ་བཙུན་ལགས་ཞལ་གདམས་ཀྱི་གསུང་མགུར་ཞིག་གསུང་པར་ཞུ་ཞུས་པའི་ལན་དུ་གདམས་པ། ༈ །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འོ་སྐོལ་ལམས་གསུམ་སེམས་ཅན་རྣམས། །འཁྲུལ་པའི་སྣང་བ་འདི་དགྲ་རེ་མང་། །ངར་འཛིན་གྱི་འགོང་པོ་འདི་ཁ་རེ་དྲག །དུག་ལྔའི་གཙོ་བོ་འདི་དབང་རེ་ཆེ། །དེ་ལྟར་ཐལ་བའི་རང་བཞིན་གྱི། །མཁའ་ལ་ཉི་མ་བརྒྱ་ཤར་ཡང་། །བློ་རང་རིག་རང་ལ་མ་ཤར་ན། །མུན་པ་སངས་པ་ངས་མ་མཐོང་། །བལྟ་རྟོག་རང་གི་སེམས་ལ་ཐོང་། །མཚན་མོ་བརྒྱ་རུ་གཉིད་ལོག་ཀྱང་། །བག་ཆགས་འཐུག་པོ་མ་སངས་ན། །གཉིད་ངོམས་སམ་ཆོག་ཤེས་ངས་མ་མཐོང་། །གཏི་མུག་གི་ཕྱོགས་སུ་བསམ་བློ་ཐོང་། །བསམ་པ་མ་གྲུབ་དགུ་གྲུབ་ཀྱང་། །དུས་གཏན་གྱི་སོ་ནམ་ཞིག་མ་བྱས་ན། །ལས་བྱས་པས་ཟིན་པར་ངས་མ་མཐོང་། །ཆོས་དཀའ་ཡང་དད་པ་མ་ཆུང་མཛོད། །ཡུལ་དུ་ས་མཁར་བརྒྱ་བརྩིགས་ཀྱང་། །དོན་སྟོང་ཉིད་ཀྱི་མཁར་གཅིག་མ་བརྩིགས་ན། །བཙན་ས་ཟིན་པར་ངས་མ་མཐོང་། །གཏན་དུ་བཞུགས་སུ་མ་སེམས་མཛོད། །

(༢༩༣)འཛམ་གླིང་ནོར་ལ་དབང་ཡོད་ཀྱང་། །བླ་མའི་གདམས་ངག་མ་གོ་ན། །ནོར་ངོམས་སམ་ཆོག་ཤེས་ངས་མ་མཐོང་། །ནོར་ལ་ཡང་སེར་སྣ་མ་ཆེ་མཛོད། །ཚེ་འདི་ཡི་གཏན་གྲོགས་བརྒྱ་བཙལ་ཀྱང་། །དོན་འབྲལ་མེད་ཅིག་ཁོང་དུ་མ་ཚུད་ན། །གཏན་དུ་འགྲོགས་པར་ངས་མ་མཐོང་། །གྲོགས་ལ་ཡང་ཞེན་པ་མ་ཆེ་མཛོད། །ཐ་སྙད་ཀྱི་དམ་ཆོས་བརྒྱ་བསླབ་ཀྱང་། །སེམས་ཉག་གཅིག་རྩད་ནས་མཆོད་ན། །ཆོས་བསླབས་པས་འཛད་མེད་ངས་མ་མཐོང་། །རྗེ་གདམས་ངག་ཅན་གྱི་ཕྱག་ཕྱིར་འགྲོངས། །ཅེས་གསུངས་པས་ངེས་ཤེས་ཁྱད་པར་ཅན་སྐྱེས་ཏེ་ད་དུང་ཉམས་ལེན་གྱི་ཆོས་ཤིག་ཞུ་ཞེས་པ་ལ་ཡང་གསུངས་པ། ༈ །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དོན་མེད་འཇིག་རྟེན་གྱི་བྱ་བ་ཐོང་། །དང་དུ་རྒྱུད་པའི་གདམས་ངག་ལོང་། །གནས་སུ་རི་ཁྲོད་དགོན་པ་འགྲིམས། །དེ་གསུམ་གྲུབ་ཐོབ་གོང་མའི་རྣམ་ཐར་ཡིན། །དྲེགས་པ་ཆོས་བརྒྱད་ཀྱི་མགོ་བོ་སྙོམས། །གྱོང་དེ་ལྟོ་གོས་གཉིས་ལ་ཐོང་། །གཡོ་སྒྱུ་ཁོང་སྲན་ནང་ནས་ཕྱུང་། །དེ་གསུམ་བཟང་པོ་ཀུན་གྱི་རྣམ་ཐར་ཡིན། །བླ་མའི་འདམ་ཁ་མ་ནོར་གྱིས། །དེ་འཁྲུས་དང་ལོངས་སྤྱོད་བསྙེན་བཀུར་མཛོད། །འགྲན་ཟླ་གོང་མའི་རྗེས་སུ་སྙོགས། །དེ་གསུམ་ལས་འཕྲོ་ཅན་གྱི་རྣམ་ཐར་ཡིན། །རང་འཆི་བ་མི་རྟག་རྒྱུན་དུ་བསྒོམས། །འཁོར་བའི་ཉེས་དམིགས་དྲན་པར་མཛོད། །རྒྱུ་འབྲས་ལས་ལ་

(༢༩༤)མིག་བཞིན་འཛེམས། །དེ་གསུམ་སྐྱོ་ཤས་ཅན་གྱི་རྣམ་ཐར་ཡིན། །འཕགས་པའི་ནོར་བདུན་རྒྱུད་ལ་ཁོལ། །གཞན་སྐྱོན་མ་རྟོག་རང་སྐྱོན་རྟོག །འདོད་པའི་ལྕགས་ཀྱུ་ཆུ་ལ་བསྐུར། །དེ་གསུམ་ཀུ་ས་ལིའི་རྣམ་ཐར་ཡིན། །བཤད་པ་གང་ཟག་བློ་དང་བསྟུན། །གཞི་ལམ་འབྲས་བུ་སོ་སོར་ཕྱེ། །ཐབས་དང་ཤེས་རབ་ལམ་དུ་ཁྱེར། །དེ་གསུམ་མཁས་པ་ཀུན་གྱི་རྣམ་ཐར་ཡིན། །ཆོས་ལ་ཕྱོགས་དང་རིས་མ་བྱེད། །བདག་གཞན་གཉིས་ཀྱི་སྒྲོ་སྐུར་སྤོངས། །བརྩོན་འགྲུས་དྲག་པོའི་གོ་ཆ་གོན། །དེ་གསུམ་ཐུགས་རྗེ་ཅན་གྱི་རྣམ་ཐར་ཡིན། །སེམས་ཉིད་བྱང་ཆུབ་མཆོག་ཏུ་བསྐྱེད། །སྡོམ་པ་གསུམ་དང་ལྡན་པར་གྱིས། །རིག་པ་ཤེས་རབ་གསུམ་ལ་སྦྱོངས། །དེ་དད་པ་ཅན་གྱི་རྣམ་ཐར་ཡིན། །ཞེས་གསུངས་ནས་དཔོན་སློབ་གཉིས་ཀྱི་དྲང་སྲོང་སྲིན་པོ་རིར་བྱོན་ཞག་གཅིག་བཞུགས་ཏེ་ལོ་རྒྱུས་བྱས་པས་བན་དེ་འཐེང་པོ་ཅིག་ན་རེ་ཚུར་སྟོན་དབང་དེ་ཀུན་དགའ་ར་བ་ན་བཞུགས་ཟེར་བས་དེ་ནས་དོལ་དུ་བྱོན་ཚུར་སྟོན་དབང་གི་རྡོ་རྗེ་བཞུགས་སར་ཕེབས། སྤྱིར་ཚུར་སྟོན་དབང་གི་རྡོ་རྗེ་དེ་བླ་མ་མར་པའི་གདམས་ངག་ཐམས་ཅད་རྫོགས་པར་ཡོད་པའི་ཁས་སྐད་ཆེན་པོ་དང་མི་ཐམས་ཅད་ཕ་རྒྱུད་གསང་བ་འདུས་པ་ལ་མཁས་པར་རྩི་འདུག་པས་ཚུར་སྟོན་གྱི་གཟིམས་ཁང་ཙར་ན་བཙུན་ཆུང་ཆུ་འཁུར་བ་གཅིག་དང་འཕྲད་ནས་ཞུ་སྣ་བཅོལ་བས་དེ་ན་རེ་ང་ཉེ་གནས་ཡིན་ངས་མཇལ་ཁ་ཞུ་ཡི་

(༢༩༥)ཟེར་ནས་ནང་དུ་སོང་། དེ་ནས་དར་ཅིག་སོང་པ་ན་ད་བྱོན་ཟེར་མཇལ་ཁ་བྱུང་པས་གསེར་ཞོ་བཞི་ཡི་ཇ་རྣམས་ཕུལ། ཁྱོད་སུ་ཡིན། བླ་མ་མི་ལ་རས་པའི་གྲྭ་པ་ཞིག་ཡིན་ཁྱེད་སྙན་པའི་བ་དན་ཆེ་བར་འདུག་པས་ཆོས་འབྲེལ་ཞུ་བ་ལ་ཡོངས་པ་ཡིན་གདམས་ངག་གཅིག་ཐུགས་རྗེས་བཟུང་ཞུས་པས། བླ་མ་ཚུར་སྟོན་དབང་དེ་ཡང་དགྱེས་ནས་ངས་གདམས་ངག་ཤེས་ཆོས་ཐམས་ཅད་ལ་གདེང་ཚུད་པ་ཡིན་ཁྱེད་རྣལ་འབྱོར་པས་ཡོངས་པ་ལེགས་ཕ་མར་པ་ལོ་ཙྪའི་གདམས་ངག་ཐམས་ཅད་ངས་ཤེས་པ་ཡིན་མར་པ་ལོ་ཙྪས་རྒྱ་གར་དུ་ལན་གསུམ་བྱོན། མཁས་པ་ཆེན་པོ་ནཱ་རོ་མཻ་ཏྲི་ལ་སོགས་གྲུབ་ཐོབ་མང་པོའི་གདམས་ངག་ཁོང་གིས་ལོན་པ་ཡིན། དེའི་གདམས་ངག་ཐམས་ཅད་ངས་ཤེས་ཁྱད་པར་དུ་ཕ་རྒྱུད་རླུང་ལ་སྦར་ཟིན་བྱེད་པ་སངས་རྒྱས་ལག་པས་ལེན་པ་འདྲ་བ་ཤེས་པ་ཡིན། ཁྱེད་རང་ཇ་ཞིམ་པོ་དྲོངས་དང་ང་མེས་པོ་ནཱ་རོ་པས་ཕུ་ལ་ཧ་རིའི་འོག་ཁང་དུ་སྤྲུལ་སྐུ་རྒྱུད་སྡེ་འཐོར་བ་བསྡུས་པ་ཡིན། བར་ཁང་དུ་ལོངས་སྐུ་མ་རྒྱུད་ཚིག་ཏུ་བསྟན་པ་ཡིན། སྟེང་ཁང་དུ་ཆོས་སྐུ་ཕ་རྒྱུད་ཀྱི་གདམས་པ་དོན་དུ་བསྟན་པ་ཡིན། ངས་ཀྱང་དེ་ལྟར་གྱི་གདམས་ངག་ཁྱོད་ལ་སྟེར་རིམ་ལྔ་ལ་སོགས་པ་མང་བ་ང་ལ་ཡོད་པ་ཡིན་རླུང་བཏང་བཟུང་གང་ལ་ཡང་དབང་ཡོད་པ་ཡིན་གསུང་ནས་ཞལ་པོ་ཆེན་པོ་འདུག་པས། བླ་མ་རས་ཆུང་པའི་དགོངས་པ་ལ་དེ་

(༢༩༦)ཙམ་ཡོད་ན་ལོས་ཞུ་སྙམས་ནས་ཆོས་དང་གདམས་པ་ཞུ་ཞུས་པས་ཐོག་མར་རིམ་ལྔ་དམར་ཁྲིད་རྣམས་གནང་བྱུང་བས་དེ་ཙམ་ཞིག་ཟབ་པར་མ་བྱུང་རླུང་ལག་ལེན་ཞིག་སྟོན་དང་ཞུས་པས་བྱའི་གསུང་ནས་ཡུན་རིང་དུ་མ་བྱུང་། དེ་ནས་ཕ་རྒྱུད་གསང་བ་འདུས་པའི་བཤད་པ་འགའ་ཞིག་མཛད་བྱུང་པ་ལ་ད་རུང་བཤད་པ་མི་མཛད་པར་ལག་ལེན་སྟོན་པ་ཞུ་ཞུས་པས། ལན་གཅིག་ལག་ལེན་བསྟན་གྱི་གསུང་ནས་གཟིམས་ཁང་དུ་ཁྲིད། འབོལ་སུམ་བརྩེགས་ཀྱི་སྟེང་དུ་བཞུགས་ནས་རླུང་འབུད་པ་བྱ་བ་འདུགས་བྱེད་པ་ཡིན་གསུངས་ནས་ཚུལ་མི་འདྲ་བ་མང་པོ་མཛད་ཀྱིན་འདུག །དེར་བླ་མ་རས་ཆུང་པས་དེ་རང་ཡིན་ནམ་ཞུས་པས། དབང་ངེའི་གསུང་ན་རེ་ང་རྒས་པས་ལན་ཞག་གཉིས་གསུམ་སྦྱངས་ནས་བསྟན་གྱི་གསུང་ནས། ཡང་ཞག་གཉིས་གསུམ་སྦྱངས་ནས་ཡང་རླུང་འབུད་ལུགས་རིགས་མི་གཅིག་པ་མང་པོ་མཛད་ཅིང་འདུག །དེར་བླ་མ་རས་ཆུང་པ་མ་མགུ་ནས་དེ་ན་བླ་མ་མི་ལ་རས་པའི་གདམས་པ་དེ་ཡིན་པ་འདྲ་ངེད་རླུང་ལ་དེ་འདྲའི་དཀའ་ལས་མེད་ལག་ལེན་གྱི་ཆོས་རང་ཉམས་སུ་བླང་བདེ་བ་ཕན་ཡོན་ཆེ་བ་ཞིག་ཡོད་པ་ཡིན་གསུང་ནས་ཇ་ཅིག་བསྐོལ། མཆོད་པ་ཞིག་ཀྱང་བཤམས་ནས་འདི་སྐད་ཞུས་སོ། ༈ །ཕུ་ལ་ཧ་རིའི་འོག་ཁང་དུ། །སྤྲུལ་སྐུ་རྒྱུད་སྡེ་འཐོར་བ་

(༢༩༧)བསྡུས། །ཕུ་ལ་ཧ་རིའི་བར་ཁང་དུ། །མ་བརྒྱུད་ལོངས་སྐུ་ཚིག་ཏུ་བསྟན། །ཕུ་ལ་ཧ་རིའི་སྟེང་ཁང་དུ། །ཆོས་སྐུ་ཕ་རྒྱུད་དོན་དུ་བསྟན། །དེ་དོན་ང་ལ་ཡོད་གསུང་ནས། །ཟེར་ཟེར་ཐམས་ཅད་མི་བདེན་བརྫུན། །ཚོ་ཚོ་ཐམས་ཅད་མི་བཤའ་སྟེ། །བདེན་ན་ལག་ལེན་བསྟན་པར་རིགས་ཞེས་ཞུས་པས་ཚུར་སྟོན་དབང་དེ་ན་རེ་མི་ལ་རས་པ་ལ་གདམས་ངག་ཡོད་ཁྱེད་སྒོམ་ཆེན་པ་ཁ་ནང་དུ་བལྟས་ནས་དོན་ཉམས་སུ་ལེན་པ་དང་། ངེད་བཤད་པ་པོ་ཕྱིའི་དཔེ་མཚོན་ནས་ཚིག་ལ་གཅེས་སྤྲས་བྱེད་པ་གཉིས་མི་འདྲ། ངེད་འུད་མ་བསྟང་ན་གྲྭ་པ་མི་འདུ་བས་འུད་བྱ་དགོས་བྱུང་པ་ཡིན། །ཁྱེད་རྣལ་འབྱོར་པ་བཟང་པོར་འདུག་པས་འདིར་བཞུགས་ལ་ང་ལ་ཡང་རྒྱུད་གཞུང་རྣམས་ཉོན་དང་ཁྱེད་རང་དང་ངེད་གཉིས་ཀ་ལ་ཕན་ཐོགས་པ་ཡོང་བ་འདུག་གི། ལྷག་པར་ངའི་འཕྲིན་ལས་ལ་ཕན་ཐོགས་པར་འདུག་པས་འདིར་བཞུགས་གསུང་བ་ལ། དེར་བླ་མ་རས་པས་ཇ་བསྐོལ་ནས་འགྲོ་ཞུས་པས། ཡང་ཚུར་སྟོན་དབང་དེའི་གསུང་ན་རེ་འོ་ན་ཁྱེད་རང་ལ་རླུང་གི་ལག་ལེན་དང་ལྟ་སྒོམ་སྤྱོད་པའི་ཉམས་ཅི་འདྲ་ཡོད་ང་ལ་སྟོན་དང་གསུང་པས། བླ་མ་རས་ཆུང་པས་ནམ་མཁའི་རླུང་དབང་དུ་བྱས་ཏེ་རྡོ་རྗེ་སྐྱིལ་ཀྲུང་བྱས་ནས་འདོམ་གང་ཙམ་གྱི་བར་སྣང་ལ་གཡོ་འགུལ་མེད་པར་བཞུགས་

(༢༩༨)ནས་མགུར་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། མཐའ་བཞི་ཡིད་ལ་མི་བྱེད་པར། །སྐྱེ་མེད་བདེ་ཆེན་བཟའ་གཏད་མེད། །རས་ཆུང་པ་ཡི་ལྟ་བ་ཡིན། །ཐ་སྙད་མཁན་ལ་ཅི་ཆ་ཡོད། །ཤེས་པ་བརྟེན་དང་བྲལ་བ་ལ། །རང་སེམས་གང་དགའ་དམིགས་གཏད་མེད། །རས་ཆུང་པ་ཡི་སྒོམ་པ་ཡིན། །དམིགས་གཏད་མཁན་ལ་ཅི་ཆ་ཡོད། །རང་བྱུང་ཆེད་དུ་མ་བྱས་པའི། །བདེ་གསལ་སྟོང་པའི་རང་བཞིན་འདི། །རས་ཆུང་པ་ཡི་ཉམས་མྱོང་ཡིན། །ཉམས་མྱོང་མེད་ལ་ཅི་ཆ་ཡོད། །ཞེན་རྟོག་བཅོས་མ་བྲལ་བ་ཡི། །རང་བྱུང་ཤེས་པ་གང་དགའ་སྐྱོང་། །རས་ཆུང་པ་ཡི་སྤྱོད་པ་ཡིན། །ཚུལ་འཆོས་མཁན་ལ་ཅི་ཆ་ཡོད། །གཉིས་འཛིན་བློ་དང་བྲལ་བ་ཡི། །ཐ་མལ་ཤེས་པ་གཉུག་མ་ལ། །བདུད་ཅེས་བྱ་བའི་མིང་ཡང་མེད། །ཐ་སྙད་ཞེན་ལ་ཅི་ཆ་ཡོད། །རང་སེམས་བློ་ལས་འདས་པ་ཡི། །རེ་དང་དོགས་པའི་མིང་ཡང་མེད། །རས་ཆུང་པ་ཡི་འབྲས་བུ་ཡིན། །བླང་དོར་ཅན་ལ་ཅི་ཆ་ཡོད། །སངས་རྒྱས་ཐོབ་ཏུ་མི་རེ་ཞིང་། །འཁོར་བ་སྤང་དུ་མེད་པ་ཡི། །རྣལ་འབྱོར་པ་ཡི་མན་ངག་ཡིན། །བློ་དམན་རྣམས་ལ་ཅི་ཆ་ཡོད། །ཅེས་གསུངས། ཡང་ཆུ་རླུང་དབང་དུ་བྱས་ནས། བར་སྣང་ལ་སྤྲིན་ཆུའི་རང་བཞིན་ཅན་ལྟ་བུར་བཞུགས་ཡང་ས་རླུང་དབང་དུ་མཛད་ནས་སྐུ་ལྟེ་བ་མན་ཆད་དེ་ས་ལ་ཐིམ་

(༢༩༩)པས་མི་མངོན་པར་མཛད་ནས་མགུར་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། སེམས་སྟོང་པའི་ངང་ནས་རིག་པ་འཕྱོ། གཟུང་འཛིན་བྱ་བའི་མིང་ཡང་མེད། །ལྟ་བ་ཐག་ཆོད་བློ་རེ་བདེ། །གཉིས་མེད་ཀློང་ནས་བདེ་ཆེན་འཕྱོ། །བྱིང་རྒོད་བྱ་བའི་མིང་ཡང་མེད། །སྒོམ་པ་ཐག་ཆོད་བློ་རེ་བདེ། །དབྱེར་མེད་ངང་ནས་ལྷུག་པར་འཕྱོ། །ཚུལ་ཆོས་བྱ་བའི་མིང་ཡང་མེད། །སྤྱོད་པ་ཐག་ཆོད་བློ་རེ་བདེ། །ཆོས་སྐུའི་ངང་ནས་གཟུགས་སྐུ་འཕྱོ། །འཁྲུལ་སྣང་བྱ་བའི་མིང་ཡང་མེད། །འབྲས་བུ་ཐག་ཆོད་བློ་རེ་བདེ། །ཅེས་གསུངས་ནས་ང་མི་ལའི་སློབ་མ་ཡིན་བླ་མ་ལ་འདི་ལས་ལྷག་པའི་རླུང་གི་ནུས་པ་ཡོད། ནམ་མཁའ་ལ་འཕུར་བ་དང་ཆུ་ལ་མི་བྱིང་བ་དང་མེས་མི་འཚིག་པ་དང་། ས་ལ་འཛུལ་བ་དང་བེན་པོའི་བྲག་རྟ་ལྟར་ཞོན་ནས་རྒྱུག་པ་དང་ལྕགས་ཀྱི་ཕ་བོང་འདམ་ལྟར་བརྫི་བ་ལ་སོགས་པ་ཡོད་ཟད་པར་དང་ཟིལ་གནོན་གྱི་ནུས་པ་ཐམས་ཅད་མངའ་བ་ཡིན་གསུངས་པས། ཚུར་སྟོན་དབང་གི་རྡོ་རྗེ་ཐུགས་ཧ་ལས་བར་གྱུར་ཏོ། །དེ་ནས་ང་འགྲོ་བ་ཡིན་གསུངས་པས་ཚུར་སྟོན་གྱི་ཞལ་ན་རེ་ངས་ཁྱེད་ལ་བརྒྱུད་པ་བཤད་པ་ཡིན་པས་ད་ཕན་ཆོད་ང་ཡང་བླ་མར་བཟུང་ལ་གང་དགྱེས་པར་བྱོན་ཞིག་གསུངས། དེ་ནས་བླ་མ་རས་ཆུང་པའི་དགོངས་པ་ལ་ཚིག་དོན་ཐམས་ཅད་ངའི་བླ་མ་མི་ལ་ལས་ལྷག་

(༣༠༠)པ་གང་ན་ཡང་མི་འདུག །ངའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་རང་ཡིན་པ་འདུག་སྙམས་ནས་སླར་བླ་མ་ལ་མོས་གུས་ཚུད་གདམ་ངག་གི་སྤྲོས་པ་ཆོད་དེ། ད་གདམས་ངག་ཀྱང་བླ་མ་མི་ལའི་དེ་ལས་ལྷག་པ་གང་ན་ཡང་མི་འདུག་བསམ་སྟེ་ཆོས་དང་གདམས་པ་ཐམས་ཅད་ཀྱི་སྒྲོ་འདོགས་ཆོད་པར་གྱུར་ཏོ། །དེ་རྣམས་ནི་ཐེ་ཚོམ་མ་ལུས་བཅད་ཅིང་ཚིག་དོན་གྱི་སྤྲོས་པ་ཆོད་པའི་སྐོར་ཚོ་དེ་དགུ་པའོ། ༈ །བཅུ་པ་ནི། དེ་ནས་ཚུར་སྟོན་དང་དཔོན་སློབ་ལྷན་དུ་དོལ་གྱི་འཇུར་བྱོན་ནས་ཚུར་སྟོན་ཆེན་པོ་དང་གྲྭ་པ་ཐོགས་ཤིག་ལ་གཏུམ་མོ་ཚར་གཅིག་གནང་བས་གྲྭ་པ་རྣམས་ཀྱི་རས་རྐྱང་ཐུབ་པ་མང་དུ་བྱུང་། །དེར་ཚུར་སྟོན་དབང་གི་རྡོ་རྗེའི་ཞལ་ནས། ཁྱེད་བླ་མ་མི་ལ་ལྟ་བུ་བཞག་ནས་གར་འབྱོན་ཅི་མཛད་གསུངས་པའི་ལན་དུ་མགུར་འདི་གསུངས་སོ། ༈ །རྗེ་བླ་མ་རྣམས་ལ་སྤྱི་བོས་འདུད། །ད་ལྟ་སྒོམ་སྤྱོད་པ་དམ་ཚིག་གི། །འགྱུར་མེད་ཟུར་ཁ་འགྲིམ་འགྲིམ་ནས། །ལན་གཅིག་འབྲས་བུ་བཞེད་པ་ན། །བློ་འདས་མཚན་མ་རང་སར་གྲོལ། །འཁོར་འདས་གཉིས་ལ་སྤང་བླང་མེད། །རྟོགས་པའི་དབང་གི་འཁོར་བ་ལ། །སྐྱེ་འགག་མེད་པས་མྱ་ངན་འདས། །ད་གཉུག་མའི་དོན་འདི་དཔེར་བཞག་ནས། །རྩེ་གཅིག་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དོགས་ཆམ་ལ་འབེབས་ཤིང་འགྲོ། །

(༣༠༡)འབད་མེད་ལམ་དུ་སློང་བཞིན་འགྲོ། །ཐོབ་རྒྱུ་མེད་དེ་ང་མི་འགྱོད། །དེ་འདྲའི་བརྒྱུད་པ་བཞེད་པ་ན། །རྡོ་རྗེ་འཆང་གི་བྱིན་གྱིས་བརླབས། །རྣལ་འབྱོར་དབང་ཕྱུག་ཏེ་ལོ་པ། །གྲུབ་པ་མཉེས་པའི་ནཱ་རོ་པ། །དཀའ་བ་སྤྱད་པའི་ལོ་ཙྪ་བ། །སངས་རྒྱས་ཉིད་ནས་བརྒྱུད་པ་བཞི། །རྗེ་རས་ཆེན་ཙམ་ཞིག་དཔེར་བཞག་ནས། །གདམས་ངག་ཟུར་ཁ་འགྲིམ་ཤིང་འགྲོ། །ཐ་སྙད་ཀུན་ཆམ་ལ་འབེབས་ཤིང་འགྲོ། །སྙན་བརྒྱུད་ལམ་དུ་སློང་བཞིན་འགྲོ། །བརྒྱུད་པ་ངན་ཏེ་ང་མི་འགྱོད། །ཅེས་གསུངས་པས། ཚུར་སྟོན་ཡང་ཐུགས་རྗེས་སུ་ཡིད་རངས། དེ་ནས་གྲ་ཐང་དུ་བྱོན་ལས་ཅན་འགའ་ལ་འབྲེལ་པ་བཞག །དེ་ནས་གྲའི་བྲག་ཆེན་སར་ཡོན་བདག་ཀྱོ་མ་མི་ཆུང་ཞེས་བྱ་བའི་སར་ཞབས་ཏོགས་བྱས་ཤིང་ཞག་འགའ་བཞུགས། དེར་ཡོན་བདག་ན་རེ་རྗེ་བཙུན་རང་རེའི་མཁར་འདི་བཟང་ཨང་ཞུས་པས་དེའི་ལན་དུ་མགུར་འདི་གསུངས་སོ།། ༈ །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཁར་བརྩིགས་ནས་འཇིག་པ་མཐོང་ཙ་ན། །ས་མཁར་འདི་ལ་བློ་མི་འཇུག །མཁར་ལས་དྲག་པོ་བྱ་རྩིས་མེད། །བཙན་ས་སྟོང་ཉིད་ཀྱི་མཁར་པོ་ཡོད། །ཕོ་ཡུལ་མེད་ཟེར་ཀྱང་འགྱོད་རྒྱུ་མེད། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །ནོར་བསགས་ནས་འཛད་པ་མཐོང་ལགས་པས། །ནོར་

(༣༠༢)རྫས་འདི་ལ་བློ་མི་འཇུག །སྡུག་གསོགས་དྲག་པོ་བྱ་རྩིས་མེད། །ལོངས་སྤྱོད་འཕགས་པའི་ནོར་ལ་བྱེད། །ཕོ་ནོར་མེད་ཟེར་ཀྱང་འགྱོད་རྒྱུ་མེད། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །བུ་སྐྱེས་ནས་འཆི་བ་མཐོང་ཙ་ན། །ལན་ཆགས་བུ་ལ་བློ་མི་འཇུག །འཁོར་བ་མང་པོ་སྤེལ་རྩིས་མེད། །བརྒྱུད་འཛིན་རིག་པའི་ཁྱེའུ་ཡོད། །ཕོ་རབས་ཆད་ཟེར་ཡང་འགྱོད་རྒྱུ་མེད། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །འཐབས་ནས་མཐུན་པ་མཐོང་ཙ་ན། །དགྲ་འབྲས་འདི་ལ་བློ་མི་འཇུག །ཞེ་སྡང་དྲག་པོ་བྱ་རྩིས་མེད། །རང་སེམས་ཐུལ་ན་དགྲ་མགོ་ཐུལ། །ཕོ་ཁས་ཉེན་ཟེར་ཡང་འགྱོད་རྒྱུ་མེད། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །མཐུན་གྲོགས་འབྲལ་བ་མཐོང་ཙ་ན། །དགའ་གྲོགས་འདི་ལ་བློ་མི་འཇུག །མཐུན་སྡེབས་མང་པོ་འཚོལ་རྩིས་མེད། །མཐུན་གྲོགས་རང་རིག་ཡེ་ཤེས་ཡོད། །ཕོ་རྒས་ཁོག་ཟེར་ཡང་འགྱོད་པ་མེད། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །འདུས་པ་འབྲལ་བ་མཐོང་ཙ་ན། །གཉེན་འདུན་གྱི་མི་ལ་བློ་མི་འཇུག །གདུངས་སེམས་དྲག་པོ་བྱ་རྩིས་མེད། །རྒྱབ་བརྟེན་དཀོན་མཆོག་གསུམ་པོ་ཡོད། །ཕོ་གཉེན་མེད་ཟེར་ཡང་འགྱོད་རྒྱུ་མེད། །

(༣༠༣)འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །ཞེས་གསུངས་པས་ཡོན་བདག་འཁོར་བཅས་དད་ཅིང་མོས་པར་གྱུར་ཏོ། །དེ་ནས་གྲ་ཕྱིར་བྱོན་ནས་གཉེན་རྡོ་རྗེ་འོད་བྱ་བ་ལ་དབང་དང་གདམས་ངག་ལ་སོགས་རྫོགས་པར་མཛད་ཡོན་བདག་གཞི་དད་པ་མེད་ན་རྒྱུད་ལ་ཡོན་ཏན་མི་ཆགས་དད་པ་དང་མོས་གུས་སྡོམ་པ་དང་དམ་ཚིག་འདི་ཆོས་སྤྱི་ལ་དགོས་པ་ཡིན་པས། ང་འགྲོ་བའི་ཕྱི་བཞག་ལ་གླུ་གཅིག་བྱའོ་འདི་ལ་ཉོན་གཅིག་གསུང་ནས་མགུར་འདི་གསུངས་སོ། ༈ །ཕ་བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །གཞི་དད་གུས་འགྱུར་བ་མེད་པ་ལ། །ལྷ་དཀོན་མཆོག་གསུམ་གྱི་ཆགས་ས་ཡོད། །ཐུགས་རྗེའི་མགོན་སྐྱབས་དེ་ལས་འབྱུང་། །རང་དད་ལྡན་མཛོད་ཅིག་སྐལ་ལྡན་ཀུན། །རང་སྣོད་དང་ལྡན་པའི་སློབ་མ་ལ། །རྡོ་རྗེ་སློབ་དཔོན་གྱི་ཆགས་ས་ཡོད། །བཀའ་བབས་ཀྱི་གདམས་པ་དེ་ལས་འབྱུང་། །རང་སྣོད་ལྡན་མཛོད་ཅིག་སྐལ་ལྡན་ཀུན། །བཀའ་དམ་ཚིག་གཙང་མའི་ཚོགས་འཁོར་ལ། །མ་གནས་གསུམ་ཌཱ་ཀིའི་ཆགས་ས་ཡོད། །མཆོག་ཐུན་མོང་དངོས་གྲུབ་དེ་ལས་

(༣༠༤)འབྱུང་། །རང་ཚོགས་འཁོར་མཛོད་ཅིག་སྐལ་ལྡན་ཀུན། །རང་ཐུན་བཞི་སྒྲུབ་པའི་རྣལ་འབྱོར་ལ། །ཡི་དམ་ལྷ་ཡི་ཆགས་ས་ཡོད། །ཚེ་ཕྱི་མའི་ལམ་སྣ་དེ་ཡིས་བྱེད། །རང་ཐུན་བཞིར་བསྒྲུབས་ཤིག་སྐལ་ལྡན་ཀུན། །ཅེས་གསུངས་སོ། །དེ་རྣམས་ནི་དབུས་ཕྱོགས་ལ་བར་མ་བྱོན་ནས་གདུལ་བྱ་སྣོད་ལྡན་དུ་མ་སྨིན་གྲོལ་ལ་བཀོད་ཅིང་ལས་འབྲེལ་ཕྱོགས་མེད་དུ་བཞག་པའི་ཡོན་ཏན་ནོ། །དེ་ནས་རྐྱེན་ངན་གྲོགས་སུ་ཤར་བའི་ཡོན་ཏན་ནི། ཡར་ལུང་དུ་བྱོན་ཕོ་བྲང་སྐྱོར་ལྡེམ་དུ་ཕེབས་ནས་བརྩད་པོ་ལ་དབང་དང་གདམས་པ་གནང་བས་བརྩད་པོ་ཤིན་ཏུ་དད་ཅིང་མོས་པར་གྱུར་ཏེ་ད་བདག་གི་བསོད་ནམས་ལ་བླ་མ་ཁྱེད་ལྟ་བུ་དང་མཇལ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ང་སྐྱིད་པ་ཡིན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་ཟེར་དགའ་བ་ཁོང་དུ་ཆུད་ནས་དཀར་པོའི་ཆོས་དང་གདམས་པ་ལ་ངེས་ཤེས་སྐྱེས་བཞིན་པའི་ངང་ནས་བླ་མ་རས་ཆུང་པའི་ཞབས་ཏོག་དང་ཉམས་ལེན་ལ་བརྩོན་པར་གནས་སོ། །དེར་བླ་མ་རས་ཆུང་པས་བརྩད་པོའི་ང་རྒྱལ་དང་ཞེན་ཆགས་བཟློག་པའི་ཕྱིར་མགུར་འདི་གསུངས་སོ། །

(༣༠༥)ཕ་ན་རོ་གུ་རུ། །རྗེས་བདག་རྒྱལ་པོའི་བདེ་སྐྱིད་དེ། །སྦྱིན་པ་རྣམ་བཞི་བཏད་ལགས་པས། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། །རིན་ཆེན་སྣ་བདུན་རྒྱན་ཡང་དགོས། །འཁོར་ལོས་གང་དུ་བསྒྱུར་བར་འགྲོ། །ནོར་བུས་དགོས་འདོད་ཆར་དུ་འབེབས། །བཙུན་མོས་མཛེས་པའི་རྒྱན་ཡང་འདོགས། །བློན་པོས་གྲོས་ཀྱི་བླ་རེས་འབྲི། །གླང་པོས་དམག་གི་དཔུང་ཡང་འཇོམས། །རྟ་མཆོག་གང་འདོད་གནས་སུ་སྐྱེལ། །དམག་དཔོན་དགྲ་ཡི་གཡུལ་ངོ་ཟློག །དེ་འཕྲལ་དུ་བདེ་དེ་རྟག་ངེས་མེད། །ཁྱེད་གཏན་དུ་བདེ་སྐྱིད་བཞེད་པ་ན། །འདི་ལྟར་ཤེས་ན་བདེ་བར་མཆིས། །དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལས་ལ་སྦྱོར། །ཤེས་རབ་ནོར་བུ་རིན་པོ་ཆེ། །བདག་དང་གཞན་གྱི་རེ་བ་སྐོང་། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེ། །མཛེས་ཤིང་བཙུན་པའི་རྒྱན་ཡང་འདོགས། །ཁྲེལ་ཡོད་བློན་པོ་རིན་པོ་ཆེ། །ཕྱིན་ཅི་ལོག་གི་ལམ་རྣམས་སྤོང་། །བསམ་གཏན་གླང་པོ་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ། །ཉོན་མོངས་བདག་མེད་དབྱིངས་སུ་སྐྱེལ། །ཐོས་པ་དམག་དཔོན་རིན་པོ་ཆེ། །ལོག་ལྟ་དགྲ་ཡི་དཔུང་ཡང་འཇོམས། །ཁྱེད་དེ་ལྟར་ཤེས་ན་བདེ་ལགས་

(༣༠༦)ཏེ། །ད་ལྟ་གཡེང་བའི་དབང་གཏང་ནས། །འཆི་ཁར་འགྱོད་དེ་ཐབས་མེད་དམ། །བདག་ཉིད་རྣལ་འབྱོར་བདེ་བ་འདི། །ཚོགས་དྲུག་སྣང་བ་གྲོགས་སུ་ཤར། །འཁོར་འདས་རེ་དོགས་མ་མཆིས་པས། །རང་སེམས་རྒྱལ་པོ་ཡིན་ནམ་མ་ནོ། །རང་སེམས་རྟོགས་པའི་རྒྱལ་པོ་ལ། །རིན་ཆེན་སྣ་བདུན་འཁོར་ཡང་དགོས། །བདག་ཐ་སྙད་ཚིག་ལ་མ་འདྲངས་པར། །ཟབ་མོའི་ཆོས་ལ་མོས་པ་བྱས། །ངེས་ཤེས་བློ་ཡིས་གཏིང་ནས་སྐྱེས། །དེ་བློན་པོ་གྲོས་ཀྱི་ཕུལ་དུ་བྱུང་། བླ་མ་རྗེ་བཙུན་ཞལ་མངའ་ནས། །གདམས་ངག་ཟབ་མོ་ང་རང་སྟོན། །ནཱ་རོ་པ་ཡི་བུ་བརྒྱུད་ལ། །བརྒྱུད་འབྲེལ་གདམས་ངག་ཆོང་ཅིག་གསུང་། །གདམས་ངག་ཆེ་དགུ་སྤུས་བཏུས་ནས། །འཁོར་འདས་སྒྲོ་དོགས་ཆོད་ལགས་པས། །མ་རིག་སྐྱེ་མེད་དུ་ཡལ་ནས་ཐལ། །ཉོན་མོངས་ཡེ་ཤེས་དབྱིངས་སུ་ཐལ། །མི་མང་འཚོགས་པའི་འདུ་འཛི་འདི། །གཡེང་བར་འདུག་པས་རི་ཁྲོད་འགྲིམས། །སྐྱེད་རྫོགས་གཉིས་ལ་གཞི་བགྱིས་ནས། །རང་གི་སེམས་ཀྱི་རྩལ་ཡང་སྦྱངས། །ཁྱུང་སྤྲུག་མཁའ་ལ་གཤོག་རྒྱངས་འདྲ། །དེ་གོམས་རྟོགས་ཀྱི་འཁོར་ལོ་རིན་པོ་ཆེ། །དེ་ཚོགས་དྲུག་གི་སྣང་བ་ཧད་པོར་ཐལ། །འདོད་པའི་ཡོན་ཏན་ཆོག་ཤེས་པས། །ལོངས་སྤྱོད་ཆེ་ལ་དགའ་རྒྱུ་མེད། བསྟོད་སྨད་ཚིག་གི་ཆགས་སྡང་ཀུན། སྒྲ་བརྙན་ཡིན་པས་སྙན་རྒྱུ་མེད། །བར་སྣང་བདུད་ཀྱི་ཆོ་

(༣༠༧)འཕྲུལ་ཡང་། །བར་སྣང་ཡིན་པས་འཇིགས་རྒྱུ་མེད། །སེམས་ཀྱི་རྟག་ཆད་གཉིས་ཡལ་བས། །སྐྱེ་ཤི་གཉིས་ལ་འཇིགས་རྒྱུ་མེད། །དེས་དམག་དཔོན་ལོག་རྟོག་བཅོམ་མམ་སྙམ། །དེ་ལྟར་རྟོགས་པའི་རང་བཞིན་གྱིས། །སེམས་ཉིད་གདོད་ནས་དག་པ་ལ། །སྣང་བ་སློབ་དཔོན་དུ་འཆར་ཀྱིན་གདའ། །འཁོར་བ་ཡེ་ཤེས་སུ་འཆར་ཀྱིན་གདའ། །རྣམ་རྟོག་གྲོགས་སུ་འཆར་ཀྱིན་གདའ། །ནགས་ལ་མེ་ཆེན་འཆེད་པ་བཞིན། །ལངས་རུང་སྡོད་རུང་སྨན་སྐྱལ་འདྲ། །དེ་ཡེངས་མེད་པའི་རྣལ་འབྱོར་ལ། །དྲན་རྟོག་ཞེན་མེད་རང་ཡལ་ཐལ། །མཁའ་ལ་བྱ་འཕུར་རྗེས་མ་མཆིས། །ཚོགས་དྲུག་རྐྱེན་སྣང་གློ་བུར་ལ། །འཛིན་པ་མེད་པར་གྲོགས་སུ་ཤར། །བཀག་པ་མེད་པའི་གཟིགས་མོ་ཆེ། །དེས་བཙུན་མོ་མཛེས་པའི་རྒྱན་ཡང་འདོགས། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །ཁྱབ་པ་ནམ་མཁའ་ལྟ་བུ་ལ། །སེམས་ཀྱི་ཁྱིམ་ལ་ཕྱི་ནང་མེད། །ངོས་བཟུང་མེད་པའི་བར་སྣང་ལ། །འོད་གསལ་སྒོམ་པ་ཡང་དོག་མེད། །དབྱིངས་དང་སེམས་ཉིད་དབྱེར་མེད་ལ། །སྐུ་གསུམ་རྒྱུན་ལ་ཉིན་མཚན་མེད། །འབད་མེད་ཉི་མ་ལྟ་བུ་ལ། །འོད་ཟེར་ཤར་བས་ཕྱོགས་རིས་མེད། །ནོར་བུས་དགོས་འདོད་འབྱུང་བར་གོ། །རིན་ཆེན་སྣ་བདུན་

(༣༠༨)ནོར་མཆོག་འདི། །རྣལ་འབྱོར་པ་ཡི་བརྟེན་དུ་ཆེ། །སྲོག་དང་བྲལ་ཡང་དེ་མི་འབྲལ། །ནོར་གྱི་དམ་པ་ཡིན་ནམ་མནོ། །རྒྱལ་པོའི་ལོངས་སྤྱོད་སྨོན་རྒྱུ་མེད། །མཁས་པའི་ཐ་སྙད་སྙན་རྒྱུ་མེད། །དེ་ཀུ་རེ་ཡིན་ཏེ་མགུར་མ་ལགས། །ཤེས་གསུངས་ནས། །ད་ཅིས་ཀྱང་འདིར་བརྩད་པོ་མི་ཉན་པར་སྡོད་དགོས་ན་ང་དགོན་པ་ཞིག་བརྩིག་གསུང་ནས་དེ་ནས་ཡར་ལུང་ཤར་ནུབ་ཀྱི་དབུས་ཀྱི་རི་སྣ་འབྲས་ཀྱི་ལྗང་པ་འདྲ་བའི་ཤར་ལོགས་ཀྱི་བྲག་ལ་ཕུག་པ་ལག་པ་ཐལ་མོ་སྦྱར་པའི་སྦུབ་འདབ་སྔོན་བླ་མས་ལུང་བསྟན་པའི་ལོ་མ་རི་བྱ་བར་དགོན་པ་བྱས་ནས་བཞུགས། རོག་པ་རྩར་ཆོས་གསུངས་ཏེ་འགྲོ་དོན་མཛད་ནང་དུ་འཛིན་ཆགས་མི་མཛད་ཅིང་ཕྱི་རུ་བཟང་ངན་མེད་པ་ལ་ཟས་འབྲེལ་དང་ཆོས་འབྲེལ་འདོགས་པའི་དམ་བཅའ་མཛད་ནས་སྦྱིན་པ་གསུམ་ལ་ཕྱག་ལེན་མཛད་ནས་ལོ་གསུམ་ཙམ་དེར་བཞུགས་པས་རས་ཆུང་ཕུག་དུ་གྲགས། སྐབས་ཞིགས་གང་ནས་ཡིན་ངོ་མི་ཤེས་པའི་སྤྲང་པོ་མཛེ་སྐྱ་བྱུང་བ་ཞིག་ཆོས་ཞུ་བ་ལ་ཉིན་རེ་བཞིན་ཡོང་བཞིན་ནང་ནུབ་གར་སོང་མི་མཐོང་བ་ཞིག་ཡོད་པ་དེ་བླ་མ་རས་ཆུང་པའི་དྲུང་དུ་རྟག་པར་འོང་ཞིང་བླ་མས་ཐུགས་རྗེས་བཟུང་ཡང་ཡང་ཟེར་བས་སྐབས་ཤིག་བླ་མས་ཁྱོད་རྟག་པར་ཐུགས་རྗེས་བཟུང་རང་ཟེར་བ་ཅི་འདོད་པ་ཡིན་གསུངས་པས། མཛེ་སྤྲང་དེ་ན་

(༣༠༩)རེ་བདག་ལ་ཚེ་འདི་དབུལ་དང་བྲལ་བའི་ནོར་ཞིག་ཞུ་དགོས་ཟེར་དེར་བླ་མ་རས་ཆུང་པས་འོ་ན་ཁྱོད་ང་གར་འགྲོ་ལ་ཡོང་གིན་འདུག་པས་ང་ལ་འབུལ་བ་བྱུང་བའི་ནོར་འདི་ང་ལ་བྱུང་ན་བསམ་པའི་ནོར་ནམ་བྱུང་ང་ལ་སླང་བ་གྱིས་གསུངས་པས་སྤྲད་བོ་ན་རེ་ཐུགས་ལ་བཏགས་དེ་ཞུ་ཟེར། དེ་ནས་སྐབས་ཤིག་གི་ཚེ་ཡར་ལུང་གི་གང་ར་གྲོང་དམར་བྱ་བ་ན་རབས་ཆད་རྒན་རྒོན་གཉིས་ལ་གཡུ་ཆེན་པོ་མེ་སྟག་འོད་འཕྲོ་བྱ་བ་བུ་ཆུང་གི་ལག་མགོ་ཙམ་པ་ཅིག་ཡོད་པ་དེ་བློ་མ་བདེ་བས་གང་གྲག་གི་གྲོས་བྱས་པ་རྒན་པོ་ན་རེ་ས་འོག་ཏུ་སྦས་ན་ནི་དོན་མེད། འདི་རང་དུ་ཚགས་བྱས་ན་ཕ་སྤུན་ཉེ་འཁོར་རྣམས་འཁྲུག་རྐྱེན་བྱེད་ཉེན་ཡོད་བླ་མ་འདི་ལྟ་བུ་ཡ་མཚན་ཆེ་བ་བཞུགས་ཡོད་པས་འབུལ་བ་ཨེ་འཐད་ཟེར་བ་ལ་རྒན་མོ་ན་རེ་ངས་སྔར་ནས་དྲན་ཏེ་ལབ་མ་ནུས་ད་ཁྱོད་ཟེར་བ་བཞིན་བྱ། སང་ཕན་ཆད་རང་བློ་འདྲེས་སྒྱུར་བྱ་བ་ཡིན་མྱུར་དུ་སྟོན་མོ་ཅིག་བྱས་ཏེ་བླ་མ་གདན་དྲངས་ནས་འབུལ་ལོ་ཟེར་ཐག་བཅད་དོ། །དེ་ནས་རྒན་རྒོན་གཉིས་ཀྱིས་ཡུལ་མི་ཐམས་ཅད་དང་བླ་མ་དཔོན་སློབ་རྒྱལ་བློན་ཐམས་ཅད་སྤྱན་དྲངས་ནས་བཟའ་བཏུང་ལོངས་སྤྱོད་གང་ལ་གང་དགོས་པ་རྣམས་ལེགས་པར་བཤམས་ནས་བླ་མ་ལ་འབུལ་བ་གཞན་ཡང་མང་དུ་ཕུལ་རྐུ་ཐབས་ཀྱི་གཡུ་མོ་ཆེ་མེ་རྟག་འོད་

(༣༡༠)འཕྲོ་ཡང་ཕུལ་བས། །དེ་ལྷ་གཅིག་གི་མིག་ཟུར་ཞིག་གིས་མཐོང་གཞན་ཉེ་གནས་ཀྱིས་ཀྱང་མ་རིག་པ་ལ་སྔར་གྱི་མཛེ་སྤྲང་དེ་བྱུང་ནས་སྔར་ཞུས་པ་བཞིན་ད་ལན་གྱི་གཡུ་དེ་ང་ལ་ཐུགས་རྗེས་བཟུང་ཟེར་ནས་བླ་མ་ལ་རྐུ་ཐབས་ཀྱིས་ཞུས་པས། བླ་མས་ཀྱང་སྙིང་རྗེ་དང་གཏོང་ཕོད་ཀྱི་ཀུན་ནས་སླངས་ཏེ་མྱུར་བར་སྦྱིན་ནས་ཁྱོད་འདིར་མ་འདུག་པར་མྱུར་བར་ཡུལ་གཞན་ཞིག་ཏུ་སོང་ཞིག་དང་། ཉེ་གནས་ལ་སོགས་ཀྱི་ཚོར་ན་འཕྲོག་ཏུ་འོང་ངོ་གསུངས་པས་སྤྲང་པོ་དེ་ཉིད་སྐད་ཅིག་ཡུད་ཙམ་ལ་གར་སོང་ཆ་མི་འདུག་གོ། །རྒན་རྒོན་གཉིས་ལ་ཆོས་གསུངས་ཤིང་འཕོ་བའི་གདམས་པ་བསྟན་ཏེ་འཆི་ཁར་ལམ་སྣ་ཟིན་པར་མཛད་དོ། །དེ་ནས་བླ་མ་དཔོན་སློབ་རྣམས་ཀྱིས་ཕོ་བྲང་དུ་ལོག་ནས་ཟླ་བ་ཤས་ཅིག་ལོངས་སྤྱོད་ཆེན་པོ་དང་ལྡན་པར་བཞུགས་སོ། །དེ་ནས་ལྷ་ཅིག་གི་བསམ་པ་ལ་རྒན་རྒོན་གཉིས་ཀྱིས་ཕུལ་བའི་གཡུ་དེ་ང་ལ་གསྟེར་ཨེ་ཡོད་བླ་མ་རང་ནི་གཡུ་མི་འདོགས་ངས་ཐོབ་པ་ཞིག་བྱ་དགོས་བསམ་ནས་ཐབས་དང་གཡོ་གང་བྱས་པས་ཀྱང་གཡུ་མ་ཐོབ། སླང་ཟེར་ནི་མ་ནུས་ཞབས་ཏོག་དང་བཀུར་བསྟི་ཐབས་གང་གིས་ཀྱང་མ་ཐོབ་པས་ཉིན་གཅིག་བླ་མ་རས་ཆུང་པ་སྐྱོ་སངས་ལ་བྱོན་པའི་ཤུལ་དུ། ལྷ་ཅིག་གི་གཡུ་ལྟ་བའི་ཕྱིར་དུ་བེ་བུམ་གཡེངས་ནས་བལྟས་བས་རྒན་རྒོན་གཉིས་ཀྱིས་ཕུལ་བའི་གཡུ་

(༣༡༡)དེ་མི་འདུག་རུང་གཡུ་དེ་ལས་ཆུང་བུ་སེང་གེ་འགྱིང་འདྲ་བྱ་བ་གཡག་སྡེ་ཞལ་མངའ་ནས་ཕུལ་བའི་གཡུ་དེ་འདུག་བས་དགའ་གྲགས་རེས་འགའ་རྣ་བ་ལ་བཏགས། རེས་འགའ་འགུལ་དུ་བཏགས། རེས་འགའ་དཔྲལ་བར་བཏགས་ཅིང་མེ་ལོང་ལ་བལྟས་གང་ལེགས་ལེགས་དང་མཛེས་མཛེས་བྱས་སླར་བེ་བུམ་ཤུབས་སུ་བཅུག་སྟེ་སྔར་ལུགས་བཞིན་མི་མངོན་པ་བྱས། ལྷ་ཅིག་གི་བསམ་པ་ལ་གཡུ་གཞན་དེ་མེད་ཀྱང་དེ་དང་འདྲ་བ་ཅིག་འདུག་འདི་ཅིས་ཀྱང་ཐོབས་བྱེད་དགོས་བསམ་ཙ་ན། བླ་མ་ཕྱིར་བྱོན་པས་སྤྲང་པོ་ངན་ལོང་དབང་པོ་དང་ཡན་ལག་མི་བདེ་ཞིང་དབུལ་འཕོངས་མང་པོ་ཞིག་བླ་མའི་ནམ་ཟ་ལ་འཇུས་ནས་བླ་མ་རིན་པོ་ཆེ་ངེད་ངན་ལོང་དབུལ་པོ་རྣམས་ལ་སྦེད་ན་སྦེད་བདེ་བ་འཁུར་ན་ཡང་བ་འཚོང་ན་བཅུད་པའི་གནང་སྦྱིན་ཞིག་ཞུ་ཟེར་བས། བླ་མ་སྙིང་རྗེ་དྲག་པོ་འཁྲུངས་ནས་ངས་སྦྱིན་གྱི་ཁྱེད་རང་རྣམས་ཕོ་བྲང་གི་རྒྱབ་ཏུ་ཤོག་གསུངས་ནས་གཡག་སྡེ་ཞལ་མངའ་ནས་ཕུལ་བྱུང་བའི་གཡུ་ཆེན་པོ་སེང་གེ་འགྱིང་འདྲ་དེ་བེ་བུམ་ནང་ནས་བཏོན་ཏེ་ཟན་རྡོག་གཅིག་གིས་སྒྲིལ་ནས་ཁར་རྒྱབ་ལ་སྐྱུར་ཏེ་ཁྱེད་རྣམས་ཟན་དེ་འདིར་མ་ཟ་བར་གཞན་ཞིག་ཏུ་སོངས་ལ་ཟོ་ཞིག་གསུངས་པས། སྤྲང་པོ་ཁ་ཅིག་ན་རེ་བླ་མ་རས་ཆུང་པ་ཙམ་ལ་བརྒྱགས་མཐུད་ཞུས་པས་ཟན་ལྷག་

(༣༡༢)ཅིག་ལས་མི་ཡོང་བ་འདི་ཡང་འདིར་མ་ཟ་ཟེར་འདིས་ཅི་ཡོང་ད་ལྟ་རང་ཟོ་ཐོང་ཟེར། རྒན་པ་ཞིག་ན་རེ་བླ་མ་རས་ཆུང་པ་བྱ་བ་སངས་རྒྱས་དངོས་ཡིན་ཁོང་གི་གསུང་བཅག་པ་མི་གྲག་གང་ན་ཅི་ཡོད་ཀྱང་མི་ཤེས་ཟེར་ནས་འགོལ་ས་ཞིག་ཏུ་ཕྱིན་ནས་ཟན་ལྷག་དགོས་པས་ཟན་དེའི་དཀྱིལ་ནས་གཡུ་དམར་སེང་གེ་འགྱིང་འདྲ་དེ་བྱུང་པས་དབུ་རུ་བྱང་ཕྱོགས་སུ་ཕྱིན་ནས་བཙོངས་པས་འབྲོག་རུ་བརྔལ་ཟིན་ནས་སྤྲང་པོ་དེ་རྣམས་དབུལ་དང་བྲལ་དེ་སྤྲད་སྡེ་རུ་བ་བྱ་བ་བྱུང་སྐད་དོ། །དེ་ནས་སྐབས་ཤིག་གི་ཚེ་ཡར་ལུང་མདའ་ན་བྱས་གསེར་གྱི་ལྷ་ཁང་གི་རབ་གནས་བྱེད་པའི་སྟོན་མོ་དང་བལྟད་མོའི་ཁྲོམ་ཆེན་པོ་ཡོད། དེར་ཁྲོམ་ཐོག་སུས་ཆོད་འགྲན་པ་ཡིན་ཟེར་བས་དེ་ལ་ལྷ་ཅིག་བལྟད་མོ་ལ་འགྲོ་སྙམ་ནས། བླ་མ་རས་ཆུང་པ་ལ་ལྷ་ཅིག་གི་ཞུས་པ་བླ་མ་ལགས་ནང་པར་བལྟད་མོ་ལ་འགྲོ་བ་ཡིན་ཐུགས་དམ་སྔ་མོ་ཚར་བ་མཛད་པ་ཞུ། ངའི་ཡབ་ལ་རྟ་ཞོན་རྒྱུ་ནི་ཡོད། གོས་གོན་རྒྱུ་དང་རྒྱན་ཆ་འདོགས་རྒྱུ་ནི་ཡོད་པས། གཡོག་པོ་རྣམས་ཁྲིད། དབུ་སྐྲ་ལྕང་ལོ་ཧོར་འདྲར་ཀློད་པས། སྐྱེས་ཕོ་ཐོག་དེ་ཁྱེད་ཀྱི་ཆོད་པ་ཅིག་མཛོད། སྐྱེས་པའི་ལུས་སླངས་པ་ལ་ཁྱེད་ལས་ལེགས་པ་མི་ཡོང་། །བུད་མེད་ཀྱི་ལུས་སླངས་པ་ལ་ང་ལས་མཚར་བ་མེད་ངས་སྔར་ཡང་ཁྲོམ་

(༣༡༣)ཐོག་མང་དུ་བཅད་པ་ཡིན་ད་རེས་བླ་མ་ཡང་ཐེགས་པ་ཞུ་ཁྲོམ་ཐོག་ཀྱང་གཅོད་པ་ཡིན་ང་ལ་རྒན་རྒོན་གཉིས་ཀྱིས་ཕུལ་བའི་གཡུ་དེ་དང་། བླ་མའི་བེ་བུམ་ནང་ན་འདུག་པའི་གཡུ་དེ་གཉིས་ཀྱང་གཡར་པོ་ཞུ་ཟེར་ནས་ཞུ་བ་ཡང་ཡང་འབུལ་འདུག་པའི་ཕྱི་མ་ལ། བླ་མས་རྒན་རྒོན་གྱི་ཕུལ་བའི་གཡུ་དེ་མཛེ་པོ་དེ་ལ་སྦྱིན་ནས་མེད། འཆིང་ཁུག་ནང་གི་གཡུ་དེ་སྤྲང་པོ་ཐོགས་ཤིག་ལ་སྦྱིན་ནས་མེད་བུ་མོ་ཁྱོད་ཀྱི་སློང་པ་དེ་འཕྱིས་པ་ཡིན། །ཁྱོད་རང་བལྟད་མོ་ལ་འགྲོ་ན་སོང་། ང་ནི་གང་ལ་ཡང་མི་འགྲོ་བལྟད་མོ་རང་གི་སེམས་ལ་བལྟ་བ་འདི་ཆེ་བ་ཡིན་གསུངས་པས། གཡུ་སྦྱིན་པ་ཐོས་པས་ལྷ་ལྕམ་ཤིན་ཏུ་མ་དགའ་སྟེ་ངོ་མ་ནགས་ཤིང་བཞིན་བསྡུས་སྤྲང་པོ་ཁྱོད་རང་ཡིན་མོད་ཟེར་ཅིང་སོང་། དེ་ནུབ་བླ་མའི་དགོངས་པ་ལ་སྤྱིར་ནོར་རྫས་འདི་ཉོན་མོངས་པའི་གཞི་མ་སྡུག་བསྔལ་གྱི་མནོན་མར་འདུག་དགོས་ནོར་ཁམ་པོ་ཆེ་དེ་འདྲ་བས་འདི་ཕྱི་གཉིས་ཁར་དུ་སྡུག་བསྔལ་སྐྱེད་པར་འདུག་པས་དེ་སྦྱིན་ཟིན་པར་དེ་རང་ལེགས་འདུག །བུད་མེད་ཀྱི་རིགས་ནི་སེར་སྣ་ཆེ་གཡུ་ནོར་ལ་དད་ཆེ་བས་ལྷ་ཅིག་འདི་མ་དགའ་བ་འདུག །སྔར་ཡབ་བརྩད་པོ་འདི་གུས་པས་ངག་མ་ཆོགས་པ་ཡིན། ད་དགེ་སྦྱོར་གྱི་བར་ཆད་ལྟ་བུ་འདིས་ཀྱང་དགོས་པ་ཆུང་དགོངས་ཡོད་པ་

(༣༡༤)ལ། ལྷ་ཅིག་ཡང་འཕུང་དུ་ཐོབས་བསམ་བ་ལོག་པ་ཞིག་སྐྱེས་ཏེ་ངས་སྤྲང་པོ་གང་ནས་ཡིན་ཆ་མེད་པ་ཅིག་ལ་ཟས་ཀྱི་ཕུད་ཞིམ་དགུ་སྦྱིན། གོས་གང་ནས་བཟའ་བ་དང་ལེགས་པ་གཡོགས་རྒྱལ་སྲིད་མངའ་ཐང་ཐམས་ཅད་སྦྱིན་པ་ལ་ང་ལ་གཡུ་གཉིས་སྟེར་མི་ཕོད་པ་ངན་པ་བརྒྱགས་ནས་སྙམ་པའི་སེམས་ངན་པ་སྐྱེ་སྟེ་སྔར་གསོལ་བཟང་བ་དང་བཅུད་པ་ལྷ་ལྕམ་རང་གིས་འདྲེན་པ་ལ། དེའི་ནང་པར་དེ་ཚ་བ་སྔར་ལས་ལོང་པ་ཚོ་ཅིག་གཡོག་མོ་སྔ་མོར་ཞུ་བ་ལ་གཏང་བྱུང་བས་ཐུགས་དམ་མ་གྲོལ་བས་མ་བཞེས་པར་བཞག་ཡོད་པ་ལ། ལྷ་ཅིག་གི་ཞལ་ཏ་མས་གསོལ་ཆས་བསྡུད་དུ་ཡོངས་བསམ་བཞེས་པ་འདུག་པས་ཨ་མ་ལྷ་ཅིག་ལགས་ད་ནང་བླ་མས་གསོལ་མ་མཛད་པར་གདའ། བཞེས་མ་སྤྲོ་བ་མིན་ནམ་ཟེར་བྱུང་། དེར་ལྷ་ཅིག་ན་རེ་བཞེས་སྤྲོ་བ་ཅིག་ཞུ་ཡི་ཡ་གི་ཚོ་ལོང་ཤོག་ཟེར་དེར་སླངས་ནས་སོང་བས་དར་ཅིག་ན་ཕོ་སྐྱེས་ཐམས་ཅད་རྟ་ཞོན་མོ་སྐྱེས་ཐམས་ཅད་གཡུ་བཏགས་ནས་བལྟད་མོ་ལ་འགྲོ་ཡིན་འདུག་པས་ལྷ་ཅིག་འགྲོ་རིངས་པ་དང་གཡུ་མ་སྦྱིན་པས་ཚིག་པ་ལོག་ནས་སྤྲང་པོ་གང་ནས་ཡོངས་ཆ་མེད་པ་ཅིག་མི་ཁྱུར་བཅུག་པས་ད་འདི་འདྲ་བའི་རང་རྩིས་བྱེད་པར་འདུག་ཁོ་རང་ལ་ནོར་དུ་བྱ་བ་གཡུ་གཉིས་འདུག་པ་ནི་སྤྲང་པོ་ལ་སྦྱིན་ཟེར་སྤྲང་པོ་ཁོ་རང་ཡིན་མོད་ཟེར་ནས། སྡེར་གོ་གཅིག་ཏུ་སྤང་

(༣༡༥)ཟན་གཅིག་དང་གཡེར་ཆབ་ཅན་གང་ཕོར་གོག་ཅིག་ཏུ་ལོ་ཚོད་ཚ་མེད་རྡོར་མེད་ཡལ་མེད་པ་ཞིག་བླུག་སིང་སྐྱུར་ཧུགས་པ་ཀྲོ་མ་ཅན་རྫ་ཕོར་གང་རྣམས་ཁྱེར་ནས་བྱུང་སྟེ། ངས་ཤ་ཆང་དང་ཇ་སྤུར་སྦྱིན་པ་མི་ཟ་ན་སྤྲང་པོའི་ཟ་རྒྱུ་འདི་ཡིན་འདི་ཟོ་ཟེར་ནས་མདུན་དུ་བཞག་ནས་སོང་ངོ་། བླ་མ་རས་ཆུང་པས་གཟིགས་པས་དེ་ལས་རྟེན་འབྲེལ་ལེགས་པོ་ཞིག་ཤར་བྱུང་གསུང་། དར་ཅིག་ན་ལྷ་ཅིག་ན་རེ་དེ་ཚོ་ཨེ་གསོལ་འདུག་ཟེར་གཡོག་མོ་ན་རེ་མ་བཞེས་པ་འདུག་ཟེར། དེར་ལྷ་ཅིག་གླང་དཀར་གྱི་རྒྱུག་པ་ཅིག་ཁྱེར་ནས་ཟངས་ཀྱི་བྱུང་། མོའི་བསམ་པ་ལ་ཕ་གི་ལངས་བྱུང་ན་ངས་མི་ཐུབ་པས་ལངས་ལོང་མེད་པར་བྱ་དགོས་བསམ་ནས་འཕུལ་རྡེག་ལངས་མི་ཁོམ་པ་ལན་གསུམ་རྒྱབ། མོས་དཀྲུག་དཀྲུག་བྱས་པས་ཚར་ཐུལ་ཅིག་ཡོད་པ་དེ་ལ་ཁའི་བྱ་སྤུ་འཐོར་བ་ལྟར་སོང་། དེར་སྐུ་གཅེར་བུར་ལུས་པ་ལ། སྡེར་གོག་དང་སྤང་ཟན་དབུ་ལ་རྒྱབ་གཡེར་ཆབ་དང་སིངས་སྐྱུར་དང་ལོ་ཚོད་སྐུ་ལ་གཏོར། གླང་མཁར་དེ་སྐུ་ལུས་ལ་སྙེ་མ་བརྡུང་པ་ལྟར་ལན་མང་དུ་སྣུན་པས་དེ་ཡང་དུམ་བུ་གསུམ་དུ་ཆག་རུས་མགོ་མཐོ་མཐོ་ཐམས་ཅད་བཅོམ་སྨ་ཤུས་ཀྱི་གང་བས་ཁྲག་འབུ་རེ་བ་བྱུང་བས། བླ་མའི་དགོངས་པ་ལ་ལན་བྱས་ན་དམ་ཚིག་ཉམས། ང་དང་པོར་བླ་མའི་

(༣༡༦)དྲུང་ནས་ཡོངས་དུས་འཇིག་རྟེན་པའི་ཁྱི་མོ་ཅིག་གིས་འཛིན་ཅིང་བར་ཆད་བྱེད་པར་འདུག་གསུང་པ་ཡང་འདི་ཡིན་པར་འདུག །ད་འདིར་སྡོད་པ་ལས་འགྲོ་བ་འཐད་དགོངས་ནས་ལྷ་ལྕམ་གྱི་ཞུས་པའི་ན་བཟའ་བཟང་ལ་མང་བ་རྣམས་བཞག །རང་གི་ན་བཟའ་རས་རྐྱང་ཅིག་ཡོད་པ་གསོལ་རྒྱ་གར་གྱི་པཎ་ཞུ་དབུ་ལ་བཞེས་བ་མེན་གྱི་རྭ་ཅོ་དང་གྲ་ཆུང་རྒྱབ་ཏུ་ཁུར་སྦ་མཁར་ཕྱག་ཏུ་བསྣམས་ཀ་བའི་བར་ན་བེ་བུམ་ཡོད་པ་སྟོན་ནས་འབྱོན་པར་འཆས་པས། ཡང་ལྷ་ཅིག་གི་བསམ་པ་ལ་འདི་ཆགས་མེད་ཞེན་མེད་ཅིག་ཡིན་བསམ་བྱོན་དོགས་པས། བེ་བུམ་འདི་ལ་ཚིགས་ཆེ་བར་ཡོད་པས་འདི་ཕྲོགས་ན་སྡོད་ཡོང་སྙམ་ནས་བེ་བུམ་ལ་ཐེན་པས་ལུང་ཐག་ཆད་ནས་ལྷ་ཅིག་གི་ལག་ཏུ་བེ་བུམ་ཤོར། དེར་བླ་མའི་དགོངས་པ་ལ་སྙན་རྒྱུད་ཡི་གེ་མེད་པའི་ཆོས་ཡོད་པ་ལ་ལུས་མེད་མཁའ་འགྲོའི་ཆོས་བེ་བུམ་རྣམས་གང་འདོད་དུ་ཁྱེར་སྙམ་དུ་དགོངས་ནས་བྱོན་པས། ཡང་ལྷ་ཅིག་གི་བསམ་པ་ལ་ཁོང་དང་པོ་ནས་ཆགས་ཞེན་གང་ལ་ཡང་མི་མཛད་པ་འདུག་པ་ལ་ད་ལན་ཡང་གཡུ་སྤྲང་པོ་ལ་སྦྱིན་པས་ངས་ལོག་པའི་བསམ་པ་དེ་ལྟར་སྐྱེས་པས་ལན། ད་བཞུགས་པར་ཞུ་དགོས་བསམ་ནས་ཕྱག་བཙལ་ཏེ་བླ་མ་རིན་པོ་ཆེ་ང་ཡི་སྙིང་ལ་འདྲེ་ཞུགས་པ་ཡིན་བཞུད་པས་

(༣༡༧)ག་ནས་འོང་བཞུགས་པར་ཞུ་ཟེར་བས་མགུར་འདི་གསུངས་སོ། ༈ །བདེན་ནོ་བདེན་ནོ་ལྷ་ལྕམ་མ། །སློབ་མ་ངན་པ་དད་མེད་དང་། །གྲོགས་ངན་ཁྲེལ་མེད་འདི་དང་གཉིས། །གཤིས་ངན་གཞུང་ངན་འདི་དང་གསུམ། །སྤང་ན་བདེ་བ་འདི་གསུམ་ཡིན། །རྣལ་འབྱོར་མི་སྡོད་རྣལ་འབྱོར་འགྲོ། །ང་ཡིད་གསལ་བའི་ཚུལ་ཁྲིམས་དང་། །དགེ་བ་འཕེལ་བའི་བརྩོན་འགྲུས་དང་། །མཚན་མ་སྤྱོད་པའི་ཤེས་རབ་གསུམ། །བསྒྲུབ་ན་བདེ་བ་འདི་གསུམ་ལགས། །ལུས་བདེ་བྱེད་པའི་སློབ་མ་དང་། །སེམས་བདེ་བྱེད་པའི་བླ་མ་དང་། །ངག་བདེ་བྱེད་པའི་གྲོགས་པོ་གསུམ། །འགྲོགས་ན་བདེ་བ་འདི་གསུམ་ལགས། །གནས་བདག་འཛིན་མེད་པའི་རི་ཁྲོད་དང་། །ཟས་ཞེན་ཆགས་མེད་པའི་ལྡུམ་བུ་དང་། །གོས་དྲང་དྲོ་མེད་པའི་རས་གོས་གསུམ། །བརྟེན་ན་བདེ་བ་འདི་གསུམ་ལགས། །ཁྱོད་ཉོན་དང་ལྷ་ལྕམ་ཡུས་མོ་ཆེ། །ང་ཕྱི་ཡིས་བླ་མ་འཚོལ་འཚོལ་ནས། །ནང་གི་བླ་མ་སྟོར་ཏེ་ཐལ། །ཡིག་ཆུང་ཤོགས་ལེགས་འདེབས་འདེབས་ནས། །རྒྱུད་པའི་མན་ངག་སྟོར་ཏེ་ཐལ། །རྩ་རླུང་ལུས་ལ་སྦར་སྦར་ནས། །སེམས་ཉིད་རྣལ་མ་སྟོར་ཏེ་ཐལ། །གཞན་གྱི་ངོ་བསྲུངས་བྱེད་བྱེད་ནས། །སྤྱོད་པ་ལྷུག་

(༣༡༨)པ་སྟོར་ཏེ་ཐལ། །ལུས་ཀྱི་དགེ་རྩ་བྱས་བྱས་ནས། །མི་རྟོག་ཡེ་ཤེས་སྟོར་ཏེ་ཐལ། །ལས་ཀྱི་ཕྱག་རྒྱ་ བརྟེན་བརྟེན་ནས། །གཏུམ་མོའི་ཡེ་ཤེས་སྟོར་ཏེ་ཐལ། །ཁྱོད་དམ་ཚིག་མེད་པའི་བུད་མེད་དང་། །ང་སྐད་ཅིག་ཙམ་ཡང་འགྲོགས་མི་ཁོམ། །གསུངས་ནས་བརྩད་པོ་དང་ཡོན་མཆོད་དུ་འགྲེལ་ནས་ཡང་ལོ་ཕྱེད་དང་བཞི་ཙམ་སོང་འདུག་ད་བར་དུ་འབྲེལ་པ་ཟབ། །ད་ཁྱེད་རྣམས་སྐྱིད་པར་གྱིས་ཤིག་གསུང་ནས་འབྱོན་པར་འཆས་གཟིམ་ཆུང་ནས་བྱོན་པས་ཡང་ལྷ་ལྕམ་གྱི་གཟིམ་ཆུང་གི་ཕྱིར་བླ་མའི་ན་བཟའ་ལ་བཟུང་ནས་བླ་མ་རིན་པོ་ཆེ་སྔར་འགྱོད་པའི་ལས་བྱས་པ་ལ་བཤགས་པ་བྱེད་དེ་ང་མི་འདོར་བ་མཁྱེན་མཁྱེན་ཟེར་ནས་ཆི་མ་འདོན་ཞིང་ན་བཟའ་ནས་འཐེན་ཅིང་འདུག་པ་ལ། ཡང་བླ་མས་མགུར་འདི་གསུངས་སོ།། ༈ །།བདག་ཟེར་བ་ཉོན་དང་རང་མཐོང་ཅན། །ང་ལྷ་ཅིག་མིང་ལ་ཉན་ཉན་ནས། །གྲོགས་བདུད་མོ་ཞིག་གིས་ངོ་ཁྱེར་བྱས། །གནས་རི་ཁྲོད་སྤངས་ནས་གྲོང་ཡུལ་འགྲིམས། །སྔ་གོང་གྲོང་ཡུལ་འགྲིམས་པས་ང་རེ་འགྱོད། །ད་ནི་གྲོང་ཡུལ་མི་འགྲིམ་མོ། །ཕ་བླ་མ་སྤངས་ནས་བརྩད་པོ་བསྟེན། །བརྩད་པོ་བརྟེན་པས་ང་རེ་འགྱོད། །ད་ནི་བརྩད་པོ་མི་བརྟེན་ནོ། །མ་མཁའ་འགྲོ་སྤངས་ནས་ལྷ་ཅིག་བརྟེན། །ལྷ་ཅིག་བརྟེན་

(༣༡༩)པས་ང་རེ་འགྱོད། །ད་ནི་ལྷ་ཅིག་ མི་བརྟེན་ནོ། །མཆེད་གྲོགས་སྤང་ནས་བློན་འབངས next hit་བསྟེན། །བློན་འབངས་བརྟེན་པས་ང་རེ་འགྱོད། །ད་ནི་བློན་previous hit འབངསམི next hit་བརྟེན་ནོ། །གོས་རས་གོས་བཞག་ནས་ཚར་ཐུལ་གྱོན། །ཚར་ཐུལ་གྱོན་པས་ང་རེ་འགྱོད། །ད་ནི་ཚར་ཐུལ་མི་གྱོན་ནོ། །འཚོ་བ་འཕྲལ་ཚིད་བཞག་ནས་བསོག་འཇོག་བྱས། །བསོག་འཇོག་བྱས་པས་ང་རེ་འགྱོད། །ད་ནི་བསོག་འཇོག་མི་བྱེད་དེ། །སྣོད་ཐོད་ཕོར་སྤངས་ནས་དཀར་ཡོལ་བརྟེན། །དཀར་ཡོལ་བརྟེན་པས་ང་རེ་འགྱོད། །ད་ནི་དཀར་ཡོལ་མི་བརྟེན་ནོ། །ཆོས་སྙན་རྒྱུད་བཞག་ནས་བེ་བུམ་བརྟེན། །བེ་བུམ་བརྟེན་པས་ང་རེ་འགྱོད། །ད་ནི་བེ་བུམ་མི་བརྟེན་ནོ། །སྦ་མཁར་བཞག་ནས་གྱི་ལོང་ཞོན། །སྔར་རྟ་ཕོ་ཞོན་པས་ང་རེ་འགྱོད། །ད་ནི་རྟ་ཕོ་མི་ཞོན་ནོ། །སྔ་མ་ལས་ཀྱི་རོ་མྱོང་བས། །ད་ནི་རྣལ་འབྱོར་མི་སྡོད་འགྲོ། །གསུང་ནས་བྱོན་པས་སྟེང་ཁང་དུ་ཕེབས་དུས་སུ་ལྷ་ཅིག་གི་བསམ་པ་ལ་འདི་ངེས་པར་བྱོན་པའི་རིགས་སུ་འདུག་བསྙམ་ནས་ཁྱེད་ཆོས་པ་ལ་བྱམས་སྙིང་རྗེ་དགོས་པ་ཡིན་བྱང་ཆུབ་སེམས་དཔའ་ལ་འཁྲོ་བ་མངའ་སྟེ་འཛིན་པ་མི་མངའ་དགེ་སློང་གི་བློ་ཞུན་མར་ལྟ་བུ་བྱ་བ་ཡིན། །ཐུགས་ཕབ་ནས་བཞུགས་དགོས་ཞུས་པའི་དུས་སུ་འོ་རེ་རྒྱལ་གྱི་མགུར་

(༣༢༠)འདི་གསུངས་སོ།། ༈ །།ང་གངས་སྟོངས་སེང་གེའི་རིགས་སུ་སྐྱེས་སྐྱེས་ནས། །ཁྱི་རྒན་རྒྱ་བོའི་ཚང་ན་འོ་རེ་རྒྱལ། །དུམ་བུ་སྙིང་དཀར་གྱི་རིགས་སུ་སྐྱེས་སྐྱེས་ནས། །སྤྲེ་རྒན་རྒྱ་བོའི་ཚང་ན་འོ་རེ་རྒྱལ། །བྲག་སྟོང་བྱ་རྒྱལ་རིགས་སུ་སྐྱེས་སྐྱེས་ནས། །ཁྱིམ་བྱ་དེ་ཕོའི་ཚང་ན་འོ་རེ་བརྒྱལ། །ང་མདོ་པ་རྟའི་རིགས་སུ་སྐྱེས་སྐྱེས་ནས། །ཆོ་རོང་བུང་བུའི་ཚང་ན་འོ་རེ་རྒྱལ། །བྱང་ཁམས་འབྲོང་པོའི་རིགས་སུ་སྐྱེས་སྐྱེས་ནས། །གླང་བུ་གྲེ་པོའི་ཚང་ན་འོ་རེ་བརྒྱལ། །བླ་མ་རྗེ་བཙུན་གྱི་སྲས་སུ་འཁྲུངས་འཁྲུངས་ནས། །སྐྱོར་ལྡེམ་བརྩད་བོའི་ཁྱིམ་ན་འོ་རེ་བརྒྱལ། །ང་གནས་གསུམ་མཁའ་འགྲོའི་ཕྱག་རྒྱ་བརྟེན་བརྟེན་ནས། །བདུད་མོ་ནག་མོའི་ལག་ན་འོ་རེ་བརྒྱལ། །ཁྱོད་མི་རུ་མི་འདུག་བདུད་དུ་འདུག །འཐེན་ཐེན་མ་མང་རས་གོས་རལ་ནས་འགྲོ། །གསུང་ནས་ཤད་དེ་བྱོན་པས་བར་ཁང་དུ་བབས། །ཡང་ལྷ་ཅིག་བྱུང་ནས། ན་བཟའི་ཐུ་བ་ནས་བཟུང་ནས། མ་གོ་མ་རིག་འཁྲུལ་དང་གསུམ། །འཇིག་རྟེན་འདི་ན་འཚང་རེ་ཆེ་བྱ་བ་ལགས་མོད། །ང་རང་དམ་ཚིག་གི་བཤགས་པ་ཡང་བྱེད་ཞུས་ཀྱང་མ་གསན་པར་ནམ་ཟའི་ཐུ་བ་དཀྲུགས་ནས་བྱོན་པས་འོག་ཁང་དུ་ཕེབས། །ཡང་ལྷ་ཅིག་གི་བསམ་པ་ལ་རྣལ་འབྱོར་པ་འདི་ཐུགས་འུ་ཐུག་འདུག་པས་ངས་བཤོལ་ཅིག་འདེབས་དགོས་

(༣༢༡)བསམ་ནས་བཤོལ་འདེབས་ཀྱི་གླུ་འདི་ཕུལ་བར་གདའ། །རྗེ་གསོན་དང་དགོངས་ངང་རས་ཆུང་པ། །ཐུགས་མ་རིངས་སློད་ལ་བཞུགས་པ་ཞུ། །བུ་མོ་ལ་ཡབ་ཀྱི་བཀའ་སྐྱོན་ཡོང་། །ཡུལ་གངས་སྟོད་ཀྱི་སེང་གེ་དཀར་མོ་དེ། །གངས་སྨད་ཀྱི་རླུངས་སུ་མི་འབབས་ཀྱང་། །གངས་སྟོད་ཀྱི་རྒྱན་དུ་བཞུགས་པ་ཞུ། །གཡུ་རལ་ལེགས་པོ་དེ་ངོམ་ཞིང་བཞུགས་པར་ཞུ། །ཡུལ་ནགས་སྟོད་ཀྱི་སྟག་མོ་རི་ཁྲ་དེ། །ནགས་སྨད་ཀྱི་རླུངས་སུ་མི་འབེབས་ཀྱང་། །ནགས་སྟོད་ཀྱི་རྒྱན་དུ་བཞུགས་པར་ཞུ། །གྲ་འཛུམ་ལེགས་པོ་དེ་ངོམ་ཞིང་བཞུགས་པར་ཞུ། །བྲག་སྟོད་ཀྱི་བྱ་རྒྱལ་རྒོད་པོ་དེ། །བྲག་སྨད་ཀྱི་རླུངད་སུ་མི་འབེབས་ཀྱང་། །བྲག་བསྟོད་ཀྱི་རྒྱན་དུ་བཞུགས་པར་ཞུ། །དང་རུ་ལེགས་པོ་དེ་ངོམ་ཞིང་བཞུགས་པར་ཞུ། །སྟོད་གུང་ཐང་གི་རས་ཆུང་རྡོར་གྲགས་ཁྱེད། །ང་ལྷ་ལྕམ་གྱི་སྟེང་དུ་མི་འབེབས་ཀྱང་། །ཡབ་སྐྱོར་ལྡེམ་གྱི་མཆོད་གནས་ལ་བཞུགས་པར་ཞུ། །དམ་ཆོས་བལྟ་སྒོམ་དེ་ངོམ་ཞིང་བཞུགས་པར་ཞུ། །ཞུས་ཀྱང་མ་གསན་པར་སྐས་ཀྱི་བཤམ་ནང་སྒོ་ཙར་ཕྱགས་ཕེབས། །ཡང་ལྷ་ལྕམ་སྐས་ལ་འཕྱོང་མ་བྲུལ་བྱས་ནས་ཁྱམས་ཤིག་ཡོད་པའི་ནང་དུ་བླ་མའི་ན་བཟའ་ལ་འཇུས་ནས། །ལྷ་ཅིག་གི་བསམ་པ་ལ་སྒོ་འདི་ནས་ཐོན་ན་ཕྱི་ན་མི་མང་པོ་ཡང་ཡོད། །སྒོ་ཡན་ཆད་འདི་ལ་ཨེ་

(༣༢༢)ཁེགས་ལྟ་དགོས་སྙམ། རྐང་པ་ཐེན་པ་ལ་གཏད་ལག་པས་ན་བཟའི་ཐུབ་ནས་དམ་པར་འཇུས་ཏེ་བླ་མ་རིན་པོ་ཆེ་བཞུགས་པ་ཞུ་ཟེར་ཞིང་ཡུས་ཀྱི་མནགས་བཞིན་དུ་ངུ་བ་ལ་བླ་མའི་ཉེ་གནས་རིན་ཆེན་གྲགས་ཡང་དོན་གཉེར་དུ་སོང་པ་ལོག་བྱུང་པས། དེར་ལྷ་ལྕམ་ན་རེ་ཉེ་གནས་བླ་མ་ལ་བཞུགས་པར་ཞུ་རོགས་བགྱིས་དང་ཟེར་བ་ལ་ཉེ་གནས་ཀྱིས་བླ་མ་ལ་ཕྱག་ཕུལ་ནས་བླ་མ་ལགས། བླ་མ་བཟོད་པའི་རང་བཞིན་ཡིན་པ་ལ་ཚིག་ངན་དམ་དུམ་བྱུང་ཡང་བཟོད་པ་མཛད་ནས་བཞུགས་པ་ཞུ། །ཨ་མ་ལྷ་ལྕམ་གྱི་ཡང་ཞབས་རྟོག་འབུལ་བ་ཞུ། །ཅིས་ཀྱང་ཐེགས་ནའང་ཐུགས་ལོག་པའི་ངང་ལ་གཅིག་པུར་ཐེགས་ན་མི་ཡོང་པས་ང་ཉེ་གནས་ཀྱང་ཕྱག་ཕྱི་བྱེད་པས་འཁྲིད་པ་ཞུ། འབྱོན་པའི་དུས་ཀྱང་བསོད་ནམས་ཆེན་པོ་ཡོད་པས་རྒྱལ་པོས་རྫོང་ང་བྱེད་ཡུལ་མི་རྣམས་ཀྱི་ཡང་སྐྱེལ་ཐུང་བྱེད་ཡོད་པས་སུས་ཀྱང་མ་ཚོར་བར་འབྱོན་པ་མི་འཐད་པས་ཅིས་ཀྱང་བཞུགས་པ་ཞུ་ཟེར་ནས་ནན་ཆེར་ཞུས་པ་ལ་བླ་མས་མགུར་འདི་གསུངས་སོ།། ༈ །།ང་ཟེར་བ་ཉོན་དང་རིན་ཆེན་གྲགས། །ད་ནང་དུས་ཀྱི་སྔ་དྲོ་ལ། །ལས་ངན་བདུད་མོའི་བར་ཆད་བྱུང་། །བར་ཆད་བདུད་མོའི་སྤྱོད་འགྲོས་ཀྱིས། །དམ་ཚིག་སོ་ཁའི་མཁར་པོ་འགྱེལ། །བྱིན་རླབས་གསེར་གྱི་གཉའ་ཤིང་ཆག །སྐུ་ཤ་དར་དཀར་གྱི་ཡོལ་བ་རལ། །སྐུ་མཚལ་ཚེའི་

(༣༢༣)རང་བཞིན་ཐོན། །ཤིང་དཀར་ལྕང་མའི་དབྱུག་པ་ཡི། །རུས་མགོ་མཐོ་མཐོ་ཁད་ཀྱི་མཉམས། །བླ་མ་བརྡུང་བའི་ཐོ་མོ་ཆེ། །རང་རྒྱུད་སྲིག་པའི་མེ་ཚ་མཁན། །སྦར་བཤད་བརྒྱག་པའི་སྡེར་སྣོ་མ། །ཚིག་ངན་སྨྲ་བའི་ཁ་བདེ་མ། །མིག་ལོག་བྱེད་པའི་ཡུས་མོ་ཆེ། །ལས་བྱས་པ་ཡོད་དོ་རིན་ཆེན་གྲགས། །ངས་ཕུ་ཧའོ་ཡི་གངས་ལ་བལྟས་བལྟས་ནས། །མདའ་ས་ཆུ་དྲོས་པ་ངས་མ་ཚོར། །མདའ་ནེ་ཁ་སྔོ་ལ་བལྟས་བལྟས་ནས། །ཕུ་སྤང་ཁ་ལོག་པ་ངས་མ་ཚོར། །རྒྱལ་པོའི་བཙན་མཁར་བཟུང་བཟུང་ནས། །རི་ཁྲོད་བརྗེད་པ་ངས་མ་ཚོར། །རྒྱལ་པོའི་ངོ་བསྲུངས་བྱེད་བྱེད་ནས། །བླ་མ་བརྗེད་པ་ངས་མ་ཚོར། །བློན་འབངས་བློ་དང་བསྟུན་བསྟུན་ནས། །མཆེད་གྲོགས་བརྗེད་པ་ངས་མ་ཆོར། །ཤ་ཆང་ཞི་མ་ལྟོ་གསོལ་གསོལ་ནས། །དཀའ་ཐུབ་བརྗེད་པ་ངས་མ་ཚོར། །ལྷ་ཅིག་གདོང་ལ་བལྟས་བལྟས་ནས། །མཁའ་འགྲོ་བརྗེད་པ་ངས་མ་ཚོར། །ཐེར་ཕྲུག་འཇམ་གོས་གྱོན་གྱོན་ནས། །རས་གོས་བརྗེད་པ་ངས་མ་ཚོར། །ཡར་ལུངས་ལྕང་མའི་གླིང་ལ་བསྡོད་སྡོད་ནས། །རས་ཆུང་བདུད་མོས་སླུས་པ་ངས་མ་ཚོར། །བུ་ང་ནི་སྐྱོ་བས་ཁོ་ཐག་ཆོད། །རིན་ཆེན་གྲགས་གཤེགས་དང་ལྷ་ཆོས་བྱེད། །བདག་རྒྱལ་པོ་སྤངས་ནས་བླ་མ་བསྟེན། །བླ་

(༣༢༤)མ་ལ་གསོལ་བ་འདེབས་ཤིང་འགྲོ། །གནས་གྲོང་ཡུལ་སྤངས་ནས་རི་ཁྲོད་འགྲིམ། །ཕུག་པ་སྟོང་པར་ཉལ་ཞིང་འགྲོ། །གོས་ཚར་ཐུལ་སྤངས་ནས་རས་གོས་གྱོན། །གངས་དཀར་ལྟོངས་སུ་ཉལ་དུ་འགྲོ། །གྲོགས་ལྷ་ཅིག་སྤངས་ནས་མཁའ་འགྲོ་བསྟེན། །གྲོགས་རང་བྱུང་ཡེ་ཤེས་འགྲོགས་ནས་འགྲོ། །སྣོད་དཀར་ཡོལ་སྤངས་ནས་ཐོད་ཕོར་འཛིན། །གང་དགའ་སྣོད་དུ་འཁྱེར་ཞིང་འགྲོ། །ཟས་གསོག་འཇོག་སྤངས་ནས་འཕྲལ་ཕྱིད་བྱེད། །རོ་སྙོམས་ལྡུམ་བུ་བྱེད་ཅིང་འགྲོ། །གྱི་ལིང་སྤངས་ནས་སྦ་མཁར་བརྟེན། །རྣམ་ཤེས་རླུང་ལ་ཞོན་ནས་འགྲོ། །རིན་ཆེན་གྲགས་གཤེགས་དང་ལྷ་ཆོས་བྱེད། །གསུངས་ནས་འབྱོན་པར་ཐུགས་ཐག་ཆོད་ནའང་ད་རུང་ལྷ་གཅིག་གི་ན་བཟའ་མ་བཏང་། རིན་ཆེན་གྲགས་ཀྱིས་ད་དུང་ནན་གྱིས་བཞུགས་པར་ཞུས་པས་བླ་མའི་ཞལ་ནས་རིན་ཆེན་གྲགས་ཁྱོད་ལ་གོ་རྒྱུ་མི་འདུག་དམ་ཚིག་ཉམས་པའི་མི་དང་ཁྱིམ་གཅིག་ཏུ་སྡོད་མི་དགོས་ལུང་བ་གཅིག་གི་ཆུ་བཏུང་ན་ཡང་ངན་སོང་མནར་མེད་དུ་སྐྱེ་བ་ཡིན། ད་ང་ནི་མི་སྡོད་ཁྱོད་རང་ང་དགའ་ན་ངའི་ཕྱི་ལ་ཤོག །ལྷ་ལྕམ་དགའ་ན་འདིར་སྡོད་གསུང་ནས་ན་བཟའ་རས་ཆུང་པ་གང་ལྷ་ལྕམ་ལ་བཞག་ནས་བྱོན་སོང་ངོ་། ཡང་ལྷ་ལྕམ་གྱི་ཤི་མ་ཤི་མེད་པར་བརྒྱུགས་པས་རྒྱལ་སྒོ་ཆེན་

(༣༢༥)མོའི་ཐེམ་པའི་ཁར་ལྷ་ཅིག་གི་བླ་མའི་ན་བཟའ་ལ་ཟིན་པས་དེར་ལྷ་ལྕམ་གྱི་གྲོང་པ་རྣམས་དང་ཡུལ་མི་མང་པོ་ལ་བོས་ནས་བླ་མ་ལ་བཤོལ་ཐོབ་ཟེར་ཞིང་སྤྲན་པས་མི་མང་དུ་འཚོགས་བྱུང་པ་ལ། རིན་ཆེན་གྲགས་ནང་ནས་བླ་མའི་བཞུགས་གདན་དང་བེ་བུམ་སོགས་ཁྲེས་པོ་བཅས་ནས་བླ་མའི་ཕྱག་ཕྱི་ལ་འགྲོ་ཟེར་བྱུང་བས་ལྷ་ལྕམ་གྱི་བསམ་པ་ལ་བླ་མ་སངས་རྒྱས་ལྟ་བུ་འདི་ང་རང་གི་བཏོན། ཉེ་གནས་དེ་དང་འདྲ་བ་ཅིག་ཡོད་པའང་བླ་མའི་ཕྱག་ཕྱི་ལ་འགྲོ་བ་འདུག་སྙམ་ནས། ཉེ་གནས་ལྷ་ལྕམ་སྒྲིབ་པ་ཅན་ངའི་རོགས་མཛོད་ལ་བླ་མ་ལ་གསོལ་བ་ཐོབ་དང་ལ་འུར་བཞུགས་ཞུས་དང་ཟེར་སྐད་ཆེན་པོ་དང་བཅས་པས་དུ་ཞིང་མི་ཐམས་ཅད་ལ་སྦྲན་པས། དེར་ཉེ་གནས་ཀྱིས་ཀྱང་ཁྲེས་པོ་ཕོག་ནས་བླ་མའི་དྲུང་དུ་ཕྱིན་ཏེ་བླ་མ་རིན་པོ་ཆེ་ཅི་ནས་ཀྱང་བཞུགས་པ་ཞུ་ཞུས་པས་དང་ཡུལ་previous hit མི་དང་གྲོང་པ་འབངས next hit་བློན་པོ་ཐམས་ཅད་ཀྱི་ཞུ་བ་ནན་དུ་ཕུལ་ནས་བཞུགས་པར་ཞུས་པས། ཁོང་རྣམས་ལ་བླ་མས་མགུར་འདི་གསུངས་སོ།། ༈ །།རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྐྱེན་བར་ཆད་སེལ་བར་བྱིན་གྱིས་རླབས། །ཉོན་དང་ཡོན་བདག་ཕོ་མོ་རྣམས། །ལས་བྱས་པ་ཡོད་དོ་བདུད་མོ་འདིས། །ཟེར་བ་ཡོད་དོ་འཕུང་མོ་འདིས། །བྱུང་བ་ཡིན་ནོ་རིན་

(༣༢༦)ཆེན་གྲགས། །གཏི་མུག་ཕག་གི་སྦུད་ཟུར་གྱིས། །འཕུལ་རྒྱག་ལངས་ལོང་མེད་པར་བྱས། །ཞེ་སྡང་དྲེད་མོའི་སྦར་བཤད་ཀྱི། །ཚར་ཐུལ་ལ་གའི་བྱ་སྤུ་མཐོར། །ཚ་མེད་ཚོད་མའི་སྐུ་དཀར་གྱིས། །རྣལ་འབྱོར་གོས་མེད་ལུས་པོ་སྲེགས། །ཤིང་དཀར་ལྕང་མའི་རྒྱབ་བརྡུངས་ཀྱིས། །གཡས་གཡོན་རེ་མོས་སླངས་ཀྱིན་རྒྱབ། །ངན་སྨས་ཚིག་གི་མཚོན་ཆ་ཡིས། །བདག་སེམས་སྙིང་གི་ཤའུ་གནང་། །འདོད་ཆགས་སྲིན་མོའི་ང་རྒྱལ་གྱིས། །རྣལ་འབྱོར་བེ་བུམ་དགྲ་ལ་གཤོར། །ལན་པོ་བྱས་ན་དམ་ཚིག་ཉམས། །རིན་ཆེན་སྲོག་དང་དོ་བྲལ་བྱུང་། །མི་ཚེ་འདི་ལས་ཕྱི་མ་རིང་། །སྔ་མ་ཤི་བའི་རོ་མཐོང་ན། །ཕྱི་མ་སྐྱོ་བ་སྒྱིད་པ་སྐྱུར། །ད་དུང་ཉོན་དང་ཡོན་བདག་རྣམས། །རྒྱལ་ཁམས་ཀྱི་རྣལ་འབྱོར་རས་པ་ངས། །ཇི་ཙམ་པའི་དབང་བསྐུར་ཞུ་མྱོང་སྟེ། །རྫ་ཕོར་གྱི་དབང་བསྐུར་ཞུ་མ་མྱོང་། །ཇི་ཙམ་པའི་གདམས་ངག་ཞུ་མྱོང་ཡང་། །སྤང་ཟས་ཀྱི་གདམས་ངག་ཞུ་མ་མྱོང་། །ཇི་ཙམ་པའི་བྱིན་རླབས་ཞུ་མྱོང་ཡང་། །ཤིང་དཀར་གྱི་བྱིན་རླབས་ཞུ་མ་མྱོང་། །ཇི་ཙམ་པའི་ཁྲུས་ཤིག་བྱེད་མྱོང་ཡང་། །སིང་སྐྱུར་གྱི་སྐུ་ཁྲུས་བྱེད་མ་མྱོང་། །ཇི་ཙམ་པའི་གོས་ཤིག་གོན་མྱོང་སྟེ། །ལོ་མའི་སྡོ་ཐུལ་གྱོན་མ་མྱོང་། །ཇི་ཙམ་པའི་མེ་ཏོག་མཐོང་མྱོང་སྟེ། །ཐལ་བའི་མེ་ཏོག་འཐོར་མ་མྱོང་། །སྐུ་དཀར་ཇི་

(༣༢༧)ཙམ་པས་གསོལ་མྱོང་སྟེ། །གཡེར་ཆུའི་སྐུ་དཀར་གསོལ་མ་མྱོང་། །ལས་སྤྱོད་པ་ངན་ནོ་འཁོར་བ་པ། །གཞུང་འགྲོགས་ཀྱིན་ངན་ནོ་ཁྱིམ་ཐབ་པ། །ལས་བྱས་ཀྱིན་སྡུག་གོ་སོ་ནམ་མཁན། །ཕན་བཏགས་ཀྱིན་སྡང་ངོ་ཁྲེལ་མེད་མ། །ད་བསམས་ཤིང་འགྱོད་དོ་རས་ཆུང་པ། །ཤོ་མོ་ཐེན་ཐེན་མ་མང་རས་གོས་རལ། ཞེས་གསུངས་པས། ལྷ་ཅིག་ནི་བླ་མའི་ཞལ་རས་ལ་བལྟ་ཞིང་དུ། མི་གཞན་རྣམས་ཀྱང་ལྷ་ཅིག་ལ་ཁྲེལ་འདེབས་བླ་མ་ལ་བཞུགས་པར་ཞུ་ཞིང་དབུགས་རིང་ནར་ནར་བྱེད། སླར་ཡང་ཁོང་རྣམས་ན་རེ་བླ་མ་རིན་པོ་ཆེ་ལྷ་ཅིག་འདི་ཡང་ཡབ་བརྩད་པོའི་བུ་དོད་བྱས་རྩིས་ཆེ་བས་རང་མཐོང་དང་རང་རྩིས་ཆེ་བས་ད་ལན་བླ་མ་ལ་སྐུར་པ་ཤོར་འདུག །ད་ལྷ་ཅིག་ལ་བཤགས་པ་གང་དགོས་པ་བྱེད་དུ་འཇུག་པས་ངེད་རྒྱལ་བློན་previous hit འབངས་དང་བཅས་པ་ཐུགས་ཀྱི་མི next hit་གཏོང་བར་བཞུགས་པ་ཅིག་སྐུ་མཁྱེན་མ་བྱོན་ཟེར་ནས་ཕྱག་གྱང་འགྱེལ་བ་ལྟར་འཚལ་མཆི་མ་མང་པོ་འབྱིན་བྱེད་འདུག་པ་ལ་ཡང་བླ་མ་རས་ཆུང་པས་མགུར་འདི་གསུངས་སོ། ༈ །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགོས་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་བརློབས། །ངས་བླ་མ་རྗེ་བཙུན་སྤངས་ནས་བརྩད་པོ་

(༣༢༨)བརྟེན། །རས་ཆུང་དམ་ཉམས་ཀྱི་དབང་དུ་དེ་ཤོར་བྱས། །རི་ཁྲོད་ཕྱོགས་མེད་རྒྱབ་ཏུ་བོར། །ཕོ་བྲང་སྐྱོར་ལྡེམ་དང་དུ་བླངས། །རས་ཆུང་ཁྱིམ་པའི་དབང་དུ་དེ་ཤོར་བྱས། །རས་གོས་རྐྱང་གཅིག་རྒྱབ་ཏུ་བོར། །འཇམ་ཁྲུག་བཟང་གོས་དང་དུ་བླངས། །རས་ཆུང་འཆོར་པོའི་དབང་དུ་དེ་ཤོར་བྱས། །དཀའ་ཐུབ་ཆུ་འཐུང་རྒྱབ་ཏུ་བོར། །ཞིམ་མངར་རོ་མཆོག་དང་དུ་བླངས། །རས་ཆུང་ཟས་ཀྱི་དབང་དུ་དེ་ཤོར་བྱས། །ཐོད་པོར་སྤངས་ནས་འབྲུག་རྒྱབ་བརྟེན། །རས་ཆུང་previous hit མི་ཆེན་གྱི་དབང་དུ་ཤོར་བྱས། །མཆེད་ལྕམ་ཕོ་མོ་རྒྱབ་ཏུ་སྐྱུར། །བློན་འབངས next hit་འཁོར་གཡོག་དང་དུ་བླངས། །རས་ཆུང་དཔོན་སྐྱའི་དབང་དུ་དེ་ཤོར་བྱས། །སྙན་བརྒྱུད་གདམས་ངག་རྒྱབ་ཏུ་བོར། །ཡིག་ནག་དཔེ་ལ་ཟིན་བྲིས་བྱས། །རས་ཆུང་སྟོན་པའི་དབང་དུ་དེ་ཤོར་བྱས། །ཡི་དམ་སྒོམ་བཟླས་རྒྱབ་ཏུ་བོར། །འཇིག་རྟེན་བྱ་བ་དང་དུ་བླངས། །རས་ཆུང་གཙོ་བོའི་དབང་དུ་དེ་ཤོར་བྱས། །སྦ་མཁར་ཚིགས་གསུམ་རྒྱབ་ཏུ་སྐྱུར། །གི་ལིང་རྟ་ཕོ་དང་དུ་བླངས། །རས་ཆུང་རྟག་ཤར་དབང་དུ་དེ་ཤོར་བྱས། །གནས་གསུམ་མཁའ་འགྲོ་རྒྱབ་ཏུ་བོར། །ལྷ་ཅིག་ལྡེམ་བུ་དང་དུ་བླངས། །རས་ཆུང་བདུད་མོའི་དབང་དུ་དེ་ཤོར་བྱས། །སྔར་བྱས་ལས་ཀྱི་འགྱོད་

(༣༢༩)ལུགས་ལ། །ད་རྣལ་འབྱོར་སྐྱར་ནས་ཅི་ལ་སྡོད། །ཁྱེད་ཡོན་བདག་རྣམས་དགྱེས་སོ་ཁམས་བདེ་མཛོད། །བུ་རིན་ཆེན་གྲགས་གཤེགས་དང་ལྷ་ཆོས་བྱེད། །ཁྱོད་ལྷ་ཅིག་སྐྱིད་པོ་ཁྱིམ་ལ་གཞུད། །ཤོ་མོ་ཐེན་ཐེན་མ་མང་རས་གོས་རལ། །ཅེས་གསུངས་པས། དེར་འཚོགས་པ་ཐམས་ཅད་བླ་མ་མི་བཞུགས་པར་ཐག་ཆོད་འདུག་སྙམ་ནས། །མྱ་ངན་གྱི་དུ་སྒྲ་ཆེན་པོ་བྱུང་བས་རྐྱེན་བྱས་ནས། །བླ་མ་རས་ཆུང་པ་ཡང་བླ་མ་དྲན་པས་དད་པ་དང་སྐྱོ་ཤས་དྲག་ཏུ་སྐྱེས་ཏེ། བླ་མ་དྲན་དྲུག་གི་མགུར་བུམ་ལ་འབོད་པ་ལྟར་ཡང་དེར་འཚོགས་པ་རྣམས་ལ་གསུངས་སོ། ༈ །རྗེ་བཀའ་དྲིན་ཅན་མི་ལ་རས་ཆེན་ལ། །སྤྲང་རས་ཆུང་གསོལ་བ་སྙིང་ནས་འདེབས། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམ་བཞིན་རྗེ་བཙུན་དྲན་པར་བྱུང་། །རྫུན་ཀུ་རེ་མིན་པར་དྲན་པར་བྱུང་། །ཡ་གི་ཞིག་བདེ་ཆེན་སྤང་ལུང་ན། །ཤ་བ་ཡུ་མོ་ཅིག་ལ་ཤ་ཕྲུག་བརྒྱ། །ཤེའུ་ཕྱེད་ཙམ་སྤང་ཁའི་རྩི་ཐོག་ཉབ། །ཤེའུ་ཕྱེད་ཙམ་མ་དང་བང་རྩལ་འགྲན། །ཤེའུ་བསོད་ཟད་རྔོན་པའི་ལག་ཏུ་ཚུད། །རྔོན་པ་སྡིག་ཅན་ལག་ན་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམ་པ་ཞིན་རྗེ་བཙུན་དྲན་པར་བྱུང་། །བརྫུན་ཀུ་རེ་མིན་པར་དྲན་པར་

(༣༣༠)བྱུང་། །མ་གི་ཞིག་མདོ་ཁམས་ཕྱོགས་ཞིག་ན། །རྟ་རྒོད་མ་ཅིག་ལ་རྟེ་ཆུང་བརྒྱ། །རྟི་ཆུང་ཕྱེད་ཙམ་བླ་མའི་འཆིབས་པ་བྱེད། །རྟི་ཆུང་ཕྱེད་ཙམ་གཡར་གྱི་རྩི་ཐོག་ཉབ། །རྟི་ཆུང་བསོད་ཟད་འཇའ་མོའི་ལག་ཏུ་ཚུད། །ཧོར་སོག་པོའི་ལག་ན་འོ་རེ་རྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པར་བྱུང་། །བརྫུན་ཀུ་རེ་མིན་པར་དྲན་པར་བྱུང་། །ཕ་གི་ཅིག་ལྷོ་བྲག་མཁོང་མཐིང་ན། །བྱ་ཨ་མ་ཅིག་ལ་བྱ་སྤྲུག་བརྒྱ། །བྱ་སྤྲུག་ཕྱེད་ཙམ་ཡར་གྱི་ནམ་འཕངས་སྤྱོད། །བྱ་སྤྲུག་ཕྱེད་ཙམ་མ་དང་གཤོག་རྩལ་འགྲན། །བྱ་སྤྲུག་བསོད་ཟད་བྱིས་པའི་ལག་ཏུ་ཚུད། །བྱིས་པ་ངན་པའི་ལག་ན་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པར་བྱུང་། །བརྫུན་ཀུ་རེ་མིན་པར་དྲན་པར་བྱུང་། །མ་གི་གཅིག་ཀོང་ཡུལ་བྲེས་སྣ་ན། །སྤྲེའུ་ཨ་མ་ཅིག་ལ་སྤྲེའུ་སྤྲུག་བརྒྱ། །སྤྲེའུ་སྤྲུག་ཕྱེད་ཙམ་ནགས་ཀྱི་ཤིང་ཐོག་ཉབ། །སྤྲེའུ་སྤྲུག་ཕྱེད་ཙམ་མ་དང་རྩེད་མོ་བྱེད། །སྤྲེའུ་སྤྲུག་བསོད་ཟད་ཡ་བོའི་ལག་ཏུ་ཚུད། །ཡ་བོ་ལས་ངན་ལག་ན་འོ་རེ་རྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམས་ཤིང་རྗེ༴ །བརྫུན་ཀུ་རེ༴ །ཡ་གི་ཅིག་མ་ཕམ་གཡུ་མཚོ་ན། །ཉ་ཨ་མ་ཅིག་ལ་ཉ་ཆུང་བརྒྱ། །ཉེའུ་ཕྱེད་ཙམ་ཡར་གྱི་བཙང་ཆབ་འགྲིམ། །ཉེའུ་ཕྱེད་ཙམ་མ་ཕྱིར་མ་ཚོ་

(༣༣༡)སྟོད་འགྲིམ། །ཉ་ཆུང་བསོད་ཟད་ཉ་བའི་ལག་ཏུ་ཚུད། །ཉ་བྱེ་ཚན་དཀྱིལ་ན་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པར་བྱུང་། །བརྫུན་ཀུ་རེ་མིན་པར་དྲན་པར་བྱུང་། །ཡ་གི་ཅིག་སྙ་ནང་གྲོད་ཕུག་ན། །ཕ་བླ་མ་གཅིག་ལ་རས་པ་བརྒྱ། །རས་པ་ཕྱེད་ཙམ་བླ་མའི་ཕྱག་ཕྱི་བྱེད། །རས་པ་ཕྱེད་ཙམ་རི་ཁྲོད་པ་འགྲིམ། །རས་ཆུང་བསོད་ཟད་བདུད་མོའི་ལག་དུ་ཆུད། །བདུད་མོ་ཁྲེལ་མེད་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པར་བྱུང་། །ཞེས་གསུངས་པས་ཐམས་ཅད་དུ་ཞིང་སྨྲེ་སྔགས་འདོན། །ལྷ་ཅིག་ནི་བླ་མའི་ན་བཟའ་ལ་དམ་དུ་བཟུང་ནས་དུ་ཞིང་འདུག །དེར་འབྱོན་ཐབས་གཞན་མ་བྱུང་བས་སྤྱིར་བུད་མེད་འདི་སྒྱུར་ཁ་སླ་ཁྱད་པར་བུ་མོ་འདི་ན་སོ་གཞོན་པས་ད་ཁ་ཅང་མགོ་སྐོར་ཅིག་བྱས་ན་ཨེ་གཏོང་དགོངས་ནས་མགོ་སྐོར་གྱི་མགུར་འདི་གསུངས་སོ། ༈ །རྗེ་བླ་མ་རྣམས་ཀྱི་ཐུགས་རྗེས་བཟུང་། །དགོས་བཀའ་དྲིན་ཅན་དང་མཇལ་བར་ཤོག །ཁྱོད་ཉོན་དང་ལྷ་ལྕམ་བཞིན་ལེགས་མ། །ང་གྲོགས་ལ་གཞུང་མེད་མ་ཡིན་པས། །ངས་གངས་དཀར་ལྟོངས་སུ་ཕྱིན་ནས་འོང་། །སེང་གེ་དཀར་མོའི་སྐྱིད་སྡུག་བལྟས་ནས་འོང་། །སྐྱིད་སྐྱིད་འདྲ་ན་ལྷ་ཅིག་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་

(༣༣༢)ལོག་ནས་འོང་། །ངས་ནགས་སྟོང་མཐོན་པོའི་ས་རྣམས་སྐོར་ནས་འོང་། །རྒྱ་སྟག་ཁྲ་བོའི་སྐྱིད་སྡུག་བལྟས་ནས་འོང་། །སྐྱིད་སྐྱིད་འདྲ་ན་ལྷ་ཅིག་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལག་ནས་འོང་། །ངས་མ་ཕམ་མཚོ་སྟོད་གནས་སུ་ཕྱིན་ནས་འོང་། །ཉ་མོ་གསེར་མིག་སྐྱིད་སྡུག་བལྟས་ནས་འོང་། །སྐྱིད་སྐྱིད་འདྲ་ན་ལྷ་ཅིག་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ངས་བྲག་དཀར་རྒོད་ཚངས་ཕྱོགས་ལ་ཕྱིན་ནས་འོང་། །བྱ་རྒྱལ་རྒོད་པོའི་སྐྱིད་སྡུག་བལྟས་ནས་འོང་། །སྐྱིད་སྐྱིད་འདྲ་ན་ལྷ་ཅིག་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ང་ཕ་གི་ལྷོ་མོན་ཕྱོགས་ལ་ཕྱིན་ནས་འོང་། །དོམ་བུ་སྙིང་དཀར་སྐྱིད་སྡུག་བལྟས་ནས་འོང་། །སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་འབོད་དུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ངས་ཡ་གི་སྙ་ནང་ཕྱོགས་སུ་ཕྱིན་ནས་འོང་། །ཕ་བླ་མའི་སྐུ་ཁམས་བཟང་ངན་བལྟས་ནས་འོང་། །སྐུ་ཁམས་བཟང་ན་ལྷ་ཅིག་འབོད་དུ་འོང་། །དེ་མིན་ན་རས་ཆུང་ལོག་ནས་འོང་། །བུ་མོ་ཐེན་ཐེན་མ་མང་རས་གོས་རལ། །རས་གོས་རྐྱང་ཅིག་བླ་མའི་ན་བཟའ་ཡིན། །ལྷ་ལྕམ་ཁྱོད་དང་གུང་ཐང་རས་ཆུང་གཉིས། །ཚེ་སྔོན་ལས་དང་སྨོན་ལམ་བཟང་པོས་འབྲེལ། །ད་ནི་ཡུན་དུ་འབྲལ་ཐབས་ག་ལ་ཡོད། །ད་གྲོགས་ལ་གཞུང་མེད་ཅིག་མ་ཡིན་པས། །

(༣༣༣)རས་ཆུང་ང་ཡང་མྱུར་དུ་ལོག་ནས་འོང་། །ད་ལན་ཐོགས་ཅིག་རས་ཆུང་འགྲོ་བ་ལ། །ཁྲེལ་དང་ངོ་ཚ་ཡོད་ན་རས་གོས་ཐོང་། །ཞེས་གསུངས་པས། བླ་མ་རས་ཆུང་པ་གསུང་དབྱངས་སྙན་པ་དང་ལྷ་ཅིག་གི་བསམ་པ་ཅིག་ལ་ཁོང་ལའང་ང་ལས་ཞབས་ཏོག་གྲག་པ་བྱེད་མཁན་མི་ཡོང་། ཁོང་ཚོ་སྐྱིད་ན་ནི་ད་འབོད་དུ་ཡོང་པ་འདུག །སྡུག་ན་ནི་ཁོང་རང་ལོག་ཡོང་པ་འདུག །འདིའི་བླ་མ་དེ་ཡང་འདིར་གདན་དྲངས་ཡོང་པའང་སྲིད་སྙམ་ནས་ལག་པ་ཅུང་ཟད་ལྷོད་པར་གྱུར་ནས་སེམས་ཡེངས་པའི་བར་ལ་སྒོའི་སེར་ཁ་ལ་སྦྲང་མ་འཕུར་བ་བཞིན་མཛད་ནས། བླ་མ་རས་ཆུང་པས་ན་བཟའ་འུར་ཐེན་ནས་རླུང་ཐུན་ཅིག་གི་ངང་ལ་ཉང་པོ་གྲུ་ཁར་ཕེབས་སོ། །དེར་མཉན་པ་ལ་གྲུ་ཐོང་གསུངས་པས། གྲུ་པ་ན་རེ་རྣལ་འབྱོར་པ་ཁྱོད་བཅོལ་རེ་ཆུང་མི་རེ་རེ་ལ་གྲུ་བཏང་པས་ག་ན་ལང་འདིར་དགུགས་དང་འགྲུལ་པ་གཞན་ཡང་ཡོང་མཆིས་དེ་དང་མཉམ་དུ་གཏང་གི་ཟེར། དེ་ནས་བླ་མ་རས་ཆུང་པའི་དགོངས་པ་ལ་འདིར་སྡད་ན་བདུད་མོ་དེས་རྗེས་ཟིན་པ་སྲིད་པས་ང་འགྲོ་དགོས་དགོངས་ཏེ་བླ་མའི་རྣལ་འབྱོར་གྱི་ངང་ནས་རས་གོས་ཉིས་བལྟབ་ལ་གྲུ་མཛད་སྤ་འཁར་ལ་སྐྱ་བ་མཛད་ནས་མགུར་འདི་གསུང་བཞིན་བྱོན་པར་གདའ། ༈ །རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །བདག་

(༣༣༤)འཁོར་པའི་མཚོ་ལས་བསྒྲལ་དུ་གསོལ། །རྒྱལ་ཁམས་ཡང་པའི་ལུང་སྟོང་དུ། །ཤུལ་ཐག་རིང་པོའི་ཆུ་བོ་འབབ། །གྲོང་ཁྱེར་འཐུག་པོའི་གྲུ་ཞིག་གཏོང་། །སྙིང་རུས་ཆེན་པོས་བརྒལ་ཏེ་མཆིས། །ཕྱག་རྒྱ་ཆེན་པོའི་ལུང་སྟོང་དུ། །ཞེ་འདོད་མེད་པའི་ཆུ་བོ་ལ། །བརྟེན་སྣང་བྲལ་བའི་གྲུ་བཏང་ནས། །བརྩོལ་བསྒྲུབ་མེད་པར་རྒལ་ཏེ་མཆིས། །སྟོང་པ་ཉིད་ཀྱི་ལུང་སྟོང་དུ། །སྣ་ཚོགས་ཤར་བའི་ཆུ་བོ་ལ། །རོ་སྙོམས་གསུམ་གྱི་གྲུ་བཏང་ནས། །གཉིས་སུ་མེད་པར་བརྒལ་ཏེ་མཆིས། །དབང་གསུམ་དུས་ཀྱི་ལུང་སྟོངས་སུ། །བདེ་བ་ཆེན་པོའི་ཆུ་བོ་ལ། །བླ་མའི་མན་ངག་གྲུ་བཏང་ནས། །ཟུང་ལམ་གཉིས་ཀྱི་རྒལ་ཏེ་མཆིས། །དམིགས་མེད་སྙིང་རྗེའི་ལུང་སྟོང་དུ། །བསོད་ནམས་ཚོགས་ཀྱི་ཆུ་བོ་ལ། །རེ་དོགས་མེད་པར་གྲུ་བཏང་ནས། །དམིགས་པ་མེད་པར་རྒལ་ཏེ་མཆིས། །སྐྱེ་ཤི་སྲིད་པའི་ལུང་སྟོང་དུ། །འཁོར་བ་སྡུག་བསྔལ་ཆུ་བོ་ལ། །འཁོར་འདས་ཡོད་ཅིག་གྲུ་བཏང་ནས། །མཐའ་བྲལ་ཆེན་པོར་བརྒལ་ཏེ་མཆིས། །དབུས་གཙང་རུ་བཞིའི་ལུང་པ་ན། །རྟ་མཆོག་ཁ་འབབ་ཆུ་བོ་ལ། །རས་གོས་རྐྱང་ཅིག་གྲུ་བཏང་ནས། །ཐེ་ཚོམ་མེད་པར་རྒལ་ཏེ་མཆིས། །ང་འཁོར་བའི་མཚོ་ལས་རྒལ་བས་ན། །རེ་དོགས་ཆུ་ལ་ང་མི་འཇིགས། །སྡུག་བསྔལ་འཕྲེང་ལས་ཐར་བས་ན། །སྐྱེ་ཤིའི་ཆུ་ལ་ང་མི་

(༣༣༥)འཇིགས། །བསྐྱེད་རྫོགས་བརྟན་པ་ཐོབ་པས་ན། །འབྱུང་འཁྲུགས་ནད་ལ་ང་མི་འཇིགས། །རླུང་སེམས་རང་དབང་ཐོབ་པས་ན། །འབྱུང་བའི་ཆུ་ལ་ང་མི་འཇིགས། །འཇིགས་མེད་རྣལ་འབྱོར་རས་པ་དེ། །ཤིང་གྲུའི་དགོས་པ་མི་འདུག་པས། །ཁྱོད་མཉན་པ་དད་མེད་བདེ་མོར་སྡོད། །ཁྱོད་གང་ཞིག་དད་དང་ལྡན་པ་ན། །ཁྱོད་ང་ལ་མཆོད་བསྟོད་གསོལ་བ་ཐོབས། །སྔར་མ་དད་བྱས་ལ་གཤགས་པར་གྱིས། །ལས་བཟང་པོའི་ཕྱོགས་སུ་སྨོན་ལམ་ཐོབ། །རང་དཀོར་ནོར་གང་འདུག་དགེ་ལ་སྦྱོར། །ལུས་དལ་འབྱོར་ཐོབ་པ་དོན་ཅན་བགྱིས། །ང་རྣལ་འབྱོར་བླ་མའི་སྤྱན་སྔར་འགྲོ། །གསུངས་ནས་ཆུ་བཅད་དེ་བྱོན་ནོ། །དེར་མཉན་པ་འགྱོད་པ་དྲག་པོ་སྐྱེས་ནས་ཆུ་ཕག་ནས་བླ་མ་ལ་བཤགས་པ་ཕུལ་ཕྱག་མང་དུ་འཚལ་ཞིང་མཆི་མ་ཕྱུངས་གསོལ་བ་འདེབས། །བདག་རྗེས་སུ་འཛིན་པ་ཞུ་ཟེར་ནས་འོ་དོད་ཆེར་འབོད་པ་ལ། བླ་མ་རས་ཆུང་པས་རྗེས་སུ་འཛིན་པར་ཞལ་གྱི་བཞེས་ནས་དུས་ཕྱིས་དབུས་སུ་བྱོན་ནས་གདམས་པ་གཏབ་པས། མ་ཉན་རས་སེང་གེ་གྲགས་བྱ་བའི་རི་ཁྲོད་ཐུབ་པའི་སྒོམ་ཆེན་བཟང་པོ་ཡང་དག་པ་ཞིག་བྱུང་ངོ་། །དེ་ནས་ལྷ་ཅིག་གི་བསམ་པ་ལ་ད་དེ་མ་བཟང་ཞལ་ནས་ལོག་ཡོང་གསུངས་ཀྱང་འབྱོན་ལུགས་དེ་མ་ལེགས་ད་དུང་རྗེས་ལ་བརྒྱུགས་ན་ཟིན་པ་ཨེ་སྲིད་

(༣༣༦)བསམ་ནས་མགྱོགས་པར་ཕྱིན་ཀྱང་བླ་མ་གར་བྱོན་ཆ་མེད་དུ་ཐལ། ད་དུང་ལུང་པའི་མདའ་ངོས་ལ་རྒྱུགས་ནས་བཙལ་བས་མ་རྙེད་དེ་དེ་ནས་ཡར་ལོག་ནས་ད་ཡབ་ཀྱི་དྲུང་དུ་ཇི་སྐད་ཟེར་རམ་སྙམ་ནས་བསམས་པས། ག་རེ་བརྫུན་གྱི་འོས་སུ་དྲང་པོ་བཟང་ཟེར་བ་ཡིན་སྙམ་ནས་ཡབ་ཀྱི་དྲུང་དུ་ཕྱིན་ནས་ཞུས་པ། །ཡབ་ཆེན་པོ་ལགས་ངས་ད་ནང་བླ་མ་ལ་ཚིག་མཐོ་དམན་ཞིག་ཞུས་པས་ད་ལྟ་བླ་མ་བྲོས་ནས་གར་བྱོན་མ་རིག་ད་བཙུགས་བགྱི་ལགས་ཞུས་པས། ཡབ་ཀྱི་ཞལ་ནས་ངའི་བླ་མ་དེ་འཛམ་བུའི་གླིང་འདིར་སྒྲོན་མེ་སྟོང་སྟེགས་ནས་བཙལ་ཡང་དེ་ལས་ལྷག་པའི་བླ་མ་མི་རྙེད། །ད་བླ་མ་དེ་གང་ན་བཞུགས་སམ་བྱོན་ཡང་འདིར་གདན་མ་འདྲོངས་ན། ཁྱོད་རང་ཁྲི་མོན་དུ་ལོ་བདུན་སྐྱུར་ནས་མཐར་མཚོན་ཆའི་འཁོར་ལོ་ལ་སྐྱོན་དེ་གསད་བཏང་གི་གསུང་ནས་ཐུགས་རྒྱལ་ཆེར་བཞེངས་ནས་བྱུང་བས་ལྷ་ཅིག་བྲེད་དེ་ད་དུང་བླ་མ་བཙལ་ན་རྙེད་དམ་བསྙམ་ནས་ཡང་འཚོལ་དུ་འཆས་ནས་ལུང་པའི་གཞུང་ན་མར་རྒྱུག་གིན་ཕྱིན། དེར་ཉེ་གནས་རིན་ཆེན་གྲགས་ཀྱང་ཁྲེས་པོ་ཞིག་ཁུར་ནས་བྱུང་པ་དང་ལྷན་དུ་ཕྱིན་པས། དེ་ན་ཡར་འགྲུལ་པོ་ཚན་འགའ་བྱུང་པ་དང་ཡུར་མ་བྱེད་མི་མང་བ་ཞིག་འདུག་པ་རྣམས་ལ་ལྷ་ཅིག་གི་བླ་མ་རས་ཆུང་པ་འདྲི་བའི་ཕྱིར་འདི་སྐད་ཅེས་གླུ་བླངས་སོ། །

(༣༣༧)ཁྱེར་འདིར་ཕེབས་ཀྱི་འགྲུལ་པོ་མས་བྱོན་དང་། །འདིར་འདུག་གི་ཡུར་བྱེད་དམན་བཙུན་ལ། །གཏམ་གལ་ཆེ་ན་ཞིག་འདྲི་ཡི་མ་གསང་ཤོད། །ད་ནང་དུས་ཀྱི་སྔ་དྲོ་ལ། །རས་ཆུང་རྒྱལ་ཁམས་བསྐོར་བ་ཞིག་མཐོང་ལགས་སམ། །རྒྱ་གར་པཎ་ཞུ་གསོལ་བ་ཞིག་མཐོང་ལགས་སམ། །ན་བཟའ་རས་རྐྱང་གསོལ་བ་ཞིག་མཐོང་ལགས་སམ། །སྒོམ་ཐག་སྐོར་ཅིག་གསོལ་བ་ཞིག་མཐོང་ལགས་སམ། །ཕྱག་ན་སྦ་འཁར་བསྣམས་པ་ཅིག་མཐོང་ལགས་སམ། །བ་མེན་སྐྱོགས་རུ་ཁུར་བ་ཞིག་མཐོང་ལགས་སམ། །དེ་མཐོང་གི་མི་ལ་རྔན་པ་སྟེར། །དེ་མཐོང་ན་ལྷ་ཅིག་སྐྱོབ་སངས། །དེ་མ་མཐོང་ལྷ་ཅིག་ཅི་བཙུགས་བྱེད། །བྱས་ནས་དྲིས་པ་ལ་འགྲུལ་པོ་རྣམས་ན་རེ་ངེད་རྣམས་ཀྱི་དེ་འདྲ་བའི་རྣལ་འབྱོར་རས་པ་མ་མཐོང་ཚ་མེས་ཆེན་པོ་ཅིག་དང་འོག་མ་གིར་ཕྲད་བྱུང་ཟེར། ཡུར་བྱེད་ཀྱི་བུད་མེད་དེ་རྣམས་སྐད་དི་རི་རི་བྱེད་བཞིན་དེ་འདྲ་མ་མཐོང་ཟེར་རོ། ལམ་ཁར་ལྷ་ཅིག་ངོ་ཤེས་པའི་ཨ་མ་རྒན་མོ་ཞིག་ན་རེ་བུ་མོ་ཁྱོད་སྐྱོར་ལྡེམ་བརྩད་པོའི་བུ་མོར་སྐྱེས་ཚེ་སྟོད་ལ་སྡུག་མ་མྱོང་པ་ཡིན་པས་བློ་མི་བདེ་བ་ཡོད་སྲིད། བློ་མི་བདེ་བ་བྱེད་མི་དགོས་མདའ་མ་གིན་ཆུ་ཆེན་པོ་ཡར་རྒྱབ་གཙང་པོ་བྱ་བ་ཡོད་ཀྱི་དེ་ལ་ཀོ་བ་དང་གྲུ་ནི་དེ་རིང་མེད། བརྒལ་བས་ནི་མི་ཐར་བློ་ལྷོད་གྱིས། རང་རེ་གཉིས་སྡེབས་ནས་

(༣༣༨)འདོང་ཟེར་ཡུན་རིང་དུ་འགོར། ཡང་དེ་ནས་མ་ཚད་ཞིག་གི་བྱ་སར་སླེབ་ལ་ཁད་དུ་ཉེ་བ་ན་འགྲུལ་པ་མང་ཞིག་བྱུང་བ་ལ་ཡང་ལྷ་ཅིག་གི་དྲིས་པ།། ༈ །།ཁྱེད་མས་བྱོན་གྱི་སྐྱ་སེར་འགྲུལ་པ་ཀུན། །གཏམ་སྙན་པོའི་སྐད་ཅིག་དྲང་པོར་ཤོད། །བུ་མོ་ངའི་སེམས་ལ་ཚུགས་ཐབས་མེད། །ཁྱེད་སྙིང་རྗེས་གཏམ་ལན་གསལ་པོར་གསུངས། །ད་ནང་དུས་ཀྱི་སྔ་དྲོ་ལ། །བླ་མ་རས་ཆུང་པ་ཅིག་ཨེ་གཟིགས་ན། །སྤྱོད་པ་གུ་ཡངས་བྱེད་པ་ཅིག་ཨེ་གཟིགས་ན། །ཞལ་ནས་མགུར་དབྱངས་གསུངས་པ་ཅིག་ཨེ་གཟིགས་ན། །གསུང་སྙན་དྲིལ་བུ་འདྲ་བ་ཅིག་ཨེ་གཟིགས་ན། །གསུང་ངག་རྒྱ་དར་ལས་འཇམ་པ་ཅིག་ཨེ་གཟིགས་ན། །སྐུ་ལུས་ལྕུག་ཕྲན་འདྲ་བ་ཞིག་ཨེ་གཟིགས་ན། །ཞལ་རས་ལྷ་སྐུ་ལས་ལེགས་པ་ཞིག་ཨེ་གཟིགས་ན། །སྤྱན་མིག་རྒྱལ་དཀར་ལས་བཀྲ་བ་ཞིག་ཨེ་གཟིགས་ན། །ཁ་དོག་གངས་དཀར་ལས་མཛེས་པ་ཅིག་ཨེ་གཟིགས་ན། །གཟིགས་ན་མི་གསང་བཤད་པ་ཞུ། །དེ་བཤད་པའི་མི་ལ་རྔན་པ་སྟེར། །ཞེས་དྲིས་པས་དེར་ཁོང་ཁ་ཅིག་ན་རེ་བུ་མོ་ཁྱོད་སྨྱོ་བ་མིན་ནམ་སྟོང་སྟེ་བལྟད་མོ་ལ་མི་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་འདུག་ཁྱེད་ཀྱི་རས་པ་དེ་མགོ་གསེར་སྨིན་མ་གཡུ་ལུས་དུང་སྐད་འབྲུག །བོང་རི་དང་མཉམ་པ་འདྲ་བ་ཞིག་ཡོད་དམ། གཞན་མི་

(༣༣༩)འགྲུལ་མང་ཉུང་འདི་ལ་མི་ཅིག་པོ་དེ་ག་ནས་ངོ་ཤེས་ཟེར་རོ། །དེའི་ནང་ནས་སྐྱེས་པ་རྒན་སང་སོང་བ་མགོ་ལ་ལྤགས་ཞྭ་གྱོན་པ་ལུས་ལའང་དབྱི་ཐུལ་གྱོན་པ་ལྷོད་ལ་དལ་ཆགས་པ་ཅིག་འདུག་པ་དེ་ན་རེ། བུ་མོ་ཁྱོད་ཅི་བྱེད་རྣལ་འབྱོར་པ་དེ་ངས་མཐོང་དེ་ད་ཙམ་ཉང་པོའི་གྲུ་ཡང་ཆོད་འགྲོ་བ་ཡོད། དེ་རྫུ་འཕྲུལ་གྱིས་འགྲོ་བའི་རྣལ་འབྱོར་པ་རླུང་སེམས་ལ་རང་དབང་ཐོབ་པ་ཅིག་འདུག་དེའི་རྗེས་སྙོགས་པ་ལ་རླུང་འདྲ་བ་ཅིག་དགོས་པ་འདུག་དེ་རླུང་རང་གིས་ཀྱང་རྗེས་མི་ནོན་པ་འདྲ། བུ་མོ་ཁྱོད་རང་དེའི་རྗེས་ཨེ་ཟིན་ལྟ་བ་ལས་རང་ཡུལ་ཅིག་ཡོད་ཡོང་དེར་ལོག་འགྲོ་བ་འཐད་ཟེར། དེར་ལྷ་ཅིག་གིས་སྟེང་གོས་ཅིག་ཡོད་བ་རྔན་པར་སྦྱིན་ནས་ཉང་པོའི་གྲུ་ལ་ཁ་བལྟད་ནས་མགྱོགས་པར་ཕྱིན་པས། བླ་མ་རས་ཆུང་པ་ཆུ་ཕ་ག་ན་སྙན་པ་དང་མི་གཞན་ཁ་ཅིག་ལ་ཆོས་གསུངས་ཟིན་ནས་འབྱོན་གྲབས་མཛད་པའི་ཞལ་མཐོང་ནས་དེར་ལྷ་ཅིག་གིས་སྐད་ཆེན་པོས། བླ་མ་རིན་པོ་ཆེ་སྔར་ངས་བླ་མའི་ཞབས་ཏོག་དེ་ཙམ་བགྱིས་ད་ང་བོར་ནས་འབྱོན་པར་ཕོད་དམ་ད་ནང་གི་དུས་སུ་ངའི་སྙིང་ལ་འདྲེ་ཞུགས་པས་ལན་པ་ཡིན་ད་བཤགས་པ་བྱེད་ངེད་རྒྱལ་བློན་འབངས་དང་བཅས་པ་རྣམས་སྙིང་རྗེས་དགོངས་ནས་བཞུགས་པར་ཞུ་ཟེར་ཞིང་སྨྲེ་སྔགས་ཀྱི་དུ་འབོད་བྱས་པས། བླ་མ་རས་ཆུང་པ་ཞལ་ཚུར་བསྟན་ནས་ལྷ་ཅིག་ལ་སྙིང་

(༣༤༠)ཚིམ་གྱི་མགུར་འདི་གསུངས་སོ། ༈ །རྗེ་མི་ལའི་སྐུ་ལ་གསོལ་བ་འདེབས། །བདག་ཐར་པ་ཐོབ་པར་བྱིན་གྱིས་རློབས། །སྙིང་མེད་ཁྲེལ་མེད་བུད་མེད་ལ། །ཞེ་མ་འགྱོད་དམ་བདག་གི་གླུ་ལ་ཉོན། །གངས་སྟོད་ཀྱི་སེང་གེ་དཀར་མོ་ལ། །སྒོ་ཕྱུགས་རེ་བའི་ལྷ་ཅིག་ཁྱོད། །ཐག་བས་འདོགས་ཁར་སེང་ལྕམ་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །སྤང་སྟོད་རྐྱང་ཆུང་ཁ་དཀར་ལ། །འོག་རྟ་རེ་བའི་ལྷ་ཅིག་ཁྱོད། །རྒ་སྲབ་བརྒྱུ་ཁར་རྐྱང་ཆུང་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །བྱང་ཁའི་འབྲོང་པོ་ར་སྔོན་ལ། །ཁལ་མ་རེ་བའི་ལྷ་ཅིག་ཁྱོད། །སྣ་གཞུ་བརྒྱུ་ཁར་འབྲོང་པོ་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །ལྷོ་ཁའི་རྒྱ་སྟག་ཁྲ་མོ་ལ། །སྒོ་ཁྱི་རེ་བའི་ལྷ་ཅིག་ཁྱོད། །ལྕགས་ཐག་འདོགས་ཁར་རྒྱ་སྟག་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །གྱད་ཀྱི་གླང་ཆེན་ས་བསྲུངས་ལ། །རྨོས་གླང་རེ་བའི་ལྷ་ཅིག་ཁྱོད། །གཉའ་ཤིང་འཇོག་ཁར་གླང་ཆེན་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །བྲག་སྟོད་ཀྱི་ཐང་དཀར་རྒོད་པོ་ལ། །ཁྱིམ་བྱ་རེ་བའི་ལྷ་ཅིག་ཁྱོད། །ཟར་ཚོང་བྱེད་ཁར་བྱ་རྒོད་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །ཐང་སྟོངས་ཀྱི་སྒོ་བ་ས་ལེ་ལ། །ཤ་ལུག་རེ་བའི་ལྷ་ཅིག་ཁྱོད། །ཞགས་པ་འདེབས་ཁར་སྒོ་བ་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །གཙང་

(༣༤༡)ཆབ་ཀྱི་ཉ་ཆེན་གསེར་མིག་ལ། །བཅུད་འཛིན་རེ་བའི་ལྷ་ཅིག་ཁྱོད། །བཅུད་འཛིན་བྱེད་ཁར་ཉ་ཆེན་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །བྱང་ཐང་གི་རྙན་དར་ཞོ་རྒྱས་ལ། །ཞོ་མཛོ་རེ་བའི་ལྷ་ཅིག་ཁྱོད། །འོ་མ་འཇོ་ཁར་སྙན་དར་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །གུང་ཐང་གི་རས་ཆུང་རྡོར་གྲགས་ལ། །ཚེ་གྲོགས་རེ་བའི་ལྷ་ཅིག་ཁྱོད། །ཚེ་གྲོགས་བྱེད་ཁར་རས་ཆུང་འགྱུར། །ལྷ་ཅིག་ཚོད་མེད་མ་ལ་སྙིང་རེ་ཚིམ། །བདུད་མོ་གཡུ་དང་ཅན་ལ་དེ་རེ་ཕན། །ཞེས་གསུངས་ནས་ཞབས་ཏེ་ཏེ་གདུང་ལན་འགའ་མཛད་སྟེ་རླུང་བཟུང་སྟེ་དཔག་ཆེན་གྱི་མདའ་གཏང་པ་ལྟར་བྱོན་སོང་ངོ་། །དེར་ལྷ་ཅིག་གི་བསམ་པ་ལ་སྙིང་ཚིམ་གསུངས་ལུགས་ཀྱི་ད་མི་བཞུགས་པར་ཐག་ཆོད་ད་ནི་རྗེས་ཡང་མི་སླེབ་པར་འདུག་བསམ་ཏེ་ཁོ་ཐག་ཆོད། དེར་མི་མང་དུ་འདུག་པས་ངོ་ཡང་ཚ་བས་བཤགས་ལན་གྱི་གླུ་འདི་སྐད་སླངས་བར་བརྡ།། ༈ །།ཁྱུང་དཀར་མཛོ་ཡི་བསྟན་པ་མ་ནུབ་ན། །ལྷ་ཅིག་ང་ཡི་སྒོ་ཕྱུགས་འཐོགས་པ་མེད། །སེང་ལྕམ་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །གྱི་ལིང་རྟ་ཕོའི་བསྟན་པ་མ་ནུབ་ན། །ལྷ་ཅིག་ང་ཡི་འོག་རྟ་འཐོགས་པ་མེད། །རྐྱང་ཆུང་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །མགྲིན་བཟངས་དྲེལ་གྱི་བསྟན་པ་མ་ནུབ་ན། །ལྷ་ཅིག་ང་ཡི་ཁལ་ལ་འཐོགས་

(༣༤༢)པ་མེད། །འབྲོར་ཆུང་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །ཀུ་ཀུ་ར་ཛའི་བསྟན་པ་མ་ནུབ་ན། །ལྷ་ཅིག་ངའི་སྒོ་ཁྱི་འཐོགས་པ་མེད། །རྒྱ་སྟག་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །ཁྱུ་མཆོག་གླང་གི་བསྟན་པ་མ་ནུབ་ན། །ལྷ་ཅིག་ངའི་རྨོས་གླང་འཐོགས་པ་མེད། །ས་བསྲུངས་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །བྱ་ཕོ་ཚ་ལུའི་བསྟན་པ་མ་ནུབ་ན། །ལྷ་ཅིག་ངའི་ཁྱིམ་བྱ་འཐོགས་པ་མེད། །བྱ་རྒོད་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །གཡང་དཀར་ལུག་གི་བསྟན་པ་མ་ནུབ་ན། །ལྷ་ཅིག་ངའི་ཤ་ལུག་འཐོགས་པ་མེད། །སྒོ་བ་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །ས་ལེ་འབྲི་ཡི་བསྟན་པ་མ་ནུབ་ན། །ལྷ་ཅིག་ང་ཡི་བཞོན་མ་འཐོགས་པ་མེད། །སྙན་དར་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །སྐྱེས་བ་ཕོའི་བསྟན་པ་མ་ནུབ་ན། །ལྷ་ཅིག་ངའི་ཚེ་གྲོགས་འཐོགས་པ་མེད། །རས་ཆུང་ཁྱོད་རང་གང་དགའི་ཕྱོགས་ལ་རྒྱུགས། །ཞེས་ཟེར་བཞིན་དུ་ཡུས་ཀྱི་མནག་སྟེ་མཆི་མ་མང་པོ་འབྱིན་ཞིང་རང་ཡུལ་ལ་ལོག་པར་བརྩམས་པས་ཉེ་གནས་ན་རེ། ཨ་མ་ལྷ་ཅིག་ཁམས་བདེ་བར་མཛོད་སྔར་སྐྱིད་པོ་བཅོལ་བ་དགའོ་ཟེར་ནས་དེར་གྲུ་དགུག་ཅིང་འདུག་པ་ལ། ལྷ་ཅིག་གི་བླ་མ་མི་བཞུགས་ཀྱང་ཉེ་གནས་རང་ཅིས་ཀྱང་བཞུགས་ཟེར་ནན་ཆེ་བར་བྱས་ཀྱང་། ཉེ་གནས་ན་རེ་ངས་བླ་མ་བཙལ་ནས་རྙེད་

(༣༤༣)བྱུང་ན་གདན་དྲངས་ཡོང་གིས་ཟེར་ནས་བླ་མ་གར་བྱོན་དྲི་ཞིང་བླ་མའི་ཕྱག་ཕྱི་ལ་སོང་ངོ་། །ལྷ་ཅིག་བློ་མ་བདེ་བར་ཆུས་སེ་ལོག་གེ་ལོག་ཕྱིན་པས་ཡབ་ན་རེ། བླ་མ་གང་ན་ཡོད་ཟེར་ལྷ་ཅིག་གི་བླ་མ་ཁོང་ཉང་པོའི་འགྲུ་ཆོད་ནས་བྱོན་མི་བཞུགས་པ་འདུག་བྱས་པས། ཡབ་ཀྱི་ཞལ་ནས་ངའི་བླ་མ་དེ་ལྟ་བུ་མི་བཞུགས་པའི་བུ་མོ་ཁྱོད་ཀྱི་ཅི་ཡོང་བློན་པོ་རྣམས་ཀྱིས་བུ་མོ་མཚོན་ཆའི་འཁོར་ལོ་ལ་ད་ལྟ་སྐྱོན་ལ་གསོད་ཅིག་གསུང་པ་ལ། བློན་པོ་ཆོས་ལ་དཀར་བ་བློ་གྲོས་ཆེ་བ་རྣམས་ཀྱི་ཞུ་སྣ་བྱས་ཏེ་གསད་ན་རྨེར་འགྲོ། འདི་ཡི་ཁྲིམས་ལ་སང་ཞོགས་པ་སྒོ་དྲུང་དུ་སུ་བྱུང་པ་སྔ་བ་ཞིག་ལ་སྦྱིན་ནས་ཡུལ་འབུད་པ་ཞུ་ཟེར་བ་ལ་རྒྱལ་བློན་ཐམས་ཅད་གྲོས་འཆམ། དེ་ནས་ལྷ་ཅིག་གི་དེ་ནུབ་སང་ཕ་བཟང་གི་བུ་གཅེས་སྤྲུག་རྣ་ཆ་ཅན་ཅིག་ཡོང་དགོས་ཟེར་ནས་སྨོན་ལམ་བཏབ་ཀྱང་བླ་མའི་བཀའ་ཆད་དང་དམ་ཚིག་ཉམས་པའི་ལས་དབང་གི་མོ་རང་གི་ཞང་རིགས་ཞང་གི་མཛེ་ཕོ་སྒ་ལེ་ཡང་ཟེར་རྒྱལ་རིང་པོ་བྱ་བ་མཛེ་ཕོ་ལོ་བཅོ་བརྒྱད་ཙམ་འགྲོ་བ་ཅིག་ཡོད་པ་དེ་མཛེ་ཕོ་སོགས་སྤྲང་ལོང་གི་འཁོར་བརྒྱ་ཙམ་ཁྲིད་ནས་བོང་བུའི་ཞོན་པ་དང་བཅས་ནས་བྱུང་པས། དེར་རྒྱལ་བློན་རྣམས་ཀྱི་ཞང་རིགས་ཀྱི་མཛེ་ཕོ་ལ་སྦྱིན་ནས་ཡུལ་གཞན་ཞིག་ལ་སོང་ལ་འདི་ཕྱོགས་སུ་མ་འདུག་ཅེས་བཀའ་སྒོ་བས་ལྷ་ཅིག་ལ་རྒྱལ་ཁམས་སྐོར་ཞིང་མཛེ་གཡོགས་ལོ་མང་དུ་བབ་པར་གདའ། །ཡར་ལུང་སྐྱོར་

(༣༤༤)ལྡེམ་བརྩད་པོའི་མཆོད་གནས་མཛད་པས་ནད་ལས་གྲོལ་ཞིང་ལམ་སྣ་ཟིན་ཅིང་སྨིན་གྲོལ་ལ་བཀོད་པ་དང་། གཞན་ཡང་སེམས་ཅན་མང་པོའི་དོན་མཛད་པ་སོགས་རྐྱེན་ངན་གྲོགས་སུ་ཤར་བ་ལྷ་ལྕམ་ལྡེམ་བུ་དང་མཇལ་བ་བར་ཆད་བདུད་ལས་རྒྱལ་བའི་སྐོར་ཚོ་དེ་བཅུ་པའོ།། ༈ །།བཅུ་གཅིག་པ་ནི། དེ་ནས་ཉེ་གནས་ཀྱི་བླ་མའི་རྗེས་སྙགས་རུང་ཕྱིན་ཡང་མ་ཟིན་པར་ལས་སྟོད་བཅུང་པ་སར་སྡད་སྐད། བླ་མ་ནི་ཉང་པོ་གྲུ་ནས་བོང་འགྲོས་ཀྱི་ཟླ་ལམ་གཉིས་ཉིན་ཞག་གཉིས་ལ་ཆོད་པར་མཛད་ལམ་དུ་འཁམས་པ་ཕྱུག་པོ་ཞིག་གི་བུ་མོ་ན་བ་ལ་བྱིན་རླབས་གནད་གཟིར་དྲག་པོ་མཛད་པས་ན་བ་གྲག་སྟེ་འབུལ་བ་མང་དུ་ཕུལ་བ་མ་བཞེས་པར་ཤ་སྐམ་ཁོག་པ་ཕྱེད་དང་གསུམ་བྱུང་བ་ཞིབ་མོར་བརྡུང་སྟེ་རས་སྒྱེར་བླུག་ནས་བླ་མ་མི་ལ་ཆུ་བར་སྤྲུལ་སྐུའི་ཕོ་བྲང་གི་འདྲེ་ལྕེ་ཕུག་ན་བཞུགས་པའི་དྲུང་དུ་ཕྱག་ཕེབས། ཞག་མང་པོའི་གོང་ནས་ཐུགས་ཀྱི་མཁྱེན་ཏེ་རས་ཆུང་པ་ཁོ་དབུས་ནས་འབུལ་བ་ལུང་པར་མི་ཤོང་པ་ཁྱེར་ནས་མྱུར་དུ་སླེབ་ཡོང་པ་འདུག་གསུངས་པའི་ལུང་བསྟན་མཛད་དེར་ཕེབས་དུས་རས་པ་གྲོགས་མཆེད་རྣམས་ཀྱི་སྣ་ལེན་བཟང་པོ་དང་དགྱེས་ཚོར་ཆེན་པོ་མཛད་དོ། །བླ་མ་སྐུ་མཚམས་ལ་བཞུགས་པ་དང་ཐུག་པས་ཞག་བཅོ་ལྔའི་བར་དུ་མཇལ་ས་མ་བྱུང་དེ་ནས་ཚོགས་དང་གཏོར་མའི་རྒྱུ་མང་དུ་ཁྱེར་ལ་ཤོག་གསུང་བ་བྱུང་པས་བླ་མ་རས་ཆུང་པས་ཚོགས་འཁོར་གྱི་རྒྱུ་རྒྱས་པར་བསྣམས་ཏེ་དེར་རྗེ་བཙུན་དང་མཇལ་རས་པ་

(༣༤༥)གྲོགས་མཆེད་ཐམས་ཅད་ཀྱང་དེར་འཚོགས་བ་ལ་ཤ་སྐམ་གྱི་ཐུག་པ་བཟང་པོ་བཀོལ་ནས་ཡོག་དྲངས་བྱས་ཚེ་རས་པ་ཁ་ཅིག་ན་རེ་རྗེ་བཙུན་གྱི་ཞལ་ནས་ཐུགས་སྲས་རས་ཆུང་པས་འབུལ་བ་ལུང་པར་མི་ཤོང་པ་ཁུར་ཡོང་པ་འདུག་གསུངས་པ་ག་རེ་ལགས་ཞུས་པ་ལ། རྗེ་བཙུན་ཆེན་པོ་ཞལ་འཛུམ་མཛད་དེ་བསུས་པའི་ལུང་པར་ཤ་ཚོད་ཀྱི་འབུལ་བ་མི་ཤོང་པ་བྱུང་འདུག་པ་འདི་ག་ཡིན་མོད་གསུངས་དེར་དཔོན་སློབ་ཀུན་བཞད་གད་དུ་གྱུར། དེ་ནས་རྗེ་བཙུན་གྱི་ཞལ་ནས་དབང་བསྐུར་ཟབ་མོ་བྱའི་ཐམས་ཅད་ཀྱི་འབུལ་བའི་རྟེན་འབྲེལ་མཚོན་པ་རེ་ཁྱེར་ཤོག །རས་ཆུང་པ་ལ་མེད་ཀྱང་རུང་གསུང་བས། རས་ཆུང་པ་ཐུགས་མ་བདེ་བ་ལ། རྗེ་བཙུན་གྱི་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཞིག་བཞེངས་འདུག་པ་ལས་དེའི་མཎྜལ་སྟེང་ན་སྔར་སྤྲང་པོ་ལ་སྦྱིན་པའི་གཡུ་དེ་ངོ་ཤེས་ལྷག་གེ་འདུག་པས། བླ་མ་རས་ཆུང་པ་ལུས་སྤྲིད་ཆིལ་གྱི་སོང་དེས་རྐྱེན་བྱས་ནས་འཁོར་བ་ལ་ཞེན་པ་གཏིང་ནས་ལོག་སྟེ་ད་ཕྱིན་ཆད་འདོད་ཡོན་གྱི་དབང་དུ་མི་གཏོར་ཞིང་བདེ་སྡུག་ཐམས་ཅད་རོ་སྙོམས་པ་དང་། བླ་མ་རྗེ་བཙུན་གྱི་རྣམ་པར་ཐར་པ་ཇི་ལྟ་བས་ཚེ་གང་འདི་མི་སྐྱེལ་རི་སྙམ་པས་དད་པའི་སྤུ་ལོང་གཏིང་ནས་གཡོས་ཤིང་ཐུགས་ཀྱི་དམ་བཅའ་དྲག་ཏུ་མཛད་དོ། །དེ་ནས་བཟུང་སྟེ་སྐྱིད་འདོད་ཀྱི་འདུན་པ་རྩ་བ་ནས་ཟད་བདེ་སྡུག་རོ་སྙོམས་བཟང་ངན་ཁྱད་མེད་འཁོར་འདས་དབྱེར་མེད་དུ་

(༣༤༦)མ་རོ་ཅིག་གི་རྟོགས་པ་ཐུགས་ལ་འཁྲུངས། འོན་ཀྱང་བླ་མ་མཆེད་གྲོགས་ལ་གནོད་པའི་ཚུལ་གྱི་ཟུར་ཞིག་ཏུ་བཞུགས་པས་རྗེ་བཙུན་གྱི་ཞལ་ནས་ཁྱོད་རས་ཆུང་པ་ངའི་འཁོར་གྱི་དང་པོ་ཡིན་པས་ད་ལན་ཡང་སླེབ་པ་དགའ། །དོ་ནུབ་ཡང་ངས་སྣ་ལེན་དུ་དབང་བསྐུར་ཅིག་གནང་བ་ཡིན། ལར་ཁྱོད་འགྲོ་འདུག་མང་བས་ང་ཡང་སེམས་སྤུན་དུ་བཅུག་སྔར་ཁྱོད་ལ་ངས་ཐབས་ཅི་བྱས་ཀྱང་ཁྱོད་ཀྱི་བློ་བསྒྱུར་མ་ཐུབ། དེ་རེས་ཁྱོད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་དུམ་པ་ཞིག་དང་། བླ་མ་ལ་དད་པ་ཅིག་འདུག་པས་ང་ལ་ཡང་བརྟེན་ས་བྱུང་ཁྱོད་རང་ལ་ཡང་བརྟེན་ས་བྱུང་པ་ཡིན། ལར་ང་མིན་ན་ཁྱོད་ཀྱི་བླ་ཆེན་པོ་འཚོང་རྩིས་བྱས་གསུང་ནས་མགུར་འདི་གསུངས་སོ། ༈ །གྲུབ་ཐོབ་བླ་མའི་བྱིན་རླབས་ནུས་པ་ཆེ། །རྣལ་འབྱོར་མི་ལའི་རྫུ་འཕྲུལ་གནད་འགག་ཆེ། །ཁྱོད་རས་ཆུང་པའི་སྙིང་རྗེ་གཏོང་ཕོད་ཆེ། །གཡུ་སྤྲང་པོ་ལ་སྦྱིན་པ་མི་ལས་ལོན། །དོ་ནུབ་བདེ་མཆོག་དབང་ཡོན་མཛོད། །རང་བདེ་ཐམས་ཅད་གཞན་ལས་འབྱུང་། །གཞན་ཕན་ཐམས་ཅད་རང་བདེའི་རྒྱུ། གནོད་པ་ཐམས་ཅད་རང་ལ་སྡིག །དེ་བས་ཕན་པའི་སེམས་སྐྱེད་ལ། །དཀྱིལ་འཁོར་ལྷའི་དྲུང་དུ་བྱོན། །སྡིག་པ་ལྟུང་བ་ཐམས་ཅད་བཤགས། །སྡོམ་པ་དམ་བཅའ་དྲག་ཏུ་བགྱིས། །ཤེས་གསུངས་པས། བླ་མ་རས་ཆུང་པ་དེ་གོང་དུ་ཐུག་ཅུང་ཞིག་གནོང་བས་ཞུ་མ་ཕོད་པ་ལ་རྗེ་བཙུན་གྱི་དེ་སྐད་གསུངས་པས་སྤོབས་བ་སྐྱེས་ཏེ་བླ་མ་དང་དཀྱིལ་འཁོར་

(༣༤༧)མཆེད་གྲོགས་ཀྱི་དྲུང་དུ་བཤགས་པའི་མགུར་འདི་ཕུལ་ལོ། ༈ །ལུས་ཀྱི་སྐྱིད་འདོད་གཡེང་བའི་ལས། །སྣང་བ་འབྲིད་མཁས་ཕྱིར་འབྲངས་པས། །གཡོ་རྒྱུ་ངན་སོང་ལས་བསགས་པ། །ཕ་བླ་མའི་སྐུ་ལ་མཐོལ་ཞིང་བཤགས། ངག་གི་ཁ་བཤད་ཁྲམ་པའི་དཔོན། །ཞལ་ལྕེ་ཕེར་ཕེར་དམྱལ་བའི་རྒྱུ། །ཤ་ཆང་མང་པོ་ཡི་དྭགས་གནས། །ཁྲེལ་མེད་རྗོད་པ་མི་དྲང་བས། །ཕ་བླ་མའི་གསུང་ལ་མཐོལ་ལོ་བཤགས། །སྐྱིད་འདོད་བསམ་པ་ངན་པའི་རྒྱུ། །གྲགས་འདོད་སྤྱོད་པ་མི་གཙང་ཞིང་། །ཆེ་འདོད་སྡིག་པའི་ལས་བསགས་པས། །ཕ་བླ་མའི་ཐུགས་ལ་མཐོལ་ལོ་བཤགས། །ཡུལ་ངན་གྲོང་དུ་འཁྱམས་བ་ཡིས། །དཀྱིལ་འཁོར་གཉན་པོའི་སྒྲུབ་མཆོད་ཆབ། །འདྲེ་བརྡུང་མང་པོའི་ཕྲིན་ལས་ཀྱི། །ཟབ་མོ་སྔགས་ཀྱི་ནུས་པ་ཤོར། །བྱ་བ་མང་པོའི་བསམ་གཞིག་གིས། །ཏིང་འཛིན་བཟང་པོའི་སྒོམ་འཕྲོ་ཆད། །དཀྱིལ་འཁོར་ལྷ་ལ་མཐོལ་ལོ་བཤགས། །གནས་མལ་མང་པོའི་འདུག་ས་དེས། །བདག་དང་གཞན་ལ་ཁྱད་པར་ཕྱེ། །རང་ཕམ་འཁུར་དུ་མ་ནུས་པ། །མཆེད་གྲོགས་སྤུན་ལ་མཐོལ་ལོ་བཤགས། །ཤེས་ཞུས་པས། །བླ་མ་ཡང་ཤིན་ཏུ་མཉེས་ཏེ་མཁས་པའི་ལྟུང་བ་ལྕི་ཡང་ཡང་ཟེར་བ་དེ་ཁྱོད་འདྲ་བ་ལ་ཟེར་བ་ཡིན་གསུངས་ནས་དབང་བསྐུར་དང་ངོ་སྤྲོད་རྒྱས་པར་གནང་རས་པ་རྣམས་ཀྱིས་ཀྱང་ཚོགས་དང་མཆོད་པ་རྒྱ་ཆེན་པོ་བཤམས་ནས་དབང་བསྐུར་ཡང་ལྷན་དུ་ཞུས་ཏེ་དགའ་བའི་རྣམ་འགྱུར་དཔག་ཏུ་མེད་པ་མཛད། རྗེ་བཙུན་གྱི་ཞལ་ནས་དོ་ནུབ་སྐྱིད་བ་ཡིན་ནོ་གསུང་ཞིང་དགྱེས་པར་མཛད་པ་ལ། རས་པ་འགའ་ཞིག་ན་རེ་མི་ཡི་རྣལ་འབྱོར་ཕོ་མོ་མང་

(༣༤༨)པོ་ཡང་ལྷན་དུ་སྡོད་ཅིང་འདུག་རང་རེ་དཔོན་སློབ་ལ་བཤགས་པ་འདི་ཙམ་དགོས་པ་ཅི་ལགས་ཞུས་ཤིང་། །རས་པ་ཞི་བ་འོད་ཀྱི་རྗེ་བཙུན་རས་ཆུང་པ་རླུང་སེམས་ལ་དབང་ཐོབ་པའི་སྐྱེས་བུ་གསང་ཡུམ་བཞེས་པ་ལ་རྗེ་བཙུན་གྱིས་ཀྱང་ཐུགས་རྗེས་གཟིགས་དགོས་ཤིང་། རས་ཆུང་པ་ཡང་བཤགས་པ་འབུལ་དགོས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། །བླ་མའི་ཞལ་ནས་ཆོས་ལ་དུས་ཚོད་མི་ཤེས་ན་ཐམས་ཅད་འཆལ་པ་ཡིན་ཆོས་ལ་དུས་ཚོད་དགོས་གསུང་ནས་མགུར་འདི་གསུངས་སོ། ༈ །བཀའ་དྲིན་ཅན་མར་པའི་ཞབས་ལ་འདུད། །རང་རྒྱུད་ལམ་དུ་ཕེབས་པར་བྱིན་གྱིས་བརློབས། །སློབ་མའི་རྒྱུད་ཆོད་ཤེས་པར་ཐུགས་རྗེས་བཟུང་། །ཆོས་ལ་དུས་ཚོད་མེད་ན་རྣལ་འབྱོར་འཆལ་པ་ཡིན། །གཏམ་ལ་བཟློ་དུས་མེད་ན་མི་རྒན་འཆལ་པ་ཡིན། །ཟས་ལ་སྟེར་ཚོད་མེད་ན་མོ་བཙུན་འཆལ་པ་ཡིན། །ལས་ལ་དགོས་དུས་མེད་ན་འཁོར་གཡོག་འཆལ་པ་ཡིན། །དགྲ་དང་འཕྲད་དུས་མེད་ན་དཔའ་བོ་འཆལ་པ་ཡིན། །རྐྱེན་དང་འཕྲད་དུས་མེད་ན་བཙུན་པོ་འཆལ་བ་ཡིན། །སྡུག་བསྔལ་བྱུང་དུས་མེད་ན་ཕན་ཐོགས་འཆལ་པ་ཡིན། །སྒོམ་ལ་སྙིང་རུས་མེད་ན་རི་ཁྲོད་འཆལ་པ་ཡིན། །ཅིག་ཕན་ཅིག་ལ་མེད་ན་གྲོགས་མཆེད་འཆལ་པ་ཡིན། །ཅི་གསུང་ཚད་མར་མི་འཛིན་དཔོན་སློབ་འཆལ་པ་ཡིན། །ལར་འཆལ་ལུགས་བཤད་ནས་བསམ་ལས་འདས། །ཅི་གསུང་ཉམས་སུ་ལོང་ཅིག་བུ་སློབ་རྣམས་ཅེས་གསུངས་སོ། །དེ་ནས་རྗེ་བཙུན་གྱི་གདམས་པ་སྔར་མ་གསུངས་པ་རྣམས་ཀྱང་ལྷག་མ་མེད་པར་གསུངས་ཤིང་། །དེ་དུས་རེ་ཞིག་གི་ཚེ་རས་བ་གསར་པ་ཁ་ཅིག་ན་རེ་སྐྱེ་ཤི་ལ་གདེང་ཚུད་པ་འདྲ་ཟེར། །དེ་ལ་བླ་མ་རས་ཆུང་པ་ཅུང་མ་མཉེས་པས་བཀུར་འདེབས་ཀྱི་མགུར་འདི་གསུངས་པར་གདའ། །

(༣༤༩)ཕ་ན་མོ་གུ་རུ། །རྗེ་མི་ལའི་སྐུ་ལ་གསོལ་བ་འདེབས། །བདག་འཆི་བ་དྲན་པར་བྱིན་གྱིས་རློབས། །སྤྲང་པོ་མ་ལ་སྐྱེས་ནས་སུ། །འཆི་བདག་བདུད་ཀྱི་བྱ་གཏོང་བྱུང་། །ཧ་ཅང་ལེ་ལོ་མ་ཆེ་དང་། །འཇིག་རྟེན་འདི་དང་ཚོང་འདུས་ས། །ཚོང་འདུས་འདི་ནས་འགྱེས་ལ་ཁད། །སྒྱུ་མའི་ལུས་པོ་འཇིག་ལ་ཉེ། །སྒྱུ་མའི་ལུས་འདིས་བསླུ་བསླུ་འདྲ། །སྤྱིར་དུ་སྡུག་བསྔལ་མང་ལུགས་སམ། །བློ་བུར་ནད་ཀྱི་འབྱུང་ལུགས་སམ། །ཚེ་འདིའི་ཉེ་འབྲེལ་འབོར་ལ་ཆེ། །གྲོགས་པོ་མེད་པར་འགྲོ་འགྲོ་འདྲ། །འདོད་ཡོན་འདི་ལ་ཆགས་ལུགས་སམ། །སྣང་བ་འཁྲུལ་པས་འཁྲིད་ལ་ཁད། །འཁོར་བར་གཏན་འཁྱམས་བྱེད་བྱེད་འདྲ། །ལ་འུར་སྒོམ་སྒྲུབ་བྱེད་རེ་རན། །རན་གྱིས་མི་ཆོག་ཕྱིས་པ་ཙམ། །བརྩོན་འགྲུས་བྱས་ན་ཤིན་ཏུ་བདེ། །ཡང་ཅིག་གསོན་དང་འདིར་འཚོགས་རྣམས། །ང་རང་རས་ཆུང་རྡོ་རྗེ་གྲགས། །འགྲོ་ས་འོག་མིན་གནས་སུ་བྱེད། །རྒྱག་ཕྱེ་ཉུང་སྟེ་རང་གིས་ལན། །སེམས་ཉིད་འཕོ་འགྱུར་མེད་པ་ལ། །འགྲོ་དང་འོང་བ་ངས་མ་མཐོང་། །ཆོས་ཉིད་གོམས་འགྲིས་བརྟན་པ་ལ། །ཆོས་ཅན་མཚན་མས་གོས་པ་མེད། །སྐྱེ་ཤི་མེད་པའི་སེམས་ཉིད་ལ། །བྱ་གཏོང་བདུད་ལ་

(༣༥༠)ཉམ་མི་ང་། །འདུས་བྱས་ཡེ་ནས་སྟོང་པ་ལ། །སྒྱུ་ལུས་བོར་དང་མ་བོར་མེད། །རང་བྱུང་ཡེ་ཤེས་ཡེ་ནས་ཅིག །ལེ་ལོ་ཆེ་ཆུང་མིང་དུ་ཟད། །ཕྱོགས་མེད་ལྷུན་གྲུབ་སྤྱིར་ཡང་འཆར། །སྡུག་བསྔལ་ཡེ་ནས་བདེ་ཆེན་ཡིན། །སྐྱེ་མེད་ཁོང་དུ་ཚུད་པ་ལ། །བར་ཆད་བྱས་པ་ངས་མ་མཐོང་། །ཐིག་ལེ་ཉག་ཅིག་རྟོགས་པ་ལ། །འཁོར་འདས་གཉིས་སུ་ངས་མ་མཐོང་། །སྐད་ཅིག་རིག་པའི་ཁྱིའུ་ཆུང་ལ། །བུ་ཚ་བྱ་བའི་མིང་འདོགས་བྲལ། །དེ་ནི་རྣལ་འབྱོར་རྣམས་ཀྱི་ལམ། །ཕ་རས་པའི་སྙན་དུ་མཆོད་པར་འབུལ། །ཁྱེད་འདིར་འཚོགས་ཐུགས་ལ་དེ་དགོངས་འཚལ། །ཞེས་གསུངས་པས། །ཡང་རས་པ་ཅིག་ན་རེ། ཁྱོད་ལྟ་བུའི་རས་པ་ལ་སྔ་མ་གསུངས་པའི་དོགས་པ་དེ་འདྲ་བ་མེད་ཅིང་། །ཕྱི་མ་གསུང་པའི་གདེང་དེ་དང་ལྡན་པ་ཡོད་ལགས་མོད། །རང་རེའི་རྒྱུད་པ་འདི་ལ་ཚོད་ཤེས་པ་ཅིག་དགོས་ཟིན། མི་ཚོད་མེད་རྣམས་ལ་བུ་དང་བུ་མོ་མང་པོ་བྱས་སྡུག་ཉོག་གེ་འདུག །དེ་བས་རང་རེ་དཔོན་སློབ་རྣམས་སྐྱིད་པ་ལ་ཟེར་བ་ལ། རྗེ་བཙུན་ཆེན་པོས་རྣལ་འབྱོར་ཡིན་ལུགས་སུམ་ཚན་གྱི་མགུར་གསུང་སྟེ། །རས་ཆུང་པ་ད་ནི་ཁྱོད་ཀྱི་ཕ་ཡུལ་དབུས་ན་ཡོད་གསུང་། དེར་བླ་མ་རས་ཆུང་པས་རྗེ་བཙུན་གྱི་གསུང་གི་ཞུས་ལན་འདི་མགུར་དུ་ཕུལ་ལོ། ༈ །སྐྱེ་མེད་སྒོམ་གྱི་དྲག་སྔགས་བཟློས། །བར་ཆད་སྐྱེངས་སུ་

(༣༥༡)འཇུག་པ་ཡིན། །གཅེར་བུ་བྱས་ནས་ལ་ཆེན་རྒལ། །དགའ་བ་ཅན་སྐྱེངས་སུ་འཇུག་པ་ཡིན། །སློབ་དཔོན་བསྟེན་གྱིན་མན་ངག་ཉན། །ཕ་ཁུ་སྐྱེངས་སུ་བཅུག་པ་ཡིན། །མཁའ་འགྲོ་མཆོད་ཅིང་མཆེད་ལྕམ་བསྟེན། །མ་སྲིང་སྐྱེངས་སུ་བཅུག་པ་ཡིན། །གཏུམ་མོ་སྤར་ཞིང་རི་ཁྲོད་འགྲིམ། །རྒྱལ་ཁམས་སྐྱེངས་སུ་འཇུག་པ་ཡིན། །ཆོས་མང་དུ་ཉན་ནས་ཉུང་དུ་བསྡུ། །ཚིག་ཚོགས་སྐྱེངས་སུ་འཇུག་པ་ཡིན། །གདམས་ངག་མང་པོའི་གསང་མཛོད་འཛིན། །གཞུང་བཤད་སྐྱེངས་སུ་འཇུག་པ་ཡིན། །ཞེས་གསུངས་པས། དཔོན་སློབ་ཐམས་ཅད་མཉེས་སོ། །དེ་ནས་ཡང་རྗེ་བཙུན་ཆེན་པོ་གར་གཤེགས་གར་བཞུགས་ཀྱི་ཕྱག་ཕྱི་འབྲངས་ཏེ་གདམས་ངག་གི་སྤྲོས་པ་ཆོད་ཅིང་བཞུགས་པའི་དུས་རྣམས་སུའང་། བླ་མའི་ཞལ་ནས་རས་ཆུང་པ་ཁྱོད་ཀྱི་ཕ་ཡུལ་དབུས་ན་ཡོད་ཡང་ཡང་གསུང་། དཔོན་སློབ་རྣམས་ལ་ཉ་མ་རྣམས་ཀྱི་ཚོགས་འཁོར་བཟང་དུ་ཞུས་པའི་གྲལ་དུ་རྗེ་བཙུན་གྱི་གསུང་ནས་རང་རེའི་རས་པ་རྣམས་ཀྱི་རང་ཉམས་ཀྱི་མགུར་རེ་ལོང་དང་གསུངས་པ་ལ་བླ་མ་རས་ཆུང་པས་མགུར་འདི་ཕུལ་ལོ། ༈ །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དགོངས་ཟབ་མོ་དང་། །ཁམས་གསུམ་སེམས་ཅན་

(༣༥༢)རྣམས་ཀྱི་སེམས་ཀྱི་མཚན་ཉིད་གཉིས། །ཡང་དག་དོན་དུ་འཁོར་འདས་གཉིས་སུ་མི་དམིགས་ཀྱང་། །མ་རྟོགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་གླུ་འདི་ལེན། །ཀུན་གསལ་བྲག་ཁར་ཕྱིན་ཙ་ན། །ང་ལ་དགའ་བ་རྣམ་བཅུ་བྱུང་། །རི་བོ་མཐོང་བས་དགའ་བ་ཅིག་བྱུང་། །ཆོས་སྐུ་འབྱུར་མེད་ཀྱི་དོན་ཅིག་རྟོགས། །ནམ་མཁའ་མཐོང་བས་དགའ་བ་ཅིག་བྱུང་། །སེམས་མཐའ་དབུས་མེད་པའི་དོན་ཞིག་རྟོགས། །བར་སྣང་མཐོང་བས་དགའ་བ་ཅིག་བྱུང་། །སེམས་ཉིད་རྩ་བྲལ་དོན་ཞིག་རྟོགས། །ཉི་མ་མཐོང་པས་དགའ་བ་ཅིག་བྱུང་། །ཁྲི་གདུགས་ཤར་བས་མུན་སངས་ལྟར། །བླ་མ་བརྒྱུད་པའི་གདམས་ངག་གོ། །ངོ་སྤྲོད་ཡོད་ལ་ངོས་བཟུང་བྲལ། །མ་རིག་སངས་པའི་དོན་ཞིག་རྟོགས། །ན་བུན་མཐོང་བས་དགའ་བ་ཅིག་ཀྱུང་། །ནམ་མཁའ་གཡོ་བ་མེད་པ་ལ། །འཕྲལ་ལ་བྱུང་ཞིང་འཕྲལ་ལ་ཡལ། །ཚོགས་དྲུག་རྐྱེན་སྣང་སྣ་ཚོགས་འདི། །ཡེ་ཤེས་ཡིན་པའི་དོན་ཞིག་རྟོགས། །སྐྱི་སེར་མཐོང་བས་དགའ་བ་ཅིག་བྱུང་། །ཀུན་ལ་ཐོགས་པ་མེད་པར་རྒྱུ། །ཟག་པ་མེད་པའི་ཤེས་པ་འདི། །མཁའ་ལ་བྱ་འཕུར་རྗེས་མ་མཆིས། །གང་ཤར་ཆོས་སྐུའི་དོན་ཞིག་རྟོགས། །རྒྱ་མཚོ་མཐོང་བས་དགའ་བ་ཞིག་བྱུང་། །རྒྱ་མཚོའི་གཏིང་ཟབ་མཐའ་དབུས་མེད། །

(༣༥༣)གསལ་ལ་རྙོག་པ་མེད་པ་ལྟར། །དེ་བཞིན་ཆོས་ཉིད་རྒྱ་མཚོ་ཡི། །ཟབ་གསལ་ཆེན་པོའི་དོན་ཞིག་རྟོགས། །རྦ་རླབས་མཐོང་བས་དགའ་བ་ཅིག་བྱུང་། །ཕྱོགས་སུ་ལ་ཐོར་ཡང་ཆུ་ཉིད་ལ། །འཁྲུག་ཅིང་གནས་ཀྱང་ཆུ་ཉིད་ལྟར། །སྣ་ཚོགས་སེམས་ཀྱི་འཆར་སྒོ་སྟེ། །སྐྱེ་འགག་གཉིས་སུ་མེད་པར་རྟོགས། །གཙང་ཆབ་མཐོང་བས་དགའ་བ་ཅིག་བྱུང་། །ཆུ་བོ་རྒྱུན་ཆད་མེད་པ་ལྟར། །རྣམ་པར་རྟོག་པའི་ཏིང་འཛིན་འདི། །ཕྱི་ནང་ཆོས་སྐུར་གསལ་ལ་དངས། །སྐུ་གསུམ་འབྲལ་མེད་དོན་ཞིག་རྟོགས། །ས་གཞི་མཐོང་བས་དགའ་བ་ཅིག་བྱུང་། །བརྩོལ་མེད་རྩི་ཤིང་ལོ་ཐོག་རྒྱས། །དེ་བཞིན་ལྷུན་གྲུབ་ཤེས་བྱའི་གཤིས། །རྣམ་པར་མི་རྟོག་ཆོས་ཉིད་ལས། །འབད་མེད་འགྲོ་དོན་འབྱུང་བར་རྟོགས། །དགའ་བ་རྣམ་བཅུ་བྱ་བ་འདི། །བླ་མའི་དྲུང་དུ་མཆོད་པར་འབུལ། །ཞེས་ཕུལ་བས་བླ་མ་མཉེས་པར་གྱུར་ཏོ། །དེ་ནས་བླ་མ་རས་ཆུང་པ་ཉིད་ལ་སྙན་རྒྱུད་ཡིད་བཞིན་ནོར་བུའི་ཆིག་བརྒྱུད་ཀྱི་གདམས་པ་རྣམས་སྔར་གཉའ་ནང་གྲོད་ཕུག་ཏུ་ཞལ་གདམས་གཏད་རྒྱ་དང་བཅས་ཡོངས་སུ་རྫོགས། ཆུ་བར་སྤྲུལ་སྐུའི་ཕོ་བྲང་ན་རྗེ་རས་ཆུང་པ་བླ་མའི་བཀའ་དང་དགོངས་པ་སྒྲུབ་ཅིང་ཞབས་ཏོག་ལ་བརྩོན་པར་ཡོད་པའི་མནལ་

(༣༥༤)ལམ་དུ། ཁྱི་གཅིག་ལ་བལ་གྱི་ཁལ་བཀལ་ནས་ཡི་གེ་འབྲི་འོ་དོད་འབོད་ཅིང་ཕྱིན་པས། ལ་གཅིག་ལ་མི་བརྒྱད་ཅུ་རྩ་བརྒྱད་ཀྱི་ཚུར་བསུ་བ་ཞིག་རྨིས་ནས་རྗེ་བཙུན་ཆེན་པོ་ལ་ཅི་ཡིན་ཞུས་པས་མགུར་འདི་གསུངས་སོ།། ༈ །།ཁྱི་ནི་གྲོགས་དང་ལྡན་པ་སྟེ། །བརྒྱུད་ནི་བལ་ལས་འཇམ་པ་ཡིན། །ཡི་གེ་ཐ་སྙད་དོན་ལ་མཁས། །ཉམས་མྱོང་འོ་དོད་གླུ་རུ་ལེན། །སྐྱེལ་བསུ་བརྒྱད་ཅུ་བརྒྱད་ནས་འབྱུང་། །ཅེས་གསུངས་སོ། །ཡང་ནུབ་ཅིག་གི་རྨི་ལམ་དུ་གོས་ཕུད་ནས་ཆུས་བཀྲུས། བྱ་ཞིག་ཏུ་གྱུར་ནས་འཕུར་དེ་ཤིང་ཁར་བབས་ནས་མེ་ལོང་བལྟ་བ་རྣམས་རྨིས་ཞུས་པས། ༈ །ཆོས་བརྒྱད་ཚེ་འདིའི་གོས་བཤུས་ནས། །གདམས་པ་དྲི་མེད་ཆུ་ཡིས་འཁྲུད། །བྱམས་དང་སྙིང་རྗེའི་བྱ་ལུས་ལ། །ཚོགས་གཉིས་ལྡན་པའི་གཤོག་བཏགས་འཕུར། །བབ་པ་བྱང་ཆུབ་ཤིང་རྩེར་བབས། །མེ་ལོང་མཁའ་འགྲོའི་བརྡ་སྟོན་འབྱུང་། །ཅེས་གསུངས་སོ། །ཡང་ནུབ་ཅིག་གི་རྨི་ལམ་དུ། །བོང་བུ་ཞིག་ལ་ཁ་ཕྱིན་ཅི་ལོག་ཏུ་བཞོན་ནས། །རེ་བའི་གོས་གྱོན་པ་རྣམས་རྨིས་པ་རྗེ་བཙུན་ལ་ཞུས་པས།། ༈ །།ཐེག་ཆེན་བོང་བུའི་རྟ་ཞོན་ནས། །འཁོར་བ་དག་ལ་རྒྱབ་ཕྱོགས་ཏེ། །མྱང་འདས་མདུན་དུ་བསུ་བར་བྱེད། །རེ་བ་ཀུན་གྱི་རེ་གནས་པ། །ཅེས་གསུངས་སོ། །ཡང་ནུབ་ཅིག་གི་རྨི་ལམ་དུ། །ནོར་བུ་མགོ་ཐོག་ཏུ་བཞག་རས་དྲི་མ་མེད་པ་

(༣༥༥)ལུས་ལ་གོན། མེ་ལོང་གཡའ་དག་པ་ཅིག་ལ་བལྟ། ཕྱག་གཡས་རྡོ་རྗེ་དང་གཡོན་ཐོད་པ་ཟས་ཀྱི་གང་བ་བསྣམས་པདྨའི་གདན་ལ་སྐྱིལ་ཀྲུང་བཅས། །རྒྱབ་ཏུ་འོད་འཁྱིལ་ལུས་ལ་མེ་དཔུང་འབར། མདུན་དུ་ཆུ་མིགས་རྡོལ། །སྙིང་ལ་ཉི་ཟླ་ཤར། གཡོན་ཕྱོགས་ན་སྐྱེས་པ་དང་བུད་མེད་མང་པོ་བཤིབས་འདུག །གཡས་ཕྱོགས་ན་ལུ་གུ་གཅིག་དང་རིའུ་ཚན་ཅིག་སྐྱོང་ཞིང་འདུག་པས་ལུ་གུ་གཅིག་པོ་དེ་མང་དུ་འཕེལ་བ་རྨིས་ཏེ་རྗེ་བཙུན་ལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་འདི་ལྟར་ཡིན་གསུངས་མགུར་འདི་གསུངས་སོ། ༈ །ནོར་བུ་བླ་མ་སྤྱི་བོར་བསྒོམ། །བཀའ་བརྒྱུད་རས་དཀར་དྲི་མེད་ལ། །སྙན་བརྒྱུད་ངོ་སྤྲོད་མེ་ལོང་བལྟ། །ཕྱག་གཡས་རྡོ་རྗེ་རྣམ་རྟོག་འཇོམས། །གཡོན་པ་བདེ་སྟོང་ཉམས་མྱོང་སྐྱོང་། །པད་གདན་ཉེས་པའི་སྐྱོན་མ་གོས། །སྐྱིལ་ཀྲུང་རྩེ་གཅིག་ཏིང་འཛིན་གནས། །རྟོགས་པ་རྒྱབ་ཏུ་འོད་གསལ་འཁྱིལ། །དྲོད་རྟགས་ཉམས་མྱོང་ཆུ་མིག་བརྡོལ། །ལུས་ལ་གཏུམ་མོ་མེ་ལྟར་འབར། །ཉི་ཟླ་འོད་གསལ་ངང་དུ་གནས། །གཡོན་དུ་སྐྱེས་པ་བུད་མེད་གྲལ། །དཔའ་བོ་དཔའ་མོའི་བརྡ་སྟོན་འབྱུང་། །གཡས་ཕྱོགས་རིའུ་ལུག་རང་འཁོར་སྐྱོང་། །ལུ་གུ་འཕེལ་བས་སྙན་བརྒྱུད་དར། །ཅེས་གསུངས་ནས་དེ་ལྟར་ཡོང་བ་ཡིན་པས་ད་ཁྱོད་ངའི་སར་སྡོད་མི་

(༣༥༦)དགོས་པར་འདུག་པས་སོངས་ཞིག །གདུལ་བྱ་དུས་ལ་བབ་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་བོ་གསུང་ནས་ཞལ་གདམས་ཀྱི་མགུར་གསུངས་པ།། ༈ །།བུ་ཅིག་གསན་དང་རས་ཆུང་པ། །ཁྱོད་འཁོར་འདས་རྐྱེན་ལ་རག་ལས་པས། །བླ་མ་དམ་པ་བསྟེན་ནུས་ན། །འབད་མེད་གདམས་པ་ཤུགས་ལས་འབྱུང་། །བུ་ཅིག་གསན་དང་རས་ཆུང་པ། །ཁྱོད་ཡུལ་ལ་ཆགས་སེམས་སྤངས་ནས་ནི། །རི་ཁྲོད་དགོན་པ་འཛིན་ནུས་ན། །རྩོལ་མེད་དངོས་གྲུབ་ཤུགས་ལས་འབྱུང་། །ལས་ངན་འཛིན་པའི་རྩ་བ་ཅན། །ནོར་ལ་ཆགས་སེམས་སྤངས་ནས་ཀྱང་། །ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་ལམ་སྣ་ཤུགས་ལས་འབྱུང་། །བུ་ཅིག་གསན་དང་རས་ཆུང་པ། །འཁོར་བར་སྐྱེ་བའི་རྩ་བ་ཅན། །བུ་ཚའི་འཁྲི་བ་བཅད་ནས་ནི། །རང་ཉིད་གཅིག་པོར་སྡོད་ཟུག་ན། །ཞིང་ཁམས་རྣམ་དག་ཤུགས་ལས་འབྱུང་། །བུ་ཅིག་གསན་དང་རས་ཆུང་པ། །ད་ལྟ་དམ་ཆོས་དར་ལགས་ཀྱང་། །ཆོས་འདྲ་མིན་མང་པོས་བསྲེས་སླད་བྱས། །བླ་མ་སློབ་དཔོན་བྱེད་མི་མང་། །ཁ་བཟང་འདོད་གཏམ་ཆགས་པར་སྨྲ། །བརྒྱུད་པ་བཟང་དགུ་འདོམས་ཤིག་ཕའི་བུ། །བུ་ཅིག་གསན་དང་རས་ཆུང་པ། །སྙིང་ནས་དམ་ཆོས་མཛད་དགོངས་ན། །ཆོས་ཉོན་མོངས་གཉེན་པོར་འགྲོ་དགོས་པས། །ཁ་བཤད་ངོ་ལྐོག་མ་ཆེ་བར། །ཞེ་ཕུགས་

(༣༥༧)གྱི་སྐྱིད་འདོད་བྲལ་བ་གཅེས། །བུ་ཅིག་གསན་དང་རས་ཆུང་པ། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཚེ་འདིའི་བདེ་སྐྱིད་མ་བསམ་པར། །རང་སེམས་རྩ་བ་མ་ཤོར་བར། །སྒོམ་པ་རྒྱུད་ལ་བརྟེན་ཅིག་ཨང་། །ཅེས་གསུངས་ནས་རས་ཆུང་པ་ཁྱོད་དང་པོར་སྡོད་བྱས་ཀྱང་འགྲོ་ཞིང་འདུག་འགྲོ་ན་ད་སོང་གསུང་ནས་ཡང་ཞལ་གདམས་འདི་གསུངས་སོ།། ༈ །།བུ་ཆུང་ནས་སྐྱངས་པའི་རས་ཆུང་པ། །རང་དོན་ཡོན་ཏན་ཀུན་རྫོགས་ནས། །གཞན་དོན་འཕྲིན་ལས་དུས་ལ་བབ། །བོད་ན་ཁྱོད་ཀྱི་གདུལ་བྱ་རྣམས། །གཙང་དབུས་རྡོ་བོད་མཚམས་ན་ཡོད། །སྨོན་ལམ་འབྲེལ་བའི་ལས་ཅན་ལ། །ཆོས་ཀྱི་འཁོར་ལོ་སྐོར་སྐྱིན་བཞུང་། །སྐལ་མེད་སེམས་ཅན་ཀུན་ལ་ཡང་། །སྨོན་ལམ་འབྲེལ་པ་འདོམས་ཀྱིན་བཞུད། །འགྲོ་རྣམས་སྐྱེ་མེད་རང་ངོ་སྤྲོད། །ཞེན་འཛིན་ཅན་གྱི་གེགས་རྣམས་སོལ། །བག་ལ་ཉལ་གྱི་བརྡར་ཤ་ཆོད། །སྐལ་ལྡན་རྣམས་ཀྱི་ལམ་སྣ་དྲོངས། །སྒྲུབ་བརྒྱུད་བསྟན་པ་སྤེལ་གྱིན་སོངས། །ཞེས་གསུངས་པས། །དེར་བླ་མ་རས་ཆུང་པས་ད་གདམས་ངག་ལྷག་མ་མེད་དམ་ཞུས་པས། ཟབ་ཤོས་ཅིག་ཡོད་དེ་ཁྱོད་ནམ་འགྲོ་ཙ་ན་བསྟན་གྱི། གཞན་དྲ་མར་པ་ལོ་ཙའི་དྲུང་དུ་ཞུས་པའི་གདམས་ངག་རྣམས་ལྷག་མ་མེད་པར་སྦྱིན་མེད་རི་ཞེས་དབུ་སྙུང་བཞེས་པས་

(༣༥༨)བླ་མ་རས་ཆུང་པ་ཡང་དགའ་ཞིང་བླ་མ་དང་འབྲལ་བ་ཡང་སྐྱོ་བས་ལུས་བ་སྤུ་གཡོ། མིག་མཆི་མ་འཁྲུག་བཞིན་པར་ཕྱག་རྩོལ་མེད་དུ་མང་དུ་བརྩལ་ཞིང་། ཡང་རས་ཆུང་པས་ཞུས་པ། བླ་མ་ལགས་ཁྱེད་ད་ནས་ལོ་དུ་བཞུགས་བླ་མའི་བརྒྱུད་པ་སུས་འཛིན་བརྒྱུད་འཛིན་གྲགས་ཆེ་བ་ལ་ཅི་འདྲ་བ་ཡོང་། ངས་བླ་མའི་ཞབས་ཏོག་ཡུན་རིང་དུ་བྱས་པ་ལ་རྟགས་ཅི་འདྲ་ཡོང་ཞུས་པས། བུ་རས་ཆུང་པ་དེ་ལྟར་ཡིན་ང་ལྷོ་བྲག་མར་པའི་དྲུང་ནས་ཡར་ཡོང་དུས་བླ་མ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ནའང་། བརྒྱུད་པ་ཁོ་བོ་ལ་གཏད་པ་ཡིན་ཁོ་བོས་ཡང་བླ་མའི་གདམས་པ་ཆུད་མ་གསན་རི་ཁྲོད་དུ་ཚེ་དང་བསྒྲུབ་པ་མཉམས་པས། སྐལ་ལྡན་གྱི་སློབ་མ་རྣམས་སྨིན་གྲོལ་གྱི་གདམས་པས་བསྐྱངས་ཤིང་། རབ་རྣམས་སངས་རྒྱས་ཀྱི་སར་བཀོད། །འབྲིང་རྣམས་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱས། ཐ་མ་རྣམས་ལ་ཡང་གསང་སྔགས་ཀྱི་ལམ་མངོན་སུམ་དུ་བྱེད་པའི་སྐལ་པ་དང་ལྡན་པར་བྱས། ཆོས་ཀྱི་འབྲེལ་པ་དང་ལས་འབྲེལ་ཐོབ་པའི་སྐལ་ལྡན་ཡང་ལྔ་སྟོང་དང་བདུན་བརྒྱ་ལྷག་ཙམ་ཡོད། དེ་རྣམས་ཀྱང་འཁོར་བ་མཐའ་ཅན་དུ་བྱས་ཤིང་ཕལ་ཆེར་སྐྱེ་བ་བཅུ་དྲུག་གི་སྲིད་མཐའ་ཆོད་པའི་གང་ཟག་ཁོ་ནར་བགྱིས། ཁོ་བོའི་བརྒྱུད་པ་ནཱ་རོ་མེ་ཏྲི་དང་སྒྲ་བསྒྱུར་མར་པས་ལུང་བསྟན་པའི་དགེ་སློང་མཚོ་བྱེད་དབུས་

(༣༥༩)པ་སྟོན་པ་དེས་འཛིན་པར་འདུག་གཞན་ཡང་ཁྱོད་རང་སོགས་མཁའ་འགྲོས་ལུང་བསྟན་པ་བཞིན་སྔར་བཤད་པ་དེ་རྣམས་ཡིན། །ཁྱོད་ཀྱི་ཐོག་དྲངས་པའི་ལུས་མ་སྤངས་པར་མཁའ་སྤྱོད་དུ་འགྲོ་བ་ཡང་མང་ཞིག་ཡོད། ཁྱོད་ཀྱིས་ཀྱང་གཞོན་ནུ་ནས་ཁོ་བོ་བརྟེན་ཅིང་ཅི་གསུང་གི་བཀའ་བསྒྲུབས་ཆོས་ཚུལ་བཞིན་བགྱིས་ལུས་ངག་གི་ཞབས་ཏོག་དང་སྒྲུབ་པ་འབད་པ་ཆེན་པོས་བསྒྲུབས། དུས་དང་གནས་སྐབས་ཐམས་ཅད་དུ་ཁོ་བོ་མགུ་བར་བགྱིས་པས་ཁྱོད་ཀྱི་བྱ་བ་ཁམ་ཆེན་པོ་གྲུབ་པ་ཡིན། དེའི་དོན་གྱི་ད་ཕན་ཆད་ཁྱོད་ཀྱིས་བསམས་པ་ཐམས་ཅད་འགྲུབ་འཕྲིན་ལས་ནམ་མཁའ་དང་མཉམ་འགྲོ་དོན་འཁོར་བ་དོང་སྤྲུགས་ནུས། སློབ་མའང་ལོ་སུམ་གྱི་མིང་གི་ཐོག་དྲངས་བརྒྱུད་པ་ཟིན་ངེས་པའི་ནུས་པ་ཅན་མང་དུ་འབྱུང་། ཁྱད་པར་དུ་སྙན་བརྒྱུད་ཡིད་བཞིན་ནོར་བུ་འདི་འཛིན་པའི་སློབ་མ་རྗེ་བཙུན་ཏེ་ལོས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཅིག་ཡོང་དེ་ཡང་མཁའ་འགྲོས་ལུང་སྟོན་དུ་འོང་པས་དེ་ལ་བཀའ་རྒྱས་ཐོབ་ལ་སྦྱིན། གཞན་སྐལ་མེད་རྣམས་ལ་སྦྱིན་ན་མཁའ་འགྲོས་བཀའ་ཆད་ཡོང་ཞིང་མི་ལ་ངའི་སྙིང་སྟོན་པ་དང་འདྲ་བས་དམ་དུ་གྱིས་ཤིག །བུ་ཁྱོད་ཀྱིས་གདམས་ངག་རྣམས་ཀྱང་སློབ་མ་གཅིག་གི་ལོན་པར་དཀའ་བས་

(༣༦༠)བཀའ་བབས་བཅོ་ལྔར་ཆེ་ལས་སྦྱིན། ཁྱོད་ཀྱི་མན་ངག་ཕྲན་བུས་ཀྱང་སེམས་ཅན་མང་ཕོ་ལ་ཕན་ཐོགས་པས་སྣོད་ལྡན་གྱི་གང་ཟག་རྣམས་ལ་ལེགས་པར་སྦྱིན། ཁྱོད་ཀྱི་ཆོས་བརྒྱུད་ཀྱང་ཇེ་བཟང་ཇེ་དར་ལ་འགྲོ་བ་ཡོང་། ཁྱོད་ཀྱི་སྒྲུབ་གནས་ཀྱང་འདི་ནས་ཤར་གྱི་ཕྱོགས་རོལ་ན་ནོར་བུ་འབར་བ་ལྟ་བུའི་རི་ལ་རྩེ་མོ་ཁྱོད་རང་གི་ཞྭ་འདི་ལྟ་བུ། ནང་ལྕང་ལོ་ཅན་དང་ཁྱད་པར་མེད་པ་ཞིག་ཡོད། །སྐལ་ལྡན་མང་པོ་སྨིན་གྲོལ་ལ་འཁོད་པ་དང་སྒྲུབ་པའི་རྒྱལ་མཚན་ཚུགས། གཞན་ཡང་དགེ་བསྙེན་ཤམ་པོའི་བཞུགས་གནས་གསང་སྔགས་ཀྱི་ལྷ་ཆིག་སྟོང་ཆིག་བརྒྱའི་ཕོ་བྲང་གངས་ཤེལ་གྱི་མཆོད་རྟེན་འདྲ་བའི་བྱང་ཕྱོགས་ན། འཁོར་ལོ་བདེ་མཆོག་གི་ཕོ་བྲང་། དེ་ན་བསྒྲུབ་གནས་ཀ་པ་ལི་ཁ་སྦུབ་པ་འདྲ་བ་ཡོད་ཀྱི་དེར་སྒྲུབ་པའི་རྒྱལ་མཚན་ཚུགས་ཐེ་ཚོམ་ཐམས་ཅད་དེར་ཆོད་པར་འགྱུར། དེ་ནས་སྔར་ལུང་བསྟན་པ་བཞིན་རྡོ་རྗེ་ཕག་མོའི་ཕོ་བྲང་ཨོ་རྒྱན་གྱི་གནས་དང་ཁྱད་མེད་པ་ཞིག་རྡོ་བོད་ཀྱི་མཚམས་ན་ཡོད་པས། དེར་སྒྲུབ་པ་བགྱིས་ལ་ལུང་བསྟན་པའི་སློབ་མ་རྣམས་ཀྱང་དེར་སྨིན་པར་བགྱིས། དེ་ནས་ཡང་དགེ་བསྙེན་གསལ་རྗེའི་བྱང་འདབས་རྡོ་རྗེ་གཞོན་ནུའི་ཕོ་བྲང་སྒྲུབ་ཕུག་ཉི་ཟླ་ཁ་སྦྱོར་ཞེས་བྱ་བར་བསྒྲུབ་པ་བགྱིས་དང་ཁྱོད་ལ་ཐུན་མོང་མ་ཡིན་པས་རྟོགས་

(༣༦༡)པ་ཁྱད་པར་ཅན་སྐྱེ་ཞིང་ངོ་བོ་མངོན་གྱུར་གྱི་སངས་རྒྱས་དེར་མཇལ་བ་འདུག །དེ་ཙ་ན་མི་རྒན་ང་དང་ཁྱད་པར་མེད་པར་གྱུར་པ་ཡིན་ནོ། །ཁྱོད་ཀྱི་གདུལ་བྱའི་ཕྱི་མ་གནས་དེ་ནས་རྒྱང་གྲགས་ཉི་ཤུ་འདས་པའི་ས་ན་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་བདེ་ཆེན་གསང་བའི་བྲག་ཕུག་ཅེས་བྱ་བ་ཡོད་ཀྱི། དེར་གདུལ་བྱ་ཐ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་ལས་ཚིམ་པར་གྱིས་ཤིག །ད་ཁྱོད་མི་རྒན་ང་ལ་ཡང་འཕྲེང་མི་དགོས་དེའི་རྒྱུ་མཚན་མང་དུ་ཡོད་དེ། ང་འབྱུང་བ་ལ་རང་དབང་ཐོབ་པས་ནད་གཡོག་མི་དགོས་གདམས་ངག་གི་སྒྲོ་འདོགས་ཆོད་པས་གསལ་འདེབས་མི་དགོས། ཤི་ཡང་མི་ཡུལ་དུ་རོ་མི་ལུས་པས་རོ་འཁུར་མི་དགོས། རང་གི་ཉམས་མྱོང་ཐོག་ལ་བརྟན་ཆ་ཟིན་པས་སྐྱེལ་མ་མི་དགོས། གདུང་རིང་བསྲེལ་མཁའ་སྤྱོད་དུ་བཞུགས་པས་མི་ཡུལ་དུ་གཡེང་པ་མི་དགོས། གང་ཟག་དབང་པོའི་བྱེ་བྲག་གི་མཐོང་སྣང་མང་དུ་འབྱུང་སྲིད། ང་ལ་བར་དོ་མེད་དེའི་དོན་གྱི་ང་ལ་འཕྲེང་མི་དགོས་གསུང་ནས་མགུར་འདི་གསུངས་སོ།། ༈ །།བླ་མེད་ཐེག་པ་མཆོག་གི་དོན། །ཤེས་རབ་སྙིང་རྗེར་ལྡན་ཙ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཚུད་པ་འདྲ། །འབྱུང་བ་དངས་སྙིགས་ཕྱེད་པ་

(༣༦༢)ཡིན། །རྣལ་འབྱོར་ལུས་ཀྱི་མེ་ཏོག་རྒྱས། །སེམས་ཅན་འབྲེལ་ཚད་དྲངས་པ་ཡིན། །ཁམས་རང་བཞིན་རྣམ་པར་དག་པ་འདི། །ཆུའི་ནང་གི་གཟུགས་བརྙན་འདྲ། །ཟབ་མོ་སྐྱེ་བ་མེད་པའི་དོན། །མཚོན་བྱེད་སྙན་ནས་བརྒྱུད་པ་ཡི། །གདམས་ངག་སྙིང་ལ་ཞེན་པ་འདི། །ལན་ཚྭ་ཆུ་ལ་ཐིམ་པ་འདྲ། །ཡེ་ཤེས་ནང་ནས་ཤར་བ་ཡི། །སེམས་དང་ཕུང་པོ་འཆིང་ཐག་གྲོལ། །ཐེ་ཚོམ་ཆོད་པའི་ཤེས་པ་འདི། །མཉམ་རྗེས་རྨི་ལམ་སངས་པ་འདྲ། །ཤེས་བྱ་གཤིས་ལ་ཕེབས་པ་ཡི། །ཡུལ་དང་དབང་པོ་རྟ་གཡག་གྱེས། །བདེན་ཞེན་འཐས་པའི་སྣང་བ་འདི། །གཉིས་མེད་ཆབ་ཀྱི་ལྦུ་བ་འདྲ། །རྣམ་དག་ལྟ་བའི་གདེང་ཟིན་པས། །དོན་དམ་གྲུབ་མེད་ཡེ་ཤེས་ཐོབ། །རང་བྱུང་ལྷུན་གྱི་གྲུབ་པ་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །བྱར་མེད་ངང་ལ་གནས་པ་ཡིན། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གནས་ལུགས་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །སྤྱོད་པ་བླང་དོར་མེད་པ་ཡིན། །ཐབས་ཀྱི་འཁོར་བར་མི་གནས་ལ། །ཤེས་རབ་གསུམ་གྱིས་གྲོལ་བ་འདི། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། །ཀུན་གཞི་ཆོས་སྐུར་ཐིམ་པ་འདིས། །ལས་ཀྱི་ས་བོན་གཏིང་ནས་ཟད། །སྐྱེ་གནས་སྲེད་ལེན་ཕུང་པོ་འདི། །སྒོ་ང་རྡོག་པས་བརྫིས་པ་འདྲ། །ཡོན་ཏན་

(༣༦༣)རྫོགས་པའི་བར་དོ་ལ། །ཟབ་མོ་སྙན་བརྒྱུད་མཚམས་སྦྱར་ནས། །སེམས་སྐྱེ་མེད་འོད་གསལ་འཕྲོད་དུས་སུ། །མི་ང་ལ་མཐོང་སྣང་སྣ་ཚོགས་འབྱུང་། །ཁྱོད་རྣམས་རང་སྣང་མཐོང་བ་ཡིན། །ཞེས་གསུངས་ནས། །ད་ནི་འདིར་མ་སྡོད་པར་འགྲོ་དོན་ལ་སོངས་ཞིག་གསུང་། དེར་བླ་མ་རས་ཆུང་པས་བླ་མ་རྗེ་བཙུན་ཡང་སྐུ་ནས་བགྲེས་པ་དང་། །དབུས་ས་ཐག་རིང་ཞིང་ས་ཡང་རྩུབ་པར་འདུག་པས་འགྲོ་བར་མི་འདོད་ལགས་པས། བླ་མ་སྐུ་ཁམས་བཟང་རིང་ལ་ཞབས་དྲུང་རང་དུ་སྡོད་པར་འདོད་ཅིང་སྒྲུབ་པ་མཐར་འདོན་པ་ཁེབས་ཆེ་ཞིང་བདག་ཅི་ནས་ཀྱང་རྗེའི་དྲུང་དུ་སྡོད་པ་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ཁྱོད་ལ་མ་འགྲོ་བྱས་དུས་འགྲོ་ཟེར་སོང་བྱས་དུས་སྡོད་མ་ཟེར་བར་ད་ནི་མ་སྡོད་སོང་ལས་འགྲོ་དོན་གྱིས་གསུངས་མགུར་འདི་གསུངས་སོ།། ༈ །།བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །དབུ་རུ་བོད་ཀྱི་ཡུལ་དུ་སོང་། །དབུ་རུའི་བྱང་ངོས་འགྲིམ་ཞིང་སོང་། །དགེ་བཤེས་འགའ་ལ་ཕན་ཐོགས་འགྱུར། །དབུས་ཀྱི་རྒྱལ་ཁམས་སྐོར་བཞིན་སོང་། །ལྷོ་ངོས་ཟུར་ཁ་འགྲིམ་ཞིང་སོང་། །ཤམ་པོའི་གངས་ལ་བསྒོམ་དུ་སོང་། །ལས་ཅན་རྣམས་ཀྱི་ལམ་སྣ་དྲོངས། །བུ་བཞིའི་ནང་ནས་དོན་བུ་ཁྱོད། །བླ་མ་སྤྱི་བོར་བསྒོམ་ཀྱིན་སོང་། །བརྒྱུད་པ་རྣམས་ཀྱི་ཐུགས་སྲས་ཁྱོད། །དམ་ཚིག་ཡེངས་མེད་

(༣༦༤)བསྲུང་བཞིན་སོང་། །སྙན་རྒྱུད་འཛིན་པའི་སྒྲོན་མེ་ཁྱོད། །མ་རིག་མུན་པ་སེལ་གྱིན་སོང་། །སྐལ་ལྡན་རྣམས་ལ་སྤེལ་བཞིན་སོང་། །སྐལ་མེད་རྣམས་ལ་གསང་བཞིན་སོང་། །བྱར་པོའི་ནགས་ལ་སྒྲུབ་པ་གྱིས། །དམྱལ་དང་ལོ་རོའི་ཕྱོགས་ལ་སོང་། །རྡོ་བོད་མཚམས་སུ་དགོན་པ་ཐོབ། །བསྟན་པའི་སྲོག་ཤིང་དེ་རུ་ཚུགས། །སྐལ་ལྡན་ཐུགས་རྗེས་དེ་རུ་བཟུང་། །ཞེས་གསུང་ཞིང་ལུང་བསྟན་པས་བླ་མ་རས་ཆུང་པས་ཡང་ཕྱག་རྩོལ་མེད་དུ་བཙལ་ཞིང་མགུར་འདི་ཕུལ་ལོ།། ༈ །།ཕ་ཡི་བུ་ཆེན་རས་ཆུང་ང་། །བླ་མ་སྤྱི་བོར་སྒོམ་ཞིང་འགྲོ། །བུ་བཞིའི་ནང་ནས་དོན་བུང་། །དམ་ཚིག་ཡེང་མེད་སྲུང་ཞིང་འགྲོ། །བརྒྱུད་པ་རྣམས་ཀྱི་སྲས་བུ་ང་། །སྣོད་མིན་རྣམས་ལ་གསང་ཞིང་འགྲོ། །སྣོད་ལྡན་རྣམས་སྤེལ་ཞིང་འགྲོ། །སྙན་རྒྱུད་འཛིན་པའི་སྒྲོན་མེ་ང་། །མ་རིག་མུན་པ་སེལ་ཞིང་འགྲོ། །བསྟན་པ་འཛིན་པའི་སྲོག་ཤིང་ང་། །ཆོས་ཀྱི་རྒྱལ་མཚན་འཛུགས་ཤིང་འགྲོ། །ང་སོང་བའི་དུས་ན་རིན་པོ་ཆེ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །འགྲོ་བའི་མགོན་པོ་བདེ་བར་བཞུགས། །སྔོན་ཤེས་རིག་པའི་རྫུ་འཕྲུལ་ཅན། །ཆོས་ཀྱི་སྤྱན་སྤྱན་བདེ་བར་བཞུགས། །བཀའ་དྲིན་འཁོར་མེད་རིན་པོ་ཆེ། །མ་རིག་མུན་སེལ་བདེ་བར་བཞུགས། །མཇལ་བ་དོན་ལྡན་མཐུ་སྟོབས་ཅན། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །

(༣༦༥)ཞེས་ཞུས་ནས་རས་ཆུང་པས་འབྱོན་པའི་ཆས་མཛད་ནས། །རྗེ་བཙུན་ལ་ཕྱག་ཕུལ་ཏེ་ཞུ་དོན་འདི་དབྱངས་སུ་ཕུལ་ལོ།། ༈ །།ཕའི་བུ་ཆེན་རས་ཆུང་ང་། །བླ་མའི་བཀའ་བཞིན་དབུས་སུ་འགྲོ། །རས་ཆུང་དབུས་སུ་འགྲོ་བ་ལ། །རྡོ་རྗེ་སྐུ་ཡིས་བྱིན་གྱིས་རློབས། །ཚངས་པའི་གསུང་གིས་བར་ཆད་སོལ། །རྟོག་མེད་ཐུགས་ཀྱིས་ལམ་སྣ་དྲོངས། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་མཛོད། །བུ་རས་ཆུང་དབུས་སུ་འགྲོ་བ་ལ། །བཀའ་དྲིན་གྱིས་སྐྱེལ་མ་ད་དུང་ཞུ། །ཞེས་ཞུས་པས། །རྗེ་བཙུན་གྱིས་རས་ཆུང་པའི་རྫོངས་སུ་ལྟ་སྒོམ་སྤྱོད་པའི་མགུར་འདི་གསུངས་སོ།། ༈ །།བུ་བལྟ་བ་ཕྱོགས་རིས་མ་བྱེད་ཨང་། །སྒོམ་པ་རི་ཁྲོད་བཟུང་ཞིག་ཨང་། །སྤྱོད་པ་གྲོགས་ངན་སྤོངས་ཤིག་ཨང་། །དམ་ཚིག་སྣང་བ་བསྟུན་ཞིག་ཨང་། །འབྲས་བུ་འཆི་བ་སོམས་ཤིག་ཨང་། །ཞེས་པ་དང་ཡང་བུ་ཁྱོད་ཀྱིས་ཤིང་མོ་ཡོས་ཀྱི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ཚུན་ལ་འདིར་སླེབས་པ་གྱིས་ཤིག །དགོས་མ་ཆེན་པོ་ཡོད་དོ་གསུང་གསེར་དུ་མ་ཞིག་དང་། །གཡུ་འགའ་ཤས་དང་སྙིང་ལ་འཁྲོད་པའི་ཞལ་ལྟ་མང་དུ་གནང་ནས་རས་ཆུང་པས་བླ་མ་དང་འབྲལ་མ་ཕོད་རུང་། །བླ་མའི་བཀའ་བྱུང་བས་དབུས་ཕྱོགས་སུ་འགྲོ་དགོས་པར་ཁོ་ཐག་ཆོད་ནས་སྤྱན་ཆབ་མང་པོ་བསིལ་ཞིང་ཡུས་ཀྱི་མནགས་ནས་ཚིག་ཐོན་

(༣༦༦)ཡང་དབྱངས་མ་ཐོན་པས། བྱ་ཝང་ཞིག་འདུག་པའི་སྐད་ལ་དཔེ་བྱས་ནས་ཡང་སྨོན་ལམ་ཞལ་མཇལ་གྱི་མགུར་འདི་ཕུལ་ལོ།། ༈ །།རྒྱ་གར་ཆུ་དང་བོད་ཀྱི་ཆུ། །ལུང་པའི་དབང་གི་སོ་སོ་ཡང་། །ཆུ་བོའི་ངང་དུ་རོ་གཅིག་པས། །རྒྱ་མཚོ་ཀློང་དུ་མཇལ་སྟེ་མཆི། །ཤར་ནས་འཆར་བའི་ཁྲི་གདུགས་དང་། །ནུབ་ཏུ་ཚེས་པའི་ཟླ་བ་གཉིས། །གླིང་བཞིའི་དབང་གི་སོ་སོ་ཡང་། །འོད་ཟེར་གྱི་ངང་དུ་རོ་ཅིག་པས། །གུང་སྤྲིན་མེད་ཀྱི་ངང་དུ་མཇལ་ཏེ་མཆི། །རྒྱལ་བའི་ཐུགས་དང་འགྲོ་དྲུག་གི་སེམས། །མ་རིག་དབང་གིས་སོ་སོ་ཡང་། །སེམས་ཉིད་ཀྱི་ངང་དུ་རོ་ཅིག་པས། །ཆོས་དབྱིངས་ངང་དུ་མཇལ་ཏེ་མཆི། །ཕ་རྗེ་བཙུན་རི་ལ་བཞུགས་པ་དང་། །བདག་རས་ཆུང་རྒྱལ་ཁམས་སྐོར་བ་གཉིས། །སྒྱུ་ལུས་དབང་གི་སོ་སོ་ཡང་། །ཆོས་སྐུའི་ངང་དུ་རོ་ཅིག་པས། །འོག་མིན་གནས་སུ་མཇལ་ཏེ་འཆི། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས། །བདག་རས་ཆུང་དབུས་སུ་འགྲོ་བ་ལ། །སྔར་ཡང་བཀའ་དྲིན་ཡང་ཡང་སྐྱངས། །ད་ཡང་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞུས་ནས་སྤྱན་མཆིམས་གང་བཞིན་དུ་རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས་ནས།། ༈ །།རྡོ་རྗེ་སྐུ་ཡིས་བྱིན་གྱིས་རློབས། །ཚངས་པའི་གསུང་གིས་བར་ཆད་སོལ། །རྟོག་མེད་ཐུགས་ཀྱི་ལམ་སྣ་དྲོངས། །ཞེས་སོགས་སྨོན་ལམ་མང་དུ་བཏབ་ཅིང་བཤུམས་

(༣༦༧)པས་རས་ཆུང་པས་གསུངས་དབྱངས་སྙན་ཅིང་མོས་གུས་ཀྱི་གདུང་ཤུགས་ཆེ་བས། །རྗེ་བཙུན་ཡང་ཐུགས་གཡོས་ཏེ་སྤྱན་ཆབ་བསིལ་ཞིང་རྗེ་བཙུན་རས་ཆུང་པའི་ཕྱག་ནས་བཟུང་སྟེ་སྙན་རྒྱུད་ཀྱི་རྗེས་གནང་ཐམས་ཅད་རྫོགས་པར་གནང་ནས་མགུར་འདི་གསུངས་སོ།། ༈ །།མི་ལའི་བུ་ཆེན་རས་ཆུང་པ། །བདག་གི་ཡོན་ཏན་རྒྱ་མཚོ་ལས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ལོན། །ནམ་མཁའ་གནས་པར་ཉི་མའི་འོད། །འགྲོ་བའི་མུན་སེལ་རྡོ་རྗེ་གྲགས། །རས་ཆུང་མ་འདུག་དབུས་སུ་སོང་། །རྡོ་བོད་མཚམས་རྣམས་ཞབས་ཀྱི་ཆོགས། །ཆོས་བརྒྱུད་ཆུ་བོའི་གཞུང་དང་ལྡན། །སྨིན་གྲོལ་དོན་གཉིས་ལྷུན་གྲུབ་འབྱུང་། །ཅེས་གསུངས་དེ་བཞིན་ནུས་ན་སྣང་བ་ཐམས་ཅད་ཆོས་ཚུར་སྟོན་མཁན་གྱི་བླ་མ་ང་དང་འདྲ་བ་ཤ་དག་ཡིན་ཅིང་། །མི་རྒན་ངས་ཡང་དང་ཡང་དུ་ཉུལ་ལོ་ཞེས་གསུངས། །ཡང་བླ་མ་རས་ཆུང་པས་ད་གདམས་ངག་མ་ལུས་སམ་ཞུས་པས་ད་རུང་ཅིག་ཡོད་པ་འགོལ་སར་བསྟན་གྱི་གསུང་། ཅི་ཡིན་བསམ་ཙ་ན། །རྗེ་བཙུན་གྱིས་བླ་མ་རས་ཆུང་པའི་དབུ་ལ་ཕྱག་གིས་རྒྱབ་ཏེ་འཆི་བ་འཆི་བ་འཆི་བ། གཏུག་གེ་གཏུག་གེ་གཏུག་གེ། །ཙ་ན་ཙ་ན་ཙ་ན། །འདུག་གོ་འདུག་གོ་འདུག་གོ་གསུངས་ཏེ་སྒོམ་ཡུན་རིང་དུ་

(༣༦༨)བསྲིངས་པས་བླ་མ་རྗེ་བཙུན་རང་གི་འཕོངས་སྤྲེའུ་འཕོངས་བཞིན་དུ་ཤ་རོ་དང་རྨེན་པར་སོང་བ་དེ་བསྟན་ནས་འདི་ལས་ཟབ་པ་མེད་དོ་གསུང་ངོ་། །དེ་གོང་གསེར་དང་གཡུ་འདྲེས་པ་ཤིང་གི་ཐོད་ཕོར་བཟོ་བྱས་པ་ཞིག་ཡོད་པ་དེ་གང་གནང་སྟེ་འདི་ཁྱེར་ཅིག་གསུང་། །བླ་མ་རས་ཆུང་པས་འདི་འདྲ་ང་ལ་དགོས་པ་མེད་ཞུས་པས། །འདི་དགོས་པའི་དུས་ཤིག་ཡོང་ཁྱེར་ཅིག་གསུངས་ནས་སླར་ཡང་གནང་། །དེ་ནས་ཁྲེས་པོ་བྱས་ནས་འཆས་པ་དང་དབེན་གནས་དཔལ་གྱི་ཆུ་བར་སྤྲུལ་སྐུའི་ཕོ་བྲང་ནས་ཚ་ལམ་ཅིག་གི་བར་སྐྱེལ་ཐུང་མཛད། །དེར་ཁྲེས་པོ་ཕོག་ཅིག་འོ་ཅག་ཕ་ཕད་ཀྱི་འདིར་འཕྲིན་བཀོད་བྱ་ཡི་གསུང་ནས་རྗེ་བཙུན་ཕ་འོང་ཆེན་པོ་ཤིག་གི་ཁར་བྱམས་པའི་བཞུགས་སྟངས་མཛད་ནས་བཞུགས་ཤིང་། །བུ་རས་ཆུང་པ་ཁོ་བོ་ཕ་མར་པ་ལོ་ཙའི་དྲུང་ནས་ཡར་ཡོང་དུས་གདམས་ངག་ཐམས་ཅད་ཡོངས་སུ་རྫོགས་པའི་མཐར། །སྙན་རྒྱུད་ཀྱི་བཀའ་དང་རྗེས་གནང་ཐམས་ཅད་ཁོ་བོའི་སྙིང་ལ་གཏད་པ་ཡིན། །དེ་བཞིན་དུ་ངས་ཀྱང་ཁྱོད་ལ་གཏད་པ་ཡིན་པས་རི་ཁྲོད་དུ་ཚེ་དང་སྒྲུབ་པ་སྙོམས་ལ། ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་ཅི་ཕན་པ་གྱིས། །ཆགས་སྡང་གསོག་པའི་གནས་དང་འཁོར་དང་ལོངས་སྤྱོད་མ་འཛིན། །

(༣༦༩)མི་གཞན་ལ་རེ་བ་ཆུང་བར་གྱིས། །སེམས་ཅན་རྣམས་རང་གི་བུ་བཞིན་དུ་སྐྱོངས། །རྒྱལ་བའི་བཀའ་བླ་མའི་གསུང་རང་གི་དགེ་སྦྱོར་རྣམས་དང་འགལ་བ་སྐད་ཅིག་ཙམ་ཡང་མ་བྱེད་པར། །གནས་སུ་རི་ཁྲོད་དབེན་པ་དང་། །གྲོགས་སུ་རི་དྭགས་དང་གོས་སུ་རས་གོས་ཟས་སུ་ཏིང་ངེ་འཛིན་དང་དཀའ་སྤྱད་ལ་བརྟེན་དང་། །སྡུག་ཏུ་དཀོན་མཆོག་གིས་མི་འཇུག་པ་ཅིག་འོང་གི། །གཙོ་བོར་ལུང་བསྟན་པའི་གནས་རྣམས་དང་གཞན་ཡང་གང་ན་དབེན་ཞིང་ཉམས་རྟོགས་འཕེལ་བའི་རི་ཁྲོད་རྣམས་སུ་སྒོ་གསུམ་སྒྲུབ་པ་ལ་འབད་པའི་ངོས་ནས། །བཀའ་དང་མི་འགལ་བའི་སློབ་མ་རྣམས་སྐྱོང་། །གཙོ་བོར་རང་གི་ཉམས་རྟོགས་སྤེལ། །མ་མཁའ་འགྲོ་འཁྲུག་པའི་ལས་དང་བྱ་བ་མ་བྱེད། །ལས་སུ་གཏུམ་མོ་སྒོམས། །གོས་སུ་རས་གོས་གོན། ཟས་སུ་ཏིང་འཛིན་ཟོ། །གྲོགས་སུ་རང་བྱུང་ཡེ་ཤེས་བསྟེན། །ལྷ་རུ་དཀོན་མཆོག་མཆོད། །བློ་གཏོད་བླ་མ་ལ་བགྱིས། དེ་ལྟར་བྱས་ན་འདིར་བདེ་ཞིང་ཕྱི་མ་བྱང་ཆུབ་ཐོབ། གཞན་ཡང་བདག་བཟུང་གི་དགོན་པ་མ་འཛིན། །ཆགས་སྡང་ཅན་གྱི་འཁོར་མ་གསོག །ང་རྒྱལ་ཅན་དང་མཐུན་འཇུག་མ་བྱེད་འདོད་ཆགས་སྐྱེ་བའི་ནོར་མ་གསོག །མི་ནག་གི་གྲོང་

(༣༧༠)དུ་ཡུན་རིང་མ་སྡོད། །མི་ཤེས་དགུ་ཤེས་ཀྱི་གྲོང་ཆོག་མ་བྱེད། །རང་འདོད་དང་འདྲེས་པའི་འགྲོ་དོན་དང་འཕྲིན་ལས་སོགས་མ་བྱེད། མཐུ་དང་ངན་སྔགས་ཀྱི་རང་གཞན་འཕུང་ལ་མ་སྦྱོར། ནོར་ཕྱིར་ཆོས་མ་འཚོང་། སྐལ་ལྡན་རྣམས་ལ་ཆོས་ཀྱི་ཚིམ་པར་བགྱིས་མདོར་ན་ཚེ་འདི་བློས་ཐོང་། །གྱོང་ལྟོ་གོས་ལ་ཁུར། སྐྱིད་སྡུག་རོ་སྙོམས། ཕམ་ཁ་རང་གིས་ལོང་། ཚེ་དང་སྒྲུབ་པ་སྙོམས། ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་ལ་བསྔོས་ལ་བྱ་བ་ཅི་བྱེད་ཐམས་ཅད་རྒྱལ་བའི་བཀའ་དང་མ་འགལ་བ་བགྱིས་དང་། དགོས་པ་ཐམས་ཅད་ང་རང་གི་སྒྲུབ་ཀྱི། ཁྱད་པར་ཡང་སྔར་དམ་ཚིག་ཉམས་པའི་སློབ་མ་རྣམས་ཀྱང་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་ཞིག་འགྲོ་དོན་དེ་ཆེ་བ་ཡིན་ནོ། ཁྱོད་ཀྱི་སྐྱིད་སྡུག་ཐམས་ཅད་ང་རང་གི་ཤེས་སོ་གསུངས་ནས། མགུར་འདི་གསུངས་སོ། ༈ །ནོར་བུ་རིན་ཆེན་བླ་མའི་སྐུ། །ཕ་མར་པའི་ཞབས་ལ་གུས་ཕྱག་འཚལ། །བུ་ཆུང་ནས་སྐྱངས་པའི་རས་ཆུང་པ། །དམག་བརྒྱའི་ནང་ནས་དར་མདུང་ཅན། །བུ་བཞིའི་ནང་ནས་དོན་བུ་ཁྱོད། །ཕ་རྒན་ང་ཡི་གླུ་ལ་ཉོན། །གཞི་ནི་ངེས་འབྱུང་སོ་ཐར་སྲུངས། །ལམ་ནི་བྱང་སེམས་སླབ་བྱ་སྦྱོངས། །འབྲས་བུ་གསང་སྔགས་དམ་ཚིག་བསྲུངས། །ཆོས་བརྒྱད་ཚེ་འདི་བློས་ཐོང་ལ། །བསོག་འཇོག་འདོད་པ་ཐམས་ཅད་སྤོངས། །གཡོ་སྒྱུ་

(༣༧༡)ལོག་འཚོ་སྤངས་བྱས་ནས། །ན་བུན་ཅན་གྱི་དབེན་གནས་སུ། །ལུས་ནི་སྨྱོན་པ་ལྟ་བུར་འདུག །བརྗོད་མེད་ངག་གི་གསོལ་བ་ཐོབས། །ཞེན་མེད་བུ་ཆུང་ལྟ་བུའི་སེམས། །སྣང་སྟོང་སྐྱེ་མེད་རང་བཞིན་ལྟོས། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དོན། །མ་ཡེངས་མ་སྒོམ་ལྷུག་པར་སྐྱོངས། །དམ་ཚིག་ལྡན་པའི་གང་ཟག་རྣམས། །འོད་གསལ་ཆེན་པོའི་ངང་ལ་སྐྱོངས། །སྙན་རྒྱུད་འཛིན་པའི་སློབ་མ་ཞིག །མཁའ་འགྲོས་ལུང་བསྟན་རྟགས་དང་བཅས། །བྱང་ནས་ལྷོ་ཡི་ཕྱོགས་སུ་ཡོང་། །རྗེས་སུ་བཟུང་ལས་བཀའ་རྒྱས་ཐོབ། །བཀའ་དང་མ་འགལ་རིགས་ཀྱི་བུ། །ཅེས་གསུངས་ཕྱག་སྤྱི་བོར་བཞག་སྟེ། བུ་རི་ཁྲོད་དུ་སྒྲུབ་པ་ལ་འབུངས་ཤིག་ང་དང་འབྲལ་བ་མེད་དོ་གསུང་། དེར་བླ་མ་རས་ཆུང་པས་ཕྱག་མང་དུ་བཙལ་ཞིང་ལུས་ངག་ཡིད་གསུམ་རྗེ་བཙུན་དང་འབྲལ་མི་ཕོད་པའི་རྣམ་འགྱུར་མང་པོ་དང་། སྤྱན་མཆི་མ་དང་ལྡན་པར་གསུང་ལན་དུ་མགུར་འདི་ཕུལ་ལོ།། ༈ །།རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕ་རས་པ་ཁྱེད་ཀྱིས་ཐུགས་རྗེས་བཟུང་། རྗེ་ཁྱེད་དང་འདྲ་བར་བྱིན་གྱིས་རློབས། །བདག་མཆིས་རས་ཆུང་རྡོ་རྗེ་གྲགས། །ཆུང་ནས་དམ་ཆོས་མི་བྱེད་དུ། །འཁོར་བའི་སྡུག་བསྔལ་ཉམས་མ་བདེ། །རྒྱ་གར་ཡུལ་དུ་མི་འགྲོ་རུ། །རྐྱེན་ངན་དྲག་པོ་ཉམས་མ་བདེ། །རྗེ་བཙུན་སྤྱན་སྔར་མི་

(༣༧༢)འདུག་དུ། །གདམས་ངག་མེད་པ་ཉམས་མ་བདེ། །བྱ་བ་ཐམས་ཅད་མི་གཏང་དུ། །འདུ་འཛིའི་གཡེང་བ་ཉམས་མ་བདེ། །རི་ཁྲོད་དགོན་པ་མི་འགྲིམ་དུ། །ཉོན་མོངས་ཁྲོད་ན་ཉམས་མ་བདེ། །ཕྱོགས་མེད་སྒྲོ་དོགས་མི་བཅད་དུ། །ཤེས་བྱའི་སྒྲིབ་པ་ཉམས་མ་བདེ། །དམ་ཚིག་སྡོམ་པ་མི་བསྲུང་དུ། །ལས་ཀྱི་སྒྲིབ་བ་ཉམས་མ་བདེ། །ལུས་ངག་ཆོས་ལ་མི་སྤྱད་དུ། །རྣམ་སྨིན་སྒྲིབ་པ་ཉམས་མ་བདེ། །ཏིང་འཛིན་རྩེ་གཅིག་མི་སྒོམ་དུ། །ཉོན་མོངས་སྒྲིབ་པ་ཉམས་མ་བདེ། །བླ་མའི་བཀའ་བཞིན་མི་སྒྲུབ་ཏུ། །བཀའ་དྲིན་ཁྱད་གསོད་ཉམས་མ་བདེ། །གཙང་དབུས་ལྷོ་རྒྱུད་མི་འགྲོ་རུ། །སྨོན་ལམ་འབྲེལ་སྤངས་ཉམས་མ་བདེ། །སེམས་ཅན་བུ་བཞིན་མ་བརྟེན་དུ། །ཐེག་པ་ཆུང་དུ་ཉམས་མ་བདེ། །བླ་མའི་བཀའ་བཞིན་བགྱིད་པར་ཞུ། །ལ་སྟོད་ཕྱོགས་སུ་མི་སྡོད་པར། །གཙང་དབུས་ཕྱོགས་སུ་འགྲོ་དོན་སྐྱོང་། །རྡོ་བོད་མཚམས་ཀྱི་རི་ཁྲོད་དུ། །ངོ་བསྲུངས་མེད་པར་སྡོད་པ་ཡིན། །རིན་པོ་ཆེའི་བྱིན་རླབས་ཀྱིས། །ངེས་ཤེས་བློ་ཡི་གཏིང་ནས་སྐྱེས། །གཉུག་མའི་དོན་ཞིག་ཉམས་སུ་མྱོང་། །ལར་སེམས་ནི་ངོས་བཟུང་མེད་པར་བདེ། །དབུགས་རྒྱུ་ཚོར་བ་མེད་པར་སྡོད། །དྲན་རྟོག་ན་བུན་བཞིན་དུ་ཡལ། །སེམས་ནི་ནམ་མཁའ་ལྟ་བུར་དག །ཆོས་ཉིད་ནམ་མཁའི་མཐའ་དང་མཉམ། །འོད་གསལ་མཁའ་ལ་ཉི་ཤར་འདྲ། །རིག་པའི་ཆུ་བོ་དངས་

(༣༧༣)སྙིགས་ཕྱེད། །ཆོས་ཉིད་གཉུག་མ་རང་ས་ཟིན། །རྐྱེན་སྣང་འཛིན་པ་རང་སར་གྲོལ། །སེམས་ཉིད་འོད་གསལ་སྟོང་པ་ལ། །བསྒོམ་བྱ་སྒོམ་བྱེད་མ་མཆིས་པས། །མཉམ་རྗེས་མེད་པར་གནས་པ་མཉམ། །དུས་དང་གནས་སྐབས་ཐམས་ཅད་དུ། །ཐུགས་རྗེས་བདག་སོགས་འགྲོ་དྲུག་བཟུང་། །ཞེས་ཞུས་ནས་ཞབས་སྤྱི་བོར་སླངས་ཏེ་སྨོན་ལམ་ལེགས་པར་བཏབ། །རྗེ་བཙུན་གྱིས་ཀྱང་བཀྲ་ཤིས་དང་སྨོན་ལམ་རྒྱ་ཆེན་པོ་མཛད་པའི་མཐར། །བུ་རས་ཆུང་པ་དུས་ཕྱིས་ཡོས་བུ་ལོའི་ལོ་གསར་གྱི་ཟླ་བ་ལ་སླེབ་པར་ཕ་རྒན་དང་འཕྲད་པ་ལ་བྲིན་དང་ཆུ་བར་གྱི་ཕྱོགས་སུ་ཤོག །དེ་གོང་དུ་མ་ཡོང་བར་སྔར་ཁ་བཀོད་བྱས་པ་ལྟར་མི་རྒན་ལ་འཕྲེང་མི་དགོས་ཀྱི་གསུངས། །དེ་ནས་བླ་མ་རས་ཆུང་པས་བླ་མའི་རྣལ་འབྱོར་གྱི་ངང་ལ་མིག་མཐོང་ཅིག་ཙམ་བྱོན་ནས་ཡར་གཟིགས་པར་ད་ཕྱིའི་ཤུལ་རང་ན་རྗེ་བཙུན་དཔོན་སློབ་བཞུགས་ནས་འདུག་པས། དེར་ལོག་མ་ལོག་གམ་སྙམ་པ་བྱུང་ན་ཡང་མོས་གུས་ཅན་ལ་བླ་མ་དང་རང་སེམས་ཁྱད་མེད་བསམ་ནས་ཐུགས་རུས་ཀྱི་བྱོན་སྐད། དེ་ནས་རིམས་ཀྱི་དབུས་ལ་ཕེབས་བླ་མ་རྗེ་བཙུན་གྱི་ཐུགས་རྗེས་གོལ་སའི་འཕྲེང་ཐམས་ཅད་ལས་གྲོལ་ཞིང་རང་དོན་རྫོགས་ནས་གཞན་དོན་དུས་ལ་བབ་པའི་ལུང་བསྟན་བརྡ་འགྲོལ་གནང་བའི་སྐོར་

(༣༧༤)ཚོ་དེ་བཅུ་གཅིག་པའོ།། ༈ །།དེ་ལྟར་སྐོར་ཚོ་བཅུ་གཅིག་གི་བར་དུ་ཐོས་བསམ་སྒོམ་གསུམ་གྱི་ཉམས་རྟོགས་མཐར་ཕྱིན་པའི་མཛད་པ་དེ་གཉིས་པའོ།། ༈ །།མཛད་པ་གསུམ་པ་ལ་སྐོར་ཚོ་བཅུ་བདུན་གྱི་དང་པོ་ནི། །དེ་ནས་རྗེ་བཙུན་གྱི་ལུང་བསྟན་ལྟར་དབུས་ལ་ཕེབས་པར་འཆས་ཏེ་དེ་ནས་ཚ་ལམ་ཅིག་གྲོད་པའི་ས་ན་བླ་མ་རང་གི་དབོན་པོའི་རིགས་ཤིག་ཡོད་པ་དང་། དགེ་བཤེས་ཁྱུང་སྟོན་བྱ་བ་གཉིས་འདུག་པ་ན་རེ། ཁྱེད་མི་ལ་དཔོན་སློབ་ལ་སྐུ་སྙན་པ་ཆེ་བླ་མ་ཁྱེད་རང་ལའང་ལོ་ཙྭ་བའི་གྲགས་པ་ཆེན་པོ་འདུག་ཅིང་དང་པོ་ནས་སྐུ་ལུས་ནི་འགྱུར་ཚབས་ཆེ། རྩ་རླུང་གི་ཡོན་ཏན་ཐོབ་ཟེར་བ་ཡང་བདེན་པ་འདྲ་ཟེར་ནས་ཆེ་བརྙས་ཀྱི་གཏམ་མང་དུ་གླིང་ཞིང་འདུག་པ་ལ་མགུར་འདི་གསུངས་སོ།། ༈ །།ཕ་བླ་མ་རྣམས་ལ་གུས་ཕྱག་འཚལ། །དགོས་རས་ཆེན་སྤྲུལ་སྐུས་བྱིན་གྱིས་རློབས། །ཁྱེད་གསོན་དང་འདིར་ཚོགས་སྐལ་ལྡན་རྣམས། །རྣལ་འབྱོར་ང་ཡི་ཡིན་ལུགས་འཆད། །བདག་དང་པོར་དད་པ་སྐྱེས་ཙ་ན། །ཉེ་བ་མ་འགྱུར་ཤེས་པ་འགྱུར། །དེ་ནས་ཐོས་པའི་དུས་ཙ་ན། །སྒྱུ་ལུས་མ་འགྱུར་རྟོགས་པ་འགྱུར། །དེ་ནས་བསྒོམ་པའི་དུས་ཙ་ན། །སྣང་བ་མ་འགྱུར་ཆགས་སྡང་འགྱུར། །གོམས་པ་མཐའ་རུ་ཕྱིན་ཙ་ན། །ཆོས་ཉིད་མ་འགྱུར་སྡུག་བསྔལ་འགྱུར། །དེ་འདྲའི་དོན་ཞིག་རྟོགས་ཙ་ན། །

(༣༧༥)མཁའ་ལ་ཉི་མ་ཤར་བ་འདྲ། །མུན་པ་དག་ལ་སྡད་དབང་མེད། །སེམས་ལ་སྟོང་ཉིད་ཤར་ཙ་ན། །མ་རིག་པ་ལ་སྡད་དབང་མེད། །བླ་མའི་གདམས་ངག་ཆེ་ཙ་ན། །སློབ་མའི་ལོག་རྟོག་སྡད་དབང་མེད། །ལྟ་བ་ལྟ་རུ་མ་མཆིས་ཏེ། །ཤེས་རབ་ཀྱིས་རྟོགས་སུ་ཡོད་པ་ཡིན། །ཤེས་རབ་ཆུང་རྣམས་སྡུག་སྟེ་མཆི། །མཁས་ལ་ཞུས་ན་མི་རུང་ངམ། །གདམས་པ་འབྲལ་དུ་མེད་པ་ཡིན། །གཡེང་བ་ཆེ་རྣམས་སྡུག་སྟེ་མཆི། །གཡེང་བསྐྱུངས་ན་མི་རུང་ངམ། །སྤྱོད་པ་སྤྱད་དུ་མ་མཆིས་ཏེ། །གཟུང་འཛིན་བྲལ་དུ་ཡོད་པ་ཡིན། །འཛིན་ཆགས་ཆེ་བ་སྡུག་སྟེ་མཆི། །ཞེན་པ་སྤངས་ན་མི་རུང་ངམ། །འབྲས་བུ་ཐོབ་ཏུ་མ་མཆིས་ཏེ། །བསྟན་པས་གཞན་དོན་འབྱུང་བ་ཡིན། །རེ་དོགས་ཡོད་པ་སྡུག་སྟེ་མཆི། །རེ་དོགས་སྤངས་ན་མི་རུང་ངམ། །རང་སེམས་དུག་གསུམ་སྤངས་ཙ་ན། །ཡོན་ཏན་ཐམས་ཅད་ཚང་བས་ན། །སངས་རྒྱས་གཞན་ནས་བཙལ་དུ་མེད། །གཞན་དུ་འཚོལ་ན་རྨོངས་པ་ཡིན། །ད་ལྟ་སྡུག་གི་གང་ཟག་རྣམས། །ཐོས་པ་མང་པོ་བྱས་གྱུར་ནས། །ཚིག་ཏུ་ཟིན་པས་ང་རྒྱལ་སྐྱེ། །རང་གི་རྒྱུད་ལ་མ་ཕན་པར། །རྣམ་རྟོག་དྲྭ་བས་ཉོན་རེ་མོངས། །དེ་བས་སངས་རྒྱས་བསྒྲུབ་འདོད་ན། །རྒྱུད་ལྡན་བླ་མ་གྲུབ་ཐོབ་ཚོལ།

(༣༧༦)ཟབ་ཆོས་སྙན་རྒྱུད་གདམས་ངག་ཉོན། །ཚེ་འདིའི་བྱ་བ་བློས་ཐོང་ལ། །འདུག་ས་རི་ཁྲོད་རྣམས་སུ་གྱིས། །ཆགས་ཞེན་སྤོངས་དང་སྐྱིད་དེ་མཆི། །ཞེས་གསུངས་པས་ཁོང་རྣམས་གཉིས་ཤིན་ཏུ་དད་པར་གྱུར་ཏེ་བླ་མའི་ཕྱག་ཕྱི་ལ་འགྲོ་ཟེར་ནས་ཕྱི་བཞིན་འབྲངས་པས། །བླ་མས་ཀྱང་རྗེས་སུ་བཟུང་ཞིང་དབང་དང་གདམས་ངག་གནང་ནས་རི་ཁྲོད་དབེན་པ་རྣམས་སུ་བསྒོམ་དུ་བཅུག་པས་འཁོར་བ་ལ་རྒྱབ་ཀྱི་ཕྱོགས་པའི་གང་ཟག་གཉིས་བྱུང་ཞིང་། །དགེ་བཤེས་དེ་ལ་ཁྱུང་པོ་རྩེ་མངས་ཞེས་བྱ་བའི་རི་ཁྲོད་འཛིན་པའི་སྒོམ་ཆེན་བུ་སློབ་འགའ་ཟུང་འཁྲིད་པ་ཞིག་བྱུང་། །དབོན་པོའི་རིགས་དེ་ལ་གཉན་ཆོས་སྐྱབས་ཞེས་བྱ་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་བྱོན་དེ་ཁབ་གུང་ཐང་གི་ས་ན་ཆོས་བརྒྱུད་དར་བར་ཡོད་སྐད་དོ། །དེ་ནས་བླ་མས་ལས་སྟོད་ཅུང་པ་སར་ཕེབས་དེར་སྔགས་པ་ཁ་ཅིག་སྦྱིན་སྲེག་གི་རྫས་མང་དུ་བསགས་ནས་མེ་མཆོད་སྦྱིན་སྲེག་བྱེད་བཞིན་འདུག་པ་ལ་སྔགས་པ་ཅིག་ན་རེ་ངེད་རྣམས་འདི་ལྟར་སྦྱིན་སྲེག་བྱེད་པ་ཡིན་ཁྱོད་རྣལ་འབྱོར་པ་ལ་ཅི་བྱ་རྒྱུ་ཡོད་ཟེར་བ་ལ་མགུར་འདི་གསུངས་སོ།། ༈ །།རྡོ་རྗེ་འཆང་མི་ལའི་ཞབས་ལ་འདུད། །སྤྲང་གཉིས་འཛིན་ཟད་པར་བྱིན་གྱིས་རློབས། །ནད་ཉོན་མོངས་རང་རྒྱུད་མ་ཐུལ་བའི། །ཕྱི་གདོན་བགེགས་

(༣༧༧)འདུལ་བར་བརྩོམ་པ་ཡི། །ཁྱོད་སྔགས་པའི་ལུས་ལ་དུག་སྦྲུལ་སེམས། །ནང་ཉོན་མོངས་བུད་ཤིང་མི་འབུད་པར། །ཤིང་སྣ་ཚོགས་སྲེགས་པས་ཅི་ལ་ཕན། །ནང་གཟུང་འཛིན་རྣམ་རྟོག་མི་སྲེག་པར། །ཕྱི་རྫས་སྣ་བསྲེགས་པས་ཅི་ལ་ཕན། །ནང་ཡེ་ཤེས་མེ་དཔུང་མེ་སྦར་བར། །ཕྱི་ཧོམ་མེ་སྦར་བས་ཅི་ལ་ཕན། །ང་རྣལ་འབྱོར་སྦྱིན་སྲེག་འདི་ལྟར་བྱེད། །དྲན་པ་མེད་པའི་ཐབ་ཁུང་དུ། །སྣང་བ་སྣ་ཚོགས་ཡམ་ཤིང་ལ། །དེ་བཞིན་ཉིད་ཀྱི་མེ་བྱུང་པས། །དངོས་པོ་ཐམས་ཅད་སྦྱིན་བསྲེགས་བྱས། །མ་བཅོས་གཉུག་མའི་ཐབ་ཁུང་དུ། །གཉིས་མེད་ཡེ་ཤེས་ཡམ་ཤིང་ལ། །རྩོལ་བསྒྲུབ་མེད་པའི་མེ་བྱུང་སྟེ། །རྟོག་པ་ཐམས་ཅད་སྦྱིན་བསྲེག་བྱས། །སྐྱེ་བ་མེད་པའི་ཐབ་ཁུང་དུ། །སྐྱེ་བ་རྣམ་བཞིའི་ཡམ་ཤིང་ལ། །སྟོང་པ་ཉིད་ཀྱི་མེ་བྱུང་སྟེ། །མཚན་མའི་བག་ཆགས་སྦྱིན་སྲེག་བྱས། །རྣམ་པར་དག་པའི་ཐབ་ཁུང་དུ། །ཚོགས་དྲུག་སྣང་བའི་ཡམ་ཤིང་ལ། །ངོ་བོ་རོ་ཅིག་མེ་བྱུང་བས། །གཟུང་འཛིན་གཉིས་མེད་སྦྱིན་བསྲེགས་བྱས། །འབྱུང་བ་ལུས་ཀྱི་ཐབ་ཁུང་དུ། །ཕུང་པོ་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་བྱུང་སྟེ། །ཉོན་མོངས་དུག་ལྔ་སྦྱིན་བསྲེགས་བྱས། །སྦྱིན་སྲེག་དེ་ལྟར་བྱས་ལགས་པས། །གཟུང་འཛིན་བག་ཆགས་རང་སར་ཟད། །རྣམ་རྟོག་མཚན་

(༣༧༨)མ་དབྱིངས་སུ་ཞི། །དངོས་འཛིན་འགོང་པོ་ཡུལ་ནས་ཕྱུང་། །ངར་འཛིན་སྡོང་པོ་རྨང་ནས་སྒྱེལ། །རེ་དོགས་འཁྲུལ་པའི་གྲོང་ཁྱེར་བཅོམ། །དེ་ལྟ་བུ་ཡི་སྦྱིན་བསྲེག་དེ། །ཐར་ལམ་སྒྲུབ་པའི་སྦྱིན་སྲེག་ཡིན། །ཤིང་རྫས་བསྲེགས་པའི་སྦྱིན་སྲེག་འདི། །བསྲེགས་ཤིང་ཉོན་མོངས་འཕེལ་ལམ་སྙམ། །དེ་བས་ཡང་དག་དོན་ལ་གཞོག །ཅེས་བྱ་བའི་མགུར་གསུངས་པས་སྔགས་པ་དེ་རྣམས་ཀྱི་ནང་ནས་ན་སོ་གཞོན་པ། ཤེས་རབ་ཆེ་བའི་མི་གཅིག་དད་པ་ལྷག་པར་སྐྱེས་ཏེ་བླ་མའི་ཕྱི་བཞིན་དུ་འབྲངས་ནས་དབང་དང་གདམས་ངག་མང་དུ་ཞུས་ཏེ་རི་ཁྲོད་པས་མཐའ་རྣམས་སུ་བསྒྲུབ་པ་ཁོ་ན་མཛད་ཅིང་ཕྱིས་ཀྱང་བླ་མས་སྣོད་ལྡན་དུ་གཟིགས་ནས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཏེ་ཡེ་ཤེས་ཀྱང་ངོས་ཟིན་མན་ངག་ཟབ་ཁྱད་ཅན་ཡང་མང་དུ་གནང་བས་ལས་སྟོད་པ་ཟང་རི་རས་པ་ཅེས་བྱ་བའི་རྣལ་འབྱོར་པ་ནུས་པ་ཅན་རས་པ་ལྔ་བརྒྱ་ཙམ་སྐྱོང་བ་དེ་བྱུང་ཞིང་། ཆོས་རྒྱུད་ཀྱང་ལས་སྟོད་ཕྱོགས་སུ་དར་ཞིང་། །གཞན་ཀརྨ་བཀའ་བརྒྱུད་སོགས་ད་ལྟའི་བར་དུ་ཡོད་དོ། །དེར་ཅུང་པ་ས་ནས་སྔར་གྱི་ཡོན་བདག་ཧཱུྃ་ཀ་ར་དང་། ཇོ་བོ་ཀོན་ནེ་གཉིས་དང་། ཕྱིས་གཙོ་ཆུང་རྟག་གེ་དང་། སྤྱིལ་དོར་འབག་དང་། །ཉང་ཆུང་དགོན་པ་སྐྱོབས་རྣམས་ཀྱི་མཆོད་གནས་སུ་བཟུང་སྟེ་ཞབས་ནས་སྟེགས། །

(༣༧༩)མཆོག་དཀར་གྱི་རི་ཁྲོད་དུ་གདན་དྲངས་ཏེ་ཆོས་འཁོར་བཙུགས། དེར་འཚོགས་པ་མང་དུ་བྱུང་ཞིང་། ཚོགས་པ་རྣམས་ཀྱི་ནང་ནས་ལས་ཅན་གྱི་སློབ་མ་མངའ་རིས་པ་གསལ་མཆོག་ཅེས་བྱ་བ་དང་། ཙ་རི་སྒོམ་ཆུང་ཞེས་བྱ་བ་གཉིས་ལ་དབང་ཡང་རྫོགས་ཤིང་ཡེ་ཤེས་ཀྱང་ངོས་ཟིན་གདམས་ངག་ཀྱང་ཟབ་གནད་ཅན་མང་དུ་གནང་ཞིང་ཡང་མངའ་རིས་པ་གསལ་མཆོག་ནི་པུ་རངས་ཀྱི་ཡུལ་དུ་རས་པའི་སྡེ་ཆེན་པོ་བཙུགས་ཤིང་མངའ་རིས་སྐོར་གསུམ་ན་སྙན་པ་དང་གྲགས་པས་ཡོངས་སུ་ཁྱབ་ཅིང་ཕྲིན་ལས་ཤིན་ཏུ་ཆེ་བར་བྱུང་། ཙྭ་རི་སྒོམ་པ་ནི་ལས་སྟོད་ཟོར་པོའི་རི་དང་གཙང་སྟོད་ཕྱོགས་ཀྱི་རི་ཁྲོད་རྣམས་ལ་བཞུགས་ཤིང་། ཀུ་སུ་ལུའི་སློབ་མ་ཡང་ཤིན་ཏུ་མང་ཞིང་སྔོན་ཤེས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པས་སྤྱན་ལྔ་ཐོབ་པར་གྲགས། འཕྲིན་ལས་དང་འགྲོ་དོན་ཡང་ཤིན་ཏུ་ཆེ་ཞིང་གྲུབ་ཐོབ་ཀྱི་སློབ་མ་མང་དུ་ཐོན། དུས་ཕྱིས་སྐྱེར་སྒང་པ་ཐུགས་རྗེ་ཆེན་པོས་བླ་མ་རྩར་སྒོམ་གྱི་དྲུང་དུ་བྱོན་ཏེ། དར་ཆེན་ཁ་གང་ཕུལ་ནས་རྒྱགས་ཆེར་མེད་ལགས་གདམས་པ་མྱུར་དུ་ཚར་བ་ཞིག་ཞུ་ཞུས་པས། དར་ཡུག་དྲུག་དང་གསེར་ཞོ་གང་ཟད་པ་དང་གདམས་ངག་ཚར་བ་མཉམ་དུ་བྱ་ཡི་གསུང་སྐད། ཕག་ན་ཡོད་པ་ཀུན་བླ་མས་མཁྱེན་པས། མངོན་ཤེས་ཡོད་པར་རིག་སྟེ་བླ་མའི་དྲུང་དུ་སྡོད་

(༣༨༠)རིན་རྟོག་སྤྱོད་ལ་གཟབ་དགོས་པ་བྱུང་གསུང་གདམས་པ་མང་དུ་གསན་པས་རྩ་བའི་བླ་མ་བཀའ་དྲིན་ཅན་ཅིག་ཏུ་འཛིན། རྩ་སྒོམ་གྱི་ཆོས་རྒྱུད་ནི་གཙང་སྟོད་དང་མདོ་ཁམས་ན་དར་ཆ་ཆེ། གཞན་ཡང་རྣལ་འབྱོར་ཕོ་མོ་རང་དོན་མཐར་ཕྱིན་པ་ནི་མང་དུ་བྱུང་། དེའི་དུས་སུ་སློབ་མ་གསར་པ་འགའ་ཞིག་ལ་ཉམས་ལེན་གྱི་མགུར་འདི་གསུངས་སོ།། ༈ །།དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བླ་མ་དམ་པས་བྱིན་གྱིས་རློབས། །ལར་ཆོས་མཁས་པ་བས་ཀྱང་སྒྲུབ་པ་གཅེས། །སྒྲུབ་པ་ཉམས་སུ་བླངས་ཙ་ན། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །མ་ཡེངས་པ་ཡི་གདམས་ངག་གཅེས། །ཉམས་མྱོང་འགྲིབ་པ་མེད་པ་ལ། །བླ་མ་ལ་མོས་གུས་གདམས་ངག་གཅེས། །བདེ་ཆེན་ཟུང་འཇུག་རྣལ་འབྱོར་ལ། །ཚོགས་དྲུག་ལྷུག་པའི་གདམས་ངག་གཅེས། །གཉིས་མེད་ཐུག་ཕྲད་རྣལ་འབྱོར་ལ། །སྣ་རྩེ་གསུམ་གྱི་གདམས་ངག་གཅེས། །དུ་མ་རོ་གཅིག་རྣལ་འབྱོར་ལ། །ལྟ་བ་ཐག་ཆོད་གདམས་ངག་གཅེས། །སྣང་བ་སློབ་དཔོན་འཆར་བ་ལ། །སྐུ་གསུམ་རང་གྲོལ་གདམས་ངག་གཅེས། །འཁོར་བར་འཁྱམས་ཀྱི་དོགས་པ་ལ། །འཁྲུལ་པ་བརྩད་གཅོད་གདམས་ངག་གཅེས། །འཆི་བ་འཇིགས་པ་ཆེན་པོ་ལ། །རྟོགས་པ་བརྟན་པའི་གདམས་ངག་གཅེས། །ཡུལ་

(༣༨༡)དང་ནོར་ལ་ཞེན་པ་ལ། །ཆགས་པ་མེད་པའི་གདམས་ངག་གཅེས། །བག་ཆགས་སེམས་ལ་སྐྱེ་བ་ལ། །བདག་གཞན་གཉིས་མེད་གདམས་ངག་གཅེས། །ཅིར་སྣང་སེམས་སུ་ཤེས་པ་ལ། །གང་ཤར་ངོས་འཛིན་གདམས་ངག་གཅེས། །སེམས་ཉིད་སྟོང་པར་རྟོགས་པ་ལ། །རྩ་བྲལ་ཉག་ཅིག་གདམས་ངག་གཅེས། །རྩ་བྲལ་གདེང་དང་ལྡན་ཙ་ན། །སངས་རྒྱས་ས་རུ་ཕྱིན་པ་ཡིན། །ཚིག་ཏུ་བརྗོད་པ་སླ་ན་ཡང་། །རྒྱུད་ལ་སྐྱེས་པ་ཤིན་ཏུ་དཀོན། །དེས་ན་ཆོས་དང་གདམས་ངག་ཀུན། །ལག་ལེན་ཐོབ་ཅིག་སྐལ་ལྡན་ཀུན། །ཞེས་གསུངས། དེ་ནས་ཡང་དུས་རེ་ཞིག་གི་ཚེ་མཚན་ཉིད་པའི་དགེ་བཤེས་འགའ་ཞིག་དང་རྫོགས་པ་ཆེན་པོ་བསྒོམ་པའི་གང་ཟག་མང་པོ་ཞིག་འདུས་ནས་ཐེག་པའི་བྱེ་བྲག་དང་། གྲུབ་མཐའི་ཕྱོགས་ཞེན་གྱི་རྩོད་གླེང་མང་དུ་འདུག་པ་ལ་བླ་མས་སྒྲོ་འདོགས་ཆོད་ལུགས་འདི་མགུར་དུ་གསུངས་སོ། ༈ །སྐྱབས་གསུམ་གྱི་རྒྱལ་བ་དཀོན་མཆོག་གསུམ། །འབྲལ་མེད་གཙུག་གི་རྒྱན་དུ་བཞུགས། །ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །སྐྱོ་བ་སྐྱེས་པའི་སྔ་ལྟས་སུ། །དགོས་མེད་ཕུགས་སུ་ཚུད་ལགས་པས། །ཆོས་བརྒྱད་འདམ་ཁ་མི་གདའ་ན། །སྤྱོད་པའི་སྒྲོ་འདོགས་ཆོད་པ་ཡིན། །བྱིན་རླབས་ཞུགས་པའི་སྔ་ལྟས་

(༣༨༢)སུ། །བླ་མ་རྒྱུན་ཏུ་དྲན་ལགས་པས། །དགེ་སྦྱོར་བར་ཆད་མི་གདའ་ན། །རང་སེམས་བླ་མར་སྒྲོ་འདོགས་ཆོད། །རྩ་བ་ཟིན་པའི་སྔ་ལྟས་སུ། །འབྲལ་མེད་སྒོམ་ཞིག་སྐྱེས་ལགས་པས། །འབད་རྩོལ་སྡུག་བསྔལ་མི་གདའ་ན། །ཐུན་སྒོམ་སྒྲོ་དོགས་ཆོད་པ་ཡིན། །ངེས་ཤེས་སྐྱེས་པའི་སྔ་ལྟས་སུ། །སྣང་བ་ལམ་དུ་ཤར་ལགས་པས། །མ་བདེའི་འདྲི་རྒྱུ་མི་གདའ་ན། །གདམས་ངག་སྒྲོ་འདོགས་ཆོད་པ་ཡིན། །ཕྱོགས་རིགས་མེད་པའི་སྔ་ལྟས་སུ། །འགྱུར་མེད་རྟོགས་པ་ཤར་ལགས་པས། །མཐོ་དམན་རྩི་གདབ་མི་གདའ་ན། །ལྟ་བའི་སྒྲོ་དོགས་ཆོད་པ་ཡིན། །བློ་བརྡར་ཤ་ཆོད་པའི་སྔ་ལྟས་སུ། །ཆོས་རྣམས་ཟད་སར་སྐྱེལ་ལགས་པས། །ཟབ་དང་མི་ཟབ་མི་གདའ་ན། །ཐོས་པའི་སྒྲོ་འདོགས་ཆོད་པ་ཡིན། །ཕུ་ཐག་ཆོད་པའི་སྔ་ལྟས་སུ། །ཞེ་འདོད་ནང་དུ་ཟད་ལགས་པས། །མཉམ་རྗེས་ཐེ་ཚོམ་མི་གདའ་ན། །འབྲས་བུའི་སྒྲོ་དོགས་ཆོད་པ་ཡིན། །སྒྲོ་དོགས་ཆོད་པའི་རྣལ་འབྱོར་ལ། །ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །གང་ལྟར་བྱས་ཀྱང་བདེ་བ་ཆེ། །དེ་ལྟར་མ་རྟོགས་སེམས་ཅན་རྣམས། །ཐེ་ཚོམ་མང་དེ་གྲོལ་བ་ཉུང་། །ངོ་སྤྲོད་མང་སྟེ་ཤེས་པ་ཉུང་། །དམ་ཆོས་མང་སྟེ་རྟོགས་པ་དཀའ། །དེ་བས་རང་སེམས་གནད་དུ་སྣུན། །ཞེས་གསུངས་པས་ཁོང་རྣམས་ཀྱི་བརྩོད་པ་

(༣༨༣)རང་ཞི་ལ་འཆམ། །དེར་ཁོང་རྣམས་ཁ་ཕྱོགས་གཅིག་ཏུ་མཐུན་པར། བླ་མ་རིན་པོ་ཆེ་བདག་ཅག་རྣམས་ལ་བསླབ་བྱ་ཉམས་ལེན་གྱི་མགུར་ཞིག་ཐུགས་རྗེས་བཟུང་ཞུ་བ་ལ་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། །ཁྱེད་དལ་འབྱོར་མི་ལུས་ཐོབ་པས་ཆོག་སྙམ་སྟེ། །དེ་བས་དད་པ་བརྟན་པ་ཤིན་ཏུ་གཅེས། །ཆོས་རྣམས་ཤེས་པ་ཙམ་གྱིས་ཆོག་སྙམ། །དེ་བས་བསྒོམ་བསྒྲུབ་ནན་ཏན་ཤིན་ཏུ་གཅེས། །དམ་པ་རྣམས་ཀྱིས་གདམས་ངག་གནང་བས་ཆོག །དེ་བས་དད་གུས་མོས་པ་ཤིན་ཏུ༴ །གདམས་ངག་ཟབ་མོ་ཤེས་པས་ཆོག །དེ་བས་རང་རྒྱུད་རང་གིས་གྲོལ་བ་ཤིན༴ །མང་པོའི་ནང་དུ་སྡད་ནས་བསྒོམ་པས་ཆོག །དེ་བས་གཅིག་པོར་མ་ཡེངས་བསྒོམ་པ་ཤིན༴ །རྫས་དང་ལོངས་སྤྱོད་མ་ཞེན་ཙམ་གྱིས་ཆོག །དེ་བས་ལུས་དང་སྲོག་ལ་ཞེན་པ་མེད་པ་གཅེས། །གྲོང་ཡུལ་འདུ་འཛིའི་ནང་དུ་བསྒོམ་པས་ཆོག །དེ་བས་རི་ཁྲོད་དབེན་པར་སྡོད་པ་ཤིན༴ །དབེན་གནས་རི་ཁྲོད་འགྲིམས་པས་ཆོག༴ །དེ་བས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཤིན༴ །མི་རྟོག་མ་ཡེངས་ཙམ་གྱིས་ཆོག །དེ་བས་འཁོར་འདས་སྐྱེ་མེད་རྟོགས་པ་ཤིན༴ །ལུས་ངག་ཡིད་གསུམ་མདལ་ཙམ་གྱིས་ཆོག་སྙམ། །དེ་བས་སྤྱོད་ལམ་ཞེན་མེད་ཤིན༴ །སྡོམ་གསུམ་བསྲུང་མཚམས་ཤེས་པས༴ །དེ་བས་རང་སེམས་དཔང་དུ་འཛུག་པ་ཤིན༴ །འབྲས་བུ་སྐུ་གསུམ་དོན་གཅིག་

(༣༨༤)ཤེས་པས༴ །དེ་བས་འཁོར་བ་གྲོག་སུ་འཆར་བ་ཤིན། །རང་སེམས་གཉུག་མའི་དོན་ལས་མ་ཡེངས་པར། །ལུས་ནི་སྣང་སྟོང་བསྐྱེད་རིམ་ལྷ་སྐུར་སྒོམས། །ངག་ནི་གྲགས་སྟོང་རྡོ་རྗེའི་བཟླས་པ་ལ། །ཟུང་འཇུག་བདེ་སྟོང་བདེ་ཆེན་ཕྱག་རྒྱ་ཆེ། །འཁོར་འདས་མཉམ་ཉིད་འོད་གསལ་ཆེན་པོའི་སྐུ། །འཕོ་འགྱུར་མེད་པར་རྟོགས་ན་དོན་ཆེན་འགྲུབ། །མ་ཡེངས་སེམས་ལ་ཞོག་ཅིག་སྐལ་ལྡན་ཀུན། །ཞེས་གསུངས་པས་ཤིན་ཏུ་དད་པར་གྱུར་ནས། བླ་མའི་གདམས་པ་ཉམས་སུ་ལེན་ཞིང་རི་ཁྲོད་ལ་ཟུག་པ་མང་དུ་བྱུང་། །ཡང་དེའི་སྐབས་ཞིག་གི་ཚེ་གཞན་ཆོས་ཞུ་ཡང་མང་ཞིང་། ཁྱད་པར་གཉན་ཆོས་སྐྱབས་དང་དགེ་བཤེས་ཁྱུང་པོ་རྩེ་མངས། །ཟབས་རི་རས་པ། སྒོམ་ཆུང་། ཉང་དགོན་པ་བ་སོགས་ལ་དབང་བཞི་གནང་ནས་ཟབ་འཁྲིད་ཅིག་དབུ་བཙུག་ནས་ཡོད་པའི་དུས་སུ། རིན་ཆེན་གྲགས་ཀྱིས་རང་ཡུལ་འཁོར་ནས་ལས་སྟོད་དུ་ལན་གཉིས་ཡོངས་པའི་སྔ་མ་ལ་བླ་མའི་ཕྱག་ཕྱི་མ་ཟིན་པས་དབུས་སུ་ལོག །ཕྱི་མ་ལ་ཅུང་པར་མཇལ། །དེ་དང་མཉམ་དུ་གུང་ཐང་འཕྲེང་ར་ནས་བླ་མ་ཉིད་ཀྱི་གདུང་མཚན་ཤིན་ཏུ་ཉེ་བ་ཞིག་ཡོད་པ་དེ་ཡང་ཞབས་དྲུང་དུ་བྱུང་སྟེ། བླ་མ་ལ་གདམས་ངག་གནང་བས་ལས་འཕྲོ་དང་སྐལ་བ་ལྡན། ཤེས་རབ་དང་སྙིང་རུས་འཛོམས། ཞེན་ལོག་དང་ཞེ་བཅད་ཆེ་བས། ཆོས་དང་

(༣༨༥)གདམས་ངག་རྣམས་མྱུར་དུ་ཚར་བར་གནང་བས་གྲོལ་བ་ཐོབ་ཏེ་བརྒྱུད་པ་ཟིན་པའི་སློབ་མ་གཉེན་ནག་ལྷུན་པོ་ཞེས་བྱ་བའི་ཁྱད་པར་ཅན་ཞིག་བྱུང་ངོ་། །དེའི་དུས་རེ་ཞིག་གི་ཚེ་བླ་མ་གཞན་འགའ་ཞིག་གི་འགྲོ་དོན་མཛད་ལུགས་དང་། རང་རེ་དཔོན་སློབ་ཀྱི་འགྲོ་དོན་མཛད་ལུགས་མི་མཐུན་པར་འདུག །གཞན་གྱི་ཆོས་པ་རྣམས་ནི་ཚེ་འདི་ཡི་བྱ་བ་ལ་ཡང་བག་ཙམ་རེ་གཞོལ། དགོན་པའང་རི་བོད་མཚམས་སུ་བྱེད་བཞིན་འདོད་ཡོན་ལའང་ཤས་ཆེར་སྤྱོད་ཅིང་འདུག །རང་རེ་དཔོན་སློབ་རྣམས་ནི་འདུག་ས་ཡང་རི་ཁྲོད་གང་མཐོ་འདོད་ཡོན་ལོངས་སྤྱོད་ཡང་གང་བྱུང་ཙམ་དང་ཅི་ཉུང་ལ་ཐུགས་རྩེ་གཏོད་པ་འདུག་པས་འདི་ཡི་རྒྱུ་མཚན་ཇི་ལྟར་ལགས་ཞུས་པས། བླ་མའི་ཞལ་ནས་ངའི་བརྒྱུད་པ་འཛིན་པར་འདོད་པའི་བུ་སློབ་ཀུན་ཉོན་དང་། ངའི་ཕ་མི་ལ་རས་པས་སྤྱིར་གྱི་དཀའ་བ་སྣ་ཚོགས་སྤྱད་ཅིང་ཁྱད་པར་དུ་རི་ཁྲོད་གང་མཐོ་རྣམས་སུ་ཟ་ལ་འཚོ་བའི་ཐིལ་གཏད་ནས་ལོ་མང་པོའི་བར་དུ་བསྒྲུབ་པ་མཛད་པ་ཡིན་ཅིང་ད་ལྟ་ཡང་གང་བྱུང་ཙམ་ཞིག་གི་གནས་དང་འཚོ་བ་ལ་བརྟེན་པ་ཡིན། ཁོ་བོ་ལ་ཡང་རི་ཁྲོད་མ་དོར་ཞིག་ཅེས་པའི་བཀའ་ཡོད་པ་ཡིན། ཁོ་བོ་ཡང་སྐྱེས་ལོ་བཅུ་གཅིག་གི་ཐོག་ནས་བླ་མ་མི་ལ་དང་མཇལ་རྒྱ་བོད་གཉིས་སུ་དཀའ་བ་དཔག་ཏུ་མེད་པ་སྤྱད། གྱོང་ལྟོ་གོས་གཏམ་གསུམ་

(༣༨༦)ལ་ཁུར་གནས་བླ་མའི་དྲུང་དང་རི་ཁྲོད་མ་གཏོགས་གཞན་དུ་འདུག་མ་མྱོང་བླ་མའི་ཅི་གསུང་གི་བཀའ་བསྒྲུབ་ཅིང་ཆོས་བརྒྱད་རྡོག་པས་མནན་སྐྱིད་འདོད་རླུང་ལ་བསྐུར་འདོད་ཡོན་ལ་ཞེན་ཆགས་སྐྱུང་ནས་ཡུན་རིང་བ་ཞིག་ཐལ། ད་དུང་བླ་མའི་བཀའ་བཞིན་ཚེ་དང་སྒྲུབ་པ་སྙོམས་ཤིང་། གནས་རི་ཁྲོད་མ་གཏོགས་འདུག་ས་མེད་པས་ཁྱེད་རྗེས་སུ་འཇུག་པ་རྣམས་ཀྱང་དེ་ལྟར་སེམས་ལ་བཟུང་གསུང་ནས་མགུར་འདི་གསུངས་སོ། ༈ །རྗེ་ཐུགས་རྗེའི་བདག་ཉིད་འགྲོ་བའི་མགོན། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །གངས་སྟོད་རས་ཆེན་མི་ལའི་ཞབས། །བདག་ཁ་ཙམ་མིན་པར་གསོལ་བ་འདེབས། །བདག་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །འཆི་བ་མི་རྟག་དྲན་ནས་སུ། །ཆོས་སྒོར་ཞུགས་པ་མང་ལགས་ཀྱང་། །སྐྱོ་ཤས་ཅན་གྱི་གང་ཟག་ཉུང་། །བློ་སྣ་ལྟུང་ལུགས་མི་མཐུན་པ། །སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་སུ། །སྡོམ་པ་བསྲུང་བ་མང་ལགས་ཀྱང་། །རང་སེམས་དཔང་པོར་འཇོག་པ་ཉུང་། །རྒྱུ་འབྲས་འཛེམ་ལུགས་མི་མཐུན་པ། །སྲིད་པའི་སྡུག་བསྔལ་སྤངས་ནས་སུ། །ཐར་པ་སྒྲུབ་པ་མང་ལགས་ཀྱང་། །ཆོས་བརྒྱད་འདོད་བློ་སྤོངས་པ་ཉུང་། །དམན་ས་འཛིན་ལུགས་མི་མཐུན་པ། །ལུས་ངག་ཡིད་གསུམ་བཀོལ་ནས་སུ། །འབད་རྩོལ་བྱེད་པ་མང་ལགས་ཀྱང་། །གཉུག་མའི་ངོ་བོ་མཐོང་བ་ཉུང་།

(༣༨༧)དགེ་སྦྱོར་བྱེད་པ་མི་མཐུན་པ། །རི་དང་དགོན་པ་དབེན་ནས་སུ། །སྒོམ་བློ་བྱེད་པ་མང་ལགས་ཀྱང་། །བྱིན་རླབས་ཀྱི་ལམ་དང་འཕྲད་པ་ཉུང་། །རྟོགས་པ་འཆར་ལུགས་མི་མཐུན་པ། །ཐོས་བསམ་ཕྱོགས་རེ་བྱས་ནས་སུ། །ཡུས་ཀྱི་མནགས་པ་མང་ལགས་ཀྱང་། །སྒྲོ་འདོགས་ཕྱོགས་མེད་ཆོད་པ་ཉུང་། །ས་ལམ་སྤྱོད་ལུགས་མི་མཐུན་པ། །དཀོན་མཆོག་མཉེས་པར་བྱས་ནས་སུ། །མཆོད་པ་བྱེད་པ་མང་ལགས་ཀྱང་། །བླ་མའི་འདམ་ཁ་ཤེས་པ་ཉུང་། །གསོལ་བ་འདེབས་ལུགས་མི་མཐུན་པ། །འབྲས་བུ་ཐོབ་བྱ་བཞག་ནས་སུ། །ཡིད་སྨོན་བྱེད་པ་མང་ལགས་ཀྱང་། །རང་རེ་གཙང་སར་ཐོན་པ་ཉུང་། །གཞན་དོན་བྱེད་ལུགས་མི་མཐུན་པ། །དེ་བས་རང་རེ་ཕ་བུ་རྣམས། །དང་པོར་རྒྱུད་ལྡན་བླ་མ་རྙེད། །བར་དུ་ཐོས་བསམ་སྒྲོ་འདོགས་བཅད། །རི་ཁྲོད་དབེན་པར་ཉམས་རྟོགས་སྤེལ། །དེ་ལྟ་བུའི་གང་ཟག་གི། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །སྡུག་བསྔལ་མ་མཐོང་བདེ་ཆེན་མཐོང་། །གཉིས་སུ་མེད་པའི་ཡེ་ཤེས་མཐོང་། །བླ་མའི་བརྒྱུད་པ་ཟིན་ཏེ་མཆི། །ཅེས་གསུངས་པས་འཁོར་ཐམས་ཅད་ཡི་རངས་པར་གྱུར། དེ་ནས་དེར་འདུས་པའི་འཁོར་རྣམས་ལ་གང་ལ་གང་འདོད་ཀྱི་ཆོས་ཀྱིས་ཚིམ་པར་མཛད་ནས་རི་ཁྲོད་དང་བས་མཐའ་རྣམས་སུ་སྒྲུབ་པ་གྱིས་ཤིག་གསུང་རང་

(༣༨༨)རང་གང་འདོད་ཀྱི་གནས་སུ་རྫངས། དེར་དབོན་པོ་སྙན་ནག་ལྷུན་པོ་ན་རེ་འཕྲལ་ཕུགས་ཀྱི་བསླབ་བྱར་འགྲོ་བའི་ཞལ་ལྟ་ཅིག་ཐུགས་ལ་འདོགས་པ་ཞུ་ཞུ་བ་ལ་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། །རྒྱུད་ལྡན་གྱི་བླ་མ་བསྟེན་ཡང་འཚལ། །རྒྱུད་ལྡན་བླ་མ་མ་བསྟེན་ན། །ཐ་སྙད་ཚིག་ལ་འབྱམས་པར་མཆིས། །ལྟ་སྒོམ་ཟུར་ཁ་འགྲིམ་ཡང་འཚལ། །ལྟ་སྒོམ་ཟུར་ཁ་མ་འགྲིམ་ན། །གཟུང་འཛིན་རྒྱ་ཡིས་ཟིན་པར་མཆི། །བློ་འདས་གཏན་ཡུལ་གཟུང་ཡང་འཚལ། །བློ་འདས་གཏན་ཡུལ་མ་བཟུང་ན། །རིགས་དྲུག་གྲོང་དུ་ལྷུང་བར་མཆི། །སྐྱེ་མེད་མཁར་དང་མི་འབྲལ་འཚལ། །སྐྱེ་མེད་མཁར་དང་བྲལ་བ་ན། །དངོས་འཛིན་ཟག་པས་བཅོམ་པར་མཆི། །རང་རྒྱུད་རང་གིས་འདུལ་ཡང་འཚལ། །རང་རྒྱུད་རང་གིས་མ་བཏུལ་ན། །ཐོས་བསམ་འབྲས་བུ་སྟོར་བར་འཆི། །བསྒོམ་པའི་རབ་ལ་རྒལ་ཡང་འཚལ། །བསྒོམ་པའི་རབ་ལ་མ་རྒལ་ན། །ཐར་པའི་ཤུལ་ལམ་ནོར་ཏ་འཆི། །ཉམས་མྱོང་གར་སྦྱིན་ཞན་ཡང་འཚལ། །ཉམས་མྱོང་གར་སྦྱིན་མ་ཞེན་ན། །ཐ་སྙད་ཚིག་གི་ལྟ་བ་འདི། །དེ་མཚོན་ཡིན་ཏེ་དེ་ཉིད་མིན། །འཆི་ཁར་འོད་གསལ་སྟོར་དེ་མཆི། །འཁྲུལ་པ་རྩད་ནས་བཅད་ཀྱང་འཚལ། །འཁྲུལ་པ་རྩད་ནས་མ་བཅད་ན། །དྲི་མ་མེད་པར་མ་རྟོགས་པས། །རྣམ་རྟོག་ལྷགས་པས་འཁྱེར་ཏེ་མཆི། །རེ་དོགས་ཐག་པ་བཅད་ཀྱང་འཚལ། །

(༣༨༩)རེ་དོགས་ཐག་པ་མ་བཅད་ན། །རྐྱེན་སྣང་རང་གྲོལ་མ་ཤེས་པས། །སྐྱེ་ཤི་བདུད་ཀྱི་ཟིན་པར་མཆི། །བརྩོན་འགྲུས་དྲག་པོ་བསྐྱེད་ལགས་ནས། །དགོན་པ་དབེན་པ་སྙག་ཀྱང་འཚལ། །དགོན་པ་དབེན་པ་མ་སྙག་ན། །ཆོས་བརྒྱད་གཡེང་བར་ཤོར་ཏེ་མཆི། །དེ་བས་རི་ཁྲོད་དབེན་གནས་སུ། །ལེ་ལོ་སྤངས་ཏེ་བསྒྲུབ་པ་མཛོད། །བླ་མའི་རྒྱུད་པ་ཟིན་པ་དང་། །འགྲོ་དོན་ལྷུན་གྲུབ་འབྱུང་སྟེ་མཆི། །ཞེས་གསུངས་ནས། །ད་གདམས་པའི་སྤྲོས་པ་ཡང་ཆོད་པས་རི་ཁྲོད་དབེན་པ་རྣམས་སུ་ཚེ་དང་བསྒྲུབ་པ་སྙོམས་ལ། །ཕ་རྗེས་བུ་ཡིས་གསོབས་ཤིག་ཞེས་གསུངས་ནས་ཞལ་ལྟ་རྒྱས་པར་གནང་སྟེ་རང་རང་གི་ཡུལ་ལ་རྫོང་པར་མཛད་དོ། །དབོན་པོ་དེ་ལ་བཀའ་བབས་ཀྱི་སློབ་མ་ཆེན་པོ་ཅིག་བྱུང་བ་ཡིན་ནོ། དེ་ནས་བླ་མ་ཉིད་མཆོག་དཀར་གྱི་རི་ཁྲོད་ལ་བཞུགས་པའི་དུས་ཞིག་ཡོན་བདག་ཅིག་གིས་གཡུ་ཆེན་གསུམ་གཡག་རུ་ཅིག་ཏུ་བཅུག་ནས་ངའི་འདི་བླ་མ་ལ་བཅོལ་པོ་ཞུ། །ང་ཆུང་མ་དང་མི་མཐུན་པས་ཁྱེར་ཉེན་ཡོད་ཟེར་བླ་མས་མི་གཞན་གྱི་ཚོར་ན་ང་ཡང་གསོད་གཡུ་ཡང་ཁྱེར་ཉེན་ཡོད་གསུངས་པས། ཡོན་བདག་ན་རེ་དེ་འདྲ་མི་ཡོང་གི་བླ་མས་ཕྱག་ཚགས་མཛད་པ་ཞུ་ཞུས་པ་ལ་འོ་ན་ཆ་ཚ་ཕ་གིའི་འོག་ཏུ་གཡག་རུ་སྦོས་ཤིག་ང་གལ་ཏེ་སྦབ་འདྲ་བ་ལ་སོང་ནས་ཤི་ན་ཁྱོད་རང་གི་སྟོན་པས་ཆོག་

(༣༩༠)གསུང་། དེ་ནས་སྐབས་ཤིག་ཕུག་པ་དེའི་འོག་ན་ཤུབ་ཤུབ་ཟེར་བའི་ཉམས་སྣང་བྱུང་ད་གཡུ་སྦས་པ་དེ་མིས་ཚོར་བ་ཡིན་ནམ་སྙམ་བྱུང་ནས་ཀིས་ཅིག་བཏབ་པས་སུ་ཡང་མི་འདུག །ཡང་དར་ཅིག་ལོན་པ་དང་སྔར་བཞིན་ཤུབ་ཤུབ་བྱེད་བྱུང་བས་བལྟས་ཙ་ན་ཅི་ཡང་མི་འདུག །དེ་ནས་འདྲེ་ཡིན་འདུག་སྙམ་མལ་དུ་བཞུགས་པ་དང་མི་གཉིས་བྱུང་ནས་གཅིག་གིས་སྒོ་བསྲུངས། གཅིག་གིས་བླ་མའི་མགུལ་བསྡམ་པས་ཁག་ཁག་བྱུང་ཕྱག་གི་ཁོའི་ལག་པ་ལ་བཟུང་བས་མར་མེའི་འོད་ལྟར་ཡལ། ཡང་བར་ཆོད་རྩོམ་དུ་བྱུང་པ་ལ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ།། ༈ །།ཕ་བླ་མའི་ཞབས་ལ་གསོལ་བ་འདེབས། །སྤྲང་གཉིས་འཛིན་ཟད་པར་བྱིན་གྱིས་རློབས། །ཉོན་དང་ཡི་དྭགས་སྙིང་རེ་རྗེ། །ལས་ངན་དབང་གིས་ལུས་ངན་བླང་། །བསམ་ངན་དབང་གིས་གཞན་ལ་འཆོ། །རི་སུ་ལ་བས་མཐའ་ཐགས་སུ་འཐག །བསྒོམ་སྒྲུབ་རྣམས་ལ་བར་ཆད་བྱེད། །བསམས་ཤིང་ཡི་དྭགས་སྙིང་རེ་རྗེ། །བསྟོང་ཉིད་རྡོ་རྗེའི་རྣལ་འབྱོར་ལ། །ལུས་ནི་ལྷའི་དཀྱིལ་འཁོར་ཡིན། །ངག་ནི་སྔགས་ཀྱི་དཀྱིལ་འཁོར་ཡིན། །སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ། །ཚོགས་དྲུག་རང་རང་ངོ་བོས་སྟོང་། །བར་ཆད་རྣལ་འབྱོར་རྒྱན་དུ་ཆེ། །དགུང་སྔོན་དབྱིངས་ལ་ཉི་ཟླ་ཤར། །འོད་ཟེར་ནམ་མཁའི་རྒྱན་དུ་ཆེ། །བར་སྣང་ཡངས་ལ་ལྷོ་སྤྲིན་བྱུང་། །ལྷ་སྤྲིན་བར་སྣང་རྒྱན་དུ་

(༣༩༡)ཆེ། །སྤྲིན་ཚོགས་འཐུག་ལས་སྦྲང་ཆར་བྱུང་། །རྩི་ཤིང་འབྲུ་བཅུད་རྒྱན་དུ་ཆེ། །རྣལ་འབྱོར་མི་རྟོག་བསྒོམ་པ་ལ། །ལྷ་སྲིན་འབྱུང་པོས་བར་ཆད་རྩོམ། །བདུད་ཀྱི་བར་ཆད་རྒྱན་དུ་ཆེ། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །བྱང་ཆུབ་སེམས་ལ་བསད་དུ་མེད། །སྟོང་ཕྲག་བརྒྱད་བཅུའི་བགེགས་འདུས་ཀྱང་། །སེམས་ཉིད་སྟོང་པ་གཞོ་མ་དུ་མེད། །བར་སྣང་མཚོན་གྱི་ཆར་བབ་ཀྱང་། །དངོས་མེད་སེམས་ལ་རྡེག་ཏུ་མེད། །ཉི་ཁྲི་ཆིག་སྟོང་བདུད་བྱུང་ཡང་། །རིག་པ་གཅེར་བུ་བཙལ་དུ་མེད། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀུན། །སེམས་ཐོག་སྐད་ཅིག་འདུས་གྱུར་ཀྱང་། །ལྷན་ཅིག་སྐྱེ་མེད་ངང་དུ་རྟོགས། །ཁྱོད་ཅི་དགར་གྱིས་ཤིག་འབྱུང་པོ་ཀུན། །ཞེས་གསུངས་པས་བར་ཆད་ཐམས་ཅད་རང་སར་ཞི་དེར་འདུས་པའི་ལྷ་འདྲེ་ཐམས་ཅད་དམས་བཏགས་དགེ་བསྙེན་གྱི་སྡོམ་པ་ཕོག །དགོས་སུ་ཚེ་རིངས་མ་དཔོན་གཡོག་ལྔ་རེ་རེ་ལ་ཡང་འཁོར་བརྒྱ་ཕྲག་མང་པོ་དང་། གཡས་ཀྱི་རུ་འདྲེན་པ་གདོན་ཆེན་བཅོ་བརྒྱད། །གཡོན་གྱི་རུ་འདྲེན་གྱིས་པའི་གདོན་ཆེན་བཅོ་ལྔ། སྔོན་གྱི་སྣ་འཁྲིད་པ་སྡེ་བརྒྱད་དྲེགས་པ་ཅན་དང་། རྗེས་ཀྱི་རྟིང་གནོན་པ་ཕྱོགས་སྐྱོང་བཅུའི་གདོན་དེ་རྣམས་ཐམས་ཅད་དབང་དུ་བསྡུས་ཤིང་དམ་ལ་བཏགས། ཕྲིན་ལས་ཀྱི་སྡོང་གྲོགས་བྱེད་པར་ཁས་བླངས་སོ། །དེ་ཡང་ནང་དུ་

(༣༩༢)རང་སེམས་དབང་དུ་འདུས་པས། །ཕྱིར་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་འདུས། དེའི་གནད་ཀས་མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་འདུས་ཏེ་ཐུན་མོང་གི་དངོས་གྲུབ་ལ་མངའ་མཉེས་པ་ཡིན་ནོ། །རི་ཁྲོད་དེར་ཡོན་བདག་རྣམས་ཀྱི་ཞབས་ཏོག་ལེགས་པར་བྱས་པས་ཐུགས་དམ་ཡང་འཕེལ་ཞིང་འགྲོ་དོན་ཡང་ཤིན་ཏུ་ཆེ་བས་འགྲོ་བ་ལ་ཕན་པའི་སློབ་མ་ཡང་ཤིན་ཏུ་མང་བ་ཐོན། གནས་དེར་སྔ་རྟིང་སྒྲིལ་བས་ལོ་བདུན་བཞུགས་ཤིང་དེར་ཞབས་ཏོག་བྱེད་པའི་ཡོན་བདག་རྣམས་ལ་ཐུན་མོང་གི་དངོས་གྲུབ་སྣ་རེ་བྱུང་ཞིང་མཆོག་གི་དངོས་གྲུབ་ཡང་སྦྱིན་པའི་སྣོད་རུང་འཁོར་བ་མཐའ་ཅན་དུ་མཛད། །ལ་སྟོད་བྱང་གི་མཆོག་དཀར་ཕུའི་རི་ཁྲོད་དུ་བཞུགས་ཤིང་དེ་ཕྱོགས་ཀྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་སྐོར་ཚོ་དེ་དང་པོའོ། ༈ །གཉིས་པ་ནི། དེ་ནས་དབུས་ལ་བྱོན་པར་དགོངས་ཏེ་བུ་སློབ་རྣམས་ལ་བཀྲ་ཤིས་དང་སྨོན་ལམ་ཞལ་ཏ་རྒྱས་པར་མཛད་དེ་ལམ་སྣུབས་ཡུལ་རོང་ལ་བྱས་ནས་བྱོན་པས་ཡུལ་སྤང་ཆེན་དུ་ཉེ་གནས་རིན་ཆེན་གྲགས་ཀྱི་རྐང་པ་ཁྱིས་བཟུང་བས་ཟླ་བ་འགའ་ཞིག་འགོར། ཡུལ་སྤང་ཆེན་དུ་བཞུགས་དུས་ཇོ་མོ་བཙུན་མ་ཞེས་བྱ་བ་ཤེས་རབ་དང་དད་པ་ཆེ་བ་སྙིང་རུས་དང་གཏོང་ཕོད་ཆེ་བ། བྱམས་སྙིང་རྗེ་ཆེ་ཞིང་ངང་རྒྱུད་རིང་བ་ཐེག་པ་ཆེན་པོའི་བློ་གྲོས་དང་ལྡན་པ་ཞིག་ཡོད་པ་ལ། དབང་དང་

(༣༩༣)གདམས་པས་ཚིམ་པར་མཛད་པས་ཤིན་ཏུ་མོས་པར་གྱུར་སྙིང་རུས་ཀྱི་ཆོས་དང་གདམས་པའི་མགོ་སྟོན་ནས་མོ་རང་གི་ཡུལ་བཤབ་ཏུ་ཕྱིན་ནས་བསྒོམ་པས། ཇོ་མོ་སྒྲེས་མོ་ཞེས་བྱ་བའི་བཀའ་བབས་འཛིན་པའི་གྲུབ་ཐོབ་མ་གཅིག་བྱུང་བ་ཡིན་ནོ། དེ་ནས་དབུས་ལ་བྱོན་ཏེ་ལྷ་སར་ཕེབས་ཇོ་བོ་མཆེད་གཉིས་ལ་གསེར་ཆབ་ཞུས་འཕན་ཡུལ་གྱི་སྣེ་ཟུར་དུ་བྱོན་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་སྣེ་ཟུར་བ་ཡེ་ཤེས་འབར་དང་མཇལ་བས། ཐོག་མར་དགེ་བའི་བཤེས་གཉེན་དེ་ཉིད་རྣལ་འབྱོར་པ་ལ་མི་དགྱེས་པས། དེའི་སྟབས་ཀྱི་ཁོང་གི་འཁོར་གྱི་གྲ་པ་འགས་བླ་མ་ལ་བརྙས་ཚིག་མང་དུ་ཟེར་བྱུང་བ་ལ་བླ་མས་ཚོགས་གྲལ་དུ་ཟངས་ཀྱི་བྱོན་ནས་མགུར་འདི་གསུངས་སོ།། ༈ །།རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ཁྱེད་འདིར་བཞུགས་ཀྱི་སྟོན་ཆེན་དཔོན་སློབ་ཀུན། །དར་ཅིག་རས་པའི་གླུ་ལ་གསོན། །ང་དྲོད་རྟགས་ནང་ནས་ཤར་བ་ཡི། །ཐེག་པའི་བྱེ་བྲག་མི་དགོས་པས། །བརྒོལ་བ་བྱུང་ཡང་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །ནང་གི་ཉི་ཟླ་དབང་འདུས་པས། །འབྱུང་བ་བཞི་པོ་སྙོམས་ནས་གདའ། །ཚ་གྲང་གཉིས་ལ་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །དཀར་ཆེན་ཕུགས་སུ་ཆུད་པ་ཡི། །ལུས་ལ་བདེ་བ་རྒྱས་ནས་གདའ། །སྒྲོ་

(༣༩༤)སྐུར་གཉིས་ལ་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །གཏུམ་མོའི་བདེ་དྲོད་ཐོབ་པ་ཡི། །གོས་གསར་བསྒྲུབ་པའི་འདོད་པ་བྲལ། །སྐྱི་སེར་རླུང་ལ་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །སྣང་བ་རང་སར་གྲོལ་བ་ཡི། །བསྒྲུབ་ཐབས་ལས་མཐའ་མི་དགོས་པས། །རེ་དོགས་གཉིས་ལ་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །རང་བཞིན་འོད་གསལ་ཤར་བ་ཡི། །གློ་བུར་དྲི་མ་རང་སར་དག །སྒྲིབ་པ་གཉིས་ལ་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །རང་རིག་ཆོས་སྐུར་འཕོ་ཤེས་པས། །འགྲོ་དྲུག་སྐྱེ་སྒོ་རང་སར་ཁེགས། །ངན་སོང་གསུམ་ལ་ང་མི་འཇིགས། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །འགྱུར་བ་མེད་པའི་ལྟ་བ་ལ། །སྒྲོ་འདོགས་ཆོད་པའི་རྒྱ་ཡིས་ཐོབ། །དམིགས་གཏད་མེད་པའི་འོད་གསལ་ལ། །མ་ཡེངས་པ་ཡི་རྒྱ་ཡིས་ཐོབ། །ཤུགས་འབྱུང་ལྷུག་པའི་སྤྱོད་པ་ལ། །མ་ཞེན་པ་ཡི་རྒྱ་ཡིས་ཐོབ། །བསྲུང་དུ་མེད་པའི་དམ་ཚིག་ལ། །མ་བྲལ་པ་ཡི་རྒྱ་ཡིས་ཐོབ། །རེ་དོགས་མེད་པའི་འབྲས་བུ་ལ། །སྨོན་དུ་མེད་པའི་རྒྱ་ཡིས་ཐོབ། །ཅིག་ཅར་བ་ཡི་ཡེ་ཤེས་ལ། །བློ་དང་བྲལ་བའི་རྒྱ་ཡིས་ཐོབ། །ལུང་དང་བསྟུན་དང་སྒོན་ཆེན་ཀུན། །ཉམས་དང་བསྟུན་དང་སྒོམ་ཆེན་ཀུན། །སྒྲོ་འདོགས་ཆོད་དང་རྣལ་འབྱོར་ཀུན། །ཉམས་སུ་ལོང་དང་སྐལ་ལྡན་ཀུན། །ཞེས་གསུངས་པས་དེར་ཚོགས་པའི་དགེ་འདུན་ཐམས་

(༣༩༥)ཅད་དད་པར་གྱུར། ཁྱད་པར་དུ་དགེ་བའི་བཤེས་གཉེན་ཆེན་པོ་སྣེ་ཟུར་བ་ཉིད་ཤིན་ཏུ་དད་པར་གྱུར་ནས། ཁྱེད་མི་ལ་རྣལ་འབྱོར་གྱི་སློབ་མ་རས་ཆུང་པ་ཞེས་བྱ་བ་ཡོན་ཏན་མཐའ་ཡས་པ་མངའ་བ་ཞིག་བཞུགས་ཟེར་བའི་སྙན་པ་སྔར་ནས་ཐོས། ད་ལན་མཇལ་བ་དགའ་གསུང་ཤིན་ཏུ་མཉེས་ནས་ད་འདིར་བཞུགས་ལ་ད་དུང་གདམས་ངག་གི་མགུར་ཐུགས་ཡ་འདོགས་པར་ཞུ་གསུང་ནས། ཚོགས་པའི་དབུས་ཞིག་ཏུ་བཞུགས་གདན་མཐོ་བ་དང་བཅས་ནས་བཞུགས་སུ་གསོལ། ཇ་བུར་སོགས་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་བགྱིས་ནས། ཆོས་ཀྱི་འབྲེལ་པ་ཞུ་བ་ལ་མགུར་འདི་གསུངས་སོ།། ༈ །།རྗེ་སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་། །འགྲོ་བའི་འདྲེན་མཆོག་ཆོས་ཀྱི་རྗེ། །ཁམས་གསུམ་མགོན་པོ་སྤྲུལ་པའི་སྐུ། །མཚན་མི་ལ་ཞེས་བྱར་གྲགས་པ་ཡི། །ཕ་རས་པ་དེ་ལ་གསོལ་བ་འདེབས། །ཁྱེད་སངས་རྒྱས་བསྟན་འཛིན་ཉན་ཐོས་ལུགས། །བཀའ་སྡེ་སྣོད་དགོངས་པའི་སྟོན་ཆེན་ལ། །སྡེབ་སྦྱོར་དང་བཤད་པ་མི་དགོས་པས། །ང་རང་ཉམས་ཀྱི་ཤུགས་འབྱུང་གླུ་རུ་ལེན། །སྙན་ལྷན་ནེ་གསོན་ཅིག་དཔོན་སློབ་ཀུན། །ང་ལྟ་བ་གང་ཡིན་ཟེར་ཙ་ན། །ལྟ་བ་ཆོས་ཉིད་རང་ས་ཟིན། །ཐ་སྙད་ཚིག་གི་སྤུན་གོག་ལ། །ལྟ་བ་འཛིན་པ་ཚིག་པ་ཟ། །སྒོམ་པ་གང་ཡིན་ཟེར་ཙ་ན། །སྒོམ་པ་སེམས་ཉིད་འོད་གསལ་ཡིན། །དམིགས་གཏད་མཚན་མའི་ཡུལ་དང་བྲལ། །

(༣༩༦)སེམས་འཛིན་ཀར་སྐོར་ཚིག་པ་ཟ། །སྤྱོད་པ་གང་ཡིན་ཟེར་ཙ་ན། །ཆོས་ཉིད་དྲོད་རྟགས་ལྷུག་པར་ཤར། །ཚུལ་ཆོས་བློ་ཡི་ཡུལ་དང་བྲལ། །ཉམས་མེད་ཐོ་ཅོ་ཚིག་པ་ཟ། །ཉམས་མྱོང་གང་ཡིན་ཟེར་ཙ་ན། །ལྷན་ཅིག་སྐྱེས་པའི་ཉི་མ་ཤར། །མ་རིག་པ་ཡི་མུན་པ་སངས། །ལས་རྒྱའི་བདེ་བ་ཚིག་པ་ཟ། །དམ་ཚིག་གང་ཡིན་ཟེར་ཙ་ན། །འོད་གསལ་ཟུང་འཇུག་རྒྱ་ཡིས་ཐེབས། །བསྲུང་མཚམས་བློ་ཡི་ཡུལ་ལས་འདས། །བསྐང་བཤགས་བྱེད་པ་ཚིག་པ་ཟ། །འབྲས་བུ་གང་ཡིན་ཟེར་ཙ་ན། །འབྲས་བུ་ཁམས་གསུམ་རོ་གཅིག་ཤར། སྐུ་གསུམ་ཞེ་འདོད་ཡུལ་དང་བྲལ། །སྨོན་ལམ་འདེབས་པ་ཚིག་པ་ཟ། །སྒོམ་ཆེན་རྣམས་ཀྱི་མཁར་བ་མཛོད། །སྟོན་ཆེན་རྣམས་ཀྱི་སྲོག་ཤིང་མཛོད། །སྡིག་པོ་ཆེ་ཡི་བཤགས་པ་མཛོད། །ཅེས་གསུངས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཤིན་ཏུ་དད་པར་གྱུར་ནས་རང་གི་གཟིམས་ཁང་དུ་སྤྱང་དྲངས་ཏེ། ཞག་བཅུ་གཅིག་ཙམ་གྱི་བར་དུ་དོ་ཧ་ལ་སོགས་ཕྱག་རྒྱ་ཆེན་པོའི་སྐོར་དང་། གཞན་ཡང་ཕྱག་ན་རྡོ་རྗེའི་མན་ངག་ལ་སོགས་གདམས་པ་འགའ་ཞིག་ཞུས་ཏེ་བྱིན་རླབས་ཀྱི་རྟོགས་པ་ལ་འཁོད་པར་མཛད་པས། །སྔར་ནས་དགེ་བའི་བཤེས་གཉེན་ཉིད་ཐུགས་བྱང་ཆུབ་སེམས་འབྱོངས་པས། ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཞིང་ཕྱིས་བླ་མའི་གདམས་ངག་གི་ཤིན་ཏུ་ཕན་ཐོགས་པས་མཁྱེན་པ་དང་ཏིང་ངེ་འཛིན་གྱི་

(༣༩༧)ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བར་གྱུར་ཏེ། བླ་མ་རས་ཆུང་པ་ཉིད་ལ་གསང་བའི་བླ་མ་དམ་པར་འཛིན་པ་ཡིན་ནོ། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་སྤྱན་སྔ་ཚུལ་ཁྲིམས་འབར་ཞེས་པ་དེ་ཉིད་ནུས་པ་དང་ཕྲིན་ལས་ཆེ་ཞིང་། སྙན་པའི་བ་དན་ཆེན་པོ་འདུག་བས་བླ་མའི་གདམས་ངག་གི་ཕན་ཐོགས་པར་དགོངས་ཏེ། བླ་མས་སྙུག་རུམ་དུ་བྱོན་ནས་སྤྱན་སྔ་བ་དང་མཇལ་བར་ཞུས་པས། །སྤྱན་སྔ་བ་ཉིད་ཀྱང་མངོན་ཤེས་དང་ལྡན་པས་བླ་མ་འབྱོན་པར་མཁྱེན་ཏེ་ནང་དུ་སྤྱན་དྲངས་ཞབས་ཏོག་ལེགས་པར་བགྱིས་ནས་ཆོས་ཀྱི་གཏམ་མང་པོ་དྲི་བ་མཛད། སྤྱན་སྔའི་གསུང་ནས་ཁྱེད་ཀྱི་བླ་མ་མི་ལ་དེ་སྙན་པ་ཤིན་ཏུ་ཆེ། རྫུ་འཕྲུལ་ཇི་ལྟ་བུ་མངའ་གསུང་པ་ལ། བླ་མས་ངའི་བླ་མ་ལ་ཟད་པར་དང་ཟིལ་གནོན་ལ་སོགས་སྤྲུལ་སྒྱུར་གྱི་རྫུ་འཕྲུལ་ནི་མཐའ་ཡས། དེ་བས་ལྷག་པའི་ཆོས་སྐུ་གཅིག་ཏུ་གྱུར་པ་ཡིན་ནོ། །ཁྱེད་རྫུ་འཕྲུལ་ཆེ་བ་ལ་ཡ་མཚན་དུ་འཛིན་པ་ཡིན་ནམ་གསུངས་པས། སྤྱན་སྔ་བ་རྫུ་འཕྲུལ་ཆེ་བ་ལ་ཡ་མཚན་དུ་འཛིན་གསུང་ནས་པད་སྤུང་ཞིག་བར་སྣང་ལ་རྟེན་མེད་དུ་འཇོག་པ་མཛད་ནས་ཡང་དག་པའི་ཀུན་རྫོབ་ཡིན་གསུངས། དེར་བླ་མས་ཟད་པར་ཆུའི་ཏིང་ངེ་འཛིན་དང་མེའི་ཏིང་ངེ་འཛིན་དང་རླུང་གི་ཏིང་ངེ་འཛིན་དང་། སའི་ཏིང་ངེ་འཛིན་དང་ནམ་མཁའི་ཏིང་ངེ་འཛིན་ལ་མཉམ་པར་

(༣༩༨)བཞག་པས། །ཆུར་སྣང་བ་དང་། མེར་སྣང་བ་དང་། རླུང་གཡོ་བར་སྣང་བ་དང་། གསེར་གྱི་མཆོད་རྟེན་དུ་སྣང་བ་དང་། ནམ་མཁའ་དང་འདྲེས་ཏེ་ཅི་ཡང་མི་སྣང་བ་ལ་སོགས་རྫུ་འཕྲུལ་བསྟན་པས། སྤྱན་སྔ་བ་ཤིན་ཏུ་ཧ་ལས་པར་གྱུར་ཏེ་གདམས་པ་ཞུས་པ་ལ། བླ་མ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་བསམ་གཏན་ཐུན་འཇོག་གི་གདམས་པ་རྣམས་དང་། བསྲེ་འཕོའི་སྐོར་ཐོར་རེ་བ་ཅིག་གནང་ནས་ཟླ་བ་ཕྱེད་བཞུགས་འབྱོན་ཁར་ལྟ་སྒོམ་སྤྱོད་པའི་མགུར་ཞིག་ཞུ་ཞུ་བ་ལ་མགུར་འདི་གསུངས་སོ།། ༈ །།ཕ་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཁྱེད་མཁས་པའི་རྒྱུད་འཛིན་བཤེས་གཉེན་ལ། །བླ་མའི་ཐུགས་སྲས་རས་ཆུང་གིས། །འཕྲལ་ལྟ་སྤྱོད་ཉམས་ལེན་གླུ་ཞིག་འབུལ། །སྙན་ལྷན་ནེ་གསོན་ལ་ཐུགས་གཏད་འཚལ། །སྣང་སྟོང་གི་རྟོག་པ་མ་མཆིས་ན། །ལྟ་བ་འགྱུར་བ་མེད་པ་ཡིན། །མཐའ་དབུས་མེད་པའི་ནམ་མཁའ་འདྲ། །འགྱུར་བ་མེད་དེ་རི་བོ་འདྲ། །ཁྱེད་ལྟ་བ་མཛད་ན་དེ་ལ་མཛོད། །དམིགས་གཏད་འཇུར་བུས་མ་བཅིངས་ན། །བསྒོམ་པ་ཞེན་པ་མེད་པ་ཡིན། །གཡོ་འགུལ་མེད་དེ་རྒྱ་མཚོ་འདྲ། །རྒྱུན་ཆད་མེད་དེ་ཆུ་བོ་འདྲ། །ཁྱེད་སྒོམ་པ་མཛད་ན་དེ་ལ་མཛོད། །བླང་དོར་རྟོག་པ་མ་མཆིས་ན། །སྤྱོད་པ་ངེས་པ་མེད་པ་ཡིན། །གཙང་བཙོག་མེད་དེ་ཕག་པ་འདྲ། །ཉམ་ང་མེད་དེ་སེང་གེ་འདྲ། །ཁྱེད་སྤྱོད་པ་མཛད་ན་དེ་

(༣༩༩)ལ་མཛོད། །ཞེ་འདོད་ཀྱི་རྟོག་པ་མ་མཆིས་ན། །འབྲས་བུ་རེ་དོགས་མེད་པ་ཡིན། །འབང་རྩོལ་མེད་དེ་ཉི་མ་འདྲ། །གཞན་དོན་འབྱུང་བས་འོད་ཟེར་འཕྲོ། །ཁྱེད་འབྲས་བུ་མཛད་ན་དེ་ལ་མཛོད། །ངས་རི་རབ་ཁ་ལ་མ་ཕྱིན་ཏེ། །འཛམ་བུ་གླིང་བཞི་ང་ཡི་མཐོང་། །སྤྱིར་སྣང་རང་གི་སེམས་སུ་ཤེས། །སེམས་ཉིད་ཆོས་ཀྱི་སྐུ་རུ་རྟོགས། །ཁྱེད་ཉམས་ལེན་མཛད་ན་དེ་ལ་མཛོད། །རྒྱ་མཚོའི་གཏིང་དུ་མ་ཕྱིན་ཏེ། །ཡིད་བཞིན་ནོར་བུ་ང་ཡི་རྙེད། །སྟོང་གསལ་ཆོས་སྐུ་དྲི་མ་མེད། །འགག་མེད་ཤུགས་འབྱུང་ལོངས་སྤྱོད་རྫོགས། །ཁྱེད་གཞན་དོན་མཛད་ན་དེ་ལ་མཛོད། །ལྷ་ཡི་ཡུལ་དུ་མ་ཕྱིན་ཏེ། །འཆི་མེད་བདུད་རྩི་ང་ཡི་འཐུངས། །འོད་གསལ་ངང་ལ་རྒྱུན་མི་ཆད། །རྟོགས་པའི་སེམས་ལ་སྐྱེ་ཤི་མེད། །ཁྱེད་སངས་རྒྱས་བསྒྲུབ་ན་དེ་ལྟར་མཛོད། །ལར་འཁོར་འདས་བླང་དོར་མ་མཆིས་པས། །རེ་དང་དོགས་པའི་བློ་དང་ཁྲོལ། །སངས་རྒྱས་སེམས་ཅན་ཁྱད་མེད་པས། །ཐམས་ཅད་ཆོས་སྐུར་བློ་ཐག་ཆོད། །བདེ་དང་སྡུག་བསྔལ་ཁྱད་མེད་པས། །སྤང་བླང་གཉིས་དང་བྲལ་བར་མཛོད། །ཆོས་རྣམས་ཐམས་ཅད་མིང་དུ་ཟད། །ལྟ་བ་བློ་ལས་འདས་པ་ཡིན། །དེ་བས་དེ་ལྟར་དགོངས་པར་འཚལ། །ཞེས་གསུངས་པས་ཤིན་ཏུ་གུས་པར་གྱུར་ཏེ་ཡང་ན་ཆོས་ཐམས་ཅད་དོན་དམ་ཡང་ན་ཆོས་ཐམས་ཅད་ཀུན་རྫོབ་ཞེས་པའི་ལྟ་བ་རྣམ་པར་

(༤༠༠)དག་པ་ཐུགས་ལ་འཁྲུངས། གདམས་ངག་གི་སྒོ་ནས་སྙིང་གི་བླ་མ་དམ་པར་འཛིན་པའི་སློབ་མ་ཞིག་ཏུ་གྱུར་པ་ཡིན་ནོ། དེ་ནས་ཡང་བླ་མས་དབུར་སྟོད་ཀྱི་གནས་གཞི་གཡུང་དྲུང་བྱ་བར་བཞུགས་པས་དེའི་མི་རྣམས་ན་རེ་དགོན་པ་བྱ་ཡུལ་བྱ་བ་ཡ་གིན་གདན་ནོན་བཟང་པོ་ཡང་འདུག་མང་ཇ་ཡང་འདུག་པས། བཙུན་པ་དང་རས་པ་ལ་ཁྱད་པར་མེད་ཁྱེད་རང་ཡང་བྱོན་དང་ཟེར། དེར་བླ་མའི་དགོངས་པ་ལ་བདེན་ནམ་སྙམ་པ་དང་མི་བདེན་ནའང་དགེ་བའི་བཤེས་གཉེན་དེ་ལ་ཕན་ཐོགས་པ་སྲིད་སྙམས་ནས་བྱོན་པས། །མཁན་པོས་དབུ་མཛད་པའི་བཙུན་པ་རྣམས་ཚོགས་འདུག་ནས་གྲལ་བཤམ་ཞིག་དུ་བཞུགས་པས་མཁན་པོའི་ཞལ་ནས། ར་ཕོ་དཀར་པོ་ལུག་ཁྱུར་མི་ཚུད་བྱ་བ་ཡིན། བཙུན་པའི་གསེབ་ཏུ་རས་པ་མི་དགོས་ཕྱི་ལ་ཐོན་ཐོང་གསུངས་པས་བཙུན་ཆུང་གཉིས་བྱུང་སྟེ་གཅིག་གི་རྒྱབ་ནས་འཕུལ་གཅིག་གི་མདུན་ནས་འཐེན་ཞིང་ཁྲིད་དེ་ཕྱིར་བཏོན་པ་དང་ཕྱི་མས་སྒོ་འཕྲལ་ལ་བཅད་པས། བླ་མའི་ཞབས་གཅིག་ཕྱིར་ཐོན་ཅིག་ནང་དུ་ལུས་པ་ལ་སྒོ་བར་དུ་བཅར་ནས་ན་ཚ་བཟོད་རླགས་མེད་པ་ལྟ་བུ་བྱུང་བས་དེར་གནས་ལུགས་ཟང་ཐལ་ཟུར་ཟའི་མགུར་འདི་གསུངས་སོ།། ༈ །།ཕ་བཀའ་རྒྱུད་ཀྱི་བླ་མ་རིན་པོ་ཆེ། །སྒྲུབ་བརྒྱུད་ཀྱི་བླ་མ་བྱིན་རླབས་ཅན། །དོན་བརྒྱུད་ཀྱི་བླ་མ་ཆོས་ཀྱི་སྐུ། །ཕ་རས་ཆེན་མི་ལའི་

(༤༠༡)ཞབས་ལ་འདུད། །ཡུལ་གུང་ཐང་གི་རས་ཆུང་རྡོར་གྲགས་ང་། །ཕྱོགས་གང་དུ་ཕྱིན་ཡང་འདི་ལྟ་བུའི། །བྱ་བྱེད་དང་སྤྱོད་ལམ་ངས་མ་མཐོང་། །ཇོ་བོ་བཀའ་གདམས་པའི་རབ་བྱུང་བཙུན་པ་རྣམས། །དབྱངས་འདི་ལ་མ་ཡེངས་དར་ཅིག་ཉོན། །རང་ལུས་ལྷ་སྐུར་མ་ཤེས་པའི། །གོས་སེར་མོ་ཅིག་ལ་བྱང་ཆུབ་རེ། །ཆོས་གོས་གྱོན་ནོ་སྙམ་པའི་ཡུས་པོ་ཆེ། །རང་ལུས་ཐ་མལ་དུ་ཤོར་བ་མ་ཚོར་འདུག །ཨ་ར་ར་བཙུན་ཆུང་འོར་པོ་ཆེ། །རྐང་པ་འདི་མ་བསྡམ་རྐང་པ་འདི་ཐོང་། །བཟའ་བཏུང་ཚོགས་འཁོར་དུ་མ་ཤེས་པའི། །འཚོ་བ་དགོང་ལྟོ་བཅག་པས་བྱང་ཆུབ་རེ། །དཀའ་བ་སྤྱད་དོ་སྙམ་པའི་ཡུས་པོ་ཆེ། །ལྷ་ལ་བརྙས་པ་བྱས་པ་མ་ཚོར་འདུག །ངག་ཅི་སྨྲས་སྔགས་སུ་མི་ཤེས་པའི། །ཁ་སྟོན་བཟླས་པ་ཅིག་ལ་བྱང་ཆུབ་རེ། །བཟླས་བརྗོད་བྱས་སོ་སྙམ་པའི་ཡུས་པོ་ཆེ། །སྲོག་རྩོལ་ཡན་བར་ཤོར་བ་མ་ཚོར་འདུག །རང་སེམས་ཆོས་སྐུར་མི་ཤེས་པའི། །ཚིག་ཐ་སྙད་ཅིག་ལ་བྱང་ཆུབ་རེ། །ཆོས་ཤེས་སོ་སྙམ་པའི་ཡུས་པོ་ཆེ། །སེམས་འཁྲུལ་པར་ཤོར་བ་མ་ཚོར་འདུག །ནང་སེམས་ཉིད་དྲི་མ་མ་དག་པའི། །གདོང་ཞོགས་ཁྲུས་ཤིག་ལ་བྱང་ཆུབ་རེ། །གཙང་སྦྲ་བྱས་སོ་སྙམ་པའི་ཡུས་པོ་ཆེ། །བག་ཆགས་སྒྲིབ་པས་སྦགས་པ་མ་ཚོར་འདུག །སྐྱེ་མེད་རང་གྲོལ་དུ་མི་ཤེས་པའི། །

(༤༠༢)ལུས་ཙོག་པུར་བསྡད་ལ་བྱང་ཆུབ་རེ། །དགེ་སྦྱོར་བྱས་སོ་སྙམ་པའི་ཡུས་པོ་ཆེ། །ཉོན་སྒྲིབ་རགས་སུ་སོང་བ་མ་ཚོར་འདུག །དམིགས་མེད་དགེ་བ་མི་ཤེས་པའི། །གྲུབ་མཐའ་ཕྱོགས་རིས་ཅན་ལ་བྱང་ཆུབ་རེ། །ཚོགས་བསགས་བྱས་སོ་སྙམ་པའི་ཡུས་པོ་ཆེ། །སྦྱིན་པ་ཁ་ལན་དུ་སོང་བ་མ་ཚོར་འདུག །ཚེ་གཅིག་སངས་རྒྱས་མི་བསྒྲུབ་པའི། །གྲངས་མེད་གསུམ་ལ་བྱང་ཆུབ་རེ། །ཆོས་ཡུན་ལ་རེ་པའི་ཡུས་པོ་ཆེ། །སེམས་འཁོར་བར་འཁྱམས་པ་མ་ཚོར་འདུག །ངམས་ཤོད་ཀྱི་ཨ་ར་ཇག་པ་དང་། །ལྷ་ས་སྡེ་བཞིའི་ཆང་མ་དང་། །བཀའ་གདམས་པའི་བཙུན་ཆུང་སྲན་རྡོག་མགོ། །དེ་ཚོ་ལ་སྙིང་རྗེ་འདུག་རེ་སྐན། །ཨ་ར་ར་བཙུན་ཆུང་འོར་པོ་ཆེ། །རྐང་པ་མ་བསྡམ་རྐང་པ་ཐོང་། །སྤྱིར་འགྲོ་བ་ཡོངས་ལ་རྐང་པ་གཅེས། །དགོས་རྒྱལ་ཁམས་པ་ལ་རྐང་པ་གཅེས། །ཞེས་གསུངས་པས་བཙུན་ཆུང་སེམས་ཡེངས་པའི་བར་ལ་སྒོ་ཅུང་ཟད་ལྷོད་པར་བྱུང་བས་བླ་མས་ཞབས་འུར་གྱིས་འཐེན་ཏེ་སྐད་ཅིག་ཡུད་ཙམ་ཞིག་ལ་རྒྱང་གྲགས་གཅིག་ཙམ་དུ་ཕེབས་ནས། རིའི་འཁྲིས་ཞིག་ཏུ་ཞབས་འཕུར་ཀྱིན་བཞུགས་པར་གདའ། །བླ་མས་མགུར་གསུངས་པ་མཁན་པོས་གསན་པས་སྤྱན་ཆབ་རང་དབང་མེད་པར་ཤོར་དེ་ཇ་མ་ལ་དུ་བ་ཚའོ་གསུངས་ཡང་མཁན་པོའི་ཞལ་ནས་བཙུན་ཆུང་རྣམས་ལ་རས་པ་དེ་གླུ་མིན་མགུར་

(༤༠༣)མིན་ཞིག་ཟེར་འདུག་པ་ཅི་སྐད་ཟེར་འདུག་གསུང་། བཙུན་ཆུང་རྣམས་ཀྱི་མགོ་ཐོན་འཇུག་ཐོན་བཤད་པས། མགོ་རྐང་འགྲིག་པ་ཅིག་བྱུང་དགེ་འདུན་སྤྱི་པ་རྣམས་ན་རེ་སྐད་ཀྱང་ཤིན་ཏུ་སྙན་པ་ཞིག་འདུག་ནང་དུ་བོས་ཤོག་གསུངས། བཙུན་ཆུང་ཚོ་ཞིག་བལྟ་བ་ལ་སོང་བས་གང་ན་ཡང་མི་འདུག་ཟེར། །མཁན་པོའི་གསུང་ནས་རས་པ་དེ་ག་ན་འདུག་རུང་ཚོལ་ཤོག་གསུང་དེར་བཙུན་ཆུང་མང་པོས་འཚོལ་དུ་ཕྱིན་པས་བླ་མ་ཉིད་རྒྱང་རིང་པོ་ཞིག་ན་ཏིང་ངེ་འཛིན་ལ་བཞུགས་འདུག་པས་བཙུན་ཆུང་རྣམས་ཀྱིས། བླ་མ་རས་པ་ཁྱེད་ལ་མཁན་པོའི་ཞལ་ནས་ཡར་ལ་བྱོན་གསུངས་ཀྱི་འདུག་ད་ཡར་ལ་འབྱོན་པ་ཞུ་ཟེར་ནན་ཆེ་བར་བྱེད་འདུག་པ་ལ། བླ་མའི་དགོངས་པ་ལ་འགྲོ་དོན་མེད་པར་བྱ་ཡུལ་དུ་ཕྱིན། ཡིན་ལུགས་དྲང་པོ་ཡིན་ཀྱང་ལེན་དོན་མེད་པའི་གླུ་དེས་ཁོང་རྣམས་ལ་འཕོག་པས་ཁ་རྒྱབ་པར་སོང་མ་དགའ་བར་ཁོང་ང་ལ་ཁྲིམས་ཞིག་བྱེད་པ་ཡིན་ཡོང་སྟེ། ཁྲིམས་བྱས་བྱུང་ན་རྫུ་འཕྲུལ་ཞིག་བསྟན་ཏེ་ཁོང་རྣམས་འདུལ་དགོས་དགོངས་ཏེ་ཡར་ལ་བྱོན་པས་མཁན་པོའི་དྲུང་དུ་ཕེབས་པ་དང་། ཀ་གདོང་ཞིག་ཏུ་སྟན་གཅིག་གཏིང་ནས། དེར་བཞུགས་ལ་ད་ཕྱིའི་མགུར་དེ་ད་དུང་གསུངས་དང་ཟེར་བ་ལ་སྔར་གྱི་དེ་མ་དྲན་པར་འདུག །གཞན་གང་ཤར་ཅིག་བླངས་ཀྱི་གསུངས་ནས་མགུར་འདི་གསུངས་སོ།། ༈ །།བརྒྱུད་

(༤༠༤)པ་ཀུན་འདུས་རྡོ་རྗེ་འཆང་། །རྣམ་རྟོག་ཏིལ་བརྡུང་ཏེ་ལོ་ཞབས། །རྒོལ་ངན་འཇོམས་པའི་ནཱ་རོ་བ། །དཀའ་སྤྱད་མཐར་ཕྱིན་མར་པ་རྗེ། །བཞད་པ་རྡོ་རྗེའི་ཞབས་ལ་འདུད། །བླ་མའི་ཞབས་དྲུང་དབེན་གནས་སུ། །དམ་པ་རྣམས་ཀྱི་དྲིན་ཐོབ་པས། །ཉམས་ཀྱི་ཐོག་ནས་གླུ་ཅིག་ལེན། །ཆོས་བྱེད་རྣམས་ལ་ཕར་བལྟས་པས། །ཁོང་གི་རྒྱུད་ལ་ང་མ་མགུ། །ཆོས་བརྒྱད་དོན་དུ་གཉེར་བ་ལ། །ལམ་སྣ་ཟིན་པ་ངས་མ་མཐོང་། །དེས་ན་ཕྱི་ནང་བྱ་བ་ཐོང་། །ཡང་ན་སེམས་ཉིད་རྣལ་དུ་ཕོབ། །དུག་ལྔའི་འཁོར་གྱིས་སྐོར་བ་ལ། །འཕྲལ་ཕུགས་སྐྱིད་པ་ངས་མ་མཐོང་། །དེས་ན་དུག་ལྔ་རང་ཞལ་ལྟོས། །ཡང་ན་སེམས་ཉིད་ནོར་བུ་ཚོལ། །བདག་འཛིན་དམ་པོས་བཅིངས་པ་ལ། །གཞན་དོན་འགྲུབ་པ་ངས་མ་མཐོང་། །དེས་ན་བདག་མེད་དོན་གཉིས་སྒོམས། །ཡང་ན་དངོས་པོའི་ཞེན་པ་ཐོང་། །རྩ་བའི་སྡོམ་པ་མ་བསྲུངས་ན། །སྒྲོ་སྐུར་མེད་པ་ངས་མ་མཐོང་། །དེས་ན་དགེ་འདུན་ཚོགས་སུ་བཞུགས། །ཡང་ན་གཅིག་པུར་རི་ཁྲོད་བཟུང་། །ཐ་སྙད་ཚིག་ལ་ཞེན་པ་ལ། །དྲོད་རྟགས་ཤར་བ་ངས་མ་མཐོང་། །དེས་ན་གདམས་ངག་ཉམས་སུ་ལོང་། །ཡང་ན་སྒྲོ་འདོགས་ནང་ནས་ཆོད། །མཁས་པ་ཚིག་ཕྱིར་འབྲང་པ་ལ། །རྟོགས་པ་འཁྲུངས་པ་ངས་མ་མཐོང་། །དེས་ན་ཚིག་རྣམས་རྒྱུད་ལ་སྦྱོར། །ཡང་ན་གནས་ལུགས་ངང་ལ་ཞོག །ཟབ་མོའི་དབང་རིམ་

(༤༠༥)མ་རྫོགས་པར། །ནུས་པ་འབྱུང་བ་ངས་མ་མཐོང་། །དེས་ན་དབང་བཞེ་རྒྱུད་ལ་བསྐུར། །ཡང་ན་བླ་མ་དམ་པ་བསྟེན། །སྙན་རྒྱུད་གདམས་ངག་མི་གདའ་བར། །མཚམས་བཅད་གླེན་སྒོམ་བྱེད་པ་ཀུན། །ཉམས་རྟོགས་འཆར་བར་ངས་མ་མཐོང་། །དེས་ན་སྙན་བརྒྱུད་གདམས་ངག་ཉོན། །རྩ་རླུང་གནད་དུ་མ་འབྱོངས་པའི། །ལས་ཀྱི་ཕྱག་རྒྱ་བསྟེན་པ་ཀུན། །ལམ་དུ་སློངས་པ་ངས་མ་མཐོང་། །དེས་ན་སྲོག་རྩོལ་གནད་དུ་བསྣུན། །ཉམས་རྟོགས་ཡོན་ཏན་མ་རྫོགས་པར། །ཐོ་ཅོའི་སྤྱོད་པ་བྱེད་པ་ཀུན། །འཁྲུལ་ཞིག་དོན་ལྡན་ངས་མ་མཐོང་། །དེས་ན་ཉམས་ལེན་གནད་དུ་བསྣུན། །ཡང་ཅིག་གསོན་དང་འདིར་ཚོགས་ཀུན། །རྟོགས་ཚད་མེད་པའི་འགྲོ་དོན་དེ། །ཕྱི་ལ་ལེགས་ནས་འོང་སྟེ་མཆི། །ལམ་དུ་མ་སློངས་གསང་སྔགས་དེ། །འཁོར་བའི་སྒྲོག་ཏུ་ཚུད་དེ་མཆི། །རྟོགས་ཚད་མེད་པའི་བརྟུལ་ཞུགས་དེ། །བདུད་ཀྱི་བར་ཆད་འབྱུང་སྟེ་མཆི། །དབང་བཞི་མ་ཐོབ་དམ་རྫས་དེ། །མཁའ་འགྲོའི་བཀའ་ཆད་འབྱུང་སྟེ་མཆི། །ཤེས་རབ་མེད་པའི་སློབ་གཉེར་དེ། །ཐེ་ཚོམ་སྒྲོག་ཏུ་ཚུད་དེ་མཆི། །དད་པ་མེད་པའི་བརྩོན་འགྲུས་དེ། །ལོག་པའི་ལམ་ལ་ཞུགས་ཏེ་མཆི། །ཉན་མཁན་མེད་པའི་ཚོགས་དཔོན་དེ། །སྡུག་བསྔལ་འདམ་དུ་ཚུད་དེ་མཆི། །དེ་བས་རྣལ་འབྱོར་རས་པ་ང་། །རྒྱུད་

(༤༠༦)ལྡན་བླ་མའི་ཞབས་ལ་གཏུག །ཉམས་རྟོགས་ཡོན་ཏན་ཁོང་ནས་ཤར། །རླུང་སེམས་གཉིས་ལ་རང་དབང་ཐོབ། །འཁོར་འདས་ཆོས་རྣམས་གཅིག་ཏུ་ཤེས། །སྐལ་བ་ལྡན་པའི་བུ་སློབ་ཀུན། །བརྒྱུད་པའི་གདམས་ངག་ཉམས་བླངས་ན། །བླ་མ་མཁའ་འགྲོས་ལམ་སྣ་འདྲེན། །བར་མ་དོ་ཡི་སྐྱེ་བ་འགག །ཚེ་གཅིག་སངས་རྒྱས་ཐོབ་ཏེ་མཆི། །ཞེས་གསུངས་པས། མཁན་པོས་ཐོག་དྲངས་པའི་ཚོགས་པ་ཐམས་ཅད་དད་པར་གྱུར་ཏེ། མཁན་པོ་ཉིད་ལ་གོས་འབོལ་གཉིས་བརྩེགས་འདུག་པ་ལས་བབས་ནས་ཁྲིའི་སྟེང་དུ་བླ་མ་བཞུགས་སུ་གསོལ་བས་དེར་བླ་མས་གདན་ཕྱེད་ལྟབས་ནས་བཞུགས་པ་མཛད། དེར་མཁན་པོ་ཉིད་ཀྱང་གདན་ལ་བཞུགས་ནས་ཆོས་སྤྱི་དང་རང་རང་གི་མཚན་ཉིད་ཀྱི་དྲི་བ་ཞིབ་ཏུ་བྱེད་འདུག་པ་ལ་བླ་མས་ཚད་མ་གསུམ་གྱི་སྒོ་ནས་ཚིག་ལྷུག་པས་ཞིབ་རྒྱས་སུ་ད་ཀྲོལ་ནས་དོན་བསྡུས་པའི་དྲིལ་ན་ཟབ་མོ་འདི་མགུར་དུ་གསུངས་སོ།། ༈ །།རྗེ་ཆོས་སྐུ་ཐིག་ལེ་གཅིག་གི་ངང་། །གང་ཤར་རིག་སྟོང་ལོངས་སྤྱོད་རྫོགས། །སྣང་སྟོང་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་ངོ་བོ་ཉིད་ཀྱི་བདག །ཕ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱེད་འདིར་བཞུགས་ཀྱི་དགེ་བའི་བཤེས་གཉེན་ཀུན། །མ་ཡེངས་རྣལ་འབྱོར་གླུ་ལ་གསོན། །རྟོགས་པའི་རི་རྒྱལ་བརྟན་མི་བརྟན། །རྐྱེན་ངན་རླུང་གི་བསྐྱོད་ན་མངོན། །གཡོ་འགུལ་མེད་ན་

(༤༠༧)བརྟན་པ་ཡིན། །རང་ཞལ་མཐོང་བ་རྩིགས་སུ་ཆེ། །སྒོམ་པའི་ཉམས་རྩལ་རྫོགས་མ་རྫོགས། །འཆི་བདག་བདུད་དང་ཕྲད་ན་མངོན། །འཆི་མེད་རྟོགས་ན་རྫོགས་པ་ཡིན། །ཉམ་ང་མེད་པ་རྩིགས་སུ་ཆེ། །སྤྱོད་པའི་སྐྱོ་གོགས་བཟང་མི་བཟང་། །རི་ཁྲོད་བས་མཐའ་འགྲིམ་ན་མངོན། །གཅིག་པོར་ཟུག་ན་བཟང་པ་ཡིན། །རྒྱུན་ཏུ་ཟུག་པ་རྩིགས་སུ་ཆེ། །དངོས་འཛིན་འཁྲུལ་པ་ཞིག་མ་ཞིག །ཆོས་བརྒྱད་ཆུ་ལ་རྒལ་ན་མངོན། །གཟའ་གཏད་མེད་ན་ཞིག་པ་ཡིན། །ཞེན་པ་ལོག་པ་རྩིགས་སུ་ཆེ། །རྒྱུད་པའི་གདམས་པ་ཟབ་མི་ཟབ། །སྣོད་ལྡན་སློབ་མ་བསྟེན་ན་མངོན། །གྲུབ་ཐོབ་མང་ན་ཟབ་པ་ཡིན། །ཐེ་ཚོམ་མེད་པ་རྩིགས་སུ་ཆེ། །གཅིག་ཤེས་ཀུན་ལ་མཁས་མི་མཁས། །མདོ་རྒྱུད་དགོངས་པ་དཀྲོལ་ན་མངོན། །ཀུན་དང་མཐུན་ན་མཁས་པ་ཡིན། །རྩོད་པ་མེད་པ་རྩིགས་སུ་ཆེ། །བཟོད་པའི་གོ་ཆ་སྲ་མི་སྲ། །ཚིག་ངན་མཚོན་ཆ་བྱུང་ན་མངོན། །ཁོང་ཁྲོ་མེད་ན་སྲ་བ་ཡིན། །ཞེ་འཁོན་མེད་པ་རྩིགས་སུ་ཆེ། །ཞེན་པ་ཏིང་ནས་ལོག་མ་ལོག། ཟང་ཟིང་ནོར་དང་འཕྲད་ན་མངོན། །འཛིན་ཆགས་མེད་ན་ལོག་པ་ཡིན། །འདོད་པ་ཟད་པ་རྩིགས་སུ་ཆེ། །སྙིང་ནས་དམ་ཆོས་བྱེད་མི་བྱེད། །ཚེ་འདིའི་བདེ་སྐྱིད་བྱུང་ན་མངོན། །བློ་ཡི་ཐེངས་ན་བྱེད་པ་ཡིན། །ངོ་སོ་མེད་པ་རྩིགས་སུ་ཆེ། །ཅེས་གསུངས་པས་དགེ་བའི་བཤེས་གཉེན་ཆེན་པོ་གཞོན་ནུ་འོད་ཅེས་བྱ་བ་དེ་

(༤༠༨)ཤིན་ཏུ་དད་པར་གྱུར་ཏེ། རང་གི་གཟིམ་ཁང་དུ་བླ་མ་ཉིད་སྤྱན་དྲངས་གུང་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་སྙན་རྒྱུད་ཀྱི་དབང་དང་གདམས་ངག་གསན། །གཞན་ཡང་གདམས་ངག་ཁ་འཐོར་བ་མང་དུ་གསན་པས་མཁན་པོ་དེ་ཉིད་ཀྱི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས་པ་ཅིག་བྱུང་། ཕྱིས་མཁན་པོ་དེ་ཉིད་སྐུ་མཚམས་མཛད་ནས་ཉམས་སུ་བླངས་པས་ཚིག་དོན་ཐམས་ཅད་ཁོང་དུ་ཆུད་དེ་འཁྲུལ་ཞིག་གི་རྣལ་འབྱོར་སྤྱོད་པ་གུ་ཡངས་སུ་བཞུགས་པ་ཞིག་བྱུང་བས། གྲ་པ་རྣམས་ན་རེ་བླ་མ་རས་པ་དེས་ཅི་བསླབས་ནའང་མཁན་པོའི་སླབས་ཚུགས་འདི་བག་ཙམ་ལྷོད་དུ་སོང་འདུག་ཟེར་ནས་བློ་ཆུང་བ་འགའ་ཞིག་སྐུར་པ་ཅུང་ཟད་ཙམ་ཞུ་བ་བྱུང་། དུས་ཕྱིས་མཁན་པོ་དེ་ཉིད་ལ་སློབ་མ་འགའ་ཞིག་གི་རྗེ་རས་ཆུང་པ་ལ་ཆོས་གསན་པ་རྣམས་ལ་ཟིན་བྲིས་འདྲ་མཛད་དམ་ཞུས་པས། ཟིན་བྲིས་ཀྱིས་གར་ཡང་མི་ཕྱིན་ཆོས་ཐམས་ཅད་དུས་གཅིག་ལ་ལམ་ཤེས་དགོས་པ་ཡིན་གསུངས་གཞན་ཡང་མངོན་ཤེས་ཀྱི་ཡོན་ཏན་ཐམས་ཅད་མངའ་ཞིང་། ཐུགས་དམ་གྱི་མཐིལ་ཡང་ཕྱག་རྒྱ་ཆེན་པོ་དང་། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་པའི་བླ་མ་རས་ཆུང་པས་གནང་བའི་སྙན་རྒྱུད་ཀྱི་གདམས་ངག་རྣམས་ལ་མཛད། ཕྲིན་ལས་ནི་ནམ་མཁའ་དང་མཉམ་སྟེ་ཚོགས་པ་ཉིས་སྟོང་ཙམ་གྱི་མཁན་པོར་བཞུགས་ཤིང་། འགྲོ་བ་ལ་ཕན་པའི་སློབ་མའང་

(༤༠༩)རིན་པོ་ཆེ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་ནུས་པ་ཅན་སུམ་ཅུ་སོ་ལྔ་ཙམ་ཐོན་ཞིང་། བླ་མ་རས་ཆུང་པས་གནང་བའི་གདམས་པ་རྣམས་ནི་སྲས་ཀྱི་ཐུ་བོ་གཙང་པ་མི་བསྐྱོད་པ་ལ་ལྐོག་གྱུར་དུ་གནང་ནས་གདམས་ངག་རས་ཆུང་ལུགས་ཞེས་བྱ་བ་དར་བར་ཡོད། ཕྱིས་མཁན་པོ་ཉིད་མྱ་ངན་ལས་འདའ་བའི་དུས་སུ་ཡང་འཁོར་ལོ་སྡོམ་པའི་བསྐྱེད་རིམས་ལ་བཞུགས་དུས་རྡོ་རྗེ་སྐྱིལ་དཀྲུང་གདན་ལས་ཁྲུ་གང་ཙམ་འཕགས་ལ་མཛད་ཅིང་བཞུགས། རྫོགས་རིམས་ལ་བབ་པའི་སྐབས་སུ་སེང་གེའི་ཉལ་སྟབས་བྱ་གསུང་ནས་བསྙེས་སེ་མཛད་དེ་དབུའི་གཙུག་ན་ཡར་ལ་རླངས་པ་ཆེན་པོ་ཕྱུར་གྱི་བྱུང་ནས་དབུ་ཟིལ་པ་ཁྲོམ་མེ་མྱ་ངན་ལས་འདས། སྤུར་སྦྱངས་པས་ལྷ་སྐུ་དང་གདུང་རིང་བསྲེལ་ཤིན་ཏུ་མང་བ་བྱོན་གྲ་པ་རྣམས་ཀྱི་མཁན་པོ་འདས་ནས་ཅི་འདུག་བལྟས་པས་གཟིམས་མལ་གྱི་ཟུར་ཞིག །ན་རྡོ་རྗེ་དྲིལ་བུ་དང་ཌ་མ་རུ་དང་དམ་ཚིག་ཙ་ཀ་ལི་སོགས་དང་སྒོམ་ཐག་ལ་སོགས་པ་འདུག །དེར་ཉམས་མེད་ཁ་ཅིག་ན་རེ་བོང་བུའི་བློ་ཡིན་པ་འདྲ་འདུག་ཟེར་བས། བླ་མ་རིན་པོ་ཆེ་རྡོ་རྗེ་མི་བསྐྱོད་པས་ཐམས་ཅད་བསྡུས་སོང་སྐད། ཕྱག་དཔེའི་ཁྲོད་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་སྙན་རྒྱུད་ཀྱི་དཔེ་ཡང་བྱུང་པའང་རྡོ་རྗེ་མི་བསྐྱོད་པས་བསྣམས་ནས་རྒྱུན་མ་ཆད་པར་ཡོད་དོ། དེ་རྣམས་ནི་བླ་

(༤༡༠)མ་མི་ལས་ལུང་བསྟན་པ་ལ། །དབུ་རུ་བྱང་ངོས་འགྲིམ་ཞིང་སོང་། །དགེ་བཤེས་འགའ་ལ་ཕན་ཐོགས་ཡོད། སེམས་ཅན་མང་པོའི་དོན་འགྲུབ་འགྱུར། ཞེས་བྱ་བའི་དོན་དེ། །དགེ་བའི་བཤེས་གཉེན་རྣམས་བདེན་པ་ལ་བཀོད་པ་ཡིན་ནོ། བླ་མའི་གསུང་བཞིན་དབུ་རུ་བྱང་ཕྱོགས་ཀྱི་གདུལ་བྱ་མཆོག་འབྲིང་དམན་གསུམ་སྨིན་གྲོལ་ལ་བཀོད་ཅིང་འགྲོ་དོན་མཛད་པའི་སྐོར་ཚོ་དེ་གཉིས་པའོ།། ༈ །།གསུམ་པ་ནི། དེ་ནས་བླ་མ་རས་ཆུང་པས་ཡེར་པར་བྱོན་གནས་འབྲེལ་མཛད་པས་ཆོས་ཞུ་བ་ཡང་མང་དུ་བྱུང་ཞག་འགའ་བཞུགས་ནས་ཆོས་ཀྱིས་ཚིམ་པར་གནང་། ཡང་ལྷ་སར་ཕེབས་པས་སྔར་གྱི་ཡོན་བདག་རྣམས་ཀྱིས་ཞབས་ནས་བཏེགས་དབང་དང་གདམས་པ་ཞུ་བ་ཡང་མང་དུ་བྱུང་བས། བླ་མས་སློབ་མ་ཉི་ཤུ་རྩ་ལྔ་ལ་དགྱེས་པ་རྡོ་རྗེའི་དབང་གནང་བས་དཀྱིལ་འཁོར་གྱི་མེ་ཏོག་ནམ་མཁའ་ལ་ཆགས་པའང་བྱུང་། བློ་མིག་དག་པ་འགའ་ཞིག་གི་བླ་མ་ཉིད་དགྱེས་རྡོར་དངོས་སུ་མཐོང་བའང་བྱུང་། ཡང་ཉིན་གཅིག་བླ་མས་ཆོས་གནང་བས་ནམ་མཁའ་ནས་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབས་པས་ཀུན་ཤིན་ཏུ་མོས་པར་གྱུར། དེ་ནས་བླ་མ་དེར་ཕེབས་པ་ཚུར་སྟོན་དབང་གི་རྡོ་རྗེས་གསན་པས་གདན་འདྲེན་མི་བྱུང་སྟེ་བླ་མས་ཀྱང་ཕེབས། དེར་ཚུར་སྟོན་ཆེན་པོ་ན་རེ་སྔར་རྒྱུད་ལ་འཆད་ཉན་མང་དུ་བྱས་པ་

(༤༡༡)ཡིན་ཏེ་ཅུང་ཟད་གཡེང་བས་ཁྱེར་ད་འཆི་ཁམ་ལ་བླ་མ་ཁྱེད་ཀྱི་གདམས་པ་འདྲ་བ་ཞིག་གི་གསལ་འདེབས་མེད་ན་བར་དོ་མི་ཆོད་པ་འདྲ་བས་གདམས་ངག་ཟབ་པ་ཞིག་ཐུགས་རྗེས་འཛིན་པ་ཞུ་གསུང་། དེར་བླ་མས་ཕྱག་རྒྱ་ཆེན་པོ་མཚན་བརྒྱད་དང་འཕོ་བསྲེ་ཆེན་མོ་དང་བར་དོ་དྲུག་གི་གདམས་ངག་ལ་སོགས་པ། སྙན་རྒྱུད་ཉམས་ལེན་གྱི་ཆོས་མང་དུ་གནང་བས་ཚུར་སྟོན་གྲོལ་བ་ཐོབ་པས་ཕྱིས་རྩ་བའི་བླ་མར་འཛིན་དེ་ནས་བཟུང་སྟེ་སློབ་མར་གྱུར་པས་གདམས་ངག་གི་བརྒྱུད་པ་འཛིན་པ་ཞིག་བྱུང་ངོ་། ཡང་གཞུང་རི་བོར་ཕེབས་སྤང་ལྦ་བ་ཅན་ལ་གདམས་ངག་བཏབ་པས་ཕན་པ་རྒྱ་ཆེན་པོ་བྱུང་། འཇུ་ཕུར་ཕེབས་བསོད་ནམས་དབང་ཕྱུག་དང་རས་པ་རྡོ་རྗེ་དབང་ཕྱུག་སོགས་ལ་ཆོས་དང་གདམས་པ་གནང་བས་རི་ཁྲོད་ཐུབ་པའི་སྒོམ་ཆེན་བཟང་པོ་རེ་བྱུང་། དེ་ནས་གྲའི་དྲེགས་ཆེན་མོར་ཡོན་བདག་སྐྱོ་མ་མི་ཆུང་དང་གྲ་པ་རྡོར་རྒྱལ་གཟེག་ལྷ་སྐྱབས་རྣམས་ཀྱི་ཞབས་ནས་བཏེགས་དྲེགས་སུ་ཡུན་རིང་དུ་བཞུགས་ཆོས་དང་དབང་མང་དུ་གནང་བས་ཕན་ཐོགས་རྒྱ་ཆེན་པོ་བྱུང་། ཁྱད་པར་དུ་འགྲོ་སྒོམ་དོན་འགྲུབ་དང་སྟག་ཤོད་རས་པ་དང་བུར་སྒོམ་རས་པ་ལ་སོགས་པའི་སློབ་མའང་མང་དུ་ཐོན་དེར་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཞལ་གཟིགས་འབྲི་སྒོམ་ལ་དབང་

(༤༡༢)དང་གདམས་ངག་གནང་བས་བཀའ་བབས་སུ་ཡང་གྱུར། དེ་ནས་གྲ་ཕྱིར་བྱོན་སྙན་རྡོ་རྗེ་འོད་ཟེར་བྱ་བ་ལ་ཆོས་དང་གདམས་ངག་གནང་བས་ཤིན་ཏུ་གུས་པར་གྱུར་ཏེ་གདམས་ངག་རྣམས་ལྷག་མ་མེད་པར་དགོས་ཟེར་བས་གདམས་པ་ཡང་མང་དུ་གནང་ཐུགས་ཟིན་པའི་སློབ་མ་ཞིག་ཏུ་གྱུར་ནས་ཕྱིས་འགྲོ་བ་ལ་ཕན་ཐོགས་པ་ཅིག་བྱུང་ངོ་། །དེ་ནས་རྟག་ཤོད་རས་པས་ཞབས་ཏོག་བྱས་ནས་སྒྲགས་ལ་བྱོན་དེར་སྒྲུབ་པ་ལ་བཞུགས་པས་ཚེ་དཔག་མེད་པའི་ལྷ་ཚོགས་ནམ་མཁའ་གང་པ་གཟིགས། ཆོས་དབང་ཞུ་བ་ཡང་མང་དུ་བྱུང་པས་ནཱ་རོའི་ཆོས་དྲུག་ལ་སོགས་པའི་གདམས་ངག་མང་དུ་གནང་། དབང་ཞིག་མཛད་པའི་དུས་སུ་དགྱེས་རྡོར་ལྷ་དགུའི་ཞལ་གཟིགས། །དེ་ནས་གནས་དེར་སྒྲུབ་པ་འཕེལ་བར་བྱུང་ནས་སློབ་མ་རྣམས་ལའང་ཆོས་དང་གདམས་པ་ཟབ་མོ་མང་དུ་གནང་། ཁྱད་པར་དུ་རྟག་ཤོད་རས་པ་ལ་ཆོས་དྲུག་གི་ཡོན་ཏན་མཐར་ཕྱིན་པ་རྫོགས་ཏེ་བཀའ་བབས་ཀྱི་སློབ་མ་བཟང་པོ་ཞིག་བྱུང་། གནས་དེར་ཐུགས་འགོལ་ཞིང་།ཐུགས་དམ་ལ་བོགས་ཆེན་པོ་བྱུང་བས་མགུར་འདི་གསུངས་སོ།། ༈ །།རྗེ་ན་མོ་གུ་རུ། །ཕུན་ཚོགས་གསེར་གྱི་རི་བོ་རབ་བརྗིད་པས། །ཡོན་ཏན་ལྷུན་པོ་དྲི་མེད་ནོར་བུའི་གཏེར། ཡིད་འོང་ཕན་བདེའི་ཕྲིན་ལས་བཟང་པོས་མགོན། །མཚུངས་མེད་བླ་མའི་ཞབས་པད་སྤྱི་བོས་མཆོད། །ང་རྣལ་འབྱོར་སྐྱིད་པའི་

(༤༡༣)དབྱངས་ཤིག་ལེན། །དབྱིངས་མཆོད་པར་འབུལ་ལོ་བཀའ་དྲིན་ཅན། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །མི་ཆོས་མཁན་ལ་ཕར་བལྟས་པས། །གྲོས་མགོ་ཉེས་པ་མཐོང་ཙ་ན། །རང་འདུན་མ་མ་ནོར་སྐྱིད་དུ་ཚོར། །བློ་ཉེས་ཅིག་ལ་ཞེ་ཟོན་བྱེད། །ཆོས་པ་རྣམས་ལ་ཕར་བལྟས་པས། །ལམ་དུ་མ་ཚུད་མཐོང་ཙ་ན། །རང་སྒྲོ་དོགས་ཆོད་པ་སྐྱིད་དུ་ཚོར། །ཁ་ལྟར་འབྱམས་ལ་ཞེ་ཟོན་བྱེད། །སྒོམ་ཆེན་རྣམས་ལ་ཕར་བལྟས་པས། །སློབ་དཔོན་ངན་པ་མཐོང་ཙ་ན། །གྲུབ་ཐོབ་མཇལ་བ་སྐྱིད་དུ་ཚོར། །མོས་གུས་དྲེད་ལ་ཞེ་ཟོན་བྱེད། །དད་པ་ཅན་ལ་ཕར་བལྟས་པས། །བུད་མེད་མང་པོ་མཐོང་ཙ་ན། །གཅིག་པུར་ཚུགས་པས་སྐྱིད་དུ་ཚོར། །སྙིང་རླུང་ལྡང་ལ་ཞེ་ཟོན་བྱེད། །ཁ་རྦད་ཅན་ལ་ཕར་བལྟས་པས། །ཟོག་པོ་ཟོག་མོ་མཐོང་ཙ་ན། །རང་ཆོས་དང་མཐུན་པས་སྐྱིད་དུ་ཚོར། །ཆོས་བརྒྱད་འདི་ལ་ཞེ་ཟོན་བྱེད། །བསོད་ནམས་ཅན་ལ་ཕར་བལྟས་པས། །གཡེང་བ་ཅན་རྣམས་མཐོང་ཙ་ན། །རང་དགེ་སྦྱོར་འཕེལ་བས་སྐྱིད་དུ་ཚོར། །བརྙེད་བཀུར་སྒྲུབ་ལ་ཞེ་ཟོན་བྱེད། །བཤད་པ་མཁན་ལ་ཕར་བལྟས་པས། །འཆི་ཁར་ཆོས་མེད་མཐོང་ཙ་ན། །སེམས་ཆོས་སྐུར་རྟོགས་པས་སྐྱིད་དུ་ཚོར། །ཤེས་སྒྲིབ་འདི་ལ་ཞེ་ཟོན་བྱེད། །སྐྱེད་རྫོགས་མཁན་ལ་ཕར་བལྟས་པས། །དངོས་པོར་

(༤༡༤)བསྒོམ་པ་མཐོང་ཙ་ན། །རང་ལྷ་སྐུར་ཤེས་པས་སྐྱིད་དུ་ཚོར། །སྣང་ལོག་འདི་ལ་ཞེ་ཟོན་བྱེད། །གཞན་དོན་མཁན་ལ་ཕར་བལྟས་པས། །རང་དོན་ཤོད་བ་མཐོང་ཙ་ན། །དོན་གཉིས་འགྲུབ་པས་སྐྱིད་དུ་ཚོར། །ང་རྒྱལ་འདི་ལ་ཞེ་ཟོན་བྱེད། །དོན་འདི་ཡང་བླ་མ་རྗེ་ཡི་དྲིན། །དྲིན་བསྒྲུབ་བས་འཇལ་ལོ་བཞེས་སུ་གསོལ། །ཕྱིར་འབྲེངས་ཀྱི་དད་ལྡན་བུ་སློབ་རྣམས། །དོན་དེ་ལ་རྟགས་ནས་ཉམས་ལེན་གཅེས། །ཞེས་གསུངས། དེ་ནས་འབྲོ་སྒོམ་དང་བུར་སྒོམ་སོགས་རས་པ་དཔོན་སློབ་བཅོ་ལྔ་ཙམ་གྱིས་བསམ་ཡས་སུ་ཕེབས། །དེར་རྡོར་ཡེས་ཟེར་བའི་མི་ལོག་ལྟ་ཅན་ཅིག་ན་རེ། རྣལ་འབྱོར་པ་འདི་རྣམས་ནང་ན་ཆོས་མེད་པའི་ཕྱིར་ཡོད་པ་སྐད་བྱེད། འདི་རྣམས་ལ་ལྐོག་ན་ཆུང་མའང་ཡོང་མཆིས་ཟེར་ནས་མ་དད་པ་བྱེད་ཅིང་། མི་གཞན་ཡང་མང་དུ་ཚོགས་བྱུང་བ་རྣམས་དང་དཀོན་གཉེར་རྣམས་ན་རེ། ཁྱེད་རྣལ་འབྱོར་པ་བཟང་པོ་ཡིན་ན། སྒོ་འབྱེད་མི་དགོས་ཁྱེད་རང་བྱོན་ལ་ལྷ་རྣམས་ཀྱར་ལྟོས་ལ་སྒོ་ཡང་ཕྱེ་ཟེར། དེར་བླ་མ་རས་ཆུང་པ་ཆོས་ཁྲི་ཆེན་མོའི་མདུན་ན་བཞུགས་ཡོད་པ་ལ་སྐད་ཅིག་གི་རས་གོས་ལ་བཤོག་པ་མཛད་ནས་ནམ་མཁའ་ལ་བྱ་ལྟར་དུ་འཕུར་ཏེ་བསམ་ཡས་དབུ་རྩེ་རིགས་གསུམ་དང་གླིང་ཆེན་གླིང་ཕྲན་རྣམས་ལ་ཕྱི་སྐོར་ལན་གསུམ་མཛད། དེ་ནས་དབུ་རྩེའི་སྟེང་དུ་བབས་ནས་བྱོན་པས་དབུ་རྩེའི་ལྷ་ཁང་གི་སྒོ་ཐམས་ཅད་རང་བཞིན་གྱིས་བྱེ། ལྷ་

(༤༡༥)རྫས་ཀྱི་མེ་ཏོག་རྣམས་ཀྱང་རང་བཞིན་གྱིས་འཐོར་རོལ་མོ་རྣམས་ཀྱང་རང་ཁྲོལ་དུ་སྒྲ་སྒྲོགས་ཅིང་དྲི་ངད་ཕུན་སུམ་ཚོགས་པས་བསམ་ཡས་སྐོར་ཐམས་ཅད་ཁྱབ་པ་བྱུང་། དེ་ནས་ཡང་བླ་མས་ནམ་མཁར་སྐྱིལ་ཀྲུང་མཛད་ནས་ཆོས་གསུངས་མཆོད་རྟེན་དང་ཁང་ཁྱིམ་དང་གཙུག་ལག་ཁང་ལ་ཐོགས་པ་མེད་པར་ཕར་ཐལ་ཚུར་ཐལ་བྱོན། རེས་བླ་མའི་སྐུ་བཅུ་ཙམ་དུ་སྤྲུལ་ནས་ནམ་མཁའ་ལ་ཕར་འབྱོན་ཚུར་འབྱོན་མཛད་དོ། རེས་གཅིག་དུ་བྱས་ནས་གར་མཛད་པའི་ཚུལ་དང་ཆོས་གསུང་པ་དང་དབྱངས་ལེན་པར་རྡོ་རྗེ་སྐྱིལ་ཀྲུངས་མཛད་ནས་གཡོ་འགུལ་མེད་པར་བཞུགས་པ་སོགས་རྣམ་འཕྲུལ་མང་དུ་བསྟན་ནས་མི་རྣམས་དད་པ་ལ་བཀོད། ཡང་སྐུ་ནམ་མཁའ་དང་བསྲེས་ནས་མི་མངོན་པར་མཛད་ཡང་འཇའ་འཚོན་གྱི་རྣམ་པར་མཛད་ནས་བསམ་ཡས་ཀྱི་ནམ་མཁའ་ཐམས་ཅད་གང་བའི་ངང་ནས་སྣ་ཅིག་ཧལ་པོ་རི་ལ་ཟུག་ནས་འཇའ་ཚོན་མཆོད་རྟེན་གྱི་རྣམ་པར་བསྟན། སྣ་ཅིག་དབུ་རྩེ་ལ་ཟུག་ནས་གདུགས་ཕུག་པ་ལྟར་མཛད། སྣ་ཅིག་འཆིམ་ཕུ་ལ་ཟུག་ནས་མཆོད་རྫས་མང་པོའི་རྣམ་པར་སྤྲུལ། སྣ་ཅིག་རྡོའི་མཆོད་རྟེན་ལ་ཟུག་ནས་འཇའ་ཚོན་གྱི་སྣ་ལས་ལྷའི་བུ་མང་པོ་ས་ལ་ལ་འབས་པ་དང་འགྱུ་བ་ལ་སོགས་པའི་ངོ་མཚར་བའི་རྫུ་འཕྲུལ་བསྟན། དེ་ནས་འཆིང་ཕུའི་དུར་ཁྲོད་དུ་

(༤༡༦)འཇའ་ཚོན་རྣམས་འདུས་ཏེ་བབས་སོང་པས་གྲ་པ་ཀུན་དང་དད་ལྡན་མང་པོ་ཞིག་གི་དེར་བརྒྱུགས་ཏེ་ཕྱིན་པས། བླ་མ་རས་ཆུང་པ་དེར་ཤིང་ཞིག་འདུག་པའི་ཁ་ན་སྐྱིལ་ཀྲུང་མཛད་ནས་ཏིང་ངེ་འཛིན་ལ་བཞུགས་ནས་འདུག་པའི་མཐའ་སྐོར་ཐམས་ཅད་ན་འོད་ཁྱིལ་ལེ་འདུག་པ་ཀུན་གྱིས་མཐོང་། ཁ་ཅིག་གི་བུ་མོ་མེ་ལོང་ཁྱེར་བ་དང་དུང་ཆོས་སོགས་མཆོད་རྫས་མང་པོ་ཁྱེར་བས་སྐོར་འདུག་པ་མཐོང་། དེ་ནས་དད་ལྡན་མང་པོས་ཕྱག་བཙལ་སྐོར་བ་བགྱིས་ནས་བླ་མ་གྲུབ་ཐོབ་ཁྱེད་ལྟ་བུ་ལ་སྔར་མ་དད་པ་བྱས་པ་སྙིང་ནས་འགྱོད་ཟེར་ཞིང་བཤགས་པ་མང་དུ་བྱས། རྟག་རྡོར་ཡེ་ཤེས་ཡང་དད་པ་གཏིང་ནས་ཚུད་དེ་སྔར་མ་དད་པ་བྱས་པ་ལ་བཤགས་པ་བྱས་རང་གི་ལོངས་སྤྱོད་ཐམས་ཅད་བླ་མ་ལ་ཕུལ། བླ་མའི་ཕྱི་བཞིན་འབྲངས་ནས་བསྒོམས་པས་རྟག་སྒོམ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རས་པ་བཟང་པོ་ཞིག་བྱུང་། གཞན་ཡང་དེར་མི་མང་དུ་འདུས་བྱུང་བ་རྣམས་ལ་བླ་མ་ཉིད་ཀྱིས་རྒྱུ་འབྲས་ཀྱི་ཆོས་དང་འཆི་བ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་ཞིབ་རྒྱས་སུ་གསུངས་པས་ཐམས་ཅད་དད་པར་གྱུར་ནས། །བསམ་ཡས་ཕུ་འདི་ན་རི་ཁྲོད་ཅིག་ཡོད་པས་ཅིས་ཀྱང་བཞུགས་པ་ཞུ་ཞེས་ནན་ཏན་ཆེན་པོས་གསོལ་བ་བཏབ་ཀྱང་བཞུགས་པར་མ་གནང་ཡང་ཁོང་དེར་ཚོགས་པ་རྣམས་ཀྱི་ནང་ནས་བཙུན་པ་

(༤༡༧)གཞོན་སེང་ངེ་བ་ཅིག་ལངས་ཏེ་ཕྱག་བཙལ་ནས་བླ་མ་རིན་པོ་ཆེ་ལགས་བླ་མ་ད་ལན་གསུངས་པ་ལྟར་སྤྱིར་འཁོར་བ་ན་སྐྱིད་མི་འདུག །དགོས་འཆི་བ་མ་དྲན་པའི་སེམས་ཅན་ཆོས་མེད་རྣམས་ཚེ་འདིའི་དོན་བསྒྲུབ་བསྒྲུབས་ནས་ངན་སོང་ཐར་མེད་ཀྱི་གནས་སུ་ལྷུང་ནས་འགྲོ་བ་མང་བས་སེམས་སྐྱོ། ད་དེ་ལྟ་བུའི་སྡུག་བསྔལ་ལས་ཐར་བ་མང་པོ་ཤེས་མི་དགོས་པར་གཅིག་ཤེས་པས་ཐམས་ཅད་གྲོལ་བའི་གདམས་ངག་བླ་མ་ཉིད་ཀྱི་ཐུགས་ཉམས་སུ་བཞེས་པའི་ཚིག་ཉུང་ལ་དོན་རྒྱ་ཆེ་བ། ཟབ་ལ་ཉམས་སུ་བླང་བདེ་བཞིག་ཞུ་ཟེར་ཞིང་མཆི་མ་འདོན་བ་དང་བཅས་གསོལ་བ་འདེབས་པ་ལ་བླ་མས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། དབྱིངས་གདོད་མའི་སངས་རྒྱས་ཆོས་ཀྱི་སྐུ། །མཁའ་བཞིན་བླ་ན་མེད་པ་ཡི། །རྗེ་བཙུན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། འགྱུར་མེད་བློ་འདས་ཚིག་དང་བྲལ། །འདི་སྟོན་ཆེན་རྣམས་ཀྱིས་རྟོགས་པར་དཀའ། །གཅོད་ན་སྒྲོ་འདོགས་ནང་དུ་ཆོད། །ཟག་མེད་བདེ་ཆེན་ངོས་གཟུང་བྲལ། འདི་སྒོམ་ཆེན་རྣམས་ཀྱིས་མྱོང་བར་དཀའ། །སྒོམ་ན་ཤེས་པ་གཉུག་མར་ཞོག །འཛིན་མེད་ཤེས་པ་གཞི་རྩ་བྲལ། །འདི་རྣལ་འབྱོར་རྣམས་ཀྱི་སྤྱད་པར་དཀའ། །སྤྱོད་ན་གནས་ལུགས་གཏན་ལ་ཕོབ། ཡེ་ཤེས་ལྷུན་གྲུབ་སྤྲོས་པ་བྲལ། །འདི་ཞིག་པོ་རྣམས་ལ་འཆར་བ་

(༤༡༨)དགའ། གཅོད་ན་གོལ་འགྲིབ་རྡར་ཤ་ཆོད། །མ་བཅོས་དངོས་པོའི་གནས་ལུགས་ལ། །གཟའ་གཏད་བྲལ་ན་ལྟ་བ་མཛོད། །མ་བཅོས་སོ་མ་མཉམ་གཞག་ལ། །བྱིན་རྒོད་མེད་ན་སྒོམ་པ་ཡིན། །དགག་སྒྲུབ་མེད་པའི་རྟོག་བྲལ་ལ། །ཉམས་ང་མེད་ན་སྤྱོད་པ་ཡིན། །བདག་གཞན་དབྱེར་མེད་རྣམ་དག་ལ། །ཞེ་འདོད་བྲལ་བ་དམ་ཚིག་ཡིན། །འཕེལ་འགྲིབ་མེད་པའི་ཟག་མེད་ལ། །མངོན་དུ་གྱུར་ན་འབྲས་བུ་མཛོད། །ང་ལ་རྟོགས་པ་དེ་ལས་མེད། །མང་དུ་སྨྲས་ན་ཚིག་གིས་འགྲིབ། ཅེས་གསུངས་སོ། །གྲ་པ་རྣམས་ལ་ད་འགྲོ་གསུང་དེར་ཚོགས་པ་ཐམས་ཅད་ཀྱི་མགྲིན་ཅིག་ཏུ་བླ་མ་རིན་པོ་ཆེ་རབ་ཏུ་ལུང་པ་འདིར་ཡུན་དུ་བཞུགས་པ་ཞིག་ཞུ་འབྲིང་དུ་ཡང་ལོ་ལྔ་དྲུག་ཅིག་བཞུགས་པ་དང་ཐ་མ་ཡང་ལོ་གཅིག་བཞུགས་ནས་ངེད་རྣམས་ལ་ཆོས་དང་གདམས་ངག་གིས་ཚིམ་པར་མཛད་པ་ཞུ་ཟེར་ནས། ཕྱག་གྱང་གྱང་འགྱེལ་བ་ལྟར་འཚལ་ཞིང་རང་གི་གོས་དང་རྒྱན་ལ་སོགས་ཅི་ཡོད་འབུལ་བ་ལ། །བླ་མས་མ་ཆིམ་ཕུ་དང་བསམ་ཡས་ཐིལ་གཉིས་ཀར་ཞག་ཉེར་གཅིག་བཞུགས་ནས་ལས་འབྲེལ་བཞག །དཔོན་སློབ་རྣམས་ལ་བསྙེན་བཀུར་ཞབས་ཏོག་ནི་མཐའ་ཡས་པ་བྱུང་། གསེར་གཡུ་སོགས་དང་འབུལ་བ་ཤིན་ཏུ་མང་བ་བྱུང་བས། བླ་མ་ཉིད་ཀྱིས་འཕྲལ་དུ་གཙུག་ལག་ཁང་དུ་མཆོད་པ་དང་། །མཆོད་རྫས་ལ་སོགས་པ་མཛད་ནས་ཚོགས་

(༤༡༩)གསུམ་རྫོགས་སུ་འབྱུང་བར་མཛད་དེར་བཞུགས་དུས་དཔལ་ཆེ་མཆོག་ལ་ཁྲོ་བོ་བཅུས་སྐོར་བ་ཞལ་གཟིགས། དེ་ནས་གནས་དེར་བཞུགས་པར་ཞུ་བ་ནན་ཆེ་ཡང་རྟེན་འབྲེལ་གྱི་གནད་ཅིག་དང་གདུལ་བྱ་གཞན་ན་ཡོད་པའི་དོན་གྱི་དེར་བཞུགས་པ་མ་གནང་། །དེར་བཞུགས་རིན་ཆོས་དབང་གནང་བས་རི་ཁྲོད་འཛིན་པའི་སྒོམ་ཆེན་འགའ་ཞིག་ཐོན། དེ་ནས་དམས་ཤོད་ཕྱོགས་ལ་ཕེབས་ལས་འབྲེལ་བཟང་པོས་སེམས་ཅན་མང་པོ་ལ་ཕན་འདོགས་པར་མཛད། སྐལ་ལྡན་མང་པོ་བདེན་བར་བཀོད། དེ་ནས་ཟང་རིར་བྱོན་ཡོན་བདག་ཟར་བསོད་ནམས་མགོན་པོ་ཞེས་བྱ་བ་དད་པ་དང་ལྡན་པ་ཞིག་འདུག་པས་ཞབས་ནས་བཏེགས། །ཟངས་རིའི་ཕུ་ན་རི་ཁྲོད་དབེན་པ་སྡོད་ཉམས་སྤྲོ་ཞིང་རིག་པ་དྭངས་ལ་དགེ་སྦྱོར་འཕེལ་བའི་གནས་ཤིག་འདུག་པས་དེར་སྒྲུབ་པ་ལ་བཞུགས། །བུར་སྒོམ་དང་འགྲོ་སྒོམ་དང་རྟག་ཤོད་རས་པ་སྔ་ཕྱི་གཉིས་དང་འབྲོཾ་ལྷ་འོད་དང་སྒོམ་ཆེན་བསོད་ནམས་འོད་ཟེར་ལ་སོགས་སློབ་མ་མང་པོ་ལ་ཕྱག་རྒྱ་ཆེན་པོ་བསམ་གཏན་ཐུན་འཇོག་དང་། ཆོས་དྲུག་བསྲེ་འཕོ་ལ་སོགས་གདམས་ངག་མང་དུ་གནང་། དེ་ནས་ཟངས་རི་ཡོན་བདག་ན་རེ་བླ་མས་གནང་པའི་ཆོས་རྣམས་ལ་ཉམས་ལེན་བྱས་ན་ནོར་པ་ཡོང་དོན་མི་འདུག །བླ་མ་ཉིད་ཀྱི་ཀྱང་དང་པོར་ཐོས་བསམ་སྒོམ་པ་མཛད་ཙ་ན། ཐེ་ཚོམ་དང་

(༤༢༠)གོལ་ས་འཕེལ་འགྲིབ་བྱུང་པ་རྣམས་བཅད་དེ་མཆིས་ཟེར་བ་ལ་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། བདག་འཁོར་འདས་གཉིས་ཀྱི་ས་མཚམས་སུ། །མཁས་བཙུན་ལམ་མཁན་མ་མཆིས་པས། །ནོར་ས་མེད་པའི་ལམ་མ་རྙེད། །སྡུག་བསྔལ་སྣ་ཚོགས་ལམ་ལ་ཞུགས། །བདེ་བ་གཏན་ནས་མ་བྱུང་སྟེ། །ད་རྗེ་བཙུན་ཞལ་གྱི་སྒྲོན་མེ་ཡི། །མུན་པར་སྒྲོན་མེ་བཏེགས་དང་འདྲ། །ལམ་ལ་ནོར་གྱི་དོགས་མ་མཆིས། །སྔར་སེམས་ཉིད་ནམ་མཁའ་ལྟ་བུ་ལ། །འཁྲུལ་པའི་ས་ལམ་མ་མཆིས་ཏེ། །ཐ་སྙད་ཚིག་ལ་ཞེན་ལགས་པས། །ཅེ་རེ་འདུག་ཀྱང་ལོང་པ་ཅིག །ང་རྒྱལ་ཤིན་ཏུ་ཆེ་བར་བྱུང་། །ཉོན་མོངས་ཟད་ཀྱི་དུས་མ་མཆིས། །ང་སྙན་བརྒྱུད་གདམས་ངག་སྣ་ཚོགས་ཀྱིས། །ཐུར་མས་རབ་རིབ་གསལ་བ་ལྟར། སྐུ་གསུམ་འབྲལ་མེད་དོན་རྟོགས་པས། །སྔར་མ་མཐོང་གི་ཡུལ་དེ་མཐོང་། །སྔར་འཁོར་ས་མེད་པ་འཁོར་ནས་གདའ། །དངོས་མེད་དངོས་པོར་བཟུང་བས་འཁོར། །འཁོར་རྒྱུན་ཤིན་ཏུ་རིང་བར་བྱུང་། །ད་གདམས་ངག་མེ་ལྕེ་ལྟ་བུ་ཡི། །འཁོར་བ་ཡེ་ཤེས་ངོ་ཤེས་པས། །འཁོར་བརྒྱན་དུ་འཆར་ཀྱིན་གདའ། །གྲོལ་རྒྱུ་མེད་པར་གྲོལ་བ་བྱུང་། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །མཐའ་དབུས་མེད་པའི་དོན་ཅིག་རྟོགས། །སེམས་ཉིད་གདོད་ནས་དག་པ་ལ། །རྟེན་དང་འབྲེལ་བའི་དོན་ཅིག་རྟོགས། །ཚོགས་དྲུག་རྟེན་དང་བྲལ་བ་ལ། །ཞེན་པ་མེད་པའི་དོན་ཅིག་རྟོགས། །ཁྱེད་ལྟ་བ་མཛད་

(༤༢༡)ན་དེ་ལ་མཛོད། །སླང་ཀྱི་སྒོམ་པ་བཞེད་པ་ན། །མ་བཅོས་གཉུག་མའི་ངང་དུ་ཞོག །འདི་ལ་ཅིས་ཀྱང་བཅོས་པར་མ་བྱེད་ཅིག །བཅོས་པའི་སྐྱོན་གྱིས་འཕགས་ལམ་ཐོབ་མི་འགྱུར། །མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཡིན། །སླད་ཀྱི་སྒོམ་ཆེན་སྤྱོད་པ་བཞེད་པ་ན། །འགྲོ་འཆག་འདུག་ཉལ་ཐམས་ཅད་ལྷུག་པར་ཞོག །ཤེས་པ་ཆེད་དུ་མ་འགགས་ཡན་པར་ཐོང་། །ཞེན་པ་ཐོང་ལ་སེམས་གྱི་རྟེན་མ་བཅའ། །ཞི་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །བྱིང་རྒོད་བྱུང་ན་དེ་ཡང་རང་ལ་ལྟོས། །བལྟས་པའི་ཚེ་ན་མཐོང་མེད་གནས་ལུགས་མཐོང་། །དེ་ལྟར་ཤེས་ན་འཁོར་འདས་རོ་གཅིག་གྱུར། ཞེས་གསུངས་པས་ཡོན་བདག་ཤིན་ཏུ་དད་པར་གྱུར་ཏེ་རང་དོན་འགྲུབ་ཅིང་གདེང་དང་ལྡན་པའི་ཉ་མ་ཡ་མཚན་ཅན་ཞིག་བྱུང་ངོ་། །དེ་ནས་འགྲོ་སྒོམ་དོན་གྲུབ་དེ་བླ་མའི་གདམས་ངག་ཐམས་ཅད་ཐོབ་པས་རྟོགས་པ་དང་ལྡན་པར་གྱུར་ནས། བླ་མ་རིན་པོ་ཆེ་ངེད་བུ་སློབ་རྣམས་ཐེ་ཚོམ་ཐམས་ཅད་ནི་ཆོད། ངེད་གྲྭ་པ་རྣམས་ཀྱི་འགྲོ་དོན་བག་རེ་བགྱིས་ནས་གཞན་གྱི་ཐེ་ཚོམ་ཐམས་ཅད་གསལ་བར་བྱ། བླ་མས་བཀའ་གནང་དང་ལུང་བསྟན་ཡང་མཛད་དུ་གསོལ་ཞེས་ཟེར་བ་ལ་བླ་མས་མགུར་འདི་ཉིད་གསུངས་སོ།། ༈ །།ན་མོ་གུ་རུ། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །ཆོས་ཀྱི་བློ་གྲོས་བཞད་པ་རྡོ་རྗེ་ལ། །བརྒྱུད་འཛིན་བུ་སློབ་སྙིང་

(༤༢༢)ནས་གསོལ་བ་འདེབས། །རྣལ་འབྱོར་དགའ་བའི་ཉམས་དབྱངས་གླུ་རུ་ལེན། །བདག་བསམ་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །རྒྱུད་ལྡན་གྱི་བླ་མ་རྙེད་ལགས་པས། །ཐེ་ཚོམ་ཟ་བའི་དོན་མ་མཆིས། །བཀའ་རྩོད་མེད་མ་རྒྱུད་བསྒོམས་ལགས་པས། །ཆོས་གཞན་ལ་ཡིད་སྨོན་དོན་མ་མཆིས། །གདམས་ངག་ཉམས་ལ་ཤར་ལགས་པས། །སེམས་ལ་མི་ཕན་དོན་མ་མཆིས། །གཞི་དྲན་མེད་རང་བཞིན་ངོ་ཤེས་པས། །མ་རིག་སྒྲིབ་ཀྱིས་དོན་མ་མཆིས། །རྟོག་པ་གློ་བུར་བར་ངོ་ཤེས་པས། །དངོས་པོར་འཛིན་པའི་དོན་མ་མཆིས། །དྲན་པ་འཕྲལ་བྱུང་ངོ་ཤེས་པས། །ཞེན་པ་སྐྱེ་བའི་དོན་མ་མཆིས། །སྐྱེ་མེད་རྒྱུན་ཆད་མེད་ལགས་པས། །ཞི་གནས་བསྒོམ་གྱི་དོན་མ་མཆིས། །བློ་འདས་དབྱིངས་དང་མ་བྲལ་བས། །ཐུན་དུ་བཅད་ཀྱི་དོན་མ་མཆིས། །རྗེ་བཙུན་དམ་པའི་སྐུ་དྲིན་གྱི། །བར་དོའི་གདམས་ངག་གོམས་ལགས་པས། །འཆི་བའི་འཇིགས་པ་དོན་མ་མཆིས། །སྐུ་ལྔ་རྒྱུན་ཆད་མི་བདོག་པས། །འཁོར་བར་འཁྱམས་ཀྱི་དོན་མ་མཆིས། །འཁོར་འདས་དགག་སྒྲུབ་མ་མཆིས་པས། །བླང་དོར་བྱེད་ཀྱི་དོན་མ་མཆིས། །བདག་རྒྱུ་ལུས་རྒས་ཀྱི་འོག་རོལ་དུ། །ནགས་ཚལ་དབེན་པ་སྙག་སྙགས་ནས། །འདུ་འཛི་བྱེད་ཀྱི་དོན་མ་མཆིས། །དོན་མེད་བཅུ་གཅིག་བགྱི་བ་ལགས། །ཅེས་གསུངས་པས་དགའ་བ་ཁོང་

(༤༢༣)དུ་ཚུད་སྟེ་ཆོས་དང་གདམས་པས་ཚིམ་པར་གྱུར། དེ་ནས་ཡང་འབྲོམ་ལྷ་འོད་ན་རེ། དེད་རང་དཔོན་སློབ་རྣམས་རི་ཁྲོད་ཁོ་ནར་བཞུགས་ནས་ཐུགས་དམ་མཛད་པ་ལ། རྣལ་འབྱོར་པ་གཞན་ཀུན་ན་རེ་ལྐོག་ཏུ་སྡོད་ཅིང་རི་ཕུག་རྐྱང་པར་སྡོད་དགོས་པའི་དོན་མེད་ཆོས་ཞེས་བྱ་བ་ཉམས་སུ་ལན་གཅིག་ལོན་ནས་འཁོར་འདས་ཐམས་ཅད་ཆོས་སྐུར་འཆར་པ་ཡིན་དོན་མེད་ཀྱི་སྡུག་རྩིར་དེ་ཙམ་བྱེད་མི་དགོས་ཟེར་འདུག་ལགས་ངས་གོ་བ་ལ་ནི་བླ་མ་དམ་པའི་མཛད་པ་འདི་ཁོ་ན་བྱེད་དགོས་པ་གོ། ཆོས་པ་འདི་རྣམས་ཀྱང་ལོག་པའི་ཆོས་དང་སྤྱོད་པ་ལ་འགྲན་པ་ནི་ཤིན་ཏུ་མང་ཡང་དག་པའི་ཆོས་ལ་སྤྱོད་པས་རི་ཁྲོད་དུ་ཚེ་དང་སྒྲུབ་པ་སྙོམས་པ་ལ་འགྲན་མཁན་ནི་ཤིན་ཏུ་ཉུང་ཟེར་བ་ལ་བླ་མས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །མཚན་སྙན་རྡོ་རྗེ་རྒྱལ་མཚན་ལ། །སྤྲང་སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས། །སྙིགས་དུས་ཀྱི་ཆོས་མཛད་ཕོ་མོ་ཀུན། །ཆོས་དང་ཆོས་མིན་ཕྱེད་པ་གཅེས། །རྐྱེན་ངན་ཡུལ་དང་མ་འཕྲད་པར། །བཟང་པོ་བྱེད་པ་སླ་མོད་ཀྱང་། །ཉོན་མོངས་རླུང་ཚུབ་ལངས་ཙ་ན། །ལམ་དུ་སུ་འགྲོ་འགྲན་ཡང་འགྲན། །དངོས་འཛིན་སྒྲོག་ཏུ་མ་ཚུད་པར། །མཉམ་ཉིད་སྒོམ་པ་སླ་མོད་ཀྱང་། །དགྲ་གཉེན་ཆགས་སྡང་བསྐུལ་ཙ་ན། །ཉེ་རིང་སུ་

(༤༢༤)ཆུང་འགྲན་ཡང་འགྲན། །ཟང་ཟིང་ནོར་དང་མ་འཕྲད་བར། །ཞེན་མེད་བྱེད་པ་སླ་མོད་ཀྱང་། །ཆོས་བརྒྱད་འདམ་ཁ་བྱུང་ཙ་ན། །མགོ་བོ་སུས་སྙོམ་འགྲན་ཡང་འགྲན། །མདོ་རྒྱུད་དཔང་དུ་མ་བཙུགས་པར། །ལྟ་བ་མཐོ་བ་སླ་མོད་ཀྱང་། །ཕྱི་ཡི་རྣམ་གཞག་རྩིས་ཙ་ན། །དགོངས་པ་སུ་མཐོ་འགྲན་ཡང་འགྲན། །འཆི་བདག་བདུད་དང་མ་ཕྲད་བར། །གྲུབ་ཐོབ་བྱེད་པ་སླ་མོད་ཀྱང་། །དབང་པོ་ལུས་སེམས་བྲལ་ཙ་ན། །འཆི་ལྟས་སུ་བཟང་འགྲན་ཡང་འགྲན། །རི་ཁྲོད་དགོན་པ་མ་འགྲིམས་པར། །ཉམས་མྱོང་བཟང་བ་སླ་མོད་ཀྱང་། །སྐྱིད་སྡུག་འཕྲང་ལ་འགྲོ་ཙ་ན། །སྙིང་རུས་སུ་ཆེ་འགྲན་ཡང་འགྲན། །སྣོད་ལྡན་སློབ་མ་མ་བསྐྱངས་བར། །གདམས་ངག་ཆེ་བ་སླ་མོད་ཀྱང་། །གང་ཟག་ཕྱོགས་མེད་འཁྲིད་ཙ་ན། །བྱིན་རླབས་སུ་ཆེ་འགྲན་ཡང་འགྲན། །སྣང་བ་ཆོས་སྐུར་མ་ཤར་བར། །རྦད་ཁམ་སྟོང་པ་སླ་མོད་ཀྱང་། །གོམས་འགྲིས་བདར་ཤ་གཅོད་ཙ་ན། །ལམ་རྒྱུས་སུ་ཆེ་འགྲན་ཡང་འགྲན། །ཅེས་གསུངས་པས་དེར་ཡོད་པ་རྣམས་ན་རེ་བླ་མ་དང་འགྲན་པའི་རྣལ་འབྱོར་པ་དེ་འདྲ་ཡོད་ན་ད་དགའ་སྟེ་མེད་ཀྱི་དོགས་ཟེར། དེར་སློབ་མ་དེ་རྣམས་ལ་དབང་དང་གདམས་ངག་ཡོངས་སུ་རྫོགས་པར་གནང་བས། དེ་རྣམས་ལ་དཀའ་བབས་འཛིན་པའི་སློབ་མ་བཟང་པོ་རེ་བྱུང་བ་ཡིན་ནོ། །དེར་ཁོང་རྣམས་ལ་ཞལ་གདམས་སུ་ལྟ་སྒོམ་གནད་བསྡུས་པའི་མགུར་འདི་

(༤༢༥)གསུངས་སོ།། ༈ །།ན་མོ་གུ་རུ། སྟོང་ཉིད་རྡོ་རྗེ་ཆོས་ཀྱི་སྐུ། །ཆོས་ཀྱི་རྒྱལ་མཚན་ལེགས་བལྟམས་ནས། །གྲགས་པའི་འོད་སྟོང་འགྱེད་མཛད་པའི། །ཕ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྣང་བ་འདི་ཅི་ཡིན་གོ་ལགས་སམ། །སྣང་བ་འདི་ཅི་ཡིན་མ་གོ་ན། །སྣང་བ་འདི་ཅིར་ཡང་སྣང་བ་ཡིན། །མ་རྟོགས་པ་ལ་འཁོར་བ་སྟེ། །རྟོགས་པ་རྣམས་ལ་ཆོས་ཀྱི་སྐུ། །སྣང་བ་ཆོས་སྐུར་ཤར་ཙ་ན། །ལྟ་བ་གཞན་དུ་མ་འཚོལ་ཞིག །སྒོམ་པའི་བཞག་ཐབས་གོ་ལགས་སམ། །སྒོམ་པའི་བཞག་ཐབས་མ་གོ་ན། །སེམས་ཉིད་གསལ་རིག་སྟོང་གསུམ་ཡིན། །རང་བཞིན་མ་ཤེས་རྣམ་རྟོག་དེ། །མ་བཅོས་ལྷུག་པ་ལོངས་སྤྱོད་རྫོགས། །འགགས་མེད་ཤར་གྲོལ་ཤེས་ཙ་ན། །སྒོམ་པ་གཞན་དུ་མ་ཚོལ་ཞིག །སྤྱོད་པའི་སྤྱད་ཐབས་གོ་ལགས་སམ། །སྤྱོད་པའི་སྤྱད་ཐབས་མ་གོ་ན། །སྐྱེ་འགགས་ཤུགས་འབྱུང་རང་ཤར་ཡིན། །གཟུང་འཛིན་འཐས་ན་འཁྲུལ་པ་སྟེ། །རང་ཤར་རང་གྲོལ་སྤྲུལ་པའི་སྐུ། །སྐྱེ་འགགས་གཉིས་མེད་རྟོགས་ཙ་ན། །སྤྱོད་པ་སྤང་བླངས་མ་བྱེད་ཅིག །ཁྲི་གདུགས་རྩལ་གྱིས་མུན་པ་སངས། །མུན་པ་གར་ཡང་སོང་བ་མེད། །རྟོགས་པའི་ལྟ་བས་མ་རིག་སངས། །ལྟ་བ་དེ་ལས་གཞན་ན་མེད། །མར་མེའི་འོད་ལ་གསལ་འགྲིབ་མེད། །འཛིན་མེད་བུ་ཆུང་ལྟ་བུའི་དང་། །རླབ་མེད་

(༤༢༦)རྒྱ་མཚོ་ལྟ་བུར་ཞོགས། །སེམས་ལས་གཞན་ན་སྒོམ་པ་མེད། །འདམ་སྐྱེས་མེ་ཏོག་གཙང་ཞིང་དག །ཉམ་ང་མེད་པའི་སེང་གེ་བཞིན། །གླང་ཆེན་སྨྱོན་པ་ལྟ་བུར་བྱ། །ཤུགས་འབྱུང་སྤྱོད་པ་དེ་ལས་མེད། །ཉམས་ཀྱི་བཅོས་ཐབས་གོ་ལགས་སམ། །ཉམས་ཀྱི་བཅོས་ཐབས་མ་གོ་ན། །རྦ་རླབས་ཆུའི་རང་བཞིན་ཡིན། །ལྷོ་སྤྲིན་ནམ་མཁའི་དབྱིངས་ལས་བྱུང་། །ཤེས་པ་མཐོར་ཡང་སྐྱེ་མེད་རྩལ། །བྱ་རོག་གཟིང་འཕུར་གདམས་ངག་ཐོང་། །རྐུན་མ་ངོས་ཟིན་རང་ཞལ་མཐོང་། །འབྲས་བུའི་འཆར་ལུགས་གོ་ལགས་སམ། །འབྲས་བུ་འཆར་ལུགས་མ་གོ་ན། །མི་རྟོག་སྟོང་ཉིད་ཆོས་ཀྱི་སྐུ། །རིག་པ་བདེ་ཆེན་ལོངས་སྤྱོད་རྫོགས། །གསལ་དག་སྣང་སྟོང་སྤྲུལ་པའི་སྐུ། །གཉུག་མ་ངོ་བོ་ཉིད་ཀྱི་སྐུ། །འབྲས་བུ་གཞན་དུ་མ་འཚོལ་ཞིག །ལྟ་བ་སྒོམ་པ་སྤྱོད་པ་དང་། །བཅོས་ཐབས་འབྲས་བུ་རྣམ་ལྔའི་དོན། །རྣལ་འབྱོར་བློ་ལ་ཤར་ནས་བཤད། །ལར་ཆོས་རྣམས་ཐམས་ཅད་མིང་ཙམ་ཡིན། །ངོ་བོ་ཉིད་ལ་དབྱེ་རུ་མེད། །སྐྱི་སེར་ཆ་ཡང་ཤུགས་འབྱུངས་རྩལ། །གོ་བར་གྱིས་ཤིག་སྐལ་ལྡན་ཀུན། །ཞེས་གསུངས་ནས་བུ་རྣམས་ཉོན་དང་ལར་ཚེ་འདིའི་བྱ་བ་སྒྲུབ་པའི་ཆོས་པ་དེ་ལ་ཡ་མཚན་ཞིག་མེད། །སྡོམ་པ་མི་བསྲུང་བའི་བཙུན་པ་དེ་ལ་ཐར་པ་མེད། །རང་དོན་གཙོར་བྱེད་ཀྱི་གང་ཟག་དེ་ལ་ཐེག་ཆེན་མེད། །

(༤༢༧)དམ་ཚིག་མི་བསྲུང་བའི་སྔགས་པ་དེ་ལ་དངོས་གྲུབ་མེད། །སྒོམ་ཆེན་རི་ལ་མི་ཟུག་ན་ཉམས་རྟོགས་མེད། །བླ་མ་དང་འབྲལ་བ་སྡས་ན་བདུད་ཀྱི་འཁྱེར། །རྣལ་འབྱོར་གྲོང་ཡུལ་དུ་འཁྱམས་ན་མཁའ་འགྲོས་ཁྲེལ། །རྟོགས་ལྡན་ཕྱོགས་རིས་བྱས་ན་དོན་དང་ལོག །བྱ་བཏང་ནོར་གསོག་བྱས་ན་རང་གཞན་འཕུང་། །ཞིག་པོ་བདག་འཛིན་ཆེ་ན་ཀུན་གྱིས་ཁྲེལ། །ཆོས་པ་འདོད་ཡོན་ལ་ཆགས་ན་འཁོར་བར་འཁྱམས། དེ་བས་ན་ཚེ་འདིའི་བྱ་བ་མ་སྒྲུབ་སྡོམ་པ་གསུམ་ལ་གཅེས་སྤྲས་གྱིས་རི་ཁྲོད་བས་མཐའ་ལ་ཕ་ཡུལ་གྱིས་རང་མཐོང་དང་རང་ཚིས་མ་བྱེད་འདོད་ཡོན་ཟས་ནོར་ལ་མ་དགའ། གྲུབ་མཐའ་དང་ཆོས་ལ་ཕྱོགས་རིས་མ་ཆེ་ཚེ་འདི་ཡི་བྱ་བ་བློས་བཏང་ནས་རི་ཁྲོད་དུ་ཚེ་དང་བསྒྲུབ་པ་སྙོམས་ལ་ཉམས་རྟོགས་ཡོན་ཏན་རྣམས་རྒྱུན་དུ་སྲིངས་དང་ཚེ་འདི་ཕྱིའི་བདེ་སྐྱིད་ང་རང་གི་ཤེས་གསུངས། དེར་སློབ་མ་ཤིན་ཏུ་མང་བའི་ནང་ནས་འགྲོ་སྒོམ་དོན་གྲུབ་ཀྱི་གྲུབ་པ་ཐོབ། ཟང་རི་ཕུར་དགོན་པ་བཏབ་སྟེ་འགྲོ་དོན་དཔག་མེད་གྲུབ་བུ་ཆེན་བཀའ་བབས་འཛིན་པ་ཞིག་བྱུང་། སྦུར་སྒོམ་རྟོགས་པ་མཐར་ཕྱིན་སྙེ་ཐང་སྤུར་བུའི་རི་སོགས་རི་ཁྲོད་ཁོ་ན་བརྟེན་པ། རྗེ་ཕག་མོ་གྲུ་པ་དང་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་གཉིས་སོགས་མཁས་གྲུབ་རྩོད་བྲལ་ཡོངས་

(༤༢༨)གྲགས་དུ་མའི་བླ་མར་གྱུར་ཅིང་བཀའ་བབས་འཛིན་པའི་སློབ་མ་བཟང་པོ་ཞིག་བྱུང་། རྟག་ཤོད་རས་པ་ནི་རྟོགས་པའི་ཡོན་ཏན་ཐམས་ཅད་ཐོབ་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་མངའ་མཉེས་ཏེ་རྫུ་འཕྲུལ་དང་གྲུབ་རྟགས་རྩོལ་མེད་དུ་སྟོན་པ་ཞིག་བྱུང་ཞིང་བཀའ་བབས་ཀྱི་སློབ་མ་མཆོག་ཞིག་བྱུང་། འབྲོམ་ལྷ་འོད་ནི་བླ་མའི་མོས་གུས་མཆོག་ཏུ་གྱུར་པས་འོད་གསལ་མངོན་དུ་གྱུར་ཏེ་འགྲོ་དོན་རྒྱ་ཆེན་པོ་དང་ལྡན་པའི་གང་ཟག་གཞན་པས་ཁྱད་པར་དུ་འཕགས་པ་ཞིག་བྱུང་། སྟག་ཤོད་རས་པ་གཞོན་པ་ཡང་འགྲོ་དོན་ནུས་པའི་སྐྱེ་བུ་མཆོག་དམ་པ་གཅིག་ཏུ་གྱུར། བླ་མ་བསོད་ནམས་འོད་ཟེར་ནི་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དངོས་སུ་གཟིགས་དགྱེས་རྡོར་བརྒྱུད་དང་མན་ངག་ཀུན་ལ་མཁས་དགྱེས་པ་རྡོ་རྗེའི་བཀའ་བབས། ཕྱིས་འགྲོ་དོན་ཡང་ཤིན་ཏུ་ཆེ་བ་བྱུང་ཆོས་རྒྱུད་ཡང་མདོ་ཁམས་སྨད་ན་དར་རྒྱས་ཆེ་བར་ཡོང་ཟེར་རོ། །དེ་ནས་བླ་མ་རས་ཆུང་པས་ཡང་རྫོང་ཤེལ་གྱི་བྲག་ཕུག་ལ་བྱོན་ནས་དེར་དཔོན་སློབ་གསུམ་གྱི་ཟླ་བ་གཉིས་བཞུགས་པས་ཤིན་ཏུ་ཐུགས་སོ་སོད་པར་བྱུང་། དེར་རིགས་གསུམ་མགོན་པོ་ལ་བྱ་སྤྱོད་ཀྱི་ལྷ་ཚོགས་མང་པོས་བསྐོར་བའི་ཞལ་གཟིགས། །ཡང་རིག་འཛིན་ཆེན་པོ་མཚོ་སྐྱེས་རྡོ་རྗེ་ལ་མཁའ་འགྲོ་སྡེ་བཞིས་བསྐོར་བ་ཞིག་གཟིགས། གནས་དེར་ཐུགས་ཤིན་ཏུ་སྤྲོ་བར་བྱུང་བས་མགུར་འདི་གསུངས་སོ།། ༈ །།རྗེ་ན་མོ་གུ་རུ། བཀྲ་ཤིས་བདེ་གནས་ཀྱི་

(༤༢༩)རི་ཁྲོད་དུ། །དམ་པའི་བཀའ་དྲིན་ཉམས་བླངས་པས། །ལམ་ལ་ཡིད་ཆེས་ངོ་མཚར་སྐྱེས། །ངོ་མཚར་དབྱངས་སྙན་མཆོད་པར་འབུལ། །བཀའ་བསྟན་ཆོས་གཉིས་ཀྱི་བར་ཞིག་ན། །སྙན་རྒྱུད་ཀྱི་གདམས་ངག་ངོ་མཚར་ཆེ། །བརྒྱུད་པ་ཉེ་ནས་ཞུས་པ་ལགས། །དཔེ་ཆའི་ཞེན་པ་ལོག་ནས་ཐལ། །ལུང་རིག་གཉིས་ཀྱི་བར་ཞིག་ན། །བདེ་ཆེན་ཟག་མེད་ངོ་མཚར་ཆེ། །སྐལ་པ་བཟང་ནས་རྟོགས་པ་ལགས། །སྒྲོ་འདོགས་ནང་ནས་ཆོད་དེ་ཐལ། །ལ་ལུང་གཉིས་ཀྱི་བར་ཞིག་ན། །གནས་རི་ཁྲོད་དགོན་པ་ངོ་མཚར་ཆེ། །སྒོམ་ཉམས་འཕེལ་ནས་བཟུང་བ་ལགས། །མི་ཆོས་ཞེན་པ་ལོག་ནས་ཐལ། །རྒྱུ་ཚོགས་གཉིས་བསགས་པའི་བར་ཞིག་ན། །དམིགས་མེད་སྙིང་རྗེ་ངོ་མཚར་ཆེ། །ནང་ཉམས་ཕྱི་རུ་ཤར་བ་ལགས། །ལུས་ངག་སྤྲོད་པ་ཆོད་ནས་ཐལ། །ལམ་བསྐྱེད་རྫོགས་གཉིས་ཀྱི་བར་ཞིག་ན། །འོད་གསལ་ཟུང་འཇུག་ངོ་མཚར་ཆེ། །བདེན་གཉིས་ལམ་དུ་སློངས་པ་ལགས། །སྣང་བའི་འཁྲུལ་པ་ཞིག་ནས་ཐལ། །ཚེ་འདི་དང་ཕྱི་མའི་བར་ཞིག་ན། །བར་དོའི་གདམས་ངག་ངོ་མཚར་ཆེ། །ཚེ་གཅིག་སངས་རྒྱས་སྒྲུབ་པ་ལགས། །འགྲོ་དྲུག་གོལ་ས་ཁེགས་ནས་ཐལ། །ལྟོ་རྒྱབ་གཉིས་ཀྱི་བར་ཞིག་ན། །རྩ་རླུང་གདམས་ངག་ངོ་མཚར་ཆེ། །རང་ལུས་བྱིན་གྱིས་བརླབས་པ་ལགས། །ནོར་རྫས་ཞེན་པ་ལོག་

(༤༣༠)ནས་ཐལ། །ལར་དེ་བཞིན་མ་རྟོགས་སྒོམ་ཆེན་དང་། །རྟོགས་ལྡན་རྣལ་འབྱོར་ཁས་ལེན་འགའ། །བསྒྲུབ་གནས་དགོན་པ་མི་འཛིན་པར། །གྲོང་དུ་རྒྱུ་ཞིང་ཆོས་མིན་སྤྱོད། །གྲུབ་ཐོབ་གོང་མས་མ་ཁྲེལ་ལམ། །སྙན་རྒྱུད་གདམས་ངག་མི་བདོག་པར། །ཆོས་བཤད་མང་པོས་འཁོར་སློབ་བསྡུད། །རེ་དོགས་འཕྲང་ལ་མ་ཚུད་དམ། །རྩ་བའི་སྡོམ་པ་མི་བསྲུང་བར། །གཞན་ལ་དབང་བསྐུར་བྱིན་རླབས་བྱེད། །བདུད་ཀྱི་གཡོག་པོ་མ་བབས་སམ། །ཕུ་ཐག་གཏིང་ནས་མ་ཆོད་བར། །ཡིག་ནག་དཔེ་ཆ་མང་པོ་གསོག །ཁྲེས་པོའི་བསྣོན་མ་མ་བྱུང་ངམ། །ཚོགས་གཉིས་ཡེ་ཤེས་མ་རྫོགས་པར། །དངོས་འཛིན་ཞིག་ལ་ཚོགས་གཉིས་རེ། །ཞེན་པའི་སྒྲོག་ཏུ་མ་ཚུད་དམ། །བསྲེ་འཕོའི་མན་ངག་མི་ཤེས་པར། །འདོད་ཡོན་སྤྱད་པས་སངས་རྒྱས་རེ། །དུག་ལྔ་དགྲ་དང་མ་ཕྲད་དམ། །སྣོད་བཅུད་ལྷ་སྐུར་མི་ཤེས་པས། །བསྒྲུབ་མཆོད་ཅིག་ལ་གསང་སྔགས་རེ། །ལོག་ལྟའི་དམག་གིས་མ་སྐོར་རམ། །མིན་ཀྱང་ཀུ་རེ་བགྱིས་པ་ལགས། །ཞེས་གསུངས་སོ། །དེ་ནས་བླ་མ་དཔོན་སློབ་རྣམས་འཕྱོས་ནས་ཡོན་བདག་ཤེས་རབ་དབང་ཕྱུག་དང་དཔལ་བཟང་གིས་གདན་དྲངས། །སྐྱིད་ཚད་སྐྱིད་མོ་བྲག་བྱ་བར་བཞུགས་ནས་མྱང་སྟོན་དགོན་པ་སྐྱབས་དང་། ཁོའི་ནེ་ནེ་མོ་བཙུན་མ་ཅིག་དང་ཤེས་རབ་དབང་ཕྱུག་སོགས་དང་། གཞན་

(༤༣༡)ཡང་མང་བ་ཞིག་ལ་དབང་བསྐུར་རྒྱས་པ་ཞིག་གནང་གདམས་ངག་ཀྱང་མང་དུ་གནང་བས་ཁོང་རྣམས་ཀྱང་བསྒྲུབ་པ་ལ་བརྩོན་པ་ཤ་སྟག་བྱུང་། མྱང་དགོན་པ་དང་བཙུན་མ་གཉིས་ལ་ཏི་ཕུའི་གཞི་ཆོས་ཀྱི་བཀའ་བབས། ཁྱད་པར་བཙུན་མ་དེ་ལ་འཕོ་བ་དང་གྲོང་འཇུག་གཉིས་ལྷག་པར་འབྱོངས། གྲུབ་རྟགས་སྟོན་ནུས་པ་ཞིག་བྱུང་། ཐུན་མོང་གི་དངོས་གྲུབ་ཀྱང་ས་འོག་དང་མིག་སྨན་དང་རིལ་བུ་སོགས་གྲུབ་ཅིང་གཞན་ཡང་རྟགས་མང་དུ་ཐོན། ཕྱིས་སློབ་བརྒྱུད་འཛིན་པའི་ངོ་མཚར་ཅན་གཉིས་བྱུང་ངོ་། །ཤེས་རབ་དབང་ཕྱུག་ཀྱང་སྒོམ་ཆེན་བཟང་པོ་ཞིག་བྱུང་ཞིང་ཚེའི་མཇུག་ལ་འགྲོ་བ་འགའ་ལ་ཆོས་སྟོན་ཞིང་རྒྱུད་ཡོངས་སུ་སྨིན་པའི་སློབ་མ་ཡང་གསུམ་ཙམ་བྱུང་སྐད་དོ། །དེ་ནས་གནས་དེར་ལོ་གཅིག་ལ་ཟླ་བ་གཉིས་མ་ཚང་བ་བཞུགས་ནས་འབྱོན་པར་འཆས་པ་ལ་དེར་ཡོད་པའི་སློབ་མ་འགའ་ཞིག་གི་ཞལ་ཏ་ཟབ་མོ་ཞིག་ཐུགས་རྗེས་བཟུང་ཞུས་པ་ལ་མགུར་འདི་གསུངས་སོ།། ༈ །།ན་མོ་གུ་རུ། དོགས་ས་ལ་གཡོ་བ་མ་མཆིས་ཏེ། །དབྱར་དགུན་གཉིས་ཀྱི་འགྱུར་ལྡོག་གི། །དོགས་ས་བརྟན་དུ་མ་སྟེར་རོ། །སེམས་ལ་སྐྱེ་ཤི་མི་གདའ་སྟེ། །འབྱུང་བ་བཞི་ཡི་འགྱུར་ལྡོག་གི། །སྒྱུ་ལུས་བརྟན་དུ་མ་སྟེར་རོ། །སྒྱུ་ལུས་བརྟན་དུ་མ་སྟེར་ཡང་། །སེམས་ལ་

(༤༣༢)སྐྱེ་ཤི་མི་གདའ་བས། །འདུས་བྱས་ལུས་ཀྱི་བུམ་ནང་ན། །ལྷན་ཅིག་སྐྱེས་པའི་སྒྲོན་མེ་གདའ། །ལུས་གདམས་ངག་ཐོ་བས་གཅོག་ཤེས་ན། །ཕྱི་ནང་ཆོས་ཀུན་གསལ་བར་ངེས། །རྣམ་རྟོག་འཁོར་བའི་ཚད་མལ་ན། །བྱང་ཆུབ་སེམས་ཀྱི་ཁྱུང་ཕྲུག་གདའ། །ཐབས་ཤེས་རབ་གཤོག་པ་འདོགས་ནུས་ན། །ཀུན་མཁྱེན་མཁའ་ལ་འཕུར་བར་ངེས། །རང་ལུས་སྒྱུ་མའི་རི་བོ་ལ། །རྣམ་པར་ཤེས་པའི་སེང་ཕྲུག་གདའ། །ཚོགས་དྲུག་ཞེན་མེད་སྒོམ་ནུས་ན། །འཁོར་འདས་ཟིལ་གྱིས་གནོན་པར་ངེས། །མ་རིག་འཁོར་བའི་རྒྱ་མཚོ་ལ། །རིག་དྲུག་འཁོར་བའི་རྦ་རླབས་གདའ། །སྐུ་གསུམ་གྲུ་དང་མ་བྲལ་ན། །འཁོར་བའི་ཆུ་བོ་སྒྲོལ་བར་ངེས། །རྣམ་རྟོག་དུག་ལྔའི་ཁང་པ་ན། །ཐར་པ་འཇོམས་པའི་ཇག་པ་གདའ། །ཐབས་ཀྱི་ཞགས་པས་འཛིན་ནུས་ན། །འཇིགས་པའི་ཡུལ་ལས་སྒྲོལ་བར་ངེས། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །དགོས་འདོད་ཡིད་བཞིན་ནོར་བུ་གདའ། །ཡེངས་པ་མེད་པར་བསྒོམ་ནུས་ན། །འབྲས་བུ་སྐུ་གསུམ་ཐོབ་པར་ངེས། །ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །འགྲོ་དྲུག་འཁྲུལ་པའི་འཇིགས་པ་གདའ། །འཁོར་འདས་ཐབས་ཀྱི་འབྱེད་ཤེས་ན། །འཁོར་བ་རང་སར་གྲོལ་བར་ངེས། །བླ་མ་རིན་ཆེན་རི་བོ་ལ། །གདམས་ངག་དག་པའི་ཆུ་མིག་གདའ། །དད་པ་སྐྱོ་མེད་འཐུང་ནུས་ན། །ཉེས་སྐྱོན་ཀུན་ལས་གྲོལ་བར་ངེས། །སྙན་རྒྱུད་ཟབ་མོའི་

(༤༣༣)རྟ་ཕོ་ལ། །ཤེས་རབ་ཆེན་པོའི་མི་ཞོན་ནས། །ཞེན་པ་མེད་པའི་ལྕག་བྲབས་ན། །ཞིང་མཆོག་གཙང་མར་སྐྱེལ་བར་ངེས། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ཁྲི་གདུགས་འོད་དང་མ་བྲལ་བཞིན། །ནམ་ཞིག་འགུམ་པའི་དུས་བྱུང་ན། །འཁོར་ཅིག་ནུབ་ཀྱང་བར་དོར་འཆར། །སྒྱུ་ལུས་རྒས་ཀྱང་འགྱོད་རྒྱུ་མེད། །དམན་པའི་ལུས་ལ་དམ་པའི་དགོངས་པ་ཅན། །སུ་ལ་ཡོད་དང་མི་འཚལ་ལོ། །ཞེས་གསུངས་དེ་རྣམས་ནི་ཡེར་པ་ལྷ་ས་བསམ་ཡས་ཟངས་རི་ཕུ་ཡང་རྫོང་ཤེལ་གྱི་བྲག་ཕུག་རྣམས་སུ་བཞུགས་ཤིང་རྫུ་འཕྲུལ་བསྟན་པ་དང་གདུལ་བྱ་སྣ་ཚོགས་སྨིན་གྲོལ་ལ་བཀོད་པའི་སྐོར་ཚོ་དེ་གསུམ་པའོ།། ༈ །།བཞི་པ་ནི། ཞེས་གསུངས་ནས་སླར་ངམས་ཤོད་ལ་སྐོར་ཅིག་བྱོན། གཞན་གྱི་སྲོག་འཕྲོག་པའི་མན་ངག་ཞིག་ཡོད་པ་སྣོད་མེད་གཞན་ལ་མཆེད་ན་མི་རུང་དགོངས་ནས་རྫོང་རིའི་བྲག་ལ་སའི་གཏེར་དུ་སྦས། ཕྱིས་སངས་རྒྱས་བསྟན་པ་ཉམ་དམའ་བའི་དུས་ཆོས་བྱེད་རྣམས་ལ་སྡིག་པ་ཅན་རྣམས་ཀྱི་སྡོད་དུ་མི་བསྟེར་བའི་དུས་ཤིག་འོང་དེ་དུས་མཐུ་ལ་མི་འཇིགས་ནོར་ལ་རྔམ་རིའི་སྒོམ་ཆེན་མི་ཐུབ་པའི་དུས་ཤིག་འོང་པའི་དེ་དུས་ལས་ཅན་ཞིག་ལ་སྤྲོད་ཅིག་གསུངས་ཏེ། རྫོང་བཙན་དཔོན་གཡོག་རྣམས་ལ་གཉེར་གཏད། དེ་ནས་ཡར་ལུང་སྟོད་ཤར་གྱི་ར་མོ་སྲིན་མོ་བྲག་ཏུ་སྙག་ཅེར་

(༤༣༤)བུ་པས་གདན་དྲངས་དེར་ཡོན་བདག་སྦ་ལེ་པོ་བྱ་བས་ཞབས་ནས་བཏེགས། །ཞང་བྲག་རྩེ་བ་དང་ཞང་ཁྲོམ་པ་སྐྱེས་ལ་སོགས་སྐལ་ལྡན་གྱི་སློབ་མ་ཡང་མང་དུ་འདུས། སྐུ་འཚམས་ལའང་རྒྱུན་རིང་དུ་བཞུགས་དེའི་དུས་སུ་རྡོ་རྗེ་འཆང་ལ་བཀའ་བཞི་བརྒྱུད་པའི་བླ་མས་སྐོར་བ་ཞལ་གཟིགས་ནས། ཐུགས་འོད་གསལ་གྱི་ངང་ལ་ཞག་མང་དུ་ཐལ། །འོད་གསལ་དེའི་ངང་ལས་བཞེངས་ཏེ་གྲུབ་ཐོབ་བཀའ་བཞིའི་བླ་མ་རྣམས་ལ་གསོལ་བ་འདི་ལྟར་བཏབ་བོ། ༈ །རང་བཞིན་དག་པ་ཆོས་ཀྱི་དབྱིངས། །རྒྱལ་བ་རིགས་ལྔའི་ངོ་བོ་ཉིད། །གསང་བ་ཡེ་ཤེས་སྔགས་ཀྱི་བདག །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ས་བཅུའི་སྐུར་སྟོན་དྲགས་ཤུལ་ཅན། །གང་ལ་གང་འདུལ་སྤྲུལ་པ་མཆོག །མཐུ་སྟོབས་ཅན་ལ་གསོལ་བ་འདེབས། །གསང་བའི་བདག་པོས་བྱིན་རླབས་ཤིང་། །སྐད་ཅིག་ཉིད་ལ་ཐམས་ཅད་མཁྱེན། །ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར། །ས་ར་ཧ་ལ་གསོལ་བ་འདེབས། །སྲོག་རྩོལ་དག་པས་ཆོས་ཉིད་མཐོང་། །ཟག་པ་ཟད་པ་རྡོ་རྗེའི་སྐུ། །བདེ་མཆོག་འཁོར་ལོའི་བསྒྲུབ་ཐབས་མཛད། ལོ་ཧི་པ་ལ་གསོལ་བ་འདེབས། །ཡངས་པ་ཅན་གྱི་གྲོང་ཁྱེར་དུ། །གཏུམ་མོ་བསྒོམ་པས་ཤེས་རབ་གསལ། ཏིལ་བརྡུང་རྣམ་པར་སྨིན་པ་ཟད། །ལྡིང་གི་པ་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་

(༤༣༥)ཅན། །ས་བཅུ་སེམས་དཔའི་ཚུལ་བཟུང་ནས། །སེམས་ཅན་ཀུན་ལ་ཆགས་ཚུལ་སྟོན། །བློ་གྲོས་རིན་ཆེན་གསོལ་བ་འདེབས། །རིག་པའི་གནས་ལ་བློ་སྦྱངས་པས། །ཐམས་ཅད་མཁྱེན་ཅིང་བསྟན་པ་འཛིན། །རིམ་གྱིས་སེམས་ཅན་སྨིན་གྲོལ་མཛད། །ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །བསྟན་པའི་ངང་ཚུལ་སྐུ་བོངས་ཆེ། །བ་གླང་སྐྱོང་མཛད་ཤེས་བྱ་སྟོན། །སློབ་པའི་ཟུང་འཇུག་མཐར་ཕྱིན་པ། །མ་ཏང་ཀི་ལ་གསོལ་བ་འདེབས། །ཟག་མེད་བདེ་སྟོང་དབྱིངས་ཉིད་ན། །ཡེ་ཤེས་མཁའ་འགྲོ་ཐུགས་རྗེ་ཅན། །སྐལ་ལྡན་བྱིན་གྱིས་བརླབ་མཛད་པའི། །སུ་མ་ཏི་ལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོས་བྱིན་གྱིས་བརླབས། །རླུང་སེམས་གཉིས་ལ་རང་དབང་ཐོབ། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །ཐང་ལོ་པ་ལ་གསོལ་བ་འདེབས། །འབྱུང་བ་བཞི་ལ་རང་དབང་ཐོབ། །ཤིང་ལོའི་གོས་གྱོན་ནམ་མཁར་བཞུགས། །རྩ་རླུང་སེམས་ཉིད་ལས་སུ་རུང་། །ཤིང་ལོ་པ་ལ་གསོལ་བ་འདེབས། །ནམ་མཁའི་རང་བཞིན་དེ་ཉིད་གསལ། །རྟོགས་པའི་ཡེ་ཤེས་མངོན་དུ་གྱུར། །ཤེས་བྱ་ཀུན་ལ་མ་རྨོངས་པའི། །ཀདྞ་རི་ལ་གསོལ་བ་འདེབས། །བདེ་བ་ཆེན་པོས་ས་ལམ་བགྲོད། །དགའ་བཞི་ཡེ་ཤེས་མཐར་ཕྱིན་ཞིང་། །རྫུ་འཕྲུལ་བརྟུལ་ཞུགས་སྤྱོད་པ་སྐྱོང་། །ཌོཾ་བྷི་པ་ལ་གསོལ་བ་འདེབས། །ཡེ་ཤེས་

(༤༣༦)མཁའ་འགྲོ་སུ་ར་བསྟེན། །གྲུབ་ཐོབ་རྗེ་ལ་དངོས་གྲུབ་བརྙེས། །རླུང་སེམས་འབྱོངས་པས་ཆུར་མི་བྱིང་། །བྷི་ན་ས་ལ་གསོལ་བ་འདེབས། །མཁས་བཙུན་ཡུམ་གྱི་བྱིན་བརླབས་པས། །ལུས་སེམས་དངོས་པོའི་མཚན་མ་ཡལ། །གཉིད་ལོག་འོད་གསལ་ངང་ལ་གནས། །ལ་ཝ་པ་ལ་གསོལ་བ་འདེབས། །གསང་བདག་སྤྲུལ་པ་རྒྱལ་པོའི་ཚུལ། །འདོད་ཡོན་མ་སྤངས་ལམ་དུ་འཁྱེར། །བདེ་ཆེན་འཁོར་འདས་དབང་འབྱོར་པའི། །ཨིནྜ་བོ་དྷིར་གསོལ་བ་འདེབས། །བཀའ་བབས་བཞི་ཡི་གདམས་པ་ཡི། །སྐུ་བཞི་ཟག་མེད་ཡེ་ཤེས་བརྙེས། །མཁའ་འགྲོའི་དབང་ཕྱུག་འགྲོ་བའི་དཔལ་ཏེ་ལོའི་ཞབས་ལ་གསོལ་བ་འདེབས། །ཐམས་ཅད་མཁྱེན་པ་དཔའ་བོ་ཆེ། །ལུང་བསྟན་དཀའ་བ་བཅུ་གཉིས་སྤྱད། །སྙན་བརྒྱུད་ཡིད་བཞིན་ནོར་བུ་འཛིན། །ནཱ་རོ་པ་ལ་གསོལ་བ་འདེབས། །དབང་བཞི་ཆགས་པའི་ལམ་བགྲོད་པས། །དགའ་བཞི་མཐར་ཕྱིན་སྐུ་བཞི་ཐོབ། །སྟོང་ཉིད་དོན་རྟོགས་ཧེ་རུ་ཀ །ཏཱི་ཕུའི་ཞབས་ལ་གསོལ་བ་འདེབས། །སྒྲ་བསྒྱུར་དོན་ལ་མཁས་པ་ཡི། །བསྒྲུབ་བརྒྱུད་བསྟན་པ་རྒྱས་པར་མཛད། །ཐབས་ལམ་མཐར་ཕྱིན་དངོས་གྲུབས་རྙེས། །མར་པའི་སྐུ་ལ་གསོལ་བ་འདེབས། །ཞབས་ཏོག་གསུམ་གྱིས་བླ་མ་མཉེས། །རྒྱུད་སྡེ་བཞི་ལ་མ་རྨོངས་པས། །འཁོར་འདས་ཆོས་རྣམས་མ་ལུས་མཁྱེན། །

(༤༣༧)རྡོག་སྟོན་ཞབས་ལ་གསོལ་བ་འདེབས། །དཀའ་ཐུབ་མཐར་ཕྱིན་བསྐྱེད་རྫོགས་བསྐྱངས། །མཁའ་འགྲོས་བྱིན་རླབས་བདེ་དྲོད་བརྙེས། །འོད་གསལ་མངོན་གྱུར་ཕྲིན་ལས་ཅན། །མི་ལའི་ཞབས་ལ་གསོལ་བ་འདེབས། །སྣང་སྲིད་གདོད་ནས་ལྷ་ཡི་སྐུ། །ཞི་ཁྲོ་ངོ་བོ་ཉིད་ཀྱི་བདག །མཆོག་ཐུན་དངོས་གྲུབ་རྩོལ་མཛད་པའི། །ཡི་དམ་ལྷ་ལ་གསོལ་བ་འདེབས། །སྣང་དང་སྟོང་པའི་རང་བཞིན་ལ། །བདེ་གསལ་མི་རྟོག་འདུས་མ་བྱས། །སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ། །རྒྱལ་བའི་ཡུམ་ལ་གསོལ་བ་འདེབས། །སྣང་གྲགས་ཆོས་རྣམས་ཐམས་ཅད་ཀུན། །འོད་གསལ་ཆོས་ཀྱི་སྐུ་རུ་རྟོགས། །ཕྱི་ནང་བར་ཆད་དབྱིངས་སུ་དག །ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །ཞེས་གསོལ་བ་བཏབ། དེ་ནས་སྐུ་མཚམས་གྲོལ་ནས། ལས་ཅན་འགའ་ལ་ཆོས་གནང་། དེར་ཆོས་ཞུ་བ་པོ་ཐམས་ཅད་ཆོས་ལ་ངེས་ཤེས་སྐྱེས། བླ་མ་ལ་དད་པ་ཐོབ་ཉམས་མྱོང་རྟོགས་པ་རྣམས་གོ་རིམས་བཞིན་ཐོབ་པས་བླ་མའི་དྲུང་དུ་སྡོད་ནུས་པ་ཤ་དག་བྱུང་སྟེ། ཁོང་རྣམས་ན་རེ་བླ་མའི་གསུང་རེ་རེས་ཀྱང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕུ་ཐག་ཆོད་ཤེས་པ་ཡང་ཤིག་ཤིག་འགྲོ་བློ་ཡི་ཞེན་པ་ཡང་ཁྲོལ་ཁྲོལ་འགྲོ་ཞིང་གདའ། ད་ངེད་རྣམས་ལ་ཉམས་མྱོང་རྟོགས་པའི་གསལ་འདེབས་ཆོས་ཀྱི་བསྐུལ་མ་འཕྲལ་གྱི་བརྗེད་གསོ་བ་ཚིག་ཉུང་ལ་དོན་ཚང་པའི་མགུར་ཞིག་ཐུགས་

(༤༣༨)རྗེས་བཟུང་ཞུ་བ་འདི་གསུངས་སོ།། ༈ །།ན་མོ་གུ་རུ། །དབྱིངས་གདོད་མའི་སངས་རྒྱས་ཆོས་ཀྱི་སྐུ། །མཐའ་བྲལ་ཡེ་ཤེས་ཆེན་པོའི་ངང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྲོས་བྲལ་བླ་མའི་ཞབས་ལ་འདུད། །རྣལ་འབྱོར་ཉམས་ཀྱི་དབྱངས་ཞིག་ལེན། །མ་ཡེངས་སེམས་ལ་འདི་ལྟར་བཟུང་། །གྲུབ་ཐོབ་རྒྱུད་པའི་གདམས་ངག་འདི། །རིག་པའི་ཁ་ལ་སྐུར་བ་འཕངས། །དེས་ན་མ་སླད་ངེས་ཤེས་གཅེས། །སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་འདི། ཐ་མལ་ལུས་སུ་བཏང་བར་འཕངས། །དེས་ན་ལྷ་ཡི་རྒྱས་འདེབས་གཅེས། །ཐབས་ཀྱི་གདམས་ངག་ཟབ་མོ་འདི། །དོན་མེད་ཡལ་བར་གཞག་པ་འབངས། །དེས་ན་བརྩོན་འགྲུས་དྲག་པོ་གཅེས། །ཐབས་གསལ་དྲན་པའི་སྒྲོན་མེ་འདི། །དམིགས་གཏད་ཞེན་པར་བཏང་བ་འཕངས། །དེས་ན་སྟོང་པའི་རྒྱས་འདེབས་གཅེས། །སྤྱོད་པ་ཞེན་མེད་ལྷུག་པ་འདི། །ཆོས་བརྒྱད་ཆུ་ལ་བསྐུར་བ་འཕངས། །དེས་ན་བྱ་བ་གཏང་པ་གཅེས། །རང་སེམས་ཡིད་བཞིན་ནོར་བུ་འདི། །མ་རིག་མུན་པར་འཁྱམས་པ་འཕངས། །དེས་ན་འོད་གསལ་མ་ཡེངས་གཅེས། །སྙན་རྒྱུད་གདམས་ངག་སྣ་ཚོགས་འདི། །ཐེ་ཚོམ་དབང་དུ་གཏོང་བ་འཕངས། །དེས་ན་ངེས་ཤེས་འཆར་བ་གཅེས། །ཟག་མེད་བསྒོམ་པའི་ཉམས་མྱོང་འདི། །ལེ་ལོ་བཏང་སྙོམས་བཞག་པ་འཕངས། །དེས་ན་ཉམས་མྱོང་འགྱུར་མེད་གཅེས། །འཆི་

(༤༣༩)བའི་འཇིགས་པ་བྱུང་དུས་སུ། །རྣམ་ཤེས་རང་གར་ཤོར་བ་འཕངས། །དེས་ན་བསྲེ་འཕོའི་ཉམས་ལེན་གཅེས། །ཐོས་བསམ་མཁས་པའི་མི་རྣམས་ཀྱང་། །ཚིག་རྣོ་དོན་ལ་བཏུལ་བ་འཕང་ཚིག་དོན་རྒྱུད་ལ་སྦྱོར་བ་གཅེས། །རང་སེམས་དཔང་པོར་བཞག་ལགས་ནས། །སྡོམ་པ་ངོ་ལྐོག་བྱེད་པ་འཕངས། །དེས་ན་རྟོགས་པ་བརྟན་པོ་གཅེས། །རྗེ་བཙུན་ཞལ་གྱི་གདམས་ངག་དེ། །འདུ་འཛིའི་གཡེང་བར་འབྱམས་པ་འཕངས། །དེས་ན་སྙིང་རུས་དྲག་པོ་གཅེས། །སྙན་རྒྱུད་བསྐོམ་བའི་རྣལ་འབྱོར་པ། །མི་ནག་གྲོང་དུ་འཁྱམས་པ་འཕངས། །དེས་ན་རི་ཁྲོད་འགྲིམ་པ་གཅེས། །ཞེས་གསུངས་པས་དེར་བུ་སློབ་འགའ་ཞིག་དང་ཁྱད་པར་དུ་སྙག་ཅེར་བུན་རེ་དེ་རྣམས་འཕྲལ་སྤྱད་ཀྱི་སླབ་བྱར་འདུག་པས་བཀའ་དྲིན་ཆེ། ད་དེ་ལྟར་ཉམས་སུ་བླངས་ན་བློ་བུར་གྱི་རྣམ་ཤེས་འདི་བྱ་བྱེད་མང་། རྟོག་པའི་ཟག་པ་འདིས་འགགས་དམ་ཐེ་ཚོམ་གྱི་སྐུངས་ས་འདིས་གང་དུ་ཡང་སླེབ་ཉོན་མོངས་ཀྱི་གསུན་མ་འདི་རྐང་པ་ཡང་ཉམས་མྱོང་གི་སྐྱེལ་མ་འདི་རྐང་ཐག་ཐུང་། རྟོགས་པའི་ནོར་བུ་ལ་གནོད་པ་བྱུང་གི་དོགས་པས་འགལ་རྐྱེན་དེ་རྣམས་སེལ་ཐུབ་པའི་མགུར་ཞིག་ཞུ་ཟེར་ནས་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་ལ། བླ་མས་མགུར་འདི་གསུངས་སོ།། ༈ །།ན་མོ་གུ་རུ། །ཡེ་ནས་དག་པ་རང་བཞིན་ཆོས་སྐུ་ལ། །འགྱུར་མེད་རང་

(༤༤༠)གསལ་རིག་སྟོང་ལོངས་སྤྱོད་རྫོགས། །འགག་མེད་ཤར་གྲོལ་སྣང་སྟོང་སྤྲུལ་པའི་སྐུ། །སྟོང་ཉིད་རྡོ་རྗེ་རྣལ་འབྱོར་ཞབས་ལ་འདུད། །ཐམས་ཅད་ཆོས་སྐུའི་རོལ་པ་ལ། །བདུད་དང་བར་ཆད་མིང་ཡང་མེད། །འོན་ཀྱང་གཉིས་མེད་མ་རྟོགས་པར། །སྤང་བླང་འདོར་ལེན་འདི་ལྟར་དགོས། །བླ་མ་སངས་རྒྱས་རང་བཞིན་ལ། །བློ་ཡི་ལོག་རྟོག་མི་བགྱིད་འཚལ། །བློ་ཡི་ལོག་རྟོག་བགྱིས་པ་ན། །བྱིན་རླབས་དོན་དང་འགལ་ཉེན་གདའ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །ཐ་མལ་འདུ་ཤེས་མི་བགྱི་འཚལ། །ཐ་མལ་འདུ་ཤེས་བགྱིས་པ་ན། །ཡི་དམ་ལྷ་དང་འགལ་ཉེན་གདའ། །རང་བཞིན་གཉུག་མའི་ངོ་བོ་ལ། །བློ་ཡི་བཅས་བཅོས་མི་བགྱི་འཚལ། །བློ་ཡི་བཅས་བཅོས་བགྱིས་པ་ན། །གཉུག་མའི་དོན་དང་འགལ་ཉེན་གདའ། །ངོ་བོ་བསམ་དུ་མེད་པ་ལ། །ཡེངས་མེད་བྱ་ར་མི་བགྱི་འཚལ། །ཡེངས་མེད་བྱ་ར་བགྱིས་པ་ན། །གཡེང་བརྒྱུད་ལ་འཆར་ཉེན་གདའ། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །རྩོལ་བའི་ཉམས་ལེན་མི་བགྱི་འཚལ། །རྩོལ་བའི་ཉམས་ལེན་བགྱིས་པ་ན། །ལྷུན་གྲུབ་དོན་དང་འགལ་ཉེན་གདའ། །ཡེ་ནས་དག་པ་ཆོས་ཉིད་ལ། །མཉམ་ཉིད་དྲི་མས་མི་གོས་འཚལ། །མཉམ་ཉིད་དྲི་མས་གོས་པ་ན། །རྣམ་དག་དོན་དང་འགལ་ཉེན་གདའ། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཡིན་མིན་

(༤༤༡)རྩིས་གདབ་མི་བགྱི་འཚལ། །ཡིན་མིན་རྩིས་གདབ་བགྱིས་པ་ན། །གྲུབ་མཐའི་བློ་རུ་འགྲོ་ཉེན་གདའ། །རང་སེམས་སྐྱེ་འགག་མེད་པ་ལ། །འདི་དང་ཕྱི་མར་མི་ལྟ་འཚལ། །འདི་དང་ཕྱི་མར་བལྟས་པ་ན། །སྐྱེ་མེད་དོན་དང་འགལ་ཉེན་གདའ། །སེམས་ཉིད་གཞི་རྩ་བྲལ་བ་ལ། །ཕྱེད་འཛིན་འདུ་ཤེས་མི་བགྱིད་འཚལ། །ཕྱེད་འཛིན་འདོད་པ་བགྱིས་པ་ན། །བྱར་མེད་དོན་དང་འགལ་ཉེན་གདའ། །ཆོས་སྐུ་མཉམ་ཉིད་ཆེན་པོ་ལ། །ཐེག་པའི་རིམ་པ་མི་བགྱི་འཚལ། །ཐེག་པའི་རིམ་པ་ཕྱེ་བ་ན། །མཉམ་ཉིད་དོན་དང་འགལ་ཉེན་གདའ། །དམིགས་མེད་ཐུགས་རྗེ་ཆེན་པོ་ལ། །བློ་ཆུང་འགྲོ་དོན་མི་བགྱི་འཚལ། །བློ་ཆུང་འགྲོ་དོན་བགྱིས་པ་ན། །རྟོགས་པ་འཐུར་ལ་བདུད་ཉེན་གདའ། །གདའ་བ་བཅུ་གཉིས་བྱ་བ་འདི། །གནམ་རྒྱང་འཕངས་པའི་མདའ་བཞིན་དུ། །རང་ལོག་འཐུར་ལ་འབབ་ཉེན་གདའ། །དེ་ཕྱིར་དབྱངས་འདི་བླངས་པ་ཡིན། །ཚིག་དོན་རྒྱུད་ལ་སྦྱོར་བ་གཅེས། །ཞེས་གསུངས་སོ། །ཡང་གནས་དེར་བ་ལ་འགྱུར་གྱི་དོ་ཧ་ཚར་གསུམ་གསུངས། །དཀར་ཁྲིད་ནག་ཁྲིད་དམར་ཁྲིད་ལ་སོགས་ཁྲིད་སྐོར་ཚང་མ་གནང་། དེའི་དུས་ཞིག་བྲམ་ཟེ་ཆེན་པོ་ལ་སྙིང་པོའི་རྒྱུད་པས་སྐོར་བ་ཞལ་གཟིགས། དབང་ཞིག་མཛད་པའི་དུས་སུ་དཀྱིལ་འཁོར་གྱི་མཐའ་ལ་ལྷ་རྫས་ཀྱི་མེ་ཏོག་མང་པོ་འདུག་པ་སྐལ་ལྡན་མང་པོས་མཇལ། །རྡོ་རྗེ་

(༤༤༢)དྲིལ་བུ་བར་སྣང་ལ་བླ་མས་བཞག་པས་གཡོ་འགུལ་མེད་པར་འདུག་པ་ཞང་བྲག་རྩེ་བས་མཐོང་། བླ་མ་ཉིད་ཞབས་ས་ལ་མ་རེག་པར་བར་སྣང་ལ་འབྱོན་པ་སྦ་ལེ་པོས་མཐོང་། གཞན་ཡང་མཐོང་སྣང་མང་དུ་བྱུང་། དེར་ཞང་ཁྲོམ་པ་སྐྱེས་ན་རེ་དད་པ་དང་མོས་གུས་ཆེ་དམ་ཚིག་དང་སྡོམ་པ་ལེགས་པར་བསྲུངས་བླ་མས་གསུངས་པའི་ཆོས་རྣམས་ཀྱང་ཕལ་ཆེ་བ་སེམས་ལ་བཞག་ཆོས་དབང་མན་ངག་ཐམས་ཅད་ལ་གདེང་མ་ཐོབ་ཀྱང་འགྱོད་པ་མེད་ཟེར་ནས་བག་ཡངས་སུ་ཅུང་ཟད་སྡོད་པ་ལ། བླ་མས་གནད་ཀྱི་འཇུན་པའི་མགུར་འདི་གསུངས་སོ། ༈ །རྗེ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །སྐུ་ལྔའི་ངོ་བོ་རྡོ་རྗེ་འཆང་། །ཁྱབ་གདལ་བརྗོད་མེད་ཀུན་ཏུ་བཟང་། །འགྲོ་མགོན་བླ་མ་རྗེ་ལ་འདུད། །བདག་ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །ལར་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཆོས་སྒོར་ཞུགས་ཀྱང་ཅི་ལ་ཕན། །འཁོར་བའི་རྒྱུད་ལས་མ་འདས་པར། །ཐར་པའི་ལམ་ལ་ཁོ་ཐག་ཆོད། །ཚེ་འདི་བློ་ཡིས་མ་ཐེངས་ན། །གདམས་ངག་མཁས་ཀྱང་ཅི་ལ་ཕན། །དགེ་སྦྱོར་ཡིད་སྨོན་ས་རུ་ལུས། །ཆོས་དང་མཐུན་པར་ཁོ་ཐག་ཆོད། །སྙན་རྒྱུད་ལམ་ཁྲིད་མ་བསྐྱངས་ན། །ཐ་སྙད་མཁས་ཀྱང་ཅི་ལ་ཕན། །གོ་བ་ཐོས་བསམ་ཤེས་རབ་ལ། །སྒོམ་རྒྱུད་ལ་སྐྱེ་བའི་ཁོ་ཐག་ཆོད། །རྩ་བ་ཆོས་སྐུར་མ་ཤར་ན། །གནས་པ་

(༤༤༣)བརྟན་ཡང་ཅི་ལ་ཕན། །ལམ་གྱི་གོལ་གྲིབ་མཆོད་ན། །རྟོགས་པ་འཆར་བའི་ཁོ་ཐག་ཆོད། །བྱམས་སྙིང་རྗེའི་ལག་ལེན་མ་བྱས་ན། །སེམས་བསྐྱེད་བྱས་པས་ཅི་ལ་ཕན་ཉན་རང་ས་ལས་མི་འདའ་བས། །གཞན་དོན་འགྲུབ་པའི་ཁོ་ཐག་ཆོད། །ཉམས་མྱོང་བྱུང་རྒྱལ་མ་སྐྱོངས་ན། །མཉམ་གཞག་བཟང་བས་ཅི་ལ་ཕན། །རྐྱེན་ངན་དགེ་སྦྱོར་དགྲ་རུ་ལྡང་། །འཁྲུལ་པ་སེལ་བའི་ཁོ་ཐག་ཆོད། །རྟོགས་པ་གཉིས་མེད་དུ་མ་ཤར་ན། །ངོ་བོ་མཐོང་བས་ཅི་ལ་ཕན། །ཆོས་ལ་རང་བྱན་མ་ཚུད་ན། །གཅིག་ཤེས་ཀུན་གྲོལ་ལ་ཁོ་ཐག་ཆོད། །དེས་ན་དམ་ཆོས་འདི་བཞིན་མཛོད། །འཁོར་བའི་ཆོས་ལ་ཡིད་ཕྱུང་ལ། །ཆོས་དང་རང་རྒྱུད་བསྲེ་བ་གཅེས། །སྙན་རྒྱུད་ཉམས་སུ་ལེན་པ་ལ། །རི་ཁྲོད་དབེན་པ་བརྟེན་པ་གཅེས། །བསྒྲུབ་ལ་ནན་ཏན་བྱེད་པ་དང་། །བྱང་སེམས་སྟོང་ཉིད་བསྡོམ་པ་གཅེས། །ཚོགས་དྲུག་རོ་སྙོམས་བྱེད་པ་དང་། །རྐྱེན་ངན་ལམ་དུ་འཁྱེར་བ་གཅེས། །རྒྱུན་དུ་བླ་མ་བསྒོམ་པ་དང་། །རང་སེམས་བླ་མར་བསྲེ་བ་གཅེས། །ཞེས་གསུངས་པས། ཞང་ཁྲོམ་པ་སྐྱེས་ལ་སོགས་སློབ་མ་འགའ་ཞིག་ཤིན་ཏུ་དད་པར་གྱུར་ཏེ། བླ་མའི་གསུང་ལ་གཅེས་སྤྲས་བྱེད་བཞིན་ཉམས་སུ་བླངས་པས་འགྲོ་བ་ལ་ཕན་ཐོགས་པའི་སློབ་མ་མང་པོ་བྱུང་ངོ། །ཡང་གནས་དེར་དད་པ་ཅན་འགའ་ཞིག་ལ་

(༤༤༤)ཆོས་ཤིག་གནང་པའི་ཐོན་ཐོན་གྲལ་དུ་དད་པ་དབང་མེད་སྐྱེས་པ་མང་དུ་བྱུང་། དེར་སློབ་མ་འགའ་ཞིག་གིས་ཞལ་གདམས་སླབ་བྱའི་མགུར་ཞིག་ཐུགས་རྗེས་འཛིན་པ་ཞུ་ཞུ་བ་ལ་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །དབྱིངས་འདུས་མ་བྱས་ཀྱི་གཞལ་ཡས་སུ། །ཕ་དུས་གསུམ་རོ་ཅིག་བླ་མ་བཞུགས། །མཚན་བརྗོད་ན་དབྱིངས་རིག་རྡོ་རྗེ་འཆང་། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གནས་མུ་མཐའ་མེད་པའི་འཁོར་བ་འདི་རུ། །དམ་པ་ཆོས་ཀྱི་ཉི་མ་ཤར་ནས། །ཆོས་སྒོར་ཞུགས་པའི་དད་པ་ཅན་མེད་དམ། །གཏན་དུ་ཆོས་དང་མཇལ་བར་དཀའ་འོ། །དུས་ངན་མུན་པའི་སྨག་རུམ་འདི་རུ། །སངས་རྒྱས་བསྟན་པའི་ཉི་མ་ཤར་ནས། །དགེ་སྦྱོར་བྱེད་པའི་གོ་ཆ་མེད་དམ། །གཏན་དུ་མི་ལུས་ཐོབ་པར་དཀའོ། །འཁོར་བ་སྡུག་བསྔལ་བརྩོན་ར་འདི་རུ། །གཟུང་འཛིན་གཉིས་ཀྱི་ལྕགས་སུ་ཚུད་ནས། །རི་ཁྲོད་འགྲིམ་པའི་བརྩོན་འགྲུས་མེད་དམ། །གཏན་དུ་སྡད་ལོང་ཡོད་པར་དཀའོ། །སྡུག་བསྔལ་རྩ་བ་ཁྱིམ་ཐབ་ཡིན་པས། །བྱུར་གྱི་གཉའ་ཐག་ཆོད་ལ་ཐོང་དང་། །གཅིག་པུར་སྡོད་པའི་སྙིང་རུས་མེད་དམ། །ནམ་ཡང་འདུས་ཚད་འབྲལ་བར་འདུག་གོ། །ཉེ་དྲུང་འཁོར་བའི་འདམ་རྫབ་འདི་རུ། །ཧ་ཅང་དུང་སེམས་མ་ཆེ་མཛོད་དང་། །རྒྱ་མཁམས་སྐོར་བའི་རྣལ་འབྱོར་མེད་དམ། །ནམ་ཡང་གཅིག་པུར་འགྲོ་དགོས་འདུག་གོ། །ལུས་སེམས་སྐྱེས་

(༤༤༥)པའི་ཕ་མ་དེ་ལ། །རྒས་ནས་འཁོས་མེད་དོར་བར་མ་བྱེད། །ཞབས་ཏོག་མཛོད་དང་དྲིན་ཅན་གཉིས་ལ། །དཀོན་མཆོག་བཞི་པ་ཡིན་པའི་ཕྱིར་རོ། །འབྱུང་བཞི་འདུས་པའི་སྒྱུ་ལུས་འདི་ལ། །ཧ་ཅང་འཛིན་པ་མ་ཆེ་མཛོད་དང་། །བདག་འཛིན་བྲལ་བའི་སྐལ་ལྡན་མེད་དམ། །ནམ་ཡང་ཕུང་པོ་འཇོག་དགོས་འདུག་པ། །ཚིག་གི་འབྲེལ་བའི་ཆོས་གྲོགས་རྣམས་ལ། །དམ་ཚིག་གཅིག་པའི་སྤུན་གྲོགས་ཡིན་པས། །མ་དད་སྣང་ལོག་མ་ཆེ་མཛོད་དང་། །དག་སྣང་སྦྱོང་པའི་སྐལ་ལྡན་མེད་དམ། །འདི་ཕྱི་གཉིས་ཁར་འགྲོགས་པར་འཆིའོ། །འཁོར་བ་སྒྲོལ་བའི་དེད་དཔོན་རྗེ་ལ། །གཡག་འགྲོགས་མ་བྱེད་གསོལ་བ་ཐོབ་དང་། །མོས་གུས་བྱེད་པའི་ལས་ཅན་མེད་དམ། །རྡོ་རྗེ་འཆང་ཆེན་དངོས་སུ་འདུག་གོ། །ཞལ་ནས་གསུངས་པའི་གདམས་ངག་རྣམས་ལ། །ཧ་ཅང་ལེ་ལོ་མ་ཆེ་མཛོད་དང་། །ཉམས་སུ་ལེན་པའི་བརྩོན་འགྲུས་མེད་དམ། །འཁོར་འདས་ཆོས་རྣམས་རང་སར་གྲོལ་ལོ། །སྣང་བ་ཆོས་སྐུའི་རོལ་པ་འདི་ལ། །རེ་དོགས་འཁྲུལ་པས་མ་སླད་མཛོད་དང་། །སྣང་བ་ཆོས་སྐུར་འཆར་བ་མེད་དམ། །ཀུན་རྫོབ་དོན་དམ་གཉིས་སུ་མེད་དོ། །ཅེས་གསུངས་པས་འཁོར་བ་ལ་ཞེན་པ་ལོག་སྟེ་དགོན་པ་དང་རི་ཁྲོད་འཛིན་པའི་གང་ཟག་སྐལ་ལྡན་མང་དུ་བྱུང་ངོ་། །དེ་རྣམས་ནི་ངམས་ཤོད་ལ་བྱོན་

(༤༤༦)ཞིང་རྫོང་རི་ལ་གཏེར་སྦས་པ་དང་། ཡར་སྟོད་སྲིན་མོ་བྲག་ཏུ་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད་པའི་བསྐོར་ཚེ་དེ་བཞི་པའོ།། ༈ །།ལྔ་པ་ནི། དེ་ནས་བླ་མ་ཉིད་རི་ཁྲོད་དབེན་པ་ཞིག་ཏུ་འབྱོན་པར་དགོངས་པ་ལས། ཞང་བྲག་རྩེ་བ་དང་སྙག་ཅེར་བུ་སྦ་ལེ་པོ་རྣམས་ཀྱིས་ཞབས་ཏོག་བྱས། བླ་མས་ལུང་བསྟན་པའི་གནས་ཡར་ལྷ་ཤམ་པོའི་གངས་འདབས་ཤམ་བུ་ཡུ་དཀར་ཞེས་བྱ་བ་དབེན་ཞིང་ཉམས་དགའ་བ་རིག་པ་དངས་ཤིང་མཁའ་འགྲོ་འདུ་བ། བདེ་མཆོག་འཁོར་ལོའི་ཕོ་བྲང་བསྒྲུབ་གནས་ཀ་པ་ལ་ཁ་སྦུབ་པ་ལྟ་བུ་དེར་དགོན་པ་མཛད་ནས་རྟོགས་པ་སྐྱོང་བཞིན་བཞུགས་པས། དེར་ཤིན་ཏུ་སོ་སོད་པ་དང་ཐུགས་དམ་འཕེལ་བར་བྱུང་བས་ཉམས་བདེ་བར་ཚོར་བའི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། བདེ་བ་ཆེན་པོའི་དབྱིངས་ཤེས་ན། །ཀུན་ཁྱབ་ཆོས་སྐུ་དྲི་མ་མེད། །གང་ཤར་ལོངས་སྐུ་གསལ་ལ་དག །བདེ་སྟོང་སྤྲུལ་པས་འགྲོ་དོན་མཛད། །རང་སེམས་བླ་མ་དབྱེར་མེད་འདུད། །སྡུག་བསྔལ་མེད་པའི་འཚོ་བ་འདི། །དད་ལྡན་སློབ་མས་སྦྱོར་ལགས་པས། །ཕ་མས་བུ་གཅེས་གསོ་བ་བཞིན། །ཟོས་པས་ཆོག་པ་འདི་ཡང་བདེ། །མི་ཚེ་ལྡུམ་བུ་ཅིག་ལ་སྐྱེལ། །འབད་བརྩོལ་མེད་པའི་དགེ་སྦྱོར་ནི། །འབྲལ་མེད་རྒྱུད་ལ་ཤར་ལགས་པས། །སྨྱོན་པས་དྲན་པ་རྙེད་པ་བཞིན། །ཉལ་བས་ཆོག་པ་འདི་ཡང་

(༤༤༧)བདེ། །མི་ཚེ་གང་བྱུང་ཞིག་ལ་སྐྱལ། །སྤང་དཀའ་སྲིད་པའི་སྡུག་བསྔལ་འདི། །བླ་མའི་དྲིན་གྱིས་ཟད་ལགས་པས། །དཔའ་བོ་གཡུལ་ལས་རྒྱལ་བ་བཞིན། །ཉམས་ང་མེད་པ་འདི་ཡང་བདེ། །མི་ཚེ་བྱར་མེད་ཅིག་ལ་སྐྱལ། །དྲིན་ཅན་བླ་མ་རིན་པོ་ཆེ། །སྤྱི་བོའི་གཙུག་ཏུ་ཁུར་ལགས་པས། །ཡིད་བཞིན་ནོར་བུ་མཆོད་པར་བཞིན། །ཅི་བསམས་འགྲུབ་པ་འདི་ཡང་བདེ། །མི་ཚེ་མོས་གུས་ཅིག་ལ་སྐྱལ། །གྲུབ་ཐོབ་རྣམས་ཀྱི་གདམས་ངག་འདི། །རང་གི་རྒྱུད་ལ་སྦྱར་ལགས་བས། །ཀ་རའི་པ་དར་ལ་ཟོས་པ་བཞིན། །ཕྱོགས་རིས་མེད་པ་འདི་ཡང་བདེ། །མི་ཚེ་སྒོམ་སྒྲུབ་ཅིག་ལ་སྐྱལ། །ནཱ་རོ་མེ་ཏྲིའི་བུ་རྒྱུད་འདི། །གྲུབ་ཐོབ་རྒྱུན་ཆད་མ་མཆིས་པས། །རྒྱལ་པོས་རྒྱལ་ས་ཟིན་པ་བཞིན། །རེ་དོགས་མེད་པ་འདི་ཡང་བདེ། །མི་ཚེ་ཉམས་ལེན་ཅིག་ལ་རྒྱལ། །ཞེས་གསུངས་ཤིང་གནས་དེར་བསྒྲུབ་པ་ལ་ཡུན་རིང་དུ་བཞུགས་པ་མཛད་པའི་སྐབས་ཤིག་གི་ཚེ། །ཕག་མོ་ནག་མོ་ལ་ཕག་མོ་ཉི་ཤུ་རྩ་ལྔས་སྐོར་བ་ཞལ་གཟིགས། སྒྲོལ་མ་དཀར་མོ་ལ་སྒྲོལ་མ་ཉི་ཤུ་རྩ་གཅིག་གིས་སྐོར་བ་བཞལ་གཟིགས། །དེ་ནས་དུས་ཤིག་གི་ཚེ་ཉམས་དགའ་བ་བརྒྱད་དུ་གྲགས་པའི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། བཀའ་སྲོལ་གྱི་འཇུག་སྒོ་མ་ནོར་བས། །ནཱ་རོ་མེ་ཏྲིའི་རྒྱུད་པ་བཟུང་། །གྲུབ་ཐོབ་རྒྱུན་མི་ཆད་པར་གདའ། །

(༤༤༨)ཡོངས་སུ་གྲགས་པ་ཉམས་རེ་དགའ། །བླ་མའི་འཇུག་སྒོ་མ་ནོར་བས། །རྩ་བ་ཟིན་པའི་རྗེ་དང་མཇལ། །ཡིད་བཞིན་ནོར་བུ་རྙེད་ནས་གདའ། །དགོས་འདོད་འབྱུང་བ་ཉམས་རེ་དགའ། །གདམས་ངག་འཇུག་སྒོ་མ་ནོར་བས། །ཆོས་ཕྱག་རྒྱ་ཆེ་ལ་བློ་སྦྱོང་བྱས། །སྒྲོ་འདོགས་སེམས་ལ་ཆོད་ནས་གདའ། །རེ་དོགས་མེད་པ་ཉམས་རེ་དགའ། །དགེ་སྦྱོར་གྱི་འཇུག་སྒོ་མ་ནོར་བས། །རྒྱུན་ཆད་མེད་པའི་ལམ་དང་འཕྲད། །འབད་རྩོལ་མེད་པར་ལྷོད་དེ་གདའ། །ཉལ་བས་ཆོག་པ་ཉམས་རེ་དགའ། །རྟོགས་པའི་འཇུག་སྒོ་མ་ནོར་བས། །མ་བཅོས་ཐ་མལ་ཤེས་པ་འདི། །དྲན་པ་རྒྱུན་ཆགས་ཧྲིག་གེ་གདའ། །བདག་འཛིན་མེད་པ་ཉམས་རེ་དགའ། །ཉམས་མྱོང་གི་འཇུག་སྒོ་མ་ནོར་བས། །སྣང་བ་ཐར་པའི་ལམ་པོ་ཆེ། །དགག་སྒྲུབ་མེད་པར་སིང་ངེ་གདའ། །ཞེན་བློ་མེད་པ་ཉམས་རེ་དགའ། །སྤྱོད་པའི་འཇུག་སྒོ་མ་ནོར་བས། །གཡོ་རྒྱུའི་ཁོང་སྲན་རྩད་ནས་ཆོད། །དོས་ལྐོག་མེད་པར་འབོལ་ལེ་གདའ། །ཆོས་བརྒྱད་མེད་པ་ཉམས་རེ་དགའ། །མདུན་མའི་འཇུག་སྒོ་མ་ནོར་བས། །གཅིག་པོར་སྤྲང་པོ་དམན་ས་བཟུང་། །སྡུག་བསྔལ་མེད་པར་ཤིག་གེ་གདའ། །བྱ་བ་ཐེངས་པ་ཉམས་རེ་དགའ། །ཞེས་གསུངས་ནས་རྟོགས་པ་སྐྱོང་བཞིན་སྐུ་མཚམས་ལ་དམ་དུ་བཞུགས་ཡོད་པའི་དུས་ཤིག་ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་བླ་མ་ཉིད་ཀྱི་

(༤༤༩)འགྲོ་དོན་གྱི་སྟོང་གྲོགས་མཛད་པ་རྣལ་འབྱོར་མའི་ཆ་ལུགས་སུ་བྱས་པ་བྱར་ནས་འོངས་པ་ཡིན་ཟེར་བ་གསུམ་བྱུང་ནས་བླ་མ་ལ་ཕྱག་དང་ཞེས་ས་ཕུལ་སྙུན་དྲི་པ་ལ་སོགས་ཞིབ་ཏུ་བྱས་ནས་ལྟ་སྒོམ་སྤྱོད་པ་དམ་ཚིག་དང་འབྲས་བུ་གནས་ལུགས་དང་བཅས་པའི་གནད་རྣམས་དྲི་བའི་ཞུ་དོན་མགྲིན་ཅིག་ཏུ་འདི་ལྟར་ཕུལ་ལོ། ༈ །ཁྱེད་གཙང་ནས་བྱོན་པའི་རྣལ་འབྱོར་པ། །དཀའ་བ་སྤྱད་པའི་སྙིང་རུས་ཅན། །རོ་སྙོམས་མཛད་ཀྱི་ལྡུམ་བུ་པ། །གཅིག་པུར་བཞུགས་པའི་ཉམས་ལེན་མཁན། །རས་ཀྱང་བཞེས་པའི་ངོ་མཚར་ཅན། །མི་ཁྱོད་ལ་ཞུ་དོན་གླུ་མཆིས་པ། །སྙན་ལྷན་ནེ་གསོན་ལ་ཐུགས་དགོངས་འཚལ། །སྤྱིར་ཕྱོགས་རིས་སྤངས་པའི་རྣལ་འབྱོར་རྣམས། །སེམས་ཐག་ལྟ་བས་གཅོད་དོ་སྐད། །དཔེ་ནི་ཁྱུང་ཆེན་ལྡིང་པ་འདྲ། །མི་ཁྱོད་ཀྱི་ལྟ་བ་གང་ལ་བཞེད། །དེ་དོན་མ་འཚལ་གསུང་བ་ཞུ། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་རྣམས། །ཉམས་སུ་བསྒོམ་པ་ལེན་ནོ་སྐད། །དཔེ་ནི་འདོད་འཇོའི་བ་དང་འདྲ། །མི་ཁྱོད་ཀྱི་སྒོམ་པ་གང་ལ་བཞེད། །དེ་དོན་མ་འཚལ་གསུང་བ་ཞུ། །ལམ་འབྲལ་མེད་ཉམས་སུ་ལེན་པ་རྣམས། །སེམས་མ་བཅོས་མཉམ་པར་འཇོག་གོ་སྐད། །དཔེ་ནི་རྒྱ་མཚོ་དངས་པ་འདྲ། །མི་ཁྱོད་ཀྱི་སེམས་གནས་གང་ལ་བཞེད།

(༤༥༠)འདི་དོན་མ་འཚལ་གསུང་པ་ཞུ། །བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །བོགས་འདོན་སྤྱོད་པ་ལགས་སོ་སྐད། །དཔེ་ནི་གླང་ཆེན་སྨྱོན་པ་འདྲ། །མི་ཁྱོད་ཀྱི་སྤྱོད་པ་གང་ལ་བཞེད། །འདི་དོན་མ་འཚལ་གསུང་པ་ཞུ། །ཟོལ་ཟོག་སྤངས་པའི་གང་ཟག་རྣམས། །གཞི་དམ་ཚིག་གཙང་མ་ལགས་སོ་སྐད། །དཔེ་ནི་ཞིང་ས་བཤིམ་པོ་འདྲ། །མི་ཁྱོད་ཀྱི་དམ་ཚིག་གང་ལ་བཞེད། །འདི་དོན་མ་འཚལ་གསུང་པ་ཞུ། །རེ་དོགས་མེད་པའི་རྣལ་འབྱོར་རྣམས། །འབྲས་བུ་སྐུ་གསུམ་ལགས་སོ་སྐད། །དཔེ་ནི་ཡིད་བཞིན་ནོར་བུ་འདྲ། །མི་ཁྱོད་ཀྱི་འབྲས་བུ་གང་ལ་བཞེད། །འདི་དོན་མ་འཚལ་གསུང་པ་ཞུ། །ལར་ལྟ་བ་སེམས་ཀྱི་གནས་ལུགས་ཞུ། །སྒོམ་པ་སེམས་ཀྱི་དྲོད་རྟགས་ཞུ། །ཉམས་ལེན་སེམས་ཀྱི་བཞག་ཐབས་ཞུ། །སྤྱོད་པ་སེམས་ཀྱི་བོགས་འདོན་ཞུ། །དམ་ཚིགས་སེམས་ཀྱི་གྲོགས་པོ་ཞུ། །འབྲས་བུ་སེམས་ཀྱི་དངོས་གྲུབ་ཞུ། །ཐེ་ཚོམས་གོལ་བ་མ་ལགས་པས། །རྟོགས་པ་ཉམས་མྱོང་བསྡུར་བ་ཞུ། །ཁ་འཇམ་ཚིག་ཙམ་མ་ལགས་པས། །ཡང་དག་དོན་དུ་གཉེར་ནས་ཞུ། །ཚོགས་ལ་བརྟེན་པ་མ་ལགས་པས། །སྒོམ་པ་ཉམས་སུ་བླང་ལུགས་ཞུ། །ཁྱེད་རས་པའི་ཐུགས་ལ་དེ་ལྟར་ཞོག །ཅེས་ཞུ་དོན་ཕུལ་བ་ལས། །རྗེ་རས་ཆུང་པས་རྣལ་འབྱོར་མ་

(༤༥༡)གསུམ་གྱི་དྲི་ལན་མགུར་དུ་གསུངས་པ། ༈ །རྗེ་སྐུ་དྲིན་ཅན་ལ་ཕྱག་འཚལ་ལོ། །འོ་ན་བློ་གྲོས་སྐལ་བཟང་མ། །ཤེས་རབ་རང་བཞིན་སྦོབས་པ་ཅན། །རྣལ་འབྱོར་མ་རྣམས་སྙན་གསོན་དང་། །བསམས་ཤིང་ཡིད་ལ་མི་བྱེད་པ། །སྐྱེ་མེད་བདེ་ཆེན་གཟའ་གཏད་བྲལ། །འདི་རས་ཆུང་པ་ཡི་ལྟ་བ་ཡིན། །ཐ་སྙད་མཁན་ལ་ཅི་ཆ་ཡོད། །ཤེས་པ་རྟེན་དང་བྲལ་བ་ལ། །རང་སེམས་གང་དགར་དམིགས་གཏད་མེད། །འདི་རས་ཆུང་པ་ཡི་སྒོམ་པ་ཡིན། །དམིགས་གཏད་མཁན་ལ་ཅི་ཆ་ཡོད། །རང་བྱུང་ཆེད་དུ་མ་བྱས་པའི། །བདེ་གསལ་སྟོང་པའི་རང་བཞིན་འདི། །རས་ཆུང་པ་ཡི་ཉམས་མྱོང་ཡིན། །ཉམས་མེད་རྣམས་ལ་ཅི་ཆ་ཡོད། །ཞེན་རྟོག་བཅོས་མ་བྲལ་བ་ཡི། །རང་གི་ཤེས་པ་གང་དགར་སྐྱོང་། །རས་ཆུང་པ་ཡི་སྤྱོད་པ་ཡིན། །ཚུལ་ཆོས་མཁན་ལ་ཅི་ཆ་ཡོད། །རང་སེམས་གཡོ་མེད་དྲང་པོ་ལ། །ཟོལ་ཟོག་མེད་པ་དཔང་དུ་བཙུགས། །རས་ཆུང་པ་ཡི་དམ་ཚིག་ལགས། །གཡོ་རྒྱུ་མཁན་ལ་ཅི་ཆ་ཡོད། །རང་སེམས་བློ་ལས་འདས་པ་ལ། །རེ་དང་དོགས་པའི་མིང་ཡང་མིད། །འདི་རས་ཆུང་པ་ཡི་འབྲས་བུ་ཡིན། །བླང་དོར་མཁན་ལ་ཅི་ཆ་ཡོད། །གཉིས་འཛིན་བློ་དང་བྲལ་བ་ཡི། ཐ་མལ་ཤེས་པ་གཉུག་མ་ལ། །

(༤༥༢)བདུད་ཅེས་བྱ་བའི་མིང་ཡང་མེད། །ཐ་སྙད་ཞེན་ལ་ཅི་ཆ་ཡོད། །སངས་རྒྱས་ཐོབ་ཏུ་མི་རེ་ཞིང་། །དམྱལ་བར་སོང་དོགས་མེད་པ་སྟེ། །རས་ཆུང་པ་ཡི་རྟོགས་ཚད་ཡིན། །བློ་དམན་རྣམས་ལ་ཅི་ཆ་ཡོད། །སྣང་སྟོང་རྟོག་པས་མ་བཅིངས་ན། །དེ་ནི་ལྟ་བ་ཡང་དག་ཡིན། །མཐའ་དབུས་མེད་དེ་ནམ་མཁའ་འདྲ། །འགྱུར་བ་མེད་དེ་རི་བོ་འདྲ། །ཁྱེད་ལྟ་བ་བཞེད་ན་དེ་ལ་མཛོད། །དམིགས་གཏད་འཇུར་བུས་མ་བཅིངས་ན། །སྒོམ་པ་རང་གསལ་ཞེན་མེད་ཡིན། །གཡོ་བ་མེད་དེ་རྒྱ་མཚོ་འདྲ། །རྒྱུན་ཆད་མེད་དེ་ཆུ་བོ་འདྲ། །ཁྱེད་སྒོམ་པ་བཞེད་ན་དེ་ལ་མཛོད། །ཚུལ་འཆོས་ཐོ་ཅོས་མ་སླད་ན། །སྤྱོད་པ་ངེས་མེད་ཤུགས་འབྱུང་ཡིན། །ཉམས་ང་མེད་དེ་སེང་གེ་འདྲ། །བག་ཚ་མེད་དེ་གླང་ཆེན་འདྲ། །ཁྱེད་སྤྱོད་པ་འདོད་ན་དེ་ལ་མཛོད། །དཔང་པོ་སེམས་ཀྱི་མ་ཁྲེལ་ན། །དམ་ཚིག་རྣམ་དག་གཙང་མ་ལགས། །ཡོངས་སུ་དག་པ་ཤེལ་གོང་འདྲ། །སྐྱོན་གྱིས་མ་གོས་པདྨ་འདྲ། །ཁྱེད་དམ་ཚིག་བཞེད་ན་དེ་ལ་མཛོད། །ཞེན་ཆགས་འཛིན་པས་མ་བཅིངས་ན། །འབྲས་བུ་རེ་དོགས་མེད་པ་ཡིན། །འབད་པ་མེད་པ་ཉི་ཟླ་འདྲ། །གཞན་དོན་འབྱུང་པས་འོད་ཟེར་འདྲ། །ཁྱེད་འབྲས་བུ་བཞེད་ན་དེ་ལ་མཛོད། །ཞེས་གསུངས་པས་རྣལ་འབྱོར་མ་གསུམ་པོ་དགའ་མགུ་ཡིད་

(༤༥༣)རང་སྟེ། རྗེ་བཙུན་ལ་བསྟོད་པ་ཕུལ་བ།། ༈ །།རྗེ་རྒྱང་ནས་བྱོན་པའི་བསྒྲུབ་པ་པོ། །བྱ་བ་བཏང་བའི་རྣལ་འབྱོར་པ། །གཞན་དོན་མཛད་པའི་ངོ་མཚར་ཅན། །རྒྱལ་བའི་གདུང་གསོབ་སྤྲུལ་པའི་སྐུ། །སངས་རྒྱས་མངོན་གྱུར་རིན་པོ་ཆེ། །ཁྱེད་མ་མཐོང་གོང་ནས་སྙན་པ་ཆེ། །ད་ལྟ་ཞལ་མཐོང་གསུང་ཡང་ཐོས། །ཞལ་མཐོང་བ་མི་ཚད་ཞབས་ལ་གཏུགས། །གཏུགས་ཀྱི་མི་ཚད་ཐུགས་ལ་རྟགས། །གསུང་ཐོས་ཀྱི་མ་ཚད་མགུར་དུ་བཞེངས། །མགུར་ཡང་མ་ཚད་གདམས་པ་གནང་། །དེ་ཕྱིར་སྐུ་དྲིན་ཤིན་ཏུ་ཆེ། །རྗེ་བཙུན་ཐུགས་ཀྱི་དགོངས་པ་དེ། །སྔོན་ཆད་ལས་འབྲེལ་ཡོད་པར་ངེས། །མཚན་ཐོས་པ་ཙམ་ལ་དད་པ་སྐྱེས། །བྱང་ཆུབ་ཐུགས་དང་ལྡན་པར་ངེས། །སྐུ་མཐོང་བ་ཙམ་ལ་དགའ་བ་སྐྱེས། །ནང་གི་ཡོན་ཏན་མངའ་བར་ངེས། །ཕྱག་འདུད་པ་ཙམ་གྱི་སྤྲོ་བ་སྐྱེས། །གྲུབ་ཐོབ་རྒྱུད་པ་མངའ་བར་དེས། །གསུང་ཐོས་པ་ཙམ་གྱི་བ་སྤུ་གཡོ། །ངག་གི་སྐྱོན་རྣམས་སྤངས་བར་ངེས། །མགུར་བཞེངས་པ་ཙམ་གྱི་སྣང་བ་འགྱུར། །རྟོགས་པའི་མྱུ་གུ་འཁྲུངས་པར་ངེས་ །ཡིད་མོས་ཤིང་ཞུས་པ་ཐུགས་ཀྱི་མཁྱེན། །མངོན་ཤེས་རིག་པ་མངའ་བར་ངེས། །ཞབས་རེག་པ་ཙམ་གྱི་རྟོགས་པ་སྐྱེ། །བྱིན་རླབས་རྒྱུད་པ་མངའ་བར་

(༤༥༤)ངེས། །དེ་ལྟར་ངོ་མཚར་ཕུལ་དུ་ཕྱིན། །རྟོགས་པ་མཆོག་གི་རྣལ་འབྱོར་པ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །དེ་བློ་དམན་རྣམས་ཀྱིས་མི་རྟོགས་ཏེ། །ཕྱི་མཚོན་པ་བརྡ་ཡི་རྗེས་དཔགས་ནས། །དོན་རིགས་པས་བརྟགས་ན་འདི་ལྟར་གོ། །ཁྱེད་དང་པོ་ནུབ་ནས་འོངས་སོ་གསུངས། །ལོག་རྟོག་འཁྲུལ་པ་ནུབ་པའི་རྟགས། །དབུས་ཁམས་ཤར་ལ་སྡད་དོ་གསུང་། །རང་རིག་ཡི་ཤེས་ཤར་བའི་རྟགས། །ལམ་རིང་བགྲོད་ནས་འོང་ངོ་གསུང་། །འཁོར་བའི་ལམ་འཕྲང་ཕྱིར་བཞག་ནས། །ཐར་པའི་ལམ་ནས་གཤེགས་པའི་རྟགས། །རྒྱལ་ཁམས་ཕྱོགས་མེད་སྐོར་རོ་གསུང་། །ཡུལ་གྱི་འཛིན་པ་བཏང་བའི་རྟགས། །སྤྱོད་པ་དམན་ས་བཟུང་བ་སྟེ། །ཁེངས་སེམས་ང་རྒྱལ་མེད་པའི་རྟགས། །འཚོ་བ་བྱ་ཚོལ་བྱེད་པ་དེ། །ཟས་ནོར་འཛིན་ཆགས་མེད་པའི་རྟགས། །ཀུན་གྱི་ཡིད་དུ་འོང་བ་དེ། །ཚད་མེད་བཞི་དང་ལྡན་པའི་རྟགས། །རི་ཁྲོད་བས་མཐའ་སྙེག་པ་དེ། །འཇིག་རྟེན་བློ་ཡི་བཏང་པའི་རྟགས། །གཡའ་རི་གངས་བྲག་འགྲིམ་པ་དེ། །རྩེ་གཅིག་ཉམས་སུ་ལེན་པའི་རྟགས། །རི་བོའི་རྩེ་ལ་བཞུགས་པ་དང་། །སེམས་ལ་བརྟན་པ་ཐོབ་པ་དེ། །ལྟ་བའི་ཡང་རྩེར་ཕྱིན་པའི་རྟགས། །ཤམ་པོའི་གངས་ལ་དགྱེས་པ་དེ། །དཀར་པོའི་ཡོན་ཏན་རྫོགས་པ་དང་། །དམ་ཚིག་སྡོམ་པ་གཙང་བའི་རྟགས། །སྐུ་མཐོང་གཟི་

(༤༥༥)བརྗིད་ཆེ་བ་དེ། །ལྷ་སྐུ་ཕྱག་རྒྱ་གསལ་བ་དང་། །ཕྲག་དོགས་ཟུག་རྔུ་སྤངས་པའི་རྟགས། །སྐུ་ཤ་མདངས་དང་ལྡན་པ་དེ། །ཐིག་ལེ་ཉམས་སུ་ལེན་པའི་རྟགས། །སྐུ་ལུས་འཇམ་ཞིང་སྣུམ་པ་དེ། །ཉམས་མྱོང་དྲོད་རྟགས་ཐོབ་པའི་རྟགས། །ན་བཟའ་རས་རྐྱང་གསོལ་བ་དེ། །གཏུམ་མོ་ནང་ནས་འབར་བའི་རྟགས། །དཔུས་འཁྱུད་སྒོམ་ཐག་བཅུག་པ་ནི། །བསམ་གཏན་དོན་དུ་གཉེར་བའི་རྟགས། །གསུང་དོན་འཇམ་པོས་འགྲོལ་བ་དེ། །ཐུགས་རྒྱུད་ནང་ནས་འབྱོངས་པའི་རྟགས། །སྤྱོད་པ་ངེས་མེད་མཛད་པ་དེ། །གནས་ལ་ཆགས་པ་སྤོང་བའི་རྟགས། །ཉམ་ང་བག་ཚ་མེད་པ་དེ། །ཉམས་གྱི་གདེང་དང་ལྡན་པའི་རྟགས། །བརྟུལ་ཞུགས་བློ་གྲོས་མཛད་པ་དེ། །ཅིར་སྣང་གྲོགས་སུ་འཁྱེར་བའི་རྟགས། །ཐམས་ཅད་མོས་ཤིང་འདུན་པ་དེ། །དམ་པའི་རྗེ་ལ་གུས་པའི་རྟགས། །རྗེ་དེ་ཕྱིར་ངོ་མཚར་རྟགས་ཀྱིས་བརྒྱན། །སྤྲོས་བྲལ་དོན་གྱི་རྣལ་འབྱོར་པ། །དྲུང་དུ་བཞུགས་ན་གུས་ཕྱག་འཚལ། །རྒྱང་དུ་བཞུགས་ན་མོས་ཕྱག་འཚལ། །སྐུ་དྲིན་ཅན་གྱི་བླ་མ་ཁྱེད། །མི་འབྲལ་སྤྱི་བོར་བཞུགས་ལགས་ནས། །ལུས་ངག་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་ལ་རྟོགས་པ་སྐྱེད་དུ་གསོལ། །ཐར་པའི་ལམ་སྣ་འདྲེན་དུ་གསོལ། །ཞེས་རྟགས་ངེས་པའི་དོན་ལ་བསྟོད་པ་ཕུལ་ནས་བླ་མ་ལ་གདམས་ངག་གནང་དགོས་

(༤༥༦)པའི་གསོལ་བ་བཏབ་པས། རྗེ་བཙུན་གྱི་ཞལ་ནས་ཁྱེད་རྣམས་དང་ཁོ་བོ་གཉིས་སྔོན་གྱི་ལས་འཕྲོ་བཟང་པོ་འདུག་པས་གདམས་ངག་སྦྱིན་པར་བྱ་ཡི་ཞག་འགའ་འདིར་སྡོད་ཅིག་གསུང་ནས་བར་ཆད་བསྲུང་པའི་ཆ་རྐྱེན་དུ་གཏུམ་པོ་ཁྱུང་ཤམ་ཅན་གྱི་སྒྲུབ་ཐབས་བསྡུས་པ་ཅིག་གནང་ཉམས་སྒྲིབ་སེལ་བའི་གདམས་ངག་ཚར་གསུམ་ཁུག་བ་དབང་གི་གདམས་ངག་གནང་། སེམས་ཀྱི་བཞག་ཐབས་དང་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་སྟོན་པའི་གདམས་ངག་ཕྱག་རྒྱ་ཆེན་པོ་བསམ་གཏན་ཐུན་འཇོག་གནང་གཞན་ཡང་གདམས་ངག་ཁ་འཐོར་བ་མང་དུ་གནང་བས། །རྣལ་འབྱོར་མ་གསུམ་གྱིས་རི་ཁྲོད་བས་མཐའ་རྣམས་སུ་ཉུལ་ཞིང་བསྒོམ་པས་ས་ལམ་གྱི་ཡོན་ཏན་རྣམས་རྫོགས་ཏེ་མཐར་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རེ་ཞིག་གི་ཚེ་བླ་མ་ཉིད་གཟིམས་དང་འོད་གསལ་འདྲེས་པའི་ངང་ལ། །བླ་མ་ཏཱི་ཕུ་ཉིད་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་འཁོར་མཁའ་འགྲོ་སྡེ་ལྔས་སྐོར་བ་ཞིག་གཟིགས་ཤིང་དེའི་ཞལ་ནས། བཛྲ་ཀིརྟི། །མཁའ་འགྲོ་རྣམས་ཀྱི་གསང་བའི་མཛོད། །གདམས་ངག་ཀུན་གྱི་ཡང་ཞུན་མཆོག །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་དེ། །ད་ལྟ་སྤེལ་བའི་དུས་མེད་པས། །སྔར་གྱི་ལུང་བསྟན་དུས་ལ་བབ། །ཅེས་གསུངས་པའི་ཉམས་སྣང་བན་བུན་

(༤༥༧)ཞིག་གི་ངང་ལ་ངེད་ལྷོ་བྲག་མཁར་ཆུ་ནས་བླ་མ་ཉིད་གདན་འདྲེན་པ་ལ་འོངས་པ་ཡིན་ཟེར་བའི་ཁྱེའུ་ཆུང་ཤེལ་གྱི་སྣ་ཆ་ཅན་ལག་ཏུ་མདའ་གཞུ་ཁྱེར་བ་ཞིག་དང་། བུད་མེད་གཟུགས་རིང་བ་རྨ་ར་སེ་ཁྱུག་གེ་བ་ཡོད་པ་སྨིན་ཁྲག་ན་ཐལ་བའི་ཚོམ་བུ་བྱུགས་པ་ལུས་ལ་རས་ནག་པོའི་གོས་གྱོན་པ་ལག་ན་མདའ་དར་མེ་ལོང་ཁྱེར་བ་ཞིག་འདུག་པ་གཉིས་ན་རེ་ངེད་མི་དང་མི་མ་ཡིན་པའི་འགྲོ་བ་རྣམས་ཀྱི་དོན་དུ་བླ་མ་ད་ལྟ་འབྱོན་པ་ཞུ་ཟེར། དེའི་ངང་ལ་འོད་གསལ་དེ་ཡང་སད་དེར་བླ་མའི་དགོངས་པ་ལ་བླ་མའི་བཀའ་བཞིན་རོ་སྙོམས་ཀྱི་གཏེར་སྦེད་པ་ལ་བསྐུལ་བ་ཡིན་པ་འདུག་པས། ད་ནི་འགྲོ་དགོས་དགོངས་ནས་སྐུ་མཚམས་ཀྱང་གྲོལ་ཞབས་ཏོག་བྱེད་པའི་སློབ་བུ་རྣམས་ལ་གནས་འདིའི་ཤར་ནུབ་ཀུན་ཏུ་སྒྲུབ་པ་བྱེད་པ་ལ་ཁོ་བོ་མྱུར་དུ་འོང་། དེ་དུས་ཁྱེད་རྣམས་ལ་གདམས་ངག་གི་ལྷག་མ་ལུས་པ་ཚང་བར་བྱ་ཡི་གསུང་ནས་རྫུ་འཕྲུལ་གྱི་ཤམ་པོ་ཡུ་དཀར་ནས་ནམ་ལངས་ལ་བྱོན་པས་མཁར་ཆུར་ཉི་མ་ཤར་བ་དང་ཕེབས་པ་དུས་མཉམས་དུ་བྱུང་། དེ་རྣམས་ནི་རྗེ་བཙུན་མི་ལས་ལུང་བསྟན་པ་བཞིན། ཤམ་པོ་གངས་ཀྱི་བྱང་ཕྱོགས་ཡུ་དཀར་དྲག་པོའི་གནས་བདེ་མཆོག་འཁོར་ལོའི་ཕོ་བྲང་བསྒྲུབ་གནས་ཀ་པ་ལི་སྦུབ་པ་འདྲ་བར་བཞུགས་

(༤༥༨)པའི་སྐོར་ཚོ་ལྔ་པའོ། ༈ །དྲུག་པ་ནི་དེར་སློབ་དཔོན་ནམ་མཁའ་སྙིང་པོའི་སྒྲུབ་ཕུག་ཏུ་ཟླ་བ་གཉིས་སྒྲུབ་པ་མཛད་ཅིང་བཞུགས་དེར་དགེ་བསྙེན་སྦྱོན་ཁ་དང་རྡོ་རྗེ་སྣ་ཡོན་མས་ཐོག་དྲངས་མི་མ་ཡིན་མང་དུ་འདུས་ཤིང་ཆོས་ཞུ་བ་ལ་རང་རང་གི་བློ་དང་འཚམས་པའི་ཆོས་གནང་བས་ཐམས་ཅད་དགའ་བར་གྱུར་ཏེ་མི་མ་ཡིན་གྱི་འགྲོ་དོན་རྒྱ་ཆེན་པོ་འགྲུབ། དེ་ནས་ལྕགས་ཕུར་ཅན་དུ་བསྒྲུབ་པ་ལ་བཞུགས་ཤིང་དེར་བླ་མས་ལུང་བསྟན་པའི་གཏེར་གནས་བཙལ་བས་རྙེད་དེ། གདམས་ངག་རྟོག་པ་ལམ་འཁྱེར་ནད་འདོན་འབྱུང་བ་རོ་སྙོམས་གཉེན་པོ་ཟློག་པའི་སྒོམ་པ་ལ་སོགས་རོ་སྙོམས་སྐོར་དང་། ངན་སྔགས་སྲོག་གི་སྤུ་གྲི་རྣམས་སྦས་ནས་བླ་མ་ཏི་ཕུའི་ཞལ་ནས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་གཏད་གཉེར་བགྱིས་ལ་གཏེར་དུ་སྦོས་གསུང་པས། རྗེ་བཙུན་གྱིས་ཀྱང་འདི་སྐད་དོ། ༈ །བླ་མ་རྗེ་བཙུན་ཐམས་ཅད་ཀྱི། །རས་ཆུང་པ་བདག་ལ་ཐུགས་རྗེས་གཟིགས། །ཕྱི་མར་གྱུར་པ་དུས་ཀྱི་ཚེ། །ཆོས་འདི་དར་བར་བྱིན་གྱིས་རློབས། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གདམས་པ་བསྟན་ན་ཟོག་ཏུ་མཐོང་། །ཕན་པ་བཏགས་ན་གནོད་པར་རྩི། །སྐྱོ་བ་སྐྱེ་སྟེ་བྱ་ཐབས་མེད། །གནས་བསྲུང་དཔའ་བོ་མཁའ་འགྲོ་དང་། །མཁར་ཆུའི་མཁའ་འགྲོ་ཆོས་སྐྱོང་སོགས། །དགེ་བསྙེན་སྨྱོན་ཁས་སྣ་དྲངས་

(༤༥༩)བའི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །གདམས་ངག་མར་གྱི་ཡང་ཞུན་འདི། །གཏད་དོ་གཉེར་རོ་ཕྱག་ཚགས་མཛོད། །སྐལ་མེད་སེམས་ཅན་ལེན་པ་ན། །དེའི་སྲོག་གི་དབང་པོ་སྣུབས། །རིགས་བརྒྱུད་ཐལ་བའི་རྡུལ་དུ་རློགས། །ཆོ་འཕྲུལ་ལྟས་ངན་ཡུལ་སྡིགས་ཐོང་། །མི་རབས་གསུམ་གྱི་འོག་རོལ་ཏུ། །སྐལ་ལྡན་ནམ་མཁའི་གོས་ཅན་མཆོག །སྙིང་རྗེ་མེ་ཏོག་ཐོད་ཅན་ལ། །གདམས་ངག་མར་གྱི་ཡང་ཞུན་བྱིན། །དེ་ཡི་ཆོས་སྐྱོང་སྲུང་མ་གྱིས། །འཁོར་དང་ལོངས་སྤྱོད་མང་དུ་སྤེལ། །སྒྲུབ་རྒྱུད་བསྟན་པ་ཕྱོགས་བཅུར་སྐྱོངས། །ཕྱི་མར་གྱུར་པ་དུས་ཀྱི་ཚེ། །མན་ངག་སྙིང་གི་སྙིང་པོ་འདི། །བདག་དང་འདྲ་བའི་གང་ཟག་ནི། །ལས་ཅན་དེ་དང་ཕྲད་པར་ཤོག །སེམས་ཡིད་འདི་ཡིས་འཕྲོག་པར་ཤོག །ཆོས་རྒྱུད་ཕྱོགས་བཅུར་རྒྱས་པར་ཤོག །ཐོས་ཚད་ཉམས་སུ་ལེན་པར་ཤོག །རྣམ་རྟོག་ཉོན་མོངས་གྲོལ་བར་ཤོག །ལྷ་འདྲེ་ལམ་དུ་སློངས་པར་ཤོག །དམིགས་པ་ལས་སུ་རུང་བར་ཤོག །འགྲོ་ཀུན་ཐར་བར་འདྲོངས་པར་ཤོག །བདག་གི་སྨོན་ལམ་མཐུ་བཙན་ཤོག །ཅེས་སྨོན་ལམ་བཏབ་སྟེ་སྦས་སོ། ཕྱི་མའི་དུས་ཀྱི་སྐལ་ལྡན་དེས་ཀྱང་གདམས་ངག་འདི་ཐོན་ལ་འདི་བཞིན་མཛོད་དང་། སྤྱིར་རྒྱ་གར་ཆོས་ཀྱི་རྒྱ་མཚོ་ན་ཆོས་དང་གདམས་ངག་མང་དུ་བཞུགས་ཀྱང་།

(༤༦༠)པཎྜི་ཏ་ཀུན་དང་གྲུབ་ཐོབ་སུ་ལའང་གདམས་ངག་འདི་ལྟ་བུ་མ་བཞུགས་ཤིང་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ཡང་སྙིང་དཔལ་ནཱ་རོ་པ་ཆེན་པའི་རྟོགས་ཆོས་འདི་ཉིད་ནི་ཀུ་སུ་ལུ་པ་ལ་སོགས་བླ་མ་གཞན་སུ་ལའང་མེད་ཅིང་། ཁོ་བོས་ཀྱང་རྒྱ་གར་དུ་ལན་གསུམ་ཕྱིན་པའི་ཕྱི་མ་ལ་བླ་མ་ཏཱི་ཕུས་གདམས་ངག་ཟབ་ཁྱད་དང་བཅས་པ་གནང་། ད་ལྟ་སྤེལ་བའི་དུས་མེད་པས། གཏེར་དུ་སྦོས་གསུངས་པའི་བཀའ་རྒྱ་ཡོད་པས་ཁོ་བོས་ཀྱང་བཀའ་ལ་གཅེས་སྤྲས་བྱས་གཏེར་དུ་སྦས་པ་ཡིན། འདི་ལྟ་བུའི་གདམས་ངག་རྒྱ་བོད་གཉིས་ཀ་ན་དཀོན་པས་ཐུགས་ལ་ཆོངས་ལས་ཉམས་ལེན་གྱི་འཚང་རིག་པ་གལ་ཆེ་ཞེས་གསུངས་ནས་དཔེ་རྙིང་པ་སླད་ཀྱི་གཏེར་དུ་སྦས་སོ། ཁ་བྱང་ཡང་འདི་ཉིད་བྲིས་ཏེ་གཏད་དོ།། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ནཱ་རོ་པཎ་ཆེན་གྱི་ཐུགས་ལ་ཤར་བའི་རྟོག་པ་ལམ་འཁྱེར་བྱ་བའི་གདམས་ངག་ངོ་མཚར་ཅན་འདི་རྣམས་དང་། ངན་སྔགས་སྲོག་གི་སྤུ་གྲི་སོགས་མོན་བོད་གཉིས་ཀྱི་སོ་མཚམས་ལྷོ་བྲག་མཁར་ཆུ་ཞེས་གྲགས་པ་སྣུབས་ནམ་མཁའ་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་མཚམས་བྲག་རྒན་མོ་འཛུམ་ཤོར་བ་འདྲ་པའི་ནང་ན་སྦས་ནས་ཡོད། །སློབ་

(༤༦༡""མ་སྙིང་དང་འདྲ་བ་ལ་རིམ་པར་སྟོན་ལ་མི་རབས་གསུམ་མན་ཆད་ང་དང་བླ་མའི་བཀའ་རྒྱ་ཡོད་པས་མ་འདོན་ཞིག་དེས་སྟོན་ནས་ཀྱང་གདམས་ངག་སྙིང་གི་ཐིགས་པ་ཞེས་བྱ་བ་འདི་དམར་ཁྲིད་བྱས་ལ་ལག་ལེན་ཐེབས་པ་ཚོ་ལ་སྦྱིན་པར་བྱ། ལག་ལེན་ལ་མི་འདེབས་པ་རྣམས་ལ་སྦྱིན་ན་གདམས་ངག་ཆུད་ཟོས་ལ་འགྲོ་བས་དེ་རྣམས་ལ་མི་སྟོན་པའི་བཀའ་རྒྱ་ཡོད། །ནཱ་རོ་པས་བླ་མ་ཏི་ཕུ་ལ་གདམས། བླ་མ་ཏི་ཕུས་ཀྱང་ཁོ་བོ་སྐལ་ལྡན་ཡིན་གསུང་ནས་གནང་། ཁོ་བོས་ཀྱང་བླ་མའི་གསུང་བཞིན་མི་རབས་གསུམ་གྱི་གང་ཟག་དེ་སྐལ་ལྡན་ཡིན་པས་སྦྱིན་པ་ཡིན། ལར་དཔེ་གསུམ་དུ་བྱས་ལ་གཅིག་གཏེར་དུ་སྦ། །གཅིག་སྣོད་དུ་སྦ། གཅིག་སྐལ་ལྡན་འགའ་ལ་སྦྱིན་བྱིན་རླབས་ཆེ་བ་ཡིན་གསུང་། བླ་མ་ཉིད་ཀྱང་དེ་ལྟར་མཛད་ཅིང་གནང་བས་རོ་སྙོམས་བཀའ་མར་གྲགས་པའི་ཆིག་རྒྱུད་ཀྱང་བཞུགས། ཡང་ལྡེ་མིག་གི་ཟླ་ལ་འདི་སྐད་ཀྱང་གསུངས།། ༈ །།ཀུན་ལ་མེད་པའི་ཁྱད་ཆོས་ཀྱི། གདམས་ངག་དམར་ཁྲིད་ཟབ་མོ་འདི། །གཞན་ལ་མི་བསྟན་བཀའ་རྒྱས་བཏབ། །ཀུན་ལ་ཡོད་ན་ངོ་མཚར་ཆུང་། །རྒྱ་གར་ཆོས་ཀྱི་འབྱུང་གནས་ནས། །གདམས་ངག་མང་པོ་སྟོན་ལགས་ཏེ། །ཕན་ཆ་བྱང་ཆུབ་སྒྲུབ་པ་ལ། །ནཱ་རོ་མེ་ཏྲི་མ་གཏོགས་པའི། །

(༤༦༢)གཞན་གྱི་གདམས་ངག་བཤད་མ་རྫོགས། །བོད་ཕྲུག་རྒྱ་གར་ཕྱིན་པ་ལ། །གདམས་ངག་ང་རང་མང་སྙམ་ཡོད། གཞན་གྱི་ཆོས་བཤད་མཁན་པོ་ཀུན། །སྒྲུབ་པའི་ཁོང་སྙིང་མི་བདོག་ན། །བྱང་ཆུབ་སྒྲུབ་ལ་ཕན་རྒྱུ་ཆུང་། །དེས་ན་ཉམས་སུ་བླང་པ་གཅེས། །རྟོག་པ་ལམ་ཁྱེར་ནད་འདོན་འདི། །ནཱ་རོ་ཏི་ཕུ་མ་གཏོགས་པ། །རྒྱ་བོད་གཉིས་ན་མི་བདོག་ཅིང་། །ཁོ་བོས་བོད་དུ་གདན་དྲངས་པས། །སྙིང་གི་དཀྱིལ་དུ་བཅང་པར་བྱ། །གཞན་ཡང་གདམས་ངག་མང་ལགས་ཏེ། །རྟེན་འབྲེལ་མཐུ་ཞིག་ཞུག་ལ་ཕུལ། །རྟེན་འབྲེལ་ངན་པ་གསོ་ཐབས་ཤིག །ངམས་ཤོད་བྲག་ལ་སྦས་ནས་ཡོད། །འཕུང་བྱེད་གནད་གཟེར་ནག་པོ་ཞིག །ངམས་ཤོད་རྫོང་རིའི་བྲག་ལ་སྦས། །སེར་བ་ངོ་མཚར་ཅན་ཞིག་ཀྱང་། །མ་སྤེལ་རང་ལ་གབ་ནས་བཞག །ལྟས་ངན་ཆོ་འཕྲུལ་ངན་ཞིག་ཀྱང་། །སེམས་ཅན་སྡིག་ལ་སྤྱར་དོགས་པས། །མ་སྤེལ་ཞུག་ལ་ཕུལ་བ་ཡིན། གཞན་ཡང་གདམས་ངག་མང་པོ་རྣམས། །གཅིག་གིས་ཤེས་པར་དཀའ་བས་ན། །སྐལ་བར་ལྡན་པའི་གང་བྲག་ལ། །སོ་སོར་ཕྱེ་སྟེ་སྦྱིན་པ་ཡིན། །བོད་ཁམས་གདམས་པས་བཀང་ནས་ཡོད། །དགའ་བར་སོམས་ཤིག་རྗེས་འཇུག་རྣམས། །ཞེས་གསུངས་ནས། གཏེར་གྱི་ལྡེ་མིག་ཁ་བྱང་དང་

(༤༦༣)བཅས་པ་རྗེས་ཀྱི་སློབ་མ་ལ་གཏད། མཁར་ཆུའི་གཞི་བདག་དང་ལྷ་འདྲེ་ཐམས་ཅད་ལ་བཀའ་བསྒོས། དམ་གཞག་གཏད་གཉེར་དང་སྨོན་ལམ་སོགས་བཏབ་པོ། །དེ་ནས་མཁོ་སྟིང་མེ་ནང་སྟེངས་པས་ཞབས་ཏོག་བྱས་སྒོམ་ཆེན་འགའ་ལ་ཆོས་གསུང་བར་གསོལ་བ་བཏབ་པས། དེར་ཏཱི་ཕུའི་གཞི་ཆོས་དང་དོ་ཧ་ཐོ་རེ་བ་ཞིག་དང་། ཆོས་དྲུག་དང་འཕོ་བསྲེའི་སྐོར་བསྡུས་པ་ཉམས་ལེན་དུ་སྒྲིལ་བ་ཞིག་གསུངས། དེའི་ཐོན་ཆོས་ཀྱི་གྲལ་དུ་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ཀྱེ་རི་ཕུག་འགྲིམ་པའི་རྣལ་འབྱོར་པ། །རོ་སྙོམས་ཀྱི་སྤྱོད་པ་བླ་ན་མེད། །ཆོས་བརྒྱད་ཀྱི་ཆུ་བོས་མ་ཁྱེར་རམ། །མཐའ་བྲལ་ཡི་ལྟ་ཟུང་འཇུག་དེ། །མུ་བཞིའི་གཡང་སར་མ་ལྷུང་ངམ། །སྒོམ་པ་ཡིད་ལ་མི་བྱེད་པ། །འཇུར་བུའི་འཆིང་བས་མ་བཅིངས་སམ། །བདེ་བ་ཆེན་པོའི་ཏིང་འཛིན་དེ། །འདོད་པའི་འཆིང་བས་མ་བཅིངས་སམ། །སྣང་བ་འདི་སློབ་དཔོན་དུ་མ་ཤེས་པར། །ཤེས་པ་རང་ཡན་དུ་མ་བཏང་ངམ། །སྐུ་གསུམ་རང་ཆས་ཀྱི་ཉམས་མྱོང་འདི། །བླང་དོར་གཉིས་སུ་མ་གཟུང་ངམ། །རྟག་ཆད་གཟུགས་ལ་རབ་གནས་ནས། །ང་མན་པའི་སྤྱོད་པ་མ་སྤྱད་ངམ། །སྣང་བ་ཆོས་སྐུ་ཡིན་པ་ལ། །སྤྲོས་པའི་སྐྱོན་དུ་མ་གཟུང་ངམ། །མཉམ་

(༤༦༤)པའི་གདེང་དུ་མ་གྱུར་པར། །ཐབས་ཀྱི་ཆོ་ག་མ་གཞག་གམ། །གཏན་གྱི་སོ་ནམ་དགེ་སྦྱོར་འདི། །ལས་དང་བྱ་བྱེད་མ་ཡེངས་སམ། །གསང་སྔགས་བརྡ་ཡི་འཇུག་པ་ལ། །བརྡ་མ་ཤེས་བར་མ་བཤད་དམ། །ཡི་དམ་ལྷའི་སྣང་བ་དང་། །བདུད་ཀྱི་བར་ཆད་ཆོ་འཕྲུལ་རྣམས། །བྱེ་བྲག་བརྡ་ཡིས་མ་ཕྱེད་ན། །བདུད་ཀྱི་ཚོག་ཀྱིས་བསླུས་པ་ཡིན། །ཆོས་སྐུའི་རང་བཞིན་སེམས་ཅན་ལ། །ཚིག་རྩུབ་མཚོན་གྱིས་མ་བསྣུན་ནམ། །དོན་དམ་ཆོས་སྤྱོད་སྤྲོས་བྲལ་འདི། །མཚན་མའི་ཆོས་སྤྱོད་མ་ཉམས་སམ། །རྟོག་མེད་ཉམས་མྱོང་མ་སྐྱེས་པར། །བདེ་ལ་ཡོན་ཏན་མ་བལྟས་སམ། །སྐྱེ་མེད་ཆོས་ཉིད་མ་ཤེས་པར། །སྤང་བྱ་རྟོགས་པར་མ་གཟུང་ངམ། །ཆོས་སྐུ་ངོ་སྤྲོད་སློབ་དཔོན་འདི། །ལོ་ཟླ་དུས་སུ་མ་བརྗེད་དམ། །ནམ་མཁའ་ལྟ་བུའི་ཆོས་སྐུ་འདི། །གཟུགས་སྐུའི་ཞེན་པས་མ་བཅིངས་སམ། །ཀུན་ལ་ཁྱབ་པའི་རྣལ་འབྱོར་འདི། །མཚན་མས་སྐྱབས་སུ་མ་བཅུག་གམ། །བག་ཆགས་སྣང་བ་སྐྱེ་བ་ལ། །ཅིར་སྣང་སེམས་སུ་ཤེས་འགྱུར་ཞིང་། །སེམས་ཉིད་སྟོང་པར་རྟོགས་གྱུར་ནས། །རྟོགས་པའི་ཉམས་མྱོང་མ་བྲལ་ན། །ཇི་ལྟར་སོང་ཡང་བསྒོམ་པ་ལགས། །ཞེས་གསུངས་ནས་ཁོ་བོ་ཡང་ཚེ་དང་སྒྲུབ་པ་སྙོམས། ཁྱེད་རྣམས་ཀྱང་ཚེ་འདིའི་བྱ་བ་བློས་

(༤༦༥)ཐོང་ལ། །རི་ཁྲོད་དཔེན་པར་སྒོམ་བསྒྲུབ་ལ་འབུང་བ་གལ་ཆེ། །ཞེས་གསུང་ཞིང་ཞལ་ཏ་རྒྱས་པར་མཛད་དེ་ནས་བླ་མ་ཉིད་སྒྲུབ་པ་ལ་བཞུགས་པར་དགོངས་པ་ལ་ལྷ་ཁང་སྟག་སྒོ་བས་ཞབས་ཏོག་བྱས་ཏེ་རྡོ་རྗེ་ཕུག་དང་དྲིལ་བུ་ཕུག་ཉི་ཟླ་ཕུག་སོགས་སུ་སྐུ་མཚམས་མཛད་པའི་ངོས་ནས་ལས་ཅན་འགའ་ལ་གདམས་པས་ཕན་ཐོགས་པར་མཛད། དེའི་དུས་སུའང་སྒོམ་ཆེན་འགའ་ཞིག་གི་བྱ་སྤྱོད་ལ་ཐུགས་མ་མཉེས་པའི་མགུར་འདི་གསུངས་སོ།། ༈ །།བླ་མ་དང་ནི་རྡོ་རྗེ་འཆང་། །ཐ་དད་མེད་པའི་དབང་གི་སུ། །དང་པོ་སྤྱི་བོར་བཞག་པར་ཞུ། །ཆང་ནི་ཉེས་པའི་རྩ་བ་སྟེ། །བདུད་རྩི་བརྟེན་པའི་ཡན་ལག་དང་། །སྐུ་ཁམས་ལོག་དུས་མ་ལགས་པ། །ཆང་ལ་སྲེད་པ་མི་མཛད་ཞུ། །བུད་མེད་ཤེས་རབ་རང་བཞིན་ལ། །སྡང་ཞིང་སྨོད་པ་མ་ལགས་ཏེ། །གསུམ་པའི་དུས་སུ་མ་ཡིན་པ། །བུད་མེད་འདྲིས་པ་མི་མཛད་ཞུ། །རྣལ་འབྱོར་སྐལ་ལྡན་ཕོ་མོ་ཀུན། །ཆོས་ཅན་ཟད་སར་མ་སྐྱོལ་བར། །འབྲས་བུ་སངས་རྒྱས་ཐོབ་རི་ཤི། །དུར་ཁྲོད་གླིང་དུ་མ་བསྒོམས་པར། །འཁུ་འཁྲིག་མེད་པ་ཡོང་བར་དཀའ། །སྡང་བའི་དགྲ་དང་མ་འཕྲད་པར། །ཞེ་སྡང་མེད་པ་ཡོང་རི་ཤི། །བྱམས་པའི་གཉེན་དང་མ་འཕྲང་པར། །གདུང་སེམས་མེད་པ་ཡོང་

(༤༦༦)བར་དཀའ། །ཚོགས་གསོག་སྦྱིན་པ་མ་བཏང་པར། །རྫས་དང་ཡོ་བྱད་ཡོང་རི་ཤི། །ཚོགས་ཀྱི་འཁོར་ལོ་མ་སྐོར་བར། །ཐུན་མོང་དངོས་གྲུབ་ཐོབ་རི་ཤི། །མ་དང་མཁའ་འགྲོ་མ་བརྟེན་པར། །བྱིན་རླབས་ཆུ་བོ་ཡོང་རི་ཤི། །སྣང་བ་མཇལ་ཁ་མ་ཚུགས་པར། །སེམས་ཉིད་ཉམས་ལེན་སྐྱེ་རི་ཤི། །ཞེས་གསུངས་ནས་སྙུག་ཚལ་ཕུག་མོ་ཆེར་ཟླ་བ་ཅིག་གི་བར་དུ་སྐུ་མཚམས་ཤིན་ཏུ་དམ་པ་ལ་བཞུགས། དེར་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རྒྱལ་སྲས་ཁྱུང་གི་ལྷ་ཚོགས་ཀྱི་སྐོར་བ་ཞལ་གཟིགས། དེར་ནུབ་ཅིག་གི་རྣལ་ལམ་དུ་བླ་མ་ཝ་ལ་ཙཎྜ་ཉིད་སྐུ་གཟི་མདངས་དང་ལྡན་པ་ཞིག་མདུན་གྱི་ནམ་མཁར་ཕེབས་ཏེ་སྔར་གྱི་ལུང་བསྟན་དུས་ལ་བབ་བོ་གསུང་བ་ཞིག་རྨིས་གཞན་ཡང་གདམས་པ་མང་པོ་ཞིག་གནང་དེའི་ངང་ལས་མནལ་སད། དེར་དགོངས་པ་ལ་སྔར་བླ་མས་ལུང་བསྟན་པའི་གནས་མཁའ་འགྲོ་འདུ་བ་དུང་གི་ཁང་པ་བྱ་བ་ཡོད་གསུང་པ་དེ་འདི་ཡིན་པར་འདུག་དགོངས་ནས། སངས་རྒྱས་ཐོས་ཆོག་གཞུང་ཁྲིད་བཅུ་དྲུག །ལོ་རྒྱུས་ཆ་ལག་དང་བཅས་པ་རྣམས་དུང་གི་གཞལ་ཡས་ཁང་དེའི་ཟུར་ན་དུང་གི་བྲག་ཁྲོ་བོའི་ཆ་བྱད་འདྲ་བའི་ཤངས་ཀྱི་སྦུགས་སུ་སྦས་དུར་ཁྲོད་བདག་པོ་དང་སྙུག་ཚལ་བསྟན་མ་གཉིས་ཀྱི་ཐོག་དྲངས་པའི་སྣང་སྲིད་ཀྱི་

(༤༦༧)ལྷ་འདྲེ་རྣམས་ལ་གཏད་གཉེར་མཛད་ནས་མི་རབས་བདུན་སོང་བ་དང་། ༈ །ལོའི་རིགས་ཅན་གསང་སྔགས་རྗེས་འཇུག་པ། །བསྒྲུབ་ལ་མོས་ཤིང་དད་དང་བརྩོན་འགྲུས་ལྡན། །ཤེས་རབ་ཆེ་ཞིང་སྙིང་སྟོབས་གོ་ཆ་ཆེ། །སྐལ་ལྡན་འོང་གི་དེའི་ལག་ཏུ་གཏོད། །དེས་ཀྱང་ཉམས་སུ་ལོང་ལ་གཞན་དག་ལ། །ཕན་སེམས་བློ་གྲོས་ལྡན་པས་སྦྱིན་པར་བྱ། །དེར་ཡང་ལུང་བསྟན་སྐལ་ལྡན་མ་གཏོགས་པ། །དད་མེད་ཁ་ཅང་ཀུན་ལ་སྦྱིན་པ་ན། །ཆོས་ཀྱི་བརྒྱུད་བ་ཆད་དོ་རིགས་ཀྱི་བུ། །དེ་ནས་སྐལ་པ་ལྡན་པའི་གང་ཟག་ནི། །བླ་མ་ལ་གུས་དད་དང་སྙིང་རྗེར་ལྡན། །ལུས་དང་སྲོག་ལ་འཕངས་པར་མི་ལྟ་ཞིང་། །དམ་ཚིག་ལ་གནས་བརྩོན་འགྲུས་ཆེ་བའི་བུ། །སྒྲུབ་ལ་མོས་པའི་གང་ཟག་ཅིག་ལ་སྦྱིན། །ཞེས་པའི་ཁ་བྱང་དང་པོ་སྦས་སྨོན་ལམ་རྒྱ་ཆེན་པོ་ཡང་འདེབས་པ་མཛད་དོ། །ལྡེ་མིག་ཁ་བྱང་ཅིག་ལྕགས་ཕུར་ཅན་གྱི་བེར་སྐུ་རྙིང་མའི་ཞབས་དབུས་ལ་སྦས་ནས་ཆོས་སྐྱོང་ལྕགས་ཀྱི་མཆུ་ཅན་ལ་གཏད། དེ་ནས་ཡང་བླ་མས་གཏེར་བདག་གི་ལྷ་འདྲེ་དེ་རྣམས་ཐམས་ཅད་ལ་བཀའ་བསྒོ་བ། ༈ །མི་རབས་བདུན་གྱི་གོང་རོལ་དུ། །སྐལ་མེད་རྣམས་ཀྱི་ལེན་པ་ན། །དེ་ཡི་ཚེ་དང་དབུགས་ཀྱང་ཕྲོགས། །ལུས་ངག་ཐལ་བའི་རྡུལ་དུ་རློག །ཐོབ་པར་བསྲུངས་

(༤༦༨)ཤིག་གཏེར་བདག་ཀུན། །ང་ཡི་བཀའ་ལས་འགལ་བ་ན། །ཁྱེད་རྣམས་དམ་ཚིག་ཉམས་པར་འགྱུར། །དེ་བས་བཀའ་ལས་མ་འདའ་ཞིག་ཅེས་གསུངས་ནས་གཏད་གཉེར་དམ་བཞག་མཛད། མཁར་ཚུར་ཀུན་དྲིལ་བས་ཟླ་བ་བརྒྱད་བཞུགས། ལས་ཅན་མང་པོ་ལ་ཆོས་ཀྱི་ཕན་ཐོགས་པར་མཛད། སྐྱེ་བོ་དང་སེམས་ཅན་གཞན་མང་པོ་ལའང་སྨོན་ལམ་གྱི་འབྲེལ་པ་བཞག་དེ་ནས་གྲོ་བོ་ལུང་དང་མཁར་རིའི་གསང་ཕུག་རྣམས་སུ་ཡང་གནས་འབྲེལ་མཛད། དེ་རྣམས་ནི་བླ་མ་མཁའ་འགྲོས་ལུང་བསྟན་ཞིང་བསྐུལ་ཏེ། ལྷོ་བྲག་མཁར་ཆུའི་གནས་སུ་བཞུགས་ཤིང་། རོ་སྙོམས་དང་སངས་རྒྱས་ཐོས་ཆོག་གཏེར་དུ་སྦས། ལྷོ་བྲག་ཕྱོགས་ཀྱི་གདུལ་བྱ་རྣམས་ལ་སྨིན་གྲོལ་འགྲོ་དོན་མཛད་པའི་སྐོར་ཚོ་དེ་དྲུག་པའོ།། ༈ །།བདུན་པ་ནི། དེ་ནས་རྗེ་བཙུན་ཤམ་པོ་གངས་ལ་བྱོན་པའི་ལམ་ཞོར་ཟངས་པོ་ཆེ་ཟེར་བའི་གནས་གཞི་ཅིག་ཏུ་བཞུགས་པས་དགེ་འདུན་མང་པོ་ཚ་བ་གསོལ་གྱིན་འདུག་པ་རྣམས་ན་རེ་རྗེ་རས་ཆུང་པ་ཟེར་བ་དེ་ཁྱེད་ཡིན་པ་འདྲ་བས་ཡིན་ན་ཁོང་ལ་གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་གདམས་ངག་ཡོད་ཟེར་བ་ཁྱེད་རང་གི་ཐུགས་ཉམས་སུ་མྱོང་ཞིང་ངེད་ཚོ་ལ་ཕན་པའི་མགུར་ཅིག་གསུངས་དང་ཟེར་བ་ལ་གདམས་པ། ༈ །ཕ་དཀའ་སྤྱད་མི་

(༤༦༩)ལའི་ཞབས་ལ་འདུད། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཕ་ལྟ་སྤྱོད་རྫོགས་པའི་རྗེ་བཙུན་བཞུགས། །དད་གུས་མོས་པས་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །སྟོང་པའི་དབྱིངས་དང་རིག་པའི་སེམས། །རིག་སྟོང་གཉིས་པོ་འདྲེས་པ་དང་། །ཟག་མེད་བདེ་དང་སྟོང་པ་གཉིས། །བདེ་སྟོང་གཉིས་པོ་བསྲེས་པ་ལ། །བདེ་ལ་སྨྲ་མི་ཤེས་པ་ཡི། །ཉམས་མྱོང་བླ་ན་མེད་པ་འབྱུང་། །ཁྱེད་ཉམས་མྱོང་མཛད་ན་དེ་ལ་མཛོད། །ཀུན་ནས་ཉོན་མོངས་ཀྱི་འཁོར་བ་དང་། །རྣམ་པར་བྱང་བའི་མྱང་འདས་གཉིས། །འཁོར་འདས་གཉིས་པོ་བསྲེས་པ་ལ། །འབྲས་བུ་སྐྱེ་ཤི་མི་རྡོག་པས། །སངས་རྒྱས་བླ་ན་མེད་པ་ཅིག་འབྱུང་། །ཁྱེད་སངས་རྒྱས་རེ་ན་དེ་ལ་མཛོད། །གྲོགས་སྐལ་ལྡན་ཀུན་ཆོས་ལ་མི་འགྲོ་འམ། །སྐྱིད་པ་འདི་བླ་མའི་བཀའ་དྲིན་ཡིན། །ཁྱེད་དབང་པོ་ཡང་རབ་ཚོ་དགྱེས་པ་དེ་ལ་མཛོད། །ཐོལ་སྐྱེས་ཀྱི་ཤེས་པ་དོ་ཡིས་བཟུང་། །སྒོམ་ཡེ་ཤེས་ཀྱི་ངོ་སྤྲོད་དེ་ལས་མེད། །སེམས་ལ་གང་ཕན་ཉམས་སུ་ལོང་། །ཉམས་སུ་བླང་ཐབས་དེ་ལས་མེད། །ཆགས་སྡང་བོར་ལ་ཉམས་སུ་ལོང་། །རྒྱུད་ཀྱི་འདུལ་ཐབས་དེ་ལས་མེད། །ལྷ་སྐུ་དང་ཡིག་འབྲུ་གསལ་བར་སྒོམས། །སེམས་ཀྱི་གཟུང་

(༤༧༠)ཐབས་དེ་ལས་མེད། །ཟས་ནོར་དཀོན་མཆོག་གསུམ་པོ་མཆོད། །ཚོགས་ཀྱི་བསག་ཐབས་དེ་ལས་མེད། །རླུང་སེམས་སྒྲིལ་ལ་རིག་པ་གཅུན། །རིག་པའི་གཅུན་ཐབས་དེ་ལས་མེད། །བྱམས་དང་སྙིང་རྗེ་ཀུན་ལ་སྐྱེད། །འགྲོ་དོན་བྱ་ཐབས་དེ་ལས་མེད། །རིག་པ་དངོས་མེད་རང་སར་ཞོག །དོན་མཐར་ཐུག་གི་སྐྱེལ་ས་དེ་ལས་མེད། །གྲོགས་སྐལ་ལྡན་ཀུན་ཆོས་ལ་མི་འགྲོ་འམ། །ངེད་སྐྱིད་པ་འདི་བླ་མའི་བཀའ་དྲིན་ཡིན། །དབང་པོ་འབྲིང་པོ་རྣམས་དགྱེས་པ་དེ་ལ་མཛོད། །དབང་པོ་ཐ་མ་ཚོ་དགྱེས་པ་འདི་ལ་མཛོད། །མི་ཚེ་ཐམས་ཅད་གྲབས་ལ་ཟད། །ཁྱེད་དགོས་དུས་སྟབ་སྟབ་ལངས་པར་འཆིའོ། །མགོ་བརྒྱའི་ནང་ནས་རང་མགོ་གཅེས། །རང་མགོ་འདོན་པའི་དུས་ལ་བབ། །དགྲ་བཏུལ་བབས་ཀྱང་རེངས་པ་མང་། །རང་རྒྱུད་འདུལ་བའི་དུས་ལ་བབ། །གཉེན་མགུ་བ་ལས་ཀྱང་འཁང་པ་མང་། །ངོས་བསྲུང་བཤོལ་བའི་དུས་ལ་བབ། །ལས་བྱས་པ་བས་ཀྱང་བྱེད་དགོས་མང་། །བྱ་བ་སྤོང་བའི་དུས་ལ་བབ། །ནོར་བསགས་པ་བས་ཀྱང་གསོག་དགོས་མང་། །སེར་སྣ་སྐྱུང་བའི་དུས་ལ་བབ། ད་ལྟའི་ནང་པོ་ཐམས་ཅད་ཀྱང་། །རང་མགོ་མཐོན་འཁྱུས་པར་འཆིའོ། །ད་ལྟའི་ཁྲིམས་དང་ཁྲིམས་པ་ཀུན། །ལག་པ་སྟོང་པར་འཁྱུས་པར་འཆིའོ། །སྟོང་པ་རང་དུ་འཁྱུས་ན་ད་གྲག་སྟེ། །རྣམ་སྨིན་

(༤༧༡)གྱི་ཁུར་རྩ་ཁུར་བར་འཆིའོ། །གདམས་ངག་རིག་པའི་གསལ་འདེབས་འདི། །གང་ཟག་གསུམ་གྱི་ཆ་རྐྱེན་ཡིན། །ཁྱེད་ཉམས་སུ་ལེན་པའི་སྐལ་ལྡན་ཀུན། །ཉམས་སུ་ལེན་ན་དེ་བཞིན་ལོང་། །ཅེས་གསུངས་སོ། །དེ་ནས་ཤམ་པོ་གངས་སུ་ཕེབས་དེ་གངས་དེའི་ནུབ་འདབ་ན་བདེ་ཆེན་གསང་བའི་ཕུག་པ་ཞིག་ཡོད་པ། དེར་སུས་ཀྱང་མ་ཚོར་བར་ཟླ་བ་གསུམ་གྱི་བར་དུ་ཏིང་ངེ་འཛིན་གྱི་ཟས་ལ་བརྟེན་ནས་བཞུགས། །དེ་ནས་ཡར་ལུང་གི་སློབ་མ་རྣམས་ཀྱི་ཚོར་ནས་ཡར་ལུང་ལ་ཕེབས་དགོས་ཞེས་ཞུ་བ་ནན་ཆེ་ནའང་ཕེབས་པར་མ་གནང་ཏེ་གནས་དེ་ཉིད་དུ་བཞུགས་པར་མཛད། དེར་སློབ་མ་རྣམས་ཀྱི་ཀྱང་ཞབས་ཏོག་ལེགས་པར་བསྒྲུབ་ནས་ཐུགས་དམ་འཕེལ་ཞིང་འགྲོ་དོན་ཡང་རྒྱ་ཆེ་བར་གྲུག་དེའི་དུས་སུ་མགུར་འདི་གསུངས་སོ།། ༈ །།རྗེ་ན་མོ་གུ་རུ། །རྗེ་མི་མངོན་དབྱིངས་ནས་ཐུགས་རྗེ་ཅན། །སྔར་སྤྲང་པོའི་ཆོས་དང་བདེ་སྐྱིད་ཀུན། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ཟེར་ལས་བྱུང་། །ད་ནམ་ཞིག་སངས་རྒྱས་མ་ཐོབ་བར། །རྗེ་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ལར་ཤེས་བྱའི་མཐའ་ལ་ཆོད་དུས་མེད། །གཅིག་ཤེས་ཀུན་གྲོལ་རྣལ་འབྱོར་སྐྱིད། །བསླབས་པའི་ཆོས་ལ་རྫོགས་དུས་མེད། །རང་སེམས་རྟོགས་པའི་རྣལ་འབྱོར་སྐྱིད། །བསགས་པའི་ནོར་ལ་ཆོག་

(༤༧༢)ཤེས་མེད། །འདོད་པ་ཟད་པའི་རྣལ་འབྱོར་སྐྱིད། །བྱ་བའི་ལས་ལ་ཟིན་པ་མེད། །བྱ་བྱེད་སྤངས་པའི་རྣལ་འབྱོར་སྐྱིད། །སྡང་པའི་དགྲ་ལ་ཟད་པ་མེད། །ཉོན་མོངས་ཆོམས་པའི་རྣལ་འབྱོར་སྐྱིད། །རྟོག་པ་འཁོར་བའི་རྩ་བ་བཅད། །ཤེས་རབ་ཆེན་པོའི་རྣལ་འབྱོར་སྐྱིད། །མི་རྟོག་ཡེ་ཤེས་ནང་ནས་ཤར། །ཉག་གཅིག་རྟོགས་པའི་རྣལ་འབྱོར་སྐྱིད། །ཐེ་ཚོམ་སྒྲོ་འདོགས་དེ་རུ་ཆོད། །རེ་དོགས་ཟད་པའི་རྣལ་འབྱོར་སྐྱིད། །བདེ་སྐྱིད་འདི་ཡང་བླ་མའི་དྲིན། །དྲིན་ལན་སྒྲུབ་པས་མཉེས་པར་བྱེད། །ཁོ་བོའི་བདེ་སྐྱིད་དེ་ཉིད་ཀྱང་། །ལས་ཅན་ཀུན་ལ་འཕོ་བར་ཤོག །ཅེས་གསུངས་སོ། །ཡང་དེའི་དུས་ཞིག་སློབ་མ་ཁ་ཅིག་ན་རེ་གནས་ལུགས་ཡིན་བཞིན་དུ་རྟོགས་པའི་གང་ཟག་རྣམས་དང་། དོན་མེད་ཀྱི་ཐོ་ཅོ་བྱེད་པ་འགའ་ཞིག་གཉིས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཐོ་ཅོ་བྱེད་པ་རྣམས་ལ་དགའ་བར་འདུག །སངས་རྒྱས་བསྟན་པའི་སྒོར་ཞུགས་པའི་ཆོས་པ་རྣམས་ཀྱང་ཆོས་བྱེད་པར་མཉམ་ནའང་སྙིང་ནས་བྱེད་མི་བྱེད་ཀྱི་ཁྱད་པར་འདི་ཡང་མ་ཕྱེད་པས་ལན་ནམ། ཆོས་ལུགས་ཀྱང་མི་མཐུན་པ་མང་བ་འདུག་ཞུ་བ་ལ་བླ་མས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། རྗེ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །མཁྱེན་པ་གཉིས་ཀྱི་འོད་ཟེར་གྱི། །འགྲོ་བའི་བློ་མུན་གསལ་མཛད་པ།

(༤༧༣)ཀུན་གྱི་མགོན་པོ་ཁྱོད་ཞབས་འདུད། །དད་ལྡན་བུ་སློབ་ཆོས་བྱེད་ཀུན། །ཐེ་ཚོམ་གཅོད་པའི་མགུར་འདི་ཉོན། །དང་པོར་དམ་ཆོས་བྱེད་ཙ་ན། །བག་མེད་གཞན་ཕྱིར་འབྲང་བ་དང་། །སྐྱོ་བ་གཏིང་ནས་སྐྱེས་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །བླ་མའི་ཞབས་ལ་གཏུག་ཙ་ན། །ཁ་དང་ཁྲམ་ཞུས་བྱེད་པ་དང་། །སྙིང་ནས་དམ་ཆོས་ཞུ་བ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །ཐོས་པའི་སྒྲོ་འདོགས་སྤྱོད་ཙ་ན། །རྣ་བར་སྙན་པའི་ཆོས་བཤད་དང་། །གནད་དུ་འགྲོ་བའི་གདམས་ངག་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །ལྟ་བས་གཏན་ལ་འབེབས་ཙ་ན། །བརྟགས་ཤིང་དཔྱད་པའི་གོ་ཡུལ་ལ་དང་། །ཆོས་ཉིད་མངོན་དུ་གྱུར་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །གནས་པ་དང་པོ་སྐྱེས་ཙ་ན། །ཞི་གནས་རོ་ལ་ཞེན་པ་དང་། །གཉུག་མའི་ངོ་བོ་མཐོང་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །བསྒོམ་པས་ཉམས་སུ་མྱོང་ཙ་ན། ཟག་བཅས་གནས་པའི་ཉམས་མྱོང་དང་། །ཟག་མེད་གཉུག་མའི་ཉམས་མྱོང་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །དེ་ནས་ལྷག་མཐོང་སྐྱེ་ཙ་ན། །རྨོངས་པ་མཆོག་ཏུ་འཛིན་པ་དང་། །འགྱུར་མེད་ཁོང་དུ་ཆུད་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །དེ་ནས་སྔ་ལྟས་ཤར་ཙ་ན། །བར་ཆད་བདུད་ཀྱི་ཆོ་

(༤༧༤)འཕྲུལ་དང་། །ཞིང་ཁམས་ནང་ནས་ཤར་བ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །དེ་ནས་སྤྱོད་པ་བྱེད་ཙ་ན། །བཅོས་མའི་ཐོ་ཅོ་བྱེད་པ་དང་། །ཤུགས་འབྱུང་ཞེན་པ་རང་ལོག་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །འབྲས་བུ་རྒྱུད་ལ་སྐྱེ་ཙ་ན། །ཞི་བ་ཕྱོགས་གཅིག་བགྲོད་པ་དང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །འགྲོ་དོན་ཕྱོགས་མེད་བྱེད་ཙ་ན། །གཡོ་ཟོལ་གཞན་མགོ་བསྐོར་བ་དང་། །བརྩོལ་མེད་འགྲོ་དོན་སྨིན་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །གྲུབ་པ་ཐོབ་པའི་དུས་ཙ་ན། །གནས་སྐབས་མཁའ་སྤྱོད་འགྲུབ་པ་དང་། །ལྷུན་གྲུབ་ཆེན་པོ་ཐོབ་པ་གཉིས། །འདྲ་བའི་ནོར་ས་ཡོད་པ་ཡིན། །ཞེས་གསུངས་སོ། །དེ་ནས་བླ་མ་ཉིད་ཀྱི་སློབ་མ་རྣམས་ལ་ཞལ་ཏ་ལེགས་པར་མཛད་དེ་གཡག་རོ། སེང་མགོ་བྱེ་མ་རྣམས་སུ་གནས་ཀྱི་འབྲེལ་པ་མཛད་ཅིང་ཟླ་བ་ཁ་ཤས་རེ་བཞུགས་བྱེ་མར་ཕེབས་པའི་དུས་ཤིག་གཞན་གྱི་རྣལ་འབྱོར་པ་འགའ་ཞིག་བྱུང་ནས། བླ་མ་རས་པ་ཁྱེད་ལ་ལྟ་སྒོམ་སྤྱོད་པ་ཅི་ལྟ་བུ་བཞུགས་ཞུ་བ་ལ་མགུར་འདི་གསུངས་སོ།། ༈ །།རས་པ་བདག་ལ་ལྟ་བ་མེད། །ལྟ་བ་ནམ་མཁའི་མཐོང་སུ་ཤོར། །མཐའ་དབུས་མེད་པར་ཤོར་དེ་ཐལ། །ཤོར་ཀྱང་ཕྱིར་རྗེས་དཔྱད་རི་ཤི། །རས་ཆུང་བདག་ལ་བསྒོམས་པ་མེད། །བསྒོམ་པ་མཚོ་མོའི་གཏིང་དུ་ཤོར། །གཡོ་འགུལ་མེད་པར་ཤོར་དེ་ཐལ། །ཤོར་ཀྱང་

(༤༧༥)ཕྱིར་རྗེས་དཔྱད་རི་ཤི། །རས་ཆུང་བདག་ལ་སྤྱོད་པ་མེད། །སྤྱོད་པ་ནམ་མཁའི་རླུང་ལ་ཤོར། །ངོས་བཟུང་མེད་པར་ཤོར་དེ་ཐལ། །ཤོར་ཀྱང་ཕྱིར་རྗེས་དཔྱད་རི་ཤི། །རས་ཆུང་བདག་ལ་ཉམས་མྱོང་མེད། །ཉམས་མྱོང་ཆུ་བོའི་གཞུང་ལ་ཤོར། །རྒྱུན་ཆད་མེད་པར་ཤོར་དེ་ཐལ། །ཤོར་ཀྱང་ཕྱིར་རྗེས་དཔྱད་རི་ཤི། །རས་ཆུང་བདག་ལ་དམ་ཚིག་མེད། །དམ་ཚིག་ཤེལ་གོང་རྩ་རུ་ཤོར། །ཕྱི་ནང་མེད་པར་ཤོར་དེ་ཐལ། །ཤོར་ཀྱང་ཕྱིར་རྗེས་སྙག་རི་ཤི། །རས་ཆུང་བདག་ལ་འབྲས་བུ་མེད། །འབྲས་བུ་རིན་ཆེན་རྩ་རུ་ཤོར། །འདོད་གུ་འབྱུང་གིན་ཤོར་དེ་ཐལ། །ཤོར་ཀྱང་ཕྱིར་རྗེས་དབྱད་རི་ཤི། །ཞེས་གསུངས་པས་རྣལ་འབྱོར་པ་དེ་རྣམས་ཤིན་ཏུ་དད་པར་གྱུར་ཏེ་ཆོས་ཀྱི་འབྲེལ་བའང་མང་དུ་ཞུས་རང་རང་གི་ཉམས་རྟོགས་རྣམས་ཀྱང་བླ་མ་ལ་ཞུས་ཏེ་དེ་དག་ལ་གེགས་སེལ་དང་བོགས་འདོན་དགོས་པ་རྣམས་ཀྱང་ཞུས། །རང་རང་གི་གནས་སུ་བསྒོམ་པས་ཡོན་ཏན་ཡོངས་སུ་རྫོགས་ཏེ་བླ་མའི་གདམས་ངག་གིས་ཕན་ཐོགས་པར་བྱུང་སྐད། བླ་མ་དེར་ཕེབས་པའི་སྙན་པ་དབྱེ་ཆེ་ཆུང་གི་དད་ལྡན་རྣམས་ཀྱི་ཐོས་པས་དད་ལྡན་འགའ་ཞིག་གདན་འདྲེན་དུ་བྱུང་སྟེ་ཐོག་མར་དབྱེ་ཆུང་གི་རི་ཁྲོད་ཞིག་ཏུ་བྱོན་དད་ལྡན་འགའ་ཞིག་ལ་ཆོས་དབང་གདམས་ངག་གི་ཚིམ་པར་

(༤༧༦)མཛད། དེ་ནས་དབྱེ་ཆེན་མོའི་རི་ཁྲོད་ཞིག་ཏུ་ཕེབས། དེར་དད་ལྡན་འགའ་ཞིག་ལ་ཕྱག་རྒྱ་ཆེན་པོ་སོགས་ཆོས་བཀའ་མང་དུ་གནང་། །དེར་དགེ་བའི་བཤེས་གཉེན་ཞིག་བྱུང་ནས་བླ་མའི་སྙན་པ་ནི་སྔ་མོ་ནས་ཐོས་ཞལ་ནི་ད་ལྟ་ལས་མ་མཇལ་ད་ཚེ་གཅིག་ལུས་ཅིག་ལ་སངས་རྒྱ་བའི་གདམས་ངག་ཚིག་ཉུང་ལ་དོན་འདུས་པ་སྤྲོས་བཅས་ཀྱི་བྱ་བ་ཆེར་མི་དགོས་པ་ཞིག་ཐུགས་རྗེས་འཛིན་པ་ཞུ། ཕྱི་མཚན་ཉིད་ཀྱི་ཤེས་བྱ་ལ་སྦྱངས་ན་མཐར་ཐུག་པ་ཞིག་མི་འདུག་ཅིང་ཤེས་པའི་མཐར་ཡང་དོན་གོ་ཆེན་པོ་ཡང་ཅིག་མ་ཤེས་པས་ད་དོན་ཉམས་སུ་ལེན་པ་ཅིག་དགོས་བྱུང་ཞུ་བ་ལ། བླ་མས་ཀྱང་སྐལ་ལྡན་དུ་མཁྱེན་ནས་ཐོག་མར་དབང་གིས་སྨིན་པར་མཛད། དེ་ནས་ཕྱག་རྒྱ་ཆེན་པོ་བརྡའི་སྐོར་དང་སྙིང་པོ་དོན་གྱི་སྐོར་དང་བསྲེ་འཕོའི་སྐོར་ལ་སོགས་པ་གདམས་ངག་མང་དུ་གནང་། ཁྱད་པར་དུ་བཅོམ་ལྡན་འདས་མ་ཞལ་གཉིས་མའི་རྒྱུད་སྒྲུབ་ཐབས་དང་བཅས་བསྐྱེད་རྫོགས་ལས་རིམ་མན་ངག་མཐའ་དག་དང་བཅས་པ་ཚང་མ་གནང་བས། དགེ་བའི་བཤེས་གཉེན་དེ་ཉིད་ལ་ཁྱུང་པོ་ལྡན་དམར་ཞེས་བྱ་བའི་མདོ་སྔགས་ཀྱི་ཡོན་ཏན་ཐམས་ཅད་ཡོད་པ། ཁྱད་པར་དུ་བླ་མའི་སྐུ་དྲིན་གྱི་སྐྱེད་རྫོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་ནུས་པའི་འཕྲིན་ལས་ཅན་ཞིག་

(༤༧༧)བྱུང་ཞིང་། བཀའ་བབས་འཛིན་པའི་སློབ་མ་ཅིག་ཏུ་གྲགས་སོ། །དེ་ནས་ཡར་ལུང་གི་ལྷ་རྗེ་ལྷ་འབར་དང་སྒོམ་ཆེན་སྨོན་ལམ་འབར་ལ་སོགས་པ་རྣམས་ཀྱི་བརྩོལ་བ་ཆེན་པོས་ཡར་ལུང་ཕུ་ཐང་དུ་གདན་དྲངས་མཆོད་རྟེན་ཀ་རུར་བཞུགས་གནས་མཛད། །དེར་སློབ་མ་རྣམས་ལ་དབང་ཁྲིད་མན་ངག་མང་དུ་གནང་། དགེ་བཤེས་ཁྱུང་པོ་ཡང་དེ་དུས་ཕྱག་ཕྱིར་འབྲངས་གདམས་ངག་གི་སྤྲོས་པ་བཅད། དེའི་དུས་སུ་སྙག་ཅེར་བུ་དང་། ཞང་ཁྲོམ་པ་སྐྱེས་ལ་སོགས་ཡར་ལུངས་ཀྱི་སློབ་མ་ཕལ་ཆེ་བ་རྣམས་ཀྱི་གདམས་ངག་གི་སྒྲོ་འདོགས་གཅོད་པ་དང་། རང་རང་གི་ཆོས་ཀྱི་བཀའ་གཏད་སྨོན་ལམ་དང་བཅས་པ་ཞུས་སོ། །དེ་རྣམས་ནི་མཁར་ཆུ་ནས་རྫུ་འཕྲུལ་གྱིས་བྱོན་ཏེ། ཤམ་པོ་གངས་ཀྱི་ནུབ་ཕྱོགས་མཁའ་འགྲོ་གསང་བའི་ཕུག་པར་སྒྲུབ་པ་མཛད་པ་དང་། གངས་ཀྱི་གནས་གཞན་རྣམས་སུ་གནས་འབྲེལ་དང་། ཡར་ལུང་། དབྱེ་ཆེ་ཆུང་སོགས་ཀྱི་གདུལ་བྱ་ཐ་མ་སྨིན་གྲོལ་མཛད་པའི་སྐོར་ཚོ་དེ་བདུན་པའོ།། ༈ །།བརྒྱད་པ་ནི། གཞན་ཡང་དད་ལྡན་འགའ་ཞིག་ལ་ཆོས་གནང་ཞིང་ཐུགས་དམ་ལ་བཞུགས་པའི་དུས་ཤིག་ཐུགས་ཉམས་ཀྱི་ངང་ཞིག་ལ་མ་ཅིག་གྲུབ་པའི་རྒྱལ་མོ་དེ་ཉིད་ན་ཚོད་ལོ་བཅུ་དྲུག་འགྲོ་བ་ཞིག་གི་ཚུལ་དུ་མཛད་ནས་སྐུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་

(༤༧༨)ཕྱག་ན་ཌ་མ་རུ་དང་ཐོད་པ་བསྣམས་པ་ཞིག་ནམ་མཁའི་མཐོང་ན་གར་ཁྱུག་ཁྱུག་མཛད་པ་ཞིག་མཇལ་དེར་མ་ཅིག་གི་གསུང་ནས།། ༈ །།རྡོ་རྗེ་འཆང་ཆེན་ཧེ་རུ་ཀ །གསང་བདག་བཛྲ་ཀིརྟི་ཁྱོད། བོད་ཡུལ་མུན་པའི་གླིང་འདི་རུ། །དམུས་ལོང་མང་པོའི་མིག་ཕྱེད་ཀྱང་། །ད་དུང་ཁྱོད་ཀྱི་གདུལ་བྱ་ནི། །འདི་ནས་ཤར་ལྷོའི་ཕྱོགས་ཤེས་ན། །བདེ་ཆེན་པདྨོ་བཀོད་པའི་གནས། །རྡོ་རྗེ་ཕག་མོའི་ཕོ་བྲང་ཡོད། །གསང་སྔགས་ཆོས་ཀྱི་ཕོ་བྲང་ནི། །ལྕང་ལོ་ཅན་དང་འདྲ་བ་ཡོད། །དངོས་གྲུབ་རྒྱུན་དུ་རྩོལ་བའི་གནས། །དཔའ་བོ་དཔའ་མོའི་བཞུགས་གནས་ཡོད། །ཛཱ་ལན་དྷ་ར་ལ་སོགས་པའི། །ཉི་ཤུ་རྩ་བཞིའི་གནས་དང་མཚུངས། །དུར་ཁྲོད་བརྒྱད་ཀྱི་ཕྱོགས་མཚམས་སྐོར། །ཞི་ཁྲོ་མ་ལུས་ཕོ་བྲང་ཡིན། །དེ་རུ་སོང་ལ་འགྲོ་དོན་གྱིས། །རིགས་གསུམ་མགོན་པོའི་སྤྲུལ་པ་ཡི། །སློབ་མ་དག་ཀྱང་དེ་རུ་འབྱུང་། །ཁོ་མོ་ཅག་ཀྱང་དེ་ན་ཡོད། །ཡིད་བཞིན་ནོར་བུ་འཛིན་པའི་བུ། །ཉི་ཟླའི་གོས་ཅན་དེ་རུ་འབྱུང་། །ཆོས་རྒྱུད་དེ་རུ་དར་བར་འགྱུར། །རིགས་འཛིན་གྲུབ་པའི་སྐུ་ཆས་ཀྱང་། །གནས་དེར་འགྲོ་དོན་འཕེལ་བ་ཡིན། །ཞེས་པའི་མོད་ལ་མི་སྣང་བར་གྱུར་ཏོ། །ཡང་དུ་མ་ཞིག་ན་ལྷོ་ནུབ་ཀྱི་མཚམས་ནས་སྤྲིན་དཀར་པོའི་གསེབ་ན་དར་དཀར་པོ་སྐྱོང་པ་འདྲ་བའི་སྣལ་མ་ཅིག་གྲུབ་པའི་རྒྱལ་མོ་ཡིན་ཟེར་བའི་བུ་མོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་པ་ཞིག་བྱུང་སྟེ།།

(༤༧༩)༈ །།རྗེ་བཙུན་ཆེན་པོ་ལགས། །འདི་ནས་ཤར་ལྷོའི་ཕྱོགས་ཀ་རུ་བྲག་གི་ནུབ་ཕྱོགས། མཁར་ཆུ་བྲག་གི་ཤར་ཕྱོགས་རྒྱ་གར་མོག་པའི་བྱང་ཕྱོགས། །ཨོ་རྒྱན་མཆོད་རྟེན་གྱི་ལྷོ་ཕྱོགས་བྱ་རྒོད་དཔུངས་པ་ལྟ་བུའི་ཞོལ། མཁའ་འགྲོ་འདུ་བའི་གནས་ཤིག་ཡོད། སེམས་ཅན་དོན་ལ་དགོངས་མཛོད་ལས། རིགས་འཛིན་ཁྱེད་ནི་དེ་རུ་ཕེབས་བ་ཞུ། །ཁོ་མོ་ཅག་གི་གདན་འདྲེན་དུ་འོངས་པ་ཡིན་ཞུ་བ་ལ། དེར་བླ་མས་ཁྱོད་ཀྱི་རིགས་དང་མིང་ཅི་ཡིན་ཞེས་དྲིས་པས་ད་ལན་ཞུ་མི་འཚལ་དུས་ཕྱིས་ནས་མཁྱེན་པར་འགྱུར་གྱིས་ཞུ་བའི་ངང་ལ་མནལ་དང་འོད་གསལ་ལས་སད་པར་གྱུར་ཏོ། །དེ་ནས་བླ་མའི་དགོངས་པ་ལ་སྔར་རྒྱ་གར་ཡུལ་དུ་མི་ཅིག་གི་ལུང་བསྟན་པའི་གནས་དེ་ཉིད་དུ་འགྲོ་བའི་དུས་ལ་བབ་པར་འདུག་དགོངས་ནས་སློབ་མ་རྣམས་ལའང་ཆོས་རྣམས་མྱུར་དུ་ཚར་བར་མཛད། དེ་ནས་ལྷོ་ཕྱོགས་ཀྱི་སློབ་མའི་ཐོག་མར་གྱུར་པ་བླ་མ་རྗེ་བཙུན་སྤྱན་འདྲེན་པའི་བྱེད་པ་པོ་མཁའ་འགྲོ་བཙུན་ཆུང་མ་ནི། འཁྱུངས་པའི་ཡུལ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་ས། གྲུབ་ཐོབ་དང་མཁས་པ་མང་པོ་འབྱུང་བའི་ཁུལ་སྐྱེ་བོ་རྣམས་དད་པ་དང་མོས་གུས་ཆེ་བ་དང་རྒྱུད་རིང་ཞིང་ཆོས་ལ་དཀར་བའི་ཡུལ། ཁུལ་དུ་བྱུང་པ་ལོ་རོ་རློན་དགེ་བཅུ་དང་ལྡན་པའི་ཡུལ་

(༤༨༠)ཤིན་ཏུ་བཟང་པ་ཡིན་ཞིང་། གྲོང་ཁྱེར་ནི་གཡོ་གོང་མ་ཡབ་ནི་གཡོ་པ་རྒྱལ་མཚན་ཞེས་བྱ་བ་སྔགས་པའི་ཡོན་ཏན་མཐའ་དག་ཐུགས་ལ་ཡོད་པ་ཞིག་ཡིན། ཡུམ་ནི་ཤེས་རབ་སྐྱིད་ཞེས་པ་མཁའ་འགྲོའི་མཚན་དང་ལྡན་ཞིང་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་ཚང་བ་ཞིག་ཡིན་ནོ། །དེ་ཉིད་ལ་སྲས་མིང་སྲིང་གཉིས་བྱུང་བ་ལ་ལྕམ་ཡེ་ཤེས་མཁའ་འགྲོ་འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་ཟོ་འདོག་བདེ་བ་དང་། རྨི་ལྟས་ཤིན་ཏུ་བཟང་པ་མང་པོ་ཡབ་ཡུམ་གཉིས་ལ་རྨིས་ཤིང་དུས་ལ་བབ་ནས་འཁྲུངས་དུས་ཀྱང་རྟགས་ངོ་མཚར་ཅན་མང་དུ་བྱུང་ཞིང་། མཁའ་འགྲོ་དེ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་འཁྲུངས་མ་ཐག་ནས་ཅི་བསམས་ཐམས་ཅད་འགྲུབ་པ་ཞིག་བྱུང་ཞིང་དེའི་ཇོ་ཇོ་གཡོ་པ་འབའ་རེ་ཞེས་བྱ་བ་དང་ལྕམ་སྲིང་གཉིས་བཞུགས་སོ། །བུ་མོ་དེ་ཉིད་གཞོན་ནུའི་དུས་ནས་རྨི་ལམ་དུ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཕྱིན་པ་དང་། དུར་ཁྲོད་བརྒྱད་དང་ཡུལ་ཉི་ཤུ་རྩ་བཞིར་ཕྱིན་ནས་བུ་མོ་རུས་པའི་རྒྱན་བྱས་པ་མང་པོར་དང་རྩེད་མོ་རྩེ་ཞིང་ཚོགས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པའི་ངོ་མཚར་བའི་རྨི་ལྟས་མང་པོ་བྱུང་བ་མི་ལ་བཤད་པས་བློར་མི་ཤོང་པ་བྱུང་། སྐུ་ན་གཞོན་ནུ་ནས་དད་པ་ཤིན་ཏུ་

(༤༨༡)ཆེ་བས་དཀོན་མཆོག་གི་རྟེན་གསུམ་མཐོང་པ་དང་བླ་མ་དགེ་འདུན་སོགས་མཇལ་ན་གུས་པའི་ལྷ་ཕྱག་འཚལ་བ་དང་། སྐྱབས་འགྲོ་དང་ཡིག་དྲུག་འདྲེན་པ་ནི་དལ་བ་མེད་པར་འབད་པ་ཞིག་ཡོད། །དགོང་ལོ་བརྒྱད་ལ་ཆོས་སྒོར་ཞུགས་ནས་ཐུགས་དམ་གྱི་མཐིལ་འཇམ་དཔལ་མཚན་བརྗོད་སྒྲོལ་མ་ལ་མཛད་པ་ཞིག་ཡིན། ཡན་ལག་བདུན་པ་ལ་ཡང་རྩོལ་བ་ཤིན་ཏུ་ཆེ་བ་མཛད། ན་ཚོད་དེ་ནས་བྱིས་པ་ཡེ་ནས་མི་མཛད་ཅིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆེ་ཞིང་། ཐུགས་རྒྱུད་དུལ་བ། གཙང་སྦྲ་ཆེ་ཞིང་དཀོན་མཆོག་མཆོད་པ་ལ་བརྩོན་པ་ཤེས་རབ་ཆེ་ལ་ང་རྒྱལ་ཆུང་བ། རྣམ་པར་དག་ཅིང་བློ་གྲོས་དང་ལྡན་པ་ཉེ་རིང་སུས་མཐོང་ཡང་ངོ་མཚར་བའི་གནས་སུ་བྱེད་པ་ཅིག་ཡོད། དགུང་ལོ་བཅུ་དྲུག་བཞེས་པའི་དུས་སུ་ལ་སྟོད་དིང་རི་ན་ཕ་དམ་པ་སངས་རྒྱས་ཞེས་བྱ་བ་རྒྱ་གར་གྱི་པཎྜི་ཏ་མཁས་པ་གྲུབ་པ་ཐོབ་པ་ཞིག་བཞུགས་ཟེར་བ་གསན་པས། ཕ་མ་ལ་གཡུ་ཆེན་པོ་མཚར་བ་ཞིག་ཡོད་པ་ནོར་སྐལ་དུ་བསླངས་ཏེ་དིང་རི་ལ་འགྲོ་བར་བརྩམས་ནས་དབུས་ཕྱོགས་སུ་བྱོན་པས་ཡར་ལུང་དུ་སླེབ་པ་དང་ཕ་དམ་པ་གྲོངས་པའི་སྐད་ཆ་ངན་པ་ཞིག་ཐོས་ཏེ་སྙིང་བཏོན་པ་ལྟ་བུའི་སྡུག་བསྔལ་བྱུང་ཞིང་མཆི་

(༤༨༢)མ་དང་བཅས་མྱ་ངན་ཀྱི་ཟིན་པའི་དུས་སུ་མི་ཞིག་ན་རེ་ཁྱོད་འདི་ལྟ་བུའི་སྡུག་བསྔལ་བྱེད་པ་ཅི་ཡིན་ཟེར། དེར་ཁོ་མོ་ཅག་ཆོས་འཚོལ་བ་ལ་དིང་རིར་ཕ་དམ་པ་སངས་རྒྱས་ཀྱི་དྲུང་དུ་འགྲོ་བསམ་འཆོས་པ་ན། དམ་པ་ཞལ་མ་བཞུགས་པའི་གཏམ་ངན་ཞིག་ཐོས་པས་ཡིད་སློད་སློད་པོར་གྱུར་མྱ་ངན་གྱིས་ཟིན་པ་ཡིན། ད་ཁོང་དང་མཉམ་པའི་བླ་མ་གྲུབ་ཐོབ་འདྲ་བཤད་རྒྱུ་ཨེ་ཡོད་དྲིས་པས། དེར་ཁོ་ན་རེ་འོ་ན་ཁྱོད་དེ་ཙམ་གྱི་མྱ་ངན་བྱེད་མི་དགོས་ཀྱི་དེ་དང་མཉམ་ངེས་པའི་གྲུབ་ཐོབ་དེ་ལྟ་བུ་བོད་ན་བླ་མ་མི་ལའི་ཐུགས་སྲས་དམ་པ་བརྩོད་མེད་ཡོངས་གྲགས་འགྲོ་བའི་མགོན་པོ་གུང་ཐང་རས་པ་ཞེས་བྱ་བ་བཞུགས་ཟེར། མཇལ་ཁ་ཡོད་དམ་བྱས་པས་སྔ་དྲོ་ཐུགས་དམ་མཛད། ཉི་མ་དྲོ་ཁ་ལ་སྐྱོ་སངས་ལ་འབྱོན་གྱིན་གདའ་ཟེར། དེར་བཞུགས་ནས་རྗེ་བཙུན་དང་མཇལ་བས་རྩོལ་མེད་ཀྱི་དད་པ་རང་དབང་མེད་པ་ལྷག་པར་སྐྱེས་གཡུ་རྡོག་ཡང་རྗེ་བཙུན་ལ་ཕུལ། མོས་གུས་ཆེན་པོས་ཕྱག་མང་དུ་བརྩལ། ཞབས་སྤྱི་བོར་བླངས་ཏེ་རྗེ་བཙུན་ཆེན་པོས་ཐུགས་དགོངས་གང་ལ་གཏད་བདག་ཀྱང་རྗེས་སུ་འཛིན་པ་ཞུ་ཞུ་བ་ལ། རྗེ་བཙུན་གྱི་ཞལ་ནས་ཁོ་བོའི་བློ་ནི་ཡུལ་གངས་དང་ནགས་ཀྱི་སྐོར་བའི་ས་མི་ནི་བླུན་པོ་ཞེས་པ་སྐད་ཆག་ཙ་ན་དེ་

(༤༨༣)འདྲའི་གནས་གཅིག་ཏུ་གཏད་གསུང་། །ཡབ་བཙུན་མས་ཞུས་པ་དེ་ལྟ་བུ་ཁོ་མོའི་ཡུལ་ན་ཚང་ཡོད་ལགས་པས་རྗེ་བཙུན་དེར་ཅིས་ཀྱང་ཕེབས་པ་ཞུ་ཞུ་བ་ལ། །ཕེབས་པར་ཞལ་གྱིས་མ་བཞེས་པས་ཡང་ཞུས་པ་ཁྱེད་མི་ཕེབས་ན་སྤྱན་གྱི་གཟིགས་པའི་ས་འདིར་ལྕེབ་པ་ལགས་ཟེར་ནས་ངུ་ཞིང་སྨྲེ་སྔགས་མང་དུ་གདུང་བ་ལ། རྗེ་བཙུན་གྱི་དེ་ལྟ་བུའི་གལ་ལ་ཐུག་པ་ཡོད་ན་འགྲོ་ཡི་གསུང་། དེ་ཡང་དང་པོར་མ་གཅིག་གིས་ལུང་བསྟན་པ་དང་། །མནལ་ལམ་དུ་བྱུང་པའི་ལུང་བསྟན་དང་མཁའ་འགྲོ་མའི་བསུན་མ་བྱུང་པ་རྣམས་དང་། མཁའ་འགྲོ་བཙུན་ཆུང་མས་དངོས་སུ་གདན་འདྲིན་པའི་དོ་གལ་རྣམས་རྟེན་འབྲེལ་དུས་འགྲིག་པས། ཁོ་བོ་འོང་གི་གསུངས་ནས་ཞལ་གྱི་བཞེས་ཏེ་སེམས་བསོས། དེ་ནས་འཁོར་གཞན་དང་ལྷན་དུ་ཆོས་ཀྱི་འབྲེལ་པ་མཛད་པས་ཤིན་ཏུ་དད་པར་གྱུར་ཏེ་གསོལ་བ་འདི་ཉིད་བཏབ་བོ།། ༈ །།ཨེ་མ་ཧོ། །རྣམ་དག་སྐུ་ལྔ་མཚན་དང་དཔེ་བྱད་སྤྲས། །རྒྱལ་བའི་ཡོན་ཏན་མ་ལུས་འབྱུང་བའི་གནས། །ཟབ་ཞི་སྤྲོས་བྲལ་འཁོར་འདས་དབྱེར་མེད་རྟོགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་སོགས་ཐར་པའི་ལམ་དུ་དྲང་དུ་གསོལ། །ཞལ་གྱི་དཀྱིལ་འཁོར་མཐོང་བས་དད་པ་སྐྱེས། །གསུང་གི་ཚངས་དབྱངས་ཐོབ་པས་དོན་གཉིས་འགྲུབ། །

(༤༨༤)དགོངས་པ་གཏད་པས་འཁོར་འདས་དབྱེར་མེད་འདྲེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །བླ་མ་ཁྱེད་དང་སྐད་ཅིག་མི་འབྲལ་ཞིང་། །ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །ཞེས་ཞུས་པས། །ཡང་རྗེ་བཙུན་གྱི་ཞལ་ནས།། ༈ །།མཚན་མཆོག་གསུམ་ཅུར་ལྡན་པའི་མཁའ་འགྲོ་མ། །པདྨའི་རིགས་ཅན་ཉེས་པའི་སྐྱོན་དང་བྲལ། །ངག་འཇམ་རྡོ་རྗེའི་གླུ་ལེན་ཆོས་ལ་དད། །གསང་སྔགས་སྣོད་དུ་རུང་བའི་སྐལ་ལྡན་མ། །བཞིན་བཟངས་མ་ཁྱོད་རྗེས་སུ་བཟུང་བར་བྱ། །ཞེས་གསུངས་ནས་སྔར་ཕུལ་བའི་གཡུ་ཡང་གནང་། །ཟླ་བ་འགའ་ལ་ཕེབས་ཡོང་བའི་ཞལ་བཞེས་མཛད་ནས་ཁྱོད་རང་སྔོན་ལ་སོང་ཞིག་གསུང་། དེ་ནས་མཁའ་འགྲོ་བཙུན་ཆུང་མས་རང་ཡུལ་དུ་བྱོན་བླ་མ་འདི་ལྟ་བུ་ཕེབས་པ་ཡོད་ཀྱི་སྙན་པ་ཡང་གྲགས། ཞབས་ཏོག་སྣ་ལེན་ལ་སོགས་པའི་གྲབས་ཀྱང་ལེགས་པར་བྱས། དེ་ནས་རྗེ་བཙུན་ཉིད་ཀྱི་ཡར་ལུང་གི་བུ་སློབ་ཡོན་བདག་རྣམས་ལ་སྒྲུབ་པ་བྱེད་པ་དང་དགེ་བ་ལ་འབད་པ་གྱིས་ཤིག་ཞེས་པའི་ཞལ་ཏ་ཞིབ་རྒྱས་སུ་གནང་ནས་གཉལ་ལོར་ཕྱོགས་ལ་ཕེབས་པའི་དགོངས་པ་གཏད་པས། སྔར་གྱི་རྟེན་འབྲེལ་གྱི་ཤུགས་ལ་བརྟེན་ནས་ཤོ་སྟོན་རྡོ་རྗེ་རྒྱལ་མཚན་གྱི་གདན་འདྲེན་མི་བཏང་བ་དང་དུས་འཛོམ།

(༤༨༥)ཤོ་སེབ་ལུང་དུ་ཕྱགས་ཕེབས་ཤོ་སྟོན་རྡོ་རྗེ་རྒྱལ་མཚན་དང་རིགས་སྟོན་འབུམ་རྒྱལ་གཉིས་ཀྱི་ཞབས་ནས་སྟེག་ཆོས་གནང་བར་གསོལ་བ་བཏབ། བླ་མས་གདམས་པ་ཡང་འགའ་ཞིག་གསུངས། ཤོ་སྟོན་རྡོ་རྗེ་རྒྱལ་མཚན་ལ་གདམས་པ་མང་དུ་གནང་། དེ་ནས་དབང་གི་ལོ་རྒྱུས་གསུངས་པས་ཁོང་རྣམས་ཤིན་ཏུ་དད་པར་གྱུར་ཏེ་མེ་ཏོག་མང་དུ་ཕུལ་ནས་ད་ལྟ་ཞུ་ཟེར་བ་ལ། རིགས་སྟོན་འབུམ་རྒྱལ་གསང་སྔགས་ཀྱི་སྣོད་དུ་མ་གཟིགས་ནས་ད་ལན་རྟེན་འབྲེལ་མི་འགྲིག་པས་ཕྱིས་ཤིག་བྱ་ཡི་གསུང་ནས་ཕྱིར་བཤོལ། དེ་ནས་དགེ་བཤེས་རོག་དང་རྒྱལ་ཚས་སྤྱན་དྲངས་ནས། ཐད་དཀར་ཕུག་པར་བཞུགས། དེར་དད་ལྡན་འགའ་ལ་ཆོས་ཀྱི་ཚིམ་པར་མཛད་ཁྱད་པར་དུ་དགེ་བཤེས་རོག་ལ་གདམས་པ་མང་དུ་གནང་བས་ཕན་ཐོགས་ཤིང་གྲོལ་བ་ཐོབ་པ་བྱུང་། རྒྱལ་ཚ་ན་རེ་བླ་མ་རིན་པོ་ཆེ་བདག་འཛིན་འདི་ཤིན་ཏུ་སྤོང་དཀའ་བ་བྱུང་ཚེ་འདིའི་བྱ་བ་སྤང་མི་དགོས་བར་ཐར་ལམ་ཟིན་པའི་གདམས་ངག་ཅིག་ཐུགས་རྗེས་བཟུང་ཞུ་བ་ལ་མགུར་འདི་གསུངས་སོ།། ༈ །།རྒྱུ་ལས་མ་བྱུང་འབྲས་བུ་དཀའ། །བཤེར་ལས་མ་བྱུང་མེ་ཏོག་དཀའ། །སྐྱེ་ཤི་འཇིགས་ཀྱི་དད་པ་དཀའ། །གནད་དུ་མ་ཕེབས་སེམས་འཛིན་དཀའ། །ལུས་ལ་མ་རྟེན་བདེ་བ་དཀའ། །སྒོམ་ལ་མ་བརྟེན་ལྟ་

(༤༨༦)བ་དཀའ། །སེམས་ལས་མ་བྱུང་སངས་རྒྱས་དཀའ། །གཞོན་ནུ་རབ་ཏུ་བྱུང་བ་དང་། །ཁྱིམ་པ་ཆོས་ལ་འགྲོ་བ་གཉིས། །ཤིན་ཏུ་དཀའ་བོ་དད་པ་ཅན། །མི་ལུས་རིན་ཆེན་ཐོབ་པ་དང་། །ཨུ་དུམ་ཝ་རའི་མེ་ཏོག་གཉིས། །ཤིན་ཏུ་དཀའ་བོ་དད་ལྡན་ཀུན། །བཏང་དུ་མེད་པའི་སྦྱིན་པ་ནི། །ཞེན་པ་མེད་པར་བཏང་ན་ལེགས། །བསྲུང་དུ་མེད་པའི་ཚུལ་ཁྲིམས་ནི། །དུས་རྣམས་རྟག་ཏུ་མ་ཡེངས་བསྲུངས། །སྒོམ་དུ་མེད་པའི་བཟོད་པ་ནི། །ཤེས་པ་གང་དགར་སྐྱོང་པ་ཡིན། །འབད་པ་མེད་པའི་བརྩོན་འགྲུས་ནི། །དེ་ཉིད་གོམས་པར་བྱེད་པ་ཡིན། །བསམ་དུ་མེད་པའི་བསམ་གཏན་ནི། །རེ་དོགས་མཚན་མས་མ་ཆོད་ཡིན། །དཔྱད་དུ་མེད་པའི་ཤེས་རབ་ནི། །སེམས་ཉིད་རྣལ་མར་བཞག་པའོ། །ཅེས་གསུངས་པས་ཤིན་ཏུ་དད་པར་གྱུར་ཏེ། རྗེས་སུ་ཡང་བླ་མའི་ཞབས་ཏོག་སྒྲུབ་ཅིང་ཆིག་རྒྱ་ཐུབ་པའི་སྒོམ་ཆེན་ཞིག་བྱུང་། ཡང་དགེ་བཤེས་རོག་དང་། ཅུང་སྟོན་རྒྱས་པ་གཉིས་ཀྱི་གཉལ་སྨད་དགྱེ་རིར་གདན་དྲངས་དགྱེ་རི་བྲག་ཟུར་གྱི་ལམ་སྣ་ཞིག་ཏུ་མཁའ་འགྲོ་བཙུན་ཆུང་མས་གདན་འདྲེན་དུ་འོངས་པ་དང་མཇལ། དེ་ནས་འགྲོ་བ་འགའ་ཞིག་གི་དོན་དུ་དགྱེ་རིའི་བྲག་ཐུགས་ལ་ཐད་དམར་གྱི་ཕུག་པ་སེང་གེ་རྫོང་དང་གུར་ཕུག་རྣམས་སུ་

(༤༨༧)བཞུགས་པ་མཛད། གནས་དེ་རྣམས་སུ་ཅུང་སྟོན་རྒྱ་ནེ་ཡང་ཞབས་ལ་ཐུག་གུར་ཕུག་ཏུ་བཞུགས་པའི་དུས་ཤིག་དཔའ་བོ་མཁའ་འགྲོ་རྣམས་ཀྱི་འཇའ་ཡི་གུར་ཕུབ་པ་དང་མེ་ཏོག་གི་ཆར་འབེབས་པ་ལ་སོགས་པའི་རྟགས་ངོ་མཚར་ཆེ་བ་མང་བ་ཞིག་བྱུང་པས་སློབ་མ་ཀུན་ཤིན་ཏུ་དད་པར་གྱུར་ཏོ། །དེ་ནས་མཁའ་འགྲོ་བཙུན་ཆུང་མས་གདན་དྲངས། །ལང་ཀུ་ལ་ཐོག་ཏུ་ཕེབས་དེར་བསུན་མ་ཡང་སླེབ་ཀུན་གྱིས་གུས་པས་འདུད། བུད་མེད་ཀྱི་ཕོ་ཕྱག་བྱས་དགའ་བའི་རྣམ་འགྱུར་དང་བསྙེན་བཀུར་བགྱིས་ནས་གྲོང་ཡུལ་དུ་ཕེབས་པར་ཞུས་ཏེ། ལོ་རོ་རློན་གྱི་གཡོ་གོང་མར་སྤྱན་དྲངས་ཡོན་བདག་གཡོ་པ་མིང་སྲིང་གི་ཞབས་ནས་བཏེགས། །དེའི་དུས་ན་རྗེ་བཙུན་ལ་ཀ་ར་ཝ་ཏི་ཅིག་དང་། གལ་ཏེ་སུམ་སྐྱེ་ཅན་གཅིག །ཆོས་ཁུག་ཆེན་མོ་གཅིག །སྤ་ཁར་གཅིག །བཞུགས་གདན་དུ་ཁྲི་སྙན་གྱི་ལྤགས་པ་གཅིག །སྟེང་ན་རས་དཀར་གྱི་ན་བཟའ་གཅིག །འོག་ན་ཐེར་མ་སྲབ་མོ་ཅིག་ལས་མི་འདུག །དེའི་ཉིན་པར་ཕྱག་དང་སྐོར་བ་འབུལ་བ་ལ་སོགས་མང་དུ་བྱུང་། ནུབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར། །ཕོ་མོ་ཐམས་ཅད་དད་པ་ཆེ་བར་འདུག་པས། རྗེ་བཙུན་དགྱེས་ཏེ་མགུར་འདི་གསུངས་

(༤༨༨)སོ།། ༈ །།ཕ་ན་མོ་གུ་རུ། །བཅོམ་ལྡན་འདས་ཀྱི་ཐུགས་དགོངས་ཏེ། །བཟང་ངོ་སྐད་དེ་གོ་བ་མེད། །མ་གོ་བཟང་བ་སུ་ཡི་ཤེས། །ལས་འཕྲོ་ཅན་གྱི་ཤེས་སོ་སྐད། །འདབས་ཆགས་ཁྱུང་གི་གཤོག་རྒྱངས་དེ། །རིང་ངོ་སྐད་དེ་མཐོང་བ་མེད། །མ་མཐོང་རིང་བ་སུ་ཡི་ཤེས། །ལྷའི་དབང་པོས་ཤེས་སོ་སྐད། །སེང་གེ་དཀར་མོའི་འོ་མ་དེ། །མངར་རོ་སྐད་དེ་མྱོང་བ་མེད། །མ་མྱངས་མངར་བ་སུ་ཡི་ཤེས། །རྩོང་ཁའི་རྒྱལ་པོས་ཤེས་སོ་སྐད། །ཉ་ཆེན་ཡོར་མོའི་ཁྲིས་པ་དེ། །ཁའོ་སྐད་དེ་མྱངས་པ་མེད། །མ་མྱངས་ཁ་བར་སུ་ཡི་ཤེས། །ཀླུའི་རྒྱལ་པོས་ཤེས་སོ་སྐད། །རྗེ་བཙུན་རས་པའི་གདམས་ངག་དེ། །ཟབ་པོ་སྐད་དེ་ཐོས་པ་མེད། །མ་ཐོས་ཟབ་པ་སུ་ཡི་ཤེས། །མོས་གུས་ཅན་གྱིས་ཤེས་སོ་སྐད། །མོས་གུས་ཅན་གྱི་རས་ཆུང་ལ། །གདམས་ངག་ཕྱུག་གོ་སྐད་པ་དེ། །མ་མཐོང་ཕྱུག་པ་སུ་ཡི་ཤེས། །སྐལ་ལྡན་ལས་ཅན་ཤེས་སོ་སྐད། །ཅེས་གསུངས་ཤིང་མཉེས་པར་གྱུར་ཏོ། །དེ་རྣམས་ནི་རྒྱ་གར་དུ་མ་ཅིག་གྲུབ་པའི་རྒྱལ་མོས་ལུང་བསྟན་པ་ལྟར། །མནལ་ལམ་གྱི་བརྡས་བསྐུལ་ཞིང་། མཁའ་འགྲོ་བཙུན་ཆུང་མས་ལོ་རོར་གདན་དྲངས་ཞར་ལ་གཉལ་གྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། ལོ་རོར་ཕེབས་པའི་སྐོར་ཚོ་དེ་བརྒྱད་པའོ། །

(༤༨༩)དགུ་པ་ནི། དེ་ནས་གཡོ་གོང་མར་གདན་ཕབ་གཡོ་པ་མིང་སྲིང་གིས་ཐོག་དྲངས་བུ་སློབ་ཡོན་བདག་མང་དུ་འདུས་ཏེ། རང་རང་གང་འདོད་ཀྱི་སྨིན་གྲོལ་གྱི་ཆོས་དབང་དགོས་ཞེས་གསོལ་བ་བཏབ་པས། བླ་མ་རྗེ་བཙུན་གྱིས་ཀྱང་ཆོས་དབང་གི་སྒོ་ནས་གང་ཟག་གང་ལ་གང་འཚམ་དང་། །གང་ལ་གང་དགོས་པའི་སྒོ་ནས་ཆོས་ཀྱི་ཆར་ཆེན་པོས་སྨིན་གྲོལ་ལ་འཁོད་པར་མཛད། དེ་ནས་མི་མང་དུ་སོང་པས་བླ་མ་རྗེ་བཙུན་ཐུགས་ཟོ་མ་སོད་པར་ཉིན་གཅིག་རྗེ་བཙུན་གར་བྱོན་ཆ་མི་འདུག་པས་བུ་སློབ་ཀུན་གྱི་འཚོལ་དུ་ཕྱིན་ཀྱང་ཡུན་རིང་དུ་མ་རྙེད། དེ་ནས་འགའ་ཞིག་གི་ཕ་རིའི་ཕུག་པ་སྐྱིད་པ་གཅིག་ནས་རྙེད་དེར་རྗེ་བཙུན་རིན་པོ་ཆེ་ལགས་གཡོར་ཕེབས་ནས་སློབ་མ་རྣམས་ལ་དབང་དང་གདམས་པ་གནང་བ་ཞུ་ཞུས་པས། བླ་མའི་ཞལ་ནས་འདི་ཕྱོགས་སུ་བྱེས་ལ་འོངས་པ་ལ་འགོལ་བ་ཞིག་བྱུང་གསུངས་པས། དེ་ནས་གནས་དེ་ལ་བྱེས་འགོལ་དུ་མིང་ཆགས། བླ་མ་གནས་དེ་ལ་དགོངས་པ་གཏད་པ་བུ་སློབ་རྣམས་ཀྱིས་ཤེས་པས་དེར་དགོན་པ་བཏབ་ནས་བཞུགས་སུ་གསོལ། དེར་ཡང་ཆོས་བྱེད་པ་དང་ཆོས་ཞུ་བ་མང་དུ་འདུས། །རྗེ་བཙུན་གྱི་དབང་དང་ཁྲིད་མང་དུ་གནང་ཞིང་དེར་མཁའ་འགྲོ་བཙུན་

(༤༩༠)ཆུང་མ་ལ་གསང་མཚན་བ་ཛྲ་ཌཱ་ཀིར་རྟགས། །སྙིང་རུས་དང་ལས་འཕྲོ་ལྡན་པས་སྒོམ་བསྒྲུབ་མཛད་པ་ཙམ་གྱི་རྟགས་བཅུ་དང་ཡོན་ཏན་བརྒྱད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བརྙེས་རྩ་ཐིག་རླུང་གསུམ་ལ་དབང་ཐོབ་སྒྱུ་ལུས་རྨི་ལམ་འབྱོངས་འོད་གསལ་མངོན་དུ་གྱུར། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། དགུང་ལོ་བཞི་བཅུ་ཞེ་བརྒྱད་ལ་བབ་པའི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད་པའི་དུས་སུ་བཛྲ་ཌཱ་ཀི་ཡི་ཕྱག་ན་ཌ་མ་རུ་དང་ཐོད་པ་བསྣམས་ཤིང་། སྐུ་ལུས་གར་བསྒྱུར་ཞིང་ནམ་མཁའི་མཐོངས་སུ་འཕགས་ནས་རྡོ་རྗེའི་གླུ་ལེན་པ་དང་། སཾ་སྐྲི་ཏའི་སྐད་སྒྲོག་པ་དང་ཨོ་རྒྱན་གྱི་སྐད་སྒྲོག་པ་ལ་སོགས་སྐད་རིགས་སྣ་ཚོགས་སྒྲོག་ཅིང་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་གྱུར་པ་ལས་ནམ་མཁའི་མཐོངས་ནས་མཁའ་འགྲོ་མ་རུས་པའི་རྒྱན་ཆ་ཅན་མང་དུ་བྱུང་པས་དེ་དག་གི་སྣ་ལ་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དེ་དག་གི་དབྱིངས་སུ་སྐུ་ལུས་འོད་ཀྱི་ཕུང་པོ་ཞིག་ཏུ་བྱས་ཏེ་ཡལ་སོང་། དེ་དུས་རྗེ་བཙུན་གྱི་གསུང་ནས་སྔོན་ངས་རྒྱ་གར་དུ་མ་གཅིག་གྲུབ་པའི་རྒྱལ་མོ་མཇལ་དུས་གྲུབ་པའི་རྒྱལ་མོའི་ཞལ་ནས་ཁྱོད་བོད་

(༤༩༡)ཁ་བ་ཅན་དུ་འགྲོ་དོན་མཛད་པའི་དུས་སུ་ངས་ཁྱོད་ཀྱི་གྲོགས་བྱ་ཡི་གསུངས་པའི་ཞལ་བཞེས་ཡོད་པ་དེ་བཛྲ་ཌཱ་ཀི་འདི་ཡིན་པར་ཐག་ཆོད། འདི་དང་ལས་བཟང་ངན་གྱི་འབྲེལ་པ་ཡོད་ཚད་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བ་ཡིན་གསུངས། ལུང་བསྟན་གྱི་གནས་སུ་ཕེབས་ཤིང་ལས་ཅན་གྱི་གང་ཟག་རྣམས་སྨིན་གྲོལ་མཛད་པའི་ཐོག་མའི་སྐོར་ཚོ་དེ་དགུ་པའོ།། ༈ །།བཅུ་པ་ནི་དེ་དུས་གཞན་ཡང་སློབ་མ་འགའ་ཞིག་གི་ཞུས་པ། བླ་མ་རིན་པོ་ཆེ་བདག་ཅག་རྣམས་ལའང་དེ་ལྟ་བུའི་མཁའ་སྤྱོད་འགྲུབ་པའི་གདམས་པ་ཟབ་ལ་མྱུར་པ་ཞིག་།ཐུགས་རྗེས་བཟུང་ཞུ་བ་ལ་མགུར་འདི་གསུངས་སོ།། ༈ །།རྗེ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །སྐལ་བ་ཅན་གྱི་གང་ཟག་རྣམས། །མ་ཡེངས་གདམས་ངག་གླུ་ལ་ཉོན། །བསྟེན་ན་བླ་མ་དཀོན་མཆོག་བསྟེན། །ཡིད་བཞིན་ནོར་བུ་དེ་ལས་འབྱུང་། །སྐྱོ་དུབ་མེད་པའི་དད་ལྡན་ན། །བྱིན་རླབས་དངོས་གྲུབ་ཤུགས་ལ་འབྱུང་། །བལྟ་ན་གནས་ལུགས་དོན་ལ་ལྟོས། །ཆོས་རྣམས་རང་བཞིན་ངོ་བོས་སྟོང་། །སྤྲོས་བྲལ་གཉིས་མེད་དོན་རྟོགས་ན། །སྒྲོ་སྐུར་མེད་པར་མཐར་ཐུག་ཐོབ། །བསྒོམ་ན་གཉུག་མ་ཉིད་དུ་སྒོམས། །འོད་གསལ་ངང་ལ་

(༤༩༢)འཕོ་འགྱུར་མེད། །མཉམ་ཉིད་རྟོགས་ན་རྒྱུན་ཆད་མེད། །འདུ་འབྲལ་མེད་དེ་བཟའ་གཏད་བྲལ། །སྤྱོད་ན་ཞེན་ཆགས་འཛིན་མེད་སྤྱོད། །ཆོས་རྣམས་རང་བཞིན་སྐྱེ་བ་མེད། །དགག་སྒྲུབ་མེད་པའི་དོན་རྟོགས་ན། །སྣ་ཚོགས་སྣང་ཡང་རྩིས་གདབ་བྲལ། །འཁྲུལ་པ་ཞིག་པས་བདེ་བ་ཐོབ། །ཀུན་ལ་ཁྱབ་པས་འབད་རྩོལ་བྲལ། །སྐུ་ལྔ་ལྷུན་གྲུབ་ལྷན་ཅིག་སྐྱེས། །བསམ་དང་བྲལ་བས་ཐམས་ཅད་མཁྱེན། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །དྲན་ནོ་བླ་མ་རྗེ་ཡི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །འབྲས་བུ་ཆོས་སྐུ་ཐོབ་པར་ཤོག །ཅེས་གསུངས་ནས། ཆོས་དབང་གནང་བའི་མཚམས་ཤིག་མཛད་ནས་སྐུ་མཚམས་དམ་པར་གདམས་པའི་དགོངས་པ་ཡོད་པ་ལ་ཉེ་གནས་རིན་ཆེན་གྲགས་ན་རེ་བླ་མ་རིན་པོ་ཆེ་བདག་གི་ཡུལ་དེ་ནའང་ཡུལ་བཟང་པོ་ལ་མི་བླུན་པོ་དད་པ་ཆེ་ནའང་དགེ་སྡིག་ཤན་མི་ཕྱེད་ཅིང་སྡིག་པ་ཤས་ཆེར་སྤྱོད་པ་ཞིག་ཡོད་པས། དེར་ཅིས་ཀྱང་ཕེབས་ནས་འགྲོ་བའི་དོན་མཛད་དགོས་ཞུས་པས་བླ་མའི་ཞལ་ནས་བུ་རིན་ཆེན་གྲགས། སྡིག་པ་ཤས་ཆེར་སྤྱོད་པའི་མི་ལ་དད་པ་མེད། བླུན་ཞིང་གཏི་མུག་པའི་མི་ལ་བྱང་ཆུབ་

(༤༩༣)མེད། ཡུལ་བཟང་ཡང་དགེ་སྦྱོར་མི་འཕེལ་གསུང་ནས་སྐུ་མཚམས་ལོ་བདུན་གྱི་བཅད་རྒྱ་མཛད་ནས་བཞུགས་པར་གནང་། དེར་སྐུ་མཚམས་ལ་བཞུགས་པའི་ནུབ་དང་པོ་དེའི་མནལ་ལམ་དུ་སྔར་རྒྱ་གར་དུ་མཇལ་བའི་གྲུབ་པ་མོ་ཆུའི་ཁ་ལ་ཅམ་ཅམ་འབྱོན་པ་ཞིག་ཡོད་པ་དེ་ཕེབས་པའི་ཞལ་ནས། བུ་རས་ཆུང་པ་ངས་ཁྱོད་ལ་བླ་མ་མི་ལའི་འཕྲིན་སྐྱེལ་དུ་ཡོངས་པ་ཡིན། །བླ་མ་མི་ལའི་ཞལ་ནས། ༈། བྱིན་རླབས་འབྱུང་བར་འདོད་ན་རྗེ་ལ་གསོལ་བ་ཐོབ། །དངོས་གྲུབ་འབྱུང་བར་འདོད་ན་རང་ལུས་ལྷ་སྐུར་སྒོམས། །གཞན་དོན་འབྱུང་བར་འདོད་ན་བྱམས་དང་སྙིང་རྗེ་སྦྱོངས། །འོད་གསལ་འཆར་བར་འདོད་ན་གནས་ལུགས་ངང་ལ་ཞོག །སྒྲིབས་གཉིས་དག་པར་འདོད་ན་མཁྱེན་གཉིས་ཡུལ་ས་སྐྱོངས། །ཆོས་སྐུ་ཐོབ་པར་འདོད་ན་སྐུ་གསུམ་རང་ཞལ་ལྟོས། །དོན་གཉིས་འགྲུབ་པར་འདོད་ན་རི་ཁྲོད་དབེན་པ་བཟུང་། །དགོས་འདོད་འགྲུབ་པར་འདོད་ན་ལུང་བསྟན་གནས་སུ་རྒྱུགས། །ཞེས་གསུང་གིན་འདུག་གོ་ཁྱོད་ཀྱི་དངོས་གྲུབ་ལེན་པའི་ས་འདི་ནས་ཉི་མ་བྱང་ཤར་གྱི་མཚམས་ཤིག་ན་ཡོད་པས་སོངས་གསུང་ཞིང་མི་སྣང་བར་གྱུར་ཏོ། །དེ་འཕྲལ་ལ་མནལ་ཡང་སད། དེར་དགོངས་པ་ལ་དང་པོ་བླ་མའི་ཞལ་མངའ་ནས་

(༤༩༤)སྒྲུབ་གནས་ཁྱད་པར་ཅན་ལྔ་ལུང་བསྟན་པ་ལས། རྡོ་རྗེ་གཞོན་ནུའི་སྒྲུབ་གནས་དེར་འགྲོ་བའི་དུས་ལ་བབ་པ་ཡིན་འདུག་དགོངས་པ་ཐུགས་ལ་ཤར། དེའི་ཐོ་རངས་མགོན་པོ་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ཞལ་གཟིགས། གནས་འདི་ཚེའི་ཕོ་བྲང་ཐུན་མོང་མ་ཡིན་པ་ཡིན་གསུང་ནས་ཚེའི་གདམས་པ་ལ་སོགས་གནང་། དེ་ནས་སྐུ་མཚམས་ལོ་བདུན་བཞུགས་རྒྱུ་ལ་ཞག་བདུན་དུ་བསྡུས་ནས་གྲོལ་བ་མཛད་པས། ཡང་ཉེ་གནས་རིན་ཆེན་གྲགས་ན་རེ་བླ་མ་རིན་པོ་ཆེ་བདག་གི་ཡུལ་དེ་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱི་བྱིན་གྱིས་བརླབས་པའི་གནས་བྱིན་ཆེ་ལ་བག་གྲོ་བའི་གནས་ཁྱད་པར་ཅན་དེ་འདྲ་ཡོད་པས་ཅིས་ཀྱང་འབྱོན་པ་ཞུ་ཞུས་པས། སྔ་ཕྱིའི་ལུང་བསྟན་དང་ཁོ་ཡང་ཞུ་ནན་ཤིན་ཏུ་ཆེ་ཞིང་རྟེན་འབྲེལ་དུས་འཛོམ་པས་ཞལ་གྱིས་བཞེས་ཏེ་བྱར་སྨད་དུ་བྱོན། བྱར་སྨད་ཨ་ཤུའི་བྲག་ལ་སྒྲུབ་བ་མཛད་ཅིང་ཐོགས་ཅིག་བཞུགས། དེ་ནས་སྤུ་གྲོའི་དགོན་པར་བྱོན་ར་ཤེར་སྣང་སྤུན་གྱིས་ཞབས་ནས་བཏེགས་ནས་ལོ་བདུན་སྒྲུབ་པ་མཛད་པར་དམ་བཅས། སྒྲུབ་གནས་དེ་ནི་ཁྱད་པར་དུ་འཕགས་པ་ཡིན་ཞིང་། རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག་ཏུ་གྲགས་ཏེ་སྐུ་མཚམས་ཤིན་ཏུ་དམ་པའི་ཚུལ་དུ་བཞུགས་ནས་ཡོད་པའི་ཟླ་བ་ལྔ་སོང་བའི་ནུབ་གཅིག་ཐོག་མར་

(༤༩༥)སྲོད་ལ་ཡི་དམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་ཞལ་གཟིགས། ནམ་ཕྱེད་ལ་རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཅུ་ལ་སོགས་ཏེ་བཀའ་རྒྱུད་ཀྱི་བླ་མ་ནམ་མཁའི་ཁམས་ཐམས་ཅད་གང་བར་ཞལ་གཟིགས། ཐོ་རངས་གྲོད་ཕུག་ན་རྗེ་བཙུན་མི་ལ་ཏིང་ངེ་འཛིན་ལ་བཞུགས་པ་དང་དེའི་འཁོར་ན་རས་པ་དུ་འདུག་པ་ཐམས་ཅད་གཟིགས་ཤིང་བླ་མ་རྗེ་བཙུན་ཅི་མཛད་ཐམས་ཅད་གཟིགས་པ་བྱུང་། གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཕྱིར་མ་ལུས་རང་སེམས་ནང་དུ་མ་ལུས་པར་ཞིང་ཁམས་ཐམས་ཅད་ཐུགས་ལ་གསལ་བ་དང་། ཐུགས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་པ་དང་དྲན་པ་དང་བསྐུལ་བྱེད་མི་དགོས་པར་བདེ་གསལ་དུ་ཁྲི་ལེ་བྱུང་ཞིང་། ཁྱད་པར་དུ་བླ་མའི་ཐུགས་འོད་གསལ་དང་དབྱེར་མེད་དུ་འདྲེས་བླ་མས་ཀྱང་དེ་ལྟར་དུ་མཁྱེན་ཏེ། ཆོས་གསུང་པའི་ཐོག་མར་ངའི་བུ་རས་ཆུང་བདུད་ཀྱི་ཁྱེར་ཡང་ཡང་གསུངས། དེ་ནས་རྣལ་འབྱོར་པ་གཅིག་ལ་བླ་མ་རྗེ་བཙུན་གྱིས་ཀ་ར་དང་ཨ་རུ་ར་ཁ་ཅིག་བསྐུར་ནས། རས་ཆུང་བདུད་ཀྱི་ཁྱེར་ལུགས་དྲིས་ལ་ཤོག་གསུངས་ནས་བཏང་བས། རས་པ་དེས་བྱར་སྨད་དུ་སླེབ་ནས་བླ་མ་གར་བཞུགས་དྲིས་པས་ཡ་གི་ན་ཡོད་ཟེར་བླ་མ་ལ་བཞུགས་པའི་རི་དེ་བསྟན། དེར་ཁོང་གི་ལམ་འཚོལ་ཞིང་ཕྱིན་པས་

(༤༩༦)ཕུག་པའི་འོག་ཏུ་སླེབ་ཉེ་གནས་རིན་ཆེན་གྲགས་དོན་སྤྱོད་ལ་སོང་ནས་མི་འདུག་བྲག་ཕུག་གི་ཀྲི་ཟམ་བསྡུས་གསོལ་ཆས་བརྐྱང་ཐག་ལ་འདྲེན་དགོས་པ་སུས་ཀྱང་མི་ཐར་བའི་བཙན་པ་ཞིག་འདུག །དེའི་ལྐོག་དེ་ནས་བོས་པས་ཤོ་ནག་མཆུ་གསུམ་པ་གཅིག་ཉུག་གི་བྱུང་བས་དེར་ཀ་ར་དང་ཨ་རུ་ར་གང་ཡོད་རྣམས་ཡར་ལ་བཏང་ནས། འདི་རྗེ་བཙུན་མི་ལས་བསྐུར་བྱུང་བ་ཡིན་ཉུང་བར་གདའ་ཏེ་ངེད་ཀྱི་ཆ་མ་ཁྲིའོ། །བླ་མ་རྗེ་བཙུན་གྱི་ཞལ་ནས་ངའི་བུ་རས་ཆུང་པ་བདུད་ཀྱི་ཁྱེར་འདུག་པས་བདུད་ཀྱི་ཁྱེར་ལུགས་རྣམས་དྲིས་ལས་ཤོག་གསུང་བས། ཁྱེད་བདུད་ཀྱི་ཇི་ལྟར་ཁྱེར་ལུགས་རྣམས་ང་ལ་བསྐུར་ཞིག་ཟེར། དེར་བླ་མ་རས་ཆུང་པས་འདི་སྐད་གསུངས། ༈ །བྱར་ཕུ་ནགས་ཀྱི་དགོན་པ་ན། །གཅིག་པོར་བསྡད་ནས་གཉིས་མེད་བསྒོམ། །སྙན་རྒྱུད་ཡེ་ཤེས་སྒྲོན་མེ་ཡི། །བླ་མ་ཡི་དམ་ཞེན་མེད་མཐོང་། །ལྟ་བ་སྣང་སྟོང་བརྗོད་བྲལ་གྱིས། །བག་ཆགས་རྒྱུན་གྱི་རྟ་རྔ་ཆད། །བསྒོམ་པ་བདེ་གསལ་རྟ་ཕོ་ཡིས། །རང་སྣང་ཤེས་པ་ཐུག་ཕྲད་མཐོང་། །སྤྱོད་པ་གཟུང་འཛིན་ཀུན་བྲལ་གྱིས། །འཁྲུལ་སྣང་ཤེས་པ་མིག་རྒྱུར་རྟོགས། །འབྲས་བུ་རང་གསལ་ཉི་མ་ཡི། །རེ་དོགས་མ་རིག་མུན་པ་གསལ། །རས་ཆུང་བདུད་ཀྱི་དེ་ལྟར་ཁྱེར། །བླ་མ་རྗེ་ལ་དེ་སྐད་ཞུས་

(༤༩༧)ཞེས་གསུངས་པས། ཡང་རྣལ་འབྱོར་པ་དེ་ན་རེ། ངས་དེ་འདྲ་མི་ཤེས་ཡི་གེར་བྲིས་ལས་བསྐུར་ཅིག་ཟེར། དེར་བླ་མས་ཡི་གེ་དྲིས་ནས་བསྐུར་བཏང་བས། རྗེ་བཙུན་གྱི་དྲུང་དུ་འབྱོར་བླ་མ་རྗེ་བཙུན་གྱིས་གཟིགས་པས་བླ་མ་དགྱེས་ཏེ་ཞལ་ནས་ངའི་བུ་རས་ཆུང་པ་དེ་ཡི་དམ་རྣལ་འབྱོར་མ་དང་ང་མི་ལའི་བདུད་ཀྱི་བསླུས་ནས་འདུག་ཁོས་བྱ་བ་བྱས་ཁུར་བོར་བ་ཡིན་བསྒོམས་ན་ནི་འདི་ཚུགས་འོང་བ་ཡིན་པ་ལ་གསུངས་པས། སེ་བན་ལ་སོགས་པའི་འཁོར་འགའ་ཞིག་ན་རེ་དེ་ཚོད་རེ་བསྒོམས་ན་ངེད་ཚོ་ལའང་ཡོང་ཟེར། བླ་མའི་ཞལ་ནས་བསྒོམ་ན་ད་ཡོང་སྟེ་སྒོམ་མཁན་འདི་དཀའ་གསུང་། བླ་མ་རས་ཆུང་པ་ཉིད་སྐུ་མཚམས་ལོ་གཅིག་དང་ཟླ་བ་བརྒྱད་སོང་བའི་དུས་སུ། དངོས་སྣང་ལ་རྡོ་རྗེ་རྣལ་འབྱོར་མ་ཉིད་མདུན་དུ་བྱོན་ནས།། ༈ །།རིགས་ཀྱི་བུ། རང་དོན་རྟོགས་པ་མཐར་ཕྱིན་པས། །གཞན་དོན་ཐུགས་རྗེའི་འོད་ཟེར་ཉིད། །གདུལ་བྱའི་ཡུལ་ལ་འགྱེད་དགོས་པས། །སྐལ་ལྡན་སྐྱོང་བའི་དུས་ལ་བབ། །ཞེས་གསུངས། དེར་ཐུགས་དམ་ནི་ཤིན་ཏུ་འཕེལ་ཞིང་འཁོར་འདས་དབྱེར་མེད་རྟོགས། མཁྱེན་པ་གཉིས་མཐར་ཕྱིན་པས། གཞན་རྒྱུད་ཐམས་ཅད་གསལ་ལ་མཁྱེན་ཞིང་རྒྱུད་ཚོད་ཐམས་ཅད་མ་སྒྲིབས་པར་

(༤༩༨)གཟིགས་པས་གཞན་དོན་གྱི་རྩལ་ཁ་ཕྱོགས་མེད་དུ་ཕྱེད་པར་འགྱུར། དེ་ནས་ཡི་དམ་ལྷས་ལུང་བསྟན་པ་ལྟར་སྐུ་མཚམས་གྲོལ་བ་མཛད་ནས་དད་ལྡན་འགའ་ཞིག་དང་དང་པོའི་སྐྱ་མིང་ར་ཤེར་སྣང་ཕྱིས་ཆོས་སྒོར་ཞུགས་ནས་ཉེ་གནས་རིན་ཆེན་གྲགས་སུ་གྲགས་པ་སྤུན་ལ་ཕྱག་རྡོར་གྱི་དབང་བསྐུར་རྒྱས་པ་ཞིག་གནང་། །དེ་དུས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །འཆི་བ་རྒྱུད་ལ་སྐྱེས་ལགས་པས། །སྐྱོ་ཤས་ལོགས་སུ་བསྒོམ་མ་དགོས། །ཞེན་པ་ནང་དུ་ལོག་ནས་གདའ། །བྱ་བ་ཐེངས་པ་འདི་ཉམས་རེ་དགའ། །སྲིད་པའི་མཚན་ཉིད་གོ་ལགས་པས། །ཐར་ལམ་ལོགས་སུ་བརྩལ་མ་དགོས། །བྱས་པ་དོན་དུ་གོ་ནས་གདའ། །དགག་སྒྲུབ་མེད་པ་ཉམས་རེ་དགའ། །བླ་མའི་བྱིན་རླབས་ཞུས་ལགས་པས། །བྱང་ཆུབ་ལོགས་སུ་བརྩལ་མ་དགོས། །གདམས་ངག་གདུངས་པ་ཟད་ནས་གདའ། །སྙེམས་ཐག་ཆོད་པ་ཉམས་རེ་དགའ། །འོད་གསལ་རྒྱུན་ཆད་མེད་ལགས་པས། །དགེ་སྦྱོར་ཆེད་དུ་བྱ་མ་དགོས། །རྩོལ་བའི་ནད་དང་བྲལ་ནས་གདའ། །ཉལ་བས་ཆོག་པ་ཉམས་རེ་དགའ། །རང་གི་དེ་ཉིད་མཐོང་ལགས་པས། །རྟོགས་པ་ལོགས་ནས་བརྩལ་མ་དགོས། །ཞེན་མེད་སྒྱུ་མར་འཆར་བཞིན་གདའ། །སྣང་བས་མི་འཆིང་

(༤༩༩)ཉམས་རེ་དགའ། །ཚོགས་གཉིས་རྒྱུད་ལ་རྫོགས་ལགས་པས། །ས་ལམ་ལོགས་སུ་བགྲོད་མ་དགོས། །མདོ་རྒྱུད་དཔང་པོར་ཤར་ནས་གདའ། །དོན་གཉིས་འགྲུབ་པ་ཉམས་རེ་དགའ། །རང་སེམས་རྣམ་པར་དག་ལགས་པས། །སྡོམ་གསུམ་ལོགས་སུ་བསྲུང་མ་དགོས། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་གདའ། །ལྟུང་བ་མེད་པ་ཉམས་རེ་དགའ། །གྲུབ་ཐོབ་བརྒྱུད་པ་བཟུང་ལགས་པས། །ཆོས་ཀྱི་ཁ་ཟིན་བྱ་མ་དགོས། །རྩོད་མེད་ཡོངས་སུ་གྲགས་ནས་གདའ། །ཀུན་གྱི་བསྐུར་བ་ཉམས་རེ་དགའ། །ཞེས་གསུངས། གཞན་ཡང་ཆོས་བཀའ་མང་དུ་གནང་ནས་ཐམས་ཅད་དད་ཅིང་འདུན་པར་ཡོད་དུས། ཡང་ལོ་རོ་ཕྱོགས་ཀྱི་བུ་སློབ་རྣམས་ཀྱི་གདན་འདྲེན་པ་ལ་སླེབ་པས་འབྱོན་པར་ཞལ་གྱིས་བཞེས། དེ་རྣམས་ནི་བྱར་བོ་ནགས་ཀྱི་དགོན་པར་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ཞལ་གཟིགས་ཤིང་ཆོས་ཉིད་ཟད་སར་འཁྱོལ་བའི་ཡོན་ཏན་ཏེ་བླ་མ་དང་ཐུགས་དགོངས་གཅིག་ཏུ་གྱུར་པའི་སྐོར་ཚོ་དེ་བཅུ་པའོ། །བཅུ་གཅིག་པ་ནི། དེ་ནས་ལོ་རོ་རློན་དུ་ཕེབས། བྱེས་འགོལ་གྱི་དགོན་པར་གདན་ཕབ་ཏེ་སྒྲུབ་པ་ལ་བཞུགས་པས་སློབ་མ་མང་དུ་འདུས་པ་ནི། དེ་ཡང་ཐོག་མར་སངས་རྒྱས་སྒོམ་པ་

(༥༠༠)ཞེས་བྱ་བའི་སྐལ་ལྡན་ལས་འཕྲོ་ཅན་ཞིག་བྱོན་ཏེ། ཡུལ་ནི་རློན་གྲོང་ནི་གཡོ་གོང་མ། ཡབ་གཡོ་པ་འབའ་རེ་ཞེས་བྱ་བ་མཁའ་འགྲོ་བཙུན་ཆུང་མའི་ཇོ་ཇོ་དེ་ཡིན་ཞིང་། ཡུམ་ནི་དཔལ་བཟང་ཞེས་བྱ་བ་གཉིས་ལ་སྲས་གཅིག་འཁྲུངས་པ། མིང་གྲགས་པ་དཔལ་ཞེས་བྱ་བར་བཏགས། སྔགས་རྒྱུད་ཡིན་པས་སྔགས་པའི་ཡོན་ཏན་ལེགས་པར་ཡོད། དེར་ཁྱིམ་འཛིན་ཁབས་སུ་བཞེས་ནས་དགུང་ལོ་ཉི་ཤུའི་ཐོག་ལ་སྲས་གཅིག་བཙས་མཚན་ཡང་དག་དཔལ་དུ་བཏགས། དེ་ནས་ཁོང་རང་དགུང་ལོ་ཉི་ཤུ་རྩ་དགུ་ལ་རྗེ་བཙུན་ཆེན་པོའི་ཞབས་ལ་གཏུགས། ཆོས་སྒོར་ཞུགས་ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་བླ་མ་ལ་ཕུལ་ནས་ཞབས་ཏོག་གསུམ་གྱིས་མཉེས་པར་མཛད། དེ་ནས་བླ་མ་ལ་གདམས་ངག་གི་གསོལ་བ་བཏབ་སྟེ་ཆོས་དང་གདམས་པ་ཞུ་ཞིང་བསྒོམ་སྒྲུབ་ལ་གཙོ་བོར་བྱས། བླ་མས་ཀྱང་དབང་གིས་སྨིན་པར་མཛད་ཅིང་ཐོག་མར་གཏུམ་མོའི་ཁྲིད་ཕོག་ནས་སྦྱངས་པར་བདེ་དྲོད་འབར། ལུས་སེམས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་སྦྱངས་ཤིང་བསྲེགས་པས། །མ་དག་པའི་སྐྱེ་མཆེད་ཐམས་ཅད་དག་པའི་སྐྱེ་མཆེད་ཕུང་ཁམས་སུ་གྱུར། དབང་བཞིའི་དོན་མཐར་ཕྱིན་སྣང་བ་ཐམས་ཅད་ཀྱང་སྣང་སྟོང་། གསལ་

(༥༠༡)སྟོང་བདེ་སྟོང་རིག་སྟོང་གི་རོལ་པར་ཤར་བས་འཁོར་འདས་ཐམས་ཅད་ཀྱི་མཚང་རིག་ཅིང་དེ་བཞིན་ཉིད་རྟོགས་ཤིང་། བླ་མ་དང་འགྲོགས་ཡུན་རིང་པས་མོས་གུས་ཀྱི་མཉེས་ཤིང་བྱིན་རླབས་ཞུགས། བླ་མ་ལ་བདག་གི་སྤྱོད་པ་ཇི་ལྟར་བྱ་ཞུས་པས།། ༈ །།བླ་མ་རྗེའི་ཞལ་ནས། སྡོམ་པ་གསུམ་ལྡན་ཚེ་འདི་བློ་ཡིས་ཐོང་། །སྤྱོད་པ་གསུམ་ལ་བརྟེན་ཏེ་བསྒྲུབ་པར་བྱ། །གཞི་ནི་ངེས་འབྱུང་སོ་སོ་ཐར་པ་ལ། །ལམ་ནི་བྱང་ཆུབ་སེམས་ཀྱི་བསླབ་བྱ་ཡིན། །འབྲས་བུ་གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུངས། །ཆོས་བརྒྱད་ཚེ་འདིའི་བྱ་བ་བློས་ཐོང་ལ། གསོག་འཇོག་གཡོ་སྒྱུའི་ལས་རྣམས་དུག་བཞིན་སྤོངས། །ལུས་ནི་སྨྱོན་པ་རྟོག་མེད་སྤྱོད། །ངག་ནི་མི་སྨྲ་ལྐུག་པའི་ཚུལ། །སེམས་ནི་ཞེན་མེད་བུ་ཆུང་ལྟར། །རང་མདངས་ལྷུག་པ་ཆེན་པོར་བཞོག །གནད་ཀྱི་གདམས་པ་ཉམས་སུ་ལོངས། །ཞེས་གསུངས་པས་སྒོམ་པ་ཆོས་གྲགས་ཀྱིས་ཀྱང་བླ་མའི་སྤྱན་སྔར་བརྩོན་འགྲུས་དྲག་ལ་ཡུན་རིང་པར་བསྒོམས་པས། བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། སྒྱུ་ལུས་འོད་གསལ་འབྱོངས་རྨི་ལམ་སྤྲུལ་བསྒྱུར་མཐར་ཕྱིན་པས་ཞིང་ཁམས་

(༥༠༢)མང་པོ་བལྟ་བ་ལ་སོགས་པའི་ནུས་པ་དང་ལྡན། །དེར་སྒྲུབ་པ་མཛད་པའི་དུས་ཤིག་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་ཞལ་གཟིགས་མཁའ་སྤྱོད་ཀྱི་སྣང་བ་ཚེ་འདིར་ཤར། །སྦྱངས་པའི་ལས་འཕྲོ་སད། དག་པ་རབ་འབྱམས་ལ་འབའ་ཞིག་ཏུ་སོང་རྟོགས་པ་ཡིད་བཞིན་གྱི་ནོར་བུ་རྙེད་དེའི་དུས་སུ་མགུར་འདི་གསུངས་སོ།། ༈ །།མ་བཅོས་ལྷུན་གྱིས་གྲུབ་པའི་གཞལ་ཡས་སུ། །བློ་བྲལ་བདེ་བ་ཆེན་པོའི་བླ་མ་བཞུགས། །སྒྲིབ་གཉིས་རེ་དོགས་བྲལ་བས་གསོལ་བ་འདེབས། །སྟོང་ཉིད་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །སྔོན་བསོད་ནམས་བསགས་པའི་སྐལ་ལྡན་ང་། །རྗེ་སངས་རྒྱས་རས་པ་ཉིད་དང་མཇལ། །དོན་སྙིང་པོ་གསུང་གི་བདུད་རྩི་བཏུངས། །ཐུགས་དམ་པའི་གཏེར་ལ་རང་དབང་བྱུང་། །སེམས་མ་བཅོས་གཉུག་མ་བརྗེན་པར་ཐོང་། །སྐུ་གསུམ་འོད་གསལ་མ་བུ་འདྲེས། །བློ་ཉམ་ང་མེད་པའི་གདེང་དང་ལྡན། །དུས་ད་ལྟ་སྐྱིད་པའི་ཉི་མ་ཤར། །ཁྱེད་རྗེས་འཇུག་དད་ལྡན་བུ་སློབ་ཀུན། །སྐྱེ་རྒས་ན་འཆི་བསམ་མི་ཁྱབ། །མྱུར་དུ་ཉམས་ལེན་མཛད་ན་ལེགས། །འཁོར་འདས་ཆོས་རྣམས་རྨི་ལམ་འདྲ། །དལ་འབྱོར་ལུས་ལ་སྙིང་པོ་ལོང་། །བསགས་པའི་ནོར་རྫས་

(༥༠༣)སྦྱིན་པར་ཐོང་། །སྐྱེས་པ་ཐམས་ཅད་མི་རྟག་འཆི། །སྐྱེ་མེད་བཙན་ས་བཟུང་ན་ལེགས། །འཁོར་བའི་ཆོས་འདི་སྡུག་བསྔལ་རྒྱུ། །ཅི་ལ་བལྟས་ཀྱང་སྙིང་པོ་མི་འདུག་པས། །ལོང་ཡོད་དུས་སུ་དམ་པའི་ཆོས་ལ་འབུངས། །གཏད་མེད་གཏམ་ལ་ཆགས་པ་འཁོར་བའི་སྒྲོག །གཅེས་འཛིན་ལུས་ལ་ཆགས་པ་ཐར་པའི་སྒྲོག །དེས་ན་རང་སེམས་གཞི་རྩ་གཅོད་པ་དང་། །ལུས་སྲོག་ཐད་ལ་བོར་ལས་བསྐྱེད་རྫོགས་སྒོམས། །གང་ཤར་གྲོགས་སུ་འཆར་བ་ཆོས་ཉིད་ལམ། །ཐབས་ཤེས་དབྱེར་མེད་རྟོགས་པ་རྣལ་འབྱོར་ལམ། །ཕྱོགས་མེད་བྱང་སེམས་འབྱོངས་པ་གཞན་དོན་ལམ། །དོན་གཉིས་ལྷུན་གྱིས་གྲུབ་པོ་སྐལ་ལྡན་ཀུན། །ཅེས་གསུངས་གྲུབ་པ་ཐོབ་རྟོགས་པ་དང་ལྡན་པར་གྱུར་ཏོ། །ཕྱིས་ལྷོ་རྒྱུད་ཕྱོགས་ཀྱི་སློབ་མ་རྣམས་ཀྱི་ཡང་རབ་ཏུ་གྱུར། མོས་གུས་ཀྱི་བླ་མ་མཉེས་པར་གྲགས་པའི་སློབ་མ་ཡིན་ནོ། །ཡང་བླ་མ་སྒོམ་པ་ཆོས་གྲགས་ལ་སོགས་པའི་སློབ་མ་རྣམས་ལ་དོ་ཧ་འབྲེལ་པ་དང་བཅས་པ་གནང་པའི་སྐབས་ཤིག་སངས་རྒྱས་སྒོམ་པས་བླ་མ་རིན་པོ་ཆེ་ལ་མགུར་འདི་ཕུལ་ལོ།། ༈ །།ཕ་བླ་མ་རིན་ཆེན་འགྲོ་བའི་མགོན། །སངས་

(༥༠༤)རྒྱས་མི་གཟུགས་ཐུགས་རྗེ་ཅན། །སྤྲུལ་པའི་མགོན་པོ་རས་བ་ལ། །བདག་ཁ་ཙམ་མིན་པར་གསོལ་བ་འདེབས། །རྗེ་རས་ཆེན་ཐུགས་ཀྱི་སྲས་གཅིག་པོ། །མན་ངག་ཀུན་གྱི་གསང་མཛོད་ཁྱེད། །མཁྱེན་པའི་ཡེ་ཤེས་ཕྱོགས་བཅུར་རྒྱས། །རྩ་ཐིག་རླུང་གསུམ་དངས་མའི་ཚུལ། །དཀར་དམར་གཞོན་ཚུལ་འོད་ཟེར་འཕྲོ། །བདེ་དྲོད་འབར་བའི་གཟི་མདངས་ཅན། །ངོ་མཚར་རས་གོས་རྐྱང་ཅིག་གསོལ། །རླུང་སེམས་དྷུ་ཏིར་ཞུགས་རྟགས་སུ། །ཟག་མེད་བདེ་བ་ཆེན་པོར་བཞུགས། །ཐུགས་རྗེའི་འོད་ཟེར་རབ་སྤྲོས་པས། །བདག་སོགས་ལུས་ལ་བདེ་དྲོད་འབར། །རྡོ་རྗེ་ལུས་ཀྱི་གནས་ལུགས་རྟོགས། །རླུང་སེམས་དབྱེར་མེད་བདེ་ཆེན་དུ། །དགའ་བཞི་ཡེ་ཤེས་སྐུ་བཞིར་ཤར། །འབྲས་བུ་ཆོས་ཉིད་མངོན་དུ་གྱུར། །གནས་ལུགས་སྒྱུ་ལུས་རྨི་ལམ་འབྱོངས། །འཕོ་བ་བར་དོ་མངོན་དུ་གྱུར། །འོད་གསལ་བློ་བྲལ་བྱར་མེད་རྟོགས། །བཀའ་དྲིན་མི་ཆུང་ཆེ་བར་བྱུང་། །གསང་སྔགས་ཐབས་ལམ་ཁྱད་པར་འཕགས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སངས་རྒྱས་ཡབ་ཡུམ་ཡེ་ཤེས་ལྔ། །འབྲས་བུ་ལམ་དུ་བྱེད་དོ་གསུང་། །དེ་ལྟར་རང་རིག་ལྷན་ཅིག་སྐྱེས། །སེམས་ནི་ཆོས་ཉིད་གཞི་རྩ་བྲལ། །ཆོས་ཉིད་ངང་དུ་མ་ཡེངས་ན། །འཆི་ཁར་

(༥༠༥)སེམས་ལ་རང་དབང་ཐོབ། །བར་དོར་འོད་གསལ་མ་བུ་འཕྲད། །སྐད་ཅིག་དེ་ལ་སངས་རྒྱས་འགྲུབ། །དེ་བས་སྒྱུ་ལུས་ངོས་གཟུང་ལ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །རླུང་སེམས་དབྱེར་མེད་རང་ཞལ་ལྟོས། །ཚེ་གཅིག་སངས་རྒྱས་ཡིན་ནོ་ཀྱེ། །ཅེས་ཕུལ་བས་དེར་བླ་མ་རས་ཆུང་པ་ཤིན་ཏུ་མཉེས་པར་གྱུར་ནས། ཐུགས་སྲས་སྒོམ་པ་ཆོས་གྲགས་ལ་མགུར་འདི་གསུང་སོ།། ༈ །།ཕ་ན་མོ་གུ་རུ། ང་ན་རོ་མཻ་ཏྲིའི་བུ་རྒྱུད་ནི། །སྲོག་གི་དབང་པོ་འགགས་པའི་ཚེ། །དུས་གསུམ་མཉམ་ཉིད་ཀྱི་གདམས་ངག་ཡོད། །འཆི་བདག་གི་བདུད་ལ་ངེད་མི་འཇིགས། །བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པས། །རྐྱེན་ངན་གྱི་རླུང་ཚུབ་བྱུང་ལགས་ཀྱང་། །རྣམ་རྟོག་ཆོས་སྐུའི་གདམས་ངག་ཡོད། །སྲིད་པའི་རྒྱ་མཚོ་ལ་ངེད་མི་འཇིགས། །དཔའ་གདེང་གི་གོ་ཆ་བཟང་ལགས་པས། །འབྱུང་བའི་བླགས་གཅོད་བྱུང་ལགས་ཀྱང་། །འདྲེ་བཞི་རྩད་གཅོད་ཀྱི་གདམས་ངག་ཡོད། །བར་ཆོད་ཀྱི་བདུད་ལ་ངེད་མི་འཇིགས། །བླ་མ་གྲུབ་ཐོབ་དང་མཇལ་ལགས་པས། །ཟས་དང་ནོར་གྱི་བཀྲེས་ལགས་ཀྱང་། །ཡིད་བཞིན་ནོར་བུའི་གདམས་ངག་ཡོད། །འཁྱགས་ལྟོག་གཉིས་ལ་ངེད་མི་འཇིགས། །ཆོས་རྣམས་རོ་ཅིག་རྟོགས་ལགས་པས། །ལུང་རིགས་བསམ་གྱི་མི་ཁྱབ་ཀྱང་། །གཅིག་ཤེས་ཀུན་གྲོལ་གྱི་གདམས་ངག་ཡོད། །

(༥༠༦)ཐ་སྙད་ཚིག་ལ་ངེད་མི་འཇིགས། །སྒྲོ་འདོགས་ནང་དུ་ཆོད་ལགས་པས། །གོལ་སྒྲིབ་བསམ་གྱིས་མི་ཁྱབ་ཀྱང་། །སངས་རྒྱས་ལག་བཅངས་ཀྱི་གདམས་ངག་ཡོད། །ལམ་གྱི་ནོར་ས་ལ་ངེད་མི་འཇིགས། །འབྲལ་མེད་ཀྱི་ལམ་དང་འཕྲད་ལགས་པས། །སྤྱོད་ལམ་ཐ་མལ་དུ་བསྡད་ལགས་ཀྱང་། །ཅི་བྱེད་དགེ་སྦྱོར་གྱི་གདམས་ངག་ཡོད། །སྤང་བྱའི་དྲི་མ་ལ་ངེད་མི་འཇིགས། །རང་སེམས་གཙང་སར་ཐོན་ལགས་པས། སྣོད་ལྡན་གྱི་སློབ་མ་འཁྲིད་ལགས་ཀྱང་། །སྙན་རྒྱུད་ལག་ལེན་གྱི་གདམས་ངག་ཡོད། །ལམ་ལོག་བའི་དོན་ལ་ངེད་མི་འཇིགས། །འོན་ཀྱང་སྒོམ་ཆེན་ཆོས་གྲགས་གསོན། །ལས་རྒྱུ་འབྲས་གཉིས་ལས་བདེན་པ་མེད། །དགེ་སྡིག་སྤོང་ལེན་ལེགས་པར་མཛོད། །རྟེན་ས་མདོ་རྒྱུད་གཉིས་པོ་ཡིན། །ཐོས་བསམ་བསྒོམ་ལ་མ་ཡེངས་མཛོད། །རྗེ་བླ་མའི་བཀའ་ལས་ཟབ་པ་མེད། །སྙན་རྒྱུད་གནད་ཀྱི་གདམས་ངག་སྒོམས། །སེམས་སྙིང་པོ་དོན་འདི་རྟོགས་དཀའ་བས། །མ་བཅོས་གཉུག་མའི་ངང་ལ་ཞོག །དོན་རང་རིག་སངས་རྒྱས་དངོས་ཡིན་པས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་བསྒོམས། །རིག་སྟོང་བློ་འདས་རྟོགས་ཙ་ན། །དོན་གཉིས་འགྲུབ་པར་ཐེ་ཚོམ་མེད། །བླ་མ་མི་ལའི་ལུང་བསྟན་ལྟར། །ཆོས་བདག་མཛོད་ཅིག་རིགས་ཀྱི་བུ། །ཅེས་གསུངས་སོ། །དེ་ལྟར་སངས་རྒྱས་སྒོམ་པ་དེ་ཉིད་ཀྱི་ཉམས་སུ་བླངས་པས་གྲུབ་པ་ཐོབ་བོ། །དེའི་སྲས་སངས་

(༥༠༧)རྒྱས་སྟོན་ཡང་ནི་ཐེག་ཆེན་རིགས་ཀྱི་ཆེ་བ། དད་གུས་གདམས་ངག་གི་ཆེ་བ། སྒོམ་སྲན་ཉམས་རྟོགས་ཀྱི་ཆེ་བ། གྲུབ་རྟགས་ཡོན་ཏན་གྱི་ཆེ་བ་དང་བཞི་ཡིན་ཞིང་ཡབ་ནི་སངས་རྒྱས་སྒོམ་པ་ཆོས་གྲགས་ཏེ་ཡུལ་དེའི་བདག་པོ་ཡིན་ཞིང་གྲུབ་པ་ཐོབ་པ་དེའོ། །ཁོང་རང་གི་མཚན་ནི་ཡང་དག་དཔལ་ཞེས་བྱ་བ་དགུང་ལོ་ངོ་བཅུ་རིལ་པོ་དགུ་ལོན་པ་དང་རྗེ་རས་ཆུང་པ་མཇལ། སྔོན་གྱི་ལས་འཕྲོ་སད་ཕ་བུ་འཕྲད་པ་ལྟ་བུར་གྱུར། གཉིས་པ་དད་གུས་གདམས་ངག་གི་ཆེ་བ་ནི། བླ་མ་མཇལ་ཙམ་ནས་ཕྱག་དང་བསྐོར་བ་འབའ་ཞིག་བྱེད་ཅིང་ལུས་ངག་དགེ་སྦྱོར་ཁོ་ན་ལ་འབད་པ་ཞིག་ཡོད། དེ་ལ་བླ་མ་ཤིན་ཏུ་དགྱེས་པས་དང་པོར་བླ་མས་ལས་སྒྲིབ་དག་ཅིང་ཚོགས་གསོག་པ་ལ་ཚར་གསུམ་ཁུག་པ་དབང་གི་གདམས་ངག་གནང་། རྐྱེན་ངན་བར་ཆད་སེལ་བ་ལ་བླ་མ་ཝ་ལ་ཙནྜའི་ལུགས་ཀྱི་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཁྱུང་གེ་ཤམྦུ་ཅན་མན་ངག་དང་བཅས་པ་གནང་། སེམས་ངོ་སྤྲོད་པ་ལ་བླ་མ་བལ་པོ་དང་ཏི་ཕུ་ལུགས་ཀྱི་དོ་ཧ་སྐོར་གསུམ་ཚང་མ་བསམ་གཏན་ཐུན་འཇོག་གི་ཤམྦུ་ཅན་གནང་། རྩ་རླུང་གནད་དུ་བསྣུན་པ་ལ་རྗེ་ནཱ་རོ་པའི་ཆོས་དྲུག། བསྲེ་བ་དགུ་སྐོར་རོ་སྙོམས་ཀྱི་ཤམྦུ་ཅན་གནང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བླ་མ་ཡེ་རང་པའི་ལུགས་ཀྱི་བདེ་མཆོག་ཕག་མོ་རིགས་འཛིན་གྱི་ཤམྦུ་ཅན་གནང་། ཚེའི་

(༥༠༨)དངོས་གྲུབ་སྒྲུབ་པ་ལ་གྲུབ་པའི་རྒྱལ་མོའི་ཚེ་དཔག་མེད་དང་། རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཐུགས་སྒྲུབ་ཀྱི་ཤམ་བུ་ཅན་གནང་། བསྟན་པ་བསྲུང་ཞིང་འཕྲིན་ལས་སྒྲུབ་པ་ལ། བླ་མ་ཕུར་གྱི་མགོན་པོ་སྡེ་བརྒྱད་གནད་འཁོར་སྒྲིལ་བ་བསྟན་སྲུང་གི་ཤམ་བུ་ཅན་རྣམས་གནང་། ཐུགས་དགོངས་མ་ལུས་པ་ལོན་ཞིང་ཁོང་གིས་ཀྱང་དུས་དེ་ནས་བཟུང་སྟེ་ཐུན་བཞིའི་རྣལ་འབྱོར་ཆག་མེད་ལུས་སྲོག་ལ་ལྟོས་པ་མེད་པར་མཛད། ལུས་ལོངས་སྤྱོད་ཀྱི་ཞབས་ཏོག་དང་བསྙེན་བཀུར་རྒྱུན་ཆད་མེད་མར་བླ་མ་མཉེས་པར་བྱས། དད་གུས་ཕུལ་དུ་ཕྱིན་པས་བླ་མ་སངས་རྒྱས་དངོས་སུ་མཐོང་བཞིན་གདམས་ངག་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་བཞུགས། དེར་རྗེ་བཙུན་གྱིས་མགུར་འདི་གསུངས་སོ།། ༈ །།རྗེ་ན་མོ་གུ་རུ། ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་འདུས་བླ་མ་མཆོག །གུང་ཐང་སངས་རྒྱས་རས་པ་ལ། །སྨིན་གྲོལ་ཡིད་བཞིན་ནོར་བུ་ཞུས། །བདག་གཞན་རྣམས་ཀྱི་དབུལ་བ་སེལ། །དགོས་འདོད་མི་འཛད་སེམས་ཀྱི་གཏེར། །ཕ་ཡི་བཀའ་དྲིན་རྗེས་བཟུང་བས། །བདག་འདུན་མ་ལེགས་སོ་ཆོས་ལ་སྐྱེལ། །ལམ་རྩ་དང་རླུང་ལ་ཉིན་མཚན་སྦྱངས། །གཏུམ་མོ་བདེ་དྲོད་མེ་ལྟར་འབར། །དགའ་བཞིའི་ཉམས་མྱོང་འབྲལ་བ་མེད། །སྣང་སྟོང་སྒྱུ་མའི་རོལ་པར་ཤར། །

(༥༠༩)རིག་པ་དྲི་མེད་ཡེ་དག་འདི། །མ་བཅོས་ཤེས་པ་སོ་མར་མཐོང་། །ཕ་རས་པའི་བུ་རྒྱུད་བློ་སེམས་བདེ། །ཅེས་གསུངས་སོ། །སྒོམ་སྲན་ཉམས་མྱོང་གི་ཆེ་བ་ནི། དེ་ནས་གནས་ཁྱད་པར་ཅན་བྱེས་འགོལ་གྱི་ནམ་མཁའ་སྤྲིན་པ་དིངས་ཀྱི་ཕུག་པར་ཐོག་མར་ལོབཅུ་གསུམ་གྱི་བར་དུ་སྒྲུབ་པ་མཛད། །དེའི་བར་དུ་སྔར་གྱི་ཆོས་དེ་རྣམས་ཉམས་སུ་བླངས་པས་གེགས་སེལ་བོགས་ཐོན་ཡོན་ཏན་མཐའ་དག་དང་ལྡན་པར་གྱུར་ཏོ། །ཞབས་ཏོག་གསུམ་གྱི་ཐོག་མ་སྒྲུབ་པས་མཉེས་པར་མཛད། ཞེ་བཅད་སྙིང་རུས་བརྩོན་འགྲུས་དང་ལྡན་པས་སྐེ་རག་ཡང་མ་ཀློད་ལུས་སྲོག་ཐེད་ལ་སྦོར་སྒྱིད་ལུག་ཞུམ་པའི་སེམས་སྤངས་ཏེ་ལེ་ལོ་སྙོམས་ལས་རྒྱང་སྲིངས། རྟགས་བཅུ་ཡོན་ཏན་བརྒྱད་སོགས་ཉམས་དང་མཚན་མ་ལ་མ་ཞེན་པར་བསམ་གཏན་ཆུ་བོའི་རྒྱུན་བཞིན་མ་ཆད་པར་བསྒོམས་པས་བསྐྱེད་རྫོགས་གཉིས་ལ་རྟགས་ཐོན་ཕ་རྗེས་བུའི་ཟིན་པ་ཡིན་ནོ། །ཡང་དེའི་དུས་ལ་འདི་སྐད་གསུངས། ཉམས་རྟགས་མཚན་མས་མ་བཅིང་པས། །འཁོར་འདས་གཉིས་ལ་མི་གནས་པར། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །ལམ་འབྲལ་མེད་བསྒོམ་པའི་རྣལ་འབྱོར་བདེ། །ཅེས་གསུངས། གྲུབ་རྟགས་ཡོན་ཏན་གྱི་ཆེ་བ་ནི། ཡང་དུས་ཕྱིས་བླ་མ་ལ་སྒྲུབ་པ་ལོ་བདུན་

(༥༡༠)གྱི་དམ་བཅའ་ཕུལ་ནས་ནམ་མཁའ་སྤྲིན་གདིངས་སུ་བཞུགས་པས་ཞག་བདུན་སོང་བ་ན་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ནམ་མཁའི་སྐར་ཚོགས་བཀྲམ་པ་ལྟར་ཞལ་གཟིགས། མི་དང་མི་བལྟ་བ་བཞིན་ཆོས་སྐྱོང་ཐམས་ཅད་དམ་ལ་ཐོགས་ཏེ་བྲན་བཞིན་དུ་བཀོལ། གཏུམ་མོ་ལ་རྟགས་ཐོན་ཅིང་སྲོག་རྩོལ་ལས་སུ་རུང་པས་རྡོ་རྗེ་སྦུབས་སུ་ནུབ་ཅིང་དབུ་ལ་གཙུག་ཏོར་ཤར། ཚེའི་རིགས་འཛིན་བརྙེས་སྒྱུ་ལུས་འོད་གསལ་འབྱོངས་པས་ནམ་མཁའི་མཐོངས་སུ་དཀྱིལ་དཀྲུང་མཛད་ནས་ཞག་བདུན་སོང་བའི་ཉིན་མོ་བླ་མ་རྗེ་བཙུན་དལ་རྒྱབ་ན་མི་མ་ཡིན་ལ་ཆོས་གསུང་གིན་བཞུགས་པའི་མདུན་གྱི་བར་སྣང་ལ་རས་གོས་ལ་གཤོག་པ་མཛད་དེ་ནམ་མཁའ་ལ་ཕར་འཕུར་ཚུར་འཕུར་མཛད་པས། བླ་མའི་ཞལ་ནས་སྟོན་པ་ལ་ཡང་ཡང་གསུང་ཕར་འཕུར་ནས་ལང་ཁུའི་སྐྱེར་སྡོང་ཕུང་པོའི་སྟེང་དུ་ཞབས་རྡོ་རྗེ་སྐྱིལ་དཀྲུང་མཛད་ཕྱག་གཉིས་ཕྱག་རྒྱ་རྐྱང་ནས་ནམ་མཁའ་ལ་བཞུགས། དེ་ནས་ཚུར་འཕུར་ནས་བྱེས་འགོལ་གྱི་འོག་ཏུ་བབས་པས་རྡོའི་སྟེང་དུ་ཞབས་རྗེས་གསལ་བར་བྱོན། སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ཆུ་ཟླ་ལྟ་བུའི་རང་བཞིན་རྟོགས། འཕོ་བ་གྲོང་འཇུག་གི་རྩལ་འབྱོངས་པས་ལུ་གུ་ཤི་བའི་རོ་གཅིག་ལ་གྲོང་འཇུག་མཛད་ནས་ལུ་གུ་ཤི་བ་སོས་ཏེ་འབའ་སྒྲ་དི་རེ་རྒྱུག་པར་བྱེད་

(༥༡༡)དོ། །གཞན་ཡང་ལུས་ཡི་དམ་གསལ་སྟོང་གི་རང་བཞིན་དུ་གྱུར། ངག་གྲགས་སྟོང་སྔགས་ཀྱི་རང་སྒྲར་རྟོགས་ནང་གི་རྩ་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོར་ཤར། ཕྱིའི་ཞིང་ཁམས་ལྷ་དང་ལྷ་མོའི་རང་བཞིན་དུ་གཟིགས། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་ནས། དེའི་དུས་སུ་མགུར་འདི་གསུངས་སོ།། ༈ །།བླ་མ་རྗེའི་བཀའ་དྲིན་གྱིས། །ཕ་རྒྱུད་རླུང་གི་གདམས་ངག་ཡོད། །སྲོག་དང་རྩོལ་བའི་བྱེད་ལས་ཤེས། །རླུང་སེམས་གར་ཁྲིད་ལམ་དུ་འགྲོ། །རང་ལུས་ཡི་དམ་ལྷ་སྐུར་ཤར། །སྣོད་བཅུད་དག་པ་རབ་འབྱམས་མཐོང་། །རིག་འཛིན་ཚེའི་དངོས་གྲུབ་ཐོབ། །མཁའ་འགྲོ་ཆོས་སྐྱོང་བྲན་བཞིན་ཉན། །རླུང་ལ་དབང་ཐོབ་དེ་ལྟར་ཡིན། །བླ་མ་རྗེའི་བཀའ་དྲིན་གྱིས། །མ་རྒྱུད་རྩའི་གནས་ལུགས་ཤེས། །རྩ་གསུམ་འཁོར་ལོའི་གདམས་ངག་ཡོད། །རྡོ་རྗེ་སྦ་བ་སྦུབས་སུ་ནུབ། །སྤྱི་གཙུག་གཙུག་ཏོར་ནོར་བུས་བརྒྱན། །རིག་པ་སྟོང་གསལ་དབུ་མར་ཐིམ། །གཞི་མེད་སྣང་བ་ཅིར་ཡང་ཤར། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས། །ངོ་བོ་ངོས་བཟུང་མེད་པར་གྲོལ། །སྒྱུ་ལུས་འབྱོངས་པ་དེ་ལྟར་ཡིན། །བླ་མ་རྗེའི་བཀའ་དྲིན་གྱིས། །རྩ་རླུང་དབྱེར་མེད་གདམས་ངག་ཡོད། །རླུང་སེམས་རྩའི་འདུག་ཚུལ་ཤེས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མ་བཅོས་ལྷུག་པར་བསྒོམ་

(༥༡༢)པ་དེ། །མ་ཡེངས་མི་བགག་དམ་ཚིག་ཡིན། །བྱ་བ་བཏང་པ་མན་ངག་སྟེ། །རིག་པ་ཆོས་ཉིད་ངང་དུ་གྲོལ། །ས་སྤྱོད་ཆེ་བ་དེ་ལྟར་ཡིན། །གནས་ལུགས་གཉུག་མའི་མན་ངག་ཡོད། །འཁོར་བ་མྱ་ངན་འདས་པར་གྲོལ། །རིག་པ་ཐུག་ཕྲད་རང་ངོ་ཤེས། །དུག་ལྔ་ཡེ་ཤེས་ལྔ་རུ་རྟོགས། །བདེ་གསལ་མི་རྟོག་སྐུ་གསུམ་དེ། །དངས་མའི་ཐིག་ལེ་མཆོག་གྱུར་པས། །དྲུག་པ་རྡོ་རྗེ་འཆང་ཆེན་དངོས། །ཚེ་གཅིག་སངས་རྒྱས་དེ་ལྟར་ཡིན། །འཕོ་བ་གྲོང་འཇུག་གདམས་ངག་ཡོད། །རང་གཞན་ལུས་ཀྱི་དེ་ཉིད་ཤེས། །རླུང་སེམས་ལུ་གུའི་ལུས་ལ་བཅུག །ལུ་གུ་གར་བྱེད་ཁྱུགས་སེ་ཁྱུགས། །འབའ་སྒྲ་ཆོས་ཉིད་ངང་དུ་སྒྲོགས། །སྐྱེ་མེད་བྲོ་བརྡུང་ཁྲིས་སེ་ཁྲིག །བསམ་གཏན་ཐང་ལ་དགའ་བདེར་སྤྱོད། །གཞན་དོན་བྱེད་པ་དེ་ལྟར་ཡིན། །སྟོང་ཉིད་སྙིང་རྗེའི་གདམས་ངག་ཡོད། །སྣང་སྟོང་རིག་པའི་རང་འགྲོས་ཤེས། །འཁོར་འདས་གཉིས་ལ་སྤང་བླང་མེད། །བདེ་སྡུག་གཉིས་ཀྱི་གདམ་ཁ་ཟད། །སྟོང་ཉིད་རྒྱུ་དང་འབྲས་བུ་ཤར། །ཆོས་ཉིད་མ་དང་བུ་རུ་འཕྲད། །འབྲས་བུ་སྐུ་གསུམ་མངོན་གྱུར་པས། །འོད་གསལ་འབྱོངས་པ་དེ་ལྟར་ལགས། །ཕ་བླ་མ་མཉེས་པའི་མཆོད་པར་འབུལ། །ཞེས་གསུངས་སོ། །དེར་བླ་མ་དགྱིས་ཏེ་མགུར་འདི་གསུངས་སོ།། ༈ །།ན་མོ་གུ་རུ། དོ་ཧ་སྐོར་

(༥༡༣)གསུམ་ལྟ་བའི་མཁར། །མ་རིག་པའི་དགྲ་ལ་རྩིགས་པ་ལགས། །རྟག་ཆད་ཀྱི་དགྲ་ལ་མ་བསྐུར་མཛོད། །སྐྱེ་བ་མེད་པའི་སྐུ་མཁར་འདི། །གཡེང་བའི་དགྲ་ལ་རྩིགས་པ་ལགས། །བྱིང་རྒོད་ཀྱི་དགྲ་ལ་མ་བསྐུར་མཛོད། །སྣ་ཚོགས་འཛིན་མེད་སྤྱོད་པའི་མཁར། །ལོག་སྲེད་ཅན་ལ་རྩིགས་པ་ལགས། །ཚུལ་ཆོས་ཀྱི་དགྲ་ལ་མ་བསྐུར་མཛོད། །དྲི་མེད་རྣམ་དག་འབྲས་བུའི་མཁར། །སེམས་ཅན་དོན་དུ་རྩིགས་པ་ལགས། །རེ་དོགས་ཀྱི་དགྲ་ལམ་སྐུར་མཛོད། །རང་སེམས་དཔང་བརྩུགས་དམ་ཚིག་མཁར། །དད་གུས་ཅན་ལ་རྩིགས་པ་ལགས། །གཡོ་སྒྱུའི་དགྲ་ལ་མ་བསྐུར་མཛོད། །སྒྲུབ་རྒྱུད་བླ་མ་ཡི་དམ་མཁར། །མི་ཁའི་དགྲ་ལ་རྩིགས་པ་ལགས། །ཐ་སྙད་ཀྱི་དགྲ་ལ་མ་བསྐུར་མཛོད། །ངོ་སྤྲོད་གདམས་ངག་སྙན་རྒྱུད་མཁར། །རྒྱུད་ལྡན་ཅན་ལ་རྩིགས་པ་ལགས། །ཐེ་ཚོམ་དགྲ་ལ་མ་བསྐུར་མཛོད། །རྗེ་བཙུན་ཕག་མོའི་བྱིན་རླབས་མཁར། །གནོད་བྱེད་ཀྱི་དགྲ་ལ་རྩིགས་པ་ལགས། །བར་ཆད་དགྲ་ལ་མ་བསྐུར་མཛོད། །བདག་རས་ཆུང་བུ་ཚོ་རྣལ་འབྱོར་མཁར། །འཁོར་བའི་དགྲ་ལ་རྩིགས་པ་ལགས། །ཐོ་ཅོའི་དགྲ་ལ་མ་བསྐུར་མཛོད། །གྲུབ་ཐོབ་རྒྱུད་པའི་གདམས་ངག་འདི། །ཡན་པར་འཇོག་པ་འཕངས་ལགས་པས། །སློབ་མ་ཀུན་གྱི་སྒྲུབ་པ་མཛོད། །

(༥༡༤)ཚེ་གཅིག་སངས་རྒྱས་འདི་ལྟར་འགྲུབ། །ཞེས་གསུངས་ནས་བུ་སྟོན་པ་ཡང་དག་དཔལ་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་སློབ་མ་སྣོད་དང་ལྡན་པ་ཞིག་གི་མན་ངག་བཅུད་དང་ལྡན་པ་ཞུས་ཞིང་ཉམས་སུ་བླངས་ན་སངས་རྒྱས་ལག་པས་བྱེད་པ་འདྲ་བ་ཡང་འདི་ཡིན་ཁྱོད་ཀྱི་གདམས་ངག་ཆུད་མ་ཟོས་ཤིན་ཏུ་ལེགས་པ་ཡིན་རང་གཞན་གཉིས་ཀྱི་དོན་འགྲུབ། ཚེ་ཅིག་ལུས་ཅིག་གི་སངས་རྒྱས་བྱ་བ་ཡང་ཁྱོད་ཀྱི་འགྲུབ་པ་ཡིན་ནོ། །ད་ནི་གཞན་གྱི་དོན་ལ་འབད་པ་ཆེར་གྱིས་ཤིག་ཅེས་གསུངས། སངས་རྒྱས་སྟོན་ཡང་ལ་བླ་མ་ཤིན་ཏུ་དགྱེས་པས་ཐུགས་ཀྱི་སྲས་དམ་པར་བཞུགས་པ་ཡིན་ནོ། །མ་གྲུབ་པའི་རྒྱལ་མོ་དང་། རྗེ་བཙུན་བཞད་པ་རྡོ་རྗེས་ལུང་བསྟན་པའི་གནས་སུ་ཕེབས་ཤིང་འགྲོ་བ་མང་པོ་ལ་རྣམ་དཀར་གྱི་འབྲེལ་པ་བཞག་སྐལ་ལྡན་མང་དག་ཐར་པའི་ལམ་སྣ་ཟིན། ཁྱད་པར་མཆོག་གི་གདུལ་བྱ་སྐལ་ལྡན་རྣམས་ཚེ་གཅིག་ལུས་གཅིག་གི་སངས་རྒྱས་ཀྱི་ས་ལ་བཀོད་དེ་རྡོ་རྗེ་ཐེག་པའི་མྱུར་ལམ་གྱི་ཆེ་བ་བསྟན་པའི་ཡོན་ཏན་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པའི་སྐོར་ཚོ་དེ་བཅུ་གཅིག་པའོ། ༈ །བཅུ་གཉིས་པ་ནི། དེའི་སྐབས་ཞིག་གི་ཚེ་སྔར་གྱི་ཨ་མ་ལྷ་ཅིག་ལྡེམ་བུ་དེ་མཛེ་ཕོ་རྒྱ་ལྷ་རིང་པོའི་གཡོག་ལོ་མང་དུ་བབ་ནས་སླར་ལྷ་ཅིག་གིས་སྐྱེས་པ་ལ་ནད་མཛེའི་སྟེང་དུ་ཕོལ་བྱུང་སྟེ་ཟུག་གཟེར་བསམ་གྱིས་

(༥༡༥)མི་ཁྱབ་པ་ལངས། མོ་རང་ལ་འང་མཛེ་སྐྱ་བྱུང་ནས་ཡོད་པ་ལ་མཛེ་སྤྲང་གི་འཁོར་བརྒྱ་ཙམ་གྱི་བསྐོར་ནས་སྒོ་ཕུགས་འགྲིམ་ཞིང་འགྲོ། དེའི་དུས་སུ་མོ་མ་ལ་མོ་གཏབ་རྩིས་པ་ལ་རྩིས་བྱས་པས་རབ་ཏུ་བླ་མ་གྲུབ་ཐོབ་གཅིག་ལ་དམ་སེལ་བྱུང་འདུག་པས་དེ་ལ་བཤགས་པ་བྱས་དབང་དང་གདམས་པ་ཞུས་ན་ཕན། འབྲིང་དུ་ཕྱག་ན་རྡོ་རྗེའི་རྗེས་གནང་ཞུས་ནས་བསྙེན་སྒྲུབ་བྱས་ན་ཕན། ཐ་མ་གཉལ་སྨད་གསེར་ཕྱེ་འབུམ་པ་བྱ་བ་སྐུ་འབུམ་བྱིན་རླབས་ཅན་གཅིག་ཡོད་པས་དེ་རུ་སོང་ལ་མོས་གུས་བགྱིས་ལ་གསོལ་བ་ཐོབ་ཅིག་ཕན་འོང་ཟེར། དེར་མཛེ་ཕོ་དཔོན་གཡོག་རྣམས་ན་རེ་ད་སྡུག་པ་ལ་ཐམས་ཅད་ཀྱི་ཕ་མའི་དོད་པོ་ལྷ་ཅིག་ཡང་མཛེའི་ཁྱེར་ལྷ་ཅིག་སྔར་ཡང་བླ་མ་དང་དམ་ཉམས་པས་ཀྱང་ལན་ནམ། བཤགས་པ་བྱེད་པ་དང་། བླ་མ་དེ་ཕྱག་ན་རྡོ་རྗེ་དངོས་སུ་བཞུགས་ཡོད་འདུག་པས་ངེད་རང་ཚོའི་ནད་འདི་ལ་ཕན་པའི་ཐབས་འདྲ་ཨེ་ཡོང་ཟེར། དེར་ལྷ་ཅིག་ན་རེ་བླ་མ་དེ་ནི་རྒྱ་གར་དུ་ལན་གསུམ་བྱོན་མན་ངག་ནི་བསམ་གྱི་མི་ཁྱབ་པ་བཞུགས་པ་ཡིན་འདུག །བཤགས་པ་ཡང་བྱེད་དགོས་ངེད་རང་ཚོའི་ནད་འདི་ལ་ཡང་ངེས་པར་ཕན་པ་ཞིག་འོང་པས་ཤིན་ཏུ་འགྲོ་དགོས་ཟེར། དེར་ཁོང་རྣམས་ཀྱི་བླ་མ་གར་བཞུགས་རྩད་བཅད་པས་ཤམ་པོ་གངས་ལ་བཞུགས་

(༥༡༦)ཟེར་བ་ཐོས་དེར་ལྷ་ཅིག་གི་སྣ་དྲངས་ཏེ་ཤམ་པོ་གངས་སུ་ཕྱིན་པས་བླ་མ་མ་བཞུགས། གར་བྱོན་མི་གཅིག་ལ་དྲིས་པས་གཉལ་ལོ་རོ་ཕྱོགས་ལ་གདན་འདྲེན་བྱུང་ནས་ཐེགས་ཟེར། དེར་བོང་བུ་ལ་བདག་པོ་སྐྱོན་མོ་རང་གི་བོང་བུའི་སྣ་ཁྲིད་ནས་མཉལ་སྨད་གསེར་ཕྱེ་བསྐོར་བ་ལ་ཕྱིན། སྐུ་འབུམ་གྱི་རྩར་སླེབ་ནས་ཁྱོ་བོ་བོང་བུའི་སྟེང་ནས་ཕབ་སྐུ་འབུམ་གྱི་རྩར་བཞག་འཁོར་རྣམས་སློངས་མོ་ལ་བརྫངས་ཏེ་མོ་རང་བོང་བུ་ན་ག་ལ་སྟོད་པ་རྒྱག་ཏུ་ཕྱིན་པས་ཁ་སྐོམས་ནས་ཆུ་ཞིག་འཐུང་ཏེ་ནེ་སིང་སྟེང་དུ་བེམ་པོ་བཏིང་ཁ་བུབ་དུ་ཉལ་བསྡད་ནས་བསམ་མནོ་བཏང་པས། ཨ་ཙ་མ་ཚེ་སྟོད་ལ་ཡབ་སྐྱོར་ལྡེམ་རྩད་པོའི་བུ་མོར་སྐྱེས་ལུས་ལ་གསེར་གཡུ་མང་དུ་བཏག་གོས་སྨུག་ཐེར་དར་གྱི་བསྲུབ་མ་ཅན་གྱོན་ལྟོ་མི་ཞིམ་པ་ཤ་ཆང་ལ་བྱེད་པ་བྱས། ད་ལས་སུ་བོང་བུའི་སྣ་ཁྲིད་རྒྱལ་ཁམས་ཡོས་སུ་བརྟགས། གོས་རས་སློག་དང་རྩེ་འབེར་གོ་ན། དལ་དུས་མེད་པས་སྒོ་བཤམ་རྡུང་ཞིང་ལྟོ་ཁམ་ཟན་དང་སྤང་ཕྱེ་ལ་བྱས་འདི་འདྲ་བའི་ལས་ཡོད་པ་བསམ་ནས་སྙིང་མ་དགའ་ཏེ་ངུ་ཞིང་བསྡད་པས། ཚོང་པ་མང་པོ་འགྲིམས་བྱུང་སྟེ་ཚོང་པ་རྒན་བུ་ཅིག་ཕུ་ཐུང་ཡ་ཅིག་ཕུད་གོས་ལ་ཕྲག་འགེལ་ཞིག་བྱས་ཚོང་པ་ཟླ་བོ་རྣམས་ལ་གླེང་མོ་བྱེད་ཀྱི་འདུག་པ་ན་རེ། སྔོན་གྱི་སྦྱིན་ཤུགས་མེད་ན་ཅི་བྱས་ཀྱང་སྐྱིད་དུ་འགྲོ་བའི་

(༥༡༧)རིགས་སུ་མི་འདུག་ངས་ལ་སུ་ཚོང་གཅིག་པོ་བྱས། བོང་བུའི་གཤམ་བརྡུང་པ་ཡིན་ཏེ་བུ་སྨད་ལ་སོས་པའི་དུས་མ་བྱུང་། ད་རྒས་ཁ་འདིར་དམ་པའི་ཆོས་ཞིག་བྱེད་པ་ཡིན། ལོ་རོའི་ཕྱོགས་ན་རྗེ་བཙུན་མི་ལ་རས་པའི་ཐུགས་སྲས་མཆོག་ཏུ་གྱུར་པ་རས་ཆུང་རྡོ་རྗེ་གྲགས་པ་ཞེས་བྱ་བ་བཞུགས་ཡོད་ཟེར་བས། ད་ང་ཡང་དེའི་དྲུང་དུ་དམ་པའི་ཆོས་ལ་འགྲོ་བ་ཡིན་ཟེར་བ་མོས་ཐོས་པས་དགའ་ཆེས་ནས་དུ་བྲོ་བ་ཞིག་བྱུང་སྟེ་ཚོང་པ་དེའི་ལག་པ་ནས་འཇུས་ཏེ་ལོ་རོའི་བླ་མ་བཞུགས་པའི་གནས་དེ་ག་ན་སར་ཡོད་ཞག་དུ་ཙམ་འགྲོ་དགོས་རས་ཆུང་རྡོ་རྗེ་གྲགས་པ་ཞེས་བྱ་བ་དུས་ནམ་ནས་བཞུགས་པ་ཡིན་ཞེས་རྒྱུ་མཚན་རྣམས་ཞིབ་ཏུ་དྲིས་པས་ཚོང་པ་དེ་ན་རེ་བུ་མོ་ཁྱོད་མགོ་རྗ་མའི་ནང་དུ་བཅུག་ཐིམ་བུ་ལ་ཆས་བཀག་ནས་བསྡད་པ་ཨེ་ཡིན། བླ་མ་རས་ཆུང་རྡོ་རྗེ་གྲགས་པ་ཞེས་བྱ་བ་སྐུ་བསོད་ནམ་མཁའ་དང་མཉམ་པ། སྙན་པས་རྒྱལ་ཁམས་ཕྱོགས་མེད་ལ་ཁྱབ་པ་ཅིག་བཞུགས་པའི་གྲགས་པས་ཁྱབ་ནས་ཀྱང་ཡུན་རིང་། ཐག་ལ་བོང་བུའི་འགྲོས་ཀྱི་ཞག་གསུམ་ཡོད། །རྐང་ཐང་མགྱོགས་པོས་ཕྱིན་ན་ཉི་མ་རྒས་ཙམ་ན་སླེབ་ཟེར་དེ་རྣམས་ཞིབ་ཏུ་བཤད་བྱུང་པས། སེམས་དགའ་སྙམ་པ་གཅིག་ཀྱང་བྱུང་། རས་ཆུང་པའི་རྣམ་ཐར་ཐོས་པས་སེམས་ཤིན་ཏུ་འགྱོད་ཅིང་།

(༥༡༨)སྐྱོ་བ་སྐྱེ་བ་གཅིག་ཀྱང་བྱུང་སྟེ་ཡར་ལ་ཁྱོ་པོ་མཛེ་ཆུང་དེའི་རྩ་ལ་ལོག་ཕྱིན་ནས། བླ་མ་རས་ཆུང་པ་དེ་ལོ་རོའི་ཕྱོགས་ན་བཞུགས་ཟེར་ངས་ཁོང་གི་དྲུང་དུ་དམ་ཚིག་གི་བཤགས་པ་གཅིག་ཕུལ་ལ་ཡོང་གི་ཁྱོད་རང་ཉིན་མོའི་གནས་སྐབས་སུ་བོང་བུ་རྟོད་པ་སྤོས། ནང་ནུབ་བསྐོར་བ་གྱིས་ངས་མགྱོགས་པར་ལོག་ཡོང་གི་བྱས་པས། མཛེ་ཆུང་ན་རེ་བུ་མོ་ལྷ་ལྕམ་དེ་ཀུན་ཤིན་ཏུ་འཐད་ངས་ཀྱང་སྐྱེ་བ་སྔོན་མ་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་ལ་བརྟེན་ནས་ཚེ་འདི་ལ་ནད་འདི་འདྲ་བས་ཐེབས་འོ་ཅག་གཉིས་པོ་ཡང་ལས་ངན་བསགས་པའི་སྟབས་སུ་འཛོམ་པ་ཡིན། ཁྱོད་རང་དམ་ཚིག་གི་བཤགས་པ་ཕུལ་ལ་ཤོག་ཟེར་བས་ལྷ་ལྕམ་གྱི་ལོ་རོའི་ཕྱོགས་ལ་གཏད་ནས་ཕྱིན་ཏོ། །དེ་དུས་སུ་རྗེ་རས་ཆུང་པ་སློབ་མི་མས་ལ་ཆོས་དང་གདམས་པ་གསུངས་བཞིན་ཡོད་པ་ལས་མངོན་ཤེས་ཀྱིས་མོ་ཡོང་བ་མཁྱེན་ཏེ་བཞད་པ་ཅིག་མཛད། དེ་རིང་གི་ཆོས་ཐུན་དེ་ལ་བགྱིས་དམ་ཚིག་གི་སེལ་ཡོད་པའི་མི་གཅིག་ཡོང་གི་འདུག་པས་དེ་ལ་ཁྱེད་ལ་ལས་ས་གཏོར་ལ་ལས་མཆིལ་ཐུས་གྱིས་ལ་ལས་ཆོས་གོས་ཀྱི་ཐུ་བས་རྡུངས་ཤིག །དེ་ལྟར་བྱས་པས་སེམས་མི་དགའ་བ་ཆེན་པོ་སྐྱེ་སྟེ་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་འདུག་གསུང་ནས་གཟིམས་ཁང་ནང་དུ་བཞུད་དོ། །དེ་ནས་ལྷ་ཅིག་གི་བླ་མ་གར་

(༥༡༩)བཞུགས་འདྲི་ཞིང་ཕྱིན་པས་ལོ་རོ་རློན་དུ་སླེབ་བླ་མ་གར་བཞུགས་དྲིས་པས་བྱེས་འགོལ་རས་ཆུང་ཕུག་ན་བཞུགས་ཟེར་བ་ཐོས། དེར་ངལ་བསོ་ཞིང་བསྡད་པས་ངལ་སྔ་ཞེས་བྱ་བའི་མིང་ཆགས། དེ་ནས་གུད་ཞིག་ཏུ་བེམ་པོ་རྣམས་ཉི་མ་ལ་བསྲེགས་ནས་ཤིག་སྲོ་འཐུ་ཞིང་བསྡད་དེར་ཉེ་གནས་རིན་ཆེན་གྲགས་ཀྱིས་འཁྱམ་དུ་ཕྱིན་ནས་ལོག་ཡོངས་པ་ལྷ་གཅིག་གིས་མཐོང་ནས་རྒྱུགས་ཏེ། ལྷ་ཅིག་གིས་ཉེ་གནས་ཀྱི་གོས་ནས་བཟུང་སྟེ་ཁྱེད་དཔོན་སློབ་གཉིས་ཀྱི་ང་འདི་ལྟར་དུ་འབོར་ཕོད་པ། ཐུགས་ཀྱིས་བཟོད་དམ་ཀྱེ་མ་ཀྱི་ཧུད་ཟེར་ཞིང་དུ་འབོད་དྲག་ཏུ་བྱེད་ཅིང་། །ད་བླ་མ་གང་ན་བཞུགས་ངས་བཤགས་པ་བྱེད་དུ་ཡོངས་པ་ཡིན་མཇལ་ཁ་ཅིག་ཀྱང་ཞུ་བཤགས་པ་དང་དུ་ལེན་པ་དང་དཔོན་སློབ་གཉིས་ཀྱི་ཐུགས་རྗེས་བཟུང་འཚལ་ཟེར་མང་པོ་དུ་ཞིང་འདུག །དེར་ཉེ་གནས་ཀྱི་བླ་མ་ཡ་གེའི་ཕུག་པ་ཞིག་ན་བཞུགས་ངས་མཇལ་ཁ་ཞུ་ཡི། བཤགས་པའང་བཞེས་འོང་ལས་ཆེ་ཟེར་ནས་ནང་དུ་སོང་། གྲྭ་བུ་སློབ་གཞན་རྣམས་བྱ་ར་བལྟ་བཞིན་ཡོད་པ་ལས་དར་ཅིག་སོང་བའི་དུས་སུ་བུ་མོ་ལྷ་ལྕམ་ལྡེམ་བུ་བྱུང་སྟེ་ཁོང་ལ་ལས་ས་གཏོར་ལ་ལས་མཆིལ་ཐུས་བྱས་ལ་ལས་ཆོས་གོས་ཀྱི་ཐུ་བས་བརྡུངས། །ཁྱོད་ཀྱིས་རྗེ་རས་ཆུང་པའི་ཞབས་ཏོག་བྱས་

(༥༢༠)ཡོད་འོ་བརྒྱལ་དེ་འདྲ་བཏང་། དམ་ཉམས་ཁྲེལ་མེད་མ་ངོ་ཚ་མི་ཤེས་པ་ད་ཁྱོད་ལ་འདི་ནས་ཅི་ལེན་རྒྱུ་ཡོད་ཟེར་ནས་བརྡུངས་པའི་དུས་སུ། །ཉེ་གནས་རིན་ཆེན་གྲགས་ཀྱི་བསམ་པ་ལ་ཐབ་ཁ་གཅིག་ལ་ཟ་མ་ཟོས་ཡུན་རིང་དུ་འགྲོགས་པའི་ཡོན་བདག་མོ་དང་ཆོས་མཉམ་དུ་ཞུས་པའི་མཆེད་གྲོགས་ཡིན་པས་མ་ཕོད་དེ། མོ་ལ་ཐུ་བ་བཀབ་གྲོགས་པོ་རྣམས་ལ་ཞུ་བ་བྱས་ཚེ་ལྷ་ཅིག་ན་རེ་ང་དམ་ཚིག་གི་བཤགས་པ་འབུལ་བ་ཡིན་ཞུ་བའི་གྲོགས་གྱིས་ཟེར་བྱུང་པས་ཉེ་གནས་ཀྱི་ཡར་ཕྱིན་དེར་བླ་མའི་དྲུང་དུ་ཉེ་གནས་ཀྱི་ཞུས་པ། བླ་མ་རིན་པོ་ཆེ་ལགས་ངེད་རང་གི་ཨ་མ་ལྷ་ཅིག་ལྡེམ་བུ་ལ་མཛེ་སྤྲང་གི་གཡོག་བབ་འདུག་ལགས། བླ་མ་ལ་བཤགས་པ་བྱེད་པས་མཇལ་ཁ་ཞུ་ཟེར་མཇལ་ཁ་གནང་བ་གྲག་གམ་ཞུས་པས། བླ་མའི་ཞལ་ནས་མདང་རྨི་ལམ་ཡང་ལོག །གྲོགས་བདུད་མོ་དེ་སླེབ་པའི་རྟགས་ཡིན་མཇལ་ཁ་ག་ནས་འོང་གསུང་ཞལ་ངོ་ནག་ཐིབ་སོང་གཞན་ཅི་ཡང་མི་གསུང་། །དེར་ཉེ་གནས་ཀྱི་ལྷ་ཅིག་ལ་མཇལ་ཁ་མི་ཡོང་པར་འདུག་ཨ་མ་ལྷ་ཅིག་རང་ཡུལ་གཞན་ཞིག་ཏུ་ཕྱིན་པ་གྲགས་པ་ཨེ་ཡིན་བྱས་པས། ཡང་ལྷ་ཅིག་ན་རེ་སྔར་བློ་ཉེས་པའི་བྱ་བ་ལ་འགྱོད་ཚངས་ཀྱི་བཤགས་པ་བྱེད་མཇལ་ཁ་ཅིས་ཀྱང་མི་ཡོང་ན། དཔོན་སློབ་གཉིས་ཀྱི་གཟིགས་པའི་ས་འདིར་སྐྱེ་བ་ཕྱི་མ་མཇལ་

(༥༢༡)བའི་སྨོན་ལམ་བཏབ་སྟེ་ལྕེབས་པ་ལས་འོས་མེད་གཞན་ཕྱོགས་གར་ཡང་ད་ནི་མི་འགྲོ་ཟེར། ཡང་ཉེ་གནས་ཀྱི་བླ་མའི་དྲུང་དུ་ཕྱིན་ཏེ་བླ་མ་ལགས་མཇལ་ཁ་གནང་བ་གྲགས་པ་འདུག་མ་གནང་ན་རང་རེ་དཔོན་སློབ་གཉིས་ཀྱི་གཟིགས་པའི་ས་འདི་རང་དུ་ལྕེབ་ཐག་ཆོད་འདུག་ལགས་ཞུས་པས། བླ་མའི་ཞལ་ནས་དམ་ཚིག་ཉམས་པའི་མི་དང་ལུང་པ་གཅིག་ཏུ་བསྡད་པ་མི་ཚད་ཆུ་རྒྱུད་གཅིག་གི་ཆུ་བཏུང་ནའང་དམྱལ་བར་འགྲོ་བས་མོ་ལྕེབ་ནའང་མཇལ་ཁ་མི་ཡོང་མོ་གཡུ་དད་ཆེ་དེད་གཉིས་དང་པོ་ཡང་གཡུ་ཡི་རྩ་བ་ལ་དམ་ཚིག་ཉམས་པ་ཡིན། ད་བླ་མས་གནང་བའི་གསེར་གཡུ་འདི་རྣམས་མོ་ལ་སྦྱིན་ལ་གཞན་ཞིག་ཏུ་རྫོངས་དམ་ཚིག་ཉམས་པའི་མི་དང་ཕར་ལྟ་ཚུར་ལྟ་ཡང་མི་རུང་བ་ཡིན་གསུང་། དེར་ཉེ་གནས་ཀྱི་གསེར་གཡུ་འདྲེས་པ་ཐོད་ཕོར་གང་ཡོད་པ་ལྷ་ཅིག་ལ་སྦྱིན་དེ་བླ་མའི་ཞལ་ནས་དམ་ཚིག་ཉམས་པའི་མི་དང་གཏམ་འདྲེས་ཡང་མི་རུང་འདི་རྣམས་ཁྱེར་ལ་སོང་ཞིག་གསུང་ངོ་། །མཇལ་ཁ་མི་ཡོང་བ་འདུག་བྱས་པས་ཡང་ལྷ་ཅིག་ན་རེ་གསོན་སྡུག་པ་བས་ཤི་མགྱོགས་པ་རུང་སངས་རྒྱས་ལ་སེམས་ཅན་གྱི་དོན་ལས་མེད་ང་བློ་མ་རིག་པ་དམྱལ་བ་བཏང་མི་བཏང་བླ་མ་རང་མཁྱེན། དང་པོར་ཡབ་སྐྱོར་ལྡེམ་བརྩད་པོའི་ནོར་ཚན་དེ་ལ་ང་དགའ་

(༥༢༢)མ་ཚོར་ད་ང་ལ་གསེར་གཡུའི་དགོས་པ་མེད་ཟེར་ནས་ལྕེབ་པར་ཚད་པས་ད་རུང་མཇལ་ཁ་ཨེ་ཡོང་བལྟའོ་ཟེར་ཉེ་གནས་ཀྱི་བཤོལ་བཏབ། ཡང་ཉེ་གནས་ཀྱི་བླ་མའི་དྲུང་དུ་ཕྱིན་མོ་གསེར་གཡུ་མི་འདོད་པ་འདུག་བླ་མའི་མཇལ་ཁ་མ་བྱུང་ན་གསོན་སྡུག་པ་བས་ཤི་མགྱོགས་པ་རུང་ཟེར་མོ་ཤི་བ་ལ་ཐག་ཆོད་འདུག་ལགས། ད་མཇལ་ཁ་ཅི་ལ་ཐུག་ཀྱང་ཐུགས་རྗེས་འཛིན་པ་ཞུ་ཞུས་པས། བླ་མའི་ཞལ་ནས་མཇལ་ཁ་མི་ཡོང་གསུང་། ཡང་ཉེ་གནས་ཀྱི་མཇལ་ཁ་ཡེ་ནས་མི་ཡོང་པ་ཡིན་ནམ། ད་ལན་དཀའ་བ་ཡིན་ཞུས་པས་བླ་མའི་ཞལ་ནས་ཡེ་ནས་ད་ཡོང་སྟེ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཚབས་ཆེས་པས་དེ་རྣམས་ལ་བཤགས་པ་དགོས། མོས་བཤགས་པ་མི་འགྲུབ་དེས་ན་དཀའ་བས་མཇལ་ཁ་ཡོང་པ་དཀའ་གསུང་། དེར་ཉེ་གནས་ཀྱི་བཤགས་པ་ཅིག་འདྲ་དགོས་ཞུས་པས་བླ་མའི་ཞལ་ནས་སྐུའི་དམ་ཚིག་ཉམས་པ་གསོ་བ་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་དགོས། གསུང་གི་དམ་ཚིག་ཉམས་པ་སྐོང་བ་ལ་བཀའ་འགྱུར་རོ་ལྕོག་གསེར་ལས་བཞེངས་དགོས། ཐུགས་ཀྱི་དམ་ཚིག་ཉམས་བ་སེལ་བ་ལ་ན་རག་དོང་སྤྲུགས་ཀྱི་བཤགས་པ་བྱེད་དགོས་དེ་རྣམས་ནི་མོས་མི་འགྲུབ་དེས་ན་མཇལ་ཁ་མི་ཡོང་གསུང་། དེར་ཉེར་གནས་ཀྱི་ལྷ་ཅིག་གི་རྩར་ཕྱིན་ནས་

(༥༢༣)ཨ་མ་ལྷ་ལྕམ་ད་ཁྱེད་ཅི་མཛད་ཀྱང་མཇལ་ཁ་ནི་ཡོང་བ་དཀའོ་ཐུགས་མི་ལོག་པ་ཞུ་ཟེར། ལྷ་ལྕམ་ན་རེ་ཡེ་ནས་མཇལ་ཁ་མི་ཡོང་བ་ཡིན་ནམ་དཀའ་ལས་ཆེ་བ་ཡིན་ཟེར་ཉེ་གནས་ཀྱི་ཡེ་ནས་ཡོང་པ་འདུག་སྟེ་དཀའ་ལས་ཆེན་པོ་འདུག་ཟེར། ལྷ་ཅིག་ན་རེ་དཀའ་ལས་ཅི་འདུག་ཀྱང་སྒྲུབ་ཐམས་ཅད་གསུང་པ་ཞུ་ཟེར། དེར་ཉེ་གནས་ཀྱི་བླ་མའི་གསུང་རྣམས་ཕྲི་བསྣན་མེད་པར་སྐྱར་ཏེ་དེ་མི་འགྲུབ་ལ་ཆེ་ངེ་འགྲུབ་ན་གསུང་ཐོས་པ་ཞིག་བྱ་ཡི་གསུང་ཐོས་ན་ཡང་གསུང་གིས་འདུལ་བ་ཡིན་བྱས་པ་ལ། ལྷ་ལྕམ་ན་རེ་ཡེ་ནས་མཇལ་ཁ་ཡོང་ན་དེ་ཚོ་སླ་ཡི་ཟེར་ནས་འཁོར་མཛེ་ཕོ་དཔོན་གཡོག་ཐམས་ཅད་གསེར་ཕྱེ་ནས་བོས་ཏེ་ཡོ་བྱད་གང་ཡོད་འཕངས་པ་མེད་པར་རྩོལ་བ་ཆེན་པོས། སྐུའི་དམ་ཚིག་གསོ་བའི་ཕྱིར་བྱེས་འགོལ་དུ་བཤགས་པའི་འབུམ་པ་བཞེངས་ཚ་ཚ་མང་དུ་བཏབ། གསུང་གི་དམ་ཚིག་ཉམས་པ་གསོ་བ་ལ་གསེར་ལས་གྲུབ་པའི་འཇམ་དཔལ་ལ་མཚན་བརྗོད། སྡུད་པ་རྡོར་གཅོད་བཀའ་འགྱུར་དཀར་ཆ་ག་ལ་སོགས་བཞེངས་ཡི་གེ་གཅིག་མ་མང་དུ་བཞེངས། ཐུགས་ཀྱི་དམ་ཚིག་ཉམས་ཆགས་གསོ་བ་ལ་ཉམས་ཆགས་ཐམས་ཅད་བསྐོང་བའི་བཤགས་པའི་རྒྱལ་པོ་ན་རག་དོང་སྤྲུགས་ཀྱི་ཐུན་མཛེ་ཕོ་རྣམས་འཛིན་དུ་བཅུག་ཡི་གེ་བརྒྱ་པའང་མང་དུ་བཟླས། ལུས་ཀྱི་སྒོ་ནས་ཀྱང་ཕྱག་མང་དུ་བརྩལ་བསྐོར་བ་མང་དུ་བགྱིས། ངག་གི་བཟླས་

(༥༢༤)བརྗོད་གསོལ་འདེབས་ལ་སོགས་མང་དུ་བ་གྱིས་ཡིད་ཀྱིས་འགྱོད་ཚངས་དང་བཤགས་པ་མང་དུ་བགྱིས་པས། ནམ་མཁའི་མཐོང་ནས་ལྷ་ཅིག་ཁྱོད་ཀྱི་སྒྲིབ་པ་དག་གོ་ཟེར་བའི་སྒྲ་གཅིག་བྱུང་། དེར་ལྷ་ཅིག་གི་དམ་ཚིག་ཉམས་པ་སོས་གདའ་བས་མཇལ་ཁ་ཞུ་ཟེར་བ་ལ་ཉེ་གནས་ཀྱི་བླ་མའི་དྲུང་དུ་ཕྱིན་ཏེ་ལྷ་ཅིག་གི་དམ་ཚིག་ཉམས་པ་སོས་གདའ་བས་མཇལ་ཁ་ཐུགས་རྗེས་འཛིན་པ་ཞུ་ཞུས་པས། བླ་མའི་ཞལ་ནས་ང་གསུང་མཇལ་གཅིག་བྱེད་དགོས་ངེད་གཉིས་ཀྱི་བར་དུ་རས་ཡོལ་ཞིག་ཐོང་ལ་ཡོང་དུ་ཆུག་གསུང་དེར་ཉེ་གནས་ཀྱིས་རས་ཡོལ་ཅིག་བཏང་ནས་དེའི་ཕྱིར་ལྷ་ལྕམ་ཡོང་དུ་བཅུག་པས་མོ་རེ་བ་ནག་པོའི་བེམ་པོ་ཞིག་གོན་ཐང་ཁུག་གཅིག་དང་རྒྱུག་པ་གཤམ་ཁྱིས་འདྲད་པ་གཅིག་ཁྱེར་སྐྲ་རྩ་ཐམས་ཅད་ཤིག་དང་སྲོ་མའི་རལ་པ་ཉེལ་ལེ་བ་ཞིག་བྱས་ནས་བྱུང་སྟེ། རས་ཆུང་པའི་གསུང་གློ་ལྐོག་པ་མོས་རྣ་བར་ཐོས་པས་ངོ་ཤེས་ཏེ་མོ་དྲན་མེད་དུ་ལིང་ངེ་བརྒྱལ་ཞིང་བོག་གོ། །དེ་ལ་རིན་ཆེན་གྲགས་ཀྱི་གདོང་ལ་ཆུ་གྲང་གཏོར་རྐང་ལག་འཕུར་བས་དྲན་པ་ཅུང་ཟད་རྙེད་དོ། །དེ་དུས་བླ་མའི་ཞལ་ནས་འ་རྫི་རྫི་ང་རེ་འཇིགས་ཞེས་སྐུ་ཤིག་མཛད་པས་སྐུ་བྲག་ལ་ཐིམ་གྱི་སོང་བས་བྲག་ལ་སྐུ་རྗེས་ཤིན་ཏུ་གསལ་བ་ཞིག་བྱུང་ངོ་། །དེའི་དུས་སུ་རྗེ་རས་ཆུང་པས་འ་རྫི་རྫི་

(༥༢༥)ཡི་མགུར་འདི་གསུངས་སོ།། ༈ །།ཤོ་མོ་འ་རྫི་རྫི་ན་ང་རེ་འཇིགས། །ཁྱོད་ལས་འཇིགས་པ་ངས་མ་མཐོང་། །མཐོང་ཐོས་དྲན་ནམ་རས་ཆུང་པ། །ང་རིན་ཆེན་སྲོག་དང་དོ་བྲལ་བྱས། །ལར་ལས་ཀྱི་བྲལ་ཀྱང་རྐྱེན་གྱི་འདུས། །ཨ་ལྕེ་ལྷ་ཅིག་ལྡེམ་བུ་བྱོན་ལགས་སམ། །བླ་མ་བརྡུང་པའི་སྟོབས་མོ་ཆེ་སྟེ་བྱོན་ལགས་སམ། །འཕུལ་རྒྱག་བྱེད་པའི་འདུར་འགྲོས་མཁན་དེ་བྱོན་ལགས་སམ། །ལྡེར་སྤྱད་འགྲིམ་པའི་རྩལ་མོ་ཆེ་སྟེ་བྱོན་ལགས་སམ། །སྡོ་ཆོད་ཅོད་པཎ་འདོགས་པའི་མོས་གུས་ཅན་དེ་བྱོན་ལགས་སམ། །སིང་བོའི་ཞོགས་ཁྲུས་གསོལ་བའི་དག་སྣང་ཅན་དེ་བྱོན་ལགས་སམ། །སྦང་ཟན་རྒྱོགས་རྡོ་འཕེན་པའི་སྟོབས་ཤུགས་ཅན་དེ་བྱོན་ལགས་སམ། །གཡེར་ཆབ་ལུས་ལ་འཐོར་བའི་དད་པ་ཅན་དེ་བྱོན་ལགས་སམ། །ཚར་ཐུལ་ཚལ་པར་བཤོག་པའི་ཤེད་མོ་ཆེ་སྟེ་བྱོན་ལགས་སམ། །ལུས་ལ་སྦར་བཤད་བྱེད་པའི་སྡེར་རྣོན་མ་དེ་བྱོན་ལགས་སམ། །ལྕང་དཀར་རྒྱུག་པས་བརྡུང་བའི་དཔུང་བཟང་མ་དེ་བྱོན་ལགས་སམ། །ཚིག་རྩུབ་མཚོན་ཆ་འཕེན་པའི་སྨྲ་མཁས་མ་དེ་བྱོན་ལགས་སམ། །ཁྱོད་སྔོན་གྱི་ལྷ་ལྕམ་ཡིན་པ་ན། །ཤོ་མོ་འ་རྫི་རྫི་ན་ང་རེ་འཇིགས། །ཞེས་གསུངས་པས་ལྷ་ལྕམ་ལྡེམ་བུ་ཡང་དེའི་

(༥༢༦)དུས་དྲན་པ་རྙེད་ཅིང་དོན་གོ་སྟེ་མགོ་ཟིང་ལངས་བྱུང་ནས། རྐྱང་ཕྱག་མང་དུ་འཚལ་ཞིང་སྔར་མ་གོ་མ་རིག་འཁྲུལ་དང་གསུམ་འཇིག་རྟེན་འདི་ན་དབང་རེ་ཆེ་ཟེར་བ་དེ་བྱུང་བ་ལགས་ད་ངས་དམ་ཚིག་གི་བཤགས་པ་ཅིག་སྙིང་ནས་འབུལ་བ་ཡིན་པས་བཞེས་དགོས་བཤགས་པ་དང་དུ་ལེན་པ་ཞུ། བཤགས་པ་དང་དུ་མི་ལེན་ན་གསོན་སྡུག་པ་ལས་ཤི་མགྱོགས་པ་སྐྱིད་ཟེར་ནས་ཡུས་ཀྱི་རྣགས་ཏེ་ལུས་ས་ལ་སྡེབ་ཅིང་ཕྱག་འཚལ་བ་དང་བཅས་དུ་མ་དབྱངས་འདི་ཕུལ་ལོ།། ༈ །།ཕ་བཤགས་པ་དང་དུ་བཞེས་པ་ཞུ། །བཤགས་པ་དང་དུ་མི་ལེན་ན། །སྡུག་གྲི་གུ་ཟུར་གསུམ་སྙིང་དུ་བཙུགས། །ཚེ་ཡི་འདུ་བྱེད་འགུམ་པ་ལས། །གཏམ་སྙན་དུ་བཟང་ངན་ཅི་སྒྲོག་པ། །ཕ་རས་ཆུང་པ་ཡི་ཐུགས་ཀྱི་མཁྱེན། །ལར་མི་ཤེས་མུན་པ་སེལ་བར་དཀའ། །འགྱོད་པ་ཆེས་ཏེ་རྟས་མ་སླེབ། །ལས་ངན་ལས་ཀྱི་ལ་ཡོགས་ཏེ། །ཚེ་འདིར་སྨིན་པ་ནུས་པ་ཆེ། །ལས་ངན་ལུས་ཀྱི་མཛེ་གྲོགས་འདི། །སྡུག་བསྔལ་ནད་ཀྱི་བརྡུངས་པ་ལ། །སྙིང་རྗེ་བྱིན་རླབས་མ་ཆུང་བར། །ཐུགས་རྗེའི་ལྕགས་ཀྱུས་དམ་དུ་བཟུང་། །ཞེས་ཞུས་ནས་གསོལ་བ་གཏབ་པས། །རྗེ་རས་ཆུང་པས་མོའི་སྡིག་པ་སྦྱོང་བའི་ཕྱིར། སྙིང་ཚིམ་ཆ་མ་ཕྲོགས་ཀྱི་མགུར་འདི་གསུངས་སོ།།

(༥༢༧)༈ །།ཤོ་ཨ་ཙ་མ་ང་རེ་འཇིགས། །བླ་མ་བརྡུང་བའི་ཐོ་མོ་ཆེ། །སྦར་བཤད་བྱེད་པའི་སེན་རྣོན་མ། །བེ་བུམ་འཕྲོག་པའི་དབང་མོ་ཆེ། །རྒྱ་སྐད་བཟློས་པའི་སྨྲ་མཁས་མ། །ཁྱོད་དང་རྣལ་འབྱོར་བདག་ཅག་གཉིས། །སྔོན་ལས་དང་རྐྱེན་གྱིས་ལྷན་ཅིག་འཇོམ། །ལར་རང་ལན་རང་གི་སྡུག་བསྔལ་བྱེད། །ང་རིན་ཆེན་སྲོག་དང་དོ་བྲལ་བཅོས། །ཁྱོད་བླ་མ་བཞག་ནས་ཞང་དང་འགྲོགས། །ནད་གཡོག་གི་སྡུག་ཐག་མ་བཅད་དམ། །རྒྱལ་མཁར་བཞག་ནས་སྒོ་ཕུག་ར་འགྲིམས། །མི་ཁའི་དམག་གིས་མ་སྐོར་རམ། །རྟ་འོལ་བ་བཞག་ནས་བོང་སྣ་འཁྲིད། །ཡི་མུག་རྒྱུན་དུ་མ་སྐྱེས་སམ། །ནོར་དགོས་དགུ་བཞག་ནས་སྒོ་བཤམ་བརྡུངས། །གཏམ་ངན་གྱི་རྒྱལ་ཁམས་མ་གང་ངམ། །ཟས་ཤ་ཆང་བཞག་ནས་སྤྲང་ཟས་ཟ། །མུ་གེའི་རྫོང་ལ་མ་སྡད་དམ། །ཡུལ་རང་ཡུལ་སྤངས་ནས་ས་ཕུག་འགྲིམ། །ཡི་ཆད་ཡང་ཡང་མ་སྐྱེས་སམ། །གོས་ཐེར་ཕྲུག་སྤངས་ནས་བེམ་ཧྲུལ་གྱོན། །ཤིག་སྲོའི་བུ་ལོན་མ་ཆགས་སམ། །རྒྱན་དྲུག་དམར་སྤངས་ནས་དོ་ལོ་བརྟེན། །ཀུན་གྱི་བརྙས་པར་མ་བྱས་སམ། །སྣོད་དཀར་ཡོལ་སྤངས་ནས་རྫ་ཕོར་བརྟེན། །དམན་པའི་ས་རུ་མ་ལྷུང་ངམ། །ཤོ་མོ་འ་རྫི་རྫི་ལ་སྙིང་རེ་ཚིམ། །ཅེས་གསུངས་པས་མོས་ཞུ་ལན་གསོལ་བཏབ་ཀྱི་གླུ་འདི་ཕུལ་ལོ།། ༈ །།ཕ་ཡི་བུ་ཆེན་རས་ཆུང་པ། །རས་ཆུང་པ་ལ་གསོལ་བ་འདེབས། །ང་སྐྱེས་སར་སྐྱེས་པའི་རང་རྩིགས་དང་། །སྒྱུ་མ་

(༥༢༨)ནོར་གྱི་རང་མཐོང་དང་། །བསམ་པ་རླག་པའི་སྤྱོད་པ་དང་། །འཕྱོར་སྣང་ཆེས་པའི་རང་དབང་དང་། །ཞེ་སྡང་འཁྲུགས་པའི་ང་རྒྱལ་གྱིས། །ཕ་བླ་མའི་སྐུ་ལ་མ་ནོང་འགྱོད་ཤོར། །རྗེ་རས་པ་ཁྱེད་ལ་མཉམ་འགྲོགས་བྱས། །དེ་ཞེ་མནོང་འགྱོད་པས་བཟོད་པར་གསོལ། །ལྷ་མི་ཁྲོམ་པས་འཆས་བཟློས་བྱས། །ཚང་ཟླ་གྲོགས་མོས་ཞེ་ཁྲེལ་བཅུག །རྒྱལ་པོ་ཕ་ཡི་ཁྲིམས་ལ་གཏད། །ལ་གཡོག་འཕྲལ་ལ་མཛེ་པོས་སླེབ། །སྡུག་བསྔལ་སྤྲང་པོས་མཐའ་མ་འཁོར། །རས་སློག་དུག་པོའི་དུག་བཙེམ་ལ། །ཤིག་སྲོའི་བུ་ལོན་འཁོར་སྙམ་མེད། །བོང་སྣ་མཛེ་ཕོའི་ནད་གཡོག་ལ། །སྡུག་ཡི་མུག་མཐའ་ལ་འཛད་སྙམ་མེད། །ད་བཤགས་པ་དང་དུ་ལེན་པ་ཞུ། །བཤགས་པ་དང་དུ་མི་ལེན་ན། །ནམ་ཡང་སྡུག་རིར་འཆི་བ་ལས། །ཕ་རྗེ་བཙུན་ཁྱེད་ཀྱི་དྲུང་དུ་འགུམ། །ལར་ཆོས་ཞིག་སྙིང་ལ་བསམས་ནས་མཆི། །ཁྱེད་མ་བརྗེད་ཐུགས་ཀྱི་གཟིགས་སུ་གསོལ། །ཞེས་ཞུས་པས། རྗེ་བཙུན་གྱི་ཐུགས་ལ་སྙིང་རྗེ་རང་དབང་མེད་པར་འཁྲུངས་ནས་གསུང་བདེན་པའི་ཚིག་གི་དཀྲོལ་ཏེ། གསེར་གཡུ་མང་པོ་ཞིག་བླ་མས་བསྐུར་ཡོད་པ་མོ་ལ་སྦྱིན་ཏེ་དམ་ཚིག་ཉམས་པའི་བཤགས་པ་འབུལ་བ་ཤིན་ཏུ་འཐད། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་ལ་བརྟེན་ནས། ཚེ་འདིར་ཡིད་དུ་མི་འོང་པ་སྣ་ཚོགས་འབྱུང་བ་ཡིན་ཞིང་ཚེ་ཕྱི་མ་ངན་སོང་དམྱལ་བའི་གནས་སུ་སྐྱེ་བ་ཡིན། བླ་མའི་སྐུའི་དམ་ཚིག་ཉམས་པ་ལ་

(༥༢༩)བརྟེན་ནས་གཟུགས་པོ་སྒུར་པོ་དང་འཁྱོགས་པོ་ལྦ་བ་ཅན་མཛེ་སོགས་མི་འདོད་པའི་ནད་ཀྱིས་མནར་བ་ལ་སོགས་ལུས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་བ་ཡིན། དེའི་སྡིག་པ་སྦྱང་བར་འདོད་ན་དེ་བཞིན་གཤེགས་པའི་སྐུ་ཁྲུ་གང་བ་ཅིག་བཞེང་ནུས་སམ་གསུང་གི་དམ་ཚིག་ཉམས་པ་ལ་བརྟེན་ནས་ངག་ལྐུགས་པ་དང་སྨྲ་ལྕེ་མི་བདེ་བ་སོགས་ངག་གི་སྐྱོན་དང་སྡུག་བསྔལ་མཐའ་ཡས་པ་འབྱུང་བ་ཡིན། དེ་སྦྱང་བར་འདོད་ན་ཡི་གེ་བརྒྱ་པའི་འབུམ་གཏེར་འཛུགས་ནུས་སམ། ཐུགས་ཀྱི་དམ་ཚིག་ཉམས་པ་ལ་བརྟེན་ནས། སྨྱོ་བ་དང་འབོག་པ་བསམ་པ་ལོག་པར་འགྱུར་བ་ལ་སོགས་ཏེ་ཡིད་ཀྱི་ཉེས་པ་དང་སྡུག་བསྔལ་ཐམས་ཅད་འབྱུང་བ་ཡིན། དེ་སྦྱང་བར་འདོད་ན་གསེར་དངུལ་ཕྱེ་མའི་གླེགས་བམ་བཞེངས་ནུས་སམ། དེ་ཚོ་ནུས་ན་འཇུག་སྒོ་དབང་དང་བྱིན་རླབས་སྙན་རྒྱུད་ཀྱི་གདམས་ངག་སྟེར་བ་ཡིན། དེ་རྣམས་མི་ནུས་ན་ལོག་ལ་སོང་གསུང་མགུར་འདི་གསུངས་སོ།། ༈ །།སྐྱེས་མཆོག་མི་ལའི་ཞབས་ལ་གསོལ་བ་འདེབས། །བཀའ་དྲིན་ཡང་ཡང་དྲན་ནོ་ཐུགས་རྗེས་བཟུང་། །ཁྱོད་སྔར་དང་མི་འདྲ་བླ་འོ་ཞུན། །ངས་བླ་མའི་དྲུང་དུ་མཇལ་བའི་ཚེ། །འོ་སྐོལ་འཐབ་གཞིའི་གཡུ་མོ་ཆེ། །མཎྜལ་སྟེང་ན་གཞག་ནས་གདའ། །དེ་མཐོང་བས་ཁོ་བོ་བ་སྤུ་གཡོས། །སྔར་དབུས་ལ་མ་འགྲོ་མ་འགྲོ་གསུང་། །ད་དབུས་ལ་སོང་ཞིག་སོང་ཞིག་གསུང་། །དེ་དྲན་བཞིན་ཁོ་བོ་ངོ་

(༥༣༠)མཚར་སྐྱེས། །ཕ་རྗེ་བཙུན་དེའི་རྣམ་ཐར་ལ། །གསེར་དང་ས་རྡོ་ཁྱད་པར་མེད། །གསེར་འདི་ཁྱེར་ཅིག་ཁྱེར་ཅིག་གསུང་། །དེ་དྲན་ཞིང་ཁོ་བོ་ཡི་རང་སྐྱེས། །ཕ་ཡི་གནང་བའི་གསེར་འདི་ལ། །སངས་རྒྱས་སྐུ་འདྲ་མང་དུ་བཞེངས། །དེས་ལུས་ཀྱི་སྒྲིབ་པ་འདག་པ་ཡིན། །གཟུངས་སྔགས་ཆོ་ག་མང་དུ་ཐོན། །དེས་ངག་གི་སྒྲིབ་པ་སྦྱོང་བ་ཡིན། །མཆོད་རྟེན་ཚ་ཚ་མང་དུ་ཐོབ། །དེས་ཡིད་ཀྱི་སྒྲིབ་པ་འདག་པ་ཡིན། །སྔར་བྱས་ལས་ལ་འགྱོད་པ་གྱིས། །ཕྱིས་ནས་མི་བྱེད་ཞེ་མནའ་སྐྱོལ། །ད་ལྟའི་ཉེས་རྣམས་བཤགས་པས་འདག །དེ་ཕྱིར་སྡིག་བཤགས་ཡང་ཡང་གྱིས། །ནང་དུ་རང་སེམས་དཔང་པོར་ཞོག །དོན་དུ་སྙན་རྒྱུད་གདམས་ངག་བསྒོམས། །ཡང་ཡང་རྗེ་ལ་གསོལ་བ་ཐོབ། །སྐབས་སུ་འགྱོད་པ་ཡང་ཡང་སྐྱེད། །དེ་ལྟར་མཛོད་དང་དོན་ཆེན་འགྲུབ། །ཅེས་གསུངས་པས། མོ་དགའ་ནས་བླ་མའི་གསུང་བཞིན་དུ་ལུས་ངག་ཡིད་གསུམ་གྱི་བཤགས་པ་ཕྱིས་ཀྱང་མང་དུ་བགྱིས། །དེ་བཞིན་གཤེགས་པའི་སྐུ་དངུལ་གྱི་ཁྲུ་གང་པ་ཞིག་བཞེངས་པ་དེ་ད་ལྟ་འབྲི་ཁུང་ན་བཞུགས་སྐད། གསེར་དངུལ་ཕྱེ་མའི་གླེགས་བམ་བཞེངས་པ་དེ་ད་ལྟ་བྱང་ར་སྒྲེང་ན་བཞུགས་སྐད། ཚ་ཚ་མང་དུ་བཏབ་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པ་དེ་ཡར་ལུང་རྒྱལ་ཐང་རྩ་བརྒྱད་ཡིན་སྐད་དོ། །དེ་ནས་མོ་རང་གི་སླར་ཡི་གེ་བརྒྱ་པའི་འབུམ་བསྙེན་བྱས་པས་རྗེ་རས་ཆུང་པ་དང་

(༥༣༡)ཟླ་བ་གཅིག་ནས་ཞལ་མངོན་སུམ་དུ་མཇལ་རས་ཆུང་པའི་ཞལ་ནས་རང་མགོ་རང་གི་སྨོད་པའི་མི་འདི་མང་བར་གདའ་ཁྱོད་ཀྱིས་ཟླ་བ་གསུམ་དང་བསྲིངས་ན་རང་རེ་གཉིས་ཁ་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་ས་ལ་ཕྱིན་པས་ཆོག་པ་ཡོང་བ་ཡིན་ཏེ་ཁྱོད་ཀྱི་བསོད་ནམས་ཀྱི་མ་ཐུབ་འོན་ཀྱང་ལས་དང་སྨོན་ལམ་དབང་གི་འཛོམ་ཞིང་བཤགས་པ་ཕུལ་བ་དེ་དོན་ཆེ་ད་ཉམས་ལེན་ལ་འབུངས་ཤིག་གསུང་དེ་ནས་ཁྱོ་ཕོ་མཛེ་ཆུང་གི་ནད་ཀྱང་ཕལ་ཆེར་གྲག་འདུག་པས་ཁོང་རང་གི་ཕ་ཡུལ་ལ་ལན་ཅིག་ལོག་ཕྱིན་ཏེ་ཞིང་གཞིས་དབང་རིགས་ཡོད་པ་རྣམས་བཙོང་སྟེ་བླ་མ་རས་ཆུང་པ་ལའང་འབུལ་བ་བཟང་པོས་མཉེས་པར་བྱས་ཤིང་དཔོན་སློབ་ཀུན་ལ་དབྱར་དགུན་གྱི་འཚོ་བ་བག་རེ་ཡང་སྦྱོར་ཐུབ་པ་བྱུང་། ལྷ་ལྕམ་བཟའ་མི་གཉིས་རྗེ་རས་ཆུང་པས་བརྩེ་བས་རྗེས་སུ་བཟུང་སྟེ། བརྩད་པོ་ཇེ་ཆུང་ཡང་ཟེར་ཞང་གི་མཛེ་ཕོ་སྒ་ལེ་ཡང་ཟེར་མཛེ་ཕོ་རྒྱལ་རིང་མོ་ཡང་ཟེར་བ་དེ་ཉིད་ཕྱག་ན་རྡོ་རྗེའི་སྨིན་གྲོལ་གྱི་རྗེས་སུ་བཟུང་བས་ནད་རྩ་བ་ནས་གྲག་སྟེ། ཞང་པོ་དང་ལྷ་ཅིག་གཉིས་ཁའི་མཛེ་སོས་གཞན་འཁོར་གཡོག་རྣམས་ལའང་བླ་མས་དབང་དང་གདམས་ངག་མང་དུ་གནང་ཞིང་ཉམས་སུ་བླངས་པས་ཁོང་གཉིས་ཀྱི་འཁོར་ན་ཡོད་པའི་མཛེ་ཕོ་རྣམས་ཀྱི་ནད་ཀྱང་ལྷག་མ་མེད་པར་སོས་པས་དགའ་མགུ་ཡིད་རངས་ཐམས་ཅད་ཀྱིས་ཆོས་ཞུ་ཞིང་ཉམས་སུ་བླངས་དེར་བླ་མས་ཁོང་རྣམས་ལ་བསྐུལ་

(༥༣༢)འདེབས་ཀྱི་མགུར་འདི་གསུངས་སོ།། ༈ །།རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཁྱོད་ཉོན་དང་འདིར་འདུས་ཕོ་མོ་ཀུན། །རྙེད་དཀའི་དལ་འབྱོར་མི་ལུས་འདི། །ཉི་མ་ནུབ་པའི་གྲིབ་སོ་བཞིན། །ཚེ་ལ་སྡད་ལོང་མི་འདུག་པས། །རང་གི་གྲོས་ཚོད་བཟུང་རེ་རན། །སྤང་དཀའ་འཁོར་བའི་མཚན་ཉིད་འདི། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །རྒྱུན་ལ་ཆད་རྒྱུ་མི་འདུག་པས། །ཞེན་པ་ནང་ནས་ལོག་རེ་རན། །ཀུན་རྫོབ་འཁྲུལ་པའི་སྣང་བ་འདི། །རྨི་ལམ་ཐུན་ཅིག་རྨིས་པ་འདྲ། །ཡིད་བརྟན་བྱ་རྒྱུ་མི་འདུག་པ། །སྐྱོ་ཤས་ཆེན་པོ་སྐྱེད་རེ་རན། །འཁྲི་བ་མ་ཆོད་བྱ་བ་འདི། །གྲམ་པའི་སྒང་གི་རྡོ་བསལ་འདྲ། །བྱས་པ་ཟིན་དུས་མི་འདུག་པས། །གཅེས་དགུ་རྒྱབ་ཏུ་སྐྱུར་རེ་རན། །འདུས་བྱས་ཤ་ཁྲག་ཕུང་པོ་འདི། །ལྕོང་གི་ཟིན་པའི་ནད་པ་འདྲ། །ཡར་སྐྱེད་ཡོང་དུས་མི་འདུག་པ། །ད་ལྟ་འབད་རྩོལ་བྱེད་རེ་རན། །འཆི་བདག་བདུད་ཀྱི་འདེད་པ་འདི། །བྱི་སྤྲུག་ཁྲ་ཡིས་བཟུང་བ་འདྲ། །བྲོས་ཀྱང་ཐར་དུས་མི་འདུག་བ། །སྐྱེལ་མ་གྲབས་སུ་ཆུད་རེ་རན། །ཆོས་དྲེད་ཁྱེར་བའི་གདམས་ངག་འདི། །འཛིན་པ་ཅན་གྱི་ནོར་རྫས་འདྲ། །བསགས་ནས་བསྒོམ་མཁན་མི་འདུག་པ། །ཐ་སྙད་ཞེན་པ་སྤང་རེ་རན། །རང་ལ་ཡོད་པའི་གནས་ལུགས་འདི། །རྒྱལ་བུ་སྲིད་དང་བྲལ་བ་འདྲ། །རང་ངོ་ཤེས་དུས་མི་འདུག་གོ། །རྟོགས་ལྡན་བླ་མ་བསྟེན་རེ་རན། །དེས་ན་དམ་ཆོས་ཚུལ་བཞིན་སྒྲུབས། །དང་པོར་ཐོས་བསམ་སྒོམ་གསུམ་

(༥༣༣)གྱིས། །བར་དུ་བརྩོན་འགྲུས་སྲང་ནས་ཐོན། །ཐ་མ་སྒོམ་སྒྲུབ་ཤི་དང་སྙོམས། །རྒྱུན་དུ་བླ་མའི་མོས་གུས་གྱིས། །སྣོད་བཅུད་ཡི་དམ་ལྷ་རུ་སྒོམས། །སྐབས་སུ་འགྲོ་ལ་བྱམས་སེམས་སྐྱེད། །གནས་ལུགས་གཉུག་མའི་ངང་དུ་ཞོག །ཚོགས་གཉིས་བསྔོ་བ་སྨོན་ལམ་བགྱིས། །ཞེས་གསུངས་ནས་ཁྲིད་དང་གདམས་པ་བསྟན་པས་ལྷ་ཅིག་རང་བྱུང་གི་རྣལ་འབྱོར་མ་བཟང་མོ་གཞན་ལ་ཁྲིད་སྟོན་ནུས་པའི་ཀུན་གྱི་གྲུབ་ཐོབ་མར་འཛིན་པ་ཅིག་བྱུང་། དེ་ནས་ལོ་བདུན་བརྒྱད་ཙམ་ལ་ལྷ་ཅིག་དེ་ཉིད་གྲུབ་པའི་རྟགས་མང་པོ་དང་བཅས་དག་པའི་སྣང་བ་འབའ་ཞིག་གི་ངང་ལ་མྱ་ངན་ལས་འདས་ཤིང་འཇའ་འོད་ཀྱི་གུར་ཕུག་མེ་ཏོག་གི་ཆར་འབབ་པ་ལ་སོགས་རྟགས་ངོ་མཚར་ཅན་མང་པོས་གང་། སྐུ་གདུང་བཞུས་པས་ལྷ་སྐུ་ཡིག་འབྲུ་དང་རིང་བསྲེལ་པཉྩ་རམ་མང་དུ་བྱོན་དེ་ནས་ན་བཟའ་གདུང་ཐལ་གདུང་རིང་བསྲེལ་རྣམས་བཞུགས་པའི་སྐུ་འབུམ་ཞིག་བླ་མའི་བུ་སློབ་རྣམས་ཀྱི་བྱེས་འགོལ་དུ་བཞེངས། དེ་ལ་རྗེ་བཙུན་ཉིད་ཀྱིས་ཞལ་བཀོད་མཛད་ཅིང་སྔར་གྱི་བཤགས་པའི་འབུམ་པ་དང་གཉིས་ཁ་ལ་རབ་གནས་ཡང་། རྗེ་བཙུན་ཉིད་ཀྱིས་མཛད་པས་བྱིན་རླབས་ཅན་གཉིས་བཞུགས། དེར་བུ་སློབ་རྣམས་ཀྱི་རྗེ་བཙུན་ལ་ཞུས་པ། ཨ་མ་གྲུབ་ཆེན་མ་དེ་དག་གང་དུ་འཁྲུངས་ནས་འགྲོ་བའི་དོན་མཛད་ལགས་ཞུས་པས། བླ་མའི་ཞལ་ནས་དེ་མིའི་སྐྱེ་བ་མི་ལན་ལྕང་ལོ་ཅན་གྱི་

(༥༣༤)གནས་ན་ཁོ་བོ་ལ་གསོལ་བ་འདེབས་པའི་བཙུན་མོ་ཁྲི་དང་དྲུག་སྟོང་ཡོད་པའི་གཙོ་མོར་ཡོད་གསུང་། ཞང་དེ་ལ་སྒོམ་ཆེན་བཟང་པོ་ཞིག་བྱུང་ཁོ་འཆི་བའི་དུས་སུ་བདེ་བ་ཅན་གྱི་ཞིང་ཁམས་གནས་འདི་ཁར་འདུག །དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་ཟེར་བ་དེ་རྗེ་རས་ཆུང་པ་འདི་ཁར་འདུག་ཟེར་ནས་དག་པའི་སྣང་བ་དང་བཅས་ནས་ཤིའོ། །འཁོར་གཞན་རྣམས་ཀྱང་རི་ཁྲོད་འཛིན་པའི་སྒོམ་ཆེན་ཤ་དག་ངོ་མཚར་ཅན་དུ་གྱུར་ཏོ། །དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་རླབས་པོ་ཆེའི་སྤྱོད་པ་མཛད་པ་དེ་བླ་མས་ལུང་བསྟན་པའི་དོན་དང་མཐུན་པར་འབྲེལ་ཚད་དོན་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སྤྱོད་པ་མཛད་པའི་ཡོན་ཏན་ཏེ་ངན་འབྲེལ་ཅན་ཡང་དག་པའི་ལམ་དུ་སྒྱུར་ཏེ་ཐུགས་རྗེ་མཆོག་ཏུ་གྱུར་ཞིང་འགྲན་ཟླ་མེད་པའི་སྐོར་ཚོ་དེ་བཅུ་གཉིས་པའོ།། ༈ །།བཅུ་གསུམ་པ་ནི། དེ་ནས་དེའི་དུས་ཞིག་གི་ཚེ་གཡོ་པ་ཟླ་བ་གྲགས་ཞེས་བྱ་བ་ཞིག་ཡོད་པས་དེ་ལ་རྩི་རྩི་མཛོ་ལའི་ནད་ཐོན་པར་དཀའ་བ་བཟློག་ཐབས་མེད་པ་ཅིག་གི་འཆི་དུས་གཏབ་ནས་ཡོད་དུས་ཁྱིམ་དུ་རྗེ་བཙུན་བླ་མ་རས་ཆུང་པ་ཉིད་གདན་དྲངས་སྐྱབས་འགྲོ་སེམས་སྐྱེད་ཀྱི་སྡོམ་པ་ཞུས་གཞན་འཆི་ཁ་མའི་ཆོས་བར་དོ་ལམ་འཁྱེར་གྱི་གདམས་ངག་ཞུས་པས་གནང་། ཁོ་རང་གི་ཁྱིམ་དང་ལོངས་སྤྱོད་གང་ཡོད་བླ་མ་ལ་ཕུལ་ཁོ་ན་རེ་ངའི་ཆུང་མ་ཧོབ་མོ་གཡང་འགོས་འདི་ཡང་རྗེ་ལ་འབུལ་

(༥༣༥)བས་བཞེས་བར་ཞུ་ཟེར། དེར་རྗེ་བཙུན་གྱི་བུད་མེད་སྐྱོན་གྱི་རང་བཞིན་ཡིན་ཞིང་ཆོས་དང་མཐུན་པ་ཡང་ཤིན་ཏུ་དཀའ་ཞིང་། དམ་ཚིག་ཐུབ་པ་ཡང་ཉིན་མོའི་སྐར་མ་ལྟ་བུར་འདུག་པས་ལྷ་ཅིག་ལ་སོགས་པ་རྣམས་ཀྱི་ཀྱང་དམ་ཚིག་མ་ཐུབ་པས་བཤགས་བ་སོགས་བྱེད་པ་ལ་ཤིན་ཏུ་དཀའ་བར་བྱུང་། གཡང་འོགས་ཀྱི་གཉེར་ཁ་ང་མི་བྱེད་གསུངས་པས་ཟླ་གྲགས་ན་རེ་འོ་ན་གཞན་ལ་བློས་མི་ཐེངས་པས་ད་མ་ཤི་གོང་མོ་གསོད་པ་ཡིན་ཟེར་ནས་གསོད་པར་བརྩམས་པ་ལས། རྗེ་བཙུན་གྱི་དེ་ལྟར་མ་བྱེད་དང་འོ་ན་ངས་གཉེར་ཁ་བྱའི་གསུང་ནས་བཞེས་པར་མཛད། གཡང་འགོས་ཀྱང་མ་གསད་པས་རྗེ་བཙུན་གྱི་གསང་ཡུམ་དུ་དེ་ནས་གྱུར། དེ་ནས་རིན་ཆེན་གྲགས་ཀྱི་བླ་མ་དཔོན་སློབ་རྣམས་བྱར་དུ་གདན་དྲངས་དེ་བྱར་ཕུ་ཚིགས་སུ་ཕེབས་བྱར་གྱི་དད་ལྡན་མང་པོ་ལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་བསྐུར། བསྲེ་པ་དགུ་སྐོར་ལ་སོགས་པའི་ཆོས་མང་དུ་གནང་། སེར་སྡིངས་གི་རི་ཁྲོད་དུ་ཡང་བཞུགས་དེར་རྡོ་རྗེ་ཕུར་པ་ཞལ་གཟིགས། ཕྲ་མེན་མ་བཞི་དམ་ལ་བཏགས། དེ་ནས་ལྡན་ཡུལ་ཨ་ཤུ་བྲག་ཏུ་ཕེབས་ཏེ་སྒྲུབ་ཕུག་ཅིག་ཏུ་སྐུ་མཚམས་དམ་པར་བཞུགས། དེར་གྲུབ་ཐོབ་ཀྱི་སྙན་གྲགས་ཆེ་བས་མཇལ་མཁན་ཤིན་ཏུ་མང་ཞིང་ཐུགས་སོ་སོད་པ་ཙམ་མ་བྱུང་། དེར་ཡང་སྣོད་ལྡན་འགའ་ཞིག་ལ་ཕྱག་རྒྱ་ཆེན་པོའི་ཁྲིད་སྐྱངས། ཁོང་རྣམས་

(༥༣༦)གྲོང་པ་སྐྱེད་པའི་ཕྱིར་རྣམ་ཐར་ཡིན་ལུགས་ཀྱི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །ཡིད་བཞིན་ནོར་བུའི་བླ་མ་ལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །མི་འབྲལ་གཙུག་གི་རྒྱན་དུ་བཞུགས། །ང་གཅིག་ཏུ་དལ་འབྱོར་མི་ལུས་ཐོབ། །གཉིས་སུ་དམ་པའི་ཆོས་དང་འཕྲད། །གསུམ་དུ་ཐོས་བསམས་སྒྲོ་འདོགས་ཆོད། །ཆོས་དོན་ངོ་ཤེས་པ་ཅིག་ང་ལ་ཡོད། །ང་ཅིག་ཏུ་སྲིད་པ་ལ་སྐྱོ་བ་སྐྱེས། །གཉིས་སུ་འདུ་འཛིའི་བྱ་བ་བཏང་། །གསུམ་དུ་རྟོགས་ལྡན་གྱི་བླ་མ་བསྟེན། །ལམ་དུ་འགྲོ་བ་ཅིག་ང་ལ་ཡོད། །ཅིག་ཏུ་སྙན་རྒྱུད་ངོ་སྤྲོད་ཞུས། །གཉིས་སུ་གཉུག་མའི་གནས་ལུགས་མཐོང་། །གསུམ་དུ་སྒོམ་མེད་ཀྱི་རྟོགས་པ་ཤར། །མཉམ་རྗེས་མེད་པ་ཅིག་ང་ལ་ཡོད། །ང་ཅིག་ཏུ་འབྲལ་མེད་རྒྱུད་ལ་སྐྱེས། །གཉིས་སུ་ཞེན་བློའི་འདོད་པ་ཟད། །གསུམ་དུ་སྣང་བ་སྒོམ་དུ་ཤར། །རྒྱུན་ཆད་མེད་པ་ཅིག་ང་ལ་ཡོད། །ང་ཅིག་ཏུ་རྣམ་རྟོག་དབང་དུ་འདུས། །གཉིས་སུ་བདེ་བ་སེམས་ལ་རྙེད། །གསུམ་དུ་བགག་སྒྲུབ་མ་དགོས་པས། །བྲི་རྒྱུ་མེད་ཅིག་ང་ལ་ཡོད། །ང་ཅིག་ཏུ་ཉིན་མཚན་ཁྱད་པར་མེད། །གཉིས་སུ་ཉམས་རྟོགས་ཟུང་དུ་ཚུད། །གསུམ་དུ་དགེ་སྦྱོར་བློ་ལས་འདས། །འཆི་རྒྱུ་མེད་པ་ཅིག་ང་ལ་ཡོད། །ང་ཅིག་ཏུ་བླ་མའི་བྱིན་རླབས་ཞུགས། །གཉིས་སུ་རྗེ་ཡི་ལུང་བསྟན་ཐོབ། །གསུམ་དུ་རང་གཞན་དོན་གཉིས་འགྲུབ། །སངས་རྒྱས་ལག་བཅང་ཞིག་ང་ལ་ཡོད། །ང་ཡི་ཉམས་

(༥༣༧)དང་རྟོགས་པ་དང་། །ཐུགས་རྗེའི་ཕྲིན་ལས་ནུས་པ་རྣམས། །སྐལ་ལྡན་ཀུན་ལ་འཕོ་བར་ཤོག །ཅེས་གསུངས། དེ་ནས་ཕུ་དྲོའི་དགོན་པར་ཕེབས་ཏེ་རང་གི་སློབ་མ་རྣམས་ལ་གདམས་ངག་ཟབ་པ་ཞིག་གནང་། ར་ཤེར་སྣང་གནས་སྒྱུར་པ་ཉེ་གནས་རིན་ཆེན་གྲགས་ཀྱི་སྤུན་ལ་ཕྱག་ན་རྡོ་རྗེའི་གདམས་ངག་མ་ལུས་པ་ཡོངས་སུ་རྫོགས་པ་གནང་། ཉེ་གནས་རིན་ཆེན་གྲགས་ཕྱག་ན་རྡོ་རྗེའི་བཀའ་བབས་ཀྱི་སློབ་མ་ཞིག་ཏུ་གྱུར། དེར་ཇོ་མོ་གཡང་འགོས་མའི་སྐུའི་ཆ་ལུགས་ཀྱང་སྒྱུར་གཞན་ཡང་སློབ་མ་འགའ་ཞིག་ལ་གདམས་པ་འགའ་ཞིག་གནང་གི་ཡོད་པའི་དུས་སུ་དགེ་བཤེས་ཞིག་བྱུང་སྟེ་བླ་མའི་སྐུའི་སྙན་པ་ཐོས་ནས་ཡུན་རིངས་སོང་བླ་མ་མཇལ་བ་ལ་སྐོམས་པ་ཆུ་འདོད་པ་ལྟ་བུའི་རིངས་པ་བྱུང་ནའང་དགེ་འདུན་གྱི་གྲལ་ནས་ཐོན་པ་དཀའ་བས་ད་ལས་མ་ཐོན་ད་ལན་འང་མཁན་པོ་ཉིད་བླ་མའི་སློབ་མར་འདུག་པས་མཁན་པོ་ལ་ཞུས་པས་གནང་བྱུང་བ་་ཡིན། མཁན་པོས་བླ་མ་ལ་འདི་ཕུལ་བྱུང་པ་ཡིན་ཟེར་ནས་གསེར་སྲང་གང་ཞུ་ཡིག་དང་བཅས་པ་ཕྱག་ཏུ་ཕུལ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་ནི་འཁྲུངས་པའི་ཡུལ་གཉལ་སྟོད་ཁུལ་དུ་བྱུང་བ་ཙ། ཡབ་རྡོ་རྗེ་དངོས་གྲུབ་ཡུམ་དཔལ་ལྡན་སྐྱིད་གཉིས་ལ་སྲས་ལྕམ་སྲིང་གསུམ་འཁྲུངས། ཕུ་བོ་དཔལ་གྲགས་ནི་ཁྱིམ་བཟུང་ནས་མི་ནོར་དང་ལྡན། བྱང་ཆུབ་དཔལ་ནི་དད་པ་དང་ལྡན་པས་གཞོན་ནུ་ནས་ཆོས་ལ་མོས་ཤིང་སློབ་དཔོན་

(༥༣༨)རྡོ་རྗེ་ཡེ་ཤེས་ལ་ཀློག་བྲིས་བསླབས་ནས་མཁས་པའི་མཐར་ཐུག་པ་མཁྱེན། ཡིད་དུ་འོང་ཞིང་ཀུན་དང་མཐུན་པས་རྒན་གཞོན་ཐམས་ཅད་ཀྱི་ལེགས་པའི་ཚད་དུ་འཇོག་པ་ཞིག་ཡོད། གོང་ལོ་བརྒྱད་ནས་དགེ་བ་ལ་མངོན་པར་དད་པས་སྡིག་པར་གྱུར་ཚད་སྤོང་། དགེ་བར་གྱུར་ཚད་གསོག་བསྙེན་གནས་ལ་སོགས་བྱེད་པ་ཞིག་ཡོད། ལོ་བཅུ་ནས་བཅོ་ལྔའི་བར་དུ་ཀློག་མཛད་པས་མི་རྟག་པ་རྒྱུད་ལ་སྐྱེས་འཆི་བ་སྙིང་ལ་ཟུག་མདོའི་ནང་གི་ཚིག་དོན་རྣམས་གོ་བས། ལོ་བཅུ་དྲུག་གི་ཐོག་ལ་དབུས་ཕྱོགས་སུ་ཆོས་ལ་བྲོས་ནས་བྱོན་ལོ་བྱ་ཡུལ་བ་ལ་རབ་ཏུ་བྱུང་། མཚན་ཀུན་དགའ་དར་ཞེས་བཏགས་ལོ་བརྒྱད་ཀྱི་བར་དུ་སྡེ་སྣོད་གསུམ་ལ་སྦྱངས་ཤིང་མཁས་པའི་མཆོག་ཏུ་གྱུར་སྟོན་པ་བཟང་པའི་གྲགས་པ་ཐོབ། དེར་ཐུགས་ལ་མཚན་ཉིད་ཀྱི་སླབ་སྦྱངས་འདི་འཕྲལ་དཀའ་ལས་ཆེ་ལ་ཕུགས་དོན་ཆུང་ཚིག་མཐའི་སྒྲོ་འདོག་ཆོད་པ་འདི་ཤིན་ཏུ་དཀའ་བས་ཚེགས་ཆུང་ལ་དོན་ཆེ་བའི་སྒོམ་ཞིག་ཞུས་ནས་ཉམས་སུ་ལེན་དགོས་པ་འདུག་དགོངས་པ་ཤར་ནས། མཁན་པོ་ལ་ཞུས་པ་ང་སྒོམ་ཆེན་པའི་བླ་མ་བཟང་པོ་ཞིག་གི་རྩར་བསྒོམ་དུ་འགྲོ་འདོད་པ་ལགས། བཀའ་གནང་བ་ཞུ་ཞུས་པས། མཁན་པོའི་ཞལ་ནས་དེ་ལེགས། ང་ན་སོ་རྒས་པས་ལན་པ་ཡིན། མཚན་ཉིད་འདི་ཡང་ལམ་ཐག་རིང་ཞིང་སྐྱོད་དཀའ་བར་འདུག །སྒོམ་ཆེན་ནི་ལམ་མྱུར་སྐྱོང་སླ་བ་ཡིན་དགེ་བཤེས་གཞན་ཀུན་ལ་མ་བཤད་པར། ཁྱོད་རང་འགྲོ་ན་བླ་

(༥༣༩)མ་མི་ལའི་སློབ་མ་རས་ཆུང་པ་ཞེས་བྱ་བ་གྲུབ་ཐོབ་བརྩོད་མེད་ཅིག་ཤམ་པོ་གང་སུ་བསྒོམ་དུ་བྱོན། ཁྱོད་རང་ཡང་དེར་སོང་ལ་སྒྲུབ་པ་ནུས་པ་ཅིག་མཛོད། ངས་བླ་མ་གྲུབ་ཐོབ་དེ་ལ་སྙན་རྒྱུད་ཀྱི་གདམས་པ་ཞུས་པས་ང་རང་གི་བཙན་ས་ཟིན་པ་ཅིག་ཡོད་དེ་འཁོར་འདི་རྣམས་མཚན་ཉིད་པ་ཡིན་པས་བློར་མི་ཤོང་པས་ཁ་རོག་པར་སྡད་པ་ཡིན་ད་ལྟ་བཤད་པའི་དུས་ལ་མ་བབ་པས་ཁྱོད་ཀྱིས་ཀྱང་གཞན་ལ་མ་བཤད། ངས་བླ་མ་གྲུབ་ཐོབ་ལ་ཞུ་ཡིག་རྟེན་དང་བཅས་པ་བསྐུར་གྱི་དེ་ཁྱེར་ལ་ཁ་རོག་པར་བླ་མ་གྲུབ་ཐོབ་ཀྱི་དྲུང་དུ་སོང་ལ། གྲུབ་པ་ཐོབ་པ་ཅིག་བགྱིས་ཨང་གསུང་ནས་གསེར་སྲང་གང་ཞུ་ཡིག་དང་བཅས་པ་བསྐུར་བྱུང་བ་བསྣམས་ནས་དགུང་ལོ་ཉེར་བཞི་ལ་གཉལ་དུ་ལོག །ཆོས་རྒྱགས་རྣམས་ཀྱང་གསེར་དུ་སྒྲིལ་ནས་བླ་མ་རས་ཆུང་པ་གར་བཞུགས་རྩད་གཅོད་ཅིང་བྱོན་པས། སྐུ་སྙན་པ་ཆེ་བས་བྱེས་འགོལ་ན་བཞུགས་ཟེར་བ་ཐོས་དེར་བྱོན་པས་བླ་མ་བྱར་ལ་བྱོན་ནས་མ་བཞུགས་བྱེས་འགོལ་དུ་བླ་མ་སྒོམ་པ་ཆོས་གྲགས་ལ་ཆོས་འགའ་རེ་ཞུས། དེར་ཁོང་གི་ཞལ་ནས་བླ་མ་རྗེ་བཙུན་བྱར་པོ་ནགས་ཀྱི་དགོན་པ་ན་བཞུགས། ཁྱོད་རང་དེར་སོང་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་པར་མཛོད། སང་ཕོད་ང་ཡང་བླ་མ་གདན་འདྲེན་དུ་འོང་ཟེར། དེ་ནས་བྱར་དུ་ཕྱིན་པས་བླ་མ་ལ་ཆོས་ཞུ་མི་མང་དུ་འདུག་མཇལ་ཁ་ཞུས་ནས་མཇལ་བས་བླ་མའི་ཞལ་ནས། མདང་རྨི་ལམ་དུ་

(༥༤༠)ཟླ་བ་གཅིག་སྤང་དུ་བྱུང་བ་རྨིས་དེ་ལག་པས་བཟུང་སྟེ་གཞན་ལ་བསྟན་པ་ཞིག་རྨིས། དེ་རིང་ཁྱོད་ཡོང་པའི་རྨི་ལྟས་སུ་འདུག་གསུང་བྱིན་རླབས་ཞུས་པས་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་ཤིང་། མཁན་པོའི་གསེར་དང་ཞུ་ཡིག་ཕུལ་རང་གི་ཕྱག་རྟེན་གསེར་ཡང་ཕུལ་བས། བླ་མའི་ཞལ་ནས་གང་ནས་ཡིན་རུས་ཅི་ཡིན་གསུངས་པས། ཡུལ་ཙ་ཡིན་རུས་ལོ་ལགས་ཞུས་པས། བླ་མའི་ཞལ་ནས་བྱ་ཡུལ་པའི་མཁན་པོ་དམ་ཚིག་གཙང་འགྲོགས་ཤེ་ཆེ་གསུང་ནས། །བསྡོ་བ་དང་སྨོན་ལམ་མཛད། ཁྱོད་ཀྱི་མིང་ལ་ཙའི་རྒྱལ་བ་ལོ་བྱ་བ་ཡིན་གསུང་ནས་བཞེད། དེ་ནས་ཙའི་རྒྱལ་བ་ལོ་ཞེས་བྱ་བར་མཚན་ཆགས། དེར་ཁོང་གི་སྣ་ལེན་དུ་ཚོགས་འཁོར་བཟང་པོ་ཞིག་མཛད་ནས་རིན་ཆེན་གྲགས་རམ་བུ་ཐེག་ཅིག་གསུངས་ནས་སྣ་ལེན་གྱི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ཡོད་མེད་ཀུན་ལས་འདས་པ་ཡི། །སྐྱེ་ཤི་མེད་པའི་དོན་ཅིག་རྟོགས། །ཆོས་སྐུ་ཐོབ་རུང་མ་ཐོབ་རུང་། །སྤྱད་དུ་མེད་པའི་དོན་ཅིག་རྟོགས། །ལྟ་བ་མཐོ་རུང་མ་མཐོ་རུང་། །བརྗོད་དུ་མེད་པའི་དོན་ཅིག་རྟོགས། །ཐ་སྙད་མཁས་རུང་མ་མཁས་རུང་། །དངོས་པོ་མེད་པའི་དོན་ཅིག་རྟོགས། །འབྲས་བུ་ཐོབ་རུང་མ་ཐོབ་རུང་། །སྟོང་པ་ཉིད་ཀྱི་དོན་ཅིག་རྟོགས། །བག་ཆགས་སྲབ་རུང་མི་སྲབ་རུང་། །བགྲོད་དུ་མེད་པའི་དོན་ཅིག་རྟོགས། །གནས་པ་མཐོ་རུང་མི་མཐོ་རུང་། །འཕོ་འགྱུར་

(༥༤༡)མེད་པའི་དོན་ཅིག་རྟོགས། །འདུས་བྱས་རྟག་རུང་མི་རྟག་རུང་། །དམིགས་སུ་མེད་པའི་དོན་ཅིག་རྟོགས། །སྣང་བ་འཕག་རུང་མི་འཕག་རུང་། །གཉིས་སུ་མེད་པའི་དོན་ཅིག་རྟོགས། །ཐེག་པ་འདྲ་རུང་མི་འདྲ་རུང་། །མཉམ་པ་ཉིད་ཀྱི་དོན་ཅིག་རྟོགས། །ཕྱི་ནང་འབྱེད་རུང་མི་འབྱེད་རུང་། །ཐེ་ཚོམ་མེད་པའི་དོན་ཅིག་རྟོགས། །སྒྲོ་སྐུར་འདེབས་རུང་མི་འདེབས་རུང་། །བཅོས་སུ་མེད་པའི་དོན་ཅིག་རྟོགས། །མཉམ་པར་བཞག་རུང་མ་བཞག་རུང་། །རེ་དོགས་མེད་པའི་དོན་ཅིག་རྟོགས། །བླང་དོར་བྱས་རུང་མ་བྱས་རུང་། །རིག་པ་མངོན་གྱུར་དོན་ཅིག་རྟོགས། །ཚད་མས་གཞལ་རུང་མ་གཞལ་རུང་། །སྣང་བ་ཆོས་ཀྱི་སྐུ་རུ་རྟོགས། །སེམས་ཉིད་གསལ་རིག་སྟོང་གསུམ་ལ། །ཉི་མ་ཤར་དང་མ་ཤར་འདྲ། །དེ་ལྟར་རྟོགས་པའི་སྒོམ་ཆེན་མཛོད། །ཞེས་གསུངས་སོ། དེ་ནས་ཁོང་ལ་དབང་དང་གདམས་ངག་གི་སྒོ་ཕྱེ་ནས་ཆོས་དབང་མན་ངག་དང་བཅས་པ་གནང་། དེ་ནས་སྟོན་པ་དེས་བླ་མའི་ཕྱག་ཕྱིར་རྒྱུན་དུ་འབྲངས་ཤིང་། ཅི་མཛད་ལེགས་པར་མཐོང་བའི་མོས་གུས། ཅི་གསུང་ཚད་མར་བཟུང་བའི་གཅེས་སྤྲས། །སངས་རྒྱས་དངོས་སུ་མཐོང་བའི་ཡིད་ཆེས། རང་སེམས་འགྱུར་བ་མེད་པའི་དད་པ། ལུས་ངག་ཡེངས་བ་མེད་པའི་ཏིང་འཛིན། ཕྱི་ནང་སྒྲོ་འདོགས་གཅོད་པའི་ཞེ་འདོད། །གཅིག་པུར་སྡུག་སྒུར་ཚུགས་པའི་སྙིང་རུས། ལུས་ངག་རྗེ་ལ་འབུལ་བའི་ཞབས་ཏོག །ལོངས་སྤྱོད་ཆོས་

(༥༤༢)ཕྱོགས་སུ་འབུལ་བའི་གཏོང་ཕོད། །བསམ་རྒྱུ་ཆོས་ལས་མེད་པའི་ཞེ་བཞག །གང་བྱུང་ཙམ་གྱི་ཆོག་པའི་བློས་བཏང་། ཁ་ཞེ་ངོ་ལྐོག་མེད་པའི་དམ་ཚིག །འདི་རྣམས་ཁོ་བོའི་དམ་བཅའ་ཡིན་ཞུས་པས། བླ་མ་རྗེ་བཙུན་གྱི་ཞལ་ནས། ཤེས་རབ་ཆེ་གསུང་ནས་མཉེས། དེ་ནས་གདམས་ངག་རྣམས་ཞུ་ཞིང་བཞུགས་པས་བླ་མ་ཆོས་གྲགས་ཡབ་སྲས་ཀྱི་གདན་འདྲེན་བྱུང་སྟེ་རློན་བྱེས་འགོལ་དུ་ཕེབས། བདེ་མཆོག་གི་དབང་དང་ཕག་མོའི་བྱིན་རླབས་མཛད། འཁོར་མང་པོ་ལ་ཁྲིད་སྐྱངས་ནས་ལོ་འགའ་ཞིག་བཞུགས། དེ་ནས་བཅུའི་དགོན་པ་བཏབ་ཆོས་བྱེད་ཀྱང་མང་དུ་བྱུང་པས་འཕྲིན་ལས་ཀྱང་ཤིན་ཏུ་ཆེ། ཡང་བྱེས་འགོལ་དུ་ཕེབས་ཏེ་དབང་ཁྲིད་ལ་སོགས་པ་མང་དུ་གནང་། དེར་ཡང་ཤིན་ཏུ་མང་པས་ཐུགས་ཟོ་མ་བདེ་ནས་བྱེས་འགོལ་གྱི་ཤར་ལུང་པའི་ཕུ་ཞིག་ན་ཡར་གྲུབ་གནས་བརྩལ་བས་བྲག་ཕུག་ངོ་མཚར་ཅན་ཅིག་རྙེད་དེར་ཟླ་བ་ཁ་ཤས་བཞུགས། བུ་སློབ་རྣམས་ཀྱིས་བཙལ་ཀྱང་དུས་ལ་མ་རྙེད། མཐར་དེ་ན་བཞུགས་པ་ཚོར་ཞིང་རྙེད་དེ་ཀུན་དགའ་སྤྲོའི་ངང་ནས་བླ་མ་རླག་པ་ད་ཚང་བྱུང་ཞེས་བརྗོད་པས་སྒྲུབ་ཕུག་གི་མིང་ལ་རླག་ཚང་ཕུག་མོ་ཆེར་གྲགས་སོ། །དེར་ཡང་མི་མང་དུ་སླེབ་པས་ཐུགས་སོ་མ་བསོད་དེ་ལྷ་ལུང་དུ་གྲོས་ནས་བྱོན་དེར་ཟླ་བ་ཁ་ཤས་བཞུགས། དེ་ནས་བུ་སློབ་རྣམས་ཀྱི་གདན་དྲངས་ཏེ་བྱེས་འགོལ་དུ་བཞུགས། དེའི་དུས་བྱེས་འགོལ་ན་སྒོམ་ཆེན་ཕོ་མོ་དྲུག་

(༥༤༣)བཅུ་ལྷག་ཙམ་ཡོད་པ་རྣམས་ཀྱང་ལུས་མ་བཅོས་རས་གོས། སེམས་མ་བཅོས་གནས་ལུགས་རྟོགས་པ་མ་བཅོས་རང་བབས་སྐྱོང་། དེའི་དུས་ཞིག་གི་ཚེ་བླ་མ་རྗེ་བཙུན་གྱི་བྱེས་འགོལ་ན་ཐུགས་དམ་ལ་བཞུགས་དུས་ཞིག་ནུབ་ཅིག་བླ་མའི་རྣལ་ལམ་དུ་ས་སྲོག་ཆགས་མེད་པའི་དཀར་པོ་ཞིག་གི་སྟེང་དུ་མཎྜལ་གྱི་སྟེགས་བུ་མཐོ་ལ་ལེགས་པ་ཅིག་བྱས་ནས་ཆག་ཆག་གཏབ། རེ་ཁ་གཉིས་སྐོར། ཆོམ་བུ་དགུ་བཀོད་ནས་བླ་མ་ཡི་དམ་ལ་ཕུལ་གསོལ་བ་བཏབ་དཀོན་མཆོག་གསུམ་ལ་ཕུལ་ནས་རང་གཞན་གྱི་དོན་དུ་བསྔོས། མཁའ་འགྲོ་ཆོས་སྐྱོང་ལ་ཕུལ་ནས་སྟོང་གྲོགས་བཅོལ་སྨོན་ལམ་རྒྱ་ཆེན་པོ་བཏབ། བསྔོ་བ་ཡན་ཆོད་ཚང་བ་ཅིག་བྱས་པ་རྨིས། དེ་ནས་རྣལ་སད་དེ་དེ་རྣམས་མཁའ་འགྲོ་མའི་བརྡར་གོ་ནས། བརྡ་བཀྲོལ་བའི་མགུར་འདི་གསུངས་སོ།། ༈ །།མཉམ་པ་ཉིད་ཀྱི་ས་གཞི་ལ། །བྱམས་དང་སྙིང་རྗེའི་ག་གདར་བྱས། །བདེ་དྲོད་ཉམས་ཀྱི་ཆག་ཆག་གཏབ། །རྒྱུ་འབྲས་གཉིས་ཀྱི་རེ་ཁ་བྲིས། །བདག་མེད་མ་ཡི་ཚོམ་བུ་བཀོད། །སྒྱུ་མ་ལུས་ཀྱི་ཕྱག་བྱས་ནས། །ཟུང་འཇུག་པུས་བཙུགས་ཐལ་མོ་སྦྱར། །རང་རིག་ཡེ་ཤེས་བླ་མ་དང་། །ཡེ་ནས་དག་པའི་སངས་རྒྱས་གསུམ། །དབྱེར་མེད་མཁའ་འགྲོ་ཆོས་སྐྱོང་ལ། །རྣམ་པར་དག་པའི་དབྱིངས་ཉིད་དུ། །འབུལ་བ་མ་ཧཱ་མུ་ཏྲཱར་འབུལ། །སྨོན་ལམ་ཞེན་པ་མེད་པར་བཏབ། །བསྔོ་བ་བརྗོད་དུ་མེད་པར་བྱས། །ཞེས་གསུངས།

(༥༤༤)དེ་ནས་བཅུ་ལ་བྱོན་དབང་ཁྲིད་མང་དུ་གནང་དེ་ནས་སྐྱེར་དུ་བྱོན་དགོན་བ་བཏབ་ཆོས་བྱེད་པ་ཡང་མང་དུ་བྱུང་དགོན་པ་དེ་གཉིས་ཡང་དེའི་ཚེ་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་། དེ་ནས་མོག་པའི་གངས་རི་གཟིགས་པས་ཕ་གི་ཡི་འགྲམ་ཞིག་ན་ཁོ་བོའི་གནས་ཞིག་ཀྱང་ཡོད་པ་ཡིན་གསུང་དེར་བུ་སློབ་གསར་པ་རྣམས་ལ་མགུར་འདིའང་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །མཐོན་པོའི་གངས་ལ་ཕར་བལྟས་པས། །ཕ་བཀའ་བརྒྱུད་བླ་མ་གཏུར་གྱི་དྲན། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱེད་གསར་བའི་བུ་སློབ་ང་ལ་ཉོན། །ལྟ་བ་ཁ་ཚིག་དོན་མ་རྟོགས། །དགེ་སྦྱོར་ལྕོག་པའི་རྒྱུ་ཅིག་གདའ། །བློ་འདས་ལྟ་བའི་ངང་ལ་གཞོག །སྒོམ་པ་ཡིད་སྨོན་སྟེངས་པོ་འདི། །ཆོས་དྲེད་ཁྱེར་བའི་རྒྱུ་ཅིག་གདའ། །ད་དུང་སྒོམ་པའི་ཟབ་གནད་ཚོལ། །སྤྱོད་པ་སྨྱོན་སྤྱོད་ཐོ་ཅོ་འདི། །གཞན་སྡིག་བསོག་པའི་རྒྱུ་ཅིག་གདའ། །རྒྱུ་འབྲས་སྤང་བླང་ཞིབ་ཏུ་གྱིས། །འབྲས་བུ་ཉོན་མོངས་ཁམ་འབྲི། །འཁོར་བར་འཁྱམ་པའི་རྒྱུ་ཅིག་གདའ། །ཆོས་དང་ཤེས་རྒྱུད་འདྲེས་པར་བསྲེས། །ལར་གཉིས་སུ་མེད་པའི་དོན་རྟོགས་ཀྱང་། །འདུས་བྱས་ཆོས་སྤྱོད་རྒྱུན་མ་བཅད། །ཚོགས་གཉིས་འཕེལ་སྐྱེད་ཆེ་བ་ཡིན། །སྐྱེ་བ་མེད་པའི་དོན་རྟོགས་ཀྱང་། །ཐབས་ཀྱི་ཉམས་ལེན་རྒྱུན་མ་བཅད། །སྣང་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །སྤྱོད་པ་དགག་སྒྲུབ་མི་མངའ་ཡང་། །གཞན་གྱི་སྡིག་རྐྱེན་འགྲོ་བ་སྤོངས། །རང་ལ་བརྟེན་ནས་སྡིག་བསགས་

(༥༤༥)དོགས། །འབྲས་བུ་རེ་དོགས་མི་མངའ་ཡང་། །ཉོན་མོངས་ཁ་ཡན་མི་བཏང་འཚལ། །ཆོས་དང་གང་ཟག་འཛོལ་གྱི་དོགས། །དེས་ན་སྒྲུབ་ལ་ནན་ཏན་མཛོད། །ཅེས་གསུངས་ནས་གནས་འདིར་ངའི་སློབ་རྒྱུད་ཚུགས་པ་མི་འདུག་གསུངས། བླ་མ་རས་གོས་ལ་གཤོག་པ་མཛད་ནས་མོག་པའི་ཕྱོགས་སུ་འཕུར་ནས་བྱོན། བྱར་ལོ་རོ་སོགས་ཀྱི་གནས་ཐ་དད་པ་རྣམས་སུ་སྐལ་ལྡན་གྱི་བུ་སློབ་སྣ་ཚོགས་སྨིན་གྲོལ་ལ་བཀོད་ཅིང་། དཔལ་ལྡན་བཞད་པ་རྡོ་རྗེས་སྒྲུབ་ཕུག་གནས་ཆེན་ལྔ་ལུང་བསྟན་པ་ལས། ཐ་མ་མོག་པ་ཚེ་ཀོང་དུ་ཕེབས་པའི་སྐོར་ཚོ་དེ་བཅུ་གསུམ་པའོ།། ༈ །།བཅུ་བཞི་པ་ནི། དེར་སློབ་མ་རྣམས་ཀྱི་མོག་པའི་ཕྱོགས་ལ་ཕྱིན་ནས་བླ་མ་བཙལ་བས་ཡུན་རིང་དུ་མ་རྙེད། མང་པོས་བཙལ་བས་དམ་པ་སུམ་པས་ཚེ་ཀོང་གི་ཕུག་པ་ཞིག་ནས་རྙེད་དེ་ཐམས་ཅད་དགའ་ཞིང་གུས་པས་ཕྱག་དང་སྐོར་བ་མང་དུ་བྱས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་དེར་རྡོ་རྗེའི་གླུ་དང་གར་ལ་སོགས་པ་མང་དུ་བགྱིས། བླ་མས་ཀྱང་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། དད་པ་སྐྱོ་སུན་མ་མཆིས་ཤིང་། །དགེ་བ་བཅུ་ལ་ལོངས་སྤྱོད་ན། །ངན་འགྲོ་གནས་བཅུར་ཅི་ལ་སྐྱེ། །མཁས་ཀྱི་གདམས་ངག་ཉམས་བླངས་ཤིང་། །འདོད་ཡོན་ཆགས་སེམས་མ་སྐྱེས་ན། །མཐོ་རིས་གནས་བཅུར་ཅི་ལ་འགྲོ། །གཟུགས་ཀྱི་འདོད་ཆགས་བྲལ་བྱས་ནས། །གནས་དང་ཡུལ་ལ་མ་ཆགས་ན། །གཟུགས་

(༥༤༦)ཁམས་གནས་སུ་ཡོང་མི་སྐྱེ། །ཡིད་ཀྱི་རྣམ་ཤེས་རང་ངོ་ཤེས། །སེམས་དང་སེམས་བྱུང་མ་ཆགས་ན། །གཟུགས་མེད་ཁམས་སུ་ཅི་ལ་སྐྱེ། །སྣང་བ་རྟོག་སྤྱོད་མ་མཆིས་ན། །བསམ་གཏན་དང་པོར་ག་ལ་སྐྱེ། །ཏིང་འཛིན་གཡོ་འགུལ་མ་མཆིས་ན། །བསམ་གཏན་གཉིས་པར་ག་ལ་སྐྱེ། །དགའ་བདེ་འཛིན་ཆགས་མ་སྐྱེས་ན། །བསམ་གཏན་གསུམ་པར་ག་ལ་སྐྱེ། །ཞི་གནས་རོ་ལ་མ་ཆགས་ན། །བསམ་གཏན་བཞི་པར་ག་ལ་སྐྱེ། །བསམ་གཏན་རོ་ལ་མ་ཆགས་བཞིན། །ཟག་པ་མེད་པའི་ལམ་སྦྱངས་ན། །མི་ཆེའི་གནས་སུ་ག་ལ་སྐྱེ། །ཁམས་གསུམ་སྡུག་བསྔལ་གྱིས་གདུངས་པ། །ཁམས་གསུམ་སེམས་སུ་ངོ་ཤེས་ན། །མི་གདུང་གནས་སུ་ག་ལ་སྐྱེ། །ཁམས་གསུམ་ཉོན་མོངས་མ་འཁྲུགས་ཅིང་། །ཆོས་ཉིད་དོན་ལས་མི་གཡོ་ན། །གྱ་ནོམ་ནང་དུ་ཅི་ལ་སྐྱེ། །ཆོས་ཉིད་ཡེ་ཤེས་དོན་མཐོང་ལ། །མཐོང་ངོ་སྙམ་དུ་མི་སེམས་ན། །ཤིན་ཏུ་མཐོང་དུ་ག་ལ་སྐྱེ། །སྣང་བ་ཆུ་ཟླ་ལྟར་ཤེས་ནས། །ཆུ་ཟླ་ཙམ་དུ་མི་འཛིན་ན། །འོག་མིན་གནས་སུ་ཅི་ལ་སྐྱེ། །ཆོས་རྣམས་ནམ་མཁའ་ལྟ་བུ་ལ། །མཐའ་ཡས་སྙམ་དུ་མི་སེམས་ན། །ནམ་མཁའ་མཐའ་ཡས་ཅི་ལ་སྐྱེ། །ནམ་མཁའ་ཤེས་པའི་རང་བཞིན་ནོ། །སེམས་ལ་མཐའ་ཡས་མི་སེམས་ན། །རྣམ་ཤེས་མཐའ་ཡས་ཅེ་ལ་སྐྱེ། །རང་རིག་གསལ་དང་མ་བྲལ་ན། །མེད་དོ་སྙམ་དུ་མི་སེམས་ན། །ཅི་ཡང་མེད་པར་ཅི་ལ་སྐྱེ། །ཡོད་མེད་སྙམ་སེམས་མ་མཆིས་ན། །

(༥༤༧)ཡོད་མིན་མེད་མིན་ག་ལ་སྐྱེ། །རང་རིག་གསལ་དང་མ་བྲལ་ན། །མྱ་ངན་འདས་པའི་མཐར་མི་ལྷུང་། །རང་རིག་དུས་གསུམ་མཐའ་བྲལ་བས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །སྣང་སྟོང་གཉིས་ཀྱི་མཐར་མི་ལྷུང་། །གོལ་ས་བཅད་པའི་མན་ངག་འདི། །སྐལ་ལྡན་རྣམས་ཀྱི་སྙིང་ལ་གཟུང་། །ཞེས་གསུངས་པས་ཐམས་ཅད་ཡིད་ཚིམ་པར་གྱུར་ཏེ་དེ་ནས་གནས་དེར་ཐུགས་དམ་ཤིན་ཏུ་འཕེལ་བས་དགོན་པ་མཛད་ནས་བཞུགས་ཏེ་དེར་ཡང་མི་མང་དུ་ཚོགས་པས་ཐུགས་སོ་མ་སོད་དེ། རྒྱལ་བ་ལོ་ཕྱག་ཕྱིར་ཁྲིད་ནས་དགེ་བཅུའི་ཕུག་པ་ཞིག་ཏུ་བྲོས་ནས་བཞུགས་པ་ལས་རྒྱལ་བ་ལོ་ལ་སྨིན་གྲོལ་གྱི་དམར་ཁྲིད་གནང་སྟེ་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ཏེ་དོགས་སྤྱོད་ངོ་སྤྲོད་ཞུས་པ་ནི། བདག་གི་བསྒོམས་པས་རྣམ་རྟོག་ཐམས་ཅད་དང་བྲལ་བ། རང་བཞིན་གསལ་བ་ངོ་བོ་བདེ་བ་དེ་གསུམ་དབྱེར་མེད་པས་བརྗོད་དུ་མ་སྟུབ་པ་ཅིག་བྱུང་བའི་དུས་སུ། ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་མང་པོའི་གཟུགས་རོལ་མོའི་སྒྲ་སྒྲོག་ཅིང་པི་རི་རི་སྐོར་ཡིན་གདའ་ན། དེ་ཅི་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རླུང་དབུ་མར་ཚུད་པ་ཡིན་ཏེ། །ཅུང་ཟད་རང་རླུང་གཅུན་གྲགས་པས་རྩུབ་རླུང་དུ་སོང་བ་ཡིན་གསུང་། རྩུབ་རླུང་དང་འཇམ་རླུང་གི་ཁྱད་པར་ཅི་ལགས་ཞུས་པས། རྩུབ་རླུང་ནི་སྟེང་འོག་གི་རླུང་གཉིས་ཀ་ཐུང་དུ་དང་བཅས་ནས་ཐུབ་ཚད་དུ་འཛིན་པ་ཡིན་

(༥༤༨)ཏེ། དཔེ་ཡུར་བ་ཆུས་རྒྱངས་དྲགས་ན་འབོ་ཞིང་འབྲལ་བ་དང་འདྲ་བར། གེགས་མང་པོ་འོང་བས་མཛེ་ལ་སོགས་པའི་སྐྱོན་ཅན་དུ་འགྲོ་ཉེན་ཡོད། འཇམ་རླུང་ནི་སྟེང་རླུང་གསུམ་ཆའོ། རླུང་གསུམ་གཉིས་བཟུང་ནས་བདེ་བའི་བར་དུ་འཛིན་ཟུག་རྔུ་བྱུང་ཙ་ན་དལ་གྱི་གཏོང་བ་གེགས་མི་འོང་བས་དེ་ལེགས་པ་ཡིན་བཙན་ཐབས་ཀྱི་ཕོ་རླུང་རགས་པ་འདུལ། འཇམ་རླུང་གི་མོ་རླུང་ཕྲ་བ་སྦྱོང་། མ་ནིང་གི་རླུང་ཚད་ལ་བསླབ་པའོ། །དེ་གསུམ་གྱི་དམིགས་པའི་གཏད་ས་འདྲ་གསུང་། འོ་ན་རླུང་དབུ་མར་ཚུད་པ་ལ་དུས་དུ་ཡོད་ཞུས་པ་ལ། རང་བཞིན་གྱི་ཚུད་པ་ལ་དུས་བཞི་འམ་བརྒྱད་ཡོད་དེ། བཞི་ནི་དང་པོའི་སངས་རྒྱས་ལས་ཤི་བ་དང་། ཆང་གི་ར་རོ་བ་དང་། རྒྱལ་བ་དང་། ཕོ་མོ་སྙོམ་འཇུག་གི་དུས་སོ། །བཞི་ནི་རླུང་གཡས་གཡོན་འཕོ་བ་དང་། ཞེ་སྡང་དྲག་པོ་དང་། གཉིད་འཐུག་བོ་དང་། མིག་གི་གཟུགས་མཐོང་ནས་འཛིན་པ་མེད་པའི་དུས་དང་བརྒྱད་ལ་འཇུག་སྟེ། ཇི་ལྟ་བའི་དོན་མ་རྟོགས་པས་ཡེ་ཤེས་འཆལ་བོ་བྱ་བ་ཡིན། འདིར་བླ་མའི་ལྷན་ཅིག་བྱེད་པའི་གདམས་ངག་གིས་རྐྱེན་བྱས་ནས་དུས་གསུམ་དུ་འཇུག་སྟེ། གསུམ་པའི་དབང་གི་དུས་དང་། རྨི་ལམ་འོད་གསལ་ཟིན་པ་དང་རླུང་ལ་སོགས་པ་བསྒོམ་པའི་སྟོབས་ཀྱིས་ཚུད་པའི་དུས་སུ་ཇི་ལྟ་བའི་དོན་མ་བཅོས་པ་དེ་རྟོགས་པ་ཡིན་གསུང་། འོ་ན་ཙཎྜ་ལི་ལ་དམིགས་ནས་རླུང་གཅུན་པ་དང་། མི་རྟོག་པ་བསྒོམ་ནས་རླུང་གཅུན་པ་སྟོབས་

(༥༤༩)གང་ཆེ་ཞུས་པས། ཙཎྜ་ལི་ཆེ་སྟེ་ཙཎྜ་ལི་ལ་དམིགས་པ་རྣོན་པོས་མ་ཡེངས་པར་བཟུང་ན་དང་པོ་དྲོད་ཧུར་གྱི་སྐྱེ་དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་བ་ཤུགས་འབྱུང་དུ་འོང་བས་ན། ཙཎྜ་ལི་བོགས་ཆེ་བ་ཡིན་གསུང་། དྲོད་དུ་ཤེས་ན་བདེ་བ་དང་མི་རྟོག་པའི་གོ་བ་ཇི་ཙམ་ཞིག་ལགས་ཞུས་པས། ཚོད་བཟུང་དུ་མི་ཏུབ་དཔེ་དཔྱིད་ཀྱི་དུས་སུ་ས་ཆུ་དྲོས་པས་འཁྱགས་པ་ཀུན་ཞུ་ནས་མྱུ་གུ་སྐྱེས། དེ་ལས་ལོ་མ་དང་སྡོང་པོ་དང་མེ་ཏོག་དང་འབྲས་བུ་སྨིན་པ་ལྟར། རླུང་དང་ཙཎྜ་ལིས་དྲོད་སྐྱེས། དེ་ནས་བདེ་བ་ཟུག་རྔུ་དང་བཅས་པ་ལྟེ་བར་ཅག་གིས་འོང་། དེའི་དུས་སུ་བདེ་བ་དེ་འཁོར་ལོ་གཞན་དུ་སེམས་བཟུང་ནས་ལྟས་པས། བདེ་བས་ལུས་ཐམས་ཅད་ལ་ཁྱབ་ནས། རྟོག་པ་ཐམས་ཅད་ཤུགས་ཀྱི་འགགས་པས་ན། ཟག་པ་མེད་པའི་བདེ་བ་ཆེན་པོ་ཞེས་བྱ་སྟེ་འོག་མ་འོག་མའི་ཤུགས་ལས་བྱུང་པ་ལས། འདི་ལྟ་བུ་ཡིན་ཞེས་བསྟན་དུ་མི་ཐུབ། སྟན་པ་རླུང་དབུ་མར་ཚུད་པ་དེ་རང་ཡིན་གསུང་ངོ་། །འོ་ན་རླུང་གཅུན་པའི་དུས་ཀྱི་མི་རྟོག་པ་དང་། རླུང་མ་གཅུན་པའི་མི་རྟོག་པ་འདྲ་འམ་ཞུས་པས། མི་འདྲ་རླུང་མ་གཅུན་པའི་དུས་ཀྱི་མི་རྟོག་པ་དེ་ཚོར་བ་བཏང་སྙོམས་ཀྱི་མི་རྟོག་སྟེངས་པོ་བྱ་བ་ཡིན། རླུང་གི་བྱིང་རྒོད་ལ་སོགས་པའི་སྐྱོན་བསལ་ནས་མི་རྟོག་པ་རང་གི་མཚན་ཉིད་མངོན་སུམ་དུ་སྐྱེ་བ་ཡིན་གསུང་། འོ་ན་ཚོགས་དྲུག་བཀག་ནས་ནང་དུ་མི་རྟོག་པར་འཇོག་པ་དང་། ཚོགས་དྲུག་མ་བཀག་པར་འཛིན་མེད་ལྷུག་

(༥༥༠)པར་མི་རྟོག་པར་འཇོག་པ་གང་དགའ་ལགས་ཞུས་པས། ནང་དུ་འཇོག་པ་དེ་ཀུན་གཞི་དྲན་པའི་ས་བོན་ལ་བསྡུས་ནས་མི་རྟོག་པར་འཇོགས་པ་ཡིན་ཏེ། ཡང་དག་པ་མ་ཡིན། ཉན་ཐོས་དང་མུ་སྟེགས་པ་ལ་ཡང་ཡོད། །ཚོགས་དྲུག་འཛིན་མེད་ལྷུག་པར་འཇོག་པ་ཡིན་གསུང་ངོ་། །འོ་ན་ཆོས་ཐམས་ཅད་ཀྱི་འབྲས་བུ་འཆི་བའི་དུས་སུ་དགོས་པ་ལགས་པས། སྒོམ་ཆེན་པ་འཆི་བའི་ཚེ་མནར་གཅོད་ཀྱི་སྡུག་བསྔལ་ལམ། ཤེས་པ་མ་ཉོགས་པའི་གོང་དུ་འཕོ་ན་འཕོ་བ་གང་རྣོ་ཞུས་པས། ཧི་ཀ་ཀ་ཉི་ཤུ་རྩ་བརྒྱད་དང་། བསམ་དུ་མི་རུང་བའི་འཕོ་བ་བྱ་གསུང་། དེ་གཉིས་ཇི་ལྟར་བྱ་ཞུས་པས། གདན་བཞི་དང་། སམ་བྷུ་ཊི་ནས་བཤད་པ་ལྟར་སྒལ་ཚིགས་ནས་ཡར་པདྨ་དམར་པོ་འདབ་མ་བཞི་པ་ཉི་ཤུ་རྩ་གཅིག་རྩེགས་པའི་ལྟེ་བ་ན་ཡར་པད་སྐུད་ལ་རང་གི་ཤེས་པ་ཨ་འཁྲིལ་ནས་ཡོད་པར་བསམས་ལ། དཔའ་བོའི་གོ་ཆས་སྨད་ཀྱི་སྒོ་བཀག །དཔའ་མོའི་གོ་ཆས་ཁ་ལ་སོགས་པ་སྟོད་བགགས་ལ་རླུང་ཧིས་དྲག་ཏུ་དྲངས་ལ་ཀ་ཞེས་བརྗོད་པས་པདྨའི་ཨ་དེ་སྐུད་པ་ལ་འཁྲིལ་ནས་པདྨ་རེའི་སྟེང་དུ་ཐོན་པར་བསམས་ལ། འཕོ་བ་སྤྱོད་དུས་སུ་བཅུ་བདུན་བྱས་ལ། ཡང་ཀ་ཧིག་བྱས་ལ་རླུང་ཡང་ནང་དུ་དྲངས་པས་ཡང་མཐུར་ལ་དབབ་བོ། རྒས་ནས་འཕོ་བ་ནི་མ་ནུས། ཚེ་ཐུང་པ་འདོད་ན་ཉི་ཤུ་རྩ་གཅིག་གྱེན་ལ་ཀ་ཧིག་ཀས་དྲངས་ལ། ཀ་ཧིག་གིས་མར་མི་དབབ་པ་ཡང་དང་ཡང་བྱའོ། །འཕོ་བའི་ཚེ་ཉི་ཤུ་རྩ་བརྒྱད་ཀྱིས་དྲངས་ལ་ཤེས་པ་རང་འདོད་ཀྱི་གནས་

(༥༥༡)སུ་བཏང་གསུང་། དེས་ངེས་པར་འཕོ་འམ་ཞུས་པས། དེས་ཅུང་མི་འོང་། དེས་སྙིང་སྒུལ་བས་ལུས་འདར་དུ་འོང་། དེའི་རྗེས་ལ་བསམ་དུ་མི་རུང་བའི་འཕོ་བ་བྱ། དེས་ཐེ་ཚོམ་མེད་པར་འཕོ་གསུང་། འོ་ན་མི་རྟོག་པ་བསྒོམ་པའི་སྒོམ་ཆེན་ཡིན་ཡང་དེ་ལྟར་བགྱི་འམ་ཞུས་པས། ངའི་བླ་མ་ཆེན་པོའི་ཞལ་ནས་འཆི་བའི་དུས་སུ་མནར་གཅོད་ཀྱི་སྡུག་བསྔལ་ལ་འཚེར་ན་གོང་དུ་འཕོ་བ་ཡིན་ཏེ། དེ་མི་དགའ་བར་འདུག་གསུང་། འོ་ན་ཇི་ལྟར་བགྱི་ཞུས་པས་འཆི་བའི་དུས་སུ་སེང་གེའི་ཉལ་སྟབས་སུ་གཞོགས་གཡས་འོག་ཏུ་ཞུག་ལ་བློས་ཉལ་ཏེ་ལུས་དང་སེམས་ཕྲལ་ལ། སེམས་དགའ་ལྡན་ལ་སོགས་པར་རང་གང་འདོད་པའི་གནས་སུ་གཏད་དེ། དེར་མི་རྟོག་པར་བཞག་པ་རང་དགའ་བ་ཡིན་གསུང་དེས་འཕོ་འམ་ཞུས་པས། དགུན་གྱི་ལོ་ཐོག་བསྡུས་པ་བྱ་བ། སྟོན་ཀ་སྨིན་པའི་མེ་ཏོག་ལ་རེག་པས་ཕུང་གིས་འགྲོ་བ་དང་འདྲ་བར་འཆི་ཁའི་དུས་སུ་འབྱུང་པ་སྡུས་པའི་གནད་ཀས་ལུས་སེམས་འབྲལ་བ་དང་། མནར་གཅོད་ཀྱི་སྡུག་བསྔལ་ཡང་མི་ཡོང་པར་མྱུར་དུ་འཕོ་བ་ཡིན་གསུང་། འོ་ན་བཙན་ཐབས་ཀྱི་འཕོ་བ་དང་། སྦྱངས་ཏེ་འཕོ་བའི་གོ་བ་གང་ལགས་ཞུས་པས། བཙན་ཐབས་སྡིག་པོ་ཆེ་འམ་མི་ཐ་མལ་པ་ལ་བྱེད་པའི་ལུས་སེམས། དབྱུག་པ་ལ་དགེན་པ་ལ་སོགས་ཡིན། སྦྱངས་ནས་འཕོ་བ་སྒོམ་ཆེན་པ་གོང་ནས་ཧིག་ཀ་བཅུ་བདུན་ལ་སོགས་པ་འམ། འཁྲུལ་འཁོར་དྲུག་ལ་སོགས་

(༥༥༢)པ་ལ་གོང་ནས་སྦྱོང་པ་དེ་ཡིན་མོད་གསུང་། འོ་ན་འཕོས་ནས་བར་དོ་ཇི་ལྟར་འབྱུང་ཞུས་པས། བར་དོ་ལ་རྣམ་པ་གསུམ་ཡོད་དེ། ད་ལྟ་རང་ཡང་སྐྱེ་ཤི་བར་དོ་བྱ་བ་བར་དོ་འདི་རང་ཡིན། རྨི་ལམ་དང་འདྲ་མོད། རྨི་ལམ་བར་དོའི་གདམས་ངག་ད་ལྟ་བསྒོམ་པས་རྨི་ལམ་དུ་འོད་གསལ་ཟིན་པ་དེ་ལམ་ཡིན་ཏེ། སྲིད་པ་བར་དོར་འབྲས་བུའི་འོད་གསལ་དང་འདྲེ་བ་ཡིན་གསུང་། རྨི་ལམ་ཟིན་ནས་རྗེས་སད་པའི་དུས་སུ་མདང་གི་རྨི་ལམ་དང་ད་ལྟའི་སྣང་བ་འདི་ལ་ཁྱད་པར་ཅི་ཡོད་མཉམ་དུ་སྒོམ་ཏེ། ཁྱད་མེད་བ་རང་ཡིན་གསུང་། འོ་ན་རྔོག་ཇོ་སྲས་པ་གཉིད་ལ་ཆོས་སྐུ་སྒོམ། རྨི་ལམ་ལ་ལོངས་སྐུ་སྒོམ་གསུང་ན་དེ་ལགས་སམ་ཞུས་པས། གཉིད་མ་རིག་པ་ཡིན་པས་ཆོས་སྐུ་སྒོམ་དུ་ག་ལ་སྟུབ་གསུང་། སྒོམ་ཉམས་མེད་པར་བཤད་པའི་ཆོས་བྱ་བ་ཡིན། རྨི་ལམ་ཟིན་ནས་ཆོས་སྐུ་འོད་གསལ་ལ་ངོས་བཟུང་ནས་སྒོམ་པ་ཡིན་མོད། དེའི་དུས་སུ་ལམ་རྨི་ལམ་སྒྱུ་ལུས་དང་འབྲས་བུ་འོད་གསལ་བསྲེ་བས་ན་བསྲེ་བ་བྱ་བ་ཡིན་མོད་གསུང་། འོ་ན་འཆི་བའི་དུས་སུ་འབྱུང་བ་བསྡུད་ལུགས་སམ། སྣང་བ་དང་མཆེད་པ་ཐོབ་པ་དང་འོད་གསལ་གྱི་རྟགས་ཇི་ལྟར་མཆིས་ཞུས་པས། འཆི་དུས་སུ་ས་ཆུ་ལ་ཐིམ་པས་ལུས་མི་ཐེག །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམས། དེའི་དུས་སུ་སྣང་བའི་རྟགས་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་སུ་དུ་བ་ལྟ་བུ་འབྱུང་། རྣམ་རྟོག་བརྒྱད་ཅུ་ལས། ཞེ་སྡང་ལས་གྱུར་པ་སུམ་ཅུ་སོ་གསུམ་འགག །མེ་རླུང་ལ་ཐིམ་

(༥༥༣)པའི་དུས་སུ། ལུས་ཀྱི་དྲོད་བསྡུད་སྣང་བ་ལ་མཆེད་པའི་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ། འདོད་ཆགས་ལས་གྱུར་པ་བཞི་བཅུ་འགག །སྒོམ་ཆེན་བ་ལ་མཁའ་སྤྱོད་གནས་སུ་འགྲོ་བའི་བསུ་མ་འོང་། །སྡིག་ཅན་ལ་གཤིན་རྗེའི་ཕོ་ཉ་ཡོང་། །རླུང་གི་མཁར་བ་ཞིག་ཙ་ན། །ཕྱི་དབུགས་རིང་ནང་དབུགས་ཐུང་ལ་གཅོད། །སྣང་བ་ཐོབ་པའི་ཕྱི་རྟགས་མུན་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། དེར་ནང་དབུགས་ཙམ་པ་གནས་པའི་དུས་སུ། སྤྱི་བོའི་ཕ་ལས་ཐོབ་པའི་ཧཾ་རྡིབ། ལྟེ་བའི་མ་ལས་ཐོབ་པའི་མེ་གཏུམ་མོའི་རང་བཞིན་དང་། ཐབས་ཤེས་རབ་ཀྱི་ཡི་གེ་གཉིས་སྙིང་ཁར་འཕྲད་པས། རོ་ལ་མདངས་ཡལ་ལེ་ཞག་གཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔ་དྲུག་མ་ངེས་པར་འོང་དེའི་རྗེས་ལ་འབྲས་བུའི་འོད་གསལ་གྱི་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ནམ་མཁའ་སྤྲིན་དག་པ་ལྟ་བུ་འབྱུང་གསུང་། དེར་ལམ་གྱི་འོད་གསལ་དང་འབྲས་བུའི་འོད་གསལ་འདྲེས་པས། འོད་གསལ་དེ་ཡང་རང་བཞིན་གྱིས་གསལ་བ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ཟག་པ་མེད་པའི་བདེ་བས་གང་བ་སྟེ། སྣང་བ་ཡང་བདེ་བའི་རང་བཞིན་གྱིས་འཆར་བ་ཡིན། དམྱལ་བ་ལ་སྣང་བས་གནོད་མ་སྐྱལ་ཏེ། སྣང་བ་སྡུག་བསྔལ་དུ་མཐོང་པས་བཅིངས། སངས་རྒྱས་ལ་སྣང་བས་ཕན་མ་བཏགས་ཏེ། སྣང་བ་བདེ་བར་ཤར་བས་གྲོལ་གསུང་། འོ་ན་ད་ལྟའི་ལམ་གྱི་འོད་གསལ་རླུང་དབུ་མར་ཚུད་པའམ། དབང་

(༥༥༤)གསུམ་པའི་དུས་སམ་རྨི་ལམ་འོད་གསལ་ལམ་དེ་རྣམས་དང་འབྲས་བུའི་འོད་གསལ་ངོ་བོ་འདྲ་འམ། འབྲས་བུའི་འོད་གསལ་དེ་ཡུན་རིང་ཐུང་ཇི་ཙམ་མཆི་ཞུས་པས། ངོ་བོ་འདྲ་ད་ལྟ་ཡང་ལམ་དང་འབྲས་བུ་རླུང་དབུ་མར་ཚུད་དུས་སུ་འདྲེ་སྟེ། ཡུན་ཐུང་དཔེ་ཚེས་ཅིག་གི་ཟླ་བ་ལྟ་བུ། འབྲས་བུའི་འོད་གསལ་དང་འདྲེས་ཙ་ན་ཡུན་རིང་ཐ་མལ་ཡང་ཞག་ཕྱེད་དང་བཞིར་འོང་། དཔེ་ཉི་ཟླ་ལྟ་བུ་ཡིན་གསུང་དེའི་དུས་སུ་གདམས་པ་ཅན་ལ་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་བཞི་ཚང་བས་ན་ཡོན་ཡན་ཐམས་ཅད་རྫོགས་པའི་བར་དོ་བྱ་བ་ཡིན་གསུངས། འོ་ན་དེ་ལ་གཟུགས་སྐུ་གཉིས་ཀྱི་འགྲོ་དོན་ཇི་ལྟར་མཛད་ཞུས་པས། བྱ་བ་དང་བྱེད་པའི་བསམ་པ་མི་མངའ། ལས་དག་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་སྣང་མཚན་དཔེས་བརྒྱན་པར་སྣང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཐུབ་པ་དྲུག་ཏུ་སྣང་བས་དོན་བྱེད་པ་ཡིན་གསུང་། དེ་རྣམས་སློབ་དཔོན་གང་གི་བཞེད་པ་ལགས་ཞུས་པས། ནཱ་རོ་པའི་རྒྱུད་པ་བླ་མ་ཏཱི་ཕུ་པ་དང་། བླ་མ་ཨ་རྟུ་ལ་བཛྲ་དང་། བླ་མ་མི་ལ་དང་ཡོ། ད་ལྟའི་འདི་ལམ་གྱི་འོད་གསལ་ལ་བར་དོར་ལམ་དང་འབྲས་བུ་འདྲེ་བར་གཞེད་པ་ཡིན། བླ་མ་བལ་པོ་ད་ལྟ་རང་འབྲས་བུ་ཡིན་གསུང་པས་དེའི་ཕྱིར་ཉིན་གྱི་རིགས་ལ་བདག་དང་གཉིས་བརྩོད་པ་ཡང་ཡང་བྱས་གསུང་། འོ་ན་འབྲས་བུའི་འོད་གསལ་དེ་ལ་གལ་ཏེ་མ་ཟིན་ན་ཇི་ལྟར་མཆི་ཞུས་པས། བླ་

(༥༥༥)མའི་ལྷན་ཅིག་བྱེད་པའི་གདམས་ངག་ད་ལྟ་རླུང་དབུ་མར་ཚུད་པའི་དུས་སུ་ལམ་གྱི་འོད་གསལ་ངོ་ཤེས་པས། འབྲས་བུའི་འོད་གསལ་མི་ཟིན་མི་སྲིད། གདམས་ངག་མེད་པ་རྣམས་འོད་གསལ་ལ་དྲེད་ནས་ལུས་འཆོལ་བས། འཁོར་བར་འཁྱམས་པ་ཡིན། གལ་ཏེ་འོད་གསལ་མ་ཟིན་ན་འབྲས་བུའི་འོད་གསལ་ལས་དག་པའི་སྒྱུ་ལུས་བྱ་བ་ཡི་དམ་ལྷ་མཚན་དཔེས་བརྒྱན་པར་ལྡང་། ཚུར་སྟོན་དབང་དེ་ན་རེ་སྡུག་པ་སྙིང་རེ་རྗེ་གཞན་སེམས་ལ་བརྟེན་མི་འདོད། ངའི་ལྷ་རྗེ་མར་པ་སེམས་ལ་རྟེན་འདོད། བར་དོ་རུ་སེམས་ཉིད་འདི་ངོ་བོ་ལྷ། ཉམས་མྱོང་བདེ་བ། དོན་སྐྱེ་མེད་བྱ་བ་འབྲས་བུའི་མཐར་ཐུག་ཡིན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཡན་ལག་བདུན་ལྡན་གྱི་གསལ་ཟེར་ལ་མཐར་ཐུག་གི་འབྲས་བུ་སངས་རྒྱས་གཟུགས་སུ་འདོད། དེ་ལ་བདག་དང་ཡང་བརྩོད་པ་བྱས་ཏེ། དེ་མིན་དེ་དག་པའི་སྒྱུ་ལུས་བྱ་བ་ཡིན་ཏེ། དེས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ལ་དབང་སྐུར་བ་དང་། ཆོས་ཞུས་ནས་མཐར་ཐུག་གི་འབྲས་བུ་ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་པ་ཡིན་གསུང་། འོ་ན་འཕོ་བ་ལ་འབྲས་བུ་དུ་རྡོག་ཞུས་པ་ལས། སྡིག་པོ་ཆེ་མཚམས་མེད་ལྔ་བྱེད་པ་བཙན་ཐབས་ཀྱི་འཕོས་ནས་གཟུགས་མེད་དུ་སྐྱེ་བ་དང་གཅིག །ལྷ་དང་མིའི་འཁོར་ལོས་སྒྱུར་བའི་ཕ་མའི་མངལ་ལ་འདམས་ནས་འཕོ་བ་དང་གཉིས། སྦྱངས་ཏེ་འཕོ་བས་འབྲས་བུའི་འོད་གསལ་ངོས་གཟུང་ནས་

(༥༥༦)སངས་རྒྱ་བ་དང་གསུམ། འོད་གསལ་མ་ཟིན་ན་དག་པའི་སྒྱུ་ལུས་སུ་ལངས་ནས་འབྲས་བུ་ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་པ་དང་བཞི་ཡིན་གསུང་། འོ་ན་འོད་གསལ་ལས་རིགས་དྲུག་ཏུ་ཇི་ལྟར་འཁྱམས་པ་ལགས་ཞུས་པས། གདམས་ངག་མེད་པ་རྣམས་འབྲས་བུའི་འོད་གསལ་ལ་དྲེད་ནས་ལུས་འཚོལ་ཏེ། སྲིད་པ་བར་དོར་ཡིད་ཀྱི་ལུས་ལེན། དེ་ལ་མ་དག་པའི་སྒྱུ་ལུས་ཞེས་བྱ་སྟེ། དེའི་མཚན་ཉིད་ནི་སྔོན་བྱུང་སྲིད་ལུས་ཤ་གཟུགས་ཅན། །བྱ་བ་འབྲས་བུའི་འོད་གསལ་ལས་སྔར་གྱི་ཡིད་ཀྱི་ལུས་སུ་ལྡང་། གཞན་ཕྱིས་གང་ལེན་གྱི་ལུས་སུ་ལྡང་བར་འདོད་པ་ཡང་ཡོད། དབང་པོ་ཀུན་ཚང་ཐོགས་མེད་ལྡན་ཏེ། སྔར་པས་ཚོར་བ་རགས། ཐོགས་པ་མེད་པ་ནི་ཆོས་ཀྱི་དབྱིངས་དང་། མའི་མངལ་མིན་པ་གཞན་ལ་མི་ཐོག །གཞན་རྡོ་རྗེ་གདན་ལ་རྡུགས་ཟེར་དེ་མི་གདུགས། རིགས་མཐུན་ལྷ་མིག་དག་པས་མཐོང་སྟེ། །བར་དོ་ནང་ནང་བལྟས་པས་མཐོང་། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་ཏེ། ཡེ་ཤེས་ཀྱི་རྫུ་འཕྲུལ་མིན། སྲིད་པ་བར་དོར་ཚེ་ཇི་ཙམ་ཐུབ་ན། ཞག་བདུན་ནམ་བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། རྩ་བརྒྱད་སོ་ལྔ་འམ། ཉེར་གཉིས་སམ། ཞེ་དགུ་མཐར་ཐུག་ན་ཐུབ་བོ། དེ་ནས་ཚེ་འཕོ་བའི་རྐྱེན་ཕ་དང་མ་ལ་འདོད་ཆགས་ཞིང་ཞེ་སྡང་བས་མངལ་དུ་འཇུག་པའོ། འོ་ན་བར་དོར་གསང་སྔགས་གསེབ་ལམ་གྱི་གདམས་ངག་ཟེར་བ་བདོག་

(༥༥༧)སྐད་པ་དེ་གང་ལགས་ཞུས་པས། སྲིད་པ་བར་དོ་ལ་གཏུར་རེ་མ་ཡེངས་པར་བྱ་བ་དང་གཅིག་ཕ་མའི་མངལ་དུ་མི་འགྲོ་བར་བྱའོ་སྙམ་པས་མངལ་དུ་མི་འགྲོ་བ་དང་གཉིས། འབྲས་བུའི་འོད་གསལ་ངོ་ཤེས་པས་བྱས་ལ་དེ་ལ་གནས་པ་དང་གསུམ་ཡིན་གསུང་དམར་ཁྲིད་ཡི་གེར་བྲིས་པ་ཞུས་ལན་སྐྱེས་སུ་བཀོད་པའོ། །དེ་ནས་སོ་སོར་ཐུགས་དམ་ལ་བྱོན་ནས་འགའ་ཤས་སོང་ཞིང་ཡང་རྒྱལ་བ་ལོས་མཇལ་དུ་བྱོན་པས་བླ་མའི་དབུ་སྔས་མགོན་དཔེ་ཞིག་འདུག་པ་ཀློག་པས། འདི་སྐད་བྱ་བ་འདུག་སྟེ།། ༈ །།ན་མོ་ཧཱུྃ། དཔེ་མེད་ཕྱོགས་བྲལ་བརྡ་ཙམ་སྣང་བ་ཡི། །སྣང་བ་ཡུལ་བྲལ་དངོས་པོའི་འཁྲི་བ་ཆོད། །ཐ་ཚིག་ཟུར་ཙམ་སྣང་དུ་མེད་པའི་བཀའ། །ཟག་མེད་བློ་འདས་བདེ་ཆེན་ལྷུན་གྲུབ་པ། །རྒྱུད་པའི་བླ་མ་ཡི་དམ་ཆོས་སྐྱོང་ལ། །སྤང་བླང་མེད་པའི་དངོས་པོས་ཕྱག་འཚལ་བསྟོད། །བདག་འདྲ་གུང་ཐང་རྡོ་རྗེ་གྲགས་པ་འདི། །ལོ་ལྔ་ལོན་ནས་ཉི་ཤུ་རྩ་གཅིག་པར། །ཕ་མའི་ལས་ཀྱི་སྡུག་བསྔལ་དུ་མ་མྱོང་། །ཕ་ཞང་དྲིན་གྱི་འཕགས་པའི་གསུང་ངོ་ཤེས། །ལས་ཀྱི་དབང་གི་ལུས་ལ་མཛེ་ཡིས་གཏབ། །བླ་མའི་ཐུགས་རྗེས་སྔོན་གྱི་རྣམ་སྨིན་བྱང་། །སྙིང་རུས་འབད་པས་གྲུབ་རྟགས་ཕྲ་མོ་ཐོན། །འགྲོ་བའི་དོན་དུ་རྒྱ་གར་ལན་གསུམ་སྐོར། །གྲུབ་པ་ཐོབ་པའི་བླ་མ་བཅུ་དང་མཇལ། །རེ་རེ་ལའང་ཆོས་སྐོར་མང་དུ་ཞུས། །རེ་རེའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཀྱང་། །རིན་ཆེན་ནང་

(༥༥༨)ནས་ཡིད་བཞིན་ནོར་བུ་བཞིན། །ཐུན་མོང་མ་ཡིན་ཆོས་སྐོར་འདི་ལྟ་བུ། །སྤེལ་དུ་འཕངས་ཕྱིར་སའི་གཏེར་དུ་སྦེད། །ལན་ཅིག་དུས་ཀྱི་ཐ་མ་བྱུང་པའི་ཚེ། །ཆོས་ལ་དད་ཅིང་དབང་དང་དམ་ཚིག་ལྡན། །གཟུགས་བོ་རིང་ཞིང་བཞིན་འཛུམ་ལེགས་པ་ཡི། །སྡུག་པའི་ལོ་འཛིན་ཁོང་རྒྱུད་དྲང་པོ་ཡི། །སྙིང་རྗེ་ཤེས་རབ་ལྡན་པའི་སྐྱེས་བུ་ལ། །ནམ་མཁའ་དག་ནས་ལུང་གི་སྒྲ་བྱུང་སྟེ། །འགྲོ་བའི་དོན་དུ་ཆོས་འདི་སྤྱན་དྲངས་ནས། །འཁོར་འདས་མ་ལུས་བདེ་ལ་འགོད་པར་ཤོག །ཆོས་སྐོར་འདི་ལ་མ་བུ་ཉི་ཤུ་རྩ་གཅིག་རྡོག །རྒྱུད་འབྱུང་པོ་འདུལ་བྱེད་རྩ་བའི་ཡང་འགྲེལ་ཆེ་ཆུང་གཉིས། །ཕྱི་སྐོར་ཁྱུང་གི་ཤམྦུ་ནང་སྐོར་ཡུམ་གྱི་ཕྱག་ལེན་གསང་བ་ཕུར་པ་ཆེ་ཆུང་། གཅེས་པའི་ཞལ་གདམས་བཅོ་ལྔ་དོན་འགྲེལ་ལམ་གྱི་ཆོས་ལྔ། ལག་ལེན་བཀའི་བདུད་རྩི་དཀར་དམར། འགྲོ་དོན་ནད་པའི་བཀྲ་མོ། གསང་ལས་འཕུང་བྱེད་བརྒྱད་པ། སེར་བ་དྲན་ཆོག་ལག་ལེན། སྒྲིབས་ཤིང་ལྕགས་མཁར་གྲུ་བཞི། བཀོད་ཆུང་སྒང་པའི་དཔེ་ཆུང་དང་བཅས་པ་ཡོད་པའོ། །དེ་རྣམས་ཐམས་ཅད་མགོན་པོ་བྱ་རོག་མཚན་ཅན་ལ་གཏད་དོ། རྒྱལ་པོ་རྣམ་ཐོས་སྲས་ལ་གཏད་དོ། མགོན་པོ་གྲི་ཁུག་མ་ལ་གཏད་དོ། བདུད་ཏིང་ཏིང་ལ་སོགས་པ་བདུན་ལ་གཏད་དོ། ལས་མཁན་དྲུག་ཅུ་རྩ་བཞི་ལ་གཏད་དོ། ཡན་པར་མ་གཏོང་ཅིག །གཏད་དོ་ཤོར་རེ་ཨོཾ་མ་ཧཱ་ཀ་ལ་ཙི་ཏ་དུན་ཛ་ས་མ་ཡ་ཏིཥྛ་ལྷན་ཧཱུྃ་ཛ་ཛ་ཛ་

(༥༥༩)བཾ་ཧོ། བྱ་བ་འདི་ཡི་དཔེ་ཆུང་མཐོང་ནས་བསམས་པས་ཆོས་ཟབ་མོ་ཅིག་ས་ལ་བྱིང་ནས་འགྲོ་དོན་མི་མཛད་པར་འདུག་པས་ཐབས་ཅི་དྲག་བསམས་པས། བརྩལ་དུ་ཞུ་བསམ་ནས་དེ་ནས་གོང་གི་དེ་རྣམས་ཞུས་པས་ཁྱོད་ལ་རྒྱུས་ཡོད་པ་ཅི་ཡིན་སུས་བཤད་གསུང་། དེར་བདག་གི་དཔེ་མཐོང་ཞུས་པས་བླ་མའི་ཞལ་ནས་ཁྱོད་བརྩོལ་མགོ་བ་ཅིག་འདུག་གསུང་བཤད་ཀྱིན་གདའ། དེ་ནས་བླ་མའི་ཞལ་ནས་ངའི་ཆོས་འདི་གཏེར་དུ་སྦ་བསམ་པ་ཡིན་ཏེ། ཁྱོད་ཀྱི་མཐོང་བས་མ་སྦྱིན་ན་མི་ཡོང་སྟེ་ལོའི་བན་དྷེ་ཁྱོད་སྐལ་བ་དང་ལྡན་པ་ཡིན་ཡོད་པས་ཚོགས་འཁོར་མང་དུ་བཤོམས་ཤིག །གལ་ཏེ་ན་བར་གཅོད་འབྱུང་བ་སྲིད་དོ་གསུང་ནས། གཏུམ་པོ་ལ་ལྔ་བརྒྱ་བཤམས། བཅུ་གསུམ་མ་ཡབ་ཡུམ་གཉིས་ལ་ཉིས་བརྒྱ། དྲུག་ཅུ་རྩ་གཉིས་ཡབ་ཡུམ་གཉིས་ལ་ཉིས་བརྒྱ། བླ་མ་དང་ཆོས་སྐྱོང་གཉིས་ལ་ཉིས་བརྒྱ། ཁ་ཡར་བརྒྱ་མཛད་ནས་སྟོང་ཉིས་བརྒྱ་བཤམས་སོ། །བླ་མའི་ཞལ་ནས་གདམས་པ་རྫོགས་པར་ཞུ་བ་ལ་མུ་དྲཱ་མ་གཉིས་དགོས། ཡང་ན་དྷས་ཏ་དགོས། རབ་ན་པཉྩ་དགོས་གསུང་། རྒྱལ་བ་ལོས་མ་རྙེད་པར་ཡུན་རིང་དུ་འགོར་དེ་ནས་ཁྱུང་གི་ཤམྦུ་གནང་དྲག་པོ་སྒྲོལ་བཀའ་གནང་སྐད། རྟིང་ནས་ཕྱག་རྒྱ་མ་གཉིས་རྙེད་ནས་དབང་སྣ་ལྔ་སྐུར་ཏེ་རྫོགས་པར་བྱས་ཏེ་གཉིས་སྦྱོར་དང་རང་ལུས་མ་གཉིས་ཁ་གནང་ངོ། །དེ་ནས་འབུལ་བ་ལ་ཁྱུང་སྤྲུག་བར་སྣང་བྱ་བའི་རྟ་གཅིག་

(༥༦༠)ཡེང་མ་དར་ཕོད་བྱ་བའི་བེར་ཅིག །ཀ་རུ་ངེ་ང་བྱ་བའི་གཡུ་བཟང་པོ་ཅིག་གི་ཐོག་དྲངས་སྟོང་དུ་ཚང་པའི་ནོར་སྣ་ཚོགས་ཕུལ་ལོ། །དེ་ནས་བླ་མའི་ཞལ་ནས། ང་རང་སེམས་ནོར་བུར་སོང་བ་ཡིན། ཁྱོད་ཀྱི་ནོར་མི་འདོད་གསུང་། ངའི་ཆོས་ཟབ་མོ་འདི་སྐལ་མེད་ལ་བཀའ་སྡོམས་ལ་ཐུབ་པར་གྱིས་ཤིག་གསུང་ཞིང་རྒྱལ་བ་ལོ་ལ་གདམས་པ་མ་ལུས་པ་གནང་སྟེ་བཀའ་རྒྱ་བཅུ་གསུམ་གདམས་པས། རྒྱལ་བ་ལོས་བཀའ་དམས་ནས་གྲོ་དོན་མི་འབྱུང་པས་བའི་གནས་ཤིག་ཞུ་ཞུས་པས་བླ་མའི་ཞལ་ནས་ཁྱོད་ལ་རྣལ་འབྱོར་པ་རུས་པ་སྨོས་པ་མི་སྲིན་པོ་འདྲ་བ་ཅིག་ཡོད་པས་དེ་ལ་མ་ལུས་པར་སྦྱིན་ལ། དེ་ལ་ཡང་བཀའ་དམ་པར་སྡོམས་གསུང་། ལར་ངའི་ཆོས་འདི་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མང་དུ་འབྱུང་། གཏུམ་པོ་ཕྱི་སྐོར་ལོ་མ་ལྟ་བུ་འདི་ཡོངས་གྲགས་སུ་མང་དུ་ཁྱབ་ནས་ལུགས་ཀྱང་དཔག་མེད་འབྱུང་ངོ་། །ནང་སྐོར་འདི་ཡི་སྣ་བཟུང་པ་མང་ཡང་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་འདི་རྣམས་འབྱུང་ངོ་།། ༈ །།ངའི་ཆོས་འདི་མ་ནུབ་པར། །རྟགས་ཐོན་རྣལ་འབྱོར་འདི་ལྟ་སྟེ། །ཡུལ་ལ་མིང་གྲས་རྣལ་འབྱོར་བཅུ། །རས་པའི་གཟུགས་ཅན་བརྒྱད་དང་ནི། །དགེ་སློང་རྡོ་རྗེ་འཛིན་པ་གཉིས། །རྩ་བའི་བླ་མ་ཕྱེད་ཕྱིར་བཅུ། །ཆོས་ཀྱི་བདག་པོ་བྱེད་པར་འགྱུར། །ཕྱི་ཆོས་རྩ་བའི་གདམས་པ་འདི། །འཛིན་པའི་རྣལ་འབྱོར་བཞི་འབྱུང་སྟེ། །ཅིག་རྒྱུད་བྱེད་པ་འདི་ཡི་བསྐོར། །དེ་ནས་མང་དུ་འགྲོ་བར་འགྱུར། །སེང་གེ་ཅེས་པ་འོད་ཟེར་དང་། །ཆོས་ཀྱི་སེང་

(༥༦༡)གེ་ཅེས་པ་དང་། །རྡོ་རྗེའི་མིང་ཅན་དྲུག་དང་ནི། །ཚུལ་ཁྲིམས་དང་ནི་བཟང་པོ་གསུམ། །ཤེས་རབ་མིང་ཅན་བཅུ་གཅིག་དང་། །བཟོད་པའི་མིང་དང་བསམ་གཏན་མིང་། །རྣལ་འབྱོར་ཞེས་པ་སོ་བདུན་འབྱུང་། །འབུམ་ཞེས་བརྗོད་པ་བསྡུས་པའི་མིང་། །ལྔ་ལྔ་འབྱུང་བར་ངས་བསྟན་ནོ། །སངས་རྒྱས་ཞེས་དང་དཀོན་མཆོག་བརྒྱད། །ཡོན་ཏན་ཅེས་དང་བཀྲ་ཤིས་དང་། །དཔལ་ཞེས་བྱ་བ་བཅུ་དྲུག་དང་། །སྨོན་ལམ་འབྱུང་དང་ཡེ་ཤེས་དང་། །མདོའི་མིང་དང་བདུད་རྩི་དང་། །གཞོན་ནུའི་མཚན་ཅན་བཙན་པས་ཏེ། །ཕྱག་ན་རྡོ་རྗེ་དར་བོ་དགའ། །འཕགས་པ་དང་ནི་ཀུན་ཞེས་བཞི། །གྲུབ་པ་རིན་ཆེན་སོ་གཉིས་པོ། །རྒྱལ་མཚན་བྱང་ཆུབ་འབྲས་བུ་དང་། །བློ་དང་རྟོགས་པ་དྲུག་དང་ནི། །རྒྱལ་པོ་དང་ནི་གླིང་དང་སྦྱོར། །རྟགས་དང་ནམ་མཁའ་བསོད་ནམས་དང་། །ལྷ་དང་ཀླུའི་མིང་ཅན་བཅུ། །ཤཱཀྱ་བློ་གྲོས་བུམ་པ་དྲིལ། །གླང་པོ་སེང་གེ་ལ་སོགས་པ། །ཕ་རོལ་སྟོབས་དང་སྨོན་ལམ་དང་། །ཐ་མའི་མིང་ཅན་བཅོ་ལྔ་དང་། །མ་མོ་ནམ་མཁའི་མིང་ཅན་དྲུག་ཉིད་འབྱུང་། །དཀའ་ཐུབ་དང་ནི་ཅོད་པཎ་རིག །འབྱུང་བའི་མིང་ཅན་རྣལ་འབྱོར་བརྒྱད། །གཏེར་སྟོན་མཁར་ས་ལ་སོགས་དྲུག །སྡུག་པ་སུམ་བཅུ་སོ་དྲུག་འབྱུང་། །བྱོལ་སོང་མིང་ཅན་བཅུ་དགུ་འབྱུང་། །དེ་རྣམས་གདམས་པ་རྫོགས་པའི་མིང་། །ཡིན་ཕྱིར་སྐྱེས་བུ་རྣལ་འབྱོར་པ། །ངའི་ལུང་བསྟན་སྐྱེས་བུ་དེ། །

(༥༦༢)ཕྱིར་མི་ལྡོག་པར་ངས་བཤད་དོ། །གདམས་པ་མ་ལུས་རྫོགས་པའོ། །སྣ་རེ་བཟུང་བའི་རྣལ་འབྱོར་ལ། །གྲངས་ལ་ངེས་པ་ཡོད་རེ་ཤི། །ལར་ཡང་ཚེ་ལོ་བཅུ་བའི་བར། །ངའི་བསྟན་པ་དར་བར་འགྱུར། །ངའི་གཏུམ་པོ་ནང་སྐོར་འདི། །བླ་མས་གནང་ཞིང་ཆོས་བསྟན་ཏེ། །ཆོས་སྐྱོང་གི་ཡང་གནང་གྱུར་ཡང་། །སྐལ་བ་མེད་ན་ཁལ་མི་འགྱུར། །སློབ་མ་སྐལ་བར་ལྡན་པ་ལ། །བླ་མས་ཐུགས་རྗེས་བཟུང་གྱུར་ཡང་། །ཆོས་སྐྱོང་ཚོགས་ཀྱི་མ་གནང་ན། །བར་ཆོད་འབྱུང་བར་ཤེས་པར་བྱ། །ཚོགས་འཁོར་གཏང་ཞིང་གསོལ་བ་བཏབ། །སློབ་མ་སྐལ་བར་ལྡན་པ་ལ། །ཆོས་སྐྱོང་ཚོགས་ཀྱི་གནང་གྱུར་ཡང་། །བླ་མ་མཉེས་པར་མ་བྱས་ན། །གདམས་པ་མ་ལུས་རྫོགས་མི་འགྱུར། །ཡུན་དུ་སྲིད་པར་མ་བྱས་ན། །བླ་མས་གནང་ཡང་རྫོགས་མི་འགྱུར། །ཆོས་ལ་འགྲེལ་བ་བརྩོམ་པ་དང་། །དཔེ་ཆ་མང་ཉུང་བྱས་རུང་ཡང་། །འདི་ལ་བཀའ་སྟོང་ཨེ་མི་ཡོད། །བླ་མས་གདམས་དང་སྦས་བཅས་ཏེ། །སློབ་མས་ཆེད་དུ་མ་གཉེར་ཡང་། །ཆོས་ཀྱི་བསྲུངས་མས་གནང་གྱུར་ན། །གདམས་པ་མ་ལུས་ལག་ཏུ་འབྱོན། །དེ་བས་སྔོན་གྱི་སྨོན་ལམ་གཅེས། །བླ་མ་མཉེས་པར་མ་བྱས་ཤིང་། །དབང་བསྐུར་ཐམས་ཅད་མ་རྫོགས་ན། །ཉན་པ་ལ་སོགས་ཐམས་ཅད་ཀུན། རླག་པར་འགྱུར་བར་ཐེ་ཚོམ་མེད། །རྡོ་རྗེ་གདན་ནས་བྱང་ཤར་དུ། །རས་པའི་གཟུགས་འཛིན་རྣལ་འབྱོར་པ། །ཚོགས་པ་ཁྲི་ཚོ་སུམ་ཅུ་དང་། །དེ་ལྟར་མ་ཡིན་

(༥༦༣)སྟོང་ཚོ་ནི། །སོ་གཉིས་འབྱུང་བར་ཨེ་མ་ཧོ། །དེ་ལ་སོགས་པའི་རྣལ་འབྱོར་རྣམས། །མང་དུ་འབྱུང་བར་ངས་བཤད་དོ། །ཆོས་འདི་མ་ལུས་ཐོབ་པ་ལ། །སྐལ་བ་ལྡན་པ་མ་གཏོགས་པ། །སུས་ཀྱང་མཐོང་བར་ངས་མ་མཐོང་། །ཆོས་སྐོར་འདི་ཡི་དམ་ཚིག་ལ། །རྡོ་རྗེ་བླ་མ་གསང་བ་ན། །དེའི་རྩ་བའི་དམ་ཚིག་ཉམས། །མཁན་བུ་གཞན་ལ་ཡིན་བྱས་ན། །མནར་མེད་དམྱལ་བར་བསྐལ་བར་འཁྱམ། །བླ་མའི་སྐྱོན་ལ་བལྟས་ནས་ནི། །གཞན་ལ་སྨྲས་ན་གཉིས་པ་ཉམས། །ལྕེ་ལ་མཚོན་ཆ་འཛུགས་པར་འགྱུར། །གདོལ་པའི་བུ་ལ་ཆོས་འདུག་ཀྱང་། །རྒྱལ་པོས་ཞུས་ཀྱང་གསང་མི་བྱ། །སྔོན་གྱི་སྨོན་ལམ་ཡོད་པས་ན། །གཤན་པར་སྣང་ཡང་སྤྱི་བོར་ཁུར། །བླ་མའི་ལོངས་སྤྱོད་དུ་མ་ལ། །སྤྱོད་པ་དེ་ནི་གསུམ་པ་ཉམས། །དེ་ནི་ཚ་དྲང་གཉིས་ཁ་རུ། །སྐལ་པ་གསུམ་དུ་སྡོད་པར་འགྱུར། །སྐལ་ལྡན་སློབ་མའི་དམ་ཚིག་ཏུ། །ཡང་ན་མཆོག་དེ་ཁྱད་པར་དུ། །གདམས་པ་རྫོགས་པར་མ་སྦྱིན་ན། །དེ་ནི་ངན་སོང་གསུམ་དུ་སྐྱེ། །དབང་ལྔ་རྫོགས་པའི་སྐྱེས་བུ་ལ། །བླ་མ་ཡིན་ཞེས་ངས་བཤད་དོ། །སློབ་མས་བླ་མའི་ཞབས་ཏོག་ཏུ། །ཆོས་ལ་སྒྲུབ་པའི་གྲུབ་རྟགས་དང་། །ལོངས་སྤྱོད་འཁོར་དང་བཅས་པ་དང་། །རང་གི་ལུས་ངག་བྲན་དུ་དབུལ། །ང་ཡི་གཏུམ་པོ་ཕྱིས་འགྱུར་འདི། །རྐྱེན་གྱིས་ཐོབ་བ་མང་དུ་འབྱུང་། །དང་པོ་ལས་འཕྲོའི་རྐྱེན། འབྲིང་བསོད་ནམས་ཀྱི་རྐྱེན། ཐ་མ་

(༥༦༤)ནད་གདོན་གྱི་རྐྱེན་གྱིས་འགྱུར་རོ། །གདམས་པ་འདི་ཡོད་པའི་མི་དེ་རང་གི་གསངས་ནས་སྤྱད་ན་དངོས་གྲུབ་དང་བྱིན་རླབས་འབྱུང་བར་ཤེས་པར་བྱ་ཡོངས་སུ་སྤེལ་བར་མི་བྱའོ། །ཆོས་ཚར་བའི་མི་དེ་ཀུ་རེ་དང་ཅ་ཅོ་དང་ནམ་མཁའ་དཀར་བར་འབྱུང་ངོ་། །འཁོར་དང་ནོར་ལ་བསམས་ཚད་འབྱུང་ས་གདོན་དང་གནམ་གདོན་ནད་སོགས་ལ་བརྗོད་མི་དགོས། །ལྔ་བརྒྱ་ཐ་མ་སྔགས་ཐམས་ཅད་ཀྱི་ནུས་པ་ཤོར་ཙ་ན་འདི་ལ་བྱིན་རླབས་ཆེར་འབྱུང་དེ་ཅིའི་ཕྱིར་ན་ཡི་དམ་གྱི་ཁྱད་པར་དེ་འདི་ཡི་དབང་ལྔ་ཐོབ་ན་མནར་གཅོད་ཀྱི་སྡུག་བསྔལ་མི་འབྱུང་འདིའི་བཀའ་རྒྱུད་ཀྱི་བླ་མའི་མཚན་རྣ་བར་ལན་ཅིག་ཐོས་ན་ངན་སོང་གསུམ་དུ་མི་སྐྱེའོ། །ཅེས་གསུངས་པས། ཡང་རྒྱལ་བ་ལོས་ཞུས་པ། རྗེ་བཙུན་ལགས་ལྔ་བརྒྱ་ཐ་མ་ལ་ཉེ་བ་ན་ཇི་ལྟ་བུ་འབྱུང་ཞུས་པས། ལྔ་བརྒྱ་ལ་ཉེ་དུས་སུ་དབང་བསྐུར་རེ་རེ་ཐོབ་པ་དང་བརྒྱུད་རེ་རེའི་འགྲེལ་པ་ཐོབ་པ་ལ་གཏུམ་པོ་ཤེས་སོ་ཟེར་བ་འབྱུང་གདམས་པ་སྣ་རེ་ཡོད་པ་ལ་ང་ལ་ཚང་བར་ཡོད་དོ་ཟེར་བུ་དང་ཚའོ་ཉེ་འཁོར་ལ་གདམས་པ་ཟབ་ཟབ་གཏེར་བ་འབྱུང་།། ༈ །།དེས་ན་ངའི་གདམས་པ་འདི། །རིགས་ལྡན་དགྲ་དང་སྤྲང་པོ་རུང་། །མི་ལྡན་བུ་དང་རྒྱལ་པོ་རུང་། །ངོ་དང་རིས་ལ་དང་པོ་གདམས། །སློབ་དཔོན་ཁྱི་ལྟར་འཁྱམ་པ་དང་། །ཉ་མ་ཕྱག་ལ་འགྱིང་པ་འབྱུང་། །གདམས་པ་ཟོང་དུ་འཁྱེར་བ་དང་། །མི་ལོམ་པའི་དུས་ཀྱང་འབྱུང་། །དེ་ཕྱིར་

(༥༦༥)ཆོས་བཀའ་གཉིས་པ་གདམས། །བསྙེན་པའི་དྲངས་པས་དབང་བསྐུར་མང་། །དེ་ཕྱིར་དམ་ཚིག་མི་ཐུབ་པས། །དེས་ན་ངའི་དབང་ལྔ་པོ། །ངའི་གདམས་པ་གསུམ་པ་གདམས། །དུས་ངན་ལྔ་བརྒྱ་ཐ་མ་ལ། །ཆོས་ཀྱི་བརྩོད་པ་བྱེད་པ་ན། །སྟོན་པ་བས་ཀྱང་ཆང་མཐུང་མཁས། །དེ་ཕྱིར་རྫོགས་པའི་རིམ་པ་ལ། །དཔེ་ཆ་མེད་པ་བཞི་པ་གདམས། །དེ་དུས་བླ་མ་སློབ་དཔོན་ལ། །ནང་ནས་བྱིན་རླབས་མ་ཐོན་བར། །ཚིག་གི་འདྲེ་འདུལ་བྱེད་པ་འབྱུང་། །དེས་ན་ཕུར་པའི་བཀའ་འདི་སྦས། །དེ་དུས་ཆོས་པ་ཟོག་པོ་ཡི། །སྡིག་ལ་སྤྱོད་པའི་སྔ་ལྟས་སུ། །སྒྲོལ་བཀའ་ཡོད་པའི་ངན་ཤགས་འདེབས། །དེ་ཕྱིར་དྲུག་པའི་སྒྲོལ་བཀའ་སྦས། །དུས་ངན་འདོད་པ་སྐྱེས་པ་ན། །བུད་མེད་མང་པོ་བརྟེན་བྱས་ནས། །སྦྱོར་བཀའ་ཡོད་ཅེས་ཆགས་པ་སྤྱོད། །བུ་ཚ་ཕག་ཏུ་གསོད་པ་འབྱུང་། །དེས་ན་བདུན་པ་སྦྱོར་བཀའ་གདམས། །དུས་ངན་མིའི་ལྟེམས་པ་ལ། །དྲོས་ནས་སྒོམ་དུ་འགྲོ་ཟེར་བས། །རང་རེ་སྣང་བ་བདེ་བ་ལ། །རྟོགས་པ་བཟང་ངན་ལས་པ་འབྱུང་། །དེ་ཕྱིར་བརྒྱད་པའི་ཁྲིད་སྐོར་གདམས། །ཐ་མལ་པ་ཡི་འཚོག་འདུ་ལ། །སྔགས་དང་ལག་ལེན་སྟོན་པ་དང་། །དབྱངས་དང་ཚིག་དུ་བརྗོད་པ་འབྱུང་། །དེ་ཕྱིར་སྨན་གྱི་བསྒྲུབ་པ་སྦས། །མཚན་དང་ལྡན་པ་མ་རྙེད་པར། །སྤྱོད་པ་ཐོ་ཆོ་བྱེད་པ་ལ། །ཆོས་ཀྱི་བསྟན་པ་སྣུབ་ལ་འབྱུང་། །དེ་ཕྱིར་བཅུ་པའི་རཀྟ་སྦས། །དུས་ངན་ས་གདོན་ལངས་

(༥༦༦)པ་ལ། །སྣ་རེ་མེད་པ་མེད་པ་ལ། །ཐོ་ཆོ་བཀྲ་བལྟས་བཟླས་པ་བྱེད། །དེ་ཕྱིར་བཅུ་གཅིག་བཀྲ་ཡང་སྦས། །བླ་མ་དམ་པའི་རྟོགས་པ་ལ། །ཐ་མལ་ལོང་གཏམ་གླེང་བ་དང་། །དཀའ་བཅད་བསྲུང་དུ་སྟོང་པ་འབྱུང་། །དེ་ཕྱིར་དཀའ་བཅད་ལོ་རྒྱུས་སྦས། །རང་བས་དམའ་བའི་བླ་མ་ལ། །གདམས་པ་ཟབ་མོ་ཞུས་བྱས་ནས། །འཐོན་པོ་ཅིག་ལ་ཞུས་ཟེར་བ། །རྩ་བའི་དམ་ཚིག་མི་ལྟ་བ། །དི་ཕྱིར་སློབ་མ་སྐལ་མེད་གདམས། །དེ་ཕྱིར་བཀའ་རྒྱ་བཅུ་གསུམ་གདམས། །གཅིག་དང་ཅིག་ལ་མ་ཡིན་ཀུན་ལ་ཁྱབ་པར་གདམས། །ཡང་རྒྱལ་བ་ལོས་གསོལ་བ། །ད་ལྟ་བདག་ལ་བླ་མའི་དྲུང་དུ་མཉམ་པོར་སྡད་དུ་ཡོད་པ་འདི་དགའ་སྟེ། ཚེ་ཕྱི་མ་ལ་བླ་མའི་དྲུང་དུ་ཡོང་ངམ་ཞུས་པས་ཁྱོད་འོན་ཚེ་ཕྱི་མ་ཀ་བླ་མའི་དྲུང་དུ་ཡོང་དུ་རེ་བ་མིན་ནམ་གསུང་པས། རྒྱལ་བ་ལོས་བླ་མ་གང་དུ་སྐྱེ་བ་བཞེས་མཚན་ཇི་ལྟ་བུ་འབྱུང་རིགས་ཅིའི་རིགས་སུ་འཁྲུངས་ཞུས་པས། ང་འདི་ནས་བྱང་ཕྱོགས་ལྕང་ལོ་ཅན་དུ་སྐྱེ་མོད་མིང་ཡང་མ་ཆགས་རྡོ་རྗེ་བྱ་བར་ཡོང་དེ་མིན་ཕ་དང་མའི་མངལ་སྒོ་ལས་དབང་གི་རང་རྒྱུད་པ་ལྟ་བ་མི་ཡོང་པས་རིགས་ལ་སོགས་པ་ཐོད་པ་མགོ་ལ་མི་འགེལ་བར་ཡོང་གསུང་། འོ་ན་བདག་ཐོད་པ་འགེལ་བ་ཇི་ལྟ་བུ་ཡོང་ཞུས་པས་བུ་ཁྱོད་ཀྱང་དྲེད་མི་དགོས་ལྕང་ལོ་ཅན་དུ་ཁོ་བོའི་རྩར་ཐོད་པ་བོར་ཆོག་ཏུ་སྐྱེ་ཏེ། མིང་རྡོ་རྗེ་སྨྲ་བའི་སེང་གེ་བྱ་བར་འབྱུང་ངོ་གསུང་། འོ་ན་

(༥༦༧)ད་སངས་རྒྱས་ཐོབ་པར་འདུག་བྱས་པས་བུ་སངས་རྒྱས་བྱ་བ་རང་ལ་ཡོད་པ་ལ་ཐོབ་མ་ཐོབ་བྱ་བ་རང་མེད་ཐོབ་ཟིན་པ་ཡིན་གསུང་ངོ་། །འོ་ན་དེ་ནས་འོ་སྐོལ་གྱི་རྒྱུད་པ་ཀུན་ཇི་ལྟར་ཡོང་ཞུས་པས། རྣལ་འབྱོར་པ་གླིང་བྱ་བ་ཅིག་ཡོང་སྟེ་དེ་ཁོ་ཞིང་ཁམས་འདིར་འགྲོ་དོན་མང་པོ་བྱེད་པ་འདུག །དེ་མིན་ཐམས་ཅད་ངས་གར་ཤེས་གསུང་། ཡང་ཞུས་བ་འོ་སྐོལ་གྱི་ཆོས་ལ་ཞལ་བཀོད་འདྲ་མེད་དམ་ཞུས་པས། ངས་ཁྱོད་ལ་ད་ཕྱི་ནས་དེ་ཙམ་བཤད་ཀྱང་ཡི་དམ་ཚིམ་པར་ད་རུང་དགོས་ན། རང་རེས་རྟགས་ཐོན་པར་བགྱིས་མ་ཐོན་ན་ནུས་པ་མི་ཡོང་བར་འདུག །རྩ་བའི་དམ་ཚིག་ལ་མ་བཟབས་ན་དམྱལ་བར་འགྲོ་བ་མ་ཟད། ཚེ་འདི་ལ་དངོས་གྲུབ་དང་གྲགས་པ་མི་ཡོང་བ་འདུག །ཡན་ལག་གི་དམ་ཚིག་ལ་མ་བཟབས་ན་ཕྱི་མའི་ལས་འཕྲོ་བཟང་པོ་འབྱུང་ངེས་པ་དང་བྲལ། ཚེ་འདི་ལ་ནད་དང་གནོད་པ་མང་བར་གདའ། བླ་མ་ལ་ནོར་གྱི་མཉེས་པར་མ་བྱས་ན་ཕྱི་མ་ཡི་དྭགས་སུ་སྐྱེ་བ་མ་གཏོགས་པ་ཚེ་འདིར་ཡང་བཀྲེན་པར་གདའ། དབང་དང་གདམས་པ་མ་རྫོགས་ན་གེགས་སུ་སོང་ནས་སངས་རྒྱས་མི་ཐོབ་པར་འདུག །ཚོགས་མ་བསགས་ཤིང་བཤགས་པ་མ་བྱས་ན་ངོ་མི་འཕྲོད། དབང་ཐོབ་ནས་དམ་ཚིག་མ་བསྲུངས་ན་འབྲས་བུ་མི་ཡོང་། གདམས་པ་མེད་ན་རྟགས་མི་ཐོན། ཚོགས་ལ་བརྩེགས་ན་གདམས་པ་མི་རྫོགས། །ཐབས་

(༥༦༨)ལ་མ་མཁས་ན་འཕེལ་ཁ་མི་འབྱུང་། ལག་ལེན་ལ་མ་ཐེབས་ན་སྐལ་བ་ཆད། གོ་ཆ་མེད་ན་རབས་ཆད། རང་གི་རང་མཐོང་ན་འཕུང་བ་ཡིན། འདོད་པས་གདུངས་ན་ཆོས་རུལ་བ་ཡིན། ཟས་ལ་རྔམ་ན་མི་ཁ་འདུ་ནོར་ལ་རྔམ་གྲགས་ན་དགའ་བ་དང་བྲལ། ཆགས་པ་ཆེན་བོང་བུ་ཟང་མ་ཡིན། ནོར་ལ་བདག་འཛིན་མེད་ན་བཟང་ངན་དང་བྲལ་བློ་ཆོས་སུ་སོང་ན་ཇོ་བཟངས་འབྱུང་པ་ཡིན། ནོར་དུ་དཔེ་ཆ་བསགས་ན་མཁས་པ་འབྱུང་། ཟས་དང་བུད་མེད་ལ་མ་ཆགས་ན་སྲེད་པ་སྤོངས་པ་ཡིན། ཕ་ཡུལ་རྒྱབ་ཏུ་བོར་ན་འཁོར་བ་ལས་ཤུགས་ཀྱི་ཐར་བ་ཡིན། བཤད་ནུས་ན་གྲགས་པ་ཐོབ། སྒོམ་ནུས་ན་གྲུབ་ཐོབ་ཡོད། སྡོད་ས་དབེན་པར་སྡོད་ནུས་ན་ཆོས་ཕྱེད་ཟིན་པ་ཡིན། མི་མང་པོའི་གསེབ་དུ་ཕྱིན་ན་དུག་ལྔ་ལ་ངོ་སྤྲོད་བྱས་པ་ཡིན། བརྩིགས་པ་དང་བསགས་པ་འཇིག་པ་དང་འཛད་པའི་ཆོས་ཅན་ཡིན། རང་ལ་སྟོད་ན་མགོ་ནས་རྩོང་གིས་རྩོགས་པ་ཡིན། གཞན་ལ་སྟོད་ན་རང་གི་ཞབས་ནས་སྟེག་པ་ཡིན། ཕྲ་མོ་ལ་མ་བཟབས་ན་སྡོམ་བོར་འཆོར་བ་ཡིན། དཔེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཆོས་ལྟར་རོ། །ང་སྐུངས་བདག་སོད་དང་མདུན་ན་མདུན་མ་ཅིག་ཡོང་བར་གདའ་ཡི་གསུང་། ལར་ཆོས་བྱེད་པ་ལ་ཡུལ་མེད་པ་ཅིག་དགོས། རྒྱུས་མེད་པ་ཅིག་དགོས། མིང་མེད་པ་ཅིག་དགོས། ཕྱོགས་མེད་པ་ཅིག་དགོས། ནོར་མེད་པ་ཅིག་དགོས་ཁ་ཉུང་དགོས། བློ་ཕུགས་སྤྲང་པོ་ལ་གཏད་

(༥༦༩)དགོས། འདུན་མ་ཐམས་ཅད་ཞིབ་ཏུ་དཔྱད། །ཅི་བྱེད་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྡིག་དང་མ་འདྲེས་པར་བསོད་ནམས་སྤེལ། རྗེས་བསྡོ་བ་བྱིད་པ་དེ་ག་ཅི་བྱས་སངས་རྒྱས་ཀྱི་ལམ་དུ་གཏོང་ལུགས་ལགས་གསུང་། ལར་ཚེ་ལ་སྡད་ལོང་མེད་པས་ཅི་མྱུར་མྱུར་བྱ། དུས་ལ་ངེས་པ་མེད་པས་ནམ་གྲུབ་གྲུབ། སྐལ་ལྡན་གང་ཡིན་མི་ཤེས་པས་ཆོས་ཀྱི་ལོ་རྒྱུས་བགྱིས། མི་ལ་བལྟས་པ་མེད་པས་གང་གཅུན་གཅུན། རང་གྲོས་རང་ལ་ཡོད་པས་གཞན་ལ་མི་ཉན། ཁང་པ་དངས་ཆ་ལ་ཆགས་ན་འཕུང་པས་གང་སྐྱིད་སྐྱིད། སེམས་ཅན་གྱི་སྣང་བ་ལྟ་ཕྱིར་རྒྱལ་ཁམས་བསྐོར་ཞིང་ལས་འབྲེལ་བཞག་སྨོན་ལམ་བསྟབ། གོལ་སའི་མཐའ་བཅད་ཕྱིར་ཆོས་ཐོས་ཚད། རང་ཉམས་གཏན་ལ་འབེབས་ཕྱིར་གོང་མའི་རྣམ་ཐར་དང་ལོ་རྒྱུས་བཤད་དོ། ལར་མདུན་མ་ཅིག་བྱེད་ན་ཡང་ད་རུང་སེམས་ལ་ཏིལ་གསུང་། དེ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལགས་སོ། །དེ་ན་ཐུགས་དམ་ཤིན་ཏུ་འཕེལ་ནའང་ཨ་མ་གཡང་འགོས་མ་ལ་སོགས་ཀྱི་འཁོར་མང་པོས་ཚེ་ཀོང་དུ་སྤྱན་དྲངས། དབང་དང་ཁྲིད་མཛད་པས་རྩ་རླུང་གི་བདེ་དྲོད་འབར་བ་དང་། སྒྱུ་ལུས་འོད་གསལ་འབྱོངས་པ་མང་དུ་བྱུང་། དེར་རྗེ་བཙུན་གྱི་ཞལ་ནས་རྒྱལ་བ་ལོ་ཁྱོད་ཀྱིས་གདམས་ངག་ཐོབ་ནས་ལོ་མང་པོ་སོང་བསྒོམས་པའི་རྟགས་ཅི་ཡོད་སྟོན་དང་གསུངས། རྒྱལ་བ་ལོས་རླུང་དལ་བུས་བཟུང་བས་རླུང་ཨ་

(༥༧༠)ཝ་དྷུ་ཏིར་ཚུད་དེ་ཞག་གསུམ་འོད་གསལ་ངང་ལ་གཡོ་བ་མེད་པར་བཞུགས། འཁོར་ཐམས་ཅད་ངོ་མཚར་སྐྱེས་ཏེ་རྗེ་བཙུན་གྱི་ཞལ་ནས་ད་ནི་རང་རྐྱ་ཐུབ་པ་འདུག་གི་ངའི་རོགས་བགྱི་གསུང་ཁྲིད་གཉེར་བསྐོས་པས་ཀུན་གྱི་མཐུན་སྣང་དུ་གྲུབ་པར་བྱུང་། རླུང་ཨ་ཝ་དྷུ་ཏིར་ཚུད་པའི་དུས་སུ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས་དུས་གཞན་དུའང་བདེ་མཆོག་དཔའ་བོ་གཅིག་པའི་ཞལ་ཡང་ཡང་གཟིགས། མ་ཅིག་གཡང་འགོས་ཀྱི་སྲས་མོ་ཞིག་གི་ཞབས་ཏོག་མཛད་ནས་རྗེ་རས་ཆུང་པ་བཞུགས་མ་བཞུགས་ཀྱི་དུས་ཐམས་ཅད་དུ་གྲལ་དཔོན་མཛད་ཅིང་འཁོར་ཐམས་ཅད་སྐྱོང་བཞིན་བཞུགས། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞེས་གྲགས་པ་ཡིན་ནོ། །རྗེ་བཙུན་ཉིད་དུས་གསུམ་སྒྲིབ་པ་མེད་པར་མཁྱེན་པའི་ཡོན་ཏན་གྱིས་རྒྱལ་བ་ལོའི་ཐེ་ཚོམ་དོགས་པ་གསལ་བའི་ཞུས་ལན་དང་། གཏུམ་པོ་ཕྱིས་འགྱུར་ཆིག་རྒྱུད་ཀྱི་བཀའ་གཏེར་དུ་སྦས་ཁར་རྒྱལ་བ་ལོ་ལ་ལྷུན་གྲུབ་ཀྱི་རྟེན་འབྲེལ་དུ་བཀའ་བབས་ཤིང་མ་འོངས་ལུང་བསྟན་གཏད་རྒྱ་ཞལ་གདམས་གསུངས་ཏེ་ཐུགས་སྲས་སྐལ་ལྡན་རྩ་ཡི་རྒྱལ་བ་ལོ་སྨིན་གྲོལ་རྒྱལ་ཚབ་ཏུ་བསྐོས་པའི་སྐོར་ཚོ་དེ་བཅུ་བཞི་པའོ།། ༈ །།བཅོ་ལྔ་པ་ནི། དེ་ནས་དེ་ལྟར་རྒྱལ་བ་ལོ་དེ་ཉིད་ཉམས་རྟོགས་མཐར་ཕྱིན་ཏེ་ཕྱིས་སུ་རྗེ་བཙུན་རས་ཆུང་པའི་ཐུགས་སྲས་རྣམས་ཀྱི་ནང་ནས་འཕྲིན་ལས་ཆེ་བ། འཁོར་རས་པ་སྟོང་ཕྲག་བཅུ་གཉིས་ཙམ་

(༥༧༡)དང་དགེ་བའི་བཤེས་གཉེན་རྣམ་སྦྱར་ལྷུང་བཟེད་འཁར་གསེལ་གཏོར་བུ་ཁྲག་ལ་བཀལ་བའི་དགེ་སློང་ལྔ་བརྒྱ་ཙམ་དང་། སྐྱེ་བོ་མཐའ་ཡས་པ་འདུས་ཤིང་བྱ་བ་ལས་ཀྱི་འཁོར་ལོ་གཙུག་ལག་ཁང་ཆེན་པོ་གསུམ་དང་། བཀའ་འགྱུར་བསྟན་འགྱུར་སོགས་སྐུ་གསུངས་ཐུགས་ཀྱི་རྟེན་དང་། བཤད་སྒྲུབ་ཀྱི་སྡེ་མང་དུ་བཙུགས་ཤིང་འཕྲིན་ལས་ཀྱི་རྒྱུན་ཡང་དབོན་རྒྱུད་ལ། དགེ་བཤེས་རྒྱུད། ལྷ་རྗེ་རྒྱུད་ཡོན་བདག་རྒྱུད་དམ་གཙོ་བོ་རྒྱུད་ཅེས་པ་གསུམ་དུ་དར་ཞིང་གཞན་སློབ་རྒྱུད་དང་གཉིས་ཁ་དར་རྒྱས་སུ་སྐྱོང་པ་ཞིག་བྱུང་བ་ཡིན་ནོ། །རྗེ་བཙུན་གཙང་པ་ནི་འཁྲུངས་པའི་ཡུལ་ལ་སྟོད་བྱང་པ་ཅུང་པའི་སྨད་ཀྱི་གྲོང་ཁྱེར་ཆེན་པོ་སུམ་པ་ཉ་རུ་མཁར་ཞེས་བྱ་བ་ན། །ཡབ་སུམ་པ་དབང་ཕྱུག་ཅེས་བྱ་བ་དང་། ཡུམ་སྨ་མོ་ཁེ་མཁར་ཞེས་བྱ་བ་གཉིས་ལ་སྲས་ལྔ་ཡོད་པའི་ཆེ་ཤོས་མཚན་དོན་གྲུབ་ཞེས་བྱ་བ་ཡིན། འཁྲུངས་མ་ཐག་ནས་ནོར་ཐམས་ཅད་རབ་ཏུ་འཕེལ་ཞིང་བཀྲ་ཤིས་ཤིང་ཅི་བསམས་འགྲུབ་པ་ཞིག་བྱུང་། །མཚན་དང་དཔེ་བྱད་དུ་ལྡན་པས་མཐོང་བ་ཙམ་གྱི་ཀུན་གྱི་ཡིད་འཕྲོག་པ་སྐུ་སྐྱེད་ཡང་གཞན་ལས་ཆེ་བ་ཞིག་ཡོད། ལོ་བརྒྱད་དགུའི་དུས་ནས་དགེ་སྡིག་གི་སྤང་བླང་ལེགས་པར་ཕྱེས་པས། བྲི་ཀློག་ལ་སོགས་པ་བརྡ་བསྟན་པ་ཙམ་གྱི་མཁས་པར་མཁྱེན། །ལོ་བཅུ་དྲུག་ལོན་པའི་དུས་སུ་སྐུ་ལུས་ཚར་བས་བཙུན་མོ་འགུགས་པའི་གྲབས་བྱས་དུས།

(༥༧༢)གཡུ་ཆེན་པོ་ཞིག་ཡོད་པ་དང་གསེར་དང་ཀ་ཆ་གཞན་ཡང་མང་དུ་ཁྱེར་ནས་མྱང་སྟོད་རག་འཚལ་སྟོད་ལུངས་བྱ་བར་བླ་མ་རྒྱ་དམར་བ་དང་སོགས་མངོན་གཉིས་ཀྱི་སར་རབ་ཏུ་བྱུང་མཚན་སེང་གེ་དཔལ་ཞེས་བྱ་བར་བཏགས། །ལོ་གསུམ་གྱི་བར་དུ་སྡེ་སྣོད་གསུམ་གྱི་སླབ་སྦྱང་མཛད་པས་མཁས་པར་མཁྱེན། དེ་ནས་གཞུང་དུ་རྡོག་གི་དབོན་པོ་ཇོ་བསོད་བྱ་བའི་སྔགས་ཀྱི་གྲལ་སར་བྱོན། བདེ་མཆོག་དང་དགྱེས་རྡོར་ལ་སོགས་གསང་སྔགས་གསར་མའི་སྐྱེད་རྫོགས་མཐའ་དག་ལ་སྦྱངས་པས་མཁས་པར་མཁྱེན། དེ་ནས་རྗེ་རས་ཆུང་པའི་སྙན་པ་གསན་པས་ཡུལ་དུ་ལོག་ནས་ཆོས་རྒྱགས་རྣམས་གསེར་དུ་སྒྲིལ། མར་ལམ་དབུས་ཀྱི་མདོ་སྔགས་ཀྱི་གྲ་ས་རྣམས་སུ་གྲ་སྐོར་མཛད་པས་སྟོན་པ་བཟང་པའི་གྲགས་པ་ཐོབ། ལྷ་ས་ལ་སོགས་རྟེན་གསུམ་བཞུགས་པ་རྣམས་སུ་དོན་གཉིས་འགྲུབ་པའི་སྨོན་ལམ་བཏབ། དེ་ནས་བྱེས་འགོལ་དུ་བྱོན་ནས་བླ་མ་དང་མཇལ་བར་ཞུས་པས་བླ་མ་སྐུ་མཚམས་མཛད་པ་དང་ཐུག་པས་ཞག་འགའ་མཇལ་ས་མ་བྱུང་ཞིང་། དེར་རང་གི་ཕྱག་གཡས་པའི་སྲིན་ལག་མར་མེར་ཕུལ་ནས་བླ་མ་ཁྱེད་དང་མྱུར་དུ་མཇལ་བར་ཤོག །མཇལ་ནས་ཀྱང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་འདུ་འབྲལ་མེད་པར་ཤོག །ཅེས་སྨོན་ལམ་བཏབ། དེར་དགུང་ལོ་ཉི་ཤུ་རྩ་གཉིས་སོང་པའི་རྩ་གསུམ་གྱི་ཁ་ལ་བླ་མ་དང་མཇལ་བླ་མ་ལ་གསེར་གྱི་མཎྜལ་དང་སློབ་མ་

(༥༧༣)བྱིན་ལ་ཚོགས་ཀྱི་འཁོར་ལོ་ཞུས། །བླ་མ་རས་ཆུང་པ་ལ་སངས་རྒྱས་དངོས་སུ་མཐོང་པས་ཞག་རེ་ལ་ཕྱག་བརྒྱ་བརྒྱ་དང་མཐོང་ཕྱག་ལན་གསུམ་གསུམ་འབུལ་བའི་དམ་བཅའ་མཛད། དང་པོ་ནས་ཡབ་ཡུམ་གཉིས་རྗེ་བཙུན་གྱི་ཡོན་བདག་ཡིན་པ་དང་། ས་ཐག་རིངས་ནས་ཆོས་ལ་བྱོན་པས་ཐུགས་རྗེས་ཀྱང་ཤིན་ཏུ་འཛིན་ཏེ་ཉེ་གནས་དང་གཟིམས་གཡོག་མཛད། ཆོས་དང་གདམས་ངག་ནི་ཤིན་ཏུ་མང་བར་གནང་ཞིང་བླ་མ་ཉིད་ཀྱང་སུམ་པ་མེད་པའི་ཤུལ་དུ་ཆོས་དང་གདམས་པ་མི་གནང་ཞིང་ཉེ་གནས་མཛད་ནས་ཆོས་གསུང་ཚད་ཀྱི་ཁྲོད་དུ་ཚུད་པས་གདམས་ངག་ནི་རྒྱ་བོད་གཉིས་ཁ་ན་ཆེ་བར་གྲགས། བླ་མ་ལ་ཤིན་ཏུ་དད་པ་ཆེ་བས་ལོག་ལྟ་དང་ཐེ་ཚོམས་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང་ཕུག་མོ་ཆེར་ཉེ་གནས་མཛད་ནས་བཞུགས་དུས་བླ་མའི་ཞལ་ནས་གནས་འདིར་ངའི་ཆོས་རྒྱུད་ཤིན་ཏུ་དར་བར་འོང་། ངའི་སྤྲུལ་པ་ཡང་སྐལ་བ་མ་སྟོངས་ཀྱི་བར་དུ་འབྱོན་གོ་འམ་གསུང་། དེར་གདམས་པ་ཞིག་ཞུས་པའི་དུས་ཤིག་བླ་མས་མགུར་འདི་གསུངས་སོ།། ༈ །།ན་མོ་གུ་རུ། །བླ་མ་མཁས་དང་མ་བྲལ་ཅིག །བླ་མ་མཁས་དང་བྲལ་བ་ན། །མིག་ལོང་མིག་བུས་བོར་བ་འདྲ། །ཕྱིས་ལམ་རྙེད་ཀྱི་དུས་མ་མཆིས། །དད་པ་ཆེ་དང་མ་བྲལ་ཅིག །དད་པ་ཆེ་དང་བྲལ་བ་ན། །ཐག་རིང་འགྲོན་པོའི་རྟ་ཤི་འདྲ། །གྲོགས་རྗེས་སླེབ་ཀྱི་དུས་མ་མཆིས།

(༥༧༤)གདམས་ངག་ཟབ་དང་མ་བྲལ་ཅིག །གདམས་ངག་ཟབ་དང་བྲལ་བ་ན། །ས་བོན་མེ་ཡིས་ཚིག་པ་འདྲ། །མྱུ་གུ་ཐོན་གྱི་དུས་མ་མཆིས། །དགོན་པ་དབེན་དང་མ་བྲལ་ཅིག །དགོན་པ་དབེན་དང་བྲལ་བ་ན། །རྒྱལ་པོས་རྒྱལ་ས་ཤོར་བ་འདྲ། །འབངས་རྣམས་ཐུལ་བའི་དུས་མ་མཆིས། །ཐོས་པ་ཆེ་དང་མ་བྲལ་ཅིག །ཐོས་པ་ཆེ་དང་བྲལ་བ་ན། །བོང་རྒན་སྟོད་ལ་མནན་པ་འདྲ། །རྩི་ཐོག་ཆོད་པའི་དུས་མ་མཆིས། །ལྟ་བ་བཟང་དང་མ་བྲལ་ཅིག །ལྟ་བ་བཟང་དང་བྲལ་བ་ན། །རྒོད་པོ་གཤོག་པ་ཆག་པ་འདྲ། །བར་སྣང་ཆོད་པའི་དུས་མ་མཆིས། །སྙིང་རུས་ཆེ་དང་མ་བྲལ་ཅིག །སྙིང་རུས་ཆེ་དང་བྲལ་བ་ན། །ར་རྩིད་རྐང་པ་ཆག་པ་བཞིན། །ཁྱུ་སྣ་ཆོད་པའི་དུས་མ་མཆིས། །ཉམས་མྱོང་བཟང་དང་མ་བྲལ་ཅིག །ཉམས་མྱོང་བཟང་དང་བྲལ་བ་ན། །རྟག་ཤར་གཡུལ་ངོར་གོ་མེད་འདྲ། །མཚོན་རྩེ་ཐུབ་པའི་དོན་མ་མཆིས། །སྤྱོད་པ་ཞིབ་དང་མ་བྲལ་ཅིག །སྤྱོད་པ་ཞིབ་དང་བྲལ་བ་ན། །གྲུ་མཁན་སྐྱ་བ་ཤོར་དང་འདྲ། །ཕ་གར་ཐོན་གྱི་དུས་མ་མཆིས། །བསམ་གཏན་རྒྱུན་དང་མ་བྲལ་ཅིག །བསམ་གཏན་རྒྱུན་དང་བྲལ་བ་ན། །ལག་རྡུམ་བྲག་ལ་འཛེག་པ་འདྲ། །བྲག་ཁར་ཐོན་གྱི་དུས་མ་མཆིས། །དམ་ཚིག་གཉན་དང་མ་བྲལ་ཅིག །དམ་ཚིག་གཉན་དང་བྲལ་བ་ན། །དམ་ཉམས་ལུང་པ་འགེང་མཁན་འདྲ། །བྱིན་རླབས་འབྱུང་གི་དུས་མ་མཆིས། །རྟོགས་

(༥༧༥)པའི་དོན་དང་མ་བྲལ་ཅིག །རྟོགས་པའི་དོན་དང་བྲལ་བ་ན། །རི་དྭགས་རྒྱ་ལ་ཟིན་པ་འདྲ། །སྤང་ལ་སླེབ་ཀྱི་དུས་མ་མཆིས། །མི་འབྲལ་བཅུ་གཉིས་བྱ་བ་འདི། །སུམ་པའི་སྟོན་པ་ཁྱོད་ལ་སྦྱིན། །ཡང་ཡང་བསོམས་ལ་ཉམས་ལེན་མཛོད། །ཅེས་གསུངས་སོ། །ཡང་ཕུག་མོ་ཆེར་སྐུ་མཚམས་དམ་པར་ཡོད་དུས་སློབ་མ་རྣམས་ལ་ཞལ་ཏ་འདི་ཡང་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། གཉེན་དང་ཡོན་བདག་འདུ་འཛི་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཕྱག་དང་ཞེ་ས་ཆེ་འགྱིངས་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །སྲས་དང་ལོངས་སྤྱོད་གཡེང་བ་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཁྲུས་དང་གཙང་སྦྲ་འཛིན་ཚུགས་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །སྐལ་ལྡན་རི་ཁྲོད་འཛིན་འདོད་ན། །རྣལ་འབྱོར་བདག་གི་སླབ་བྱ་འདི། །མ་རྗེད་སྙིང་གི་དཀྱིལ་དུ་གཟུང་། །འདུ་འཛིའི་སྐྱོ་ན་དབེན་པ་བརྟེན། །སྙིང་རུས་ཡོད་ན་གཅིག་པུར་སྡོད། །བྱང་ཆུབ་འདོད་ན་སྒོམ་བསྒྲུབ་གྱིས། །བྱིན་རླབས་འདོད་ན་གསོལ་བ་ཐོབ། །བདུད་བཞིའི་དགྲ་ལས་རྒྱལ་བར་འགྱུར། །ཞེས་གསུངས་ནས་མཁའ་འགྲོ་མ་ཞིག་གི་བུ་མོ་གཞོན་ནུ་མའི་ཆས་སུ་བྱས་ནས་བླ་མ་ཉིད་ཡར་ཕེབས་བ་ཞུ་ཟེར་གདན་འདྲེན་དུ་བྱུང་དེར་བླ་མས་གཟིགས་པས་ཕག་མོ་དབུ་བཅད་མ་སྐུ་ལུས་ནམ་མཁའ་གང་པའི་

(༥༧༦)འཁོར་དུ་མཁའ་འགྲོ་རྒྱ་མཚོས་བསྐོར་བ་ཞལ་གཟིགས། །དེ་ནས་མཁའ་འགྲོའི་གདན་འདྲེན་བཞིན་བདེ་ཆེན་སྨྲ་སྟེངས་ཁར་ཕེབས། གནས་དེ་ནི་བདེ་བ་ཅན་དང་ཁྱད་པར་མེད་པ་ལ་ཤེལ་མཁར་ནི་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གཟིགས། བྱེས་འགོལ་དང་བྱེས་འགོལ་ངལ་རྒྱབ་དང་ཕུག་མོ་ཆེ་དང་མེ་མདོ་ལུང་ལ་སོགས་པའི་ནམ་མཁའ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གཟིགས་དེ་རྣམས་ཀྱི་དབུས་ནས་གུ་རུ་པདྨ་འབྱུང་གནས་མཁའ་འགྲོ་སྡེ་ལྔའི་ཚོགས་ཀྱི་སྐོར་ཞིང་སེང་གེ་དཀར་མོ་ལ་ཆིབས་བ་ཞིག་ཤིན་ཏུ་ཉེ་བར་ཕེབས་ནས་བུ་ཁྱོད་ཤར་གྱི་ཕྱོགས་ལ་ལྟོས་ཤིག་གསུངས། །ཤར་གྱི་ཕྱོགས་ལ་བལྟས་པས་མངོན་པར་དགའ་བའི་ཞིང་ཁམས་ལག་མཐིལ་ལྟར་དུ་གཟིགས། །གུ་རུའི་ཞལ་ནས་བུ་ཁྱོད་ཀྱི་ཞི་བའི་ལས་ཀྱི་སེམས་ཅན་གྱི་དོན་འགྲུབ་བོ་གསུངས། ཡང་ལྷོའི་ནམ་མཁའ་ལ་ལྟོས་ཤིག་གསུང་། ལྷོའི་ཕྱོགས་ལ་བལྟས་པས་དཔལ་དང་ལྡན་པའི་ཞིང་ཁམས་གསལ་བར་མཐོང་། ཁྱད་པར་ཚེ་སྐོང་གི་ནམ་མཁའ་ལ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གཟིགས། གུ་རུའི་ཞལ་ནས་རྒྱས་པའི་ལས་འགྲུབ་པོ་གསུངས། ཡང་ནུབ་ཀྱི་ཕྱོགས་ལ་ལྟོས་ཤིག་གསུང་གཟིགས་པས་བདེ་ལྡན་དབང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གཟིགས། ཁྱད་པར་དུ་རྟ་མགྲིན་དབང་གི་

(༥༧༧)རྒྱལ་པོའི་ལྷ་ཚོགས་ཤིན་ཏུ་གསལ་བ་གཟིགས། བུ་ཁྱོད་ཀྱི་ཁམས་གསུམ་དབང་དུ་བསྡུད་པའི་དངོས་གྲུབ་མཉེས་སོ་གསུངས། ཡང་བྱང་གི་ནམ་མཁའ་ལ་ལྟོས་ཤིག་གསུང་དེར་གཟིགས་པས་མེ་ཏོག་ཆེར་རྒྱས་ཞིང་ཁམས་ལག་མཐིལ་ལྟར་དུ་གཟིགས་ནས། ཁྱད་པར་དུ་ལྕང་ལོ་ཅན་དང་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གཟིགས། བུ་བྱ་བ་མཐའ་རུ་ཕྱིན་བདག་གཞན་དོན་གཉིས་འགྲུབ་པ་ཡིན་ནོ་གསུངས། ཡང་ནམ་མཁའི་མཐོངས་ལ་བལྟོས་ཤིག་གསུང་བལྟས་པས་ཀུན་ཏུ་བཟང་པོ་རང་དང་གཉིས་སུ་མེད་པར་འདྲེས་ཆོས་སྐུ་སྐྱེ་བ་མེད་པའི་དོན་མངོན་དུ་གྱུར། ལོངས་སྐུ་འགག་མེད་ཀྱི་རྩལ་རྫོགས་པས་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ན། བླ་མ་མི་ལ་བྱེ་བ་ཕྲག་བརྒྱ། རས་ཆུང་པ་བྱེ་བ་ཕྲག་བརྒྱ་སྤྲུལ་པ་རེ་རེས་སེམས་ཅན་གྱི་དོན་བྱེད་པ་ཞིག་སྣང་བའི་ངང་ལ་ཕྱོགས་ཀུན་ཏུ་གཟིགས་པས། ཡང་སྨུ་སྟེང་ཁ་དེ་ཉིད་ས་པདྨ་འདབ་བརྒྱད་གནམ་འཁོར་ལོ་རྩིབས་བརྒྱད་ལོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་སྐོར་བའི་དབུས་པདྨ་ཉི་ཟླའི་སྟེང་ན་རང་ཉིད་རྡོ་རྗེ་འཆང་ལ་ཡུམ་དང་བཅས་པ་གཉིས་སུ་མེད་པར་བཞུགས་པ་དེའི་ཕྱོགས་བཞིར་རྒྱལ་བ་རིགས་བཞི་རང་རང་གི་གདན་ཕྱག་མཚན་དང་བཅས་པ་བཞུགས་པ་སྟེ་དེ་དག་གི་ཕྱིན་མཆོད་པའི་

(༥༧༨)ལྷ་མོ་བཅུ་དྲུག་རང་རང་གི་བརྒྱན་ཆ་ལུགས་མཆོད་རྫས་ཐོགས་བསྒོ་མ་བཞི་དང་ཁྲོ་བོ་བཅུ་ལ་སོགས་པ་ཁྲོས་ཤིང་རང་རང་གི་ཕྱག་མཚན་དང་ཆ་ལུགས་ཀྱི་ཁྲོ་བོའི་སྟངས་སྟབས་ཀྱི་བཞུགས་པ། དེའི་ཕྱི་རོལ་ན་ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་དང་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་ཕོ་ཉ་ལས་མཁན་ཐམས་ཅད་རང་རང་གི་མཚོན་ཆ་དཔག་ཏུ་མེད་པ་བསྣམས་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྐོར་ཞིང་སྤྲིན་བཞིན་དུ་གཏིབས་ནས་བཞུགས་པ་གཟིགས། ཡང་རང་གི་གཡས་ཕྱོགས་ན་དཔའ་བོ་མང་པོ་བྲོ་བརྡུང་ཞིང་གར་སྒྱུར་བ། གཡོན་ན་དཔའ་མོ་མང་པོ་གླུ་ལེན་ཞིང་གར་སྒྱུར་བ། མདུན་ན་ལས་ཅན་ཕོ་མོ་ཆོས་ཉན་པ། དེ་དག་རེ་རེའི་མདུན་ན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྤྲུལ་པ་རེ་དེ་དག་སོ་སོའི་འཕྲིན་ལས་མཛད་པའི་སྣང་བ་ཞིག་ཤར། དེར་སློབ་མ་ལོ་དང་སུམ་པ་སྒོམ་པ་ཆོས་གྲགས་སྟོན་ཡང་རིན་ཆེན་གྲགས་དང་ལྷ་ཅིག་ལ་སོགས་པའི་སློབ་མ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ནས་གསོལ་བ་འདེབས་བཞིན་འདུག་པ་ལ་བླ་མས་མགུར་འདི་གསུངས་སོ། ༈ །ཕ་ན་མོ་གུ་རུ། །སྟེང་ཁྱབ་ནམ་མཁའ་ལྟ་བུའི་ངང་། །གསལ་ཁྱབ་ཉི་ཟླ་ལྟ་བུར་ཤར། །གསལ་སྟོང་ཆོས་སྐུའི་བླ་མ་ལ། །འགག་མེད་རྩལ་གྱིས་གསོལ་བ་འདེབས། །འོག་མིན་བདེ་ཆེན་སྨུ་སྟེང་ཁ། །རྡོ་རྗེ་གྲགས་པ་རྒྱང་གླུ་ལེན། །

(༥༧༩)བློ་འདས་ངང་ནས་སྐྱེ་མེད་འཕྱོ། །གཟུང་འཛིན་བྱ་བའི་མིང་ཡང་མེད། །ལྟ་བ་ཐག་ཆོད་བློ་རེ་བདེ། །དྲན་མེད་ངང་ནས་དྲན་པ་འཕྱོ། །བྱིང་རྒོད་བྱ་བའི་མིང་ཡང་མེད། །བསྒོམ་པ་ཐག་ཆོད་བློ་རེ་བདེ། །བྱར་མེད་ངང་ནས་ཞེན་མེད་འཕྱོ། །ཚུལ་འཆོས་བྱ་བའི་མིང་ཡང་མེད། །སྤྱོད་པ་ཐག་ཆོད་བློ་རེ་བདེ། །ཆོས་སྐུའི་དབྱིངས་ནས་གཟུགས་སྐུ་འཕྱོ། །འཁྲུལ་སྣང་བྱ་བའི་མིང་ཡང་མེད། །འབྲས་བུ་ཐག་ཆོད་བློ་རེ་བདེ། །རྒྱལ་ཁམས་ཀློང་ན་རྣལ་འབྱོར་འཕྱོ། །ཕ་ཡུལ་བྱ་བའི་མིང་ཡང་མེད། །ཉེ་དྲུང་ཐག་ཆོད་བློ་རེ་བདེ། །རི་ཁྲོད་འགྲིམ་ཞིང་ཉམས་རྟོགས་སྐྱོང་། །བག་ཆགས་བྱ་བའི་མིང་ཡང་མེད། །རེ་དོགས་བྲལ་བ་བློ་རེ་བདེ། །གཡས་ན་དཔའ་བོའི་བརྡ་འགྲོལ་ཡོད། །སྣང་བ་བརྡ་རུ་ཤ་ར་ར། །གཡོན་ན་དཔའ་མོའི་ཞུ་ལན་ཡོད། །ཐབས་ཤེས་སྤྱོད་པའི་ཆོས་དང་ལྡན། །སྐལ་ལྡན་ཁྱེད་རྣམས་བློ་རེ་བདེ། །ཁོ་བོས་གྲུབ་པའི་ས་ཕྱོགས་འདི། །ལྕང་ལོ་ཅན་དང་ཁྱད་པར་མེད། །བདེ་བ་ཅན་གྱི་ཞིང་ཁམས་འདྲ། །འདི་ལས་གཞན་དུ་སྒྲུབ་མི་དགོས། །གནས་འདིར་སྡོད་པའི་གང་ཟག་ལ། །བགེགས་དང་བར་ཆད་ཐམས་ཅད་མེད། །མཆོག་ཐུན་དངོས་གྲུབ་ཐམས་ཅད་འགྲུབ། །སྒྲུབ་རྒྱུད་ས་འདིར་དར་བར་འགྱུར། །ཁོ་བོའི་སྤྲུལ་པ་གྲངས་མེད་ནི། །འབྱུང་བར་འགྱུར་རོ་སྐལ་ལྡན་ཀུན། །ཞེས་གསུངས། དེ་ནས་ཚོགས་ཀྱི་དགའ་སྟོན་ལ་རོལ་ནས་ཕུག་མོ་ཆེར་

(༥༨༠)སྒྲུབ་པ་ལ་བཞུགས། དེ་ནས་ཚོགས་པ་རྣམས་ཀྱི་བྱེས་འགོལ་གྱི་གནས་སུ་སྤྱན་དྲངས་སྐུ་མཚམས་ཀྱི་ངང་ནས་གདམས་ངག་གི་སྐལ་ལྡན་རྣམས་སྐྱོང་བཞིན་བཞུགས་ཡོད་པའི་ཚེ་མནལ་ལམ་དུ་ཟླ་བ་གཅིག་བྱུང་ནས་ཉི་མ་ཕྱི་མ་འོད་ཟེར་དང་བཅས་འོང་བཞིན་ཡོད་ཟེར། ཡང་བུད་མེད་ཅིག་གིས་ཁྱེའུ་ཅིག་ཁྲིད་ནས་ཁྱོད་ཀྱི་བུ་ཆུང་འདི་ཡིན་འདི་ལ་ཡོག་ཚད་བྱིན་ཅིག་ཟེར་བ་ལ་སོགས་པ་རྨི་ལམ་གྱི་ལྟས་བཟང་པོ་མང་དུ་བྱུང་། དེ་ནས་ཞག་བདུན་ཙམ་སོང་བ་དང་བཙུན་པ་གཞོན་པ་ཞིག་བྱུང་སྟེ་ངེད་ཀྱི་སློབ་དཔོན་འབུལ་བ་དང་བཅས་ཕྱི་ནས་འབྱོན་པ་ཡོད། ངས་བླ་མ་ལ་གསོལ་བ་འདེབས་སུ་འོངས་པ་ཡིན་ཟེར། དེ་ནས་ཡུན་རིང་མ་འགོར་བར་དགེ་བའི་བཤེས་གཉེན་གཅིག་བྱོན་ཏེ། དེའི་འཁྲུངས་པའི་ཡུལ་ནི་སྟོད་ལུང་རུ་ལུ། དེའི་ནང་ནས་ངང་དཀར་པོ། གདུང་རུས་ཕྱི་མོ་ཡབ་མགར་བ་སླེའོ་རྩེ་རྒྱལ། ཡུམ་བསྣུ་བ་མོ་བཙུན་མ་དཔལ་ལ་ཤིང་མོ་ལུག་གི་ལོ་ལ་སྐུ་འཁྲུངས། །ལྕམ་སྲིང་གཉིས་ཡོད་པའི་ཕོ་བོ་ཡིན་ཞིང་མིང་རྩེ་ལ་གྲགས་སོ། །དགོང་ལོ་བཅོ་བརྒྱད་ལོན་པའི་དུས་ཙ་ན་རྟ་བེར་བཟང་པོ་གཉིས་ལ་གསེར་མང་པོ་གཞལ་ནས་ཉོས་པས། ཡབ་ཀྱི་ང་ལ་གྲོས་མེད་པར་འདི་ཙམ་འཇལ་བ་ཟེར་ནས་གྱོད་ཁ་མང་པོ་བྱས་པས། གནས་གཞི་ཞོ་དྲང་དུ་བྲོས་ནས་བྱ་འདུལ་བ་འཛིན་པ་ལ་རབ་ཏུ་བྱུང་། མཚན་ཡེ་ཤེས་བླ་མར་བཏགས་

(༥༨༡)དེར་ཡབ་ཀྱི་ཀྱང་མ་པར་རྒྱགས་དང་ཡོ་བྱད་མང་དུ་སྐྱལ་ཏེ་འདུལ་བའི་སྡེ་སྣོད་ལ་གསན་སྦྱོང་མཛད་པས་འདུལ་བ་ལ་མཁས་པར་གྱུར། དེ་ནས་སྟོད་ལུང་རྒྱ་དམར་བ་ལ་མཁན་པོ་ཞུས་ནས་བསྙེན་པར་རྫོགས་གཞན་ཡང་བྱ་ཡུལ་པ་རྒྱ་དམར་བ་ཕྱག་ལོ་ཙྪ་བ་སོགས་དང་དགེ་བཤེས་མཁས་བཙུན་མང་པོ་བསྟེན་ནས་མདོ་བསྟན་བཅོས་ཀྱི་ཐོས་བསམ་རྒྱ་ཆེན་མཛད་པས་དབུ་ཚད་སོགས་མཁས་པའི་ཕུལ་དུ་ཕྱིན། ཕྱིས་རྒྱ་དམར་བའི་ཟུར་ཆོས་པ་ཡང་མཛད། དེ་གོང་པཱ་ཚ་བ་ལོ་ཙྪ་བ་ལ་དབུ་མ་ཞུས་པས་སྟོན་ལོང་ཙམ་མ་བྱུང་། དེར་ཡོན་ཏན་གྲགས་ལ་རིག་ཚོགས་གསན། བཟད་པ་དབང་རྡོར་ལ་སྤྱོད་ཕྱོགས་རྣམས་ཞུས། སེ་པ་ལ་ཕར་ཕྱིན་དང་འཛམ་ལྷ་ཞུས། ཕུག་པ་བ་ལ་ར་ལི་དང་འཕགས་སྐོར་ཞུས། མཁོན་ཕུ་བ་ལྕམ་སྲིང་ལ་ལམ་འབྲས། རྔོག་ལ་དགྱེས་རྡོར། ནང་པ་དང་ར་ལོ་ལ་དུས་འཁོར་དགྲ་ནག་འཇིགས་བྱེད་རྣམས་ཞུས། དགེ་བཤེས་རྒྱ་ལ་རིམ་ལྔ། ཇོ་བསོད་ལ་བདེ་མཆོག་དང་ཀྲི་ཡ། གླིང་ཁ་བལ་གཟེར་ལྔ། གནས་ལྔར་བ་ལ་བཀའ་གདམས། ལྷོ་པ་ལ་ཁ་རག་སྐོར་རྣམས་གསན། དེ་ནས་རྒྱ་དམར་གྱི་ཟུར་ཆོས་མཛད་པའི་དུས་སུ་གྲ་ཁང་ཅིག་ན་མི་དྲུག་ཡོད་པ་ལ་འབྲུ་མ་ནག་བྱུང་ནས་གསུམ་བྲོས་ཅིག་ཤི་དེས་སྐྱོ་བ་སྐྱེས་ཏེ་བླ་མ་དང་གདམས་ངག་བཙལ་བས་འདོད་པ་བཞིན་མ་རྙེད། ཡང་

(༥༨༢)རྒྱ་ཅན་དུ་འབོད་མི་བྱུང་འདིར་སྡོད་ལས་ཟུར་ཆོས་གྱིས་གསུངས་པ་ལ། ང་སྐྱོ་བ་སྐྱེས་པས་སྒོམ་ཆེན་གྱི་བླ་མ་ཞིག་གི་རྩར་འགྲོ་ཞུས་པས། གདམས་ངག་ངས་སྦྱིན་གྱི་མ་འགྲོ་གསུང་ནས་འཕགས་སྐོར་གྱི་གདམས་ངག་ཞིག་གནང་། དེ་ལ་བློ་ཅུང་མ་ཁེལ་བས་འོ་ན་འབྲི་སྒོམ་ཅན་དུ་སོང་ཞིག་གསུང་། དེར་ཇ་དར་མང་དུ་ཁྱེར་ནས་ཕྱིན་པས། འབྲི་སྒོམ་འདག་འབྱར་གྲོལ་ནས་ཞག་ལྔ་སོང་བ་ཅིག་དང་མཇལ། ཇ་དར་ཕུལ་ནས་གདམས་ངག་ཞུས་པས། དབུས་པ་གླེན་པ་ད་ལྟ་སློབ་དཔོན་རས་ཆུང་པ་ལྟ་བུ་དབུས་ན་བཞུགས་པ་ལ་མི་ཞུ་བ་གསུང་ནས། གཏུམ་མོ། སྒྱུ་ལུས། རྨི་ལམ་གསུམ་གྱི་ཁྲིད་བྱར་བཏུབ་པ་རེ་གནང་གཞན་རྣམས་ལུང་དུ་གནང་། དེ་ནས་རྒྱ་དམར་ཅན་དུ་ལོག་སྟེ་ཡང་ཇ་དར་མང་དུ་ཁྱེར་ནས་བླ་མ་རས་ཆུང་པའི་བཞུགས་གནས་ཕྱོགས་ལ་བྲོས་པས། ཡར་ལུང་དུ་སླེབ་དུས་དེད་མའི་རྟ་པ་མང་པོས་རྗེས་ཟིན་ནས་གཏོད་དུ་མ་འདོད་པར་ལོག་ནས་རྣམ་ངེས་ཚར་གཅིག་བཤད། དེའི་དུས་སུ་དབུ་རུ་པའི་དགེ་ཚུལ་ཞིག་ཡོད་པ་བླ་མ་རས་ཆུང་པའི་དྲུང་དུ་སྔོན་ལ་གཏང་ནས། བླ་མའི་དྲུང་དུ་ང་ཡོང་བ་ཡོད་ཞུས་ལ་ཆོས་དགོས་པའི་གསོལ་བ་ཐོབ་ཅིག །ངས་ཕྱི་ལ་བྲོས་འོང་གི་གསུང་ཁོ་སྔོན་ལ་གཏང་། དེ་ནས་ལྐོག་ཏུ་ཇ་དར་མང་དུ་གྲབས་བྱས་ནས་ཡུལ་དུ་འབྱོན་གསུང་ནས་བྲོས་བྱོན་པས། ལོ་རོར་སླེབ་སྔོན་གྱི་སློབ་

(༥༨༣)མས་བསུས་ཁོའི་གྲ་ཁང་དུ་ཇ་སྐོལ་ཞིང་བཞུགས། སྔར་གྱི་དབུ་རུ་པའི་དགེ་ཚུལ་དེ་བླ་མ་ལ་མཇལ་ཁ་ཞུར་བཏང་བས་ད་ལྟ་རང་ཤོག་གསུང་། དེར་ཕྱག་རྟེན་ཁྱེར་ནས་མཇལ་བས་འབོལ་སུམ་བརྩེགས་ཀྱི་ཁ་ན་ཁྲི་སྙན་ས་ལེའི་ལྤགས་པའི་སྟན་ལ་བཞུགས་པ་དང་མཇལ་བས་གོ་རྒྱུ་བཟང་པོ་ཞིག་བྱུང་ཞིང་དད་པ་ཐུན་མོང་མ་ཡིན་པ་སྐྱེས་ནས་ཕྱག་རྩོལ་མེད་དུ་མང་དུ་བཙལ་བསད་སྡོད་ཅིག་གསུང་དེར་སྡད་ནས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས། བླ་མ་མི་ལས་འདི་ལྟར་བསྟན། ང་རང་གིས་འདི་ལྟར་བསྒོམས་བྱ་བའི་གདམས་ངག་ཅིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། གཏམ་དྲང་རྨི་ལམ་ཡང་བཟང་གདམས་ངག་བྱ་ཁྱོད་ཀྱི་དབང་ཐོབ་བམ་གསུངས་པས། རྔོག་ལ་ཐོབ་ཞུས་པས། གཏུམ་མོའི་ཁྲིད་ཕོག་དེ་འབྲི་སྒོམ་དང་ཁྱད་མེད་འདུག་གོ། །ཕྱིས་སྒོམ་སྐྱོན་བྱུང་གི་དོགས་ནས་ཤི་མ་ཤི་མེད་པར་བསྒོམས་པས་ཞག་བདུན་ན་བདེ་དྲོད་ངོ་འཕྲོད་འདི་ལྟར་བྱུང་ཞུས་པས། འདི་འདྲ་བ་རྗེ་བཙུན་མི་ལ་དང་ངེད་ཅག་དཔོན་སློབ་གཉིས་ལའང་མ་བྱུང་ཡ་མཚན་ཆེ་གསུངས། དེར་ནུབ་གཅིག་མཆོད་པ་དང་མཎྜལ་རྒྱས་པ་གཅིག་བཤམས་ནས་དབང་སྐུར་ཞིག་གནང་། ད་ཁྱོད་ལ་གདམས་པ་ཞིག་བྱར་ཡོད་ང་ལ་བླ་མ་རྗེ་བཙུན་གྱི་ཞལ་ནས་སྣོད་ལྡན་གཅིག་ལ་བྱིན་གསུང་། སྔར་སློབ་མ་མང་ནའང་

(༥༨༤)མཁའ་འགྲོས་ལུང་སྟོན་ཅིང་སྣོད་དང་ལྡན་པ་དཀའ་བས་མ་བྱིན་པ་ཡིན། ཁྱོད་མཁའ་འགྲོས་ལུང་བསྟན་པས་སྟེར་བ་ཡིན་ནོ་གསུངས། དེར་ལུང་ཇི་ལྟར་བསྟན་ཞུས་པས། །ནུབ་གཅིག་གི་རྨི་ལམ་ན་དེད་དཔོན་ཞིག་གི་ནོར་བུ་ལོན་པ་དང་། གཉིས་པ་ནགས་ཚལ་གྱི་སེབ་ན་རྨ་བྱ་གར་སྒྱུར་བ་དང་། གསུམ་པ་ལ་འཕྲང་འཇིགས་པ་ཞིག་ལ་ཅིག་གིས་ཅིག་ལ་སྐྱེལ་བ་སུ་བྱས་པས་ཕྱི་མ་དང་འཕྲད་པ་དང་བཞི་པ་ལ་ལྷའི་བུ་མོ་གར་བྱེད་ཅིང་མེ་ཏོག་འཐུ་ཞིང་ཁ་གླུ་ལེན་པ། ལྔ་པ་རྒྱལ་པོ་གཅིག་ལ་བློན་པོས་བསྙེན་བསྐུར་བྱེད་པ། དྲུག་པ་ཤེལ་གོང་ཞིག་ལ་གཟུགས་བརྙན་ཤར་བས་སྦྲུལ་མདུད་ཅིག་རང་སར་གྲོལ་བ། བདུན་པ་རི་གཅིག་གི་སྟེང་ན་མི་གཞན་ལ་གསལ་བའི་མེ་ལོང་ཞིག་བསྟན་པས་མི་དེ་བྱར་གྱུར་ནས་འཕུར་བ་རྨིས་རྨི་ལམ་བཟང་གདམས་ངག་བྱ་ཡི་གསུངས་ནས་ཉི་མ་རེ་རེ་ལ་ཆོས་ཐུན་གཉིས་གཉིས་གནང་བས་ཞག་དགུ་བཅུ་ཐམ་པ་ལ་སྙན་བརྒྱུད་ཚར་བར་མཛད། མཁའ་འགྲོའི་གསང་བ་སྒྲོག་པའི་དུས་ཡིན་པས་གསུངས་ཚོགས་འཁོར་ཆེན་པོ་དགུ་བཤམས། གདམས་ངག་ཁ་འཐོར་བ་རྣམས་ཀྱང་ཞུས། ཞག་བཞི་བཅུ་ཞེ་ལྔ་ཡིན་གྱི་གསུང་། དེ་ནས་བླ་མའི་ཞལ་ནས་ད་མ་སྡོད་པར་སོངས་ལ། ང་མ་ཤིའི་བར་དུ་བླ་མ་དང་གདམས་ངག་གཞན་ལ་གསོངས་ཤིག་གསུངས། བཀའ་རྒྱ་ཞིག་ཞུ་ཞུས་པས། བླ་མའི་ཞལ་ནས་ང་ལ་ཡང་བླ་

(༥༨༥)མས་བཀའ་རྒྱ་མ་བཏབ་ན་ཇི་སྙེད་ཅིག་གྲོལ་བར་བྱར་ཡོད་པ་ལ། ཁྱོད་ཀྱི་མ་སླེབ་ན་བཀའ་དེའུ་ཆད། ད་ཁྱོད་ལ་བཀའ་རྒྱ་གཞན་མི་འདེབས། །སྣོད་དང་ལྡན་ན་མཛེ་ཕོ་ལ་ཡང་བྱིན། །སྣོད་དང་མི་ལྡན་ན་རྒྱལ་པོ་ལའང་མི་བྱིན། འོན་ཀྱང་བཀའ་རྒྱ་གསུམ་འདེབས་ཡུལ་མ་འཛིན། ཤེས་མ་སྐྱོང་། ནོར་མ་བསག་གསུང་ནས་རས་ཀྱི་ཆ་རུ་ཅིག་གནང་ནས་འདི་གོན་གསུངས། དེ་ནས་ཕྱག་དང་སྐོར་བ་བྱས་ཞབས་སྤྱི་བོར་བསླངས་ནས་ཡར་བྱོན་ནོ། །དེ་ནས་ཡར་བྱོན་རྒྱ་དམར་གྱི་དགོན་པར་འབུལ་བ་ཆེན་པོ་བྱུང་པས། །དེ་འཁུར་ནས་བླ་མའི་དྲུང་དུ་སྐྱེལ་དུ་བྱོན་པས་གཏུམ་པོ་ཁྱུང་ཤམ་ཅན་གྱི་གདམས་པ་ཉོན་གསུངས། ནཱ་རོའི་གདམས་པ་ཞུ་ཞུས་པས་ཐབས་ལམ་གྱི་སྐོར་ཚང་བར་གནང་། ཞག་ལྔ་ཕྲག་བཅུ་སྡད་ནའང་ལྔ་ཕྲག་ལྔ་ཡིན་གྱི་གསུང་། བདག་བླ་མའི་དྲུང་དུ་སྡོད་པ་ཞུ་ཞུས་པས། བླ་མའི་གསུང་ནས།། ༈ །།རིན་ཆེན་བུ་ཁྱོད་རྨི་ལམ་བདུན། །བདག་ལུས་རྒྱལ་བའི་རྒྱ་མཚོ་ལས། །སྙན་བརྒྱུད་བྱིན་རླབས་གྲུ་རྫིངས་ཀྱིས། །སེམས་ཀྱི་ནོར་བུ་ལོན་རྨིས་བུ། །དད་གུས་ཡེངས་མེད་ནགས་ཚལ་དུ། །བླ་མ་ཡི་དམ་ལྗོན་ཤིང་ལ། །དམ་ཚིག་སྡོམ་གསུམ་རྨ་བྱ་ལྡིང་། །གར་སྒྱུར་རྨི་ལམ་བཟང་གི་བུ། །གཉིས་མེད་བྱང་ཆུབ་ལམ་ཆེན་དུ། །བླ་མ་ཡི་དམ་འོད་གསལ་གྱི། །སྐྱེལ་བསུས་སྐྱེ་མེད་ལམ་ཁྲིད་ནས། །སེམས་ཀྱི་མ་བུ་

(༥༨༦)འཕྲད་ཀྱི་བུ། །སྣང་སེམས་གཉིས་ཀྱི་རི་བོ་ལ། །ལྷ་མོ་གར་སྒྱུར་མེ་ཏོག་འཐུ། །སྒེག་མོ་གླུ་ལེན་སྨོན་ལམ་འདེབས། །ཡི་དམ་མེ་ཏོག་ལེན་གྱི་བུ། །དྷུ་ཏི་གཉུག་མའི་ཕོ་བྲང་དུ། །བདེ་ཆེན་ཟག་མེད་རྒྱལ་པོ་ལ། །ཡེ་ཤེས་རླུང་གི་བསྙེན་བཀུར་བྱེད། །རླུང་སེམས་རང་དབང་གྱུར་གྱི་བུ། །རྨི་ལམ་ཤེལ་གོང་གསལ་དངས་ཀྱི། །གཟུགས་བརྙན་བླ་མ་དང་མཇལ་ནས། །འདོད་ཡོན་སྦྲུལ་མདུད་རང་གྲོལ་རྨིས། །བྲག་ཆ་རྨི་ལམ་བརྡ་སྟོན་དུ། །བཅུ་ཕྲག་བདུན་གསུམ་ཆོས་ཉིད་ཀྱི། །བྱི་ཆུང་འཕུར་ནས་ཆོས་སྐུ་ཡི། །རི་ལ་བྱ་ལྡིང་མཁའ་འགྲོའི་གསང་། །སྙན་རྒྱུད་མེ་ལོང་བསྟན་གྱི་བུ། །ཞེས་གསུངས་ཤིང་ད་འདིར་མ་སྡོད་སོང་གསུང་། ཞལ་བཀོད་ཅིག་ཞུ་ཞུས་པས། ཁ་སིང་གསུམ་གྱི་སྟེང་དུ་སྡེ་དང་དགོན་པ་མ་བཟུང་། གདམས་པ་ནོར་བུ་མ་འཚོང་གསུང་། །དེ་ནས་ཡང་ཡར་བྱོན་ནས་རྒྱ་ཅན་དུ་རྣམ་ངེས་ལ་སོགས་པའི་ཆོས་མང་དུ་གསུང་ཞིང་བཞུགས་པས། ཕྱག་ཏུ་འབུལ་བ་མང་དུ་བྱུང་པ་ཐམས་ཅད་བསྣམས་ནས་བླ་མའི་དྲུང་དུ་གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་པའི་སྤྱན་གཟིགས་ཀྱི་བྱེ་བྲག་མང་པོ་དང་། ཆ་ལང་དང་རག་དུང་དང་བསིལ་སྙན་ལ་སོགས་རོལ་མོའི་བྱེ་བྲག་མང་པོ་དང་། ཏིང་དང་ཟངས་ལ་སོགས་པ་སྣོད་ཀྱི་བྱེ་བྲག་མང་པོ་དང་། །ཇ་གོས་དར་ལ་སོགས་ཏེ་འབུལ་བའི་བྱེ་བྲག་བསམ་གྱིས་མི་

(༥༨༧)ཁྱབ་པ་ཕུལ། །དེའི་དུས་སུ་བླ་མའི་ཞལ་ནས། ཐུན་འཇོག་འདི་དོ་ཧའི་ཡང་སྙིང་། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧའི་ཉམས་ཀྱི་སྐྱུགས་པའི་ཚུལ་དུ་བྱུང་བ་ཡིན་ཏེ་སྔར་ཐོར་བུ་ཐོར་བུ་ཙམ་ལས་ཚང་བ་ཙམ་རང་མ་བཤད། ཁྱེད་ལ་ཚང་བར་བྱ་ཡི་གསུང་ནས་ཚང་མར་གནང་། དེར་ཞག་སུམ་ཅུ་ཐམས་པ་སྡད་དེ་ཞག་བཅོ་ལྔ་ཡིན་གྱི་གསུངས། དེ་ནུབ་ཚོགས་མཆོད་བཟང་པོ་ཅིག་གནང་ནས་ནང་པར་ཆུ་ཁ་གཅིག་ཏུ་སྐྱེལ་ཐུང་མཛད་དེའི་དུས་སུ་འདི་གསུངས་སོ།། ༈ །།རི་མོ་མཐོ་དམན་འཁོར་འདས་ལམ། །མཉམ་ཉིད་དགེ་སྡིག་སྤང་བླང་བྲལ། །གཟུགས་ནི་འཕྲུལ་སྣང་བདེན་པས་སྟོང་། །གཟུགས་བརྙན་མིག་འཕྲུལ་སྙིང་པོ་མེད། །གླུ་ལེན་སྒྲ་བརྙན་བྲག་ཆས་སྟོང་། །སྒྲ་ནི་སྒྲས་སྟོང་རྒྱུན་ཆད་སྟོང་། །གར་ནི་སྣ་ཚོགས་ངེས་པ་མེད། །གནས་ལུགས་དུ་མ་རོ་གཅིག་གར། །ལམ་ནི་སྨིན་གྲོལ་གསལ་སྣང་ལ། །གཞི་མ་དམ་ཚིག་གསལ་དངས་ཡིན། །གནས་ནི་བར་དོའི་གཞལ་ཡས་སུ། །གྲོགས་ནི་གླང་ཆེན་སྤྱོད་འགྲོས་སྐྱོང་། །མཇལ་བ་དཔོན་སློབ་དམ་ཚིག་གི། །དད་གུས་མ་དང་བུ་རུ་མཇལ། །འཕྲད་པ་ཆོས་ཉིད་བདེན་མཐོང་ཡིན་ཞེས་གསུངས། ད་ང་མ་ཤིའི་བར་ལ་དད་གུས་ལ་སྙད་བཏགས་པའི་བླ་མ་དང་གདམས་ངག་མ་སྒྲགས། ཕྱག་རྟེན་དང་བསྙེན་བཀུར་

(༥༨༨)ལ་སྙད་བཏགས་པའི་ནོར་ཁྱེར་མ་ཡོད། ད་བསྒོམ་གསུང་ངོ་། དེ་ནས་ཁྱུང་ཚང་བྲག་ཏུ་ལོ་བདུན་སྒྲུབ་པ་ལ་བཞུགས། ཧའོ་གངས་སུ་ཐོགས་ཅིག་བཞུགས། ཁྱུང་ཚང་དུ་ཕོ་རོན་ལ་གྲོང་འཇུག་མཛད། །ཡི་དམ་མང་པོའི་ཞལ་གཟིགས་སྐུ་འཚལ་འོ་མར་གྱུར་ཟག་པ་རྒྱུན་ཆད། ཐུགས་དམ་མཉམ་རྗེས་མེད་སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་རྩལ་འབྱོངས་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་ནོ། །དེ་རྣམས་ནི་བསྟན་པའི་ཡང་སྙིང་སྒྲུབ་རྒྱུད་རྟོགས་པའི་སྲོག་ཤིང་མཁའ་འགྲོའི་གསང་ཚིག་སྙན་རྒྱུད་ཡིད་བཞིན་ནོར་བུའི་བཀའ་བབས་ཀྱི་ཆུ་བོ་རྒྱལ་བ་ཁྱུང་ཚང་པ་ལ་གཏད་པའི་སྐོར་ཚོ་དེ་བཅོ་ལྔ་པའོ།། ༈ །།བཅུ་དྲུག་པ་ནི། དེ་ནས་དེའི་དུས་ཞིག་གི་ཚེ་སློབ་མ་མང་པོ་འཚོགས་པ་རྣམས་ན་རེ། བླ་མའི་དབུ་ཞྭ་འདི་ལ་རྟེན་འབྲེལ་ཞིག་ཡོད་མཆིས། ཞྭ་ཆོས་ཤིག་ཐུགས་རྗེས་འཛིན་པ་ཞུ་ཞུས་པས་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ཞྭ་ནི་བྱ་རྒོད་ཕུང་པོའི་རི། །སྟོད་པདྨ་བརྩེགས་པའི་མཆོད་རྟེན་འདི། །དཀོན་མཆོག་ཕུད་དུ་འཁུར་བའི་རྟགས། །ཞྭ་རྩེ་ཕྲ་ལ་སྙུང་པ་འདི། །ཆོས་སྐུ་རྟོགས་པར་དཀའ་བའི་རྟགས། །ཞྭ་དུམ་བུ་གསུམ་དུ་བྱུང་པ་འདི། །སྐུ་གསུང་ཐུགས་དང་ལྡན་པའི་རྟགས། །ཞྭ་འདབ་མ་ལྔ་རུ་བྱུང་པ་འདི། །ཡེ་ཤེས་ལྔ་དང་ལྡན་པའི་རྟགས། །ཞྭ་

(༥༨༩)སྐུད་པའི་གྲངས་ཚེམས་རྒྱབ་པ་འདི། །འཁོར་འདས་དབྱེ་རུ་མེད་པའི་རྟགས། །མདུན་པད་གཡོ་བཞིན་དུ་བྱུང་བ་ནི། །སེམས་ཅན་གྱི་འགྲོ་དོན་བྱེད་པའི་རྟགས། །ཁ་ཆགས་དར་གྱི་སྟུམས་པ་འདི། །དད་ལྡན་ཡོན་སློབ་འདུ་བའི་རྟགས། །ཞྭ་དབྱིབས་བྱ་རུ་བྱུང་པ་འདི། །རྣལ་འབྱོར་རི་ཁྲོད་འགྲིམ་པའི་རྟགས། །ཕྱི་གཡོགས་རས་ཀྱིས་བསྟུམས་པ་འདི། །བུ་སློབ་རས་པ་འདུ་བའི་རྟགས། །ལར་ཆོས་སྐུའི་གཡོག་པོ་བྱེད་ཀྱིན་གདའ། །ཞེས་གསུངས་སོ། །ཡང་དེའི་དུས་ཤིག་གི་ཚེ་གྲྭ་པ་འགའ་ཞིག་གི་བྱ་སྤྱོད་ལ་ཅུང་མ་མཉེས་པས་རང་ལ་ཁྲེལ་འདེབས་པའི་ཚུལ་གྱི་གནད་ཀྱིས་འཇུན་པའི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ང་ལྷ་ཆོས་ཀྱི་ཕྱོགས་སུ་ལེ་ལོ་ཆེ། །བརྩོན་འགྲུས་སྡིག་པའི་ཕྱོགས་ལ་བྱེད། །ལྷ་ཆོས་སྤྱོད་པར་ཅང་གདའམ། །བསྒོམ་པ་རྫས་དང་ནོར་ལ་བསྒོམས། །ཉམས་མྱོང་སྐྱེ་བར་ཅང་གདའམ། །ལྟ་བ་ལེགས་དང་མི་ལེགས་ལྟ། །སྐྱེ་མེད་རྟོགས་པར་ཅང་གདའམ། །སྤྱོད་པ་དགའ་དང་མི་དགའ་སྤྱོད། །ཆགས་སྡང་སྤོང་བར་ཅང་གདའམ། །འབྲས་བུ་ཡིད་སྨོན་ཡུལ་ལ་བྱེད། །ལྷུན་གྲུབ་རྟོགས་པར་ཅང་གདའམ། །བདེ་གསལ་དོན་ལ་མི་གནས་པར། །ཉམས་སུ་ལེན་པར་ཅང་གདའམ། །རྣམ་སྨིན་ཀུན་ལ་མི་འཛེམ་པས། །དམ་ཚིག་བསྲུང་བར་ཅང་གདའམ། །ཉོན་མོངས་བརྩད་

(༥༩༠)ནས་མཆོད་པར། །དགུ་ལྔ་སྤོངས་པ་ཅང་གདའ་འམ། །འཛིན་པའི་ཤེས་པ་མ་གྲོལ་བར། །འཁྲུལ་པ་སེལ་བར་ཅང་གདའ་འམ། །ཞེས་གསུངས་ནས་ཐུགས་དམ་ལ་བཞུགས་པ་མཛད། །དེ་ནས་མདོས་རྣ་བ་སུམ་སྟོན་ཆོས་དར་གྱི་སྤྱན་དྲངས། བཀྲ་ཤིས་དགེ་གླིང་གི་ཕུག་པ་དང་། ཁང་གསར་སྟེང་། རྡོ་ཟུར་ལུང་ནག་ཚུར་ལུང་གི་ཟུར་ཕུག །ཕྱི་གདིངས་ཞེའོ་བསམ་གཏན་རྩེ་ཤེལ་ཕུག་རྣམས་སུ་སྒྲུབ་པ་མཛད་ཅིང་སྐལ་ལྡན་ལས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར། གནས་དེ་རྣམས་སུའང་ཆོས་རྒྱལ་རིན་ཆེན་གླིང་པས་ཞབས་ལ་གཏུགས་ཤིང་། སྙན་བརྒྱུད་ཀྱི་གདམས་ངག་འགའ་ཞིག་དང་ཆོས་དྲུག་གི་གདམས་ངག་དང་གཞན་གདམས་པ་འཕྲན་ཚེགས་མང་དུ་གསན་ཞིང་གནང་། དེ་ནས་གཞི་སྐྱེས་ཡོན་བདག་དང་མྱང་གོང་ངེས་པ་ལྡན་ཟ་ལྷ་བཟང་། །སྤྲེ་སྨྱོན་འབུམ་གྲགས། ཕོ་བྲོ་སྟག་འབར་ལ་སོགས་པ་རྣམས་ཀྱི་གདན་དྲངས་ཏེ། ཚེ་སྐོང་དཔལ་གྱི་དགོན་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་དེའི་དུས་སུ་སློབ་མ་རྣམས་ལ་བླ་མའི་བཀའ་དྲིན་དྲན་པའི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། མདོ་རྒྱུད་བསྟན་ཆོས་ལ་སོགས་པ། །མང་དུ་ཐོས་པ་མ་བགྱིས་ཀྱང་། །རང་ལ་གནས་པ་གཉུག་མའི་དོན། །གཏན་ལ་ཕེབས་པས་རང་རྒྱུད་ཚིམ། །ཆ་ལ་རྗེ་བཙུན་བཀའ་དྲིན་ཆེ། །མཁས་ཤིང་བཙུན་པ་ལ་སོགས་པའི། །བཤེས་གཉེན་མང་པོ་མ་

(༥༩༡)བརྟེན་ཀྱང་། །ང་སྲིད་ཞི་རྩ་བའི་བླ་མ་ཡི། །འདེམ་ཁ་ཤེས་པས་རང་རྒྱུད་ཚིམ། །ཆ་ལ་རྗེ་བཙུན་བཀའ་དྲིན་ཆེ། །རི་ཁྲོད་དགོན་པ་ལ་སོགས་པའི། །གནས་སུ་ཡུན་རིངས་མ་བསྒོམ་ཀྱང་། །རྒྱུན་དུ་འཆར་བ་འབྲལ་མེད་ལམ། །མངོན་དུ་གྱུར་པས་རང་རྒྱུད་ཚིམ། །ཆ་ལ་རྗེ་བཙུན་བཀའ་དྲིན་ཆེ། །སྦྱོར་བ་བཞི་ལྡན་ལ་སོགས་པའི། །སྒོ་གསུམ་འབད་བརྩོལ་མ་བགྱིས་ཀྱང་། །འགྱུ་བ་ཡེ་ཤེས་འཇུག་པའི་རླུང་། །དབང་དུ་འདུས་པས་རང་རྒྱུད་ཚིམ། །ཆ་ལ་རྗེ་བཙུན་བཀའ་དྲིན་ཆེ། །ས་ལམ་སྔ་ལྟས་ལ་སོགས་པའི། །རྫུ་འཕྲུལ་བསྟན་རྒྱུ་མི་བདོག་ཀྱང་། །དུས་གསུམ་འདྲེན་པའི་ཐུགས་དགོངས་དེ། །ལྷག་གི་རྟོགས་པས་རང་རྒྱུད་ཚིམ། །ཆ་ལ་རྗེ་བཙུན་བཀའ་དྲིན་ཆེ། །སྟོབས་བཅུ་མི་འཇིགས་ལ་སོགས་པའི། །ཆེ་བའི་ཡོན་ཏན་མ་ཤར་ཀྱང་། །མ་བཅོས་ཐ་མལ་ཤེས་པ་འདི། །ཆོས་སྐུར་རྟོགས་པས་རང་རྒྱུད་ཚིམ། །ཆ་ལ་རྗེ་བཙུན་བཀའ་དྲིན་ཆེ། །ཞེས་གསུངས་པས་ཡང་སློབ་མ་རྣམས་ན་རེ། ད་དུང་བླ་མའི་རྣམ་ཐར་གསུང་མགུར་སླབ་བྱ་ཞིག་ཐུགས་རྗེས་འཛིན་པ་ཞུ་ཞུ་བ་ཡང་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། འཇིག་རྟེན་བྱ་བ་བཏང་པ་དང་། །རྟོགས་པའི་ཉམས་མྱོང་སྐྱོང་བ་འདི། །ཆོས་རྗེ་གོང་མའི་རྣམ་ཐར་ཡིན། །འཆལ་པ་ཡིན་སྙམ་མི་དགོངས་འཚལ། །འཁོར་དུ་བཙུན་མོ་བརྟེན་པ་འདི། །བྱང་ཆུབ་དགའ་བདེ་བསྒྲུབ་པའི་ཕྱིར། །རྡོ་རྗེ་ཐེག་པའི་རྣམ་

(༥༩༢)ཐར་ཡིན། །སྡོམ་གསུམ་མི་བསྲུང་མི་སྙམ་འཚལ། །ཟས་ལ་གནང་བཀག་མེད་པ་འདི། །གསང་སྔགས་དམ་ཚིག་བསྲུང་བའི་ཕྱིར། །ཀུ་སུ་ལུ་པའི་རྣམ་ཐར་ཡིན། །ཞིམ་ལྟོ་ཆེ་སྙམ་མི་དགོངས་འཚལ། །དགེ་སྦྱོར་གཉིད་ལ་བྱེད་པ་འདི། །འོད་གསལ་རྒྱུན་ཆད་མེད་པའི་ཕྱིར། །རྟོགས་ལྡན་རྣམས་ཀྱི་རྣམ་ཐར་ཡིན། །རྒྱུ་བ་ངན་སྙམ་མི་དགོངས་འཚལ། །ཐ་མལ་སྤྱོད་པ་སྐྱོང་བ་འདི། །སྒོ་གསུམ་རྩོལ་བ་བྲལ་བའི་ཕྱིར། །བཙན་ས་ཟིན་པའི་རྣམ་ཐར་ཡིན། །དྲེད་པོ་ཡིན་སྙམ་མི་དགོངས་འཚལ། །གཙོ་བོར་གཞན་དོན་སྒྲུབ་པ་འདི། །རང་གི་ཞེ་འདོད་ཟད་པའི་ཕྱིར། །རྒྱལ་སྲས་རྣམས་ཀྱི་རྣམ་ཐར་ཡིན། །གཡས་ཆུང་ཡིན་སྙམ་མི་དགོངས་འཚལ། །བསྒོམ་དུ་མེད་པའི་རྣལ་འབྱོར་ལ། །གནས་ལ་བཟང་ངན་མི་བདོག་སྟེ། །དགོན་པ་རི་ལ་བརྩིག་པ་འདི། །རྗེས་འཇུག་གང་ཟག་འགའ་རེ་ལ། །བརྒྱུད་པའི་རྣམ་ཐར་སྟོན་པ་ཡིན། །བྱ་བ་མང་སྙམ་མི་དགོངས་འཚལ། །ཡང་དག་དོན་གྱི་རྣལ་འབྱོར་ལ། །དཔེ་ཆས་དགོས་པ་མི་གདའ་སྟེ། །ཉམས་མྱོང་ཡི་གེར་འབྲི་བ་འདི། །རྩ་བ་ཟིན་པའི་གང་ཟག་ལ། །ངེས་པའི་ཤེས་པ་སྐྱེད་པ་ཡིན། །སྒྲོ་འདོགས་མ་ཆོད་མི་དགོངས་འཚལ། །བྱ་བ་གཏང་བའི་རྣལ་འབྱོར་ལ། །འཁོར་གྱི་དགོས་པ་མི་བདོག་སྟེ། །བཟང་ངན་མེད་པ་བསྟེན་པ་འདི། །འཁོར་ཚེ་སྐྱེ་བ་ཐམས་ཅད་དུ། །གདུལ་བྱར་སྨོན་ལམ་འདེབས་པ་ཡིན། །ཆགས་ཞེན་ཆེ་སྙམ་

(༥༩༣)མི་དགོངས་འཚལ། །སྤྲོས་དང་བྲལ་བའི་རྣལ་འབྱོར་ལ། །འདུ་འཛིའི་དགོས་པ་མི་བདོག་སྟེ། །འཇིག་རྟེན་སྣང་བ་གཏུན་པ་འདི། །སྲིད་པར་འཁྱམས་པའི་སེམས་ཅན་ལ། །ཐར་པའི་ལམ་སྣ་སྟོན་པ་ཡིན། །ཆོས་བརྒྱད་ཡིན་སྙམ་མི་དགོངས་འཚལ། །འཕྲལ་ཕྱིད་བྱེད་པའི་རྣལ་འབྱོར་ལ། །སེར་སྣས་དགོས་པ་མི་བདོག་སྟེ། །ཟས་ནོར་རང་འཚོ་འཛིན་པ་འདི། །དད་གུས་ཐོབ་པའི་སྐྱེ་བོ་ལ། །བསྡུ་བཞིའི་ལག་ལེན་བྱེད་པ་ཡིན། །ཞེན་འཛིན་ཡིན་སྙམ་མི་དགོངས་འཚལ། །འཆི་རྒྱུ་མེད་པའི་རྣལ་འབྱོར་ལ། །རིམ་འགྲོས་དགོས་པ་མི་བདོག་སྟེ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་འདི། །མོས་གུས་ཅན་གྱི་ཡོ་བྱད་ལས། །བླ་མའི་མཆོད་པ་བྱེད་པ་ཡིན། །ཆུད་ཟོས་ཡིན་སྙམ་མི་དགོངས་འཚལ། །ཞེས་གསུངས་ནས་དཔོན་སློབ་བྱིན་ཐུགས་དམ་ཤིན་ཏུ་འཕེལ་བར་བཞུགས་པའི་དུས་ཤིག །སྤྲེ་སྨྱོན་འབུ་མ་གྲགས་ན་རེ། ང་ཆོས་དང་གདམས་ངག་ཐམས་ཅད་བླ་མས་གནང་བས་གོ། གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་གནད་འཚང་ཀྱང་ཤེས། །ད་ཆོས་ཅན་ཆོས་ཉིད་ཐམས་ཅད་རང་སེམས་རྟོགས་པ་ལས་གཞན་མི་འདུག་པས་བློ་བདེ་བ་ཡིན་ཟེར་ནས་ཅུང་ཞིག་བག་ཡངས་སུ་འདུག་པ་ལ་བླ་མས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །བདག་དང་པོར་ཐུག་སར་གཏུག་པ་ཡིན། །གྲུབ་ཐོབ་བླ་མ་རས་ཆེན་གཏུགས། །དེ་ནས་ཞུ་

(༥༩༤)སར་ཞུས་པ་ཡིན། །ནཱ་རོ་བ་ཡི་བུ་རྒྱུད་ལ། །རྒྱ་བོད་གཉིས་སུ་གདམས་པ་ཞུས། །དེ་ནས་བསྒོམ་སར་བསྒོམས་པ་ཡིན། །བཅུད་པ་མཆོག་དཀར་དགོན་བ་རུ། །སྙིང་རུས་སྐྱེད་ནས་ཡུན་རིང་བསྒོམས། །ཐ་མ་འཁྱམ་སར་འཁྱམས་པ་ཡིན། །ད་ལྟ་ཕྱོགས་རིགས་མེད་པར་འཁྱམས། །བདག་དང་པོར་དད་པ་སྐྱེས་ནས་ཀྱང་། །ད་རུང་སྐབས་སུ་སྙོམ་ལས་བྱུང་། །ལེ་ལོས་རྣལ་འབྱོར་བསླུ་བསླུ་འདྲ། །བརྩོན་འགྲུས་གྲོགས་དང་མི་འབྲལ་འཚལ། །བདག་དང་པོར་ཉེ་དྲུང་སྤངས་ནས་ཀྱང་། །ད་དུང་འཁོར་ལ་གདུང་སེམས་སྐྱེ། །ཆོས་བརྒྱད་ཀྱི་རྣལ་འབྱོར་བསླུ་བསླུ་འདྲ། །འགྲོ་བའི་དོ་བསྲུངས་མི་བགྱིད་འཚལ། །དང་པོར་ཐོད་རྒལ་དུ་འཁྱམས་ནས་ཀྱང་། །ད་རུང་སྐྱིད་སྡུག་ལ་བླང་དོར་བྱུང་། །སྙིང་རུས་ཀྱི་རྣལ་འབྱོར་བསླུ་བསླུ་འདྲ། །དགོས་མེད་ཀྱི་སེམས་དང་མི་འབྲལ་འཚལ། །དང་པོར་སྐྱེ་མེད་བསྒོམས་པས་ཀྱང་། །ད་རུང་སྐབས་སུ་ཐེ་ཚོམ་སྐྱེ། །ལྟ་བས་རྣལ་འབྱོར་བསླུ་བསླུ་འདྲ། །སྤྲོས་བྲལ་གྱི་སེམས་དང་མི་འབྲལ་འཚལ། །དང་པོར་ཞེན་མེད་དུ་བསྒོམ་ནས་ཀྱང་། །ད་རུང་སྐབས་སུ་རྣམ་རྟོག་སྐྱེ། །སྒོམ་པས་རྣལ་འབྱོར་བསླུ་བསླུ་འདྲ། །མ་ཡེངས་ཐབས་དང་མི་འབྲལ་འཚལ། །དང་པོར་ཆགས་མེད་བྱས་ནས་ཀྱང་། །ད་རུང་སྐབས་སུ་འཛིན་ཆགས་བྱུང་། །སྤྱོད་པས་རྣལ་འབྱོར་བསླུ་བསླུ་འདྲ། །ཞེན་མེད་ཀྱི་སེམས་དང་མི་འབྲལ་འཚལ། །དང་

(༥༩༥)པོར་རེ་དོགས་སྤངས་ནས་ཀྱང་། །ད་རུང་སྐབས་སུ་རེ་དོགས་བྱུང་། །འབྲས་བུས་རྣལ་འབྱོར་བསླུ་བསླུ་འདྲ། །རེ་མེད་ཀྱི་སེམས་དང་མི་འབྲལ་འཚལ། །ཞེས་གསུངས་ནས་སྐུ་མཚམས་དམ་པར་བཞུགས་སོ། །དེར་གདན་འདྲེན་པའི་བྱེད་པ་པོ། ཕོ་བྲོ་སྟག་འབར་གྱི་ཡུལ་ནི་དོལ་གྲོང་རྟག་པ། ཡབ་ནི་བརྩད་པོ་དཀོན་མཆོག་གྲགས་ཞེས་བྱ་བ་ལོ་རོ་ལུང་པའི་རྒྱལ་པོ་ཡིན་ཞིང་། ཡུམ་རྗེ་མོ་བུ་ཁྲིད་སྐྱིད་གཉིས་ལ་སྲས་ཀྱི་དབེན་པས་དཀོན་མཆོག་ལ་གསོལ་བ་གཏབ་པས་ཡུམ་གྱི་རྨི་ལམ་དུ་དུང་གཡས་འཁྱིལ་ཅིག་བྱུང་ནས་ལུས་ལ་ཐིམ་པ་རྨིས་པ་དང་། ལོ་དུས་ལ་བབ་པ་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་དེ་ནི་གཞོན་ནུ་ནས་དད་པ་དང་སྙིང་རྗེ་ཆེ་བ་བརྩོན་འགྲུས་དང་ཤེས་རབ་ཏུ་ལྡན་པས་གོང་ལོ་ལྔ་དྲུག་ནས་ཞོགས་པ་སྔ་མོ་ལངས་ཏེ་ཕྱོགས་ཐམས་ཅད་དུ་ཕྱག་གསུམ་གསུམ་འཚལ་ཞིང་ཆོས་འགྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ཞིག་ཡོད་དོ། །དེའི་གཅུང་བོ་དཀོན་མཆོག་རྒྱལ་མཚན་ནི་རིགས་འཛིན་ཞིང་མི་ཆོས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན། སྟག་འབར་ནི་ཡབ་ཀྱི་བྲི་ཀློག་བསླབ་པས་ཚེགས་མེད་པར་མཁས་པར་མཁྱེན། ལོ་བཅུ་དྲུག་ལ་ཚེ་སྐོང་དུ་བླ་མ་རྗེ་བཙུན་གྱི་དྲུང་དུ་ཕྱིན་ཏེ་ཇོ་མོ་གཡང་འགོས་ལ་མཇལ་སྣ་ཞུས་ཏེ་མཇལ་བས། བླ་མའི་ཞལ་ནས་ཁྱོད་ཀྱི་རུས་ཅི་ཡིན་གསུང་གྲོ་

(༥༩༦)ལགས་ཞུས་པས། ཕོ་བྲོ་སྟག་འབར་གྱིས་གསུང་ནས་མིང་དེ་ལྷར་ཆགས། དེ་ནས་བཟུང་ནས་བླ་མའི་སྤྱན་སྔར་འབྲལ་བ་མེད་པར་བཞུགས་ཤིང་སྨིན་གྲོལ་གྱི་གདམས་ངག་རྣམས་ཞུས། བླ་མའི་ཉེ་གནས་བགྱིས་ནས་གྲུངས་སྣའི་རས་ཆུང་ཕུག་པ། དགྱི་བཅུ་གསལ་རྗེ་རྩེ་དཀར་ཀོ་རོ་བྲག་རྣམས་སུ་བསྒྲུབ་པ་མཛད་ཅིང་། དེའི་རིན་ལ་རྗེ་བཙུན་གྱི་ཕྱག་ཆེན། ཆོས་དྲུག །ཕྱི་ལྟར་དོ་ཧ་བཤད་པའི་སྐོར། །ནང་ལྟར་སྒྲུབ་ཐབས་དབང་ཕྱག་ལེན་གྱི་སྐོར། གསང་བ་ལྟར་གདམས་ངག་དམར་ཁྲིད་ངོ་སྤྲོད་འབྲས་བུའི་སྐོར་དང་། གཞན་ཡང་ཤམ་བུའི་སྐོར་ལ་སོགས་པ་ཚང་བར་གནང་། དེ་ནས་སྒྲུབ་པ་ལ་ཚེ་སྐོང་། དགྱི་བཅུ། བྱེས་འགོལ་རྣམས་སུ་ཡུན་རིང་པོ་མཛད་པས་རྟགས་བཅུ་དང་ཡོན་ཏན་བརྒྱད་ལ་སོགས་པའི་དངོས་གྲུབ་ཀྱང་བརྙེས། གྲུབ་པ་ཐོབ་པས་ཀུན་གྱི་གཙུག་ཏུ་འཁུར་འགྲོ་དོན་རྒྱ་ཆེན་པོ་མཛད་པ་ཞིག་བྱུང་། ཕྱིས་བོལ་གྲོའི་གནས་གཞི་བཞེངས་ནས་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས་ཏེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པའི་ཐུགས་རྗེ་ཅན་ཞིག་བྱོན་ནོ། །མྱང་གོང་ངེས་པ་དང་། ལྡན་ཟ་ལྷ་བཟངས། །སྤྲེ་སྨྱོན་འབུམ་གྲགས། གཞི་སྐྱེས་ཡོན་བདག་རྣམས་ལའང་དབང་དང་གདམས་པ་མང་དུ་གནང་ཞིང་། ཁྱད་པར་དུ་ཏཱི་ཕུའི་དོ་ཧ་ཕྱག་ཆེན་ཆོས་དྲུག་བསྲེ་འཕོ་སྐོར་དྲུག་

(༥༩༧)བརྡའ་རྩ་ལ་སོགས་ཆོས་མཐའ་དག་ཁོང་དུ་ཆུད་ཅིང་བསྒོམས་སྟོབས་ཀྱི་ཡོན་ཏན་མཐར་ཕྱིན། རང་དོན་རྟོགས་པ་དང་ལྡན་ཞིང་རི་ཁྲོད་ཁོ་ན་འཛིན་པ། གཞན་ཡང་སྐལ་ལྡན་འགའ་ཟུང་འཁྲིད་ནུས་པའི་སྒོམ་ཆེན་བཟང་པོ་རེ་བྱུང་ཞིང་། དེར་སློབ་མ་དེ་རྣམས་ལ་ཆོས་ལ་བསྐུལ་བའི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། བྱིན་རླབས་ཀྱི་རྩ་བ་མོས་གུས་ཡིན། །ལྟེམ་རྐྱངས་ཀྱི་དབང་དུ་མ་སོང་བར། །གསོལ་བ་ཐོབ་ཅིག་སྤྲང་པོ་ཀུན། །ཐུགས་དགོངས་མཐོང་པ་ང་རང་ཤེས། །ཉམས་ལེན་རྩ་བ་གཉེན་པོ་ཡིན། །རྗེད་ངས་ཀྱི་དབང་དུ་མ་སོང་བར། །དྲན་པས་བཟུང་ཅིག་སྤྲང་པོ་ཀུན། །གོང་དུ་འཕེལ་བ་ང་རང་ཤེས། །དགེ་སྦྱོར་གྱི་རྩ་བ་སྙིང་རུས་ཡིན། །བློ་ཡང་གི་དབང་དུ་མ་སོང་བར། །སྡུག་སྲན་སྐྱེད་ཅིག་སྤྲང་པོ་ཀུན། །ཅི་བསམས་འགྲུབ་པར་ང་རང་ཤེས། །ཐབས་ལམ་གྱི་རྩ་བ་དམ་ཚིག་ཡིན། །གཡོ་རྒྱུའི་དབང་དུ་མ་སོང་བར། །ངོས་ལྐོག་བསྲུངས་ཤིག་སྤྲང་པོ་ཀུན། །ཉེས་ལྟུང་སེལ་བ་ང་རང་ཤེས། །བདེ་སྡུག་གི་རྩ་བ་རང་སེམས་ཡིན། །ཞེ་འདོད་ཀྱི་དབང་དུ་མ་སོང་བར། །མོས་གུས་སྐྱེད་ཅིག་སྤྲང་པོ་ཀུན། །རྟོགས་པ་འཆར་བར་ང་རང་ཤེས། །ཞེས་གསུངས་སོ། །ཡང་དེའི་དུས་ཤིག་གི་ཚེ་རྣལ་འབྱོར་ཕོ་མོ་རྣམས་ལོངས་སྤྱོད་འདུ་འཛི་རྣམ་གཡེང་གི་དབང་དུ་འགྲོ་ཞིང་འདུག་པ་

(༥༩༨)གཟིགས་བས་རང་གིས་རང་ལ་བསྐུལ་བའི་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ཁྱོད་ཚེ་འདི་རྒྱབ་ཏུ་མི་སྐྱུར་བར། །ད་རུང་འཇིག་རྟེན་གྱི་རྣམ་བཞག་སྐྱོང་། །འཆི་བ་རྒྱུད་ལ་མ་སྐྱེས་སམ། །ཁེ་དྲགས་ཅན་ཁྱོད་ལ་དོགས་པ་ཡོད། གཅིག་པོར་རི་ལ་མི་སྒོམ་པར། །ད་རུང་དགོན་པའི་འདུ་འཛི་སྐྱོང་། །སྲིད་པའི་མཚན་ཉིད་མ་གོ་འམ། །དགའ་ཞེན་ཅན་ཁྱོད་ལ་དོགས་པ་ཡོད། །སྤྱོད་ལམ་དམན་ས་མི་འཛིན་པར།། །ད་རུང་རང་གཞན་སྒྲོ་སྐུར་འདེབས། །རང་སྐྱོན་རང་གིས་མི་ནོན་ནམ། །སྨྲ་གཞི་མཁན་ཁྱོད་ལ་དོགས་པ་ཡོད། །ལྟོ་རྒྱབ་ལ་གྱོད་ཞིག་མི་འཁུར་བར། །ད་རུང་ཞིམ་དགུ་མངར་དགུ་འདོད། །དཀའ་ཐུབ་སྲངས་སུ་མ་ཚུད་དམ། །ཞིམ་ལྟོ་ཅན་ཁྱོད་ལ་དོགས་པ་ཡོད། །ཡང་དག་གི་བཤེས་གཉེན་མི་འཚོལ་བར། །ད་རུང་ཟོག་པོ་ཟོག་མོ་བསྟེན། །བླ་མའི་འདེམ་ཁ་མ་ཤེས་སམ། །ལས་མེད་པོ་ཁྱོད་ལ་དོགས་པ་ཡིན། །འོད་གསལ་རྒྱུན་ཆགས་མི་བསྒོམ་པར། །ད་རུང་ཞེ་འདོད་བར་ཆད་བསྒྲུབ། །རྟོགས་པའི་ཡེ་ཤེས་མ་ཤར་རམ། །གཡེང་བ་ཅན་ཁྱོད་ལ་དོགས་པ་ཡིན། །ཉམས་མྱོང་བྱུང་རྒྱལ་མི་སྐྱོང་བར། །ད་རུང་སྣང་བ་བགག་སྒྲུབ་བྱེད། །གང་ཤར་ཆོས་སྐུར་མ་ཤེས་སམ། །ཆོས་རྒྱུས་མེད་ཁྱོད་ལ་དོགས་པ་ཡིན། །བླ་མའི་མོས་གུས་མི་སྐྱོང་བར། །ད་རུང་ཡིག་ནག་གི་དཔེ་ཆ་བསོག །སྒྲོ་འདོགས་ནང་དུ་མཆོད་དམ། །

(༥༩༩)ཟིན་བྲིས་མཁན་ཁྱོད་ལ་དོགས་པ་ཡིན། །ཞེས་གསུངས་སོ། །དེར་སྐུ་མཚམས་ཤིན་ཏུ་དམ་པར་བཞུགས་ཤིང་ནུབ་ཅིག་ནམ་ཕྱེད་ཡོལ་གྱི་མནལ་དང་འོད་གསལ་འདྲེས་པའི་གཟིགས་སྣང་ལ། །ཆུ་བར་ན་ཤེལ་གྱི་མཆོད་རྟེན་འོད་ཀྱི་ནམ་མཁའ་གང་པ་ཅིག་མཁའ་འགྲོ་རྣམས་ཀྱི་སྟེགས་ནས། ཞིང་ཁམས་གཞན་དུ་གདན་དྲངས་འགྲོ་གྲབས་སུ་འདུག་པས་དེ་ལ་མཆེད་གྲོགས་རྡོ་རྗེ་སྤུན་རྣམས་དང་། རྗེ་བཙུན་གྱི་ཡོན་བདག་རྣམས་ཀྱི་གཙོ་བྱས་པའི་མི་ས་གཞི་གང་བ་དང་། ལྷ་དང་དཔའ་བོ་མཁའ་འགྲོ་མ་ནམ་མཁའ་གང་བས་དབྱངས་ལེན་ཅིང་མཆོད་པ་བསམ་གྱིས་མི་ཁྱབ་པ་འབུལ་ཞིང་འདུག་པ་ལ་རས་ཆུང་པས་ཀྱང་མཆོད་རྟེན་དེ་ལ་ཕྱག་ཕུལ་སྐོར་བ་བྱས་པས་མཆོད་རྟེན་དེའི་ནང་ནས་བླ་མ་རྗེ་བཙུན་ཉིང་དབུ་ཉང་མཛད་ནས་བུ་རས་ཆུང་པ་ཁྱོད་ལ་ཤོག་བྱས་པའི་དུས་སུ་མ་སླེབ་རུང་ད་ལན་ཕ་བུ་ཕྲད་པ་འདི་སེམས་སྤྲོ། ད་རང་རེ་ཕ་བུ་གཉིས་ཡང་ཡང་ཨེ་ཕྲད་མི་ཤེས་པས་དཀོན་པའི་འདུ་ཤེས་བསྐྱེད་ལ་གླེང་མོ་གྱིས་ཤིག་གསུང་ཕྱག་རས་ཆུང་པའི་དབུ་ལ་ཞུལ་ཞུལ་དང་མཉེས་མཉེས་མཛད་པ་ལ་ཤིན་ཏུ་དཀོན་པའི་འདུ་ཤེས་ཀྱིས་སྔར་དང་མི་འདྲ་བའི་དད་གུས་ཚད་མེད་འཁྲུངས། །མནལ་སད་པ་དང་སྔར་གྱི་གསུང་རྣམས་རྗེས་སུ་དྲན། བླ་མ་གྲོངས་ཡོད་པ་ནི་མིན་ནམ་སྙམ་པ་དང་། བཟོད་རླགས་

(༦༠༠)མེད་པའི་མོས་གུས་ཀྱི་ངང་ནས་གསོལ་བ་བཏབ་སྟེ། དུས་ལ་མ་སླེབ་རུང་མྱུར་དུ་མཇལ་བ་ལ་འགྲོ་དགོས་སྙམ་ཡོད་པའི་ཚེ། ནམ་མཁར་བུད་མེད་གཉིས་བྱུང་སྟེ། རས་ཆུང་པ་མྱུར་དུ་བླ་མ་དང་མཇལ་དུ་མ་ཕྱིན་ན། བླ་མ་དག་པ་མཁའ་སྤྱོད་དུ་གཤེགས་ནས་ཚེ་འདིར་མི་མཇལ་བ་འདུག་གོ། །ད་ལྟ་རང་སོང་ཞིག་ཟེར་བ་དང་། ནམ་མཁའ་འཇའ་འོད་ཀྱི་གང་བ་དང་། རྨི་ལྟས་དེས་བསྐུལ་ནས་བླ་མ་དྲན་དུ་རང་སོང་སྟེ་ད་ལྟ་རང་འགྲོ་དགོས་སྙམ་བཞེངས་ཏེ་བྱོན་པས་ལོ་རོ་དོལ་གྱི་བྱ་སྐད་རྣམས་ཨོ་ཅོར་རེ་བ་ལ་འདུག །རས་ཆུང་པས་ཀྱང་མོས་གུས་བླ་མའི་རྣལ་འབྱོར་གྱི་ངང་ནས། རླུང་དཔག་ཆེན་གྱི་མདའ་འཕངས་པ་འདྲ་བ་ཞིག་བཟུང་སྟེ་བླ་མ་དང་མཇལ་དུ་བྱོན་པས། བོང་འགྲོས་པའི་ཟླ་ལམ་གཉིས་ཀྱི་ས་སྔ་དྲོ་གཅིག་ལ་ཆོད་དེ་དིང་རི་དང་བྲིན་གྱི་སོ་མཚམས་པོ་སེ་ལའི་རྩེ་མོར་ཉི་མ་རྩེ་ཤར་ལ་ཕེབས་དེར་ཅུང་ཟད་ཅིག་བཞུགས་པས་ནམ་མཁའ་དང་བར་སྣང་རི་མགོ་དང་ས་གཞི་ཐམས་ཅད་ལྟས་བཟང་པོས་གང་བའི་གཟིགས་མོ་མཐའ་ཡས་པ་དེས་ཐུགས་སྤྲོ་བ་དང་སྐྱོ་བ་གཉིས་ཁ་བྱུང་། ཁྱད་པར་ཇོའོ་རབ་བཟངས་ཀྱི་རྩེ་ནས་འཇའ་འོད་སྤྲིན་གྱི་གུར་ཁང་ལ་རྟེན་པའི་ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པ་འདོད་ཡོན་ལྔའི་མཆོད་རྫས་དཔག་ཏུ་མེད་པ་ཐོགས་པ། དེ་རྣམས་ཆུ་བར་གྱི་ཕྱོགས་ལ་གུས་གུས་ཀྱི་ཕྱག་འཚལ་བ་དང་།

(༦༠༡)མཆོད་པ་འབུལ་ཞིང་སྨོན་ལམ་འདེབས་པ་དེ་དག་མཐོང་ནས་རྗེ་བཙུན་རས་ཆུང་པ་ཐེ་ཚོམ་ཟོས་ཏེ་ལྷ་རྣམས་ལ་ལྟས་བཟང་པོ་འདི་ལྟ་བུ་དང་ཁྱད་པར་ཁྱེད་རྣམས་ཀྱི་མཆོད་པ་འདི་སུ་ལ་འབུལ་བ་ཡིན་གསུངས་པས། དེའི་ནང་ནས་ལྷ་མོ་འགའ་ཞིག་ན་རེ་སྐྱེས་བུ་ཁྱོད་ཀྱི་མིག་དང་རྣ་བ་བཀག་ནས་སྡད་པ་ཡིན་ནམ། ལྟས་འདི་དག་ས་སྟེངས་ན་ལྷ་མི་ཀུན་གྱི་མཆོད་གནས་དམ་པར་གྱུར་པ་མི་ལ་བཞད་པ་རྡོ་རྗེ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་བྱོན་པ་ལ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱི་མཆོད་པ་འབུལ་བ་ཡིན། མི་རྣམས་ཀྱང་ཆུ་བར་ན་འཚོགས་ནས་མཆོད་པ་འབུལ་ཞིང་ཡོད་ཟེར་བ་ཐོས་ནས་ཐུགས་ཐོན་འགྲོ་བ་ལྟ་བུ་ཞིག་བྱུང་སྟེ། མྱུར་དུ་བྱོན་པས་ཆུ་བར་ཀྱི་ཡ་ཚད་ཉེ་འཁོར་གྱི་ལམ་ཁ་ན་ཕ་བོང་མཆོད་རྟེན་འདུམ་པོའི་ཞབས་འདྲ་བ་གཅིག་ཡོད་པ་དེའི་སྟེང་ན་རྗེ་བཙུན་ཕེབས་འདུག་སྟེ། ངའི་བུ་རས་ཆུང་པ་ཡོངས་པ་ཡིན་ནམ་གསུང་རྨི་ལམ་ལྟར་མཉེས་མཉེས་མཛད་ཅིང་འདུག་པ་ལ་རྗེ་བཙུན་སྐུ་ཡལ་བ་མི་བདེན་པར་འདུག་སྙམ་དགའ་སྤྲོ་དཔག་ཏུ་མེད་པ་ཅིག་བྱུང་སྟེ་ཞབས་སྤྱི་བོར་བསླང་གསོལ་བ་བཏབས་པས་གང་ཞུས་ཀྱི་ལན་ཐམས་ཅད་གནང་བར་མཛད། དེ་ནས་རྗེ་བཙུན་གྱི་ཞལ་ནས་བུ་རས་ཆུང་པ་རང་ཕྱི་ནས་ཤོག་ཅིག་ངས་ཁྱོད་ཀྱི་སྣ་ལེན་གྲབས་བྱས་ཡོང་གི་གསུང་སྔོན་ལ་ཕེབས་སོང་པ་སྐད་

(༦༠༢)ཅིག་ལ་མི་སྣང་བར་གྱུར་ཏོ། །དེར་རས་ཆུང་པས་ལམ་ལ་ཞུགས་ཏེ་ཆུ་བར་ལ་བྱོན་པས་རྗེ་བཙུན་གྱི་གཟིམས་ཕུག་ན་གྲ་བུ་སློབ་ཉམ་དང་བཅས་པ་རྣམས་འཚོགས་ཏེ་མྱ་ངན་གྱི་ངང་ནས་སྡུར་ལ་མཆོད་པ་འབུལ་བ་དང་ཐུག་བྱུང་པས། རས་ཆུང་པ་རྒྱུས་མེད་པའི་གྲ་པ་གཞོན་པ་འགས་བྲག་འགག་ཏུ་རྗེ་རས་ཆུང་པ་བཟུང་ནས་སྤུར་གྱི་དྲུང་དུ་མ་གཏང་བ་ལས་ཐུགས་ཤིན་ཏུ་སྐྱོ་བ་ཞིག་བྱུང་སྟེ། བླ་མ་ལ་སྨྲེ་སྔགས་ཀྱི་གདུངས་དབྱངས་ཀྱི་ཡན་ལག་བདུན་པ་འདི་ཕུལ་ལོ།། ༈ །།རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །ཐུགས་མཁྱེན་བརྩེ་ཆེན་པོའི་ངང་ཉིད་ནས། །འབངས་སྐལ་མེད་རས་ཆུང་རྡོར་གྲགས་ངའི། །ཉམས་ཐག་པའི་སྨྲེ་སྔགས་གསན་ལགས་སམ། །འོ་དོད་གདུངས་དབྱངས་ཐལ་ལོ་བླ་མ་རྗེ། །མཇལ་བར་འདོད་ནས་ཞབས་དྲུང་དུང་སྙགས། །བུ་བསོད་ནམས་མེད་པས་ཞལ་མ་མཐོང་། །ཕ་ཐུགས་རྗེས་གཟིགས་ཤིག་བཀའ་དྲིན་ཅན། །མཁྱེན་བརྩེ་ནུས་པ་ཀུན་ལྡན་པའི། །རྗེ་དུས་གསུམ་སངས་རྒྱས་ཁྱེད་ཉིད་ལ། །སྤྲང་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །མི་དགེ་ལོག་ལྟའི་སྡིག་པ་བཤགས། །མཛད་མཆོག་རྣམས་ལ་རྗེས་ཡི་རང་། །ཟབ་དོན་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་བཞུགས་སུ་

(༦༠༣)གསོལ། །སྒོམ་བསྒྲུབ་ལ་སོགས་དགེ་རྩ་རྣམས། །རྗེ་བཙུན་ཐུགས་དགོངས་རྫོགས་ཕྱིར་བསྔོ། །བསྔོ་བ་འགྲུབ་ན་སྐལ་དམན་ངས། །རྗེ་བཙུན་སྤུར་ཞལ་མཐོང་བར་ཤོག །དང་པོ་བླ་མའི་ཐུགས་ཟིན་པ། །ད་ལྟ་སྤུར་ལའང་མཇལ་དབང་མེད། །དངོས་སུ་མཇལ་བའི་སྐལ་མེད་ཀྱང་། །སྤུར་ཞལ་དངོས་སུ་མཐོང་བར་ཤོག། སྤུར་ཞལ་དངོས་སུ་མཐོང་ནས་ཀྱང་། །དངོས་སམ་ཉམས་ཀྱི་སྣང་བ་ལ། །རིམ་གཉིས་ཉམས་སུ་ལེན་པའི་ཚེ། །གེགས་སེལ་གཅེས་པའི་གདམས་ངག་ཞུ། །ཞུ་དོན་གསོལ་བ་བཏབ་པ་བཞིན། །བུ་ལ་བརྩེ་བས་མི་སྐྱོང་ན། །ཕ་ཡི་མཁྱེན་བརྩེས་སུ་ལ་སྐྱོང་། །ཕ་ཐུགས་རྗེའི་ལྕགས་ཀྱུས་མ་བཏང་པར། །previous hit མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །འབངས ་བློ་གྲོས་རྨོངས་པའི་རས་ཆུང་ལ། །རྗེ་དུས་གསུམ་མཁྱེན་པའི་ཐུགས་རྗེས་གཟིགས། །བུ་དུག་ལྔས་གཟེར་བའི་རས་ཆུང་ལ། །ཕ་ཡེ་ཤེས་ལྔ་ལྡན་ཁྱེད་ཀྱི་གཟིགས། །སྤྱིར་སེམས་ཅན་ཡོངས་ལ་ཐུགས་རྗེས་གཟིགས། །དགོས་རས་ཆུང་བདག་ལ་ཐུགས་རྗེས་གཟིགས། །ཞེས་པའི་སྨྲེ་སྔགས་ཀྱི་མགུར་དེ་ཕུལ་བས། །རས་ཆུང་པའི་གསུང་ལྷང་བྱུང་མ་ཐག་ཏུ་སྤུར་གྱི་ཞལ་རས་མདངས་ཡལ་ཡོང་བ་དང་སྤུར་ལ་མེ་རང་འབར་དུ་ཡོད་པ་དུས་མཉམ་དུ་བྱུང་ངོ། དེར་རས་ཆུང་པའི་གསུང་ཐོས་མ་ཐག་རས་པ་ཞི་བ་འོད་དང་།

(༦༠༤)དམ་རྫོང་སྟོན་པ་སེ་བན་རས་པ་ལ་སོགས་ཏེ་རྡོ་རྗེ་སྤུན་རྣམས་དང་། ཉམ་རྣམས་ཀྱི་བསུ་རུ་བྱོན་རུང་ཞལ་མི་མཚོན་པའི་རས་ཆུང་རྣམས་ཀྱི་སྤུར་གྱི་དྲུང་དུ་མ་བཏང་བས་ཐུགས་ཡུས་ཏེ་དབྱངས་མ་རྫོགས་ཀྱི་བར་དུ་འབྱོན་མ་ཉན། རས་ཆུང་པའི་མོས་གུས་ཆེན་པོའི་གདུང་དབྱངས་དེས་རྗེ་བཙུན་ཆེན་པོའི་ཐུགས་འོད་གསལ་དུ་ཐིམ་ཚར་ཚར་བ་སླར་ཡང་བཞེངས་ཏེ་གསུང་བྱོན་པ་ནི། རས་པ་གཞོན་པ་རྣམས་ལ་ཁོ་རེ་ཚོ་སྔར་གྱི་དེ་སྐད་མ་བྱེད། འབག་བརྒྱ་བས་སེངྒེ་གཅིག་དགའ་བ་དེ་རས་ཆུང་པ་ཡིན་པས་ཡར་ཐོང་ཅིག་གསུང་། རས་ཆུང་པ་ལ་ཡང་བུ་རས་ཆུང་པ་ཡང་དེ་ཙམ་ཡི་ཆད་མི་དགོས་ཡུས་ཀྱི་མ་རྣང་པར་ཕའི་གམ་དུ་ཤོག་ཅིག་གསུང་པའི་ཚེ། ཀུན་ཡ་མཚན་ཞིང་ཧ་ལས་པ་ལྟར་དགའ་བར་གྱུར་ཏོ། །དེ་ནས་རས་ཆུང་པས་རྗེ་བཙུན་ལ་འཆངས་ནས་མང་དུ་བཤུམས་ཤིང་ཐུགས་འོད་གསལ་དུ་ཐིམ་པ་དྲན་སོས་པ་དང་། གྲ་པ་བུ་སློབ་ཀུན་སྤུར་ཁང་གི་མདུན་ན་ཕར་སྒྲིགས་ནས་བཞུགས་པ་ལ། རྗེ་བཙུན་གྱི་སྙུན་བྲལ་ཟུང་འཇུག་རྡོ་རྗེའི་སྐུ་རང་བཞེངས་ནས་མེ་ལྕེ་རྣམས་ཕྱག་གིས་མནན་པས་པདྨ་འདབ་བརྒྱད་ལྟ་བུའི་དབུས་ན། སྐུ་ཟེའུ་འབྲུ་ལྟ་བུའི་ཞབས་ཕྱེད་ཀྲུང་ལོ་གེ་བ་དང་། ཕྱག་གཡས་བརྐྱངས་པའི་ཆོས་འཆད་ཀྱི་མེ་ལྕེ་མནན་ཞིང་། གཡོན་ཞལ་འགྲམ་སྐྱོར་བའི་ངང་ནས་བུ་སློབ་རྣམས་

(༦༠༥)ལ་རས་ཆུང་བའི་གླུ་ལན་མི་རྒན་ངའི་ཐ་ཚིག་འདི་ཉོན་ཅིག་གསུང་། །སྦུར་ཁང་ནང་ནས་རྡོ་རྗེའི་སྐུའི་མགུར་ནས་བྱུང་ཞིང་གསུང་ཐ་མ་སྙིང་པོ་གནད་དྲུག་གི་མགུར་འདི་གསུངས་སོ།། ༈ །།བུ་སྙིང་དང་འདྲ་བའི་རས་ཆུང་པ། །ཁ་ཆེམས་གདམས་ངག་གླུ་འདི་ཉོན། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །སྒྱུ་ལུས་ཀྱི་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་སྒྲུབ་སྒྲུབ་ནས། །འཇིག་རྟེན་བྱ་བ་ཐོངས་དུས་མེད། །འཇིག་རྟེན་བྱ་བ་ཐོང་ཅིག་རས་ཆུང་པ། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་ན། །རང་སེམས་དངོས་མེད་སྡིག་བོ་ཆེ། །ལུས་ཤ་ཁྲག་གི་རྗེས་སུ་འབྲང་འབྲང་ནས། །ཆོས་ཉིད་དོན་ལ་རྟོགས་དུས་མེད། །སེམས་ཉིད་བརྡར་ཤ་ཆོད་ཅིག་རས་ཆུང་པ། །བེམ་རིག་གཉིས་ཀྱི་སོ་མཚམས་ན། །རང་བྱུང་ཡེ་ཤེས་སྡིག་པོ་ཆེ། གློ་བུར་གྱི་རྐྱེན་ཁ་འགྲིམ་འགྲིམ་ནས། །སྐྱེ་མེད་ཀྱི་དོན་ལ་རྟོགས་དུས་མེད། །སྐྱེ་མེད་བཙན་ས་བཟུང་ཅིག་རས་ཆུང་པ། །ཚེ་འདི་ཕྱི་གཉིས་ཀྱི་སོ་མཚམས་ན། །བར་དོའི་རྣམ་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །གནས་ལུགས་དོན་ལ་རྟོགས་དུས་མེད། །གནས་ལུགས་གཏན་ལ་ཕོབ་ཅིག་རས་ཆུང་པ། །རིགས་དྲུག་འཁྲུལ་བའི་གྲོང་ཁྱེར་ན། །ལས་ངན་སྡིག་སྒྲིབ་ཚན་པོ་ཆེ། །ཆགས་སྡང་རྗེས་སུ་འབྲང་འབྲང་ནས། །མཉམ་པ་ཉིད་ལ་རྟོགས་དུས་མེད། །ཆགས་སྡང་སྤོངས་ཤིག་རས་ཆུང་པ། །

(༦༠༦)མི་མངོན་ནམ་མཁའི་དབྱིངས་ཞིག་ན། །རྫོགས་པའི་སངས་རྒྱས་ཞལ་བརྫུན་མཁན། །དྲང་དོན་གྱི་བསླུ་ཁྲིད་གསུང་གསུང་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཐ་སྙད་སྤོངས་ཤིག་རས་ཆུང་པ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཅིག་ཏུ་སྒྲིལ་ལས་གསོལ་བ་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་སྒྲིལ་ལས་ཉམས་སུ་ལོང་། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་སྒྲིལ་ལས་འདྲིས་སུ་ཆུག །དེ་གདམས་ངག་ཀུན་གྱི་ཐ་མ་ཡིན། །ཁ་ཆེམས་ཀུན་གྱི་འཇུག་མ་ཡིན། །དོན་དེ་ལས་མེད་དོ་རས་ཆུང་པ། །དེ་ཉམས་སུ་ལོང་ཅིག་ཕ་ཡི་བུ། །ཅེས་གསུངས་ནས་ཡང་འོད་གསལ་དུ་ཐིམ་མོ། །ཐིམ་མ་ཐག་སྤུར་ཁང་འཇའ་འོད་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་སྟེང་དུ་འཇའ་འོད་ཀྱི་གུར་དང་བླ་རེ། སྤུ་ཤུའི་རྩེ་མོར་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་རྫས་དཔག་མེད་ཀྱི་གང་པ་ཞིག་ཏུ་གྱུར་པ་དང་། མེ་ལྕེ་ཡང་རྩ་བ་ཐམས་ཅད་པདྨ་འདབ་བརྒྱད་ལ། རྩེ་མོ་བཀྲ་ཤིས་རྟགས་བརྒྱད་དང་རིན་ཆེན་སྣ་བདུན་ལ་སོགས་པའི་མཆོད་རྫས་སུ་འབར་བ་མེ་སྟག་ཐམས་ཅད་མཆོད་རྫས་དུ་མ་ཐོགས་པའི་ལྷ་མོ་མང་པོར་འཕྲོ་ཞིང་མཆོད་པ་དུ་མ་འབུལ་བ་དང་། མེ་འབར་བའི་སྒྲ་ཐམས་ཅད་པི་ཝང་གླིང་བུ་དུང་དང་ཌ་མ་རུ་ལ་སོགས་པའི་རོལ་མོའི་སྒྲ་སྙན་སྣ་

(༦༠༧)ཚོགས་སུ་འབྱུང་བ་དང་། །དུད་པ་རྣམས་ལས་དྲི་བཟངས་འབྱུང་ཞིང་འཇའི་གདུགས་རྒྱལ་མཚན་ལ་སོགས་པའི་མཆོད་སྤྲིན་སྣ་ཚོགས་སུ་འཁྲིགས་པར་གྱུར་ཏོ། །དེའི་ཚེ་སྤུར་ཁང་སྟེང་གི་ནམ་མཁའ་ལ་ལྷའི་བུ་དང་བུ་མོ་བུམ་པ་ཐོགས་པས་བདུད་རྩིའི་ཆར་རྒྱུན་དང་འདོད་ཡོན་ལྔའི་མཆོད་པས་ལྷ་མིའི་མཆོད་འོས་ཀུན་ཚིམ་པར་བྱས་སོ། །དེའི་ཚེ་གྲ་བུ་སློབ་ཉ་མར་བཅས་པ་ཀུན་གྱི་མཐོང་སྣང་ལ་སྤུར་ཁང་གཞལ་ཡས་ཁང་དུ་གཅིག་པ་ལ། པུར་འཁོར་ལོ་སྡོམ་པ་དགྱེས་པ་རྡོ་རྗེ། གསང་བ་འདུས་པ་རྡོ་རྗེ་ཕག་མོ་ལ་སོགས་དཀྱིལ་འཁོར་གཙོ་བོའི་ལྷའི་མཐོང་སྣང་མི་ཅིག་པ་དུ་མ་བྱུང་ངོ་། །དེའི་ཚེ་མཁའ་འགྲོ་མང་པོས་མགྲིན་ཅིག་ཏུ་སྡེབས་ནས་དབྱངས་འདི་སླངས་སོ།། ༈ །།རྗེ་ཡིད་བཞིན་ནོར་བུ་གཤེགས་ཤུལ་དུ། །ལ་ལ་དུ་ཞིང་ལ་ལ་འབོག །རྒྱལ་དེ་མྱ་ངན་བྱེད་དུས་འདིར། །རང་བྱུང་མེ་ནི་རང་འབར་གྱུར། །མེ་ལྕེ་པདྨ་འདབ་བརྒྱད་དང་། །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན། །ཡིད་འོང་མཆོད་རྫས་དུ་མར་འབར། །མེ་སྒྲ་དུང་དང་ཆ་ལང་དང་། །པི་ཝང་གླིང་བུ་ཏིང་ཏིང་ཤག །ཅང་ཏིའུ་རྔ་ཆུང་སྒྲ་སྙན་འཁྲོལ། །མེ་སྟག་སྐར་མདའ་འཕྲོས་བ་ལས། །ཕྱི་ནང་གསང་བའི་ལྷ་མོར་གྱུར། །བཀོད་ལེགས་མཆོད་པ་སྣ་ཚོགས་འབུལ། །དུ་བ་འཇའ་འོད་མཆོད་སྤྲིན་

(༦༠༨)འཁྲིགས། །གདུགས་དང་རྒྱལ་མཚན་བ་དན་དང་། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །ཡིད་འོང་མཁའ་འགྲོ་དུ་མ་ཡིས། །སྦུར་སྦྱངས་གདུང་ནི་བཤིག་ནས་ཁྱེར། །ཕུང་པོ་ལྷག་མེད་འགྲུབ་པ་ལ། །ཁྱེད་རྣམས་གདུང་ལ་བཞུ་སྦྱང་མཚར། །བླ་མ་ཆོས་སྐུའི་ནམ་མཁའ་ལ། །ལོངས་སྐུ་སྨོན་ལམ་མཆོད་སྤྲིན་འཐིབས། །སྤྲུལ་སྐུ་འཕྲིན་ལས་མེ་ཏོག་ཆར། །རྒྱུན་ཆད་མེད་པར་འབབ་པ་ཡི། །གདུལ་བྱའི་ལོ་ཐོག་སྨིན་པར་མཛད། །གང་ཡང་སྐྱེ་བ་མེད་པ་ཡི། །ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད། །སྟོང་པ་ཉིད་ལ་སྐྱེ་འགག་མེད། །སྐྱེ་ཞིང་འགག་པའང་སྟོང་ཉིད་རང་། །ཡིན་ཕྱིར་ཐེ་ཚོམ་སོམ་ཉི་སྤོངས། །ཅེས་པའི་དབྱངས་དེའི་རྗེས་སུ་ཉི་མ་དགོངས་མོར་སོང་བ་དང་མེ་འབར་བའི་རྣམ་པ་དེ་ཡང་ཞི་ནས་སྤུར་ཁང་ཕྱི་གསལ་ནང་གསལ་ཀུན་གྱི་ཐོགས་མེད་དུ་མཐོང་པ་ལ། གྲ་བུ་སློབ་ཉ་མ་དང་བཅས་པ་ཀུན་གྱི་སྤུར་གདུང་ལ་བལྟས་པས་སྤུར་ཁང་ནང་དུ་ལ་ལས་འོད་ཀྱི་མཆོད་རྟེན་ཆེན་པོ་ཞིག་མཐོང་། །དེ་བཞིན་དུ་ལ་ལས་འཁོར་ལོ་བསྡོམ་པ། དགྱེས་པ་རྡོ་རྗེ་གསང་བ་འདུས་པ། རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་སྐུ་དང་རྡོ་རྗེ་དྲིལ་བུ་བུམ་པ་ལ་སོགས་བའི་ཕྱག་མཚན་དང་། སྐུ་གསུང་ཐུགས་ཀྱི་ས་བོན་ལ་སོགས་དེ་ཡིག་འབྲུ་དང་། སྤུར་ཁང་འོད་ཀྱིས་གང་བ་དང་། །གསེར་བཙོ་མ་གང་བས་གང་པ་དང་། མཚོ་འཁྱིལ་བ། མེ་འབར་

(༦༠༩)བ། རླུང་གཡོ་བ། ཅི་ཡང་མི་སྣང་བ་དང་འདོད་ཡོན་ལྔའི་མཆོད་རྫས་ཀྱིས་གང་བ་ལ་སོགས་མཐོང་སྣང་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་ནས་གྲ་པ་བུ་སློབ་ཉ་མ་དང་བཅས་པ་རྣམས་ཀྱི་ནང་པར་སྤུར་ཁང་ཞལ་ཕྱེ་སྟེ། གདུང་དང་རིང་བསྲེལ་ལ་སོགས་པའི་མོས་གུས་ཀྱི་རྟེན་རྣམས་འགྱེད་ཏེ་ངོ་མཚར་ཅན་མང་པོ་འབྱོན་པར་འདུག་སྙམ་དགའ་ཡལ་ལེ་བའི་ངང་ནས། སྤུར་ཁང་ལ་མགོ་བསྟན་ནས་གཟིམས་པས། ཐམས་ཅད་རྣལ་དུ་སོང་བའི་ཚེ་ཐོ་རངས་རས་ཆུང་པ་རྣལ་སད་པའི་གཟིགས་སྣང་ལ་མཁའ་འགྲོ་སྡེ་ལྔ་དར་གྱི་ན་བཟའ་གསོལ་ཞིང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རང་འདྲ་བའི་འཁོར་སྔོ་སེར་དམར་ལྗང་དཀར་བ་དུ་མས་འདོད་ཡོན་ལྔའི་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་སྤུར་ཁང་ལ་མཆོད་པ་འབུལ་ཞིང་། གཙོ་མོ་རྣམས་ཀྱི་དར་དཀར་གྱི་ཡོལ་བས་སྤུར་ཁང་སྒྲིབས་པའི་ནང་ནས་འོད་དཀར་པོ་ཅིག་རིལ་གྱི་སྤྱན་འདྲེན་ཞིང་འདུག་པའི་གཟིགས་མོ་ལ་ཅུང་ཟད་ཡེངས། དེ་ནས་མཁའ་འགྲོས་གདུང་རིང་བསྲེལ་རྣམས་སྤྱན་འདྲེན་པ་སྲིད་སྙམ་བྱོན་པས། མཁའ་འགྲོ་རྣམས་ནི་ནམ་མཁར་བྱོན་སོང་། དེར་མཆེད་གྲོགས་རྡོ་རྗེ་སྤུན་རྣམས་བོས་ཏེ་སྤུར་ཁང་ལ་གཟིགས་པས་གདུང་ཐལ་ཙམ་ཡང་མ་ལུས་པར་གདན་དྲངས་ཚར་འདུག་པ་ལ། རས་ཆུང་པ་ཐུགས་སྐྱོ་ནས་

(༦༡༠)མཁའ་འགྲོ་རྣམས་ལ་ངེད་མི་རྣམས་ཀྱི་གདུང་སྐལ་དགོས་གསུངས་པས། མཁའ་འགྲོ་མ་རྣམས་ན་རེ་ཁྱེད་བུ་ཆེན་རྣམས་ལ་གདུང་དང་རིང་བསྲེལ་གྱི་དམ་པ་སེམས་ཆོས་སྐུར་ངོ་སྤྲད་པས་མི་ཆོག་ན་གསོལ་བ་ཐོབ་དང་རྗེ་བཙུན་གྱི་ཐུགས་རྗེས་གནང་དེ་འོང་གཞན་མི་རྣམས་ཀྱི་རྗེ་བཙུན་ཉི་ཟླ་ལྟ་བུ་ལ་མེ་ཁྱེར་གྱི་མཐོང་ཙམ་ཡང་མ་བྱས་པས་གདུང་དང་རིང་བསྲེལ་མི་ཡོང་། འདི་ངེད་རང་རྣམས་ཀྱི་སྐལ་བ་ཡིན་ཟེར་ནམ་མཁའ་ནས་སྡད་འདུག་པ་ལ་བདེན་སྙམ་གདུང་པའི་དབྱངས་ཀྱི་གསོལ་བ་འདི་ལྟར་གཏབ་བོ།། ༈ །།རྗེ་བླ་མའི་དྲུང་ན་བཞུགས་པའི་ཚེ། །དད་པས་ཅི་གསུང་བཀའ་བསྒྲུབས་པས། །ཟབ་དགུ་དོན་གྱི་གདམས་ངག་ཐོབ། །སྐལ་ལྡན་སྨིན་ཅིང་གྲོལ་མཛད་པ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །སེམས་ཅན་ཡོངས་ལ་།ཐུགས་རྗེས་བཟུང་། །རྗེ་གཅིག་པོར་རི་ལ་བཞུགས་པའི་ཚེ། །ཞེ་སྤྱད་དྲག་པོས་བསྒོམས་པའི་མཐུས། །གྲུབ་རྟགས་རྫུ་འཕྲུལ་མངོན་གྱུར་པའི། །རྒྱལ་ཁམས་ཡོངས་ལ་གྲགས་གྱུར་པ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །མཐོང་ཐོས་རྣམས་ལ་ཐུགས་རྗེས་བཟུང་། །རྗེ་བུ་སློབ་ནང་ན་བཞུགས་ཙ་ན། །ཉེ་རིང་མེད་པའི་ཐུགས་རྗེ་ཅན། །སྔོན་ཤེས་རིགས་པའི་ཡེ་ཤེས་རྒྱས། །འགྲོ་བའི་དོན་ལ་བརྩེ་བ་ཅན། །གདུང་དང་རིང་བསྲེལ་མོས་པའི་རྟེན། །སྐལ་ལྡན་བུ་ལ་ཐུགས་རྗེས་བཟུང་། །རྗེ་མང་པོའི་ཁྲོད་དུ་བཞུགས་ཙ་ན། །བྱང་སེམས་

(༦༡༡)རྒྱས་པའི་བཀའ་དྲིན་ཅན། །འབྲེལ་ཚད་ཐར་པའི་ལམ་ལ་འདྲེན། །སྡུག་བསྔལ་ཅན་ལ་ལྷག་པར་བརྩེ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །ནུས་པ་མེད་ལ་ཐུགས་རྗེས་བཟུང་། །རྗེ་སྒྱུ་མའི་སྐུ་ལུས་འདོར་བའི་ཚེ། །མཁའ་སྤྱོད་གྲུབ་པའི་རྣལ་འབྱོར་པ། །སྣང་སྲིད་ཆོས་སྐུར་སྒྱུར་མཛད་ཅིང་། །མཁའ་འགྲོ་ཡོངས་ཀྱི་གཙོ་བོ་ཡི། །གདུང་དང་རིང་བསྲེལ་མོས་པའི་རྟེན། །འདིར་འཚོགས་བུ་ལ་ཐུགས་རྗེས་བཟུང་། །ཅེས་དུ་འབོད་ཀྱི་གདུང་དབྱངས་ཀྱི་གསོལ་བ་བཏབ་པས་མཁའ་འགྲོའི་ཕྱག་གི་འོད་དེའི་ནང་ནས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བའི་རིང་བསྲེལ་བྱ་མོའི་སྒོ་ང་ཙམ་ཅིག་སྤུར་ཁང་གི་སྟེང་དུ་འོད་མེར་འཕྲོས་བྱུང་པ་ལ། བུ་ཆེན་རྣམས་ཀྱི་ཕྱག་རུབ་མཛད་ནས་ངའི་ཡིན་གསུང་བཞིན་གདན་འདྲེན་དུ་ཕྱིན་པས། རིང་བསྲེལ་དེ་སླར་ཡང་ནམ་མཁར་བྱོན་ནས་མཁའ་འགྲོའི་ཕྱག་གི་འོད་དེ་ལ་ཐིམ་པས། འོད་དེ་ཆ་གཉིས་སུ་ཕྱེ་སྟེ་ཆ་ཅིག་སེང་གེའི་ཁྲི་པདྨ་ཉི་ཟླ་དང་བཅས་པའི་གདན་དུ་གྱུར་པའི་སྟེང་དུ་ཆ་ཅིག་ཤེལ་དཀར་ལྟ་བུའི་མཆོད་རྟེན་ཕྱི་གསལ་ནང་གསལ་ཁྲུ་གང་ཙམ་ལ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་མཐའ་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། བང་རིམ་རྣམས་ན་རིམ་པ་བཞིན་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཁྲ་ལམ་མེ་གསལ་བ་ཅིག་དུ་གྱུར་པའི་ནང་ན་རྗེ་བཙུན་སྐུ་མཐོ་གང་ཙམ་ཞིག་ལ་མཁའ་འགྲོ་རྣམས་

(༦༡༢)ཀྱི་ཕྱག་འཚལ་མཆོད་པ་འབུལ་བ་ཞིག་གི་རམ་འདེགས་མཆོད་རྟེན་དེའི་དཀོན་གཉེར་གྱི་ཚུལ་དུ་འདུག་པའི་མཁའ་འགྲོ་གཉིས་ཀྱི་བྱས་ནས་མགུར་འདི་གསུངས་སོ།། ༈ །།བུ་བདེ་བ་སྐྱོང་དང་ཞི་བ་འོད། །དམ་རྫོང་སྟོན་པ་ལ་སོགས་པའི། །སྐལ་ལྡན་རས་པའི་བུ་སློབ་རྣམས། །མོས་གུས་གདུང་བ་དྲག་པོ་ཡི། །ཕ་ངའི་མིང་ནས་འབོད་བཞིན་དུ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །སེམས་ཅན་ཡོངས་ལ་གནང་དགོས་ཞེས། །གསོལ་བ་སྙིང་ནས་བཏབ་པའི་མཐུས། །ཐུགས་རྗེས་སྐུ་གསུམ་སྤྲུལ་པའི་རྟེན། །མཐོང་བས་འཁོར་བར་མི་ལྟུང་སྟེ། །དད་པ་བྱས་ན་རྫོགས་སངས་རྒྱ། །ཆོས་སྐུ་ཐིག་ལེ་ཉག་ཅིག་ལ། །རིང་བསྲེལ་བྱ་མོའི་སྒོ་ང་ཙམ། །འགྲོ་བ་ཡོངས་ཀྱི་མོས་པའི་རྟེན། །བདག་གིར་བྱས་པས་མི་ཐོབ་ཅིང་། །ཕལ་བའི་ཡུལ་དུ་ག་ལ་སྡོད། །འོན་ཀྱང་གསོལ་བ་བཏབ་གྱུར་ན། །ཐུགས་རྗེ་ཆུང་དུ་མི་འགྲོ་བ། །སངས་རྒྱས་སྤྱི་ཡི་དམ་ཚིག་ཡིན། །ཡི་དམ་བདེ་མཆོག་ཡབ་ཡུམ་ལ། །དུར་ཁྲོད་རུས་པའི་རྒྱན་གྱིས་མཛེས། །ནམ་མཁར་དཀྱིལ་འཁོར་རྫོགས་པ་ལ། །དཔའ་བོ་དཔའ་མོའི་མཆོད་སྤྲིན་འཁྲིགས། །ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ལྷ། །དབང་བསྐུར་དངོས་གྲུབ་མྱུར་དུ་འབྱུང་། །འདི་ལ་གསོལ་བ་འདེབས་ནུས་ན། །བྱིན་རླབས་ཆུང་དུ་མི་འགྲོ་བ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །ཐུབ་པ་ཆོས་སྐུའི་འཕྲིན་ལས་ཀྱིས། །

(༦༡༣)སྤྲུལ་སྐུ་སྣ་ཚོགས་ཅིར་ཡང་སྟོན། །ཤེལ་གྱི་མཆོད་རྟེན་ཁྲུ་གང་ལ། །མདོ་ཡི་སངས་རྒྱས་སྟོང་རྩ་དང་། །རྒྱུད་སྡེ་བཞི་ཡི་ཕྲ་གཏབ་སྟེ། །དངོས་སུ་བྱོན་པ་ངོ་མཚར་ཆེ། །མ་ཡེངས་གསོལ་བ་འདེབས་ནུས་ན། །འཕྲིན་ལས་ཆུང་དུ་མི་འགྲོ་བ། །ཆོས་སྐྱོང་སྤྱིའི་དམ་ཚིག་ཡིན། །བླ་མ་སྐུ་གསུམ་དབྱེར་མེད་ནི། །རྫུ་འཕྲུལ་བཀོད་པ་ཅིར་ཡང་སྟོན། །ཆུང་ལ་དོད་པའི་སྐུ་འབྲས་ཅན། །དངོས་སུ་བྱོན་པ་ངོ་མཚར་ཆེ། །མོས་གུས་གདུངས་བ་དྲག་པོ་ཡི། །སྙིང་ནས་གསོལ་བ་འདེབས་ནུས་ན། །དངོས་གྲུབ་ཆུང་དུ་མི་འགྲོ་བ། །གྲུབ་ཐོབ་ཡོངས་ཀྱི་དམ་ཚིག་ཡིན། །དམ་ཚིག་དངོས་སུ་བསྲུང་བ་ན། །དམ་ཅན་ཡོངས་ཀྱི་དངོས་གྲུབ་སྟེར། །གཅིག་པོར་རི་ཁྲོད་ཟིན་པ་ན། །མ་དང་མཁའ་འགྲོ་ངང་གིས་འཁོར། །ཆོས་ལ་ངོས་ལྐོག་མ་བྱས་ན། །མྱུར་དུ་འགྲུབ་པའི་སྔ་ལྟས་ཡིན། །ནང་དུ་སྐྱིད་འདོད་མི་འདུག་ན། །ཉོན་མོངས་རྩ་བ་བུད་པ་ཡིན། །བདག་དང་དངོས་པོར་མི་འཛིན་ན། །འདྲེ་བདུད་བར་ཆད་སང་པ་ཡིན། །ཕྱོགས་དང་རིས་སུ་མི་འདུག་ན། །ལྟ་བུ་ཡོངས་སུ་དག་པ་ཡིན། །འཁོར་འདས་སྟོང་པར་འཆར་ནུས་ན། །སྒོམ་པ་ཡོངས་སུ་དག་པ་ཡིན། །བརྟུལ་ཞུགས་ཁོང་

(༦༡༤)ནས་རྡོལ་བ་ན། །སྤྱོད་པ་ཡོངས་སུ་དག་པ་ཡིན། །བླ་མའི་ལུང་བསྟན་ཐོབ་པ་ན། །དམ་ཚིག་ཡོངས་སུ་དག་པ་ཡིན། །སེམས་ཅན་ཀུན་གྱི་དོན་གྲུབ་ན། །འབྲས་བུ་ཡོངས་སུ་དག་པ་ཡིན། །དཔོན་སློབ་ཐུགས་ཡིད་འདྲེས་པ་ན། །འབྲེལ་བ་ཡོངས་སུ་དག་པ་ཡིན། །རྟགས་དང་དངོས་གྲུབ་མཐོང་བ་ན། །སྣང་བ་ཡོངས་སུ་དག་པ་ཡིན། །དམ་ཚིག་ཉམས་མྱོང་དྲོད་རྟགས་ཆོས། །ཁྱེད་བུ་སློབ་རྣམས་ཀྱི་གདུང་སྐལ་མཛོད། །ཅེས་གསུངས་པའི་མཐར་མཁའ་འགྲོ་རྣམས་ཀྱི་མཆོད་རྟེན་དེ་བུ་སློབ་རྣམས་ལ་ལེགས་པར་བསྟན་ནས་རིན་པོ་ཆེའི་ཁྲིའི་སྟེང་དུ་བཞག་སྟེ། ཞིང་ཁམས་གཞན་དུ་གདན་འདྲེན་པའི་གྲབས་བྱེད་ཅིང་འདུག་པའི་ཚེ། རས་པ་ཞི་བ་འོད་ཀྱི་དུ་འབོད་གདུངས་དབྱངས་ཀྱི་གསོལ་བ་བཏབ་པས། དེའི་ལན་དུ་འདྲ་མིན་གོལ་ས་གཅོད་པའི་མགུར་གསུང་ཤིང་། འོད་ཟེར་འཕྲོ་འདུས་དེར་འཚོགས་པ་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་སོགས་རྒྱས་པར་རྗེ་བཙུན་ཆེན་པོ་རང་གི་རྣམ་ཐར་ན་གསལ་བ་ལྟར་དགོངས་རྫོགས་ཀྱི་བྱ་བ་རྣམས་མཐར་མ་ཕྱིན་གྱི་བར་དུ་རྗེ་བཙུན་རས་ཆུང་པས་ཀྱང་དེར་བཞུགས་སོ། །རྗེ་བཙུན་ཆེན་པོའི་གསུང་ལྟར་མཁའ་འགྲོས་བསྐུལ་ཏེ་མྱ་ངན་ལས་འདའ་ཁར་ཞལ་མཇལ་ཞིང་ཞལ་གདམས་ཐ་ཚིག་གསུངས་པའི་སྐོར་ཚོ་དེ་བཅུ་དྲུག་པའོ། །

(༦༡༥)བཅུ་བདུན་པ་ནི། དེ་ནས་རྗེ་བཙུན་རས་ཆུང་པས་གྲོགས་མཆེད་རས་པ་བགྲེས་གཞོན་ཐམས་ཅད་ལ་སྤྱིར་བླ་མའི་ཞབས་ཏོག་སྒྲུབ་པ་ལ་རང་འདོད་ཀྱི་འཁྲིས་མེད་པར་འཁོར་ལོ་གསུམ་གྱི་བྱ་བས་བསྟན་པ་དང་སེམས་ཅན་གྱི་དོན་ཅི་ནུས་སུ་བྱེད་པ་གལ་ཆེ། །ཁྱད་པར་མཆོག་ཏུ་རྗེ་བཙུན་གྱི་དགོངས་པ་དང་རྣམ་ཐར་སྒྲུབ་པ་ཁོ་ན་ཡིན་པས་སྒྲུབ་པ་གཙོ་བོར་འདོན་པ་ཅི་ནས་ཀྱང་གལ་ཆེ་ཞེས་བྱ་བ་ལ་སོགས་པའི་ཐ་ཚིག་ཞལ་ལྟ་ཞལ་བཀོད་རྒྱས་པར་མཛད། རས་པ་གསར་པ་ཐོགས་ཅིག་ལ་སོ་སོ་གང་ལ་གང་འདོད་ཀྱི་གདམས་ངག་དང་ཆོས་འབྲེལ་ལ་སོགས་པ་གནང་དེར་ཞལ་ལྟ་འདི་ཡང་མགུར་དུ་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། སྐུ་གསུམ་མངོན་གྱུར་ཆོས་ཀྱི་རྗེ། །འབྲེལ་ཚད་དོན་ལྡན་རིན་པོ་ཆེ། །བཞད་པ་རྡོ་རྗེའི་ཞབས་ལ་འདུད། །ཁྱེད་གསར་བུའི་རས་པ་ང་ལ་ཉོན། །འཁྲུལ་པ་རྩད་ནས་མཆོད་པར། །ལྟ་བ་རྟོགས་སོ་མ་ཟེར་ཨང་། །བློས་བྱས་ལྟ་བ་འཁྲུལ་པ་འདི། །སྣང་བ་རྒྱ་ཡིས་མ་ཐེབས་པར། །རྣལ་འབྱོར་ཡིན་ནོ་མ་ཟེར་ཅིག །ཤེས་བྱའི་རྫུན་ཕུགས་རྡིབ་པར་དཀའ། །དྲན་རྟོག་དབྱིངས་སུ་མ་ཡལ་བར། །དགེ་སྡིག་མེད་ཅེས་མ་ཟེར་ཅིག །སྤང་བླང་ཞིབ་པ་རྒྱུན་དུ་གཅེས། །དངོས་འཛིན་ནང་ནས་མ་ལོག་པར།

(༦༡༦)ཉམས་མྱོང་ཅན་ཡིན་མ་ཟེར་ཅིག །ཤེས་བྱའི་སྒྲིབ་པ་སྲ་ཞིང་འཁྲེགས། །རྟོགས་པ་མཐའ་རུ་མ་ཕྱིན་པར། །འཆི་བས་མི་འཇིགས་མ་ཟེར་ཅིག །གཟུང་འཛིན་འཁྲུལ་པ་གར་ཡང་སླེབ། །མངོན་ཤེས་རིམས་ཀྱི་མ་ཤེས་བར། །སྤྱོད་པ་ཐོ་ཅོ་མ་བྱེད་ཅིག །ལོག་པའི་ལམ་དུ་འགྲོ་ཉེན་ཡོད། །ཆོས་བརྒྱད་ཞེན་པ་མ་ཐེངས་བར། །རི་ཁྲོད་གནས་ནས་མ་འགྲོ་ཤིག །བདུད་ཀྱི་ཕག་ཏུ་ཚུད་ཉེན་ཡོད། །འབྲས་བུ་དོན་དང་མ་ལྡན་པར། །ང་རྒྱལ་ཁ་པོ་མ་ཆེ་མཛོད། །ཞེས་གསུངས་ནས། རྗེ་བཙུན་རས་ཆུང་པས་རང་གི་སྐུ་སྐལ་གྱི་བྱིན་རླབས་རྟེན་རྣམས་དང་། དྭགས་པོ་རིན་པོ་ཆེའི་བྱིན་རླབས་སྐུ་སྐལ་རྣམས་བསྣམས་ཏེ་དབུས་ཕྱོགས་ལ་བྱོན། དེར་ལམ་དུ་ལས་སྟོད་ཕྱོགས་ཀྱི་བུ་སློབ་འགའ་ཞིག་ལའང་གེགས་སེལ་བོག་འདོན་དང་ངོ་སྤྲོད་དོགས་པ་རྣམས་གནང་། སླར་དབུས་ལ་བྱོན་ཏེ་ཡར་ལུང་དུ་ཕེབས་ཚེ་མཉམ་མེད་སྒམ་པོ་པ་ཡང་ཅུང་ཟད་འཕྱིས་རུང་བླ་མའི་བཀའ་དྲན་ནས་ཡར་ཕེབས་པ་དང་ཡར་ལུངས་སུ་མཇལ་ཚེ། བྱིན་རླབས་རྟེན་སྐལ་གྱི་མཻ་ཏྲི་པའི་དབུ་ཞྭ་དང་། རྗེ་བཙུན་ལ་ཏི་ཕུ་པས་ཕུལ་བའི་ཨ་ཀ་རུའི་ཕྱག་མཁར་གཉིས་ཕུལ། ལོ་རྒྱུས་རྣམས་ཞིབ་ཏུ་གསུངས་པས་ཡུག་ཅིག་ཐུགས་དྲན་མེད་དུ་བརྒྱལ་སོང་པ་བཞེངས་པའི་མཐར་བླ་མ་ལ་སྨྲེ་སྔགས་ཀྱི་གསོལ་

(༦༡༧)འདེབས་མང་པོ་མཛད་པ་རྣམས་སྒམ་པོ་རང་གི་རྣམ་ཐར་ན་གསལ་ལོ། །དེ་ནས་སྒམ་པོ་པས་རྗེ་རས་ཆུང་པ་ཁོང་རང་གི་བཞུགས་གནས་སུ་གདན་དྲངས་ཏེ་སྔར་གསན་པའི་ཡོངས་གྲགས་ཀྱི་ཆོས་རྣམས་ཀྱི་གོ་བསྡུར་དོགས་གཅོད་ནན་ཏན་དང་། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་ཀྱི་དོན་ཚང་བ་ཤིན་ཏུ་བསྡུས་པ་ཞིག་རྗེ་བཙུན་ཆེན་པོས་གནང་འདུག་པའི་གསལ་འདེབས་དོགས་གཅོད་རྫོགས་པ་ཐུགས་ཚིམ་པར་མཛད། རྒྱས་པ་ཡོངས་རྫོགས་ལ་ནི་ཆིག་བརྒྱུད་ཀྱི་བཀའ་རྒྱ་ཡོད་པས་མ་གནང་། གཞན་ལུས་མེད་མཁའ་འགྲོའི་ཆོས་སྐོར་འགའ་དང་གེགས་སེལ་བོགས་འདོན་གྱི་གདམས་ངག་མང་དུ་གསན། རྗེ་བཙུན་རས་ཆུང་པས་ཀྱང་ཁོང་རང་བཞེད་པའི་ཆོས་དང་རྗེ་བཙུན་རང་གི་བྱིན་རླབས་སྐུ་སྐལ་རྗེ་བཙུན་ཆེན་པོའི་ན་བཟའ་རས་གོས་རྣམས་ཕུལ་ནས་ལོ་རོ་ཕྱོགས་ལ་ཕེབས་སོ། །དེ་ནས་བྱེས་འགོལ་དུ་བཞུགས་པའི་དུས་ཤིག་བླ་མ་ཐུགས་དམ་འཕེལ་བར་ཡོད་པ་ལ་རིན་ཆེན་གྲགས་ལ་ད་ནི་སྒོམས་ཤིག་སྒོམ་པའི་དུས་ལ་བབ་གདའ་གསུང་ནས་སྒོམ་དུ་བཅུག་པས་ཡོན་ཏན་དཔག་ཏུ་མེད་པ་སྐྱེས་ལྷག་མཐོང་གི་ཤེས་རབ་རྡོལ་ཏིང་ངེ་འཛིན་ལས་སུ་རུང་གསང་སྤྱོད་རོ་སྙོམས་ཀྱི་སྒོ་ནས་ལྷ་འདྲེ་དབང་དུ་

(༦༡༨)འདུས་ཤིང་ཆོས་བཤད་ནུས་པ་བྱུང་། སྒྱུ་ལུས་རྨི་ལམ་འབྱོངས་ཤིང་འོད་གསལ་མངོན་དུ་གྱུར་གྲུབ་པ་ཐོབ་པའི་རྟགས་དང་ཡོན་ཏན་མང་པོ་མངའ་སྟེ། ལོ་ཞེ་ལྔ་ལ་ནད་ལ་སོགས་པའི་གནོད་པ་མེད་པའི་ངང་ལ་སྤྱི་གཙུག་ནས་བླངས་པ་སྒྲ་འོད་ཟེར་དང་བཅས་ཏེ་གཤེགས་སོ། །སྐུ་གདུང་ལའང་འཇའ་འོད་ཀྱི་གུར་ཕུབ་པ་དང་། ལྷ་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། །དེར་རྗེ་བཙུན་རས་ཆུང་པའི་ཞལ་ནས་ད་ལན་སངས་རྒྱས་རང་ནི་མི་ཐོབ། སྐྱེ་བ་ཕྱི་མ་ལ་གཙང་ཕྱོགས་སུ་ངའི་སྙན་རྒྱུད་འཛིན་པའི་གང་ཟག་བཟང་པོ་ཞིག་ཏུ་སྐྱེ། །དེ་ནས་བཟུང་སྟེ་སྐྱེ་བ་བདུན་བར་མ་ཆད་པར་སྙན་བརྒྱུད་ཁོ་ནས་འགྲོ་དོན་བྱེད་པའི་གང་ཟག་ཁོ་ནར་སྐྱེ། དེ་ནས་ངའི་ཞིང་ཁམས་ལྕང་ལོ་ཅན་དུ་སངས་རྒྱ་བར་འགྱུར་གསུང་། །དེ་ནས་བྱེས་འགོལ་དུ་ཐུགས་དམ་མཛད་པའི་དུས་སུ་སྣང་བ་འདི་ཐམས་ཅད་ཚ་འུར་གྱི་སོང་དེ་ནས་དམར་མེ་རེ་རེ་བྱུང་ནས་སྣང་བ་ཐམས་ཅད་སྒྱུ་མར་ཤར་ཞིང་འབྱུང་བ་ལྔ་ལ་སོགས་མཐོང་ཚད་བརྡ་རུ་ཤེས་ཤིང་བདེ་སྟོང་གི་གྲོགས་སུ་སིང་སིང་འགྲོ་བ་བྱུང་། ཞག་གསུམ་གྱི་བར་དུ་བཞེས་པ་དྲངས་པ་དང་གཏོར་མ་ལ་སོགས་པ་མཛད་མི་མཛད་ཅི་ཞུས་ནའང་ལན་མི་གསུང་བར་སྣང་བ་འདི་ཇི་ལྟར་འདུག་གསུང་། ཡང་ཆབ་ཚ་ཞུས་པས་བཞེས་སུ་མ་

(༦༡༩)འདོད་ཅིང་། འདི་སྐད་གསུང་།། ༈ །།ས་ནི་སྒྱུ་ལུས་ཞེན་མེད་ཅིས། །ཆུ་ནི་ཟག་མེད་བདེ་རྒྱུན་འབབ། །མེ་ནི་བདག་ལྟའི་བུད་ཤིང་བསྲེག །རླུང་ནི་འོད་གསལ་འགྲོ་འོང་མེད། །ནམ་མཁའ་སྤྲོས་བྲལ་བརྗོད་དུ་མེད། །ཞེས་གསུངས་ཤིང་། ཁྱེད་རྣམས་ལ་སྣང་བ་འདི་ཅིར་སྣང་ང་ལ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་འབའ་ཞིག་ཏུ་འདུག་གསུང་ཞིང་། ཡང་འདི་སྐད་ཀྱང་གསུང་།། ༈ །།གཟུགས་ནི་སྣང་སྟོང་དབྱེར་མེད་ཅིང་། །སྒྲ་ནི་གྲག་སྟོང་བརྗོད་དུ་མེད། །རྟོགས་པ་བདེ་སྟོང་ཟུང་དུ་ཚུད། །དོན་ཆེན་རྟོགས་པའི་གང་ཟག་ལ། །རྩོལ་མེད་བྱང་ཆུབ་ལམ་པོ་ཆེ། །ཞེས་གསུངས་སོ། །གཞན་ཡང་ཐུགས་དམ་གྱི་ལྷ་ནི་བསམ་གྱི་མི་ཁྱབ་པ་དང་མི་དང་མི་ལབ་པ་བཞིན་དུ་བཞུགས་པར་གདའ། །དེར་བུ་སློབ་རྣམས་ལའང་ཆོས་དབང་གནང་བའི་དུས་སུ་ཅིག་ཆར་དུ་ངོ་འཕྲོད་པ་མང་དུ་བྱུང་ཞིང་། དག་པའི་སྣང་བ་ནི་བསམ་གྱིས་མི་ཁྱབ་པ་བྱུང་བས་ཐམས་ཅད་ཡོན་ཏན་དུ་མ་དང་ལྡན་པར་བཞུགས། དེའི་དུས་ཤིག་བླ་མས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། འཁྲུལ་པ་རྩད་ནས་ཆོད་ལགས་པས། །མ་རིག་འཁྲུལ་པ་བརྗེད་ནས་ཐལ། །སྐུ་གསུམ་འབྲལ་མེད་དོན་རྟོགས་པས། །བསྒོམ་བློའི་ཤེས་པ་བརྗེད་ནས་

(༦༢༠)ཐལ། །ཞེན་མེད་ཉམས་སུ་ལེན་ལེན་ནས། །ལོག་འཚོ་ལོངས་སྤྱོད་བརྗེད་ནས་ཐལ། །སྙན་བརྒྱུད་གདམས་ངག་སེམས་སེམས་ནས། །ཡིག་ནག་ཟིན་བྲིས་བརྗེད་ནས་ཐལ། །རང་སེམས་གཏན་ལ་འབེབས་འབེབས་ནས། །རྒྱུད་འགྲེལ་ཐ་སྙད་བརྗེད་ནས་ཐལ། །སྒྱུ་ལུས་སྒོམ་པ་བྱེད་བྱེད་ནས། །བདེ་འཇམ་སྒོམ་པ་བརྗེད་ནས་ཐལ། །གཅིག་པུར་ཉམས་སུ་ལེན་ལེན་ནས། །འཁོར་མང་ངོ་བསྲུངས་བརྗེད་ནས་ཐལ། །དམིགས་པ་མེད་པར་འཁྱམ་འཁྱམ་ནས། །ཐེར་ཟུག་སྡོད་པ་བརྗེད་ནས་ཐལ། །དམན་པའི་སྤྱོད་པ་བྱེད་བྱེད་ནས། །མི་ཆེན་རེ་བ་བརྗེད་ནས་ཐལ། །འདི་དང་ཕྱི་མ་བར་དོ་གསུམ། །མཉམ་པ་ཉིད་དུ་སྒོམ་སྒོམས་ནས། །འཆི་བས་འཇིགས་པ་བརྗེད་ནས་ཐལ། །ཞེས་གསུངས་སོ། །དེ་རྣམས་ནི་སྣང་བ་བདེ་བར་ཤར་བའི་ཡོན་ཏན་ནོ། །དཔའ་བོ་དཔའ་མོའི་བརྡ་བཀྲོལ་བའི་ཡོན་ཏན་ནི། བྱེས་འགོལ་ཕུའི་མོ་ཆེ་ན་བཞུགས་པའི། སྐྱེས་པ་རས་གོས་གྱོན་པས་ནང་ཁེངས་པ་བྱུང་། འདི་རྣམས་ཅི་ཡིན་གང་ནས་འོངས་སྙམ་ཙ་ན་ཁོང་རྣམས་གྲལ་ཁད་ཀྱི་མཛད་ནས། དེ་རྣམས་མགྲིན་གཅིག་ཏུ་བྱས་ཏེ་འདི་སྐད་ཅེས་ཟེར་རོ།། ༈ །།ཀྱེ་ཧོ་རྗེ་བཙུན་རས་ཆུང་པ། །ཁང་སྟོང་གཅིག་ན་གནད་པ་གཅིག །ནད་དུ་ཅི་ཞིག་ན་བ་

(༦༢༡)ཡིན། །ལམ་འཕྲེང་དོག་པོའི་སྒོ་ཁྱི་དེ། །ཟ་བ་ཅི་ལ་ཟ་བ་ཡིན། །ཐང་ཁ་གཅིག་ལ་ངམ་འབྲོག་གཅིག །ཅི་ཞིག་ལ་ནི་སྣང་བ་ཡིན། །ཐར་དང་མ་ཐར་གཉིས་པོ་ནི། །གང་ཐར་གང་མ་ཐར་བ་ཡིན། །གཡུ་འབྲུག་ཆེ་ལ་ཆར་མེད་པ། །ཅིའི་གནད་ཀས་མེད་པ་ཡིན། །མི་རོ་གཅིག་ལ་བུ་ཆུང་རྩེ། །རྩེད་མོ་ཅི་ལ་རྩེ་བ་ཡིན། །འགྲོ་བའི་ངོ་བསྲུངས་བྱེད་པ་དེ། །རང་དོན་ཤོར་བ་མ་ཚོར་བ། །ཅི་ཡི་གནད་ཀས་མ་ཚོར་ཡིན། །རྒྱ་མཚོའི་གཏིང་གི་རིན་ཆེན་རྡོ། །གཏིང་གསལ་ཁ་ལ་མི་གསལ་བ། །ཅིའི་གནད་དཀས་མི་གསལ་ཡིན། །རྟོགས་པ་གཏན་པོར་མ་གྱུར་བར། །ཚོགས་གཉིས་བསོག་ཐབས་ཇི་ལྟར་ཡིན། །དེ་རྣམས་སྐུངས་སར་ཤོར་བ་ན། །སེམས་ཅན་འགྲོ་དོན་ཇི་ལྟར་འབྱུང་། །རྟོགས་ཚད་བཅུའི་དྲི་བ་འདི། །རྗེ་བཙུན་ཐུགས་ལ་ཇི་ལྟར་དགོངས། །ཞེས་ཟེར་བ་ལ་འོ་ན་དཔའ་བོའི་བརྡ་འདྲ་བར་འདུག་དགོངས་ནས་ལན་གསུངས་པ། ༈ །ཀྱེ་ཧོ་དགོངས་དང་དཔའ་བོའི་ཚོགས། །ཁམས་གསུམ་འཁོར་བའི་ཁང་པ་ན། །མ་རིག་པའི་སེམས་ཉིད་ན། །བསྐྱེད་རྫོགས་གཉིས་ཀྱི་ལམ་འཕྲང་ན། །བསོད་ནམས་ཆེ་ཆུང་ནུས་པ་འབྱུང་། །ཤེས་པ་བཤེས་གཉེན་ཉམས་མྱོང་བཟང་། །ཉམས་ལ་ཞེན་པའི་གང་ཟག་ལ། །ང་རྒྱལ་སྒོ་ཁྱི་ཟ་བ་ཡིན། །

(༦༢༢)མ་དག་པ་ལ་ངམ་འགྲོག་སྣང་། །དག་པ་ཡེ་ཤེས་སྣང་བས་ཏེ། །འདབ་གཤོག་ལྡན་ལ་ཐོགས་རྡུགས་མེད། །རྟོགས་ཤིང་བརྟན་པའི་རྗེ་བཙུན་ཐར། །རྟོགས་པས་བདག་གཞན་འབྲས་བུ་འགྲུབ། །ཐ་སྙད་མཁས་ལ་ཕྱོགས་རིས་ཆེ། །སྐུ་གསུམ་འབྲས་བུ་མེད་པ་ཡིན། །སྣང་བ་རྟོག་མེད་མི་རོ་ལ། །རྣལ་འབྱོར་ཉམས་ཀྱི་བུ་ཆུང་རྩེ། །འཕགས་པའི་ཐུགས་རྗེ་མ་འགགས་པས། །མ་རྟོགས་སེམས་ཅན་དོན་བྱེད་ཀྱང་། །སེམས་ལས་བྱུང་བའི་དྲན་པ་ནི། །སྣ་ཚོགས་སེམས་ཀྱི་རྩེད་མོར་ཤེས། །སྙིང་པོ་དོན་གྱི་སེམས་ཉིད་དེ། །ཀུན་ལ་ཡོད་དེ་རྟོགས་པ་མེད། །གདམས་ངག་ཅན་ལ་གསལ་དེ་མཆི། །བསོད་ནམས་ལས་ནི་བསོད་ནམས་ཏེ། །ཡེ་ཤེས་ལས་ནི་ཡེ་ཤེས་འབྱུང་། །ཚོགས་གཉིས་རྩེ་སྒྲགས་གསོག་པ་ཡིན། །དཔེར་ན་ནོར་བུ་རིན་ཆེན་དེ། །རྩོལ་མེད་སེམས་ཅན་དོན་འབྱུང་ལྟར། །དེ་བཞིན་ཆོས་སྐུ་འགྱུར་མེད་ལས། །འབད་རྩོལ་མེད་པར་གཟུགས་སྐུ་གཉིས། །སྐལ་ལྡན་སྣང་བར་ཤར་བ་ཡིན། །རྟོགས་ཚད་བཅུ་ཡི་དྲི་བ་དེ། །རྣལ་འབྱོར་བདག་གི་དེ་ལྟར་རྟོགས། །ཞེས་གསུངས་པས། དཔའ་བོའི་ཚོགས་ཐམས་ཅད་ངོ་མཚར་སྐྱེས་ནས་ཕྱག་གྱང་འགྱེལ་བ་བཞིན་དུ་བཙལ་ཏེ། །རང་བཞིན་གནས་སུ་ཡལ་ལོ། །ཡང་ཕུག་མོ་ཆེ་ན་ཐུགས་དམ་ལ་

(༦༢༣)བཞུགས་ཡོད་པའི་དུས་ཤིག །ཛེ་མོ་གཡང་འགོས་མའི་བུ་མོས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་མཆོད་ཅིང་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་མི་ཐམས་ཅད་གྱེས་པའི་ཤུལ་དུ། བུད་མེད་རྒྱན་དང་བཅས་པ་མང་དུ་བྱུང་ནས་ཐམས་ཅད་མགྲིན་གཅིག་ཏུ་བྱས་ཏེ་འདི་སྐད་ཟེར། ༈ །ཀྱེ་ཧོ་རྗེ་བཙུན་རས་ཆུང་པ། །མདུང་མེད་ནམ་མཁར་ཅི་ལ་བསྐོར། །བྱད་མེད་མེ་ལོང་ཅི་ལ་བལྟ། །ལུས་མེད་སྐས་ལ་ཇི་ལྟར་འཛེག །ཆུ་མེད་གྲུབ་རྫིངས་ཅི་ལ་གཏོང་། །ཉིན་མོ་མར་མེ་ཅི་ལ་འདེགས། །ལྗོན་ཤིང་གྲིབ་མས་ཅི་ཞིག་སྐྱོབ། །བརྡ་དོན་དྲུག་གི་དྲི་བ་སྟེ། །རྗེ་བཙུན་ཐུགས་ལ་ཇི་ལྟར་དགོངས། །ཞེས་དཔའ་མོས་བརྡ་དྲིས་པ་ལ། རྗེ་བཙུན་གྱི་ལན་གསུངས་བ།། ༈ །།ཀྱེ་ཧོ་ཉོན་ཅིག་དཔའ་མོའི་ཚོགས། །ལྟ་བ་ནམ་མཁའི་མདུང་བསྐོར་བྱེད། །དམ་ཚིག་རང་སེམས་མེ་ལོང་བལྟས། །སྨིན་གྲོལ་བྱང་ཆུབ་སྐས་ལ་འཛེག །གྲུ་རྫིངས་འཁོར་བའི་རྒྱ་མཚོ་སྒྲོལ། །སྒྲོན་མེ་མ་རིག་མུན་པ་སེལ། །སྣོད་ལྡན་ལྗོན་ཤིང་ཆོས་ཀྱིས་སྐྱོབ། །བརྡ་དོན་དྲུག་གི་དྲི་བ་དེ། །རྣལ་འབྱོར་བདག་གི་དེ་ལྟར་གོ། ཞེས་གསུངས། དཔའ་མོའི་ཚོགས་ཐམས་ཅད་ངོ་མཚར་རབ་ཏུ་སྐྱེས་ཏེ་ཕྱག་གྱང་འགྱེལ་བ་བཞིན་དུ་བརྩལ་ནས་རང་བཞིན་

(༦༢༤)གྱི་གནས་སུ་གཤེགས་སོ། །ཡང་ཕུག་མོ་ཆེ་ན་བཞུགས་པའི་དུས་ཤིག །བཀའ་གདམས་པའི་དགེ་བཤེས་གཅིག་དང་སྔགས་པ་གཅིག་སྟེ་ཁོང་གཉིས་ཀྱི་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་མཆོད་ཅིང་ཚོགས་ཀྱི་འཁོར་ལོ་ཆེན་པོ་བྱས་པའི་ཕྱི་ནུབ་ཅིག །སྐྱེས་པ་རིགས་མི་གཅིག་པ་མང་པོ་བྱུང་སྟེ་གཡས་གྲལ་དུ་འཁོད། བུད་མེད་ཤིན་ཏུ་མང་བ་བྱུང་སྟེ་གཡོན་གྲལ་དུ་འཁོད། །དེ་ཐམས་ཅད་མགྲིན་གཅིག་ཏུ་བྱས་ནས་འདི་སྐད་ཟེར་རོ།། ༈ །།ཀྱེ་ཧོ་རྗེ་བཙུན་རས་ཆུང་པ། །སྨྱོན་པ་གོས་བྲལ་ཅི་ལ་བྲལ། །རི་དྭགས་མིག་སྒྱུ་ཅི་ལ་སྙག །ལུས་མེད་ཆུ་ཟླ་ཅི་ལ་འཛིན། །བུ་ཆུང་ཞེན་བྲལ་ཅི་ལ་བྲལ། །ཆུ་དང་འོ་མ་ཅི་ལ་བསྲེ། །དམུས་ལོང་མདའ་འཕེན་ཅི་ལ་འཕེན། །མཛུབ་མོས་ཟླ་བ་ཅི་ལ་སྟོན། །ཤ་ཕྱིར་ཁྱི་རྒྱུག་ཅི་ལ་རྒྱུག །ཀེང་རུས་འཐོར་བ་ཅི་ལ་འཐོར། །རོ་དང་མི་འགྲོགས་ཅིས་མི་འགྲོགས། །བརྡ་བཅུ་དོན་གྱི་དྲི་བ་འདི། །རྗེ་བཙུན་ཐུགས་ལ་ཇི་ལྟར་དགོངས། །ཞེས་དྲིས་པ་ལ། རྗེ་བཙུན་གྱི་ལན་གསུངས་པ།། ༈ །།ཀྱེ་ཧོ་དཔའ་བོ་དཔའ་མོའི་ཚོགས། །ལྟ་བ་སྨྱོན་པ་བཟའ་གཏད་བྲལ། །སྒོམ་པ་རི་དགས་མིག་སྒྱུ་སྙག །སྤྱོད་པ་ཆུ་ཟླ་ངོས་བཟུང་མེད། །འཕྲས་བུ་བུ་ཆུང་ཞེན་དང་བྲལ། །སྣང་སེམས་ཆུ་དང་འོ་མ་བསྲེ། །ཐ་སྙད་

(༦༢༥)དམུས་ལོང་མདའ་འཕེན་ཞིང་། །དོན་སྒོམ་འཛུབ་མོས་ཟླ་བ་མཚོན། །ཉམས་མྱོང་ཤ་ཕྱིར་རྟོགས་པ་རྒྱུག །ཕྱི་རུ་ཀེང་རུས་སྐམ་པོ་འཐོར། །ནང་དུ་རོ་དང་སེམས་མི་འགྲོགས། །ཅེས་གསུངས་པས། དཔའ་བོ་དཔའ་མོའི་ཚོགས་ཐམས་ཅད་ཤིན་ཏུ་གུས་པར་གྱུར་ནས་ཕྱག་མང་དུ་འཚལ་ཞིང་། ཚོགས་དང་མཆོད་པ་རྒྱ་ཆེན་པོ་བཤམས་ནས་རང་བཞིན་གྱི་གནས་སུ་གཤེགས་སོ། །དེ་དག་ནི་ཐབས་དཔའ་བོའི་བརྡ་དཀྲོལ་བ་ཤེས་རབ་དཔའ་མོའི་བརྡ་དཀྲོལ་བ་གཉིས་མེད་ཟུང་འཇུག་གི་བརྡ་དཀྲོལ་བའི་ཡོན་ཏན་ནོ། །དེ་ནས་སྐུ་མཚམས་གྲོལ་ནས་ཕུག་མོ་ཆེའི་སྟེང་ཞིག་ན་ས་བདེ་མོ་ཞིག་ཡོད་པས་དེ་རུ་བུ་སློབ་རྣམས་ཀྱི་ཚོགས་འཁོར་ཞིག་ཞུས་ཤིང་། ཆོས་དང་གདམས་པ་རྣམས་ལའང་ཞུ་ཐིག་ལེགས་པར་བྱས་ནས་ལྟ་སྒོམ་སྤྱོད་པ་དོན་གནད་དུ་སྒྲིལ་བ་གཅིག་ཞུ་ཞུས་པ་ལ། བླ་མས་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། ལྟ་བ་འདི་ལ་དཔེ་གསུམ་གདའ། །སེམས་འགྱུར་མེད་སྟོང་པའི་རང་བཞིན་ནི། །ཕྱི་ནང་སྣང་སྲིད་ཀུན་ལ་ཁྱབ། །དཔེར་ན་ས་གཞི་ལྟ་བུར་འདུག །སྐྱེ་མེད་རྟོགས་པའི་ཤེས་རབ་འདི། །མུན་ཁུང་བཏེག་པའི་སྒྲོན་མེ་འདྲ། །དཔེར་ན་ཁྲི་གདུགས་ལྟ་བུར་འདུག །དུས་གསུམ་

(༦༢༦)ཡིད་ལ་མི་བྱེད་པ། །འགྱུར་མེད་བློ་འདས་ལྟ་བ་འདི། །དཔེར་ན་ནམ་མཁའ་ལྟ་བུར་འདུག །འདི་གསུམ་ལྟ་བའི་དཔེ་རུ་གོ། དྲན་བརྗེད་གཉིས་ཀྱི་སོ་མཚམས་ན། །སྐྱེ་བ་མེད་པའི་སྒོམ་ཆེན་བཞུགས། །དཔེར་ན་བར་སྣང་ལྟ་བུར་འདུག །སེམས་ཉིད་རྒྱ་མཚོ་ལྟ་བུ་ལ། །ཚོགས་དྲུག་སྣང་བ་ཧད་པོར་ཐལ། །དཔེར་ན་བུ་ཆུང་ལྟ་བུར་འདུག །སྣང་བ་དགག་ཀྱང་མི་དགག་སྟེ། །སྣང་བ་སྒྲུབ་ཀྱང་མི་སྒྲུབ་པོ། །དྲན་རྟོག་ཆོས་ཀྱི་དབྱིངས་སུ་ཡལ། །དཔེར་ན་ན་བུན་ལྟ་བུར་འདུག །འདི་གསུམ་སྒོམ་པའི་དཔེ་རུ་གོ། །དོན་དེ་ལྟ་བུ་གཅིག་རྟོགས་ཙ་ན། །ནགས་ལ་མེ་ལྕེ་མཆེད་པ་བཞིན། །ཅིར་སྣང་སྟོང་པ་ཉིད་ཀྱི་གྲོགས། །དཔེར་ན་གྲོགས་པོ་ངོ་ཤེས་འདྲ། །ཞིང་ས་ཆུ་ལུང་བརྟེན་པ་བཞིན། །འདོད་ཡོན་ཞེན་མེད་རྒྱན་དུ་ཆེ། །མི་འཆིང་གྲོགས་སུ་འགྱུར་བ་སྟེ། །དཔེར་ན་འདམ་སྐྱེས་མེ་ཏོག་འདྲ། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ཚོགས་དྲུག་ཐུག་ཕྲད་ངོ་ཤེས་པས། །སྣ་ཚོགས་སྣང་ཡང་གནོད་རྒྱུ་མེད། །དཔེར་ན་རྐུན་མ་ངོ་ཤེས་འདྲ། །འདི་གསུམ་སྤྱོད་པའི་དཔེ་རུ་གོ། །དྲན་མེད་དབྱིངས་སུ་གནས་པའི་སེམས། །ཡིད་བཞིན་ནོར་འདྲ་སྤྲུལ་པའི་སྐུ། །སྐྱེ་མེད་དབྱིངས་སུ་གནས་པའི་སེམས། །ནམ་མཁའ་ལྟ་བུའི་ལོངས་སྤྱོད་སྐུ། །བསམ་དུ་མེད་ཅིང་བློ་ལས་འདས། །དཔེ་དང་བྲལ་བ་ཆོས་

(༦༢༧)ཀྱི་སྐུ། །འདི་གསུམ་འབྲས་བུའི་དཔེ་རུ་གོ། འདི་ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཁྱབ་པར་ཡོད་དེ་ངོ་མ་ཤེས། །དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱི། །སེམས་ཀྱི་དྲན་པ་མི་ཁེགས་པས། །མོས་པ་སྣ་ཚོགས་གཟིགས་ནས་ཀྱང་། །སྤྲུལ་པ་སྣ་ཚོགས་བསྟན་པ་ལགས། །ཞེས་གསུངས་ནས་སྐལ་ལྡན་གྱི་བུ་སློབ་ཀུན། ཁོ་བོས་ཀྱང་བླ་མ་གྲུབ་ཐོབ་མང་དུ་བཙལ། གདམས་ངག་ལ་ནན་ཏན་བྱས་ཤིང་རི་ཁྲོད་དུ་བསྒོམ་སྲན་སྐྱེད། ཁམས་གསུམ་གྱི་སེམས་ཅན་རྣམས་བློ་ཕུགས་སུ་བཅུག །ཚེ་འདིའི་བྱ་བ་བློས་བཏང་ནས་ནམ་ཡང་བླ་མའི་བཀའ་ལས་མ་འདས་ཤིང་ཚེ་དང་སྒྲུབ་པ་མཉམས་པ་ཡིན། ཁྱེད་རྣམས་ཀྱང་ཁོ་བོས་བྱིན་གྱིས་བརླབས་པའི་སྒྲུབ་གནས་རྣམས་དང་རི་ཁྲོད་དབེན་པ་རྣམས་སུ་གདམས་པ་རྣམས་ཉམས་སུ་ལོང་དང་ཡོན་ཏན་ཞིག་ནང་ནས་འཆར་གྱི་སྒྲུབ་གནས་འདི་ཉིད་དུའང་ཁོ་བོའི་སྤྲུལ་པ་འབྱུང་ཞིང་སྒྲུབ་རྒྱུད་དང་བ་དང་། གཞན་ཡང་གང་ལ་གང་འདུལ་དེ་དང་དེའི་རྣམ་པར་འཁོར་བ་མ་སྟོངས་ཀྱི་བར་དུ་ཁོ་བོའི་སྤྲུལ་པ་ནི་རྒྱུན་མ་ཆད་པར་འབྱུང་བས་དགའ་བར་གྱིས་ཤིག་གསུངས་སོ། །དེ་ནས་བུ་སློབ་རྣམས་ཀྱི་བྱེས་འགོལ་དུ་སྤྱན་དྲངས་སློབ་མ་རྣམས་ལའང་ཆོས་དང་གདམས་པ་གནང་ཞིང་བཞུགས་པའི་དུས་ཤིག །

(༦༢༨)ཉིན་རེ་བཞིན་སྐུ་འཆག་པ་ལ་བྱེས་འགོལ་ཤར་གྱི་རི་ཟུར་གཅིག་བརྒལ་ཞིང་ཟུར་ཁ་ཞིག་ཏུ་ཕེབས་ཙ་ན་སྐུ་ཙོག་གེ་བཞུགས་ཤིང་འདུག་བླ་མ་རང་གི་གཟིགས་པས་བུད་མེད་བློ་ལ་མེ་ལོང་བཏགས་པ་ལག་ན་འཕང་ཐོགས་པ་ཅིག་ཉིན་གྱི་རིགས་ཀྱི་གཡབ་མོ་རང་བྱེད་པ་གཟིགས། དེར་ཉི་མ་འགའ་ཞིག་གཡབ་མོ་བྱེད་ནའང་མ་བྱོན། ཉིན་གཅིག་བྱིས་པ་གཉིས་བྱུང་སྟེ་བླ་མ་རིན་པོ་ཆེ་ཚལ་ཕ་གིར་ཕེབས་པ་ཞུ་ངེད་ཆོས་ཞུ་བ་ཡིན་ཟེར། དེར་བླ་མས་ནགས་ཚལ་དེའི་ཁྲོད་དུ་བྱོན་པས་ཤིང་ཆེན་པོ་གཅིག་ལ་ཤིང་མང་པོས་བསྐོར་ནས་འདུག་པའི་ཤིང་ཆེན་པོ་དེ་ལས་ཤིང་གི་ལྷ་མོ་གཅིག་ལུས་ཕྱེད་ཐོན་ནས་ལག་པ་ཐལ་སྦྱར་ཏེ་བདག་ཅག་འདི་རྣམས་ཤིང་གི་ལྷ་མོ་ལགས་རྒྱབ་བསྟན་པ་འདི་ཀུན་མ་གུས་པ་ནི་མིན་ལགས་མཐོང་པའི་དུག་ཅན་ཡིན་པས་རྒྱབ་གཏད་པ་ལགས་ད་ཆོས་ཞིག་གནང་བ་ཞུ་ཞུ་བ་ལ། རྗེ་བཙུན་གྱི་དགོངས་པ་ལ་དབང་དང་བྱིན་རླབས་མ་བྱས་པས་གསང་སྔགས་ནི་བཤད་དུ་མི་རུང་དགོངས་ནས་ཉིན་རེ་བཞིན་བྱོན་ཏེ་ལས་འབྲས་ཀྱི་ཆོས་མང་དུ་བཤད་པས་ནང་པར་ནས་ཆོས་ཞུ་བ་མང་དུ་སོང་སྟེ་ཤིང་གི་ལྷ་མོ་འགའ་ཞིག་གི་ཕེབས་དུས་རི་དེའི་ཟུར་གཅིག་ནས་བསུས་བཞུད་ཙ་ན་རི་ཟུར་དེར་སྐྱེལ་བྱེད་པ་ལ་བུ་སློབ་གཞན་ཀུན་གྱིས་བལྟས་པས་རྗེ་བཙུན་གཅིག་པོར་ཕེབས་བཞུད་

(༦༢༩)གནང་ཞིང་ནགས་སེབ་དེར་ཡང་རྗེ་བཙུན་རང་གཅིག་པོར་ཆོས་ལྷང་ལྷང་གསུང་བ་ཐོས། ཆོས་ཞུ་གཞན་འདུག་པ་ནི་མ་མཐོང་དེར་སྒོམ་ཆེན་ཆོས་གྲགས་ཀྱི་བླ་མ་ལགས་ནགས་སེབ་ཏུ་ཆོས་སུ་ལ་གསུངས་པ་ཡིན་ཞུས་པས། ཤིང་གི་ལྷ་མོ་ལ་བཤད་པ་ཡིན། མི་ཉམས་ལེན་མི་བྱེད་པ་ལ་བཤད་པ་བས་མི་མ་ཡིན་རྣམས་ལ་བཤད་པ་བསོད་ནམས་ཆེ་བར་འདུག་གསུང་། ཉིན་གཅིག་ལྷ་མོ་དེ་རྣམས་ན་རེ་རྗེ་བཙུན་གྱི་ཆོས་དེ་རྣམས་ཟབ་པར་གདའ་སྟེ། བདག་ཅག་རྣམས་དང་པོར་སྐྱེས་ཀྱང་ཤིང་ལ་སྐྱེས་ཤིང་། བར་དུ་གནས་ཀྱང་ཤིང་ལ་གནས་ལ། ཐ་མ་ཡང་ཤིང་ལ་བརྟེན་ནས་འཆི་བས་ད་ཤིང་ལ་བརྟེན་ནས་གྲོལ་བའི་ཆོས་ཅིག་ཞུ་ཞུ་བ་ལ་རྗེ་བཙུན་གྱི་འདི་སྐད་གསུངས་སོ།། ༈ །།ཨེ་མ་ཧོ་ཤིང་ནི་རྒྱུས་སྐྱེས་རྒྱུ་འབྲས་ཁྱད་མ་བསད། །ཤིང་ནི་རྐྱེན་སྐྱེས་ཚོགས་གཉིས་བསག་པར་བགྱི། །ཤིང་ནི་རྩ་བརྟན་བྱམས་པ་བརྟན་པར་བགྱིས། །ཤིང་ནི་འདབ་རྒྱས་སྙིང་རྗེ་རྒྱས་པར་གྱིས། །ཤིང་ནི་ཁོག་དྲང་གཡོ་རྒྱུ་མེད་པར་གྱིས། །ཤིང་ལ་མེ་ཏོག་གསལ་ཞིང་རྒྱས་པ་ནི། །རང་སེམས་མེ་ཏོག་བྱང་སེམས་རྒྱས་པར་མཛོད། །ཤིང་ལ་འབྲས་སྨིན་བདག་གཞན་དོན་གྲུབ་མཛོད། །ཤིང་ལས་གནས་མཉམ་ཉིད་དོན་སྒོམས་ཤིག །ཤིང་ལ་ཆུ་

(༦༣༠)གནས་ཉོན་མོངས་དྲི་མ་ཁྲུས། །ཤིང་ལེ་མེ་གནས་བདག་ལྟའི་བུད་ཤིང་བསྲེགས། །ཤིང་ལ་རླུང་གནས་གཟུང་འཛིན་འཁྲུལ་པ་སྟོར། །ཤིང་ལ་མཁའ་གནས་སྐྱེ་མེད་དོན་རྟོགས་གྱིས། །ཤིང་ནི་ཤིང་ཡིན་བསམ་གཏན་དྲང་པོར་སྒོམས། །ཞེས་གསུངས་པས་ཤིང་གི་ལྷ་མོ་ཐམས་ཅད་དགའ་མགུ་ཡི་རངས་ཤིང་གུས་པའི་སྒོ་ནས་ཕྱག་མང་པོ་བཙལ་བསྐོར་བ་བགྱིས་ནས་ཤིང་ལ་ཐིམ་པར་གྱུར། བླ་མའི་ཞལ་ནས། མི་འདུལ་བ་ལས་མི་མ་ཡིན་འདུལ་བ་སླ་བར་འདུག་གསུང་། དེ་ནི་ཤིང་གི་ལྷ་མོ་ལ་ཆོས་གསུངས་པའི་ཡོན་ཏན་ནོ། །དེ་ནས་བྱེས་འགོལ་དུ་སྟོན་པ་ཡང་དག་དཔལ་ལ་སྤྱིར་ཞབས་ཏོག་དང་ཤེས་རབ་མོས་གུས་གང་ས་ནས་མཉེས་ཤིང་། ཁྱད་པར་དུ་གྲུབ་བས་མཉེས་པ་དང་གནས་དེར་བསྒྲུབ་རྒྱུད་རྒྱུན་མ་ཆད་པར་འབྱུང་བའི་རྟེན་འབྲེལ་དུ། བྱིན་རླབས་ཀྱི་རྟེན་རྫས་ཁྱད་པར་ཅན་རྣམས་དང་མ་གཅིག་གྲུབ་པའི་རྒྱལ་མོའི་སྐུ་ཆས་གྲི་གུག་ཐོད་པ་གསོལ་རྒྱན་དངོས་གྲུབ་ཀྱི་རྫས་གཞན་འགའ་ཞིག་དང་ཏཱི་ཕུའི་གསོལ་རྒྱན་ལྕགས་ཀྱི་རྡོ་རྗེ་ལུགས་སུ་བླུག་པ། ཨ་ཀ་རུ་ནག་པོའི་ཕྱག་འཁར། ནཱ་རོ་པ་ཆེན་པོའི་ཕྱག་ཌཾ་དྲ་བ་མ་བཞུགས་གདན་ཁྲི་རྙན་ས་ལེའི་ལྤགས་པ་གཞན་ཡང་དངོས་གྲུབ་ཀྱི་རྫས་མང་ཞིག་དང་། བླ་མ་རས་

(༦༣༡)ཆུང་པ་རང་གི་ན་བཟའ་གནད་ཀྱི་མན་ངག་རྣམས་ཀྱི་ཕྱག་དཔེ། རྒྱལ་བ་ཁྱུང་ཚང་པས་ཕུལ་པའི་གདུགས་དང་རག་དུང་ཆ་ལང་ལ་སོགས་པའི་མཆོད་རྫས་རྔམས་ཆེ་བ་རྣམས་དང་དངོས་གྲུབ་རྫས་ཀྱི་རིལ་བུ་ལ་སོགས་པ་ཐམས་ཅད་གནང་། ཁྱོད་ཀྱི་ངའི་ཆོས་རྒྱུད་རྒྱས་པར་གྱིས་ཤིག་གསུང་ནས་བཀའི་མདུད་པ་བཀྲོལ་ཆོས་དབང་ཐམས་ཅད་ཀྱི་བཀའ་གཏད། ཆོས་རྒྱུད་དང་གནས་འདི་ཡང་དར་ཞིང་རྒྱས་པར་འབྱུང་གསུངས་པའི་ལུང་བསྟན་གནང་། མདོར་ན་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཤིང་འགྲོ་བ་སྨིན་གྲོལ་ལ་བཀོད་ཅིག་གསུང་ནས་བྱེས་འགོལ་དཔལ་གྱི་དབེན་གནས་སུ་རྒྱལ་ཚབ་ཏུ་བསྐོས་དེ་གནས་དེ་སྒྲུབ་རྒྱུད་རྒྱུན་མི་ཆད་པར་བྱིན་གྱིས་བརླབས་པའི་ཡོན་ཏན་ནོ། །དེ་ནས་བླ་མ་ཉིད་ཚེ་སྐོང་དཔལ་གྱི་དབེན་གནས་སུ་ལྡན་བཟའ་ལྷ་བཟངས་ལ་སོགས་པའི་བུ་སློབ་ཡོན་བདག་རྣམས་ཀྱི་སྤྱན་དྲངས་ཞབས་ཏོག་ཕུན་སུམ་ཚོགས་པ་བགྱིས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས། བླ་མས་སྔར་གྱི་གདམས་ངག་རྣམས་ལ་གསལ་འདེབས་དང་དེའི་དུས་སུ་ཡང་གདམས་ངག་མང་དུ་གནང་ཞིང་། དེར་སྤྲེ་སྨྱོན་འབུམ་གྲགས་ལ་འདི་སྐད་གསུངས་སོ།། ༈ །།རང་སེམས་རང་གིས་མ་ཐུལ་

(༦༣༢)ན། །དགྲ་རྣམས་བཏུལ་བས་ཅི་ལ་ཕན། །དུག་ལྔ་ནང་ནས་མ་སོང་ན། །རྩལ་པོ་ཆེ་ཡི་ཅི་ལ་ཕན། །ཉོན་མོངས་ཟིལ་གྱིས་མ་ནོན་ན། །ཁ་དྲག་པོ་ཡི་ཅི་ལ་ཕན། །སེམས་ཀྱི་དག་པ་མ་ཤེས་ན། །ཕྱི་རོལ་བཀྲུས་པས་ཅི་ལ་ཕན། །ཞེན་པ་ནང་ནས་མ་ལོག་ན། །ཐ་སྙད་མཁས་པས་ཅི་ལ་ཕན། །སངས་རྒྱས་སེམས་ལ་མ་རྙེད་ན། །ལྟ་བ་བཟང་བས་ཅི་ལ་ཕན། །ང་འཛིན་བདག་འཛིན་ཞེན་འཛིན་གསུམ། །འདི་གསུམ་འཆིང་བའི་ཐག་པ་ཡིན། །ལུས་དབེན་ངག་དབེན་སེམས་དབེན་གསུམ། །འདི་གསུམ་རི་ཁྲོད་དགོན་པ་ཡིན། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །འདི་བཞི་གཅིག་ཏུ་ཤེས་པ་ན། །སེམས་ཉིད་སྐྱེ་མེད་རྟོགས་པ་ཡིན། །བློ་འདས་ཐང་ལ་མ་སླེབ་ན། །ཉོན་མོངས་འཕྲང་ལ་ཟད་པ་མེད། །ང་ལ་གདམས་ངག་དེ་ལས་མེད། །སེམས་ལ་ཞོག་ཅིག་རིགས་ཀྱི་བུ། །ཅེས་གསུངས་ཡང་དེའི་དུས་སུ། ཇོ་མོ་གཡང་འགོས་མ་ན་རེ་བླ་མ་རིན་པོ་ཆེ་བདག་ལྟ་བུའི་སེམས་ཅན་དམན་པ་རྣམས་ལའང་གདམས་ངག་གཅིག་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུ་དོན་གླུ་འདི་ཕུལ་ལོ།། ༈ །།བདག་མ་རིག་ལིང་ཏོག་འཐིབས་པ་ཡི། །དབང་པོ་གསལ་དུ་མ་སྟེར་བས། །ཐུར་མ་ལྟ་བུའི་གདམས་ངག་ཞུ། །ད་ཕྲུག་ཕ་མས་བོར་བ་ལ། །མགོན་སྐྱོབས་བྱེད་

(༦༣༣)མཁན་མ་མཆིས་ན། །ཕ་མ་ལྟ་བུའི་གདམས་ངག་ཞུ། །གཡེང་བ་ཤིང་ལོ་རྒྱས་པ་འདྲ། །སྤོང་པའི་ཐབས་འདྲ་མི་ཤེས་ན། །ལྷགས་པ་ལྟ་བུའི་གདམས་ངག་ཞུ། །འཁོར་བའི་སྐྱེ་ཤི་ཆོད་དུས་མེད། །གདུང་སེམས་ཡང་ཡང་སྐྱེ་བ་ལ། །སྟ་གྲི་ལྟ་བུའི་གདམས་ངག་ཞུ། །འཁོར་བའི་ཆུ་བོ་ཆེན་པོ་ལ། །སྒྲོལ་བའི་ཐབས་ཤིག་མ་མཆིས་ན། །གྲུ་མཉེན་ལྟ་བུའི་གདམས་ངག་ཞུ། །ལུས་ལ་ན་ཚ་རྒྱུན་མི་ཆད། །ནའོ་ཅོག་དང་མི་མཆི་སྟེ། །འཆི་བས་མི་འཇིགས་གདམས་ངག་ཞུ། །གཟུང་འཛིན་འཁྱགས་པ་ཞུ་དུས་མེད། །ཆགས་ཤིང་ཞེན་པ་བྱུང་བ་ན། །ཉི་མ་ལྟ་བུའི་གདམས་ངག་ཞུ། །དགོས་པ་སྣ་བདུན་ཞུས་པ་ལ། །གེགས་སེལ་སྣ་བདུན་།ཐུགས་རྗེས་བཟུང་། །ཞེས་ཞུས་པས། རྗེ་བཙུན་ཆེན་པོས་ཚེ་གཅིག་ལ་འཚང་རྒྱ་བའི་གདམས་ངག་ཚང་ལ་མ་ནོར་བ་འདི་གསུངས་སོ།། ༈ །།སྐྱོ་དུབ་མེད་པའི་དད་པ་དང་། །དཀོན་མཆོག་གསུམ་གྱི་སྐྱབས་འགྲོ་འདི། །ཐུགས་རྗེའི་མགོན་སྐྱབས་དེ་ལས་འབྱུང་། །སྣོད་དང་ལྡན་པའི་གང་ཟག་དང་། །དུས་གསུམ་བླ་མའི་བྱིན་རླབས་ཀྱི། །བཀའ་རྒྱུད་གདམས་པ་དེ་ལས་འབྱུང་། །ལེ་ལོ་མེད་པའི་ཐུན་བཞི་དང་། །ཡི་དམ་ལྷ་ཡི་བསྐྱེད་རྫོགས་ཀྱི། །མཆོག་ཐུན་

(༦༣༤)དངོས་གྲུབ་དེ་ལས་འབྱུང་། །དཀའ་ཐུབ་དགོན་པ་བརྟེན་པ་དང་། །ཉམས་མྱོང་རང་བཞིན་བསྐྱངས་པ་དང་། །དྲོད་རྟགས་ཡོན་ཏན་དེ་ལས་འབྱུང་། །དམ་ཚིག་བསྲུང་སྡོམ་ལྡན་པ་དང་། །གཡོ་སྒྱུ་མེད་པའི་དུང་སེམས་ཀྱི། །མཁའ་འགྲོའི་བྱིན་རླབས་དེ་ལས་འབྱུང་། །རང་འདོད་མེད་པའི་གཞན་དོན་དང་། །ལུས་ངག་མཆེད་ལྕམ་ཕྱོགས་སུ་འབུལ། །བྱང་སེམས་སྤྱོད་པ་དེ་ལས་འབྱུང་། །ཐོས་བསམ་ལྡན་ཞིང་གནས་ལུགས་རྟོགས། །དུས་གསུམ་གཅིག་ཏུ་བསྒོམས་པ་ན། །རང་སེམས་རྟོགས་ན་དེ་ཡི་རྟོགས། །ཞེས་གསུངས་སོ། །ཡང་དེའི་དུས་ཞིག་ཏུ་མྱང་གོང་བ་ལུང་པ་ཞེས་བྱ་བ་གཅིག་སྔར་བླ་མ་ལ་གདམས་པ་འགའ་རེ་ཞུས་ནའང་ནད་དྲག་པོས་ཟིན་པའི་དུས་སུ་ཅུང་ཞིག་གདམས་ངག་གི་སྟེང་དུ་བཞག་ཏུ་མེད་པའི་སེམས་སྤུར་བ་གཅིག་བླ་མས་གསན་པས་འཁོར་རྣམས་ལ་མགུར་འདི་གསུངས་སོ།། ༈ །།ཕ་ན་མོ་གུ་རུ། །སེམས་ལ་སྐྱེ་ཤི་མ་མཆིས་ཏེ། །རང་སེམས་འཁྲུལ་པས་འཁོར་བར་འཁྱམས། །ལས་ཀྱི་སྲིད་པས་ཉིང་མཚམས་སྦྱོར། །སྐྱེ་བའི་སྡུག་བསྔལ་ཤིན་ཏུ་སྐྱོ། །མི་ལུས་རིན་ཆེན་ཐོབ་ནས་ཀྱང་། །མི་ཚེ་བྱང་ཆུབ་མི་འཚོལ་བར། །འཇིག་རྟེན་ཁེ་དྲག་ལ་ཞེན་ནས། །འཆི་ཁར་ཆོས་མེད་ཤིན་ཏུ་འཚེར། །ཅང་པོར་བཟུང་ནས་ནོར་རྫས་བསགས། །སྦྱིན་པར་འཕངས་ཀྱི་སེར་སྣས་

(༦༣༥)བཅིངས། །གློ་བུར་ན་ཚ་བྱུང་ཙ་ན། །བོར་བས་འགྲོ་དགོས་སེམས་མ་དགའ། །མཛེས་པའི་བཞིན་དང་དར་མའི་མདོག །རྒས་ཤིང་གུད་པས་གཡར་པོ་རླག །མི་སྡུག་སྐྲ་དཀར་གཉེར་མས་གང་། །ལང་ཚོ་ཡོལ་བ་ཡིད་རེ་སྐྱོ། །ལུས་སྲོག་གཉེན་མཐུན་ཕ་མ་སོགས། །བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཀྱང་། །ལས་ཀྱི་འཆི་བདག་ཅིས་མི་བཟློག །གཅིག་པོར་འགྲོ་དགོས་བྱ་ཐབས་མེད། །མ་སྐྱེས་སེམས་ལ་བདེ་སྡུག་མེད། །གཏི་མུག་དབང་གི་དུག་ལྔ་འཕེལ། །ཆེད་དུ་བྱས་ཀྱིན་རང་རྒྱུད་བསྲེག །འཁོར་བར་འཁྱམས་པ་ཉམས་མ་དགའ། །རླུང་མཁྲིས་བད་ཀན་ལ་སོགས་པའི། །བཞི་བརྒྱ་རྩ་བཞིའི་ནད་གདོན་ཡང་། །སྒྱུ་ལུས་ཕུང་པོ་འདི་ལས་འབྱུང་། །སྡིག་སྒྲིབ་དེ་ཡི་ལན་པར་ངེས། །བུ་ཚ་ལས་ཀྱི་འཁོར་བ་ལ། །དུང་སེམས་འདོད་ཆགས་ཉོན་རེ་མོངས། །རྟག་པར་བཟུང་བས་འཁོར་བར་འཁྱམས། །སྒྱུ་མར་མ་ཤེས་ཉམས་མ་དགའ། །འཆི་བདག་བདུད་ཀྱི་ཟིན་ཙ་ན། །ནད་གཟེར་གཞན་དུ་འགྲོ་དབང་མེད། །ཉེ་དང་ཟས་ཀྱི་སྐོར་གྱུར་ཀྱང་། །ཕན་པ་མེད་པ་ཡི་རེ་མུག །དར་ཅིག་སྡོད་པའི་དབང་ཡང་མེད། །བུ་ནོར་དགྲ་གཉེན་ངོ་མ་ཤེས། །གནད་གཅོད་སྡུག་བསྔལ་རང་གིས་མྱོང་། །འཆི་བདག་དབང་

(༦༣༦)སོང་ཉོན་རེ་མོངས། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་འདི། །ཀུན་ལ་ཡོད་དེ་ངོ་མ་ཤེས། །ངེས་པར་བརྟགས་ན་སྡུག་བསྔལ་ཡིན། །བདེ་བར་མཐོང་ན་འཁྲུལ་ཚབས་ཆེ། །རྟོགས་པར་གྱིས་ཤིག་སྐལ་ལྡན་ཀུན། །ཅེས་གསུངས་སོ། །དེ་ནས་ཡང་སློབ་མ་འགའ་ཞིག་གི་ཐེག་པའི་རིམ་པ་ཉམས་མྱོང་གི་གནད་འགགས་ལམ་གྱི་བགྲོད་ཚུལ་ཡོན་ཏན་སྐྱེས་པའི་དུས་སུ་ལུས་སེམས་ཀྱི་ཉམས་ཚད་ཞིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། བླ་མའི་ཞལ་ནས་འདི་གསུངས་སོ།། ༈ །།བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཐོས་བསམ་སྒོམ་གསུམ་དུས་ཚོད་ན། །ཚུལ་ཁྲིམས་མ་འགྱུར་རྟོགས་པ་འགྱུར། །སྒོམ་སྒྲུབ་ཉམས་ལེན་དུས་ཚོད་ན། །སྣང་བ་མ་འགྱུར་སྣང་ཡུལ་འགྱུར། །སྒོམ་རྟོགས་མཐའ་རུ་ཕྱིན་ཙ་ན། །ཆོས་ཉིད་མ་འགྱུར་སྡུག་བསྔལ་འགྱུར། །གནས་འགྱུར་གསུམ་དང་ལྡན་ཙ་ན། །སངས་རྒྱས་ས་རུ་སླེབ་པ་ཡིན། །སངས་རྒྱས་གཞན་ནས་མ་འཚོལ་ཞིག །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །བྱ་བྱེད་སྐྱུང་བའི་མན་ངག་དགོས། །གཉེན་པོ་ཆུང་གི་གང་ཟག་ལ། །རྣམ་སྨིན་དྲན་པའི་གདམས་ངག་དགོས། །བདེ་ལ་ཞེན་པའི་གང་ཟག་ལ། །རང་བཞིན་ཤེས་པའི་མན་ངག་དགོས། །ཚེ་འདི་ཆེད་དུ་བྱེད་པ་ལ། །

(༦༣༧)འཆི་བ་རྗེས་དྲན་གདམས་ངག་དགོས། །གཉེན་ནོར་འདོད་ཡོན་ཞེན་པ་ལ། །རུ་ལྡོག་ཆེན་པོའི་མན་ངག་དགོས། །རྒས་ཀྱང་སེམས་ནི་མ་ཞུམ་ན། །ལོ་གྲངས་རྩི་བའི་མན་ངག་དགོས། །དབང་ཆོས་ཞུས་ནས་མ་གུས་ན། །མོས་གུས་གསུམ་གྱི་མན་ངག་དགོས། །ཞིང་གསུམ་མཆོད་སྦྱིན་བཏང་བ་ལ། །རེ་བ་མེད་པའི་གདམས་ངག་དགོས། །སྟོང་པ་ཚིག་ཙམ་ཁ་འབྱམས་ལ། །ཉམས་ལེན་ཐབས་ཀྱི་མན་ངག་དགོས། །ཉམས་མྱོང་འཕེལ་འགྲིབ་མེད་པ་ལ། །བླ་མ་ལ་གུས་མན་ངག་དགོས། །འགྲོ་ཀུན་སྐྱོན་རྣམས་མཐོང་བ་ན། །དག་སྣང་ཞིང་སྦྱོང་མན་ངག་དགོས། །གཞན་དུ་འགྲོ་བར་འདོད་པ་ན། །བསྐོར་བར་ཤེས་པའི་གདམས་ངག་དགོས། །རྒྱུད་ལ་ཞེ་སྡང་སྐྱེས་པ་ན། །སེམས་བསྐྱེད་བརྟན་པོའི་མན་ངག་དགོས། །བདེ་ཆེན་ཟུང་འཇུག་རྣལ་འབྱོར་ལ། །ཚོགས་དྲུག་ལྷུག་པའི་མན་ངག་དགོས། །ཚོགས་དྲུག་ཡེ་ཤེས་འབར་བ་ལ། །སྣང་བ་གསུམ་གྱི་མན་ངག་དགོས། །གཉིས་མེད་ཐུག་ཕྲད་རྣལ་འབྱོར་ལ། །ཏིང་འཛིན་རྩེ་གཅིག་མན་ངག་དགོས། །དུ་མ་རོ་གཅིག་རྣལ་འབྱོར་ལ། །ལྟ་བ་ཐག་ཆོད་མན་ངག་དགོས། །དེ་རྣམས་དགོས་པའི་མན་ངག་ཡིན། །འཁོར་སློབ་རྫས་ལ་ཆགས་པ་ན། །རང་གི་དགེ་སྦྱོར་ཉམས་པར་

(༦༣༨)འགྱུར། །ལག་རིག་མང་པོ་བྱེད་འདོད་ན། །དྲེགས་པའི་བདུད་ཀྱི་འཁྱེར་བར་འགྱུར། །ཐོས་བློ་མང་པོ་བྱས་གྱུར་ཀྱང་། །དོན་མེད་ཚིག་གིས་ཁེངས་པར་འགྱུར། །ཐ་སྙད་མཁས་ཁྱད་ཆེས་པ་ན། །ཆོས་སྤོང་བདུད་ཀྱིས་འཁྱེར་བར་འགྱུར། །བླ་མ་དག་ལ་མ་གུས་ན། །ལོག་ལྟའི་བདུད་ཀྱིས་འཁྱེར་བར་འགྱུར། །དམ་ཚིག་སྡོམ་པ་མ་བསྲུངས་ན། །ངན་སོང་གསུམ་དུ་ལྷུང་བར་འགྱུར། །ལེ་ལོ་ཅན་གྱི་གང་ཟག་ལ། །གདམས་ངག་ཡོད་ཀྱང་དངོས་གྲུབ་མེད། །ཉོན་མོངས་ཅན་གྱི་གང་ཟག་ལ། །ཆོས་ཉིད་ཡོད་ཀྱང་ཅི་ལ་མཐོང་། །བྱང་བལྟས་ཕུག་པའི་ནང་ཉིད་དུ། །ཉི་མ་འཆར་བ་སུ་ཡི་མཐོང་། །དེ་རྣམས་ལོག་པའི་ཆོས་རྣམས་ཡིན། །སྐྱབས་འགྲོ་གསུམ་པོ་བརྟེན་བྱས་ནས། །སྡོམ་པ་གསུམ་པོ་ཚུལ་བཞིན་བསྲུངས། །བསག་སྦྱང་གཉིས་ལ་འབད་བྱས་ནས། །བསྔོ་བ་སྨོན་ལམ་ཚུལ་བཞིན་ཐོབ། །སྟོང་ཉིད་རྟ་ལ་ཞོན་བྱས་ནས། །ཐབས་ཤེས་ལྕག་གིས་རྒྱུན་དུ་བྲབས། །བླ་མ་དམ་པའི་བཀའ་ཉན་ཞིང་། །བས་མཐའ་སྙོག་རུང་སྙིང་སྲན་ཚུགས། །རྟོགས་པ་ཉམས་མྱོང་མ་བྲལ་ན། །བྱིང་རྒོད་གཉིས་ལ་ཁྱད་པར་མེད། །སེམས་ཉིད་རང་བཞིན་སྟོང་པ་ལ། །འཕྲོ་དང་ཡེངས་པའི་ཁྱད་པར་མེད། །བླ་མའི་བྱིན་རླབས་ཞུགས་ཙ་ན། །སློབ་མའི་ལོག་རྟོག་སྡོད་དབང་མེད། །སྤྲོས་བྲལ་ནང་

(༦༣༩)ནས་ཤར་ཙ་ན། །དངོས་པོར་འཛིན་ལ་སྡོད་དབང་མེད། །འཆི་རྐྱེན་དྲག་པོ་བྱུང་ཙ་ན། །དར་ལ་བབ་ཀྱང་སྡོད་དབང་མེད། །ཆོས་ཉིད་སྟོན་པའི་སློབ་དཔོན་ལ། །ལྷག་པའི་བསྙེན་བཀུར་བྱས་པ་མེད། །དུག་ལྔ་གྲོལ་བའི་རང་སེམས་ལ། །སངས་རྒྱས་གཞན་ནས་བཙལ་དུ་མེད། །མཁའ་ལ་ཉི་མ་ཤར་བ་ན། །མུན་པ་དག་ལ་སྡོད་དབང་མེད། །ཉི་འོད་རང་ལ་རང་བཅས་ལ། །འཆར་དང་མི་འཆར་མིང་ཡང་མེད། །རང་རིག་ཡེ་ནས་འོད་གསལ་ལ། །གསལ་འགྲིབ་བྱ་བའི་མིང་ཡང་མེད། །སེམས་ཅན་སངས་རྒྱས་རང་བཞིན་ལ། །སངས་རྒྱས་ལོགས་ནས་བསྒྲུབ་རྒྱུ་མེད། །དེ་ལྟར་མཚན་ཉིད་ཤེས་འདོད་ན། །ཉིན་མཚན་མེད་པར་བསྒོམ་པ་གཅེས། །ནད་ལ་ཕན་པའི་སྨན་ཉིད་ལ། །བཤད་པ་བྱས་པས་མི་ཕན་ཞིང་། །དེ་བཞིན་ཉོན་མོངས་ནད་པ་ལ། །གཡེང་བ་སྤངས་ནས་ཉམས་ལེན་གཅེས། །དེ་རྣམས་གནད་ཀྱི་གདམས་པ་ཡིན། །ཆ་ལ་ད་ལྟའི་གང་ཟག་རྣམས། །གདམས་ངག་བསྟན་ན་ཟོང་དུ་མཐོང་། །གྲགས་ཤོས་ཡི་གེར་བྲིས་ནས་འཇོག །ཇི་ལྟར་ཟབ་ཀྱང་ལག་ལེན་མེད། །ཉམས་སུ་མི་ལེན་ནོར་རྣམས་གསོག །རྫས་དང་གཉེན་གྱི་ཆེད་དུ་ནི། །ལུས་ངག་ཡིད་གསུམ་ངལ་མེད་འཇུག །སྐྱེ་བ་ཕྱི་མ་རྒྱང་དོར་ནས། །འདུ་

(༦༤༠)འཛི་གཏམ་སྙན་སྣ་ཚོགས་བསྒྲུབ། །ལེ་ལོ་སྙོམས་ལས་དབང་དུ་བཏང་། །ཆོས་ལས་ལོངས་སྤྱོད་ཆེ་ལ་དགའ། །བླ་མ་སློབ་དཔོན་ཚུལ་བཟུང་ནས། །ནོར་གྱི་དོན་དུ་ཆོས་བཤད་བྱེད། །སྣོད་དུ་མི་རུང་གང་ཟག་ལ། །ལོངས་སྤྱོད་དོན་དུ་དབང་བསྐུར་བྱེད། །ཁ་བཤད་དོན་དུ་ཟབ་དོན་སྨྲ། །ཆོས་བརྒྱད་དོན་དུ་ཡིག་སྣ་འཚོང་། །ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །གནོང་འགྱོད་དང་བཅས་སྡུག་རིར་འཆི། །དེས་ནི་རྒྱུད་པ་ཉམས་པར་འགྱུར། །བསྟན་པ་འཇིག་པའི་སྔ་ལྟས་ཡིན། །ཐམས་ཅད་དོན་གཉིས་འཕྱུགས་ཏེ་འགྲོ། །བྲག་ཆ་ཆོས་བྲལ་སྙིང་རེ་རྗེ། །དེ་རྣམས་སད་ཀྱི་ཁྱེར་བའི་ཆོས། །དེས་ན་གང་ཟག་ཆོས་བྱེད་ཀུན། །ཚེ་འདིའི་བློ་སྣ་ཕྱིར་དོར་ལ། །ཅི་བྱེད་ཆོས་དང་བསྟུན་པ་གཅེས། །དགོས་པ་སྒྲུབ་ཅེས་བྱ་བ་ཡི། །མན་ངག་ཡིག་ཆུང་ཐོར་བུ་འདི། །བུ་སློབ་རྣམས་ཀྱིས་གསོལ་བཏབ་ནས། །རྣལ་འབྱོར་བདག་གིས་བཤད་པ་ཡིན། །སྐལ་ལྡན་རྒྱུད་ལ་ཕན་ཐོགས་ཤོག །ཅེས་གསུངས་ནས། བུ་ཀུན་ཆོས་སྙིང་ནས་བྱེད་ན་ཚེ་འདི་ཨེ་སྐྱིད་ལ་ཆོས་པའི་མིང་དོན་མེད། འཁོར་བའི་བདེ་འབྲས་བསྒྲུབས་པས་ཐར་པ་མི་ཐོབ། རང་དོན་སྒྲུབས་པས་རྣམ་མཁྱེན་ཐོབ་པར་དཀའ། སེམས་ཀྱི་གནས་ལུགས་མ་རྟོགས་པའི་སངས་རྒྱས་མི་ཤེས། དེ་བས་རི་ཁྲོད་དབེན་པར་དགེ་སྦྱོར་གྱིས་ཤིག་གསུང་།

(༦༤༡)དེ་ནས་དུས་ཤིག་གི་ཚེ་མནལ་ལམ་དུ་བུད་མེད་མི་སྡུག་པ་ཞིག་ན་རེ། སྤྲུལ་པའི་སྤྲུལ་པ་ཞིག་སྤྲུལ་པ་མཇལ་དུ་འོང་ངོ་ཟེར་མི་སྣང་བར་གྱུར་ཏོ། །དེར་ཅི་ལྟ་བུ་ཞིག་འོང་དགོངས་ཙ་ན་ཁམས་པའི་བན་དྷེ་ཞིག་བྱུང་སྟེ། དེ་ཇི་ལྟར་ཡིན་དྲིས་པས་ཁམས་སྤྲེ་ཤོད་པ་ཡིན་ཟེར། སྤྲུལ་པའི་མགོན་པོ་དེ་ལ་འཁྲུངས་པའི་ཡུལ་སྤྲེ་ཤོད་ཆོས་ཀྱི་ཕོ་བྲང་སྤུ་ཆུ་ལྷ་གདོང་། ཡབ་རྡོ་རྗེ་མགོན་དང་ཡུམ་དཔལ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ལོ་དགུ་ལ་ཁྱིམ་བཟུང་། ལོ་བཅུ་ལ་ལྷ་མོ་རང་བྱུང་རྒྱལ་མོ་ལ་བསྙེན་པ་མཛད་པས་ཞལ་གཟིགས་ཤིང་མཐུའི་གྲགས་པ་ཐོན། ལོ་བཅུ་དྲུག་གི་དུས་སུ་འདུལ་བ་འཛིན་གྱི་སྤྱན་སྔར་རབ་ཏུ་བྱུང་སྟེ་དཔལ་ཆོས་ཀྱི་གྲགས་པར་མཚན་ཐོགས། ལོ་བཅུ་དགུ་ལ་དབུས་སུ་བྱོན་རྒྱ་དམར་བ་དང་ཕྱ་པ་མཇལ་བྱམས་ཆོས་ལ་སོགས་གསན། གཞན་ལོ་བཅུ་གཅིག་གི་བར་དུ་ཐོས་བསམ་མཛད། དེ་ནས་སློབ་དཔོན་སྒོམ་ཚུལ་དང་མཇལ་སྒྲོལ་དཀར་དུ་ཞལ་གཟིགས། དེ་ནས་སྒམ་པོར་བྱོན་སྒམ་པོ་པ་དང་མཇལ་རྡོ་རྗེ་འཆང་དུ་ཞལ་གཟིགས་གདམས་པ་ལ་སོགས་པ་མང་དུ་ཞུས་ཤིང་གནང་། གྲྭ་པ་བརྒྱད་བརྒྱའི་ནང་ནས་བསྒོམ་སྲན་ཆེ་བར་གྲགས་གྲུབ་རྟགས་དང་ཡོན་ཏན་མང་དུ་མངའ་བ་ཞིག་ཡིན། རྗེ་སྒམ་པོ་པའི་གསུང་

(༦༤༢)ནས་ད་ལྡུམ་བུ་ལ་སོང་ཞིག་གསུང་སྟེ་ཐོག་མར་ལོ་རོ་ཕྱོགས་ལ་བྱོན་པས། བྱེས་འགོལ་དུ་རྗེ་བཙུན་རས་ཆུང་པ་དང་མཇལ་ཞིང་སྙ་ལོ་ཞོ་ཅིག་ལ་བརྟེན་ནས་དཀའ་སྤྱད་མཛད་ཅིང་གདམས་ངག་མང་དུ་ཞུས། དེ་ཡང་ཆོས་དྲུག་བསམ་གཏན་ཐུན་འཇོག་སོགས་ནཱ་རོ་མཻ་ཏྲིའི་གདམས་པ་ཇི་སྙེད་པ་ཐབས་ལམ་དམར་ཁྲིད་དུ་མཛད་པས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་འཕྲོད། དེ་ནས་ཡུན་རེ་ཞིག་སོང་ནས་གཙང་ལ་ལྡུམ་བུ་ལ་བྱོན་པས། གཙང་རོང་དུ་རྗེ་རས་ཆུང་པ་དང་མཇལ་གེགས་སེལ་འགའ་ཞིག་ཞུས་པས། ལོ་རོར་ཤོག་ཅིག་དེར་བྱ་ཡི་གསུང་། གཙང་དུ་རྗེ་བཙུན་མི་ལའི་སློབ་མ་འགའ་ཟུང་དང་མཇལ། སྦེན་ཕུག་པ་ལ་བདེ་མཆོག་གི་དབང་ཞུས། ཐོག་བབས་པ་ལ་སྡིག་མཛུབ་མཛད་པས་བཟློག །རི་བྲག་ལ་ཐོགས་པ་མེད་པ་ལ་སོགས་པའི་རྫུ་འཕྲུལ་དུ་མ་མངའ། དེ་ནས་སྒམ་པོར་བྱོན་བླ་མའི་ཞལ་ནས་ང་མོན་ལ་སོངས་ཤིག་གསུང་། དོམ་ཚང་ཤེལ་གྱི་ཕུག་པར་བསྒོམས། སྟག་ལ་སོགས་པའི་གཅན་ཟན་རྣམས་ཀྱི་བསྐོར་བ་བྱས། །མཁའ་འགྲོས་བདུད་རྩི་དྲངས་ཚུར་ལམ་ཚེ་སྐོང་དཔལ་གྱི་དབེན་གནས་སུ་རྗེ་བཙུན་རས་ཆུང་པའི་སྤྱན་སྔར་དབང་དང་གདམས་པ་ལ་སོགས་མང་དུ་གསན་ཅིང་། གེགས་སེལ་གྱི་མན་ངག་

(༦༤༣)མཐའ་ཡས་པ་གནང་བས་གདམས་ངག་ཀྱང་ཤིན་ཏུ་ཕྱུགས་པར་གྱུར། མདོར་ན་ཕྱིས་ཀྱི་སློབ་མ་གཅིག་ལ་གདམས་ངག་ཐོབ་ཆེ་བ་ཡིན་ཞིང་གཞན་ཡང་སྔོན་བསགས་དང་ལྡན་ཞིང་བླ་མ་མང་དུ་བསྟེན་པས་འགྲོ་བ་འདྲེན་པའི་སྐྱེས་བུ་དམ་པ་གཅིག་བྱུང་ངོ་། །ཡང་དུས་ཤིག་གི་ཚེ་བཙུན་ཆུང་གཞོན་ནུ་ཞིག་བྱུང་སྟེ་གདམས་པ་ཞུ་ཟེར་སྐྱེས་བུ་དེའི་འཁྲུངས་པའི་ཡུལ་ནི་ལོ་རོ་གདུང་རུས་བྱ། ལོ་རོ་ཞིང་གསར་དུ་རྩེ་བེར་བ་ཞེས་བྱ་བ་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་། མཚན་ཡེ་ཤེས་རྡོ་རྗེར་བཏགས་དེ་ནས་རྗེ་བཙུན་རས་ཆུང་པའི་སྤྱན་སྔར་དོ་ཧ་བསྲེ་འཕོ་བདེ་དགྱེས་ཀྱི་དབང་ཆོས་དྲུག་ཐོར་བུ་བ་རྣམས་གསན་ཅིང་གདམས་ངག་གི་བཀའ་དྲིན་མཆོག་ཏུ་ཐོབ་ཅིང་འཁུར་བའི་སློབ་མར་གྱུར། ཕྱིས་དགེ་བའི་བཤེས་གཉེན་མང་པོ་ལ་ཐུག་སྟེ་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པས་འགྲོ་བ་འདྲེན་པའི་སྐྱེས་བུ་དམ་པ་ཞིག་བྱུང་བ་ཡིན་ནོ། །དེ་ནས་ཚེ་སྐོང་དུ་བཞུགས་པའི་དུས་ཤིག་གི་ཚེ་ཇོ་མོ་གཡང་འགོས་མ་ན་རེ་ཉམས་ལེན་གེགས་སེལ་གྱི་གདམས་པ་གཅིག་ཞུ་ཟེར་བ་ལ། བླ་མས་མགུར་འདི་གསུངས་སོ།། ༈ །།ཕུང་པོ་རྐྱེན་གྱི་རི་བོ་ལ། །བྱ་བྱེད་སྣ་ཚོགས་རྐུན་མ་རྒོད། །རང་སེམས་

(༦༤༤)བརྩོན་རར་འཁོར་ལས་ཆེ། །མ་ཡེངས་པ་ཡི་མེལ་ཚེ་མཛོད། །རང་སེམས་ཆགས་སྡང་རི་བོ་ལ། །ང་བདག་གཉིས་ཀྱི་རྐུན་མ་རྒོད། །ཏིང་འཛིན་རྐུ་ལ་འཆོར་ཉེན་ཆེ། །འབྲལ་མེད་ཉམས་དང་མ་བྲལ་མཛོད། །མ་རིག་པ་ཡི་མུན་པ་ལ། །ལུང་མ་བསྟན་གྱི་རྐུན་མ་རྒོད། །ཆོས་ཉིད་འོད་གསལ་འཆོར་ཉེན་ཡོད། །སྣང་བ་ཞེན་མེད་མ་བྲལ་མཛོད། །སོ་མ་རང་མདངས་ལྷུག་པ་ལ། །བྱིང་རྒོད་གཉིས་ཀྱི་རྐུན་མ་རྒོད། །འབྲལ་མེད་ཏིང་འཛིན་འཆོར་ཉེན་ཡོད། །ལྷག་མཐོང་ཤེས་རབ་མ་བྲལ་མཛོད། །སྒྱུ་མ་ལུས་ཀྱི་གྲ་ཁང་ལ། །ནད་དང་རིམས་ཀྱི་ཆར་པ་བབས། །སྒྱུ་མའི་ཁང་རུལ་འཇིག་ཉེན་ཡོད། །འཆི་བྲོད་གདམས་ངག་མ་བྲལ་མཛོད། །རྟོགས་ཉམས་ལྟ་བ་སྐྱེ་མེད་ལ། །དངོས་འཛིན་ཇག་པ་ཤིན་ཏུ་རྒོད། །ཆོས་བརྒྱད་རྩེད་ལ་གཡེངས་ལས་ཆེ། །དྲན་དང་ཤེས་བཞིན་བྱ་ར་ཡི། །མཉམ་ཉིད་ལས་དང་མ་བྲལ་མཛོད། །དེ་ལྟར་ཁྱོད་ཀྱི་རྟོགས་པ་ན། །སླད་ཀྱི་འགྲོ་དོན་འབྱུང་བ་ཡིན། །ཆོས་ཉིད་བདེ་ཐང་ཡངས་མོ་ལ། །ལྟ་བ་གཡུ་ཡི་རྟ་ཕོ་སྟོར། །བཙལ་བས་མི་རྙེད་ཅོག་གེ་གཞོག །རེ་དོགས་འདམ་གྱི་རྒྱ་མཚོ་རུ། །བསྒོམ་པ་ཡིད་བཞིན་ནོར་བུ་སྟོར། །བཙལ་བས་མི་རྙེད་ཅོག་གེ་གཞོག །འདོད་ཡོན་ཡུལ་

(༦༤༥)གྱི་རྩི་ཐོག་ལ། །རྣམ་ཤེས་ཚོགས་བརྒྱད་མི་ཐུབ་སྐྱེ། །སྐྱོང་བས་མི་འོང་ཞེན་མེད་ཁྱེར། །ཐ་མལ་ཤེས་པ་འདི་ཉིད་ལ། །མ་བཅོས་བཞག་ན་བསྒོམ་པ་ཡིན། །ཞེན་ཆགས་ཡོད་ན་དེ་ཡང་མིན། །རང་སེམས་ཐག་ཆོད་ངང་དུ་ཞོག །རྒྱལ་བའི་དགོངས་དང་འཕྲད་པ་ལགས། །གཡེང་བ་སངས་ན་བདེ་རུ་མཆིས། །ཞེས་གསུངས་སོ། །དེར་ཡང་ཆོས་གསུངས་པའི་དུས་ཞིག་གི་ཚེ་འཁོར་རྣམས་ལ་ཁྱེད་རྣམས་ཀྱི་ཅི་མཐོང་གསུང་། །ཅི་ཡང་མ་མཐོང་ལགས་ཞུས་པས། བླ་མའི་ཞལ་ནས་ཁོ་བོས་ནི་མང་པོ་ཞིག་མཐོང་སྟེ་ཁྱེད་རྣམས་ལ་བཤད་དུ་མི་རུང་། འོན་ཀྱང་ཁྱེད་རང་རྣམས་ཉོན་ཅིག་གསུང་ནས་མགུར་འདི་གསུངས་སོ།། ༈ །།དམིགས་པ་མེད་པའི་ཐུགས་རྗེ་ཅན། །རྗེ་འགྲོ་བའི་མགོན་ལ་སྐྱབས་སུ་མཆི། །བདག་མོས་པའི་བུ་ལ་ཐུགས་རྗེས་བཟུང་། །ཁྱད་པར་འདིར་འཚོགས་སློབ་མ་ཉོན། །འབྲེལ་ཆགས་ཀྱི་རྩིགས་གཏོང་བྱེད་བྱེད་ནས། །བླ་མའི་གདམས་ངག་བསམ་ལོང་མེད། །འཁོར་གྱི་ངོ་བསྲུངས་བྱེད་བྱེད་ནས། །རང་སེམས་གཏན་ལ་དབབ་ལོང་མེད། །འདུ་འཛིའི་གཡེང་བ་བྱེད་བྱེད་ནས། །རྩེ་གཅིག་བསམ་གཏན་བྱ་ལོང་མེད། །ཕྱོགས་རིས་ཡོན་སློབ་སྐྱོང་སྐྱོང་ནས། །ཟག་

(༦༤༦)མེད་ཉམས་ལེན་སྐྱོང་ལོང་མེད། །འགྲོ་དོན་དང་དུ་ལེན་ལེན་ནས། །རང་དོན་བྱང་ཆུབ་སྒྲུབ་ལོང་མེད། །ཉེ་གྲུང་སེམས་ཁྲལ་བྱེད་བྱེད་ནས། །མཉམ་ཉིད་དོན་ལ་བལྟ་ལོང་མེད། །རྒྱལ་ཁམས་མགྲོན་པོ་སྐྱོང་སྐྱོང་ནས། །ཟོ་བདེའི་དགེ་སྦྱོར་བྱ་ལོང་མེད། །མི་ཆེན་བཀུར་སྟི་བྱེད་བྱེད་ནས། །གང་བདེའི་སྤྱོད་པ་བྱ་ལོང་མེད། །གཞན་གྱི་ཞུ་འབུལ་བྱེད་བྱེད་ནས། །རང་གི་གདམས་ངག་ཞུ་ལོང་མེད། །ཡུལ་མིའི་གཉེར་ཁ་བྱེད་བྱེད་ནས། །རྗེ་བཙུན་ཞབས་ཏོག་ལེ་ལོར་ལུས། །འདི་ཕན་པ་བས་ཀྱང་གནོད་པ་ཆེ། །སྙིང་རྗེ་སྐྱེད་ཀྱང་ཁོང་ཁྲོར་འགྲོ། །དགེ་བ་བྱས་ཀྱང་སྡིག་པར་འགྲོ། །འབད་དེ་བྱས་ཀྱང་མགུ་བ་ཉུང་། །རང་སེམས་རང་གིས་མ་ཐུལ་བར། །འགྲོ་བ་འདུལ་བ་ཤ་ཐང་ཆད། །རྨུ་རྒོད་སེམས་ཅན་འདུལ་བར་དཀའ། །རང་རྒྱུད་གྲོལ་ན་ཐམས་ཅད་འགྲུབ། །ད་དུང་ཉོན་དང་བུ་སློབ་ཀུན། །བརྩེ་གདུང་སྒོ་ནས་གྲོས་གཅིག་འདེབས། །བླ་མ་རྗེ་བཙུན་དམ་པ་འདི། །ང་རྒྱལ་གྲོགས་སུ་མ་བཏང་ཀྱེ། །ཉོན་མོངས་ཆོམས་ལ་དུལ་བར་གྱིས། །འཇིག་རྟེན་ཁེ་དྲག་ཁྱད་དུ་སོད། །དམ་ཚིག་བསྲུངས་ལ་མོས་གུས་བསྐྱེད། །རྩོལ་སྒྲུབ་མ་ཆུང་སྒོམ་སྲན་སྐྱེད། །གདམས་པ་ཚུལ་བཞིན་རྒྱུད་ལ་སྦྱོར། །བཀའ་བཞིན་བསྒྲུབ་པ་ཉམས་སུ་ལོང་། །ཆོས་བརྒྱད་

(༦༤༧)རྫོང་ལ་མ་ཞེན་པར། །བདག་མེད་ཆོས་ཉིད་ངང་ལ་ཞོག །འོ་སྐོལ་འདིར་འཚོགས་བུ་སློབ་རྣམས། །ད་ལྟ་དཀའ་ལས་མ་བསྐྱོད་ན། །གྲུབ་ཐོབ་རྒྱུད་པ་ཆད་ཀྱི་དོགས། །འཆི་ཡང་ཁ་ཆེམས་དེ་ལས་མེད། །ཞེས་གསུངས་སོ། །གྲོལ་བ་ཐོབ་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་རྣམས་ནི་ཡོན་ཏན་སྣ་ཚོགས་ཁ་འཐོར་བའི་དུམ་བུ་ཕྱོགས་གཅིག་ཏུ་བཀོད་པའི་སྐོར་ཚོ་དེ་བཅུ་བདུན་པའོ།། ༈ །།སྤྱི་དོན་གསུམ་པའི་ཚུལ་བཤད་པ་ནི། །དེ་ནས་དུས་ཅིག་གི་ཚེ་རྟག་འཛིན་ཅན་རྣམས་སུན་དབྱུང་བ་དང་། ལེ་ལོ་ཅན་ཆོས་ལ་བསྐུལ་མ་འདེབས་པའི་ཆེད་དུ་མཁའ་སྤྱོད་དུ་འབྱོན་པར་ཐུགས་ཀྱི་དགོངས་ནས། འཁོར་སློབ་རྣམས་ལ་ཞལ་ཆེམས་གནང་བའི་ཚུལ་དུ་གསུངས་པ། །ཀྱེ་མ་འཆི་བསམ་འདུས་པའི་འཁོར་སློབ་རྣམས། །མི་རྟག་འཆི་བ་བྱུང་དོགས་ཡོད། །ཡིད་ལ་བཟུང་ལ་ཆོས་ལ་འབུངས། །རྗེ་འབྲལ་མེད་བླ་མ་སྤྱི་བོར་ཁུར། །འགྲོ་དྲུག་སྡུག་བསྔལ་གླིང་སེབ་ནས། །མི་ལུས་རིན་ཆེན་ཐོབ་དུས་འདིར། །ཐར་པའི་ལམ་ལ་མི་བྲོས་བར། །འདི་ལ་ཆགས་པ་ཅོལ་ཆུང་ཡིན། །ཆོས་ལུགས་དུ་མའི་གླིང་སེབ་ན། །བླ་མེད་ཆོས་དང་འཕྲད་དུས་འདིར། །བརྩོན་འགྲུས་ལྕག་གིས་མི་བསྐུལ་བར། །ལེ་ལོར་འཇོག་པའི་ཅོལ་ཆུང་

(༦༤༨)པོ། །བླ་མ་དུ་མའི་གླིང་སེབ་ནས། །བྱིན་རླབས་ཅན་དང་མཇལ་དུས་འདིར། །མོས་གུས་བྱིན་རླབས་མི་ཞུ་བར། །སྐུ་འབག་ར་གན་རས་བྲིས་ལ། །གསོལ་བ་འདེབས་པ་ཅོལ་ཆུང་པོ། །གདམས་ངག་དུ་མའི་གླིང་སེབ་ནས། །སྙན་རྒྱུད་མན་ངག་གནང་དུས་འདིར། །ཉམས་ལེན་ནན་ཆགས་མི་བྱེད་པར། །མཆེད་གྲོགས་ལ་འདྲི་བའི་ཅོལ་ཆུང་པོ། །ལྟ་བ་དུ་མའི་གླིང་སེབ་ནས། །སྤྲོས་བྲལ་ནང་ནས་ཤར་དུས་འདིར། །དམིགས་མེད་དོན་ལ་མི་ལྟ་བར། །ཙབ་རྩུབ་དགའ་བའི་ཅོལ་ཆུང་པོ། །བསྒོམ་པ་དུ་མའི་གླིང་སེབ་ནས། །འོད་གསལ་ནང་ནས་འཆར་དུས་འདིར། །ཡེངས་པ་མེད་པར་མི་སྐྱོང་བར། །འདོད་ཡོན་ཞེན་པའི་ཅོལ་ཆུང་པོ། །སྤྱོད་པ་དུ་མའི་གླིང་སེབ་ནས། །ཤུགས་འབྱུང་ནང་ནས་འཆར་དུས་འདིར། །སྤྱིར་སྣང་གྲོགས་སུ་མི་འཁྱེར་བར། །འདོར་ལེན་བྱེད་པའི་ཅོལ་ཆུང་པོ། །འབྲས་བུ་དུ་མའི་གླིང་སེབ་ནས། །རྒྱུ་ཟད་རྐྱེན་ཟད་འཆར་དུས་འདིར། །རང་འདོད་ཟད་དུ་མི་འཇུག་པར། །གཞན་ནས་འཚོལ་བའི་ཅོལ་ཆུང་པོ། །ཞེས་གསུངས་ཤིང་། ཁོ་བོ་ཡང་ཡུན་རིངས་ཨེ་སྡོད་མི་ཤེས་པས་གདམས་ངག་གི་འཁྲི་བ་གཅོད་དགོས་པ་རྣམས་དང་། མ་བདེ་བའི་ཐེ་ཚོམ་དྲི་བ་དང་། ཉམས་ཀྱི་གེགས་སེལ་དགོས་པ་དང་། རྟོགས་པའི་བོགས་འདོན་

(༦༤༩)དགོས་པ་རྣམས་མྱུར་དུ་ཞུས་ཤིག་གསུང་། ལར་ཆོས་ཉམས་སུ་ལེན་པ་ལ། དང་པོར་ཐོས་བསམ། བར་དུ་བསྒོམ་སྒྲུབ་ཉམས་སུ་ལེན་མཐར་བློ་ཟད་ཆོས་ཟད་གཅིག་ཏུ་འགྲོ་དགོས་པ་ཡིན། བྱས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཞེན་འཛིན་གྱི་ལྟ་བ་ཐམས་ཅད་འཁྲུལ་པ་དམིགས་གཏད་གྱི་བསྒོམ་པ་ཐམས་ཅད་བློས་བྱས་སྤང་བླང་གི་སྤྱོད་པ་ཐམས་ཅད་རེ་དོགས་ཚིག་ལེགས་ལེགས་ཀྱི་འབྲས་བུ་ཐམས་ཅད་ཡིད་སྨོན་ཡིན་པས་བྱར་མེད་ཀྱི་ཆོས་ཤིག་བགྱིད་འཚལ་གསུང་ཞིང་ཕྱིས་ཀྱི་སློབ་མ་རྣམས་ལ་གདམས་ངག་རྣམས་མ་ལུས་པ་ཡོངས་སུ་རྫོགས་པ་གནང་ཞིང་ཁྱད་པར་དུ་བདག་ཅག་སྐུ་མཆེད་གསུམ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྒོ་ནས་བྱིན་གྱིས་བརླབས་ཤིང་མདོར་ན་ཆོས་དང་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་དགྱེས་པར་གནང་། དེ་ནས་རྒྱུད་པའི་བཀའ་བབས་དང་བྱིན་རླབས་ཀྱི་རྟེན་རྫས་གདམས་ངག་གི་བཀའ་གཏད། །སློབ་མའི་ལུང་བསྟན་ལ་སོགས་པ་ཐམས་ཅད་གནང་སྟེ་དོན་གྱི་རྒྱུད་པ་བཟུང་ཅིག་གསུངས། སངས་རྒྱས་གཉིས་པ་ལྟ་བུར་གྲགས་པའི་བླ་མ་རྗེ་བཙུན་དེ་ཉིད་ལ། ཆོས་ཀྱིས་འབྲེལ་པའི་སློབ་མ་ནི་བརྗོད་ཀྱི་མི་ལང་ཞིང་དབང་དང་གདམས་པ་ཐོབ་པ་མང་དུ་ཡོད་ཀྱང་དེ་རྣམས་ཀྱི་ནང་ནས་སྒྲུབ་

(༦༥༠)པས་མཉེས་པ་རློན་བྱེས་འགོལ་གྱི་དམ་པ་སྟོན་ཡང་། མོས་གུས་གྱི་མཉེས་པ་ལས་སྟོད་ཅུང་པའི་དམ་པ་སུམ་པ། ཤེས་རབ་ཀྱི་མཉེས་བ་རྩའི་རྒྱལ་བ་ལོ། ཞབས་ཏོག་གི་མཉེས་པ་བྱར་པོའི་ར་ཤེར་སྣང་། དེ་རྣམས་ནི་ལྷོའི་བུ་ཆེ་བ་བཞི། ཏེ་ལོའི་སྤྲུལ་པ་སྟོད་ལུང་གི་རྒྱལ་བ་ཁྱུང་ཚང་པ། བསོད་ནམས་བསགས་པའི་གཡེ་ཆེན་པོ་བ་འགྲོ་སྒོམ་དོན་གྲུབ། སྙིང་རུས་ཅན་བུ་རུ་བ། སྤུར་སྒོམ་ནག་པོ། སྔོན་བསགས་དང་ལྡན་པ་ཡར་ལུང་ཤར་གྱི་སྟག་ཤོད་རས་པ། དེ་རྣམས་བྱང་གི་བུ་ཆེ་བ་བཞི། གཞན་ཡང་ཐུགས་ཀྱི་དགོངས་པ་ལོན་པའི་བུ་ཆེན་མང་དུ་བྱུང་སྟེ། དེ་རྣམས་རེ་རེ་ལའང་ཆོས་སྐོར་རྫོགས་པར་གནང་ཞིང་། ཁྱད་པར་དུ་བཀའི་བབས་ཚུལ་ནི། ཟང་རི་རས་པ་ལ་ཐབས་ལམ་གནད་ཀྱི་བཀའ་བབས། མངའ་རིགས་པ་གསལ་མཆོག་ལ་ཕྱག་རྒྱ་ཆེན་པོ་དང་འོད་གསལ་གྱི་བཀའ་བབས། དབོན་པོ་གཉན་ནག་ལྷུན་པོ་ལ་བལ་འགྱུར་དོ་ཧའི་བཀའ་བབས། གཙང་རོང་ཇོ་མོ་བསྒྲེས་མོ་ལ་འཕོ་བའི་བཀའ་བབས། སྤུར་སྒོམ་ནག་པོ་ལ་བསམ་གཏན་ཐུན་འཇོག་གི་བཀའ་བབས། །འགྲོ་སྒོམ་དོན་གྲུབ་ལ་རྒྱལ་བ་རྒྱ་མཚོའི་བཀའ་བབས། སྟག་ཤོད་རས་པ་ཡང་ཟེར་སྙགས་གཅེར་བུ་ལ་ཆོས་དྲུག་གི་བཀའ་བབས། གྲ་ཕྱི་བ་སྙན་སྟོན་རྡོ་རྗེ་འོད་

(༦༥༡)ལ་མཁའ་འགྲོ་སྡེ་ལྔའི་བཀའ་བབས། འཕྱོས་ཀྱི་ཉང་སྟོན་དགོན་པ་སྐྱབས་དང་སྒྲུབ་ཆུང་མ་གཉིས་ལ་ཏཱི་ཕུ་གཞི་ཆོས་ཀྱི་བཀའ་བབས། དབྱེ་ཆུང་གི་དགེ་བཤེས་ཁྱུང་པོ་ལྡན་དམར་ལ་རྗེ་བཙུན་མ་ཞལ་གཉིས་མའི་བཀའ་བབས། ར་ཤེར་སྣང་ལ་ཕྱག་ན་རྡོ་རྗེའི་བཀའ་བབས། བྱེས་འགོལ་བ་ཡབ་སྲས་ལ་སྟོང་ཐུན་འདུས་པ་བཅུ་གཉིས། བདེ་མཆོག་བཅུ་གསུམ་མ། ཚེ་དཔག་མེད་ཕྱག་རྡོར་གཏུམ་པོ་ཁྱུང་ཉི་ཤུ་རྩ་ལྔ་མ། བླ་མ་ཕུར་ནས་བརྒྱུད་པའི་ཡེ་ཤེས་མགོན་པོ་གྲི་གུག་མ་རྣམས་ཀྱི་བཀའ་བབས། རྒྱལ་བ་ལོ་ལ་སྤྱིར་ཆོས་དང་གདམས་པ་ཐམས་ཅད་ལས་ཁྱད་པར་བདེ་མཆོག་དབང་གོང་མ། སངས་རྒྱས་ཐོས་ཆོག་རོ་སྙོམས་སྐོར་དྲུག་གཏུམ་པོ་སྔ་འགྱུར་ཕྱི་འགྱུར་ཆིག་བརྒྱུད་དང་བཅས་པ་ཡོངས་སུ་རྫོགས་པ་བཀའ་བབས། དམ་པ་སུམ་པ་ལ་སྤྱིར་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ལས། ཁྱད་པར་བསྲེ་འཕོ་གཞུང་དྲུག་རྡོ་རྗེ་ཚིག་འབྱེད་སོགས་མན་ངག་གནད་ཀྱི་ཟབ་གནད་ཕལ་ཆེ་བའི་བཀའ་བབས། ཏེ་ལོའི་སྤྲུལ་པ་རྒྱལ་བ་ཁྱུང་ཚང་པ་ལ་སྤྱིར་ཆོས་བཀའ་མང་དུ་གནང་ཞིང་ཁྱད་པར་བཀའ་རྒྱུད་རིན་པོ་ཆེའི་ཆོས་ཀྱི་རྩ་བ་མདོ་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་མཁའ་འགྲོའི་གསང་ཚིག་སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་སྐོར་གསུམ་

(༦༥༢)ཆ་ལག་ཡོངས་སུ་རྫོགས་པའི་ཆིག་བརྒྱུད་དང་། འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་རྒྱུད་འགྲེལ་དང་བཅས་པའི་བཀའ་བབས། ཡོངས་སུ་སྒྲིལ་བས་བཀའ་བབས་བཅོ་ལྔ། བླ་མ་བསོད་ནམས་འོད་ཟེར་ལ་དགྱེས་པ་རྡོ་རྗེའི་བཀའ་བབས། ཟབ་གནད་ཀྱི་ཆོས་བཀའ་སྣ་ཚོགས་པ། ལས་ཅན་གྱི་སྐྱེས་བུ་དམ་པ་སོ་སོ་ལ་རང་རང་གི་སྐལ་བ་དང་མཐུན་བར་བཀའ་བབས་ཏེ། ཕྱེ་ན་བཀའ་བབས་བཅུ་བདུན་ཏེ། ཆོས་བརྒྱུད་ཆུ་བོའི་གཞུང་བཞིན་དུ་རྒྱུན་མི་ཆད་པར་དར་ཞིང་རྒྱས་པར་མཛད། གཞན་ཡང་ཐུགས་ཀྱི་དགོངས་པ་ལོན་པའི་བུ་ཆེན་ཆོས་རྒྱུད་དར་བར་མཛད་པ་ལ། ལས་སྟོད་པ་སྙན་ཆོས་སྐྱབས། ཁྱུང་པོ་རྩེ་མངས། མྱང་སྒོམ་པ་བ། ཙྭ་རི་སྒོམ་ཆུང་། རས་ཆུང་མ། འབྲོམ་ལྷ་འོད། སྟག་ཤོད་རས་པ་ཆུང་བ། ཡར་ལུངས་བ་ལྷ་རྗེ་ལྷ་འབར། སྒོམ་ཆེན་སྨོན་ལམ་འབར། མལ་ཡེར་པ་བ། ལྷོ་པ་བྱང་སྟོན། ཤོ་སྟོན་རྡོ་རྗེ་རྒྱལ། རིག་སྟོན་འབུམ་རྒྱལ། མཉལ་སྨད་པ་གཅུང་སྟོན་རྒྱ་ནེ། དགེ་བཤེས་རོག །གཉལ་སྨད་གཅུང་སྟོན་རྒྱས་པ། ལོ་རོ་རློན་གྱི་སྒོམ་པ་ཆོས་གྲགས། གྲུབ་ཐོབ་བཙུན་ཆུང་མ། ལོ་རོ་མདོས་སྣ་བ་སུམ་སྟོན་ཆོས་དར། ཉེ་གནས་རིན་ཆེན་གྲགས། ཕོ་གྲོ་སྟག་འབར་ལ་སོགས་པ་རྣམས་ལ་དབང་དང་གདམས་པ་རྫོགས་པས་

(༦༥༣)འགྲོ་བའི་དོན་ནུས་པའི་སྐྱེས་བུ་ཤ་དག་པ་བྱོན། ཆོས་ཀྱིས་འབྲེལ་པའི་སློབ་མ་ནི། འགྲོ་བའི་མགོན་པོ་དྭགས་པོ་སྙི་སྒོམ་ཆེན་པོ། ཁམས་པ་དབུ་སེ། སྤྱན་སྔ་ཚུལ་ཁྲིམས་འབར། སྣེའུ་ཟུར་པ་ཆེན་པོ་ཡེ་ཤེས་འབར། བྱ་ཡུལ་བ་གཞོན་ནུ་འོད། བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེ། འབུམ་སྟོན་ཆོས་ཀྱི་གྲགས་པ། ཚུར་སྟོན་དབང་གི་རྡོ་རྗེ། ཆོས་རྒྱལ་རིན་ཆེན་གླིང་པ་ལ་སོགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་ཉི་ཟླ་ལྟར་གྲགས་པ་མང་ཞིག་བྱོན། གཞན་ཡང་ལྷ་ཅིག་ལྡེམ་བུ། ལྡན་ཟ་ལྷ་བཟངས། འབུམ་སྟོན། མྱང་གོང་པ། ཇོ་མོ་གཡང་འགོས་ལ་སོགས་ཏེ་རང་དོན་མཐར་ཕྱིན་ཅིང་། གཞན་དོན་ཡང་ཅུང་ཟད་ནུས་པའི་གང་ཟག་ནི་མཐའ་ཡས་པ་བྱོན་ཞིང་མདོར་ན་ཞབས་ཀྱི་པདྨོ་ལ་བཏུད་ནས་ཆོས་ཀྱི་འབྲེལ་ཚད་ངན་སོང་ལས་རྒྱབ་ཀྱི་ཕྱོགས་ཤིང་ཐར་པའི་ལམ་སྣ་ཟིན་པས་འགྲོ་བ་ལྷ་དང་བཅས་པའི་མཆོད་རྟེན་དུ་གྱུར་ཅིང་སྐྱེ་བ་བཅུ་དྲུག་གི་འབྲས་བུ་ཐོབ་པའི་གང་ཟག་ཁོ་ནར་བྱིན་གྱིས་བརླབས། གཞན་ཡང་ཞལ་མཇལ་གསུང་ཐོས་ལ་སོགས་ཏེ་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་འཁོར་བ་མཐའ་ཅན་དུ་མཛད་པས། འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པ་ཉིད་དོ། །དེ་ནས་དཔལ་གྱི་ཚེ་སྐོང་ཉིད་དུ་སློབ་

(༦༥༤)མ་རྣམས་ལ་བཀའ་ལུང་ཐམས་ཅད་ཡོངས་སུ་རྫོགས་པར་གནང་ཞིང་། ཁྱད་པར་དུ་སྟོན་པ་ཡང་དག་དཔལ་ལ་བྱེས་འགོལ་ལ་སོགས་པའི་དགོན་གནས་རྣམས་སྐྱོངས་ཤིག་གསུངས། རྒྱལ་བ་ལོ་ལ་ཞབས་འབྲིང་དུ་ཐུག་པའི་ཚོགས་པ་རྣམས་སྐྱོངས་ཤིག་གསུངས། སུམ་སྟོན་ལ་རླག་ཚད་ཕུག་མོ་ཆེ་ལ་སོགས་པའི་སྒྲུབ་གནས་རྣམས་སྐྱོངས་ཤིག་གསུངས། ཁྱེད་གསུམ་ལ་སྐུ་མཆེད་གསུམ་དུ་གྲགས་པའི་སྙན་གྲགས་ཀྱི་ཁྱབ་པར་འགྱུར་རོ། །ཁོ་བོའི་སྐུ་གསུང་ཐུགས་ཀྱི་བུ་གསུམ་ཡང་ཁྱེད་རྣམས་ཡིན་ནོ་གསུངས་ནས་གཏད་རྒྱ་བཀའ་བབས་དང་བཅས་པ་གནང་། གཞན་ཡང་སློབ་མ་སོ་སོར་གང་ལ་གང་འཚམ་གྱི་ཞལ་ཏ་མན་ངག་དང་བཅས་པ་རྒྱས་པར་གནང་། དེ་རིང་མཆོད་ཚོགས་བཟང་པོ་ཞིག་གྱིས་ཤིག་གསུངས། མཆོད་ཚོགས་བཟང་དུ་བཤམས་པས་སྐུ་གསུང་ཐུགས་དགྱེས་པའི་རྣམ་འགྱུར་མང་དུ་མཛད། ནམ་མཁའི་མཐོངས་ནས་འཇའི་གུར་ཕུབ་པ་དང་། རོལ་མོའི་སྒྲ་སྒྲོག་པ་དང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པའི་ལྟས་ངོ་མཚར་ཅན་མང་དུ་བྱུང་པས། སློབ་མ་རྣམས་ཀྱི་འདི་ལྟ་བུའི་ལྟས་ངོ་མཚར་བ་ཅི་ལྟ་བུ་ལགས་ཞུས་པས། ང་ལ་ནི་བཟང་ཁྱེད་རྣམས་ལ་ཇི་ལྟ་བུ་ཡིན་ནམ་གསུངས། ཡང་ནན་གྱིས་ཞུས་པས། མ་གཅིག་གྲུབ་པའི་རྒྱལ་མོ་

(༦༥༥)དང་། །ཏཱི་ཕུ་གསང་སྔགས་སྡོང་པོ་དང་། ཕ་བཞད་པ་རྡོ་རྗེ་རྣམས་ལ་གསང་སྔགས་རྒྱུད་སྡེའི་ལྷ་ཚོགས་དཔག་ཏུ་མེད་པ་དང་། །གནས་གསུམ་གྱི་དཔའ་བོ་དཔའ་མོ་མཁའ་འགྲོས་བསྐོར་ཞིང་ནམ་མཁའི་མཐོངས་ཐམས་ཅད་གང་ནས་འདུག་སྟེ། དེ་ལ་ལྷའི་བུ་དང་བུ་མོ་མང་པོས་མཆོད་རྫས་ཐོགས་ནས་དེ་རྣམས་ལ་མཆོད་པ་འབུལ་ཞིང་གདའ། ལྟས་དེ་རྣམས་ནི་དེའི་ལྟས་སུ་འདུག་གསུང་། དེར་དམ་པ་སུམ་པ་ལ་སོགས་པའི་སློབ་མ་རྣམས་ཀྱི་ཕྱག་མང་དུ་ཕུལ་ནས་བླ་མ་རིན་པོ་ཆེ་བདག་ཅག་ཞིང་འདིའི་སེམས་ཅན་རྣམས་ཐུགས་ཀྱི་མི་འདོར་བར་ཞིང་ཁམས་འདི་ཉིད་དུ་ཞབས་པད་བརྟན་པར་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་ཞུས་པས། བླ་མའི་ཞལ་ནས་བུ་སློབ་ཀུན་རེ་ཞིག་ཞིང་ཁམས་འདི་ཡི་དངོས་ཀྱི་གདུལ་བྱ་རྣམས་ཀྱང་རྫོགས་ཞིང་བླ་མས་ལུང་བསྟན་པའི་དུས་ལ་ཡང་སླེབ་ཞིང་ཁམས་གཞན་དུ་གདུལ་བྱའི་སྒོ་ཡང་བྱེ་གདའ་བས། བླ་མ་ཡི་དམ་རྣམས་ཀྱི་བསུ་བ་ལ་ཕེབས། བུ་སློབ་རྣམས་སྨོན་ལམ་འདེབས་པའི་དུས་ལ་བབ་གདའ་འོ་ཞེས་གསུངས་ཤིང་། སྤྱན་ནམ་མཁའ་གཟིགས་ཐུགས་ཀར་ཐལ་མོ་སྦྱར་ནས་དགྱེས་པའི་རྣམ་འགྱུར་དུ་མ་མཛད། དེར་བདག་ཡང་དག་དཔལ་

(༦༥༦)གྱི་བླ་མ་རིན་པོ་ཆེ་དེ་ལྟ་བུར་གྱུར་ན་བདག་ཅག་བུ་སློབ་རྣམས་གསོལ་བ་གང་དུ་འདེབས། ཞིང་ཁམས་གང་དུ་གཤེགས་ཕྱིས་ནས་སྤྲུལ་པ་ཅི་ལྟ་བུ་འབྱུང་། བླ་མ་གཤེགས་པའི་རྗེས་སུ་རྟེན་བཞེངས་དང་ཞབས་ཏོག་ཇི་ལྟར་སྒྲུབ་ཞུས་པས། བླ་མའི་ཞལ་ནས་ང་ནི་ཚེའི་རིགས་འཛིན་གྲུབ་པས་འདས་གྲོངས་མི་མངའ་སྟེ། འོན་ཀྱང་གདུལ་བྱ་རྣམས་ཀྱི་སྣང་བའི་ཁྱད་པར་ཡིན་ཕྱིར་སྐལ་བ་དང་ལྡན་པ་རྣམས་ལ་འདུ་འབྲལ་མེད། ང་ལུས་ལྷའི་དཀྱིལ་འཁོར་དུ་གྱུར་པས་གདོས་བཅས་ཀྱི་རོ་མི་ཡུལ་དུ་མི་ལུས། འཆི་མེད་རྟོགས་པའི་རྣལ་འབྱོར་ཡིན་པས་བར་མ་དོའི་སྣང་བ་མི་འཆར། ཐམས་ཅད་ཆོས་སྐུ་གཅིག་ཏུ་ཤེས་པས་ཞིང་ཁམས་ཐམས་ཅད་ཁོ་བོས་ཁྱབ་པ་ཡིན། དེའི་གནད་གས་ཞིང་ཁམས་གང་དུ་གསོལ་བ་བཏབ་ཀྱང་ཁྱད་པར་མ་མཆིས། ཁོ་བོ་ཡང་ཞིང་ཁམས་མངོན་པར་དགའ་བར་མི་སྐྱོད་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་དབང་ཕྱུག་ཅེས་བྱ་བར་འགྱུར། དཔལ་དང་ལྡན་པའི་ཞིང་ཁམས་སུ་སངས་རྒྱས་རིན་ཆེན་རྣམ་པར་གནོན་ཞེས་བྱ་བའི་དྲུང་དུ་སྤྱོད་པའི་རྒྱལ་པོ་ཞེས་བྱ་བར་འགྱུར། པདྨ་བརྩེགས་པ་འོད་ཀྱི་ཕོ་བྲང་དུ་རིགས་འཛིན་རྡོ་རྗེ་ཆོས་ཞེས་བྱ་བར་འགྱུར་རོ། །གཞན་ཡང་ཞིང་ཁམས་བྱེ་བ་

(༦༥༧)ཕྲག་བརྒྱར་ཁོ་བོའི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱུང་བས་གསོལ་བ་གང་དུ་གཏབ་ཀྱང་ཁྱད་པར་མ་མཆིས། འོན་ཀྱང་ཁོ་བོའི་སྐུ་རྡོ་རྗེ་ནི་རིགས་འཛིན་གྱི་གནས་སུ་མ་གཅིག་ལ་སོགས་པའི་སྤྱན་སྔར་འགྲོ། གསུང་རྡོ་རྗེ་ནི་པདྨ་བརྩེགས་པ་འོད་ཀྱི་ཕུང་པོར་མཁའ་འགྲོ་རྒྱ་མཚོ་ལ་ཆོས་སྟོན་པར་བྱེད། ཐུགས་རྡོ་རྗེ་ནི་ལྕང་ལོ་ཅན་དུ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་བཞུགས་པས་གསོལ་བ་དེར་ཐོབ་ཅིག་གསུངས། འདས་པའི་རྗེས་སུའང་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་ཤེས་པས་རྟེན་བཞེངས་མི་དགོས། ཕུང་པོ་དག་པའི་དབྱིངས་སུ་ཐིམ་པས། སྲེག་སྦྱང་བྱེད་མི་དགོས། འཁོར་འདས་དབྱེར་མེད་དུ་ཤེས་བས་མཆོད་པ་འབུལ་མི་དགོས། རླུང་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་པས་གཟུང་སྔགས་ཆོ་ག་ཀླག་མི་དགོས། རང་དོན་རྫོགས་ཤིང་འགྲོ་དོན་གྲུབ་ཟིན་པས་བསྔོ་བ་བྱེད་མི་དགོས། ཁྱེད་རང་རྣམས་ཀྱང་རང་སེམས་ཆོས་ཀྱི་སྐུར་ངོ་སྤྲད་པ་བཞིན་ཉམས་སུ་ལོང་ལ་ཐུགས་ཡིད་བསྲེས་དང་ང་དང་འདུ་འབྲལ་མེད་ཀྱི་གསུང་ནས། གཟིམས་ཕུག་ཏུ་ཐུགས་དམ་ལ་བཞུགས་ནས། དེར་བདག་སུམ་པ་ལ་ཚོགས་དང་གཏོར་མ་གཤོམས་ཤིག་གསུང་པའི་བཀའ་ཕེབས། དེར་

(༦༥༨)བདག་གིས་ཚོགས་དང་གཏོར་མ་རྒྱ་ཆེ་བར་བཤམས་པས། སྲོད་ཀྱི་ཆ་ལ་གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་མཛད། ད་ནི་སོང་ལ་སྒོམས་ཤིག་རྟགས་དང་ཆོ་འཕྲུལ་ཅི་བྱུང་ཡང་ཉི་མ་མ་ཤར་གྱི་བར་དུ་མ་ཡོང་ཞིག་གསུངས། དེར་གསུང་བཞིན་རང་གི་གྲྭ་ཁང་དུ་ལོག་ནས་བསྡད་པས། ནམ་གུང་གི་ཆ་ལ་རོལ་མོའི་སྒྲ་སྒྲོག་པ་དང་སྤོས་ཀྱི་དྲི་ཞིམ་པོས་ཉེ་འཁོར་ཐམས་ཅད་ཁྱབ་ཅིང་དཔའ་བོ་མཁའ་འགྲོ་ཐམས་ཅད་གླུ་ལེན་ཅིང་གར་བསྒྱུར་བ་བར་སྣང་ཁམས་ཐམས་ཅད་འོད་དང་འོད་ཟེར་གྱི་གང་བ་ལ་སོགས་པའི་རྟགས་ངོ་མཚར་ཅན་མང་པོས་གང་། ཐོ་རངས་ཀྱི་ཆ་ལ་ས་གཡོ་བ་ཆེན་པོ་ཞིག་བྱུང་བའི་རྗེས་སུ་དེར་གནས་ཀྱི་གཞི་བདག་ཐམས་ཅད་ཆོ་ངེས་འདེབས་ཤིང་གསོལ་བ་འདེབས་པའི་སྒྲ་ཆེན་པོ་ཞིག་བྱུང་། དེར་བླ་མའི་བཀའ་རྒྱ་ཡོད་ནའང་ཤིན་ཏུ་ཡིད་མ་བདེ་བས་མལ་ནས་ལངས་ཏེ་ཕྱོགས་ཀུན་ཏུ་བལྟས་པས། ནམ་མཁའི་མཐོངས་ནས་ཌ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲས་གང་ཞིང་མཁའ་འགྲོ་གར་སྒྱུར་བ་ལ་སོགས་ཀྱི་ལུས་ཕྱེད་ཙམ་མཐོང་བ་འཇའ་ཚོན་ལྟ་བུའི་ལུས་མིག་གི་སྣང་ཡུལ་ལ་འོལ་འོལ་བ་མང་པོ་མཐོང་པའི་དབུས་ན་ཡར་རེས་བླ་མའི་སྐུ། རེས་འཁོར་ལོ་སྡོམ་པའི་སྐུའི་རྣམ་པ་ཞིག་

(༦༥༩)ཏུ་མཛད་ནས་ཇེ་མཐོ་ཇེ་མཐོར་གྱུར་པ་ཞིག་མཐོང་དེར་སེམས་ཀྱི་མ་བཟོད་དེ། སངས་རྒྱས་སྟོན་ཡང་དང་། རྒྱལ་བ་ལོ་ལ་སོགས་སྟེ་སློབ་མ་གཞན་རྣམས་ལའང་སྦྲན་པས། ནམ་ལངས་པར་གྱུར་དེའི་བར་དུ་བླ་མ་ཉིད་སྐུ་ཚེའི་རྟེན་ཐུར་གྲུབ་པའི་རྒྱལ་མོས་བསྣམས་ཏེ། སྐུའི་ཆ་ལུགས་འཁོར་ལོ་སྡོམ་པའི་རྣམ་པར་གྱུར་ཏེ་ལྕགས་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོའི་སྟོང་ཆེན་རྒྱུ་སྐར་དབྱུག་པ་ལ་བབ་པའི་ཐོ་རངས་ཀྱི་ཆ་ལ་དག་པ་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོ། །དེར་སློབ་མ་རྣམས་སྦྲན་ནས་བླ་མའི་གཟིམས་ཕུག་དུ་ཕྱིན་པས་བླ་མ་ཉིད་མཐོང་སྣང་བཞིན་མཁའ་སྤྱོད་དུ་གཤེགས་པས་ན་བཟའ་དང་བཞུགས་སྟན་མ་གཏོགས་མི་འདུག་པས། ཐམས་ཅད་ཡིད་སྐྱོ་བར་གྱུར་ཏེ་བདག་ལ་སོགས་པའི་བུ་སློབ་རྣམས་ཀྱི་སྨྲེ་སྔགས་སུ་ཕྱུངས་པ།། ༈ །།རྗེ་དུས་གསུམ་སངས་རྒྱས་རིན་པོ་ཆེ། །བདག་བློ་དམན་རྣམས་ལ་མི་སྐྱོབ་པར། །དུས་གསུམ་སངས་རྒྱས་གང་དུ་གཞུད། །མ་རིག་མུན་པ་མི་གསལ་བར། །ཡེ་ཤེས་ཉི་མ་གང་དུ་གཤེགས། །ཉོན་མོངས་གདུང་བ་མི་བསལ་བར། །ཐུགས་རྗེའི་ཆུ་རྒྱུན་གང་དུ་ཐལ། །འགྲོ་བའི་ལམ་སྣ་མི་འདྲེན་པར། །ཡེ་ཤེས་སྤྱན་

(༦༦༠)ལྡན་གང་དུ་གཤེགས། །བདག་བུ་སློབ་རྣམས་ལ་མི་སྐྱོབས་པར། །ཕ་རྗེ་བཙུན་རས་པ་གང་དུ་གཤེགས། །རང་དབང་ཐོབ་པའི་རྗེ་བཙུན་མགོན། །བཅོམ་ལྡན་འདས་ཀྱི་ལོ་དུས་ལ། །ཚེ་སྐོང་དཔལ་གྱི་རི་བོ་རུ། །དཔྱིད་ཟླ་འབྲིང་པོའི་སྟོང་ཆེན་དུས། །མི་ཡི་སེང་གེ་དབྱིངས་སུ་གཤེགས། །རྗེ་བཙུན་ཐུགས་རྗེ་མ་ཚུངས་སམ། །གསང་ཆེན་བླ་ན་མེད་པའི་སྒོ། །ཡེ་ཤེས་བུ་གནས་ཐོན་ཏེ། །སྤྱན་འདྲེན་དཔའ་བོ་མཁའ་འགྲོས་བྱས། །རྟགས་དང་ཆོ་འཕྲུལ་བསམ་མི་ཁྱབ། །རྣམ་པ་ལོངས་སྐུའི་རང་བཞིན་ལ། །ཡེ་ཤེས་ལྔ་ཡི་ངོ་བོར་གཤེགས། །གནས་ནི་འོག་མིན་དབྱིངས་སུ་བྱོན། །བདག་ཡལ་བར་འདོར་བ་ཕོད་ལགས་སམ། །རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར། །འགྱུར་མེད་སྐུ་ལ་འདས་ཚུལ་བསྟན། །ཐུགས་ནི་ཆོས་སྐུའི་ངང་ཉིད་ལ། །སྐུ་གསུམ་ལོངས་སྤྱོད་རྫོགས་སྐུར་བཞེངས། །མི་གནས་མྱ་ངན་འདས་པའི་མཆོག །ལྷན་སྐྱེས་ཟག་མེད་གྲོང་ཁྱེར་ན། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཁྱེད། །བདེ་བ་ཉིད་ནས་བདེ་བར་གཤེགས། །བདག་གཞན་དོན་གཉིས་ཕུན་སུམ་ཚོགས། །བདག་ཐུགས་རྗེས་བཟུང་ཞིག་ཆོས་ཀྱི་རྗེ། །ཕ་རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེ་ལ། །ཕྱོགས་རིས་མེད་པའི་འཕྲིན་ལས་རྒྱས། །མཉམ་ཉིད་དབྱིངས་སུ་འགྲོ་དོན་

(༦༦༡)མཛད། །དགོངས་པ་སྤྲོས་བྲལ་ངང་དུ་བཞུགས། །སྙན་པས་ས་སྟེངས་ཀུན་ལ་ཁྱབ། །གྲགས་པ་ཞིང་ཁམས་ཡོངས་ལ་སྒྲོགས། །བདག་རྗེས་འཇུག་བུ་སློབ་ཐམས་ཅད་ལ། །ཐུགས་རྗེའི་ལྕགས་ཀྱུས་མ་དོར་བར། །ཕ་ཁྱེད་ཞིང་ཁམས་གར་བཞུགས་ཀྱང་། །བདག་བུ་སློབ་གནས་དེར་བསྐྱབ་ཏུ་གསོལ། ཞེས་གདོང་མཆི་མ་དང་བཅས་ནས་གསོལ་བ་དྲག་ཏུ་བཏབས་པས། ས་གཡོ་བ་དང་ནམ་མཁའ་གཡའ་དག་པའི་ངང་ནས་མེ་ཏོག་གི་ཆར་འབབ་པ་དང་། རོལ་མོའི་སྒྲ་དཔག་ཏུ་མེད་པ་ལྡིར་བ་བྱུང་ཞིང་། འཇའ་འོད་ཁ་དོག་ལྔ་ལྡན་ཟེར་དང་བཅས་པ་ཁ་དོག་ཤིན་ཏུ་བཀྲ་བས་ཚེ་སྐོང་གི་ནམ་མཁའ་ཐམས་ཅད་ཁྱབ་པའི་བར་སྣང་ལ་མཁའ་འགྲོ་དཔག་ཏུ་མེད་པའི་དབུས་ན་རྗེ་བཙུན་རས་ཆུང་པ་ཉིད་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་བུ་སློབ་ཀུན་གྱིས་མཐོང་ཞིང་། ཁ་ཅིག་གི་འཁོར་ལོ་སྡོམ་པའི་སྐུར་མཐོང་བ་དང་། རྡོ་རྗེ་རྣལ་འབྱོར་མའི་སྐུར་མཐོང་པ་དང་། གསང་བའི་བདག་པོར་མཐོང་བ་ལ་སོགས་པའི་མཐོང་སྣང་མང་དུ་བྱུང་། བྲག་ཆ་ལྟ་བུའི་ངང་ནས་གསུང་ཚངས་པའི་དབྱངས་ལ་འདི་སྐད་ཐོས།། ༈ །།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལྡན་ཡེ་ཤེས་ལྔ། །

(༦༦༢)རང་བཞིན་འཁོར་ལོ་སྡོམ་པ་དེ། །དབྱེར་མེད་གསང་བའི་བདག་པོ་ཡིན། །ང་ནི་མཁའ་འགྲོའི་དབང་ཕྱུག་སྟེ། །ང་ཡི་རྗེས་སུ་འཇུག་པའི་བུ། །ལྷང་ལྷང་གསོལ་བ་འདེབས་པ་ཀུན། །ང་ཉིད་ཆོས་སྐུའི་ངོ་བོ་ཉིད། །རང་རང་སེམས་དང་ཁྱད་པར་མེད། །ང་ནི་ལོངས་སྐུའི་རང་བཞིན་ཏེ། །འབྱུང་བ་ལྔ་ལ་ངང་གི་ཁྱབ། །ང་ནི་སྤྲུལ་སྐུའི་འཕྲིན་ལས་བྱེད། །སྣང་བས་ཆོས་རྣམས་ཐམས་ཅད་སྟོན། །ང་ནི་དག་པ་བརྡ་ཡི་སྐུ། །སོ་སོའི་མདུན་དུ་ཆོས་སྟོན་འགྱུར། །དེས་ན་གནས་ལུགས་ངང་ལ་ཞོག །གནས་ལུགས་འོད་གསལ་ཆོས་སྐུ་དེ། །སངས་རྒྱས་སེམས་ཅན་ཀུན་ལ་བཞུགས། །ང་ནི་རང་བཞིན་འོད་གསལ་ཏེ། །འཁོར་འདས་ཀུན་ལ་ཁྱབ་པར་གནས། །སྡུག་བསྔལ་མ་བྱེད་མཁན་པོ་ཚོལ། །ཅེས་བྱ་བའི་གསུང་ཀུན་གྱིས་ཐོས་ཤིང་། སྐུའི་སྣང་བརྙན་མཐོང་བས་བུ་སློབ་ཐམས་ཅད་ཡིད་ཚིམ་པར་གྱུར། ཡང་གཟུགས་མེད་པའི་སྒྲ་ཞིག་ལས། རྗེ་བཙུན་ལ་གསོལ་བ་འདེབས་པའི་གང་ཟག་རྣམས་ལྕང་ལོ་ཅན་དུ་གསོལ་བ་ཐོབ་ཅིག་དངོས་གྲུབ་རྒྱུན་མི་འཆད་པར་འབྱུང་ངོ། །ཆོས་རྒྱུད་དར་ཞིང་རྒྱས་པར་འགྱུར་རོ་ཟེར་བའི་སྒྲ་ཞིག་ཐོས། དེ་ནས་བུ་སློབ་ཀུན་འཚོགས་ཏེ་ཟླ་བ་གསུམ་གྱི་བར་དུ་ཚོགས་དང་མཆོད་པ་བཤམས་ཤིང་། བླ་

(༦༦༣)མ་ལ་གསོལ་བ་དྲག་ཏུ་བཏབས་པས་སོ་སོ་རང་རང་ལ་བྱིན་གྱིས་བརླབས་པའི་རྟགས་ངོ་མཚར་ཅན་བྱུང་། ཐམས་ཅད་ཕྱག་རྒྱ་ཆེན་པོའི་ངང་ལ་རྩོལ་མེད་དུ་གནས་པར་གྱུར། དེ་ནས་བླ་མའི་བཀའ་བཞིན་རྒྱལ་བ་ལོས་ཚེ་སྐོང་དུ་ཚོགས་པ་རྣམས་སྐྱོངས་ནས་བཞུགས། སྟོན་ཡང་ཡབ་སྲས་ཀྱི་བྱེས་འགོལ་དུ་སྒོམ་ཆེན་རྣམས་སྐྱོང་ཞིང་བཞུགས། །ཁོ་བོ་སུམ་པས་བྱིན་རླབས་ཀྱི་རྟེན་རྫས་འགའ་ཞིག་གདན་དྲངས་ཞས་རླག་ཚང་ཕུག་མོ་ཆེའི་གནས་སུ་བསྒོམ་ཞིང་བསྡད། དེ་ནས་ལོ་གསུམ་ལ་ཇོ་མོ་གཡང་མགོས་ཀྱང་མྱ་ངན་ལས་འདས་ཏེ་རྒྱལ་བ་ལོས་སྐུ་འབུམ་བཞེངས་པ་དང་། སྐུ་རྗེས་ཀྱི་བྱ་བ་ལ་སོགས་པ་མཐའ་ཡས་པ་བསྒྲུབས། དེ་ནས་བླ་མ་མཁའ་སྤྱོད་དུ་གཤེགས་པའི་སྒྲས་ཕྱོགས་ཐམས་ཅད་དུ་ཁྱབ་པར། དཔལ་ཡེ་ཤེས་བླ་མས་གསན་ཏེ། མང་པོ་བཤུམས་པས། ཡོན་ཏན་གྲགས་བྱ་བ་ན་རེ། གཞན་གྱི་རྣལ་འབྱོར་པ་སྐུ་གཤེགས་པ་ལ་ཁྱེད་ཅི་ལ་བཤུམ་ཟེར། དེ་ངའི་རྩ་བའི་བླ་མ་བཀའ་དྲིན་ཆེ་ཤོས་ཡིན་བྱས་པས། དེ་གས་ཁྱེད་རི་ལ་བཞུགས་པ་དགའ་ཟེར། བླ་མ་དེ་གདམས་ངག་ཆེ་བར་འདུག་གམ་རྟོགས་པ་མཐོ་བར་འདུག་ཞེས་ཞིབ་ཏུ་འདྲིར་བྱུང་བའི་ལན་དུ་འདི་སྐད་གསུངས།།

(༦༦༤)༈ །།ཨེ་མ་ཧོ། ངོ་མཚར་རྗེ་བཙུན་མགོན། །ལམ་མཁན་བླ་མའི་ཡོན་ཏན་ལྔ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །བླ་མ་གཞན་དོན་མཆོག་གི་སྐུ། །དག་པའི་སྒྱུ་ལུས་བྱང་ཆུབ་ལམ། །ཟུང་འཇུག་སྐྱེ་བ་མེད་པ་ཡི། །རང་རིག་ལྷན་ཅིག་སྐྱེས་པའི་སྐུ། །བླ་མ་དུས་གསུམ་སངས་རྒྱས་སྲས། །གསལ་སྟོང་ཆོས་ཉིད་བར་དོའི་རྩ། །རླུང་སེམས་སྐྱེ་མེད་ཆོས་ཉིད་སེམས། །བྱང་སེམས་བདེ་སྟོང་གཉིས་མེད་ཀྱི། །བླ་མ་རྩ་རླུང་མཆོག་གི་སྐུ། །བྱ་བྲལ་བག་ཆགས་ལས་གྲོལ་ཞིང་། །བློ་འདས་སྐྱེ་འགག་རང་སར་གྲོལ། །སེམས་བྱུང་སྨྲ་བསམ་བརྗོད་མེད་ཀྱི། །བླ་མ་ཕྱག་རྒྱ་ཆེན་པོའི་སྐུ། །འོད་གསལ་བྱ་བྲལ་འགྲོ་འོང་བྲལ། །རྒྱུན་སྤྱོད་ཆོས་ཉིད་བར་དོའི་བརྡའ། །མ་སྐྱེས་མི་འགགས་གནས་པ་མེད། །བླ་མ་སྐྱེ་མེད་རྡོར་གྲགས་ཡིན། །ཞེས་གསུངས་པས། ཁོང་ཡང་དད་ཅིང་ངོ་མཚར་སྐྱེས། །ཡང་ཡེ་ཤེས་བླ་མའི་ཐུགས་དགོངས་ལ། །ངའི་བླ་མ་རྗེ་བཙུན་དེ། སྐུ་འདས་པའི་དུས་ནམ་ཡིན་ན། མཆོད་པ་རེ་བྱེད་པ་ལ་བསམ་ཡོད་དུས། གཟུགས་མེད་པའི་སྒྲ་གཅིག་ན་རེ། རྗེ་བཙུན་གཞུ་མོ་ལ་འདས་ཟེར་དེར་གདུང་དབྱངས་འདི་སྐད་མཛད་དོ།། ༈ །།ས་བཅུ་ཡོན་ཏན་རི་བོ་ཡི། །བླ་མ་བར་དོར་མྱ་ངན་

(༦༦༥)འདས། །དཔོན་སློབ་གཉིས་ཀྱི་བར་དོ་རུ། །བདག་གི་བླ་མ་བདག་གི་མགོན། །མཐོང་ཐོས་དྲན་པའི་ཡུལ་ལས་འདས། །རྗེ་བཙུན་མི་བཞུགས་གང་དུ་གཤེགས། །མཐོང་ཐོས་གཉིས་ཀྱི་བར་དོ་རུ། །བལྟས་པས་མ་མཐོང་ཉན་པ་ཡི། །རྗེ་བཙུན་འདིར་བཞུགས་མ་ཐོས་པས། །བདག་གི་ལས་ངན་ཅི་ཡི་རྒྱུ། །དད་གུས་གཉིས་ཀྱི་བར་དོ་རུ། །ས་གའི་བྲལ་ཚེས་དགུ་སྟོང་ལ། །མཇལ་འཕྲད་ལམ་གྱི་རྒྱུན་ཐག་ཆད། །ཚོགས་གཉིས་གསོག་པའི་ཉི་མ་ནུབ། །སྐྱེལ་བསུ་གཉིས་ཀྱི་བར་དོ་དུ། །ཀྱེ་མ་གནམ་སྟོང་ཟླ་ལྟར་དུ། །མ་བུ་སྤྲོད་པའི་ལམ་མཁན་གཏོར། །བསམ་གཏན་བླ་མའི་སྣང་བ་ཡལ། །འཁོར་འདས་གཉིས་ཀྱི་བར་དོ་རུ། །མི་རྟག་མྱ་ངན་འདས་གྱུར་པས། །ཀྱེ་མ་ཀྱི་ཧུད་འཇིག་རྟེན་སྟོང་། །ཆོས་ཀྱི་སྨན་པ་མཁས་དང་བྲལ། །སྐྱེ་འཆི་གཉིས་ཀྱི་བར་དོ་རུ། །བླ་མ་སྤྱན་དྲངས་ཡི་དམ་ལྷའི། །མདུན་དུ་འཇའ་ཡི་གདུགས་ཕུབ་ནས། །བརྩེ་བས་མི་དགོངས་གང་དུ་གཤེགས། །རྨི་ལམ་གསལ་གྱི་བར་དོ་རུ། །གསལ་སྣང་རང་གསལ་མ་འགགས་པར། །ཞལ་མཇལ་ཐུགས་རྗེས་བཟུང་གྱུར་ཀྱང་། །ས་དེ་མི་འདུགས་གང་དུ་གཤེགས། །བཀའ་ཉན་གསུང་སྟོད་བར་དོ་རུ། །འདྲིས་ཤེས་མེད་པའི་རྒྱལ་ཁམས་སུ། །

(༦༦༦)གཉིས་མེད་གཅིག་པོར་འདོམ་བཅུག་ནས། །བདག་དོན་མི་བཞུགས་གང་དུ་གཤེགས། །སྣང་སེམས་གཉིས་ཀྱི་བར་དོ་རུ། །སེམས་ཉིད་ཆོས་ཉིད་ཆོས་སྐུ་རུ། །མཐོང་ཞིང་ངེས་ཤེས་སྐྱེས་གྱུར་ཀྱང་། །དྲི་ས་མེད་དོ་གང་དུ་གཤེགས། །དིང་སང་དུས་འདིར་གཟུགས་བརྙན་ལྟར། །ཀུན་ལ་བླ་མའི་སྣང་ལྡན་ཀྱང་། །བདག་ལ་བླ་མ་སངས་རྒྱས་དང་། །མཇལ་འཕྲད་ཉི་མ་དགུང་དུ་ནུབ། །ཉ་རྒྱས་བླ་མ་བཞུགས་དུས་སུ། །དད་གུས་རྒྱན་དང་མ་ལྡན་ན། །གནམ་སྟོང་ཟླ་ལྟར་མྱང་འདས་ཚེ། །དྲན་ཀྱང་དྲན་པའི་ཡུལ་ལས་མེད། །སྔོན་ཚེ་བླ་མ་སངས་རྒྱས་དང་། །ཞལ་མཇལ་ཐུགས་རྗེས་བཟུང་དུས་སུ། །ཉིན་མཚན་མེད་པར་མི་འགྲོགས་པ། །ད་ཡོད་མཚན་ལས་མ་བཞུགས་དྲན། །ཞེས་གདུང་དབྱངས་ཀྱི་གསོལ་བ་བཏབ་པས། བླ་མ་རྗེ་བཙུན་ཉིད་ལ་བཀའ་རྒྱུད་ཀྱི་བླ་མ་མང་པོས་བསྐོར་ནས། ཞལ་འཛུམ་བག་དང་ལྡན་སྐུ་གཟི་མདངས་དང་ལྡན་པ་གསུང་དབྱངས་ལེན་ཅིང་བརྡ་འདྲི་བ་ཞིག་ཞལ་གཟིགས། དེ་ལ་སོགས་པའི་སློབ་མ་རྣམས་ཀྱི་གསོལ་བ་བཏབ་པས་རང་རང་ལ་དངོས་ཉམས་རྨི་ལམ་རྣམས་སུ་བྱིན་གྱིས་བརློབས་ཤིང་བློའི་གདུང་བ་སེལ་བར་མཛད་དོ།། ༈ །།དེ་ལྟར་སྐོར་ཚོ་ཆེན་པོ་སུམ་ཅུ་སོ་གཅིག་སྟེ། མཐར་ས་

(༦༦༧)ལམ་རིམས་ཀྱི་བགྲོད་པའི་ཚུལ་བསྟན་པ་ལ་སོགས་གདུལ་བྱ་མཆོག་འབྲིང་དམན་གསུམ་འབྲས་བུ་གསུམ་ལ་བཀོད་ཅིང་འབྲེལ་ཚད་དོན་དང་ལྡན་པ། སྐུ་གསུམ་མངོན་དུ་གྱུར་ཏེ་སྐུ་ལུས་མ་སྤངས་པར་དག་པ་མཁའ་སྤྱོད་དུ་གཤེགས་པའི་ཚུལ་ཏེ་གསུམ་པའོ། །དངོས་གཞི་ཡོངས་སུ་རྫོགས་སོ། །དེའི་ཐོག་མ་ནས་ཏི་ཕུའི་སྐོར་སོགས་སྟོད་ཀྱི་ཆ་རྣམས་བྲིན་གྱི་སྟོན་པས་ཡི་གེར་བྲིས་པ་ལས། ཕྱིས་སུ་སུམ་སྟོན་བདག་དང་ཉེ་གནས་རིན་ཆེན་གྲགས་གཉིས་ཀྱི། བླ་མ་རང་གི་དྲུང་དུ་ཞུས་དག་ལེགས་པར་བྱས་ཏེ་ཡི་གེར་བཀོད། དེ་མན་ལྷ་གཅིག་གི་སྐོར་སོགས་བར་སྐབས་ཀྱི་ཆ་རྣམས་ཉེ་གནས་ཀྱི་ཞལ་ལས་ཇི་ལྟར་བྱུང་བ་བཞིན་ཕྱིས་བླ་མ་རང་དང་ལྷ་ཅིག་གཉིས་ཀྱི་དྲུང་དུ་ཞུས་དག་བགྱིས་ཤིང་ཡི་གེར་བཀོད། དབུས་བཞུད་སྔ་ཕྱི་བར་གསུམ་གྱི་སྐོར་སོགས་སྨད་ཀྱི་ཆ་རྣམས་བླ་མ་རྗེ་བཙུན་ཉིད་ཀྱི་ཞལ་རྒྱུན་ལས་བྱུང་པ་དང་། ཉེ་གནས་རིན་ཆེན་གྲགས་སྐུ་མཆེད་དགེ་བཤེས་ཁྱུང་པོ་སྟག་ཤོད་རས་པ་ལ་སོགས་པའི་བླ་མ་རྗེ་བཙུན་ཉིད་ཀྱི་ཞབས་ཀྱི་པདྨོ་ཡུན་རིང་དུ་བསྟེན་པའི་གྲོགས་མཆེད་གོང་མ་རྣམས་ཀྱི་ཞལ་ལས་ཇི་ལྟར་བྱུང་བ་དང་ཟིན་བྲིས་སུ་འཁོད་པ་རྣམས་དང་།

(༦༦༨)བདག་ཅག་གྲོགས་མཆེད་བགྲེས་གཞོན་གསུམ་གྱི་མཐོང་ཐོས་དྲན་པ་རྣམས་སྟོན་ཡང་བདག་གིས་ཕྱོགས་གཅིག་ཏུ་བཀོད་པའི་ཡི་གེ་པ་ནི་སུམ་སྟོན་བདག་གིས་བགྱིས་ནས་སླད་ཀྱི་བླ་མ་རྗེའི་དྲུང་དུ་ཞུས་ཤིང་དག་པར་བགྱིས། ཞལ་གདམས་ཐོར་བུའི་སྐོར་རྣམས་ནི་རྒྱལ་བ་ལོས་ཟིན་བྲིས་སུ་མཛད་པ་ལས། སླར་ཡང་སུམ་པ་བདག་གིས་ཤིང་མོ་ལུག་གི་ལོ་ལ་བླ་མ་རྗེ་བཙུན་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་སྙིང་པོ་ཞེས་བྱ་བ་བཀོད་པའི་དགེ་བའི་རྩ་བས་མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕངས་རིན་པོ་ཆེ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སླར་ཡང་མ་འོངས་པའི་རྣམ་པར་ཐར་པ་ནི། རྗེ་བཙུན་ཉིད་ཀྱི་ཞལ་ནས།། ༈ །།སྒོ་གསུམ་འཁོར་ལོ་འབྲལ་མེད་དང་། །འོད་གསལ་སྣོད་བཅུད་གཞལ་ཡས་ཁང་། །མཆོད་ཅིང་རོལ་ཚོགས་དཔག་མེད་སྤྲོ། །ཏིང་འཛིན་ཚོགས་གཉིས་ལོངས་སྤྱོད་ཆེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །ཞེས་དང་། ཡང་རྗེ་བཙུན་གྱི་ཞལ་སྔ་ནས།། ༈ །།ཆོས་སྐུ་མཁྱེན་གཉིས་ལྷུན་གྲུབ་དང་། །ཡུལ་སྣང་བརྡ་ཡི་དོན་རྣམས་བཀྲོལ། །ཐུགས་རྗེ་སྤྲུལ་སྐུ་

(༦༦༩)ཕྱོགས་བཅུར་ཁྱབ། །ཁོ་བོའི་སྤྲུལ་པ་གྲངས་མེད་ཀྱིས། །སྟོང་གསུམ་མ་ལུས་ཀུན་ཏུ་ཁྱབ། །ཁྱད་པར་གདུལ་བྱ་ཁ་བ་ཅན། །བོད་ཡུལ་གླིང་དགུ་འདི་ཉིད་དུ། །སྤྲུལ་པ་མང་པོས་འགྲོ་བ་འདྲེན། །ཞེས་གསུངས་ཤིང་མ་མཁའ་འགྲོ་མ་འཛམ་གླིང་སྐྱོང་གི་བླ་མ་རྗེ་བཙུན་ཉིད་ཀྱི་དྲུང་དུ་འདི་སྐད་ཅེས་ཞུས་སོ།། ༈ །།འགྲོ་བའི་དཔལ་མགོན་རྗེ་བཙུན་ཁྱེད། །ཕྱི་མའི་དུས་ན་ཤར་ཕྱོགས་ཀྱི། །མངོན་པར་དགའ་བའི་ཞིང་ཁམས་དེར། །སངས་རྒྱས་མི་སྐྱོད་རྒྱལ་པོ་ཡི། །ཐུགས་སྲས་དམ་པར་སྤྱན་འདྲེན་ཚེ། །གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །གཙང་མ་རིགས་ཀྱི་ལྷ་རྣམས་ཀྱི། །མཆོད་རྫས་མཛེས་པའི་ཚོགས་དང་བཅས། །སྔོན་ནས་བསུ་ཞིང་ཤུལ་མཚོན་བྱེད། །གཞན་ཡང་སྐྱེས་བུ་དམ་པ་ཁྱེད། །ཞིང་ཁམས་དཔག་ཏུ་མེད་པ་རུ། །སྤྲུལ་པས་འགྲོ་བ་འདྲེན་པའི་ཚེ། །དག་པའི་འགྲོ་བ་ཐམས་ཅད་ལ། །ཐ་དད་སྣང་ཞིང་དེ་ཉིད་སྟོན། །ཁོ་མོ་དེ་ཚེ་སྐལ་བར་ལྡན། །ཞེས་ཞུ་ཞིང་ནམ་མཁའ་མ་ཞིག་བར་དུ་སྤྲུལ་པ་བགྲང་ལས་འདས་པ་བསམ་གྱིས་མི་ཁྱབ་པ་འབྱོན་པ་ནི་མཐའ་ཡས་ཤིང་བརྗོད་ཀྱི་མི་ལང་བ་ཉིད་དོ། །རྗེ་བཙུན་འགྲན་ཟླ་བྲལ་བའི་རྣལ་འབྱོར་གྱི་དབང་ཕྱུག་

(༦༧༠)རྡོ་རྗེ་གྲགས་པ་དེ་ཉིད་ཀྱི་བསྟན་པ་འཛིན་པའི་ཐུགས་སྲས་བུ་སློབ་ཐོན་ཚུལ་སྔོན་དུ་རྒྱས་པར་བརྗོད་ཟིན་མོད། དེ་རྣམས་ཀྱི་ནང་ནས་མཆོག་གྱུར་རྣམས་ཀྱི་ཆེ་བ་མདོ་ཙམ་བརྗོད་པ་ནི། །ལོ་རོའི་སྒོམ་པ་ཆོས་གྲགས་ཀྱི་སྲས་ཡང་དག་དཔལ་དེ་ཉིད་གྲུབ་ཐོབ་ཆེན་པོ་ཞེས་སྙན་པ་ཕྱོགས་ཐམས་ཅད་དུ་ཁྱབ། ཆོས་བརྒྱུད་འཛིན་པའི་སློབ་མ་མང་དུ་ཐོན་ཞིང་། ཡོངས་སུ་གྲགས་པའི་སྲས་བསོད་ནམས་ཡེ་ཤེས། གུ་རུ་ཧཱུྃ་མཛད། གྲུབ་ཐོབ་རླན་སྒོམ་རས་པ། ཐུགས་སྲས་དཀོན་མཆོག་མཁར། གྲུབ་ཐོབ་རོང་ཆུང་སངས་རྒྱས་ལ་སོགས་པ་མང་དུ་བྱོན་ཞིང་སྐུ་ཚེ་མཐར་ཕྱིན་ཏེ་རང་སྣང་དུ་ཚེའི་རིགས་འཛིན་བརྙེས་ཀྱང་གཞན་སྣང་དུ་སྐུ་ལུས་དེ་ཉིད་མ་སྤང་པར་ཆ་ལུགས་ཚེ་དཔག་ཏུ་མེད་པའི་རྣམ་པར་བསྒྱུར་ཏེ་རོལ་མོའི་སྒྲ་སྒྲོག་པ་དང་མེ་ཏོག་གི་ཆར་འབབ་པ་དང་སྤོས་ཀྱི་དྲི་འཐུལ་བ་དང་དཔའ་བོ་མཁའ་འགྲོ་མང་པོས་བར་སྣང་གི་ལམ་ལས་བསུས་ཏེ་དག་པ་མཁའ་སྤྱོད་ཀྱི་གནས་སུ་ལྷག་མ་མེད་པར་མྱ་ངན་ལས་འདས་སོ། །དེ་ནས་རྩའི་རྒྱལ་བ་ལོས་ནི་ཚེ་སྐོང་དུ་བླ་མའི་གདན་ས་མཛད་ནས་ལོ་བདུན་གྱི་བར་དུ་ཆོས་རྒྱུན་མ་ཆད་པར་གནང་། དེ་ནས་བྱེས་འགོལ་དུ་སྤྱན་དྲངས་ཤིང་ཕེབས་བསོད་ནམས་

(༦༧༡)ཡེ་ཤེས་དང་། འོད་རྒྱན་མ་ལ་སོགས་ལ་དབང་ཁྲིད་གནང་ཞིང་ལོ་གསུམ་གྱི་བར་དུ་བཞུགས། དེ་ནས་དབོན་པོ་རྣམས་ཀྱི་སྤྱན་དྲངས་ཏེ་རྩར་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་མགོ་ནག་རིའི་དགོན་པ་བཏབས་དེར་མི་མང་པོས་ཐུགས་ཅུང་ཟོ་མ་སོས་པས་དགེའུར་ལོ་གསུམ་རི་ཁྲོད་མཛད་ནས་བཞུགས། དེ་ནས་ཡང་ཚེ་སྐོང་པའི་གདན་འདྲེན་བྱུང་པས་ཚེ་སྐོང་དུ་ཕྱགས་ཕེབས། དེར་བུ་སློབ་མང་པོ་ལ་ཆོས་ཀྱི་འཁོར་ལོ་སྐོར། ཁྱད་པར་དུ་གླིང་ཆེན་རས་པ། རྟོགས་ལྡན་རས་པ། འོད་རྒྱན་མ་རྣམས་ལ་དབང་ཆོས་ཡོངས་སུ་རྫོགས་པར་གནང་། གླིང་ཆེན་རས་པ་ལ་རོ་སྙོམས་ཀྱི་ལྡེ་མིག་གཏད་དེ། ཁྱོད་ཡན་གྱི་མི་རབས་གསུམ་སོང་། ཁྱོད་ཀྱི་སློབ་མ་དམ་པ་ཞིག་གི་འདི་ཡི་གཏེར་ཐོན་པ་ཡོད་པས་བཀའ་བབས་གཏད་པ་ཡིན་ནོ་གསུངས། དེའི་དུས་རྗེ་གླིང་གི་ལྷ་རྩེའི་དགོན་པ་བཏབ། དེ་ནས་རྒྱལ་བ་ལོས་རང་གི་དབོན་པོ་ལ་སངས་རྒྱས་ཐོས་ཆོག་གི་ལོ་རྒྱུས་ལྡེ་མིག་དང་བཅས་པ་བཀའ་གཏད། མི་རབས་དྲུག་ཞས་གཏེར་འདི་ཐོན་ལ་འགྲོ་དོན་གྱིས་ཤིག་གསུངས། དེ་ནས་གོང་ལོ་བདུན་ཅུ་ཐམ་པའི་སྟེང་དུ་ཕེབས་པའི་ཚེ། ཕ་རས་ཆུང་པའི་དྲུང་དུ་འགྲོ་གསུང་

(༦༧༢)ཞིང་སྙུང་ཟུག་མེད་པར་སྐུ་མྱ་ངན་ལས་འདས་དེའི་དུས་སུ་རྟགས་དང་ཆོ་འཕྲུལ་ལ་སོགས་པ་ནི་བསམ་གྱི་མི་ཁྱབ་པ་བྱུང་ཞིང་། སྐུ་གདུང་བཞུས་པས་རིང་བསྲེལ་ཁྱད་པར་ཅན་བྲེ་དོ་བྱོན་པ་གདུང་ཁང་བཀྲ་ཤིས་འཁྱིལ་པའི་ནང་ན་བཞུགས་སོ། །ཡང་གཙང་གི་དམ་པ་སུམ་པ་ཉིད་ཀྱིས། མགོན་པོ་དེ་ཉིད་མྱ་ངན་ལས་འདས་ནས། རླག་ཚང་ཕུག་མོ་ཆེར་སྒྲུབ་པ་མཛད་ཅིང་ལམ་རྩ་རླུང་ཐིག་ལེ་ལ་འབད་རྩོལ་མཛད་པས་རྟོགས་པའི་གདེང་དང་ལྡན་གནས་ལུགས་མངོན་དུ་གྱུར། རྟགས་བཅུ་ཡོན་ཏན་བརྒྱད་རྫོགས་ཤིང་། སྤྲུལ་སྒྱུར་ནུས་པ་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་ཤིང་མངོན་པར་ཤེས་པ་ཐོབ། གདམས་ངག་ནི་རྒྱ་བོད་གཉིས་ན་ཆེ་ཞིང་ཆུ་བོ་གངྒ་ཚུན་ན་བཟང་བའི་གྲགས་པས་ཁྱབ། ཐུགས་རྗེ་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ཞིག་བཞུགས། ཁོང་གི་མཛད་སྤྱོད་སྣ་རེ་མཐོང་བས། སེམས་ཅན་ལ་ཕན་ཞིང་གཞན་ལ་ཆོས་དང་གདམས་པ་ཚར་མང་པོ་ཉན་པ་བས། བླ་མ་འདི་ཉིད་ཀྱི་གནད་ཀ་འདི་ཡིན་ཚིག་རེ་གསུངས་པ་ཕན་ཐོགས་ཆེ་བ་ཡིན། ཐུགས་ལ་སྤངས་རྟོགས་ཀྱི་ཡོན་ཏན་རྒྱ་ཆེན་པོ་མངའ་ཡང་། ཞལ་ནས་ཁེངས་སྐྱུངས་

(༦༧༣)འབའ་ཞིག་མཛད། ཡ་གི་སྡེ་སྣོད་འཛིན་པ་ནས་ཐ་ན་བུད་མེད་བྱིས་པ་ཡན་ཆོད་ཀྱི་མ་དད་པ་དང་སྐུར་པ་འདེབས་པ་གཅིག་ཀྱང་མེད། རྗེ་བཙུན་ཆེན་པོ་ཉིད་དང་སློབ་མ་ཐུན་མོང་པ་ཡང་མང་དུ་ཡོད། རྗེས་སུའང་གླིང་རས་པ་དང་བསོད་ནམས་ཡེ་ཤེས། རྟོགས་ལྡན་རས་པ་འོད་རྒྱན་མ་ལ་སོགས་པ་རྣམས་ལ་དབང་དང་གདམས་ངག་མ་ལུས་པ་རྫོགས་པར་གནང་། དེ་ནས་དགུང་ལོ་དགུ་བཅུ་རྩ་གཉིས་བཞེས་པའི་ཚེ་ད་ནི་ལྕང་ལོ་ཅན་ལ་འགྲོ་གསུང་ནས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་འཇའ་འོད་དཔག་ཏུ་མེད་པ་དང་བཅས་སྐུ་མྱ་ངན་ལས་འདས། སྐུ་གདུང་བྱེ་འགོལ་དུ་གདན་དྲངས་ནས་བཞུས་པས། གདུང་ལྷ་སྐུ་དང་རིང་བསྲེལ་ཁོ་ནར་གྱུར་ཏེ། དེར་རྟོགས་ལྡན་རས་པས་གདུང་ཁང་བཀྲ་ཤིས་འོད་འབར་བཞེངས་གདུང་དང་རིང་བསྲེལ་རྣམས་དེར་བཞུགས། གཞན་ཡང་གདུང་ཁང་དེའི་ནང་ན་ཏེ་ལོ་ནཱ་རོའི་དབུ་སྐྲ་ལ་སོགས་རྒྱ་གར་གྱི་གྲུབ་ཆེན་པང་པོའི་བྱིན་རླབས་ཀྱི་རྟེན་རྫས་ངོ་མཚར་ཅན་མང་པོ་དང་། རྗེ་བཙུན་རས་ཆུང་པའི་དབུ་ལོ་ན་བཟའ་ལ་སོགས་པའི་བྱིན་རླབས་མང་དུ་བཞུགས་པས་ད་ལྟ་ཡང་ཚེ་ཆུ་འབབ་ཅིང་ངོ་མཚར་ཅན་དུ་གནས་པ་ཡིན་ནོ། །སངས་རྒྱས་བསོད་

(༦༧༤)ནམས་ཡེ་ཤེས་ལ་སྐུ་མཆེད་རྣམ་པ་གསུམ་གྱི་གདམས་ངག་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། ཁྱད་པར་སངས་རྒྱས་སྟོན་ཡང་གི་བྱིན་རླབས་མ་ལུས་པ་རྫོགས་པས། །འགྲོ་དོན་ནུས་པའི་སློབ་མང་དུ་ཐོན་ཞིང་ཕྱིས་བརྒྱུད་པའི་བཀའ་བབས་ཐམས་ཅད་རྟོགས་ལྡན་རས་པ་ལ་གཏད་པས། དེ་ནས་ཉེ་བར་བཟུང་སྟེ་ད་ལྟ་ཡན་ཆོས་བརྒྱུད་ཆུ་བོའི་གཞུང་བཞིན་དུ་རྒྱུན་མི་ཆད་པར་བཞུགས་པ་ཡིན། རྒྱལ་བ་ཁྱུང་ཚང་པ་ནི་གྲུབ་པ་མཐར་ཕྱིན་ཏེ་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པས་མངོན་ཤེས་རྫུ་འཕྲུལ་ཟད་པར་ཟིལ་གནོན་སྤྲུལ་སྒྱུར་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར། བུ་སློབ་སྐལ་ལྡན་ཡང་མང་དུ་འདུས་ཤིང་འགྲོ་དོན་ནུས་པ་མང་དག་དང་། ཁྱད་པར་གྲུབ་ཐོབ་དངོས་གྲུབ་རྒྱལ་པོ། སློབ་དཔོན་ལྟར་སྒོམ་ཞིག་པོ། དམར་སྟོན་ཚུལ་ཁྲིམས་འབྱུང་གནས་རྣམས་སྨིན་གྲོལ་ལ་བཀོད་ཅིང་གྲུབ་པ་ཐོབ། མཆོག་དུ་མ་གཅིག་ཨོང་ཇོ་རས་མ་ལ་བརྒྱུད་པའི་བཀའ་བབས་ཡོངས་སུ་རྫོགས་བར་གཏད་པས་ཆོས་བརྒྱུད་གཡུ་འབྲུག་ལྟར་ཡོངས་སུ་གྲགས་ཤིང་ཉི་ཟླ་ལྟར་ཀུན་ཏུ་གསལ་ལ་ཆུ་བོའི་གཞུང་ལྟར་རྒྱུན་མ་ཆད་པར་མཛད་ནས། སྐུ་ཚེ་མཐར་ཕྱིན་ཏེ་གཤེགས་

(༦༧༥)པའི་ཚུལ་བསྟན་ཡང་ཕུང་པོ་ལྷག་མེད་དུ་ཡལ་ཏེ་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། ༈ །།དཔག་ཡས་རྣམ་ཐར་གྱི་ནའི་བློ་ཡིས་གང་བཀོད་པ། །དཔག་མེད་ཡོན་ཏན་མཁའ་ཁྱབ་འགྲོ་བས་རྟོགས་གྱུར་ནས། །དཔག་བསམས་ཤིང་བཞིན་རྟོག་མེད་འགྲོ་བའི་དོན། །དཔག་པར་དཀའ་བའི་མཛད་པ་བསམ་ཡས་པ། །མགོན་པོ་རིགས་གསུམ་མགོན་དང་མཚུངས་པར་ཤོག །འདི་ལ་ནོར་ཞིང་འཁྲུལ་པའི་དྲི་མ་གང་མཆིས་པ། །མགོན་པོ་ཁྱོད་དང་མཁའ་འགྲོའི་ཚོགས་ལ་བཤགས། །སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །དེ་ལྟར་ཐོག་མཐའི་ཆིངས་གཉིས། བར་དུ་ཚུལ་གསུམ། སྐོར་ཚོ་སུམ་ཅུ་སོ་གཅིག་སྟེ། གསང་བདག་སྤྲུལ་སྐུ་རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པའི་རྣམ་ཐར་ཡོངས་སུ་རྫོགས་སོ།། ༈ །།ཨེ་མ་ཧོ། ཆོས་དབྱིངས་མཁའ་ལ་གཤེགས་བཞུད་མི་མངའ་ཡང་། །གཟུགས་སྐུའི་ཉི་ཟླས་གདུལ་བྱའི་གླིང་རྣམས་སུ། །སྨོན་ལམ་ཐུགས་རྗེས་ཁོར་ཡུག་མུན་སེལ་མདོ། །ཕྱོགས་དབུས་རི་ཡི་བསམ་གཟུགས་འཆར་ནུབ་སྣང་། །རྗེ་བཙུན་སྐུ་ལ་འདས་གྲོངས་

(༦༧༦)མ་མཆིས་ཀྱང་། །མ་དག་འགྲོ་བ་ཐུགས་རྗེས་འདྲེན་སླད་དུ། །སྐྱེ་ཤི་ཤ་ཁྲག་སྤྲུལ་པའི་འདུ་འཕྲོ་སོགས། །ཡེ་ཤེས་སྒྱུ་མས་ལས་ཀྱི་འཁྲུལ་འཁོར་སེལ། །ཐོག་མེད་དུས་ནས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་འཕྲིན་ལས་སྲིད་མཐར་མཛད་པ་ཡི། །གང་ལ་གང་འདུལ་སྤྲུལ་སྒྱུར་རོལ་རྩེད་ཀྱི། །སླར་ཡང་ལམ་སྦྱངས་འབྲས་བུ་བརྙེས་ཚུལ་སྟོན། །སྔོན་ཚེ་ཆོས་སྐུ་ལོངས་སྐུའི་བཀོད་པ་དང་། སྤྲུལ་སྐུའི་མཛད་པ་བསམ་གྱིས་མི་ཁྱབ་ལས། །འཕགས་ཡུལ་བྱོན་ཚུལ་རགས་པར་བརྗོད་ཉིད་དེ། །མ་འོང་ཡེ་ཤེས་བཀོད་པ་བསམ་མི་ཁྱབ། །ཞིང་འདིར་མང་ཡང་སྙིགས་དུས་རྡོ་རྗེ་གྲགས། །ཆོས་སྐུའི་མཁའ་དབྱིངས་སྤྲོས་བྲལ་བརྗོད་མེད་ལས། །ལོངས་སྐུ་བདེ་ཆེན་ཉིན་མཚན་མགོན་པོའི་གར། །དམིགས་མེད་སྙིང་རྗེ་སྣ་ཚོགས་སྤྲུལ་པའི་སྐུ། །ཆུ་མང་ཇི་སྙེད་ཉི་ཟླའི་གཟུགས་བརྙན་བཞིན། །མཆོག་འབྲིང་དམན་པའི་གདུལ་བྱ་སྣ་ཚོགས་ལ། །གང་ལ་གང་འཚམ་དེ་དང་དེས་འདུལ་བའི། །ཐབས་མཁས་ཐུགས་རྗེ་ཆེན་པོའི་མཛད་པ་མཆོག །བསམ་འདས་བརྗོད་མཐའ་བྲལ་བའི་སྤྲུལ་སྒྱུར་ལས། །མི་མཇེད་འཛམ་གླིང་བྱང་ཕྱོགས་གངས་རིའི་ལྗོངས། །རེ་མཐོ་ས་གཙང་བསིལ་ཞིང་དངས་པའི་ས། །

(༦༧༧)མི་སྐད་སྒྱུར་སླ་དམ་ཆོས་འཕེལ་བའི་གནས། །ཐུབ་པས་ལུང་བསྟན་ཐུགས་རྗེ་ཆེན་པོ་དང་། །རྗེ་བཙུན་སྒྲོལ་མས་འདུལ་ཐབས་དུ་མ་ཡི། །འགྲོ་རྣམས་མཐོ་རིས་ཐར་པ་རྣམ་མཁྱེན་ལ། །ངེས་པར་འགོད་མཛད་བོད་ཡུལ་འགྲོ་བ་ཡི། །དོན་གཟིགས་འོག་མིན་ལྕང་ལོའི་གནས་མཆོག་ནས། །འདུལ་བའི་དུས་མཁྱེན་གསང་བའི་བདག་པོ་ཡི། །ཐུགས་ལས་རྡོ་རྗེ་རྩེ་ལྔ་འོད་འབར་བ། །མངའ་རིས་གུང་ཐང་ར་ལར་སྤྲོས་པ་ལས། །རིགས་ལྡན་ཐབས་ཤེས་ཡབ་ཡུམ་སྲས་ཀྱི་ཚུལ། །མཚན་དཔེ་རབ་བཀྲ་ལྟ་བས་མི་ངོམས་སྐུ། །ཚངས་དབྱངས་གསུང་མཆོག་འགྲོ་བའི་ཡིད་འཕྲོག་པ། །མཁྱེན་བརྩེའི་ཐུགས་ཉིད་ཟག་མེད་འོད་གསལ་དང་། །རྡོ་རྗེ་གསུམ་མཆོག་བལྟམས་པ་ནས་བཟུང་སྟེ། །འཇིག་རྟེན་ཚུལ་དང་འཇིག་རྟེན་ལས་འདས་པའི། །འགྲོ་འདུལ་ཐབས་ལ་མཁས་པ་སྒྱུ་མའི་གར། །དཀའ་སྤྱད་ལམ་སྦྱངས་འབྲས་བུ་བརྙེས་པའི་ཚུལ། །བསྟན་དང་འགྲོ་བའི་དོན་མཛད་གདུལ་བྱ་རྣམས། །སྨིན་ཅིང་གྲོལ་མཛད་བརྒྱད་ཅུ་གྱ་བརྒྱད་བར། །ངོ་མཚར་སྤྲུལ་པའི་རྣམ་ཐར་རབ་བསྟན་ནས། །དཔའ་བོ་དཔའ་མོ་རིག་འཛིན་དུ་མ་ཡི། །བསུས་མས་མཁའ་སྤྱོད་གནས་སུ་སྤྱན་དྲངས་

(༦༧༨)བར། །ཐོག་མར་ཀླད་དོན་བར་དུ་དངོས་ཀྱི་དོན། །ཐ་མར་མཇུག་དོན་ཡོངས་སུ་བསྔོ་བ་ཉིད། །བར་པ་དག་སྤྱི་དོན་ཚུལ་གསུམ་ལས། །དང་པོ་སྐོར་གསུམ་བར་པ་བཅུ་གཅིག་སྟེ། །མཐའ་མ་བཅུ་བདུན་སྐོར་ཚོ་སུམ་ཅུ་གཅིག །ཞར་ལ་བྱུང་བ་བུ་སློབ་ཆེ་བརྗོད་བཅས། །དེ་ལྟར་སྤྲུལ་པས་འགྲོ་བ་བཏུལ་ཚུལ་གྱི། །རྣམ་ཐར་རྣམ་མཁྱེན་ཐར་ལམ་གསལ་བྱེད་ཞེས། །ཡེ་ཤེས་སྣང་བས་མཛད་པ་ཡོངས་སུ་རྫོགས། །སླར་ཡང་སྤྲུལ་པ་བརྗོད་ཀྱི་མི་ལང་ལས། །བཞད་པ་རྡོ་རྗེའི་ལུང་བསྟན་རྗེས་མཐུན་པ། །མཐུ་སྟོབས་ནུས་ལྡན་རཏྣ་ཤྲཱི་དང་། །བརྟུལ་ཞུགས་རྫུ་འཕྲུལ་ཆེ་མངའ་སྙན་སྒྲ་ཅན། །གཞན་ཡང་གང་འདུལ་དེར་སྣང་བསམ་མི་ཁྱབ། །དག་པའི་ཞིང་ཀུན་སྐུ་ཡི་ཁྱབ་མོད་ཀྱང་། །ལོངས་སྐུ་ལྕང་ལོའི་ཞིང་སོགས་མཁའ་འགྲོའི་གཙོ། །ཟག་མེད་བདེ་སྤྱོད་སྐུ་གསུམ་ཡེ་ཤེས་ལྔ། །མཁའ་ཁྱབ་ཆོས་སྐུ་འཁོར་འདས་ཀུན་གྱི་དབྱིངས། །ངོ་བོ་རྒྱལ་བ་ཀུན་དང་དབྱེར་མི་ཕྱེད། །དེ་ལྟར་རྗེ་བཙུན་རྣམ་ཐར་བསམ་མི་ཁྱབ། །ནམ་མཁའི་ཁྱོན་ལས་ཁབ་མིག་གང་བ་ལྟར། །ཞིང་འདིར་འགྲོ་དོན་མཛད་ཚུལ་བདག་བློ་ཡི། །དད་པའི་མེ་ལོང་ངོས་ལ་གང་ཤར་བ། །རགས་བསྡུས་མདོ་ཙམ་ཅུང་ཟད་

(༦༧༩)བཀོད་པ་འདི། །ཆོས་བརྒྱད་རློམ་པའི་ཤེས་འདོད་མ་ལགས་ཏེ། །བསྟན་དང་འགྲོ་ལ་ཕན་ཕྱིར་བཀོད་ནའང་། །མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ལྷག་ཆད་སོགས། །འགལ་འཁྲུལ་མཆིས་རྣམས་མཐོལ་ཞིང་བཤགས་པར་བགྱི། །བདག་ལ་ནོངས་ཤིང་སྒྲིབ་པར་མ་གྱུར་ཅིག །ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཟོད་ཞེས་ལ། །མཁའ་འགྲོ་དམ་ཅན་སྲུང་མས་རབ་དགོངས་ཏེ། །བསྟན་པ་བསྲུང་ཞིང་ཆོས་འདི་སྤེལ་བར་མཛོད། །དེ་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་པ། །མ་གྱུར་མཁའ་མཉམ་འགྲོ་བ་མ་ལུས་པ། །ཀུན་མཁྱེན་ཡང་དག་སངས་རྒྱས་ཐོབ་ཕྱིར་བསྔོ། །འཁོར་བ་འདི་དག་དོང་ནས་སྤྲུགས་པར་ཤོག །དེ་ལྟར་བསྔོ་དང་སྨོན་ལམ་མ་འགྲུབ་བར། །བྱང་ཆུབ་སྤྱོད་ལ་སྐྱོ་དང་ངལ་མེད་པར། །འགྲོ་རྣམས་སྲིད་ལས་སྒྲོལ་བའི་གྲུ་བོ་ཆེ། །རིགས་གསུམ་མགོན་པོ་ལྟ་བུར་བདག་གྱུར་ནས། །རྒྱལ་བའི་འཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །ཨེ་ཝཾ།། ༈ །།རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པའི་རྣམ་ཐར་ཞིང་འདིར་འགྲོ་དོན་མཛད་ཚུལ་གྱི་ཡིག་ཆ་མི་འདྲ་བ་དུ་མ་ལས། གྲུབ་ཐོབ་སྐུ་མཆེད་གསུམ་གྱི་མཛད་པའི་རྣམ་ཐར་ངོ་མཚར་ནོར་བུའི་སྙིང་པོ་གཙོ་

(༦༨༠)བེར་བྱས་ཤིང་། གཞན་ཡང་ཡིད་ཆེས་ཤིང་ཁུངས་བཙུན་པ་ངེས་འགྲོངས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ། །རྣམ་མཁྱེན་ཐར་ལམ་རིན་པོ་ཆེ་གསལ་བའི་མེ་ལོང་ཡེ་ཤེས་སྣང་བ་ཞེས་བྱ་བ་འདི་ཉིད། །ཐེག་པ་མཆོག་གི་རྣལ་འབྱོར་པ་རྒོད་ཚང་རས་པ་སྣ་ཚོགས་མིང་ཅན་གྱིས། ཡུལ་ཡར་མོ་ལུང་རིངས་ཀྱིས་དབུས། ས་ཆོས་འབྱུང་ལྔ་བརྩེགས་ཀྱི་འཕེལ་ཁ། རི་རྩ་བ་འབྲས་ཀྱི་ལྗང་པ་འདྲ་བས་ལོ་མ་ལོ་རི་ཞེས་གྲགས་པ་རྩེ་མོ་རིན་ཆེན་དཔུངས་པ་འདྲ་བའི་འདབས། དཔལ་ལྡན་བཞད་པ་རྡོ་རྗེས་ལུང་བསྟན་པ་བཞིན་དུ། རས་ཆུང་རྡོ་རྗེ་གྲགས་པས་བྱིན་གྱིས་བརླབས་ཞིང་། རྒྱལ་དབང་རྡོ་རྗེ་འཆང་ཆེན་མིའི་གཟུགས་སུ་སྤྲུལ་པ། གཙང་སྨྱོན་ཧེ་རུ་ཀས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའི་ས། རྩ་མཆོག་གཉིས་པ་ལྟ་བུ་དཔལ་རས་ཆུང་ཕུག་པ་ཞེས་ཡོངས་སུ་གྲགས་པའི་གནས་ཆེན་གྱི་བླ་བྲང་ཡང་རྩེ་འོག་མིན་མཁའ་སྤྱོད་ཕོ་བྲང་དུ་ཡི་གེར་བཀོད་པ། དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག །ཨེ་མ་ཧོ། ཆོས་སྐུའི་ཞིང་ཁམས་ཆོས་དབྱིངས་མཁའ་དང་མཉམ། །ལོངས་སྐུའི་ཞིང་ཁམས་རྒྱན་བཀོད་ཆེ་ཆུང་གསུམ། །ལོངས་སྤྱོད་རྫོགས་སྐུ་རྣམ་སྣང་གངས་ཆེན་

(༦༨༡)མཚོའི། །མཉམ་གཞག་ལྷུང་བཟེད་རིན་ཆེན་པད་སྡོང་ལ། །སྤྲུལ་སྐུའི་ཞིང་ཁམས་ཉེར་ལྔ་བརྩེགས་པའི་དབུས། །བར་པ་མི་མཇེད་བཅུ་གསུམ་པ་ཉིད་ཀྱི། །སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ནང་ཚན་ལས། །འཛམ་གླིང་བྱང་ཕྱོགས་ཐུགས་རྗེ་ཆེན་པོའི་ཞིང་། །རུ་བཞིའི་གཡུ་རུ་ཡར་མོ་ལུང་རིངས་དབུས། །བརྩོམ་པའི་ཡིག་མཁན་མཁའ་དབྱིངས་བསྟན་འཛིན་དབང་། །ལེགས་ཕབ་གཟབ་བྲིས་ལྷ་དབང་རྡོ་རྗེ་ཡིན། །དེ་དག་དགེ་བའང་རྡོ་རྗེ་འཛིན་ཐོབ་ནས། །ཁམས་གསུམ་མ་ལུས་ཧེ་རུ་ཀར་གྱུར་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག། ༈ །།ཆོས་དབྱིངས་མཁའ་ལ་མཁྱེན་པའི་ཆུ་འཛིན་འཁྲིགས། །ཟབ་ལམ་བདུད་རྩིའི་ཆུ་རྒྱུན་ལེགས་ཕབ་ནས། །སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་མཛད་པའི། །བཀའ་བརྒྱུད་ཡིད་བཞིན་ནོར་བུ་གཙུག་ན་རྒྱལ། །བླ་མེད་རྒྱུད་ཀྱི་སྡུད་པོ་རྡོ་རྗེ་འཛིན། །གདུལ་དཀའ་འདུལ་ལ་རྡོ་རྗེ་གྲགས་པ་ཞེས། །གཅིག་ལ་དུ་མར་བློ་ཡིས་བརྟགས་པ་ཙམ། །དབྱེར་མེད་མོས་གུས་ཆེན་པོས་ལན་བརྒྱར་བཏུད། །གང་གི་རྣམ་ཐར་ཟབ་རྒྱས་རྒྱ་མཚོའི་གཏིང་། །གཞལ་བར་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་མོད། །དེ་ལས་སོ་སྐྱེའི་སྣང་ངོ་དང་མཐུན་པའི། །

(༦༨༢)མཛད་པའི་ངོ་མཚར་འགའ་ཞིག་ཕྱོགས་གཅིག་ཏུ། །བསྡུས་པའི་ལེགས་བཤད་ཆོས་ཀྱི་གླེགས་བམ་ཆེ། །གང་གིས་མཐོང་དང་ཉན་སེམས་དད་བྱས་ན། །བླ་མེད་ཐར་པའི་ས་བོན་རྒྱུད་ཐོག་ཏུ། །ཚེགས་མེད་ཐེབས་པའི་དོན་ཆེན་ཉིད་གཟིགས་ཏེ། །གྲུབ་པའི་གདུང་འཛིན་མཁས་དང་རྟོགས་པའི་བདག། སྤྲུལ་པའི་སྐུ་མཆོག་ཡེ་ཤེས་རང་གྲོལ་རྗེས། །ནུབ་གླིང་ཧོ་ལན་ཨ་ནེ་སྦྱིན་པ་ལ། །པར་གྱི་ཞབས་ཞུ་བྱུང་ན་ལེགས་ཕེབས་བཞིན། །རང་ནུས་དབེན་ཀྱང་གཞན་ལ་བསྐུལ་བྱས་ནས། །བྱུང་བའི་དངོས་པོ་ཅི་མཆིས་དམིགས་ཐོག་དེར། །བཏངས་ཏེ་བསྒྲུབས་པའི་ལེགས་བྱས་འདི་ཡིས་མཚོན། །འཕགས་དང་སོ་སྐྱེས་དུས་གསུམ་བསགས་ཡོད་དགེས། །རྒྱལ་བསྟན་སྤྱི་དང་ཁྱད་པར་ཆོས་ཚུལ་འདི། །ཡངས་པའི་འཛམ་གླིང་ཀུན་དུ་ཁྱབ་པ་དང་། །བསྟན་འཛིན་སྐྱེས་བུ་བསྐལ་བརྒྱར་ཞབས་པད་བརྟན། །བསྟན་རྩ་དགེ་འདུན་བཤད་བསྒྲུབ་ཆོས་སྤྱོད་འཕེལ། །འགྲོ་རྣམས་ཟུང་འཇུག་རྡོ་རྗེ་འཆང་ཐོབ་ཤོག །འདི་ཉིད་བསྒྲུབ་པའི་མཐུན་རྐྱེན་རྒྱུ་སྦྱོར་བ། །རྣམས་དང་ལུས་ངག་ཡིད་ཀྱི་འབྲེལ་ཐོག་ཀུན། །མི་མཐུན་ཉེས་དགུའི་དགྲ་ལས་རྣམ་རྒྱལ་ཏེ། །བདེ་ནས་བདེ་དགའ་རྒྱ་མཚོའི་དཔལ་ཐོབ་ནས། །ཀུན་ཀྱང་བླ་མེད་ཆོས་ལ་

(༦༨༣)སྤྱོད་པར་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །རྗེ་བཙུན་རྡོ་རྗེ་འཛིན་པའི་རྣམ་མགུར་རིན་པོ་ཆེ་འདི་ཉིད། རྗེ་གྲུབ་པའི་དབང་ཕྱུག་ཧེ་རུ་ཀ་པ་ཤཱཀྱ་ཤྲིའི་གདུང་རབ་གཉིས་པ། སྨིན་གྲོལ་བརྒྱུད་འཛིན་གྱི་ཐུ་བོ། ལྔ་བདོའི་མུན་ནང་དུ་བསྒྲུབ་བརྒྱུར་བསྟན་པའི་ཉིན་མོ་ཆེས་ཆེར་གསལ་ལ་འགྲན་བྲལ་ཟླ་མེད་རྒྱལ་སྲས་རིན་པོ་ཆེ་ངག་དབང་ཡེ་ཤེས་རང་གྲོལ་མཆོག་གིས་གསར་དུ་བཏབས་པ་གྲུབ་རྗེ་ཡབ་སྲས་ཀྱི་གདན་ས་ཀུ་ལུ་མ་ན་ལི་ཅེ་ཊ་རིའི་བསྒྲུབ་སྡེར་བཞུགས། །དགེའོ། །དགེའོ།། །།དགེའོ།། །། །།

(༦༨༤)


no previousno next