Nitartha Digital Library
Tibetan
གུ་བཀྲའི་ཆོས་འབྱུང་།


   
   
   
   
   
སྤྱི་དོན་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་བ་རིམ་བྱོན་སྐྱེས་ཆེན་རྣམས་ཀྱི་མཛད་བསྡུས།
   
   
   
   
   


 
previousསྤྱི་དོན་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་བ་རིམ་བྱོན་སྐྱེས་ཆེན་རྣམས་ཀྱི་མཛད་བསྡུས། next

སྤྱི་དོན་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་བ་རིམ་བྱོན་སྐྱེས་ཆེན་རྣམས་ཀྱི་མཛད་བསྡུས།

༡ བཀའ་མདོ་རྒྱུད་དུ་མ་ནས་ཟབ་གཏེར་ཐ་འདོན་གྱི་དགོས་ཕན་བསྟན་པའི་སྐོར། བཞི་པ་བྱེ་བྲག་གཏེར་གྱི་བསྟན་པ་རྒྱ་ཆེར་འཕེལ་བས་ཟབ་མོ་གཏེར་གྱི་ཁ་བྱང་འཛིན་པ་དག་སྔ་ཕྱིར་རིམ་པར་བྱོན་པའི་ལོས་རྒྱུས་བརྗོད་པར་བྱ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་སྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པས་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པས་(སྟོད་ཆ།༥༧༨)མི་འཇིགས་པའི་གཏེར་དང་། སེམས་ཅན་རྣམས་ཉེ་བར་འཙོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་དང་། ཞེས་སོགས་དང་། མངོན་དུ་ཞུགས་པ་ཏིང་འཛིན་གྱི་མདོ་ལས། ང་མྱ་ངན་ལས་འདས་ནས་ཏིང་ངེ་འཛིན་གྱི་མདོ་སྡེའི་བཞི་སྟོང་དུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། རྒྱས་པར་འགྱུར་རོ། །དེའི་འོག་ཏུ་ཁུང་དུ་སོང་པར་འགྱུར་རོ། ཡང་ལོ་ལྔ་བརྒྱ་པ་ཐ་མའི་ཚེ། ལྔ་བརྒྱའི་ཐ་མར་གྱུར་པ། དམ་པའི་ཆོས་དང་དགེ་སྦྱོང་འཇིག་པར་འགྱུར་བ། རྒྱལ་སྲིད་འཁྲུག་པར་འགྱུར་བ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གྲུམས་པར་འགྱུར་བའི་དུས་ལ་བབས། ཆོས་མ་ཡིན་པ་དར་བའི་དུས་དེར། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དགེ་བའི་རྩ་བ་སྐྱེས་པ། དགེ་བའི་ས་བོན་སྨིན་པ་ཉུང་ཟད་འབྱུང་སྟེ། དེ་ལྟ་བུ་དག་གི་དོན་དུ་ཏིང་ངེ་འཛིན་མདོ་སྡེ་འདི་སའི་ཁུང་ནས་ཕྱུངས་ཏེ་སྤྱོད་པར་འགྱུར་རོ། །རྒྱས་པར་འགྱུར་རོ། བསྒོམ་པ་དང་རྣལ་འ་བྱོར་ལ་བརྩོན་པར་འགྱུར་རོ། །ཞེས་དང་། གཞན་ཡང་དེ་ཉིད་ལས། ང་ནི་ཕྱི་དུས་མྱ་ངན་ལས་འདས་བྱས་ནས། སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ཏེ། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། །བྲིས་ནས་སྒྲོམ་གྱི་ནང་དུ་བཅུག་བྱས་ནས། མཆོད་རྟེན་པ་དང་བྲག་དང་རི་དག་དང་། ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏེ། མདོ་སྡེ་བཞག་པར་བྱས་ནས་འདི་དག་རྣམས། ལྷ་ཡི་བརྟུལ་ཤུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱིར་མའི་དུས་ན་སོ་སོའི་རིགས། ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། བསམས་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། ཞེས་གསུངས་པས། བྲིས་ཏེ་སྒྲོམ་(སྟོད་ཆ།༥༧༩)གྱི་ནང་དུ་བཅུག་བྱས། ཞེས་པས་གཏེར་སྣོད་དང་གཏེར་ཆོས་བསྟན། མཆོད་སྟེན་པ་དང་བྲག་དང་སོགས་ཀྱིས་གཏེར་གནས་བསྟན། ལྷ་དང་དེ་བཞིན་ཀླུ་ི་ལག་ཏུ་བཞག་གིས་གཏེར་སྲུང་དང་། དེ་དག་ཕྱི་མའི་དུས་ན་སོ་སོའི་རིགས། ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས། ཞེས་པས་གཏེར་འདོན་པའི་དུས་དང་གཏེར་སྟོན། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར་ནི། གཏེར་ཆོས་དེས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ། །ཞེས་དང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། དེས་དོན་དཀྲུག་པར་གྱུར་ཏ་རེ། དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། ཅེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་རྣམས། ལག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། གཏེར་ནས་གཏེར་དུ་ཕྱུངས་ལ་སྩལ། ཞེས་གསུངས་ཏེ། མདོ་རྒྱུད་དུ་མ་ནས་རྒྱལ་བ་ཉིད་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པ་བཞིན་དུ་འཕགས་ཡུལ་གྱི་པཎ་གྲུབ་འགའ་ཞིག་གིས་གཏེར་སྦས་པ་དང་མདོ་རྒྱུད་རྣམས་བཏོན་པའི་ལོ་རྒྱུས་ཀྱང་ཡོད་ལ། ཁྱད་པར་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་རྒྱལ་བའི་གསུང་བཞིས་ཕྱ་ལེན་དུ་བཏབ་སྟེ་རྒྱ་གར་བལ་བོད་རྣམས་སུ་ཟབ་གཏེར་ཇི་སྙེད་སྦས་ཤིང་།(སྟོད་ཆ།༥༨༠) ༢ སློབ་དཔོན་རིན་པོ་ཆེས་བོད་ལྗོངས་བསྟན་འགྲོའི་དོན་དུ་ཆོས་དང་ལོ་རྒྱུས་ཀྱི་ཡིག་ཆ་དང་རིན་ཐང་བྲལ་བའི་ཁྱད་ནོར་དང་ཟང་ཟིང་གི་དངོས་པོ་གཏེར་དུ་སྦས་པའི་སྐོར། ལྷག་པར་བོད་ཡུལ་ཁ་བའི་ལྗོངས་དིར་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་པར་མཛད་པའི་དགོངས་པ་ཡང་། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། སྤྱིར་ཡག་བོད་རྣམས་གསར་ངས་ཆེ་བ་དང་། སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། ཅེས་གསུངས་པ་ལྟར། བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བབའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་ནི་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་པ་ཡིན་ལ། དེ་ཉིད་སྤྱན་འདྲེན་པ་པོ་ཡང་། སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས་གང་འདུལ་གྱི་སྤྲུལ་པའི་སྣང་བསྙན་གཏེར་སྟོན་དུ་བསྟན་ནས་བྱོན་པ་རྣམས་དང་། གུ་རུ་ཉིད་ཀྱི་སྤྲུལ་བའི་འོད་ཟེར་གཏེར་སྟོན་དུ་སྣང་བ་སོགས་གཏེར་ཆེན་དང་ཕྲན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པས་དེ་དག་གི་རྣམ་པར་ཐར་པ་མཐར་ཆགས་ཚང་པར་བརྗོད་པ་ག་ལ་ནུས་ཀྱང་ཡོངས་སུ་གྲགས་པ་དག་གི་གཏེར་བྱུང་མདོར་བསྡུས་ཙམ་ཞིག་བརྗོད་པའི་ཐོག་མར།(སྟོད་ཆ།༥༨༡)༣ ཐང་ཡིག་སོགས་ནས་ལུང་ཟིན་གཏེར་སྟོན་རྣམས་ཀྱིས་ཟབ་གཏེར་བཞེད་ཚུལ་མ་འོངས་ལུང་བསྟན་དང་དེའི་དོན་དངོས་ངོ་སྤྲོད། ཐང་ཡིག་ཏུ་སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་སོ་སོའི་དུས་རྟ་ངས་དང་བཅས་ལུང་བསྟན་པ་ལྟར་བརྗོད་ནས། དེ་ནས་གཞན་ཡང་རིམ་བཞིན་གླེང་བར་བྱ་སྟེ། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ལྷག་ནས། ལ་སྟོད་མཚོ་བར་གྲོམ་ནག་ཅེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང་༔ གློ་བོ་དགེ་ཀར་སྦས་པའི་གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི། གཏེར་སྟོན་སངས་རྒྱས་བླ་མ་ནི། ལ་སྟོད་མཚོ་བར་དུ་སྐུ་འཁྲུངས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ལ་བྱུང་བར་གྲགས། གློ་བོ་དགེ་ཀར་གྱི་གཙུག་ལག་ཁང་ནས་བླ་རྫོགས་ཐུགས་གསུམ་དང་། ཐང་བར། ཁོག་ཕྲང་བྲག་སོགས་ནས། རྟ་མགྲིན་དྲེགས་པ་ཟིལ་གནོན་དང་། རྒྱ་ནག་ནས་འགྱུར་བའི་མདོ་ལུགས་ཀྱི་སྒྲུབ་ཐབས་མང་པོ་དང་། ཁ་བསྒྱུར་གྱི་ཆོ་ག་སོགས་གཏེར་ནས་སྤྱན་དྲངས། རྫ་རི་མེ་འབར་མཚོ་ནས་སྟོད་དྡྷེ་ཀྵིཾ་ལ་སྨད་གནམ་ལྕགས་ལས་གྲུབ་པའི་ཕུར་བུ་ཞིག་གཏེར་བཞེས་པ་རྩ་རིར་བཞུགས་ཏེ་ཆོས་རྗེ་གླིང་པས་མཇལ་ཚུལ་རྣམ་ཐར་དུ་སྣང་། དེང་སང་དབང་ལུང་གི་རྒྱུན་ཡོད་པ་མ་མཐོང་སྟེ་ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུའང་། གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ཆོས་དང་ཕན་བཙལ་རུང་མ་རྙེད་གསུངས་པས་མཚོན་ནོ། འོན་ཀྱང་ཆོས་རྒྱལ་དབང་པོའི་སྡེས་(སྟོད་ཆ།༥༨༢)གཏེར་བྱུང་ལྗགས་རྩོམ་གནང་བར་ཡོད་པར་འདུག་ཅིང་། དུས་ཚེས་སྔ་བར་བྱོན་པས། ཐང་ཡིག་ཏུ་རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་ལྷག་ན། ཞེས་པ་ཡིག་ནོར་ཏེ་བརྒྱད་དམ་བཅུ་སྟེ་ལྷ་བླ་མ་ཡེ་སེས་འོད་ཀྱི་དུས་སུ་བྱོན་པའི་ཕྱིར་རོ། གཏེར་བྱུང་གཅིག་ཏུ་སླར་འབྱོན་རྒྱུར་བཞེད་པ་དང་། ཡང་འགའ་ཞིག་གིས། སངས་རྒྱས་དང་། བླ་མ་སོགས་སོ་སོར་ཕྱེ་ནས་གཏེར་སྟོན་འགའ་དང་འགའ་ཡི་ལུང་བསྟན་དུ་འདོད་པ་སོགས་ནི་མ་ངེས་བཞིན་དུ་རང་འདོད་ཁོ་ནའི་རྟོག་བཏགས་ཙམ་སྟ་འབྲེལ་ཅི་ཡང་མེད་དོ། གཏེར་སྟོན་དེ་ཉིད་ཀྱི་གདུང་བརྒྱུད་ལ་སྟོད་ཕྱོགས་སུ་ཕྱི་མོའི་བར་དུ་ཡོད་ལ། གཏེར་སྟོན་སངས་རྒྱས་འབར་ཞེས་པ་དེ་ཡང་གཏེར་སྟོན་འདིའི་གདུང་རྒྱུད་ལས་འཁྲུངས་པ་ཡིན་ནོ། དེ་ནིད་མི་གནས་མྱ་ངན་འདས་འོག་ཏུ༔ བལ་བོད་མཚམས་སུ་མེ་ཤོར་མི་མང་འཆིག༔ པུ་རྟ་རྫ་རི་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང་༔ ཞེས་པ་འདི། རྗེ་མར་པ་ལོ་ཙཱ་དང་དུས་མཉམ་དུ་བྱོན། རུས་པ་རྒྱ་ཡིན། རྒྱ་གར་ཕལ་སྐད་ཀྱི་ལོ་ཙཱ་ཤེས་པས་རྒྱ་ལོ་ཙཱ་གྲགས། འདིས་བལ་བོད་མཚམས་ཀྱི་པུ་རྟ་རྫ་རི་ནས་ཟབ་གཏེར་མང་པོ་སྤྱན་དྲངས། གཞན་ཡང་། སྙིང་དུམ། རྩ་གནས། རབ་འབྱེད་མན་ངག་ལམ་རིམ་ལ་སོགས་པའི་ཆོས་གཏེར་དང་། ཆུང་དཔྱད་པདྨ་གཅེས་འཕྲེང་རྣམས་གཏེར་ནས་སྤྱན་དྲངས་པ་ཡིན་ཅེས་སོག་ཟློག་པས་གསུངས་སོ། གཏེར་བྱུང་ཁ་ཅི་གནས་གཏེར་སྟོན་སངས་རྒྱས་བླ་མའི་སྐྱེ་བ་ཡིན་པར་བཤད་དེ་དོན་ལའང་གནས་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་(སྟོད་ཆ།༥༨༣)འོག་ཏུ༔ ཁམས་ཀྱི་རྨེ་མདོར་བྱ་ཕྱི་ལྷ་ཕང་འཕྲུག༔ ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྣ་སྣམ་པ་ཞེས་བྱ་བ་འབྱུང་༔ ཞེས་པ་འདི་རྗེ་སྣ་སྣམ་པ་ཞེས་གྲགས་ཏེ། ཆོས་གཏེར་དང་། སྨན་དཔྱད་རྩིས་སོགས་མང་པོ་གཏེར་ནས་བཏོན་པར་གྲགས་སོ། ཁ་ཅིག་གིས་གཏེར་སྟོན་སྣ་ནས་འབྲོག་པ་ཐུབ་རྒྱལ་ལ་བཞེད་པའང་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལ་སྟོད་གཅུང་པར་དྲིལ་ཆེན་ཆུང་ལྷར་འཕྲུག༔ གཡུང་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཞེས་གསུངས་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་མམ་རྒྱ་སྟོན་རྡོ་རྗེ་འོད་འབར་དུ་གྲགས་པ་ནི། སློབ་དཔོན་པདྨས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་དགུ་སྨིན་པར་མཛད་པའི་ཚེ་ལྷོ་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་གནུབས་སངས་རྒྱས་ཡེ་ཤེས་ཞེས་པ་བྲག་ལ་ཕུར་བ་འདམ་ལ་བཏབ་པ་ལྟར་མཛད་པའི་རྫུ་འཕྲུལ་དང་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བའི་དྲག་སྔགས་ཀྱི་བདག་པོ་གནུབས་ཆེན་དེ་ནིད་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡིན་ཏེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་པའི་ཐ་མ་ལ། ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ ཤ་ནི་སེར་ལ་སྐྲ་ནི་ལ༔ བོངས་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཕྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་(སྟོད་ཆ།༥༨༤)གནུབས་ཆེན་གྱིས་སྨོན་ལམ་མཛད་པ་དང་མཐུན་པར་འཁྲུངས་ཏེ། དེ་ཡང་འཁྲུངས་ཡུལ་འགའ་ཞིག་གིས་གཡུང་མདར་འཁྲུངས་པའང་བཞེད་མོད། སོག་ཟློག་པས། ལྷོ་བྲག་རྔ་མང་ཆུ་ཤུལ་དུ་འཁྲུངས་ཟེར་བ་ཨོ་རྒྱན་གླིང་པའི་གཏེར་འབྱུང་ན་འདུག་ཅེས་དང་། གཡུང་མདའ་ན་ཡང་གཟིམ་ཁང་གི་ཤུལ་ཡིན་ཟེར་བའི་ཁང་རོ་ཆུང་ངུ་ཞིག་ཡོད་པས་བརྟགས། ཞེས་གསུངས་ཀྱང་། འདི་ནི་དུམ་པ་ཆུ་རྒྱུད་ཅེས་གཙང་རོང་ཆེན་གྱི་སྟོད་གྱི་ལུང་པའི་མིང་ཡིན་ཅེས། ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས་གསུངས་པ་བཞིན་ཚེ་བདག་གི་གཏེར་བྱུང་ཞིག་ནས་ཀྱང་དེ་བཞིན་བྱུང་བ་དང་ཡང་མཐུན་པས། ཡུལ་རོང་རམ་པའི་ཆ་ཚན་ཁ་པ་ཡིན་ཏེ་དུམ་པ། རུས་པ་རྒྱ། མཚན་ཞང་ཁྲོམ་དང་། རྒྱ་སྟོན་རྡོ་རྗེ་འོད་འབར་ཡང་ཟེར་ཏེ་དུམ་པ་རྒྱ་ཞང་ཁྲོམ་ཞེས་གྲགས་སོ། དེ་ཡང་ཁྱི་ལོ་པ། ཆོས་དྲུག་གི་དཀར་ཆག་ཏུ་འབྲུག་ཡིན་པར་བྱས་འདུག་སྐྲ་ལི་བ། བོངས་ཐུང་བ། སོ་དུང་སོ་འཁོར་མར་ཡོད་པ། སྨེ་བའི་ག་ཤལ་ཡོད་པ་སོགས་གོང་གི་ལུང་བསྟན་དང་མཐུན་པར་ཡོད་ཅེས་གྲགས། དང་པོ་ལོངས་སྤྱོད་བུལ་བས། མུ་ཏོ་དང་ར་རྫི་མཛད། སྐབས་ཤིག་སྤྲང་དུ་བྱོན་པས་ཉ་མོ་ལྷ་ཁང་དུ་རྣལ་འབྱོར་པ་གཅིག་དང་མཇལ། རིམ་པས་ལོ་རྒྱུས་གོང་ལྟར་བཤད་པས། རྣལ་འབྱོར་པ་དེ་ན་རེ། ད་འོ་ཅག་གཉིས་ཀྱིས་དོན་ཆེན་པོ་ཞིག་འགྲུབ་པར་ཡོད་པས། ཡར་ལ་འདེངས་གསུངས་ནས་ཁྲིད། ཕྱིར་ལ་ཕྱིན་པས། ཕུང་པོ་རི་བོ་ཆེར་སླེབས། སློང་མོའི་རྩམ་པ་ལ་གཉིས་ཀས་སྐམ་གྲོ་ཞིག་བྱས། དགེ་འཕེལ་འོག་མར་བསྡད། ངས་ཕྱིར་ལ་ཕྱིན་ཡོང་། འདི་པྱིར་ཟེར་ནས་རྡོ་འོར་ཆུང་འདྲ་(སྟོད་ཆ།༥༨༥)བ་ཞིག་གཏད་ནས་བྲག་ལོག་ལ་མཚལ་གྱི་ཡི་གེ་གཡུང་དྲུང་རིས་བྲིས་པ་ཞིག་འདུག་པ་དེ་ལ་འདི་རྒྱོབ་ཅིག་ཟེར། ཞང་ཁྲོམ་གྱིས་ལན་ལྔ་བརྒྱབ་པས། ཚུར་སྦགས་ཀྱི་བྱུང་བས་རྣལ་འབྱོར་པ་དེས་རྡོ་ཆག་པ་རྣམས་བསལ་བས། མི་འཛུལ་པས་ཐར་བ་ཞིག་བྱུང་། དེར་རྣལ་འབྱོར་པ་དེ་ཟུར་ལེར་བྱོན་སོང་བའི་ཕྱིར་ལ་ཞང་ཁྲོམ་གྱིས་ཀྱང་ཕྱིན་པས། དཀྱིལ་འཁོར་མདའ་གང་ཙམ་གྱི་སྟེང་ན། དངུལ་གྱི་བུམ་པ་ཚེ་ཆུས་གང་བ་ཞིག་འདུག་པ་རྣལ་འབྱོར་པ་དེས་དེ་འཕྲལ་འཐུང་སོང་བར། ཞང་ཁྲོམ་གྱི་ང་ལ་སྐལ་བ་བྱས་ནས་བཟུང་བས། བུམ་སྟོང་དེ་ལག་ཏུ་གཏད་དེ། ཁྱོད་ཀྱི་སྐལ་བ་གཞན་ན་ཡོད་ཟེར་ནས། སྤྱི་བོར་བྲག་གི་སེར་ཀ་དེར་འོད་དུ་ཡལ་སོང་ངོ་། དེར་ཁོང་རང་གིས་དངུལ་བུམ་ཨམ་ཕྲག་ཏུ་བཅུག་ནས། གཞན་ཅི་འདུག་གཡེངས་པས། དལ་གྱི་འོག་ནས་ཤོག་དྲིལ་འགའ་བྱུང་བ་ཁྱེར་སྒོ་བརྩིགས་ནས་བྱོན་ཡོང་། དེ་ནས་དངུལ་བུམ་དེ་བཅོང་པའི་རིན་གྱིས་རྒྱགས་བྱས་ནས་ཡི་གེ་བསློབ་ཅིང་། ཀློག་ཡིག་མཁས་པར་མཁྱེན་ནས། གཟོད་ཤོག་དྲིལ་གྱི་ཡི་གེ་རྣམས་ལ་བལྟས་པས། གཤིན་རྗེ་ཁ་ཐུན་གྱི་ཤོག་དྲིལ་དང་། གཡང་དང་རྨུ་རི་གཏེར་གྱི་ཁ་བྱང་རྣམས་བྱུང་ཟེར། ཡང་ཟབ་པ་ཆོས་དྲུག་གི་དཀར་ཆག་ལས། ཁ་བྱང་རྣམས་བབན་སྤྲང་ཞིག་གིས་སྲ་དུན་རྩེའི་ལྷ་ཁང་གི་སྒོ་སྟེག་ནས་རྙེད། རྒྱ་ཞང་ཁྲོམ་ལ་སྤྲོད་དགོས་ཚུལ་ཡུལ་དང་ལོ་དང་མིང་རུས་དང་བཅས་ལུག་བསྟན་གསལ་བས། བྱ་བྲལ་བ་དེས་བཙལ་བས་དུམ་པ་ཆུ་ཚད་ཁ་ནས་ཞང་ཁྲོམ་དང་མཇལ་ཏེ། གཉིས་ཁས་བགྲོས་ནས་གཏེར་རྣམས་བཏོན་པས་ཕན་བྱ་གནོད་བྱའི་སྐོར་ཤོག་སེར་ཀོ་ཟོ་ཉེར་གཅིག་བྱུང་ཞིང་། གཏེར་ཁ་གཞན་གྱི་ཁ་བྱང་(སྟོད་ཆ།༥༨༦)ཡང་བྱུང་། དེ་རྣམས་ཞང་ཁྲོམ་གྱིས་དུམ་བ་ཆུ་ཚན་ཁར་གདན་དྲངས། བྱ་བྲལ་བ་གར་སོམ་བྱུང་སྟེ་སངས་རྒྱས་ཡེ་ཤེས་ཀྱིས་སྤྲུལ་པ་ཡིན་པར་ཤེས། ཀོ་ཟོ་བཅུ་གསུམ་མདོ་ཁམས་སུ་གདན་དྲངས། ཞེས་ཀྱང་སྣང་ངོ་། ཡང་། སྐབས་ཤིག་གྲོགས་གཉིས་དང་བཅས་སློང་དུ་བྱོན་པས། སྔར་མཚམས་པ་ཞིག་གིས། དབུས་སུ་ལྷ་བཙུན་སྔོན་མོའི་ཕྱག་གཡོག་ལོ་བཅུ་གཉིས་བྱས་ཕྱིར་ཡོང་དུས་ཡུམ་རྒྱས་པ་གཅིག་དང་། གཏེར་གྱི་ཁ་བྱང་གཉིས་འདམ་ཁ་བྱུང་བས། ཁོས་ཁ་བྱང་བདམས་ནས་ཁྱེར། ཡུལ་དུ་སླེབས་ནས་གཏེར་བཙལ་བའི་སྤོབས་པ་མ་བྱུང་། ཕྱིས་ཁྱིམ་ཐབ་ཞིག་ཀྱང་བླངས། དེ་ནས་ཁོ་ཤི་བས། ཁྱིམ་ཐབ་ཀྱི་རྩར་ཞང་ཁྲོམ་གྲོགས་དང་བཅས་པ་བྱོན་པས། མོས་ཁྱིམ་དུ་བོས་ནས། གོང་གི་ལོ་རྒྱུས་བཤད་ནས་གཏེར་གྱི་ཁ་བྱང་ཕུལ་བས་ཤིན་ཏུ་མཉེས། དེ་ནས་ཀྱང་གཏེར་ཁ་གཞན་མང་པོའི་ཁ་བྱང་བྱུང་ངོ་། །ཟབ་པ་ཆོས་དྲུག་གི་དཀར་ཆག་ལས། སྤྱིར་ཡང་གཏེར་ཁ་བརྒྱད་ཅུ་སྦས༔ གཅིག་ནི་ཕུང་པོ་རི་བོ་ཆེ༔ རྒྱ་ཡི་མོན་མོའི་གཙུག་རུམ་དང་༔ ཉུག་གི་རྡོ་རྗེ་སྒྲོམ་བུ་དང་ཿ གཙང་འགྲམ་མཆོད་རྟེན་སྐྱེར་མ་བཞི༔ དེ་བཞི་ཐོན་ལ་བསྟན་པ་སྲུངས༔ ཞེས་གསུངས་པ་ལྟར། གཙང་གི་ཕུང་པོ་རི་བོ་ཆེ་དང་། གཡུང་གི་ཕུའི་རྫ་ལྷུད་མོ་དང་། རྒྱ་ཡི་མོན་མོའི་གཙུག་རུམ་གྱི་བྲག་དང་། ཉུག་གི་རྡོ་རྗེ་སྒྲོམ་བུ་དང་། གཙང ་འགྲམ་སྐྱེར་མ། གཞན་ཡང་སྤྲ་དུན་རྩེ། མཁོན་མཐིང་ལྷ་ཁང་། བསམ་ཡས་མཆིམས་ཕུ་སོགས་ནས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་མང་པོ་དང་། ཁྱད་པར་བསྟན་པ་སྲུང་བའི་ག་དྲ་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། གཙོ་བོར་གྱུར་པ་ནི། འཇམ་(སྟོད་ཆ།༥༨༧)དཔལ་ཚེ་བདག་ནག་པོའི་སྐོར་ལྕགས་སྡིག །ལྕགས་འདྲ། ཐོག་འདྲ་གནམ་ཐོག་ཆེན་མོའི་སྐོར་སྒྲུབ་པ་ལས་ཚོགས་དང་བཅས་པ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཁ་ཐུན་ནག་པོའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། འཇམ་དཔལ་ཁྲོ་འདུས་ཀྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། གཤིན་རྗེ་མེ་རུ་རྩེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཤིན་རྗེ་རྡོ་རྗེ་གཅོད་པའི་རྒྱུད་སྒྲུབ་ལས་ཚོགས་དང་བཅས་པ། དེ་བཞིན་དུ་གཤིན་རྗེ་རུ་མཚོན་དམར་པོའི་སྐོར། གཤིན་རྗེ་འཇོམ་བྱེད་ཀྱི་སྐོར། དྲག་སྔགས་གཟའ་གདོང་དམར་ནག་གམ་ཡང་ཟློག་མོའི་སྤུ་གྲིའི་སྐོར། གཤིན་རྗེ་ཁྲོ་ཆུ་དུག་གདོང་ནག་པོའི་སྐོར། གཤིན་རྗེ་ཆར་ཀའི་སྐོར། ལས་གསིན་བསེ་ནག་སྤར་བུ་དང་། གཤིན་རྗེ་ཁ་ལ་མེ་འབར་དང་། གཤིན་རྗེ་ཀིང་ཀང་སྐོར་དང་གཞན་ཡང་མགོན་པོ་སྟག་ཞོན་གྱི་སྐོར་དང་། སེལ་དང་། ངན་སྔགས། འགོམ་ཆོག །གཏད་ཁྲམ་སོགས་དྲག་སྔགས་གྲངས་ལས་འདས་པ་དང་། ལྟ་བ་མདོར་བསྟན་མཚན་བརྗོད་པའི་འགྲེལ་པ་དང་། གཏེར་སྟོན་སྒོམ་པ་མདོར་བསྟན་པ་ཤེས་རབ་སྙིང་པོའི་འགྲེལ་པ། མདོ་སྡུད་པའི་འགྲེལ་པ། འདའ་ཀ་ཡེ་ཤེས་ཀྱི་སྒོམ་རིམ་སོགས་མང་དུ་སྤྱན་དྲངས་པས་མཐའ་དག་ནི་བརྗོད་པར་མི་ནུས་སོ། འདིའི་གཤིས་རྗེའི་ལས་མཐའ་མང་བོ་ར་ལོའི་འཇིགས་བྱེད་ཀྱི་ལས་མཐའ་ལ་སྦྱར་བས་གསར་མ་བར་གྲགས་པའི་དྲག་སྔགས་ཕལ་ཆེར་ཡང་འདི་(སྟོད་ཆ།༥༨༨)ལས་བྱུང་བར་གྲགས་ཤིང་ཆོས་བརྒྱུད་གཤིན་སྐོར་ཕལ་ཆེ་བ་ཞིག་ནི་འབྲི་བྱང་གི་རིགས་སྔགས་འཆང་བ་ཆེན་པོ་རྣམས་དང་། ལྔ་པ་རིན་པོ་སོགས་ཀྱི་བཀའ་དྲིན་ལ་བརྟེན་དེང་སང་གི་བར་དུ་རྒྱུན་མ་ཉམས་པར་བཞུགས་ཡོད་ལ། གཞན་རྣམས་ནི་དུས་སྔ་ཆེས་པས་དེང་སང་མ་བཞུགས་པ་འདྲའོ། གང་ལྟར་ཡག་བོད་ཡུལ་འདིར་དྲག་སྔགས་ཐམས་ཅད་ཀྱི་ཕྱི་མོ་བ་གཅིག་པུ་ཡིན་ཏེ་གཏེར་སྟོན་གྱི་རྒྱལ་པོ་ཅིག་གོ། གཏེར་སྟོན་ཆེན་པོ་འདི་རྗེ་བཙུན་མི་ལ་ལས་ཀྱང་མི་ཐོག་གཅིག་ཙམ་སྔ་བ་ནས་བྱོན་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབ༔ བྱམས་པ་སྦྱིན་དུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སཱུརྱ་སེདྷ་ཞེས་བྱ་འབྱུང་༔ ཞེས་པ་འདི། གཉེལ་ཞིག་ཉི་མ་སེང་གེ་ཡིན་པར་གཏེར་ཆེན་ཉི་མ་གྲགས་པས་བཞེད་མོད། འོན་ཀྱང་མང་ཡུལ་བྱམས་སྤྲིན་ནས་གཏེར་སྟོན་སཱུརྱ་སེདྷ་ཟེར་བས་གཏེར་བཏོན་སྐད་མི་འདུག་ཀྱང་། གཏེར་སྟོན་འདིས་རྟེན་འབྲེལ་གཞན་དབང་དུ་གྱུར་ནས་བྱམས་སྤྲིན་གྱི་གཏེར་ཁ་བཞེས་མ་སྒྲུབ་པ་ཡིན་ཏེ། འདིའི་གཏེར་སྐལ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་གདམས་སྐོར་རྣམས་ཕྱིས་གཏེར་ཆེན་ཉི་མ་གྲགས་པ་ལ་བཀའ་བབས་པ་ཡིན་ཏེ། ཐུགས་རྗེ་ཆེན་པོའི་གཏེར་གཞུང་ལོ་རྒྱུས་ལས། འདི་ནས་ཕྱི་མ་མ་འོངས་རིང་འདས་དུས༔ མང་ཡུལ་ནམ་མཁའ་ཁྲག་མདོག་ཡང་ཡང་ཡོང་༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབ༔ དེ་ཚེ་པདྨ་གུང་བཙན་སྐྱེ་བའི་མཐའ༔ སཱུརྱ་སེདྷ་ཞེས་བྱས་གདམས་པ་འབྱིན༔ བསྟན་དང་འགྲོ་ལ་བདེ་སྐྱིད་(སྟོད་ཆ།༥༨༩)སྤེལ་བ་ཡོང་༔ རྟེན་འབྲེལ་འཆུག་ན་ཟབ་ཆོས་འདི་མི་ལོན༔ ཞེས་དང་། ཉང་སྨད་ཉི་མ་མདོ་ན་རྫོང་འབྱུང་ཞིང་༔ བོད་ཡུལ་མི་འགོ་བྲན་གྱིས་བྱེད་པ་འོང་༔ ལྷོ་བྱང་རྒྱལ་པོའི་མཚོན་གྱི་རྩེ་ར་བཅའ༔ གཉིས་ཀ་མཉམ་རྗེས་ཤུལ་ཙམ་མེད་པ་འབྱུང་༔ དེ་དུས་གདམས་པའི་སྙིང་པོ་དམ་པ་འདི༔ གཏེར་སྟོན་སཱུརྱ་སེདྷ་དང་འཕྲད་ན༔ སངས་རྒྱས་བསྟན་དང་འགྲོ་ལ་རྒྱ་ཆེར་ཕན༔ ཞེས་དང་༔ འོན་ཀྱང་ད་ལྟའི་སྨོན་ལམ་རྟེན་འབྲེལ་གྱིས༔ ལོག་པའི་སྐྱེས་བུ་རང་གི་འཁོར་དུ་ཡོང་༔ ཐབས་དང་རྟེན་འབྲེལ་ཡ་མ་ཟུང་དུ་བསྒྲིགས༔ ཟབ་མོའི་གདམས་པ་འདི་ཉིད་ལུས་ཀྱང་སྲིད༔ ཞེས་གསུངས་པ་སྟར༔ འགོས་པདྨ་གུང་བཙན་གྱི་སྐྱེ་བ་རིག་འཛིན་སཱུརྱ་སེདྷ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ཡང་དེ་ཉིད་ཀྱི་གཏེར་སྐལ་ཡིན་ཀྱང་། དེས་མ་ཐོན་ན་ཉི་མ་གྲགས་པས་འདོན་པར་འགྱུར་པའི་གཏེར་ལུང་ཡང་། དེ་ཉིད་ལས། དེ་འདས་འོག་ཏུ་ཀླུ་དབང་སྐྱེ་བའི་མཐའ༔ སཱུརྱ་ཀིརྟིས་ཆོས་འདི་སྤྱོད་པར་འགྱུར༔ ཞེས་ཤིན་ཏུ་གསལ་བར་ལུང་བསྟན་པ་འདིས་ཤེས་པར་ནུས་སོ། །དེ་ཡང་གཏེར་ཆེན་གཉིས་ཉི་གྲགས་ཀྱིས་བྱམས་སྤྲིན་ལྷ་ཁང་དུ་ཡང་གསང ་ཚེ་སྒྲུབ་ཟབ་མོ་མཛད་པའི་དུས་སུ་སྔོན་གྱི་བག་ཆགས་སང་ཅིང་སྔོན་གནས་མང་པོ་རྗེས་སུ་དྲན་པ་དང་། ཁྱད་པར་དུ་མཁའ་འགྲོས་ལུང་བསྟན་པ་ལྟར་ཆོས་འདིའི་གདམས་སྐོར་རྣམས་ལྷ་མོ་ལ་སྱ་དཀར་མོའི་ཐུགས་ཀ་ནས་མ་འགག་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས་ཤིང་། ཁྱད་པར་དུ་རྒྱུད་ཀྱི་དཔེ་མ་ཚང་བ་དུས་ཕྱིས་སྲིང་རྫོང་རྡོ་རྗེའི་སྙིང་རྫོང་དུ་བཅད་རྒྱར་བཞུགས་པི་དུས་སུ་ལས་མགོན་བྱ་རོག་གདོང་གིས་རྒྱུད་དཔེ་མངོན་སུམ་དུ་ཕྱག་ཏུ་ཕུལ་ནས་སྲུང་མ་ཉིད་ཀྱི་(སྟོད་ཆ།༥༩༠)སྲོག་སྙིང་ཕུལ་ཞིང་བྲན་དུ་ཁས་བླངས་པ་ཡིན་ཏེ། དེས་ན་གཏེར་ཆེན་འདིས་རིག་འཛིན་སཱུརྱ་སེདྷའི་གཏེར་ཞབས་ཀྱང་སྡུད་པར་མཛད་པ་ཡིན་ནོ། གཏེར་བྱུང་སྔོན་མ་རྣམས་མི་གསལ་བ་ནི་བྱམས་སྤྲིན་ནས་གཏེར་བཞེས་པའི་སཱུརྱ་སེདྷ་ཟེར་བ་ཞི་གམ་བྱུང་བར་བརྟེན་ཐེ་ཚོམ་དུ་ལུས་པ་ཡིན་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ང་འདས་འོག་ཏུ༔ ཤོད་གསུམ་ས་ལ་རོ་འ་དྲེན་འཇག་སྐྱ་འཕྱོ༔ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ༔ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཡུ་རུ་སྟོན་ཤཱཀ་ཅེས་བྱ་འབྱུང་༔ ཞེས་པ་འདིས་བྱང་སྲ་དུན་རྩེ་ནས། རླུང་འཁོར་དམག་ནར་དང་བཟློག་པ་དང་། དྲེགས་པ་ཉི་ཤུ་སོགས་གཏེར་ཁ་མང་པོ་བཏོན་ཞིང་། གཞན་ཡང་གཡུ་མདོ་བྲག་ནས་བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་དང་༔ ར་ས་འཕྲུལ་སྣང་ནས་རླུང་འཁོར་གྱི་གདམས་སྐོར་རྣམས་ཀྱང་གདན་དྲངས་པ་ཡིན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམེ་འཁྲུག་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་བོན་པོ་དྲག་རྩལ་ཞེས་བྱ་བ་འབྱུང་༔ ཞེས་གཏེར་སྟོན་འདི་གཙང་དུ་འཁྲུངས། རུས་བོན་པོ་ཡིན་པས་དེར་གྲགས། བུམ་ཐང་རྩིས་ལུང་ན། དུས་གསུམ་སངས་རྒྱས་ཀྱི་སྐུ་ལི་མ་བཞུགས་པའི་ལྷ་ཁང་ལ། མོན་པ་རྣམས་དཀོན་མཆོག་གསུམ་གྱི་ལྷ་ཁང་(སྟོད་ཆ།༥༩༡)ཟེར་བ་དེ་ཡིན། གཏེར་གནས་དེ་ནས་རྫོགས་ཆེན་གུ་རུ་ཞི་བ། གུ་རུ་བཞིའི་ལོ་རྒྱུས། ཤྲཱི་སེདྷའི་རྫོགས་རིམ་བླ་མ་དམར་ཕྱིད་ཟེར་བའི་པུ་ཏི་རྣམས་གདན་དྲངས། འདིའི་ནང་ན་བསྒོམ་མ་མྱོང་དང་འབྲལ་མ་མྱོང་། མི་བསྒོ་དོན་དང་མི་འབྲལ་བ། ཟེར་བའི་མན་ངག་དེ་ཡོད་གསུངས། འདི་བྱང་གཏེར་ཀ་དག་གི་སྐབས་སུ་ཡང་འབྱུང་། གཞན་ཡང་ཕུར་པ་ལ་སོགས་པའི་ཆོས་སྐོར་དང་། ཤངས་ཀྱི་སྐྱེ་ཀ་ཐང་ཤིང་བྲག་ནས་བཏོན་པའི་ར་ཧུ་ལ་ཤི་ས་བསྟན་པ་རུས་སྦལ་ནག་པོའི་སེར་སྲུང་བཅས་ཆོ་ག་མ་ཟབ་པའི་བཀའ་རྒྱ་སྲོག་རྒྱ་ཅན་མའི་སྐོར་སོགས་ཆོས་མང་དུ་ཡོད། འདིའི་དུས་རྟགས་སྤ་གྲོ་གནམ་ཐང་སོག་དམག་ནི། རྒྱ་གར་ག་ཏ་གར་ལོག་གི་དམག་བྱུང་ནས་གནམ་ཐང་དཀར་པོ་བཅོམ་པ་ཡིན་ཟེར་རོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏེ༔ གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང་༔ བསྟན་པ་གཉིས་འཁྲུག་ཆོས་ཀྱི་དད་པ་ཡལ༔ ཆོས་དང་གང་ཟག་ཡ་བྲལ་ཆོམ་སོས་ཁྱེར༔ སྙིང་དྲུང་ཤངས་བྲག་སྦས་པའི་གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་འདིའི་གཏེར་གྱི་ཁ་བྱང་བོན་པོ་བྲག་ཚལ་ལས་བྱུང་༔ གཙང་སྙེ་མོར་འཁྲུངས། རོང་པོ་འདོམ་གྱི་སྙིང་དྲུང་ཤེལ་མ་བྲག་ནས་རྫོགས་ཆེན་སྤྱི་ཏི་ལ་སོགས་པའི་ཆོས་སྐོར་མང་པོ་གདན་དྲངས། འདིའི་མཚན་ལ་སྙེ་མ་ཞུ་ཡས་གནོད་སྦྱིན་འབར་ཟེར་ཏེ། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་དབང་པོའི་སྡེས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སུ་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་གྱི་མཚན་ཟུར་དུ་མ་བྱུང་བས་སྙི་མོ་རྒྱ་གང་རི་བ་སངས་རྒྱས་(སྟོད་ཆ།༥༩༢)དབང་ཆེན་དང་གཅིག་པ་འདྲ་ཞེས་དཔྱད་གཞི་ཙམ་དུ་གསུངས་པ་དང་། གཞན་འགའ་ཞིག་གིས་ཀྱང་དེ་ལྟར་བཞེད་པའང་ཡོད་འདུག་མོད། འོན་ཀྱང་འདིར་སློབ་དཔོན་སོག་ཟློག་པ་དང་། ཤ་གཟུག་པའི་གཏེར་འབྱུང་། རིག་འཛིན་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སོགས་ལས་བྱུང་བ་ཀུན་མཚུངས་པས་དེ་བཞིན་དུ་བཀོད་པ་ཡིན་ནོ། འདིའི་དུས་རྟགས་སྔ་མོ་ཞིག་ཏུ་བྱུང་འདུག་པས། གཏེར་རྟགས། ཡུ་བ་གདོང་གིས་མཚོན་ཏེ། ཉ་རི་སྒྲོ་ཕུག་ཡིན་ལ། དེར་འུག་པ་ལུང་དུ་ཞལ་ངོ་ནང་མ་མཐུན་པས། ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གན་ས་ལ་སྒྲོ་ཕུག་ཕོག །དེ་རྗེས་ཡངས་པའི་གསང་སྔགས་གླིང་བཏབ་ནས་ཡོད་པ་འདི་ཡིན་ཅིང་། གཏེར་སྟོན་འདི་ས་སྐྱ་པ་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེའི་སྨད་ཙམ་དུ་བྱུང་འདུག་པས། དུས་སྔ་ཕྱི་ཆེས་ཆེ་བས། དཀྲུགས་ཏེ་གསུངས་པ་ཡིན་ནམ། ཐང་ཡིག་ཚིག་བཅད་ལྷུག་ཕལ་ཆེར་ལ་འདུག་ཀྱང་། བར་སྐབས་འདིར་གཏེར་སྟོན་མང་པོ་ལུང་བསྟན་པ་ཆད་པ་འདྲའོ། ཞེས་སོག་ཟློག་པས་གསུངས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཇིམ་གྱི་བྱར་འདབ་ས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང་༔ གཙང་གི་རི་བོ་ཆེར་སྦས་ས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང་༔ ཞེས་པའི་གྲུབ་ཐོབ་དངོས་གྲུབ་ནི་འཁྲུངས་ཡུལ་གཙང་པ་ཡིན། མངའ་བདག་ཉང་གི་གྱང་ཞབས་ལ་གཏུག་ཅིང་ཆོས་གསན་པའི་བླ་མ་ཡིན་ལ། མངའ་བདག་གྱང་གི་གཏེར་ཁ་བྱང་འགའ་ཞིག་ཀྱང་གཏེར་སྟོན་འདིའི་(སྟོད་ཆ།༥༩༣)གཏེར་ཁ་ནས་བྱུང་བ་ཡང་ཡོད། འདིས་དུས་རྟགས་སུ་རས་འཇིམ་གྱི་སྡེ་དགོན་བྱུང་སྟེ་རྗེ་བཙུན་གྲགས་པ་དང་དུས་མཚུངས། འོན་ཀྱང་གཏེར་སྟོན་འདི་དུས་སྔ་མོ་ཞིག་ནས་བྱོན་པས། སྐུ་ཚེའི་ཚད་ལ་མི་མཐུན་པ་འགའ་ཞིག་སྣང་ཡང་། སོག་ཟློག་པས། མི་ཡུལ་དུ་ལོ་དྲུག་བརྒྱ་བཞུགས་ཏེ། དྲུག་རྒྱ་ལོན་པའི་ལོ་དེ་ལ་གཏེར་བཏོན་པ་ཡིན་གསུངས། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་སུམ་བརྒྱར་གསུངས་པས་གོང་མ་བགྲོད་པ་ལོར་བརྩིས་པ་ཡིན་པ་འདྲ། དུས་རྟགས་ཀྱང་གཏེར་བཏོན་པའི་དུས་དེ་ཙམ་ལ་དགོངས་པ་ཡིན་པར་མངོན་ནོ། །གང་ལྟར་ཡང་ཚོའི་རིག་འཛིན་བརྙེས་པའི་གྲུབ་ཐོབ་ཆེན་པོ་འགྲན་ཟླ་དང་བྲལ་བ་ཞིག་སྟེ། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས། གཙང་གི་རི་བོ་ཆེ་ནས་ཀྱང་གཏེར་ཁ་མང་དུ་བཞེས་ཤིང་། ཁྱད་པར་དུ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་ལ་བསྟན་ཅིང་ཡི་གེར་བཀོད་དེ་འཕྲུལ་སྣང་གི་གཙང་ཁང་བྱང་མའི་རྟ་མགྲིན་གྱི་ཞབས་འོག་ཏུ་སྦས། མདོ་སྐོར་རྣམས་གནོད་སྦྱིན་ནཱ་ག་ཀུ་བེ་རའི་བརླ་གཡས་པར་སྦས་པ། དཔལ་ལོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། མེས་ཀྱིས་འདི་ལྟར་སྦས་ཞེས་བསྟན་པས་རྒྱལ་པོ་ཐུགས་ཆེས་ནས་ཆོས་སྐོར་རྣམས་ཐུགས་དམ་དུ་མཛད་པ་ཡིན་ཞེས་གྲགས་ལ། སླར་ཡང་གཏེར་དུ་སྦས་པ་ཐུགས་རྗེ་ཆེན་པོའི་རྗེས་སུ་བཟུང་བའི་རྣལ་འབྱོན་པ་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་བ་འདིས་གཙང་ཁང་བྱང་གི་རྟ་མགྲིན་གྱི་ཞབས་འོག་ནས་སྤྱན་དྲངས་པ། དེང་སང་མ་ཎི་བཀའ་འབུམ་དང་། རྒྱལ་པོ་བཀའ་ཆེམས་སོགས་སུ་གྲགས་པ་སྟེ། འདི་ལ་ནང་གསེས་གཏེར་སྟོན་(སྟོད་ཆ།༥༩༤)གསུམ་གྱི་གཏེར་ཆོས་ཡིན་ཀྱང་གཙོ་བོའི་དབང་དུ་བྱས་ནས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཆོས་སུ་འདྲེན་པ་ཡིན་ནོ། །རྒྱལ་པོ་བཀའ་འབུམ་སྐོར་གྱི་དབང་ལུང་ཁྲིད་དང་བཅས་རྣམས་དེང་སང་ཡང་མ་ཆད་པར་བཞུགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་ནག་རྒྱལ་པོའི་རྒྱལ་ས་རྟ་རྫིས་འཕྲོག༔ བསྟན་པ་མཐའ་རྒྱས་མངའ་ཐང་ཇེ་ཆེར་འགྲོ༔ བལ་ཡུལ་ཨེ་ཡི་གཙུག་ལག་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང་༔ འདི་བལ་པོའི་སློབ་དཔོན་གཙུག་ལག་དཔལ་དགེ་ཡིན་ཡང་ཟེར། དེ་ལྟར་ན་དུས་རྟགས་ཀྱང་གཏེར་འདོན་པ༄༅ི་དུས་དེ་ཙམ་ལ་དགོངས་པར་མངོན་ནོ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ལ་སློབ་དཔོན་པོ་དེས་གཏེར་བཏོན་ཞེས་ཨོ་རྒྱན་གླིང་པས་འཆད་ཟེར་ཏེ། དེ་ལྟར་ན་ཐང་ཡིག་ལས། བལ་མོ་ཤཀྱ་དེ་བ་ལུང་བསྟན་ཏེ༔ ད་ནས་མི་རབས་གནིས་བརྒྱ་ལྟག་སོང་ནས༔ མངའ་རིས་སྐོར་གསུམ་སྤུ་རང་མང་ཡུལ་དུ༔ གདུང་བརྒྱུད་རྒྱལ་པོ་དགོན་གསུམ་ཞེས་བྱ་བྱུང་༔ ཁ་ཆེར་འཕགས་པ་མཆེད་གསུམ་སྟོད་ཧོར་གྲགས༔ བལ་ཡུ་པ་ཨེ་ཡི་གཙུག་ལག་ཁང་ནང་ནས༔ ཨུ་རྒྱན་སྦས་པའི་དམ་པའི་ཆོས་གཏེར་བསྣོལ༔ གྲོང་ཁྱེར་སླར་ཡང་གཙུག་ལག་དཔལ་དགེ་འབྱུང་༔ ཞེས་གསུངས་པ་དང་ཡང་ཕྱོགས་མཚུངས་པ་འདྲ་ཡང་༔ གཏེར་བྱུང་ལོ་རྒྱུས༔ ཞིབ་ཆ་གང་ཡང་མ་མཐོང་བས་འོལ་ཆོད་ག་ལ་ནུས་ཏེ་སླར་བཙལ་བར་འོས་སོ། མི་རབས་ཞེས་པའང་མི་ལོ་དང་ཡིག་ནོར་བྱུང་བ་ཨེ་ཡིན་སྙམ་མོ། འདིའི་དུས་རྟགས་རྒྱ་ནག་རྒྱལ་པོའི་(སྟོད་ཆ།༥༩༥)རྒྱལ་ས་རྟ་རྫིས་འཕྲོག་པ་ནི། ཧོར་གྱི་སྐབས་ཡིན་པར་བཞེད་དེ། རྟ་རྫི་མངགས་ཏེ། ཡིག་རྙིང་འགའ་ཞིག་ཏུ་རྫིར་བཞེས་ཡོད་འདུག་པ་ཧོར་གྱི་མིང་ཡིན་ཟེར་ཏེ། ཧོར་གྱི་མིང་ལ་ཏ་དབེན་ཟེར་ཞིང་ཏ་རྫིང་ཞེས་པའང་། ཇིང་ཟུར་ཆག་པ་ཡིན་ནམ་སྙམ། གང་ལྟར་ཡང་ཧོར་ཡུལ་དུ་ནག་མོ་ཨ་ལན་ལ་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པའི་བུ་ཞིག་བྱུང་བར་གྲགས་ཤིང་། ཡང་གཏམ་རྒྱུད་འགའ་ཞིག་ཏུ་གཞོན་ནུ་ཁ་དོག་སེར་པོ་ཅན་ཞིག་གུར་གྱི་མཐོངས་ནས་བབས་ཏེ་དགའ་མགུར་སྤྱོད་ནས་ཕྱིར་འགྲོ་བ་ན་གུར་གྱི་སྒོ་ལས་ཕྱིའི་གཟུགས་ཐོན་པ་ཞིག་གི་བུ་བྱུང་བས་གནར་གྱི་བུ་ཞེས་བཏགས་པར་གྲགས་ཤིང་། གང་ལྟར་ཡང་བུ་དེའི་མིག་ལ་བོ་དོན་ཆར་མ་གན་ཡིན་དེ་ནས་རིམ་པར༔ དེའི་རྒྱུད་ལས་ཧོ་ཇིང་གི་རྒྱལ་པོ་ཡིན་ཏེ། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་གི་རྒྱལ་ས་འཕྲོག་ནས། རྒྱ་མི་ཉག་ཧོར་དང་ཡུ་གུར་ལ་སོགས་པ་མངའ་ཞབས་སུ་བཙུད་པ་ཡིན་ཏེ། ཇིང་གིར་གན་གྱི་སྲས་ཐོ་ལོ་ནོ་ཡོན་དང་། དེའི་སྲས་ཨེ་ཆེན་གོ་དན་གྱི་དུས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་གདན་དྲངས་པར་བཤད་པ་དང་། དགེ་བའི་བཤེས་གཉེན་སུ་ཏོ་བ་དང་དུས་མཚུངས་སུ། རྭ་སྒྲེང་རྒྱལ་ལྷ་ཁང་དུ་ཧོར་དམག་བྱུང་ཚུལ་སོགས་ལ་དཔ་གན་ལྷ་བླ་མ་དང་ཇིང་གིར་རྒྱལ་པོ་དུས་མཚུངས་སུ་གུང་བསྒྲིགས་ན་ལམ་ཙམ་འགྲིགས་པར་འདྲ་ཡང་། གཏེར་སྟོན་གྱི་ལོ་རྒྱུས་དང་། གཏེར་ཆོས་སོགས་མ་མཐོང་དཱི་བས་དཔྱོད་ལྡན་དག་གིས་སླར་དཔྱད་པར་མཛོད་ཅིག །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད༔ འཛམ་གླིང་རྒྱལ་པོས་དཔོན་བརྒྱུད་འབངས་ཀྱིས་ནོན༔(སྟོད་ཆ།༥༩༦)ལྟོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྐུ་ཚ་སྟོན་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་འདི་འཁྲུངས་ཡུལ་ལྷོ་བྲག་པ་ཡིན། འདིས་སྤ་གྲོ་ཅལ་གྱི་བྲག་སོགས་ནས། ཆོས་དང་། སྨན་དང་། བོན་གྱི་སེམས་ཕྱོགས་སོགས་གཏེར་མང་དུ་ཐོན། འོན་ཀྱང་སྨན་དཔྱད་མཛད་པསཆོས་ཀྱི་འགྲོ་དོན་མ་བྱུང་། འདིའི་མཚན་ལ་ཀུ་ས་སྨན་པ་ཡང་ཟེར། ཤོག་སེར་ཤིང་སྒྲོམ་གང་ཐོན་པས་གཏེར་ཆོས་རྒྱ་ནན་ཏར་ཆེ་བར་ཡོད་ཅེས་གྲགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་དུ༔ བྱང་གི་ཕྱི་གོད་རུ་བ་འཚུབ་མས་ཁྱེར༔ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས༔ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་༔ གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང་༔ ཞེས་པ་འདི་དྲན་པ་ནམ་མཁའི་སྤྲུལ་པ་ཡིན་པར་གྲགས། འཁྲུངས་ཡུལ་ལྷོ་ཡི་ཕྱོགས་སུ་འཁྲུངས་ཞེས་འབྱུང་། འབྲོམ་སྟོན་དང་དུས་མཉམ་ཡིན། གཏེར་སྟོན་འདིས་གཙང་གི་རུ་མཚམས་ནས་སྨན་རྩིས། བོན་ཆོས་བཞི་ཀའི་གཏེར་ཐོན་ཏེ་གཏེར་ཆོས་མང་དུ་ཡོད། འདིའི་དུས་རྟགས་བོད་དུ་དམ་ཆོས་བསྟན་པ་གསུམ་གྱེས། ཞེས་པ་ནི། ཇོ་བོ་བོད་དུ་མ་བྱོན་ཙམ་ན་ཆོས་པ་རྣམས་སྔགས་དང་མཚན་ཉིད་གཉིས་སུ་གྱེས། མཚན་ཉིད་པ་ལ་འདུལ་མངོན་གཉིས་སུ་གྱེས་པའི་སྐབས་ཤིག་བྱུང་བར་སྣང་བས་དེ་ཡིན་པར་བྱེད་དོ། །དེང་སང་ནི་བསྟན་པ་ཕག་བརྒྱར་སོང་འདུག་ཅེས་སོག་ཟློག་པས་གསུངས་སོ།།(སྟོད་ཆ།༥༩༧)དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དབུས་གཙང་ཁམས་སུ་དུག་སྔའི་ཆོས་ཤིག་འབྱུང་༔ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་སྣུབས༔ ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས༔ མོན་ཁ་བུམ་ཐང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཕྱུང་པོ་དཔལ་དགེ་ཞེས་བྱ་འབྱུང་༔ འདིའི་དུས་རྟགས་ལ། ཨ་ར་ཚོ་བན་དེ་བཅོ་བརྒྱ་དསོགས་ཀྱིས་མི་ལ་གསོན་སྒྲོལ་བྱེད་ཅིང་། སྦྱོར་སྒྲོལ་ལ་སྒྲ་ཇི་བཞིན་པར་སྤྱོད་པའི་དུས་བྱུང་བས་དེ་ཙམ་ལ་བྱོན་པ་འདྲ། ཞེས་བླ་མ་སོག་ཟློག་པ་སོགས་ཀྱིས་བཞེད། གཏེར་སྟོན་འདི་གཙང་ལ་སྟོད་དུ་འཁྲུངས། མོན་གྱི་བུམ་ཐང་ནས་ཟབ་མོ་ལྡེ་དྲུག་ཟེར་བའི་བོན་གྱི་གཏེར་དང་། ཧས་པོ་རི་ནས་ཀྱང་ཆོས་དང་སྨན་དང་བོན་དང་རྩིས་ཀྱི་གཏེར་ཁ་མང་པོ་ཐོན་པ་ཡིན་འདུག ཨར་ཚོ་བན་དེ་བཅོ་བརྒྱད་ནི། གཙང་སྟོད་པ་རྣམས་སུ་ཨར་ཚོ་བན་དེ་བཅོ་བརྒྱད་ཞེས། རྔ་ལ་བཞོན་ནས་ནམ་མཁའ་ལ་འཕུར་ནས་འགྲོ་ནུས་པ། སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་བཟུང་ནས་མི་ལ་གསོན་སྒྲོལ་བྱེད་པ་འགའ་ཡོད་དོ། །སྐབས་ཤིག་གྲུབ་ཆེན་ཨོ་རྒྱན་པའི་ཡང་མེས་རྒྱུས་བྱང་ཆུབ་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་གཉིས་ཀྱིས་གཡོག་ཀུན་ཐུབ་བྱ་བ་ཁྲིད་དེ་ལ་སྟོད་ལ་བྱོན་པ་ན། ཨར་ཚོ་རྣམས་ཀྱིས་ཁོང་གསུམ་པོ་བཟུང་ནས་མཁའ་འགྲོ་མཆོད་པའི་ཚོགས་ཤ་བྱེད་ཟེར་བ་ན། གཡོག་པོ་ན་རེ། ཁྱེད་གཉིས་པ་གྲུབ་རྟགས་འདྲ་མེད་དམ་ཟེར་བས། གཅུང་གིས་ངས་ཕུར་པའི་འཁྲབ་བཞོན་ཞིག་བྱའམ་གསུངས་པས། གཅེན་གྱི་གྱིས་སྐྲག་ནི་དགོས་འདི་ལྟར་བྱ་ཡི་གསུངས་ནས། རྟ་མགྲིན་གྱི་སྐུར་བསྟན་ནས་སྤྱི་གཙུག་ནས་རྟ་མགོས་སྐད་དྲག་པོ་འཚེར་(སྟོད་ཆ།༥༩༨)བས་ཨར་ཚོ་རྣམས་སྐྲག་ཅིང་འགྱེལ་ནས་ཞབས་ལ་བཏུད་པའི་ལོ་རྒྱུས་སྣང་ལ། ལྷ་བླ་མ་ཡི་ཤེས་འོད་ཀྱིས་འབྱམས་ཡིག་ཀྱང་འདི་རྣམས་ལ་མཛད་པར་གྲགས་ཤིང་། དོན་ལ་འང་གནས་པ་འདྲ་སྟེ། སྒྲོལ་བ་དར་བས་མི་ལ་གསོན་སྒྲོལ་བྱུང་། ཞེས་གསུངས་པའི་ཕྱིར་རོ་ཞེས་འཕྲོས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་འཆའ༔ ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་༔ ངང་ངུར་མཚོ་སྐེམ་ནེ་ཐང་བྱེ་མས་གནོན༔ དགེ་རྒྱས་ནས་པོ་རིར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཤ་མི་རྟོར་རྒྱལ་ཞེས་བྱ་འབྱུང་༔ འདི་ཡུལ་ཤ་མི་པྲ་དུ་བྱ་བ་ཤོངས་ཀྱི་སྟོད་དུ་འཁྲུངས། ཧས་པོ་རི་ནས་དགོངས་དོན་ཟབ་ཐིག་ཟེར་བའི་གཏེར་ཁ་ཆེན་པོ་ཐོན། གཞན་ཡང་ཆོས་དང་ནོར་གྱི་གཏེར་ཡང་མང་དུ་བཏོན་པར་གྲགས་སོ། དེ་ཉིད་མི་གནས་མྱ་ང་འདས་འོག་ཏུ༔ ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་སྟོན༔ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུས༔ ཉ་མ་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད༔ བསྟན་པའི་རྐུན་པོ་གཏེར་ཆོས་དཀྲུག་ཅིང་སྤེལ༔ བཀའ་ལོག་མང་པོ་ར་ཁྱུ་ཙམ་པ་འབྱུང་༔ པད་འབྱུང་བདག་ཀྱག་ཡི་མུག་ག་ཆད་དེ༔ ཞྭ་ཡི་ལྷ་ཁང་བི་མའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ལྡང་མ་ལྷུན་རྒྱལ་མའི་སྤྲུལ་པ་འབྱུང་༔ འདི་དབུ་རུ་སྟོད་དུ་འཁྲུངས། ཞྭ་ལྷ་ཁང་ནས་བི་མ་སྙིང་ཐོག་གི་སྐོར་གཏེར་ནས་བཞེས་པ་སྟེ། རྫོགས་ཆེན་སྙིང་ཐིག་ལོ་རྒྱུས་སུ་གསལ་བས་འདིར་བསྐྱར་ནས་མ་བྲིས།(སྟོད་ཆ།༥༩༩)དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཏའི་རུས་བརྩིགས་པའི་རྩིག་པ་སྡུག་པ་འོང་༔ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ས་སྟེག་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་གསུངས་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ནི། ཤུད་བུ་དཔལ་གྱི་སེང་གེའི་སྐྱེ་བ་ཡིན་པར་གྲགས། ཇོ་བོ་བོད་དུ་མ་བྱོན་གོང་གི་རབ་བྱུང་ཐོག་མའི་ཆུ་པོ་བྱི་བ་ལ་གཡོ་རུ་གྲ་ཡི་སྐྱེད་རུ་ཞེས་པར་འཁྲུངས། རུས་མཆིམ་ཡིན་ཏེ་ཆོས་བློན་རྡོ་རྗེ་སྦྲེ་ཆུང་གི་མི་བརྒྱད་ཡིན། སྐུ་གཞོན་ནུ་ནས་ཐུགས་ཆོས་ལ་གཞོལ་བས་བསམ་ཡས་ཆོས་གྲྭར་བྱོན་འདོད་ཀྱང་ཡབ་ཡུམ་གྱིས་མ་བཏང་། རྗེས་སུ་དཀུས་ནས་བསམ་ཡས་སུ་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་གསལ་ལ་རབ་ཏུ་བྱུང་། མཚན་ཡང་དབང་ཕྱུག་འབར་དུ་གྲགས། འཚོ་བ་མེད་པའི་ཉིན་ར་ལུག་འཆོས་བའི་གླས་རྒྱགས་བྱས། སྲོད་དང་ཐོ་རངས་དབུ་རྩེ་ལ་སྐོར་བ་མཛད་པའི་ཚེ། ནུབ་གཅིག་དབུ་རྩེའི་སྒོ་སྟེང་ནས་ཤོག་དྲིལ་གཉིས་ཕྱག་ཏུ་བྱུང་བ། སྔ་དྲོ་གཟིགས་པས། ཛམ་དམར་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་སུ་འདུག་ལས་འབྲེལ་ཡོད་པར་དགོངས་ནས་སྔགས་བཟླས། ཉིན་མོ་རི་ཁར་རྫི་བོ་མཛད་པར་བསྟོད་པ་དབྱངས་མཛད་པས། ཛམ་བྷ་ལ་མི་དམར་པོ་ཞིག་ཏུ་སྤྲུལ་ནས་ཅི་འདོད་ཟེར། ནོར་འདོད་བྱས་པས་ང་ལ་འཛེག་ཟེར་ཏེ་ཁུར་ནས་གསེར་གྱི་རི་ཡོད་པའི་འགྲན་ན་གསེར་གྱི་བྱེ་མ་སོང་པའི་ས་དེར་(སྟོད་ཆ།༦༠༠)བསྐྱལ། ཐུགས་སྐྱོ་ནས་བསྟོད་པ་མཛད་པས། ཡང་མིང་བྱུང་ནས་ཅི་འདོད་ཟེར། ཡུལ་དུ་སློབས་པར་འདོད་བྱས་པས་དེ་འཕྲལ་དུ་ཡུལ་དེར་དུ་བསྐྱལ། ཡང་ཡུལ་དེར་ནད་ཡམས་བྱུང་བར། ཁོང་གིས་བྱིན་རླབས་བྱས་པས་ཕན་པ་ཡང་མང་དུ་བྱུང་། དེ་ནས་ཆོས་བསླབས་པས་ཆོས་སྤྱི་དང་ཁྱད་པར་དུ་མངོན་ས་ལ་མཁས་པས་མཚན་ཡང་གྲྭ་པ་མངོན་ཤེས་སུ་གྲགས་ནུབ་གཅིག་ཐུགས་སྦྱང་མཛད་ཅིང་ཡོད་པའི་འཕྲོ་ལ་མནལ་དུ་སོང་བའི་རྨི་ལམ་དུ། ཨ་ཙ་ར་དགེ་སློང་གི་ཆུ་བྱད་ཅན་ཞིག་བྱུང་ནས། ང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་དུ་བདུད་འདུལ་བའི་དུས་དཔའ་བོ་ཡིན་པས། དེའི་ཚེ་ངའི་མིང་ལ་རྡོ་རྫ་བདུད་འདུལ་དུ་བཏགས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྒོས་སུ་དཔལ་རྟ་མགྲིན་དང་ཕྱག་ན་རྡོ་རྗེའི་བཀའ་སྡོད་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མར་བསྐོས་པ་ཡིན། ཁྱོད་དང་ལས་འབྲེལ་ཡོད་པས་དངོས་གྲུབ་ཅི་འདོད་སྦྱིན་ཟེར་བ་བྱུང་བ་ལ། ཆོས་ཡིད་སྨོན་དུ་མ་ལུས་པར་འཕྲལ་དུ་ཉམས་སུ་བླངས་པས། ན་བ་ཟུག་གཅོག འཆི་བ་བསྲིངས། མི་ན་བར་རིང་དུ་གནས་པར་བྱེད་པ་འདི་སྙིང་པོར་འདུག་སྙམས་ན། དུས་འདིར་སེམས་ཅན་ལ་ཕན་ཐོགས། ཕྱི་མ་ཆོས་སུ་འགྲོ་བའི་རིག་པ་ཁྱད་པར་ཡོད་ན་འདོད། གཞན་ཅིས་ཀྱང་དགོས་པ་མེད་སྨྲས་པས། ཨ་ཙ་ར་དེ་ན་རེ། རྒྱལ་བའི་དགོངས་བརྒྱུད་སྨན་བླའི་ཞལ་ནས་གསུངས། རིག་འཛིན་བརྒྱུད་པས་དྲང་སྲོང་རིམ་པར་གཏད། གང་ཟག་སྙན་བརྒྱུད་ལོ་ཙཱས་རྗེ་ལ་ཕུལ། རྒྱལ་པོས་འཕངས་ནས་དབུ་རྩེའི་ཀ་བར་སྦས། གསོ་རིག་ཁྱད་འཕགས་ཡོད་ཀྱི་དེ་ནས་ལོངས། ཟེར་ནས་གཏེར་བཏོན་ཐབས་བཤད་ནས་མི་སྣང་(སྟོད་ཆ།༦༠༡)བར་སོང་ངོ་། །དེ་ནས་གཉིད་སད་དེ་ཐུགས་ཀྱིས་གཞིག་པས། དངོས་གྲུབ་ཡིན་པར་ཤེས་ནས་ཞག་གསུམ་དུ་དཀོན་མཆོག་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ། ཆོས་སྐྱོང་ཁོ་རང་གིས་བསྟན་པ་བཞིན་མཆོད་པས། འདོད་ལྷའི་ཞག་གསུམ་ལ་མི་ལོ་ཕྱེད་དང་ཉིས་བརྒྱ་སྟེ། དེའི་ཡུན་ལ་གཏེར་དུ་བཞུགས་པའི་གསོ་རིག་ཁྱད་འཕགས་དཔལ་ལྡན་རྒྱུད་བཞི་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ནས་ཆུ་ཚོད་གསུམ་སོང་བའི་དུས་བསམ་ཡམ་དབུ་རྩེའི་འབར་ཁང་གི་ཀ་བ་བུམ་པ་ཅན་ནས་གདན་དྲངས། དཔེ་བཤུས་ནས་ཕྱི་མོ་རག་གནས་སུ་བཞུགས། བུ་དཔེ་ལ་སྐོར་གཅིག་ཏུ་གསང་ནས། ཕྱིར་ཡང་ལུང་གི་དགེ་བཤེས་ཁུན་སྟོན་དར་མ་གྲགས་ཞེས་བྱ་བ་རྒྱུད་བཟང་ཞིང་ཞི་དུལ་དང་ལྡན་པ་དེས་ཕྱག་རྟེན་དང་བཅས་ཞུས་པས་དགྱེས་བཞིན་དུ་གནང་། དེ་ནས་རིམ་པར་བརྒྱུད། གཞན་ཡང་ཛམ་དམར་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་སྒྲུབ་སྐོར་དང་། གཏེར་གྱི་ཁ་བྱང་པོའང་གཏེར་དུ་བཞེས། གོང་གསེར་རིའི་འགྲམ་དུ་ཕྱིན་དུས་གསེར་གྱི་བྱེ་མ་མང་པོ་བསྣམས་ནས་བྱོན་པ་ལ་ཆ་རྐྱེན་མཛད་ནས། གྲ་ཐང་བཞེངས། བསམ་ཡས་ཀྱི་བདག་པོའང་མཛད། གནས་གཞི་བརྒྱ་རྩ་བརྒྱད་བཞེངས་པར་བཤད་ཀྱང་། སྱན་གཡས། སྐྱེང་རུ། འདུན་ཕུ། གསེར་ལྡིང་ལྷ་ཁང་རྣམས་དང་ཨེནའང་རི་གཉིས་དག་བཅས་བདུན་བརྒྱད་ཙམ་སྣང་བས། བརྒྱད་དམ་རྩ་བརྒྱད་ཡིན་པ་འདྲ་ཟེར་ཡང་ཆེ་བརྗོད་ཙམ་ཡིན་པར་འདྲ། འདི་དགེ་བཤེས་ཁུ་ཆེན་པོ་དང་དུས་མཉམ་ཡིན་ཁོང་གཉིས་མཐུ་འགྲན་བྱས་པའི་ལོ་རྒྱུས་ཀྱང་ཡོད། འདིའི་ཛམ་དམར་དང་ཞང་བློན་སྐོར་རྣམས་དེང་སང་བར་(སྟོད་ཆ།༦༠༢)དུ་དབང་ལུང་གི་རྒྱུན་མ་ཉམས་པར་ཡོང་ལ། རྒྱུད་བཞི་འདི་ཕྲིན་ལས་ཆེ་ཞིང་ཉན་བཤད་བྱེད་པ་མང་བས། ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་གཏེར་མ་ཡིན་མིན་ཕྱོགས་ལ་འཐིང་སླང་མཛད་པ་བྱུང་ཡང་། འཇམ་མགོན་ས་རི་ཞབས་དང་བྱང་པ་འཚོ་བྱེད་མཻ་ཏྲིའི་མཙན་ཅན་སོགས་ཀྱིས་གཏེར་མ་རྣམ་དག་ཏུ་བསྒྲུབས་པས་མཛད་ནས་ལོག་རྟོག་གསལ་བ་བཞིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཨོ་རྒྱན་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ༔ དྭགས་སྒོམ་སྙིང་པོའི་དོན་བསྒོམ་ཁྱུ་ཅིག་འབྱུང་༔ མཆིམས་ཕུ་ཁོ་མཐིང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ར་ཤང་གཏེར་སྟོན་མདོས་ལ་མཁས་པ་འབྱུང་༔ ཞེས་པ་འདི་ཡར་འབྲོག་གཉན་དུ་འཁྲུངས། མཚན་ར་ཤག་ཆོས་འབར་རམ། བསོད་ནམས་རྡོ་རྗེ་ཡང་ཟེར། ཆུང་ངུ་ནས་མདོས་དང་གསོ་རིག་སྦྱང་པས་མཁས་པར་མཁྱེན། གཏེར་ཆོས་ཀྱང་མདོས་དང་སྨན་དཔྱད་དང་། མ་མོ་སྒང་ཤར། མ་མོ་སྲིད་པའི་བེམ། མ་མོ་གླིང་གཞིའི་སྐོར་དང་། འཇིག་རྟེན་དྲེགས་པའི་སྒྲུབ་ཐབས་སོགས་ཤོག་སེར་སྟག་སྒྲོ་གང་ཐོན་པར་གྲགས། དེང་སང་གཏད་ཟློག་སྐོར་དང་། གསང་བ་མདོས་བཅུ་སོགས་མདོས་ཕྲན་འགའ་ལས་གཞན་མ་མཐོང་། འདིའི་དུས་རྟགས་དྭགས་སྒམ་སྙིང་པོའི་ནི། དྭགས་པོ་རིན་པོ་ཆེ་ཡིན་པར་བྱེད་མོད། ཡང་གཏེར་སྟོན་འདིས་རྗེ་བཙུན་མི་ལ་ལ་ཚེ་རིང་མའི་སྒྲུབ་ཐབས་ཕུལ་བའི་ལོ་རྒྱུས་ཀྱང་འདུག་སྟེ། ལྷོ་བྲག་ཁོ་མཐིང་དུ་ར་ཤག་རྣལ་འབྱོར་པ་ཆེན་པོ་ཞེས་བྱ་བ་ལོ་བརྒྱ་དང་བཅུ་ལོན་པ་ཐུགས་ཀ་ན་སྙིང་པོ་འབྲུ་བཞི་རང་བྱུང་དུ་བྱོན་པ་ཡོད་ལ། རྗེ་མི་ལ་བླ་མའི་མཁར་ལས་བྱེད་པའི་སྐབས་ཤིག་(སྟོད་ཆ།༦༠༣)མཇལ་དུ་ཕྱིན་པས་ལྷ་ཁང་དུ་ཉལ་བའི་ཐོ་རངས་བུད་མེད་དཀར་མོ་ཞིག་གིས་སྦྲང་ཆང་ཀ་པཱ་ལ་གང་བྱིན་ཏེ་ཁྱོད་བལ་བོད་ཀྱི་མཚམས་སུ་བསྒོམ་ན་ལམ་མྱུར། ང་ཡང་ཁྱོད་ཀྱི་ཡུལ་ཕྱོགས་པ་ཡིན་ཏེ་ཁྱོད་ཀྱི་ལུས་དང་གྲིབ་མ་ལྟར་མི་འགྲོགས་ཀ་མེད་པ་ཞིག་ཡིན་ཟེར། སང་ཉིན་བླ་མ་དེ་དཔོན་སློབ་ཉེར་གཅིག་སྨན་སྒྲུབ་དམ་པོ་ལ་བཞུགས་ཀྱང་རྗེ་བཙུན་སྒྲུབ་པའི་གྲྭར་བོས། མཇལ་མ་ཐག་དབུ་སྔས་ནས་སྒྲོ་བ་ཞིག་གི་ནང་ནས་པོད་ཆུང་ཞིག་བྱུང་སྟེ་འདི་ཁྱོད་རང་ལ་སྔ་ནུབ་ནས་བསུ་བ་དེ་ཀུན་གྱི་སྒྲུབ་ཐབས་ལགས། ཁྱོད་ལ་སྟེར་དགོས་པར་ལུང་བསྟན་པ་ཡིན་ཞེས་ཚེ་རིང་མའི་སྒྲུབ་ཐབས་སྤྲད་པར་བཤད་ལ་དཔལ་གཙུག་ལག་ཁྱེད་བས་འདི་དག་མདོས་ལ་མཁས་པའི་ར་ཤག་ཐ་དད་དུ་སྣང་ཞེས་གསུངས་མོད། འོན་ཀྱང་ཡར་འབྲོག་གཉན་གྱི་ར་ཤག་ལ་བླ་མ་གཉན་ལོ་ཙཱ་བས་ཁོ་རང་གིས་གཏེར་ནས་བཞེས་པའི་དཔལ་མགོན་ཞལ་བཞི་པའི་ཆོས་སྐོར་རྣམས་གནང་བར་གྲགས་ཤིང་། རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་པ་རྣམས་བླ་མ་གནམ་ཕའུ་ཆེན་པོར་གནང་ཞེས་བྱུང་བས། དེ་ལྟར་ཕའུ་པ་དང་ར་ཤག་དུས་མཚུངས་གྲུབ་པས། རྗེ་མི་ལ་དང་ཡང་དུས་མཚུངས་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡུལ་ཆེས་ཡང་ས་འཁྲུགས་པའི་བསྐལ་པ་འབྱུང་༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབ་མཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད༔ སྲིན་མོ་སྦར་རྗེས་ཁོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱུ་འབྱུང་༔ ཞེས་པའི་ཉང་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་(སྟོད་ཆ།༦༠༤)ཤུལ་གྱི་ཡུལ་འཇོད་ས་སེར་དགོན་ཞེས་པར་བྲམ་ཟེ་ཉང་གི་རིགས། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་ཡེ་ཤེས་སྒྲོན་ནམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོ་སྐར་མ་རྒྱལ་གྱི་ཉིན་པར་སྐུ་འཁྲུངས། སྐུ་གཞོན་ནུ་ནས་ངོ་མཚར་བསམ་གྱིས་མི་ཁྱབ་ཅིང་། དགུང་ལོ་བརྒྱད་ལོན་པའི་དུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཇལ་བ་སོགས་སྤྱན་ལྟས་དུ་མ་དང་། ཆང་གིས་བཟི་བ་ལྟ་བུའི་གཉམས་བུར་བ་ཟླ་གཅིག་བྱུང་། མཁའ་འགྲོ་མ་རིགས་བཞི། རྗེ་བཙུན་སྒྲོལ་མ། ཐུགས་རྗེ་ཆེན་པོ་སློབ་དཔོན་པདྨ་སོགས་ཞལ་གཟིགས། ཁྱད་པར་ནུབ་གཅིག་སློབ་དཔོན་པདྨ་འབྱུང་གནས་ཡིན་ཟེར་བ་ཨཱ་ཙརྱ་དྲ་ཀར་བཞོན་པ། རྟའིི་རྨིང་པ་བཞི་བུད་མེད་མེད་རེ་རེས་བཏེགས་པ་ཞིག་མཇལ། གསོལ་བ་དྲག་ཏུ་བཏབས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཞིག་བསྣམས་ཏེ་སྐད་ཅིག་མར་དབང་བཞི་ཡོངས་རྫོགས་བསྐུར། གནམ་རལ་བའམ། ས་གཡོས་པའམ། རི་འགུལ་བ་ཙམ་གྱི་ཉམས་གསུམ་ཤར། སྤྱོད་པ་སྣ་ཚོགས་མཛད་པས་མི་ཀུན་གྱིས་སྨྱོན་པར་གྲགས། ཕ་ཇོས་རྟ་མགྲིན་ན་དཔའ་གཅིག་གི་དབང་བསྐུར། འཇོད་ཕུ་གངས་ཀྱི་ར་རབ་རྟ་མགྲིན་བསྒྲུབས་པས་ཞལ་དངོས་སུ་གཟིགས་པ་སོགས་གྲུབ་པའི་མཚན་མ་མངོན་དུ་གྱུར། འཇོད་ཕུའི་བྲག་ལ་ཕྱག་ཞབས་ཀྱི་རྗེས་དང་། ཟངས་ཀྱི་ཕུར་པས་རྟ་སྐད་མངོན་སུམ་དུ་འཚེར་བ་བྱུང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་བྲག་རྡོ་རྗེ་རྩ་ལྔ་འདྲ་བར་སོང་ཞིག་ཅེས་སྨྲ་བོའི་རི་ལུང་བསྟན། མཁའ་འགྲོའི་ལུང་བསྟན་པ་ལྟར་སྨྲ་བོ་ལྕོག་བྲག་རྩར་ཕེབས། ཡེ་ཤེས་མཁའ་འགྲོ་འཁྱག་མེད་མ་བྱ་བས། མ་རིག་མུན་སེལ་ཉི་མ་ཤར་དག་མཇལ།(སྟོད་ཆ།༦༠༥)སྐྱེས་བུའི་མཚན་ནི་ཉི་མ་འོད་ཟེར་བཟང་། ཟེར་བས་མཚན་ཉི་མ་འོད་ཟེར་དུ་གྲགས་སོ། །ནུབ་གཅིག་སྣང་བ་གསལ་ལ་རིག་པ་དྭངས་པ་སྐྱེ་བ་སྔ་ཕྱི་དྲན་པ་སོགས་བྱུང་བ་དང་ནམ་ལངས་ཉི་མ་ཤར་དུས་སུ་ལྟོས་ཤིག་བྱ་བའི་སྒྲ་ཞིག་བྱུང་། བལྟས་ཙ་ན་རྣལ་འབྱོར་པ་རུས་པའི་རྒྱན་ཅན་ཞིག་འདུག །ནང་དུ་བོས་ནས་ཚ་བ་དྲངས་པས། དེ་ན་རེ། ང་ནི་ནམ་མཁའི་རྣལ་འབྱོར་པ། དབང་པྱུག་རྡོ་རྗེ་བྱ་བ་ཡིན། བུ་ཁྱོད་ལས་དང་སྐལ་བ་ལྡན། པདྨས་དབང་དང་ལུང་གིས་སྐྱོབས། །གསང་སྔགས་ཟབ་མོའི་ཆོས་རྣམས་ཀུན། ད་ལྟ་མཁའ་འགྲོའི་ལག་ན་ཡོད། གསོལ་བ་ཐོབས་ལ་མྱུར་དུ་ལོངས། ཞེས་ཁ་བྱང་ཡང་བྱང་གནད་ཡིག་གསུམ་གཏད་དེ་འཇའ་ལྟར་ཡལ། གྲྭ་པ་མངོན་ཤེས་དང་ར་ཤག་གཏེར་སྟོན་གྱི་ཁ་བྱང་ཡང་ཕྱག་ཏུ་སོན་པས། གཏེར་གནས་ཆེན་པོ་བྲག་སྲིན་མོ་སྦར་རྗེས་ཀྱི་རྩ་བར་ཕེབས། ཁ་བྱང་ལྟར་བྲག་སེང་གེ་གནམ་མཆོངས་དང་། ཁུ་བྱུག་སྐད་འདོན་པ་འདྲ་བའི་ཐད་ནས་བཙལ་ཡང་གཏེར་སྒོ་མ་རྙེད་ཚེ། སྲོད་ལ་རྟ་པ་དམར་པོས་སྟག་སྒམ་དང་གཟིག་སྒམ་བཀལ་དར་ཐོད་ཕུད་ཕ་བོང་གི་སྟེང་དུ་བཞག་ནས་དངོས་གྲུབ་འདོད་ན་འདི་ན་ཡོད་ཟེར་ནས་སྒམ་གཉིས་ཕུལ་བ་རྨིས། ཐོ་རེངས་བཞེངས་ཏེ་བྱོན་པའི་ལམ་དུ་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་གཅིག་གིསདྲེའུ་དཀར་པོར་རྒྱའི་སྒྲོམ་གནིས་བཀལ་བའི་ནང་ནས་སྟག་སྒྲོམ་བཏོན་ཏེ་བསྐྱུར་བ་སོགས་ཀྱི་སྣང་བ་ཤར་བ་བཞིན་སྟག་སྒྲོམ་བྱུང་། དེའི་སང་ཉིན་གཏེར་སྒོ་རྙེད་ཤོག་སེར་རྫའི་བུམ་པ་གང་དང་། ཟངས་ཀྱི་སྒྲོམ་བུ་ཞིག་བྱུང་བར། ཟངས་སྒྲོམ་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་རྒྱུད་པྱི་ནང་གསང་གསུམ། འགྲོ་འདུལ་མགི་(སྟོད་ཆ།༦༠༦)ཏི་ཀ་ཕྱི་ནང་གསང་སྒྲུབ། ཐུགས་རྗེ་ཆེན་པོའི་སྐུ་དང་ཆོས་སྐོར། གུ་རུ་དྲག་སྒྲུབ་ཀྱི་རྒྱུད་དང་སྒྲུབ་ཐབས། གུ་རུའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་པ་སོགས་མང་དུ་བྱུང་། གོང་དུ་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་ཀྱིས་ཕུལ་བའི་སྟག་སྒྲོམ་ནང་ནས་མཁའ་འགྲོ་མ་དབང་སྡུད་ཀྱི་སྐོར་དང་། གསང་བ་ཡེ་ཤེས་ཀྱི་སྐོར་སོགས་མཁའ་འགྲོ་མའི་ཆོས་སྐོར་མང་དུ་བྱུང་། རྫའི་བུམ་པའི་ནག་ནས་མགོན་པོའི་སྒྲུབ་ཐབས་རྒྱུད་ལུང་མན་ངག་དང་བཅས་པ་ཡུལ་བདག་གི་སྒྲུབ་ཐབས་ལས་མཐའ་ངན་སྔགས་ཀྱང་མང་དུ་བྱུང་། ནོར་སྣ་གསེར་ཕྱེ་རིལ་བ་གང་། དུང་སྐྱོགས་ཤབ་ཅན། སྲིན་མོའི་སེན་མོ་བཅས་བྱུང་། སྐུ་རྟེན་སྟོན་པའི་སྐུ་གཅིག་དང་། སྐྱེ་བདུན་ཐོད་པ། དམ་རྫས་མང་བ་རྣམས་མཛུབ་མོ་ཆག་པ་ངས་རྙེད་པས་ཁྱོད་ཀྱིས་ལྷ་ཁང་དུ་སྐྱོལ་ཟེར་བྱིན་པ་ཕེབས་ལམ་དུ་ཡུར་བར་ལྷུངས་ནས་མཛུབ་མོ་གྲུལ་ཏེ་ཆག་པའི་ནང་ནས་གཏེར་གྱི་གནས་ཡིག་བྱུང་བར་བརྟེན། ཁོ་མཐིང་རྣམ་སྣང་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་བཏོན། དེ་ཡང་སྒྲོམ་སྨུག་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མ་བུ་སོགས་ཆོས་ཚན་སུམ་ཅུའི་པོ་ཏ་ཆུང་དྲུག །ཤོག་དྲིལ་འདུས་པའི་སྒྲུབ་ཐབས་ཁོལ་དུ་ཕྱུང་བ་མང་པོ། སྒྲོམ་སྐྱའི་ནང་ནས་རྟ་མགྲིན་སྐུ་གསུང་ཐུགས་ཀྱི་སྒྲུབ་པ། གཞན་ཡང་དྲེགས་པ་བཅོ་བརྒྱད་དང་། སྡེ་དཔོན་སུམ་ཅུའི་སྒྲུབ་ཐབས་སོགས་མང་པོ། སྐྱེ་བདུན་ཤ། གངྒའི་ཆུ། རྟ་མགྲིན་སྐུ། ལྕགས་ཀྱི་རྡོ་རྗེ་དང་། ཕུར་པ་སྨན་གྱི་བུམ་པ་སོགས་བྱུང་། བསམ་ཡས་མཆིམས་ཕུ་ནས་ཀྱང་ཕ་(སྟོད་ཆ།༦༠༧)རོལ་ཏུ་ཕྱིན་པི་བཤད་འགྲེལ་སོགས་གཏེར་ཁ་ཆེན་པོ་ཞིག་བཏོན། གནམ་སྐས་ཅན་གྱི་སྲིན་བྱ་བྲག་དང་། དབེན་གནས་བྲག་རི་ལྷ་ཁང་ལ་སོགས་པ་ནས་བླ་མའི་སྒྲུབ་ཐབས། སྲུང་ཟློག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བཏོན་ནོ། །མཚོ་རྒྱལ་གྱི་སྤྲུལ་པ་ཇོ་འབུམ་མ་ཕབ་ཏུ་བཞེས། བླ་མ་སྐུ་གསུས་འདུས་པའི་སྒྲུབ་པ་ལོ་གསུམ་མཛད་པས་སློབ་དཔོན་པདྨས་ཞལ་མཇལ་གསུང་གི་གནང་བ་དུ་མ་ཐོབ། མུ་ཏིག་ཤེལ་གྱི་སྤང་གོང་དུ་བླ་མའི་ཐུགས་སྒྲུབ་མཛད་པས། མཚོ་རྒྱལ་ཡིན་ཟེར་བའི་བུད་མེད་དཀར་མོ་རས་སྔོན་ཨང་རག་ཅན་དར་དཀར་གྱི་སྟོད་གཡོགས་གྱོན་པ་ཞིག་བྱུང་སྟེ་དངོས་གྲུབ་ཅི་འདོད་ཟེར་བ་ལ། ཆོས་འདོད་ཞུས་པས་མཁའ་འགྲོ་ལུང་བསྟན་གྱི་སྐོར་ཞུས་ལན་བརྒྱ་རྩའི་དཔེ་གཏད། དུར་ཁྲོད་བསིལ་བའི་ཚལ་དུ་འོངས་ཟེར་བ་བཞིན་བྱོན་པས། བསིལ་བའི་ཚལ་དུ་མངོན་སུམ་དུ་ཁྲིད་ནས་དེར་སློབ་དཔོན་ཆེན་པོ་མཇལ། བུ་ཚངས་པ་ལྷའི་མེ་ཏོག་སླེབ་བམ་གསུངས་ནས་ཀིང་རུས་ཀྱི་ཁྲི་ལ་བཞག རིག་འཛིན་ཆེན་པོ་བརྒྱད་ཀྱིས་བཀའ་བརྒྱད་བྱེ་བྲག་གི་དབང་རྣམས་རྒྱས་པར་བསྐུར་ཞིང་རྒྱུད་གཏད། གུ་རུ་པདྨས་ཞི་ཁྲོ་བདེ་གཤེགས་འདུས་པའི་དབང་བསྐུར། དུང་དཀར་གཅིག་གཏད་ནས་ད་སོང་ཞིག་གསུངས་པའི་ཉམས་སྣང་དཔག་ཏུ་མེད་པ་བྱུང་། ཆོས་གསན་པའི་བླ་མ་ནི། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ། རྒྱ་སྨྱོན་པ་དོན་ལྡན། ཞིག་པའི་ཉི་མ་སེང་གེ་མཆེད། བླ་མདར་སྟོན། མལ་ཀ་བ་ཅན་པ། སློབ་དཔོན་གྲགས་དང་། ཆོས་ཀྱི་རྡོ་རྗེ། སློབ་དཔོན་འདུལ་བ་འཛིན་པ། རྒྱལ་སྲས་ཁམ་བུ་དཔལ་བ། གུ་རུ་ཁྲོ་བོ་ཆེ། སྟོན་པ་ཁ་ཆེ་སོགས་ལ་སྔགས་མཚན་ཉིད་མང་བ་ཞུས། གྲུབ་ཐོབ་དངོས་(སྟོད་ཆ།༦༠༨)གྲུབ་མགོན་ལ་བདེ་འདུས་ཀྱི་གཏེར་ཀ་ཡོད་ཚུལ་ཞུས་པས། དེ་དང་འབྲེལ་བའི་བཀའ་མ་རྫོད་ཕྲང་སྐོར་ཡོད་ཚུལ་དང་། ལྷ་སའི་ཐུགས་རྗེ་ཆེན་པོའི་གླིང་ནས་ཐུགས་རྗེ་ཆེན་པོའི་ཟབ་ཆོས་ཤོག་སྒྲིལ་ལྔ་གཏེར་ནས་བཏོན་གཏེར་བདག་ཁྱེད་རང་ཡིན་ཟེར་ཕུལ། བུམ་ཐང་དགེ་བསྙེན་བྲག་བཙན་ནས་རྫོགས་ཆེན་གུ་རུ་བཞི་པས་སྣ་དྲངས་པའི་ཆོས་དང་སྒྲུབ་སྐོར་སོགས་གཏེར་ཁ་ཆེན་པོ་ཞིག་སྤྱན་དྲངས། སྨན་སྒྲུབ་མཛད་སྐབས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་ལོ་མ་ཅན་དངོས་སུ་ཕུལ། སྐུ་ལུས་ཀྱི་སྐྱིལ་ཀྲུང་མ་ཞིག་པར་ནམ་མཁར་འབྱོན་པ་དང་། ཞབས་ས་ལ་མི་རིག་པ་སོགས་ཀྱི་རྫུ་འཕྲུལ་བསྟན། བཀའ་འབུམ་ཆོས་འབྱུང་ཆེན་མོ་རྣམ་ཐར་དྲི་མེད་སོགས་དང་། བུ་སློབ་ཕྱི་མ་འདྲས་མཛད་པའི་འཁྲུངས་ས་འདྲ་ཁ་ཤས་བཅས་གསུངས་རྩོམ་རིགས་མང་། ཕྱིས་ནམ་མཁའི་མཐའ་དང་མཉམ་པར་སོང་བས་དུས་དེ་ཙ་ན་གསང་སྔགས་འཆང་བའི་གཟུགས་སུ་གནས་པ་གཉིས་ལམ་དུ་འདྲིས་རྨེད་བྱེད་ལའང་ཁྱོད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཞེས་འདྲི་བ་བྱུང་། བསྟན་པའི་བྱ་བ་དང་རྫུ་འཕྲུལ་གྱི་ནུས་པ་བསམ་གྱིས་མི་སྟེ་རྣམ་ཐར་གྲགས་པ་ཆེ་བས་དེ་ཙམ་གྱིས་མཚོན་པར་ནུས། སློབ་མ་ནི། གཉོབ་སེ་སྟེན་ཁྲི་མཆོག་སྟེ་བཀའ་བབས་ཀྱི་བུ་ལྔ། སྲས་ཆུང་བ་མངའ་བདག་འགྲོ་མགོན་ནམ་མཁའ་དཔལ་ནི་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་པའི་བསྟན་པའི་བདག་པོ་ཡིན། དགུང་ལོ་རེ་དགུ་པ་ཤིང་ཕོ་བྱི་བའི་ལོ་ལ་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེན་པོ་དང་། ཁྱད་པར་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ཏེ་སྐུའི་བཀོད་པ་(སྟོད་ཆ།༦༠༩)བསྡུས། སྒྲར་སྐུའི་སྤྲུལ་པ་རྒྱ་གར་ཤར་ཕྱོགས་སུ་བཀོད་པ་སྣ་ཚོགས་སྟོན་པའི་རྣལ་འབྱོར་པ་གཅིག །གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་ཀྱི་སྤྲུལ་པ་ཡུལ་ཉེར་བཞི་ལ་སྤྱོད་པའི་རྣལ་འབྱོར་པ་གཅིག་སྟེ་གསུ་ཅིག་ཆར་དུ་འབྱུང་བར་ལུང་བསྟན། ལོ་ཙཱ་བ་ཆག་གིས་གདུང་བཞུས་པས་མེ་སྦར་བར་མ་ནུས། སླར་སྟོན་པ་མཆོག་གི་སྐུ་གདུང་བཞིན་མེ་རང་བྱུང་དུ་འབར། དེ་ལས་འཇའ་ཚོན་བྱུང་བ་ནུབ་ཕྱོགས་སུ་གཟུགས། གདུང་ཁང་ན་ཁྱེའུ་གཞོན་ནུ་རུས་པ་དང་རིན་པོ་ཆེའི་རྒྱན་ཅན་ཧ་རི་ནི་ས་སྒྲོག་པ་མཁའ་འགྲོ་མ་མང་པོའི་འཁོར་དང་བཅས་པ་ཀུན་གྱིས་མཐོང་། ལྷ་སའི་བཅུ་གཅིག་ཞལ་གྱི་ཐུགས་ཀ་དང་གདུང་ཁང་གཉིས་འཇའ་དཀར་པོས་ཏ་ལ་མར་འབྲེལ་བ་བྱུང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྲུབ་པའི་རྟགས་སུ། ཐུགས་ལྗགས་དང་དབུ་སྐྲ་ལ་ཞུགས་ཀྱིས་ཟ་བར་མ་ནུས་ཤིང་། རྟེན་དང་རིང་བསྲེལ་མཐའ་ཡས་པ་བྱོན་ཏོ། དེ་ནས་སྲས་འགྲོ་མགོན་ཡབ་ཀྱི་དགོངས་རྫོགས་པའི་བྱ་བ་ལ་བཞུགས་ཏེ། སྐུའ་ིརྟེན་རིགས་གསུམ་སེམས་དཔའ་མི་ཚད་དག་མཉམ་པ་ནཻ་པ་ལའི་ཡུལ་དུ་བསྐྲུན་ནས་སྤྱན་དྲངས། གསུང་གི་རྟེན་དུ་མདོ་མང་དང་རྒྱུད་འབུམ་གསེར་བྲིས་མ། ཐུགས་ཀྱི་རྟེན་དུ་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། རབ་ཏུ་གནས་པ་ལ་ཕ་ཆེའི་བསོད་སྙོམས་པ་ཆེན་པོ་མ་ཧ་པཎྜི་ཏ་ཤཱཀྱ་ཤྲི་སྤྱན་དྲངས་ནས་ཆོས་འཁོར་ཡག་བཙུགས། སྲས་འགྲོ་བའི་མགོན་པོ་ཉིད་ཀྱིས་གཙུག་ཕུད་ཕུལ། འོན་ཀྱང་ཕྲིན་ལས་འདི་ཀ་ཆེ་གསུངས་ནས་རབ་ཏུ་བྱུང་བར་མ་གནང་། གསེར་ཀ་ཊོ་རར་བླུགས་པའི་འབུལ་བ་དང་ཞབས་ཏོག་གྱ་ནོམ་པས་བསྟི་སྟང་དུ་བྱས། སླར་(སྟོད་ཆ།༦༡༠)པཎྜི་ཏ་གཤེགས་ནས་ཀྱང་ལྷོ་བྲག་དང་མོན་ཡུལ་གྱི་འདུ་བ་མང་པོས་གསེར་གྱི་འབུལ་བ་རྒྱ་ཆེན་པོ་བྱུང་བ་རྣམས་ཁྲོ་ཕུར་འབུལ་དུ་བྱོན་པས། པཎྜི་ཏ་ན་རེ། མཆོད་གནས་རང་གནས་སུ་ལྡོག་ནས་ཀྱང་འབུལ་བ་སླར་བསྐྱེལ་བ་ཇོ་སྲས་མི་བཟང་གསུངས་ནས་མཉེས་ཚོར་ཆེན་པོ་མཛད་སྐད། སྲས་འགྲོ་མགོན་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལུང་བསྟན། རྫུ་འཕྲུལ་ཤིན་ཏུ་ཆེ་བས་དགོངས་རྫོགས་སུ་དམིགས་ནས་ཤམ་པོའི་མདུན་གྱི་རྡོ་རྣམས་ནམ་མཁའ་ལ་ལུག་ཁྱུ་བཞིན་དུ་དེད། གཞན་གྱི་སྣང་ངོར་གང་ནས་བྱུང་ཆ་མེད་པར་སྐྱིད་ཆུའི་འགྲམ་དུ་རྡོ་སྐྱ་ཆགས་པ་ལ་ཇོ་བོའི་ཆུ་རགས་མཛད། སྔར་རྡོ་རྣམས་ིགས་མ་ནོར་བ་ཡོད་ཟེར། བལ་རིས་ཀྱི་ཐང་ཀ་ཐོག་ཚད་མ་བརྒྱ་དང་བརྒྱད་ཀྱང་བཞེངས། མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་ཞིང་ཆོས་སྐྱོང་བྲན་དུ་འཁོལ་བས། ཐོག་སེར་ལ་སོགས་པས་སྐུ་དགྲར་གྱུར་བ་དག་ཟླ་དུས་ལ་མི་ལྟོས་པར་ཉི་མའི་སྔ་ཕྱི་ལ་བཙན་ཐབས་སུ་བརླག་པར་མཛད་པ་སོགས་ཀྱི་ལོ་རྒྱུས་དུ་མ་ཡོད། ཐུགས་རྗེ་བསམ་གྱིས་མི་ཁྱབ་པས་གུ་རུ་ཆོས་དབང་སོགས་སྤྲུལ་པའི་སྐུའི་སློབ་མ་ཡང་མང་དུ་བྱུང་། འདིའི་སྲས་མངའ་བདག་བློ་ལྡན་འཇམ་དཔལ་གྱི་སྤྲུལ་པ་དང་། དེའི་སྲས་མངའ་བདག་བདུད་འདུལ་ཕྱག་རྡོར་གྱི་སྤྲུལ་པ་སྟེ། ཉང་རིན་པོ་ཆེའི་གདུང་བརྒྱུད་ལ་རིགས་གསུམ་མགོན་པའི་སྤྲུལ་པ་འབྱུང་བར་ལུང་བསྟན་པ་ཡིན་ནོ། །ཆོས་ཀྱི་བརྒྱུད་པ་ལའང་སྲས་བརྒྱུད་སློབ་བརྒྱུད་གནིས་ཀའི་ལུགས་ཡོད་དོ། །དེང་སང་གི་བར་དུ་དགའ་ཐང་ཤར་ནུབ་སོགས་ཀྱི་གདུང་རབས་མ་ཆད་པར་ཡོད་ལ། སྨྲ་པོ་ཅོག་པའི་གདུང་བརྒྱུད་ཆད་ནས་ཆོས་དབང་གི་གདུང་བརྒྱུད་པ་ཞིག་སྐུ་མག་ཏུ་བྱོན་པའི་ལོ་རྒྱུས་སྣང་ངོ་། ཡང་ཉང་གི་(སྟོད་ཆ།༦༡༡)གདུང་རབས་ཕྱི་མ་ཞིག་ཀོང་ཡུལ་དུ་གདུལ་བྱར་བྱོན་པ་ལས་ཆད་པའི་གདུང་བརྒྱུད་ཀོང་པོར་ཡང་ཡོད་ལ། བདག་གི་བླ་མ་ཀོན་སྨྱོན་རིག་པའི་རྡོ་རྗེ་ཡང་ཉང་གི་གདུང་ཡིན་ཅེས་རྗེ་ཉིད་ཀྱི་གསུང་ལས་ཐོས་སོ། ཆོས་བརྒྱུད་ནི་བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་མ་ཁྱབ་པ་མེད་པར་གྱུར་པས་དེང་སང་གི་བར་དུ་རྒྱ་ཆེར་འཕེལ་བས་སྨྲོས་ཀྱིས་ག་ལ་ལངས་ཏེ་མཐའ་ཡས་པར་བཞུགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྤུ་རངས་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང་༔ སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད༔ གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་བྱ་འབྱུང་༔ འདིའི་དུས་རྟགས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་རྣམས་ལ་ཤམ་ཐབས་ཁྲལ་བསྡུས་ནས་གསེར་མང་པོ་ཕུལ་ནས་ཇོ་བོ་གདན་དྲངས་དུས་དེ་ཡིན་པར་འདོད། དབོན་གསས་ཁྱུང་ཐོག་ཡིན་ཟེར་བ་གཉིས་གསུམ་ཞིག་བྱུང་ཡང་། གཏེར་སྟོན་འདི་སྔོན་ཆད་འདི་ཡིན་ཐག་ཆོད་ཀྱི་གསལ་ཁ་མ་བྱུང་། འགའ་ཞིག་གིས་རྒོད་ལྡེམ་ཅན་ལ་ངོས་འཛིན་པར་འདུག་མོད། དུས་སྔ་ཕྱི་མི་འགྲིགས་པར་འདུག་ཀྱང་བབས་ལ་བརྟགས་ན་འབྲེལ་ཆགས་ཙམ་ཞིག་སྣང་བས། སླར་དཔྱད་པར་ཞུའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་གར་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེས༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱེར༔ ཧོར་དག་ཡོན་མཆོད་ཁྲིམས་གསར་སྦྲེལ་བ་འོང་༔ ནང་གནག་པྱི་དཀར་དུང་དཀར་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུས༔)༦༡༢)པདྨ་ཤེལ་ཕུལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང་༔ གཏེར་སྟོན་འདི་ཡར་སྟོད་ར་མོའི་སྨན་ཆུ་ཁར་སྐུ་འཁྲུངས༔ གཟིམས་ཁང་ན་སྨན་སྒྲུབ་མཛད་པའི་ཤུལ་ད་ལྟ་ཡང་ཡོད་ཟེར། པདྨ་ཤེལ་ཕུག་སྟེ་ཤེལ་བྲག་དང་། སྨན་ཆུ་འོད་གསལ་རྫོང་སོགས་ནས། བླ་རྫོགས་ཐུགས་གསུམ་གསོ་བ་རིག་པ་སོགས་གཏེར་ཆོས་མཐའ་ཡས་པ་ཞིག་བཞུགས་ཀྱང་། ཐོག་མ་ནས་གསོ་དཔྱད་དང་ཕན་བྱ་གནོད་བྱའི་སྐོར་མང་པོ་ཉམས་སུ་བླངས་པས་ཆོས་ཀྱི་འགྲོ་དོན་མ་བྱུང་སྟེ། གུ་རུ་ཆོས་དབང་ལ། ཡབ་སྤག་སྟོན་གྲུབ་པའི་དབང་པོས་བསླབ་བྱ་མཛད་པ་ན། གཏེར་སྟོན་ར་མོ་ཤེལ་སྨན་གྱི་དཔྱད་ཉུག་ཉུག་མཛད་པས། རྗེས་སུ་ལྷ་རྗེ་ཁྱུག་ཙམ་ཞིག་ལས་མ་བྱུང་གསུངས་པ་འདིས་ཀྱང་འགྲོ་དོན་མ་བྱུང་བར་གསལ་མོད། འོན་ཀྱང་སྨན་དཔྱད་ཆུ་ནད་པ་བཅོས་ཐབས་གསང་སྨན་སོ་སོའི་ངོས་འཛིན་མ་འཁྲུལ་བ་བཅས་དེང་སང་བར་དུ་བཞུགས་ལ། འབམ་ལབ་བཅོང་གིས་བཅོས་ཐབས་ཀྱང་འདིའི་གཏེར་མ་ཡིན་པར་སོག་ཟློག་པས་བཞེད། ཧོར་དང་ཡོན་མཆོད་སོགས་པཎ་གྱི་དུས་ཙམ་ལ་འཛིན། བོད་ཀྱི་མཁས་བཙུན་ས་མཐར་འཁྱར་བས་བོད་ཀྱི་འཆད་ཉན་ལ་ཅུང་ཟད་གནོད་པ་དང་། དུས་དེར་རྒྱ་གར་ལམ་ཕྱིན་པར། དབྱར་ཚད་པར་འཇིགས་ནས་མང་ཡུལ་དུ་བསྡད། དགུན་བལ་པོར་ཕྱིན་ནས་ལོ་ཙཱ་བར་གྲགས་པ་མང་པོ་བྱུང་བ་དེ་རྣམས་ལུང་བསྟན་པ་ཡིན་ཅེས་ཟེར་མོད། ཀོང་པོ་སྒོད་ཚང་བས་ཀྱང་། བོད་ཀྱི་མཁས་བཙུན་མང་པོས་རང་གིས་ཆོས་ཉམས་ལེན་མི་བྱེད་པར་(སྟོད་ཆ།༦༡༣)ལོ་ཙཱ་མིང་བཏགས་སུ་བྱས་ནས་རྒྱ་གར་དུ་ནི་མ་བགྲོད་པས་བལ་ཡུལ་སོགས་ས་མཐའ་རྣམས་སུ་འཁྱམས་ནས་ཁེ་དྲག་བསྒྲུབ་པ་མང་པོ་འབྱུང་བར་ལུང་བསྟན་པ་དང་། བོད་ཀྱི་གང་ཟག་ཕྱི་ཚུལ་ཞི་དུལ་དང་ཆོས་ཚུལ་བཞིན་སྤྱོད་པའི་གཟུགས་བསྟན་ཀྱང་ནང་གི་སེམས་རྒྱུད་ལས་སུ་མ་རུང་པས་ཕྱི་དཀར་ནང་ནགས་རྣམས། སརྫི་ཀ་དུད་ཀིའི་རྙི་མ་ལ་དཔེ་མཛད་པ་ཡིན་པས། དཀར་པོ་རྣམ་གསུམ་སོགས་ལ་ག་ལ་ཟེར། དུང་དཀར་ལ་སྙེ་མའི་སྒྲ་སབཡར་དོན་ག་ལ་མཆིས་ཏེ། ཞེས་གསུངས་སོ། འོན་ཀྱང་ཁོ་བོས་སེམས་ལ་རྒྱ་གར་མ་ཕྱིན་མིན་པ་འདྲ་ཞིང་། རྒྱ་གར་ལ་ཕྱིན་ཟེར་བ་ཨེ་ཡིན་སྙམ་སྟེ། དུས་དེ་ཙམ་ན་ཤེས་རབ་ཅུང་ཟད་ཡོད་ཚད་རྒྱ་གར་ལ་འགྲོ་བའི་སྲོལ་ཆེན་པོ་ཞིག་བྱུང་སྣང་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། བོད་ལ་བསྟན་པ་ཕྱི་དར་གྱི་སྐབས་ཤིག་ཙ་ན་རྒྱ་གར་ལ་བློས་གྲོས་ཅུང་ཟད་རྣོ་ལ་གསེར་ཟོང་རྙེད་པའི་རྐང་པ་ཡང་བ་ཐམས་ཅད་ཀྱིས་དེང་སང་ཁམས་པ་གནས་སྐོར་བ་ལ་ལུད་པ་བཞིན་ལྷག་པར་འགྲོ་བ་ཞིག་ཀྱང་བྱུང་། ཞེས་གསུངས་པ་བཞིན། ལུང་བསྟན་ནི་དེ་ལ་དགོངས་ནས་གསུངས་ཀྱང་། ལ་ཡིག་དང་མ་ཡིག་ནོར་ནས་དཔེ་ངན་རྒྱུན་འབྱམས་སུ་སོང་བ་འདྲ་སྙམ་པས་དཔྱད་པར་ཞུའོ། ནང་ནག་ཕྱི་དཀར་ནི་ཆོས་འབྱུང་སྔ་མ་རྣམས་སུ་ས་སྐྱའི་དཔོན་ཆེན་རྣམས་ལ་ངོས་འཛིན་པར་སྣང་སྟེ། འདི་སྐབས་དཔོན་ཆེན་འགའ་ཞིག་གིས་བདེ་གཟར་མང་དུ་སློང་བ་དང་། གསེར་ཡིག་པ་སོགས་ཀྱིས་མནར་གཅོད་མང་དུ་བྱུང་བ་ལ་དགོངས་པ་འདྲའོ། ཞེས་ཆོས་འབྱུང་སྔོན་མ་རྣམས་ལས་འབྱུང་ངོ་། གཞན་དུ་ན་རྗེ་བཙུན་ས་སྐྱ་པ་ཆེན་པོས་སྐུ་སྲོག་བློས་བཏང་སྟེ་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ཐུགས་ལ་བརྣགས་ནས་ཧོར་ཡུལ་(སྟོད་ཆ།༦༡༤)དུ་བྱོན་པ་དང་། ལྷ་སྲས་སྐྱེ་བ་ཧོར་སེ་ཆེན་རྒྱལ་པོས་འཕགས་པ་རིན་པོ་ཆེ་གདན་དྲངས་པ་སོགས་ཀྱིས་བོད་སྤྱིའི་བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ་གྱུར་བ་ཡིན་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་། ཀུན་དགའ་སྙིང་པོ་ས་སྐྱ་ལོ་ཙཱ་དང་། བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས། རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང་། ཞེས་དང་། ས་སྐྱར་ལོ་ཙཱ་ཀུན་དགའི་མིང་། འཕགས་པའི་མིང་ཅན་གཉིས་བྱུང་ནས། བོད་འབངས་སེམས་ཅན་བདེ་ལ་ཕན། སངས་རྒྱས་བསྟན་པ་ལྔ་བཅུར་འཛིན། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན། ཞེས་ལུང་གིས་བསྟན་པའི་ཕྱིར། རྗེ་བཙུན་གོང་མ་འདི་དག་ནི་ཨོ་རྒྱན་ཉིད་དང་དབྱེ་བ་མེད་དོ། །ལར་ཡང་དུས་དེ་ཙམ་ལ་ལོ་པཎ་མང་པོ་བྱུང་ཞིང་། བོད་ཀྱི་མཁས་བཙུན་ཀྱང་རྒྱ་ཧོར་གྱི་ཡུལ་དུ་བྱོན་པ་མང་དུ་བྱུང་སྣང་བས། དེ་དག་སྤྱིར་ལུང་བསྟན་པ་ལས་མཐའ་གཅིག་ཏུ་འཛིན་པའི་ཤེས་བྱེད་ཀྱང་མེད་དོ། ར་མོ་ཤེལ་སྨན་འདི་གུ་རུ་ཆོས་དབང་ལས་སྔ་ཙམ་ལ་བྱོན་པར་སྣང་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་འབྱུང་བའི་གཏེར་ཁ་འོག་མར་གྲགས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་ནི། བསྟན་པ་སྔ་དར་གྱི་ཚེ་བོན་གཉའ་རེངས་བྱ་བས་བཙན་པོ་ཁྲི་སྲོང་ལ་ཐོག་པབ་སྟེ་བསྐྲོངས་པ ར་ཁས་བླངས་ནས། སློབ་དཔོན་པདྨ་(སྟོད་ཆ།༦༡༥)དང་། བི་མ་ལ། བཻ་རོ་གསུམ་ཀའི་སློབ་མར་གྱུར་པ་སྤང་རྗེ་བཙན་ཁྲོམ་བྱ་བའི་སྔགས་པ་ནུས་པ་ཅན་ཞིག་གིས་བོན་པོས་ཐོག་ལྒ་དུས་གཅིག་ལ་ཕབ་པ་སྡིགས་མཛུབ་ཀྱིས་བླངས་ཏེ་བོན་པོའི་གྲོང་ལ་རང་གཤེད་དུ་བཏང་ནས་བརླག་པར་བྱས། བཙན་པོས་དེ་ལ་བྱ་དགའ་ཆེན་པོ་མཛད། དེ་ལ་སྲས་སྤང་རིག་འཛིན་སྙིང་པོ་ཞེས་བྱ་བ་བྱུང་སྟེ། དེས་ཡང་འདུལ་གྱི་ལྷ་ཁང་བཞིིའི་མཆོད་གཉེར་མཛད། ལོ་སྐོར་རེ་ལ་མཆོད་པ་ལ་འབྱོན་པ་ལས་ཁོན་མཐིང་དུ་བྱོན་པའི་ཚེ་ལ་ཡག་རྫ་བར་གྱི་དཔོན་ཆེན་སྤྲད་པས་ནོར་གཞིས་མང་དུ་ཕུལ། ཚེ་སྔ་མའི་ཡུལ་ཡིན་གསུངས་ནས་བདག་གིར་མཛད། དེའི་སྲས་ཀུན་མཁྱེན་ཤེས་རབ་རྒྱལ་པོ་ནས་མཁྱེན་ལྡན་ནུས་པ་ཅན་བར་མ་ཆད་དུ་བྱུང་བའི་སྤང་སྟོན་གྲུབ་པའི་སྙིང་པོ་ཞེས་བྱ་བ་དེས་བླ་མ་སངས་རྒྱས་སྙི་སྒོམ་ལ་བདག་ཚངས་པར་སྤྱོད་པར་ཞུས་པས། དགེ་སློང་གི་སྡེ་བརྒྱ་ལས་བྱང་ཆུབ་སེམས་དཔའ་གཅིག་འགྲོ་དོན་ཆེ་བས་བྱང་ཆུབ་སེམས་པའི་གདུང་མ་བཅད་གསུངས། དེར་ཁྱིམ་ན་བཞུགས་པའི་ཚེ་མཁའ་འགྲོ་གར་གྱི་དབང་མོ་ལ་ཇོ་མོ་གྱིས་ཤིག་ཟེར་བའི་ལུང་བསྟན་བྱུང་། སླར་ནམ་མཁའ་ལ་གྱ་གྱུར་འགྲོ་བའི་གྲུབ་ཐོབ་ཀྱི་བརྒྱུད་པ་དཀར་བཟའ་མགོན་སྐྱིད་ཡིན་པར་ཤེས་ནས་བདག་གིར་བཟུང་བ་ལས། ལྷུམས་ནས་སྐྱེ་མེད་ཀྱི་ཡི་གེའི་སྒྲ་ཡང་ཡང་སྒྲོག་པ་དང་། མངའ་དར་གཏད་དེ་ཚིགས་སུ་བཅད་པ་སོགས་རྟགས་ཁྱད་པར་ཅན་བྱུང་། སྤྲེའུ་ལོ་དཔྱིད་རའི་བཅོ་ལྔའི་ཉི་ཤར་ལ་བལྟམས། མཚན་བརྗོད་གསེར་མ་ཞིག་བྲི་ཞིང་ཡོད་པའི་ཚིག་མཚམས་ལ་རྟེན་འབྲེལ་བརྟགས་པས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། བྱ་བ་དང་ཐུག་ནས་(སྟོད་ཆ།༦༡༦)མཚན་དེར་བཏགས། མིག་མཐོང་མཁན་དག་གིས་ཀྱང་ལྷ་འདྲེས་མཆོད་པར་འདུག་ཅེས་ཟེར། ཡབ་ཀྱིས་འབྲི་གུང་འཇིགས་རྟེན་མགོན་པོ་ལས་ཕུར་པ་རྩ་རྒྱུད་ཉན་པའི་ཚེ། ཁྱོད་ཀྱི་བུ་ཐ་ཆུང་ཞིག་ལ་ཆོས་སློབས་ཤིག །དེས་ཕྲིན་ལས་འབྱུང་ངོ་ཞེས་ཀྱང་གསུངས། དེ་བཞིན་དུ་མལ་ཀ་བ་ཅན་པ་ན་རེ། དགེ་བཤེས་ལྷོ་པ་ཁོ་དེ་མདའ་ལྔ་དང་གཞུ་གཅིག་ཆགས་ཀྱིས་དང་། དགྲ་བོའི་སྙིང་ལ་ཕོག་པའི་མདའ་གཅིག་འོང་ཞེས་གསུངས། ཞང་རིན་པོ་ཆེས་དགེ་བཤེས་ལྷོ་ཆུང་བ་ཁྱོད་ཀྱི་བུ་ངས་བྱའམ། ཀུ་རེ་ཡིན་ཁྱོད་ལ་ང་འདྲ་བའི་བུ་གཅིག་འོང་གསུངས་པ་སོགས་ལུང་བསྟན་མང་པོ་ཐོབ། ལོ་བཞི་ནས་ཡབ་ལས་འབྲི་ཀློག་བསླབས། སྨྲ་སྒོ་མཚོན་ཆ། རིག་ཀླག་སྡེ་ལྔ། བི་བརྟ་ཆེན་མོ་སོགས་སྒྲའི་བསྟན་བཅོས་བཅུ་གསུམ། སྐྱེ་བ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་བཅུ། ནག་རྩིས་དང་། སྨན་དཔྱད་བཀའ་གཏེར། རྒྱལ་རབས་སྡེ་བདུན། ལྡེ་རྒྱུད་ཆེན་པོའི་སྒྲུང་འབུམ་སོགས་གླུ་གར་གྱི་བསྟན་བཅོས་བརྒྱ་དང་བཞི། བོན་གྱི་གཞུང་ཆེན་བདུན་ཅུ་དོན་ལྔ། མདོས་གཞུང་ཆེན་པོ་བརྒྱ་ཕྲག །གསང་སྔགས་ཕྱི་ནང་གི་ཐིག་རྩ་མང་པོ། ཕུར་པའི་སྐོར་སོང་ཆེན་བཞི་ལ་སོགས་པ་ཐོས་པ་མང་པོ་མཛད། དགུང་ལོ་བཅུ་པ་ལ་གསར་མའི་པྱག་རྡོར་ལུགས་དྲུག་གསན་ཏེ་བསྒྲུབས་པས་བུམ་ཆུ་ཁོལ། གཤིན་རྗེའི་གཤེད་དང་ཕུར་པ་ལ་བསྙེན་པ་ཚད་དུ་བསྐྱལ། བཅུ་གཅིག་པ་ལ་སྒྱུ་འཕྲུལ་གྱི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས། བཅུ་གཉིས་ལ་ཀ་ཀ་ནི་གྲ་ལྔ། སྒྲུབ་ཐབས་བརྒྱ་རྩ་སོགས་མཁྱེན་པར་མཛད་ཅིང་ཡིག་བརྒྱའི་སྒྲུབ་པ་མཛད། བཅུ་གསུམ་པ་ལ་ཡང་དག་དང་མ་གཤིན་རྗེ་ཆེན་པོ་ལུགས་གཉིས་དང་། རྟ་མགྲིན་ལ་(སྟོད་ཆ།༦༡༧)སོགས་གསར་རྙིང་མང་པོ་གསན་ཞིག་བསྒྲུབས། བཅུ་གསུམ་པའི་དུས་ཉམས་སྣང་ལ་ཇོ་མོ་སྒྲོལ་མས་ཤེལ་མཁར་ཞིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ། དེ་ནས་མཁའ་འགྲོ་མ་གདོང་པ་བཞི་པ་ཞིག་འདུག་པའི་མདུན་ཞལ་དཀར་པོ་ནས། སངསརགཡས་བསྟན་པ་ཁྱོད་ཀྱིས་བཟུང་། གཡས་ཞལ་སེར་པོ་ནས། དམ་ཆོས་དར་བ་ཁྱོད་ཀྱིས་གྱིས། རྒྱབ་ཞལ་དམར་པོ་ནས། དགེ་འདུན་དབུ་འཕང་ཁྱོད་ཀྱིས་བསྟོད། གཡོན་ཞལ་སྔོན་པོ་ནས། དུས་ངན་གདུལ་དཀའ་ཁྱོད་ཀྱིས་ཐུལ། ཟེར་ནས་མངའ་དཀར་པོ་སྒྲོ་ལྔ་པ་ཞིག་གཏད། དགུང་ལོ་བཅུ་བཞི་པར་ཏི་སེ་གྲོ་གྱང་པར་བར། ཚད་མ་དང་། མངོན་པ་ཀུན་ལས་བཏུས། སྤྱོད་འཇུག །དགྱེས་རྡོར་ལ་སོགས་པའི་གཞུང་ཆེན་པོ་དང་། ཕྱག་རྫོགས་ཞི་བྱེད་ཆོས་དྲུག་ལ་སོགས་པའི་མན་ངག་ཉན། མཐའ་སྐོར་བ་ལས་དབུ་མ་བདེ་ཆུང་། མཚུར་སྟོན་ཡབ་སྲས་ལས་ཨ་ཏིའི་སྐོར་སོགས་མདོ་སྔགས་གསར་རྙིང་གིས་བཤད་སྒྲུབ། ཡབ་ལས་ཞི་བྱེད་ཕྱག་རྫོགས་གཅོད་ཡུལ། གདམས་ངག་ངོ་སྤྲོད། བསྟན་སྲུང་དྲག་སྔགས་མཐའ་དག་ཉན་ཞིང་ཉམས་འོག་ཏུ་ཆུད་པར་མཛད། བཅུ་བདུན་པ་ལ་མངའ་བདག་འགྲོ་མགོན་དང་མཇལ་ཏེ་ཉང་རིན་པོ་ཆེ་ཉི་མ་འོད་ཟེར་གྱི་གཏེར་ཆོས་མཐའ་ཡས་པའི་བདག་པོར་གྱུར། བཅོ་བརྒྱད་པའི་ཚེས་པཎ་ལ་གནས་གཞི་སྒང་པོར་སེམས་བསྐྱེད་དང་། གྱང་གསེར་དུ་ཆོས་འབྲེལ། ལྷ་ལུང་གི་མཆོད་རྟེན་རྩར་རབ་གནས་ཐོབ། དེ་ནུབ་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུ་དུམ་ཝ་ར་འཚོལ་དུ་ཕྱིན་པས། ཨུཏྤ་ལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་དཔལ་གྱིས། ཛྙཱ་ན་ཀཱ་ཡ་དྷ་རྨཱ་ཧུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། ང་ནི་ཁྱོད་ཀྱི་སེམས་རྟོག་གོ་(སྟོད་ཆ།༦༡༨)སེམས་རྟོག་ནི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའོ། །ཆོས་སྒོ་བསམ་གྱིས་མི་ཁྱབ་པའི་དོན་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱི་དེའི་དོན་ལ་དཔྱོད་ཅིག ཅེས་གསུངས་པའི་མོད་ལ་མནལ་སད་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། ཡུལ་གྲྭ། མངོན་པ་ལ་མཆོག་ཏུ་མཁས་པས་གྲ་བ་མངོན་ཤེས་སུ་གྲགས་པའི་སྡེ་སྣོད་འཛིན་པ་ཆེན་པོ་གཏེར་སྟོན་རྣལ་འབྱོར་གྱི་དབང་པོ་དེས་བསམ་ཡས་ནས་བཏོན་པའི་ཁ་བྱང་རིམ་པར་བརྒྱུད་པ་དགུང་ལོ་བཅུ་གསུམ་པའི་ཚེ་ཕྱག་ཏུ་བྱུང་། བར་དེར་ཁ་བྱང་དེ་ལ་བརྟེན་ནས་བླུན་པོ་གཟུ་ལུམས་ཅན་མང་པོས་འདོན་པར་བརྩམས་པས་ལ་ལ་ཤི། ལ་ལ་ཐོག་སེར་གྱིས་བྱེར་དགོས་པ་བྱུང་། ཁ་བྱང་དེ་ནང་དུ་བཞག་ན་ཆོ་འཕྲུལ་གྱིས་མི་ཚུགས། ལམ་འཕྲང་དང་། བཞི་མདོ་དང་། ཆུའི་དཀྱིལ་དང་། ས་འོག་ལ་སོགས་པར་བསྐྱུར་ཀྱང་། འབྱུང་བའི་གནོད་པས་མི་ཞིག བཟུང་དུའང་མ་བཏུབ་པས་བརླག་ཤོག་སེར་པོ་ཞེས་མིང་ཐོགས། ཡབ་ན་རེ། ཐམས་ཅད་བརླག་པའི་བརླག་ཤོག་སེར་པོ་དེས་ཅི་ཞིག་བྱ། ཀྱོད་འཆི་བབ་ཉོ་བ་ཨེ་ཡིན་གསུངས་ནས་ཕྲོགས་ཏེ་གཞན་དུ་སྦས། དེ་སླར་དགུང་ལོ་ཉེར་གཉིས་པ་འདིར་བརྐུས་ནས་རྟོགས་ལྡན་གཅོད་ཡུལ་བ་ཞིག་དང་འགྲོགས། དེ་ལ་བརྟེན་ནས་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་འདོན་པར་ཕྱོགས་པ་ན། གཏེར་སྲུང་ཀླུ་བདུད་མགོ་དགུ་པ་དང་། ཡེ་ཤེས་མཁའ་འགྲོ་མ་ཡུམ་གྱི་ཆ་བྱད་ཅན་གཉིས་ཀྱིས་ལྡེ་མིག་གཏད། ཀྱེ་ཚང་སྒོ་ཕྱེ་བས། གཏེར་བཅུད་བྱ་རྒོད་ཁྱུང་ཙམ་པ་ཞིག་བྱུང་། དེ་ལ་བཞོན་ནས་གདམ་རིམ་པ་བཅུ་གསུམ་གྱི་སྟེང་འཇའ་འོད་འཁྱིལ་བའི་གུར་ཁང་དུ་(སྟོད་ཆ།༦༡༩)སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་གཟིགས་རིག་པ་རྩལ་གྱི་དབང་ཐོབ། བདུད་རྩི་བུམ་པ་གཏད། དེ་ནས་གཏེར་བྱང་ལྟར་སྒོ་ཕྱེ་བས། ཁྲོ་ཆུའི་ཀླུ་བདུད་མགོ་དགུ་པ་ཁྲུ་གང་ཙམ་ཞིག་དང་། ཟངས་ཀྱི་གའུ་སྦལ་ལྕོང་ཤིག་གེ་ཅིག་དང་གནིས་བྱུང་བ་ལས། ཀླུ་གཟུགས་ཀྱི་ནང་ནས་གདམ་སྐོར་བཞི། ཟངས་གའུའི་ནང་ནས་མན་ངག་བརྒྱ་རྩ་བརྒྱད་སོགས་བྱུང་ངོ་། དེ་ནས་རིམ་པར་བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ལ་དབང་བསྒྱུར། དེ་དག་ཀྱང་སྐལ་ལྡན་གྱི་སྐྱེ་བོའི་སྔོན་ན་ངོ་མཚར་ཆེན་པོའི་སྣང་བ་དང་འགྲོགས་ནས་བླངས་པ་དང་། ཕལ་ཆེར་གཏེར་བ་དག་ལ་ཐ་ཚིག་བསྒྲགས་གཞན་ལས་དག་སྐལ་བར་ལྡན་པ་རྣམས་མངག་གཞུག་ཏུ་བྱས་ནས་རྩོད་པ་མེད་པར་བྱུང་འབའ་ཞིག་གོ། དེ་ཡབ་ཀྱིས་ཚོར་ནས་ཁྱོད་ཀྱིས་གཏེར་ཐོན་ཟེར་བ། ཐོན་པ་རང་ཅི་ཞིག་ཐོན་ཁྱེར་ཤོག་གསུངས། ཟངས་སྒྲོམ་གཏད་པ་ནས་དཀར་ཆགས་ཀློག་དང་གསུངས། བཀླགས་པས། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་གཅིག་ཤེས་ཀུན་གྲོལ་ལམ་དེ་ཀློག་དང་གསུངས། རྒྱུད་ཀྱི་མགོ་ནས་བཀླགས་པས། ད་གོ་གོ་དེས་ཆོག་ཁྱོད་ལ་སྔར་གྲོས་སྣ་མ་ཐུང་པ་བཏབ་པ་ཡིན། ཕྱིས་གྱོད་ཤ་བསྣན་ཀྱང་ཚིག་རོ་ལས་མི་ཡོང་། ད་གཏེར་དེས་འཕུང་འཚེངས་གད་ཡིན་ཡང་ཟིན། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བཀའ་རྩོད་མེད་དུ་འདུག །ཟབ་ཀྱང་ཁྱོད་ཀྱི་ཆོས་ལ་ང་རེ་མ་དགོས། ངའི་མདུན་མི་ལོ་བཞི་བཅུའི་བར་དུ་རུ་བཞིའི་བླ་མ་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་བླངས། སྤྲོས་པ་ཆོད། འཁོར་འདས་ཀྱི་གཞི་རྩ་སེམས་ཉིད་གཅིག་བུ་འདིའི་སྟེང་དུ་ལ་ཟློས་ཟིན། ད་ཁྱོད་ངའི་ཁ་ལ་ཉན་པར་སོང་ན་བླ་རྫོགས་ཐུགས་གསུམ་འདིའི་མགོ་ཅི་(སྟོད་ཆ།༦༢༠)ཐོན་གྱིས། དེ་མིན་པའི་མཐུ་དན་སྔགས་སྒྱོགས་དང་། དཔག་ཆེན། ཐན་དང་ཆོ་འཕྲུལ། བཟོ་སྣ་ཀྱག་ཀྱོག་རྣམས་ཆོས་འདི་མགོ་མ་ཐོན་པར་ཁའི་ཟུར་ལའང་མ་འདོན། ཤེས་ཤེས་མང་ལ་མཐར་ཐོན་མེད་པ་འདི་མཐར་སྤྲང་པོར་འགྲོ་བ་ཡིན། སྤྱིར་གཏེར་ཆོས་ལ་ང་གནག་པ་ག་ལ་ཡིན། སངས་རྒྱས་ཀྱི་མདོ་རྒྱུད་ཀུན་ནས་གཏེར་ལོངས་གསུངས་རིག་འཛིན་གོང་མའི་ཕྱག་ལེན་ཡིན་ཏེ། སླར་ཡང་གཏེར་སྟོན་བློ་ཆུང་རེས་ཆོས་ལ་དག་མ་ཐོན་པར། ཞོགས་ཁྱེར་དང་ངོ་སོ་བྱས་ནས་འགྲོ་དོན་རླབས་པོ་ཆེ་མ་གྲུབ། རྒྱ་ཞང་ཁྲོམ་གྱིས་ངན་སྔགས་སྔོན་ལ་སྤེལ་བས་འགྲོ་དོན་གྱི་རྡུགས། ཀུ་ཚ་སྟོན་པས་སྨན་དཔྱད་བྱས་པས་ཆོས་ཀྱི་འགྲོ་དོན་གཡེལ། ར་ཤག་གཏེར་སྟོན་གྱིས་མདོས་ཆོག་བྱས་པས་ཕྱིས་མདོས་མཁན་དུ་སོང་། བོན་པོ་དྲག་རྩལ་གྱིས་སྔོན་ལ་བེ་ཧར་བསྒྲུབས་པས་མཐུ་མཁན་ལས་མ་བྱུང་དེ་འདྲ་ལ་ཟད་པ་མེད། རྒྱལ་བ་གོང་མས་གཞན་དོན་ལ་དམིགས་ཀྱང་གཏེར་སྟོན་རང་གི་གཏེར་ཆོས་རྩ་བའི་ཆོས་ཀྱི་གཞུང་མ་བསྲངས་པར་ཕྲིན་ལས་ཁ་ཁྱེར་དུ་བཏང་བས་གོ་མ་ཆོད་དུ་སོང་། ཆོས་བྱས་ན་ཆོས་སྐྱོང་ཞོར་ལ་ཡོང་། མཐུ་ཡག་མ་བསྒྲུབས་པར་འོང་བ་ཡིན། དེ་ཆོས་སྐྱོང་རང་གིས་དམ་བཅའ་ཡིན་པས་སོ། བློ་རྩས་རྩུབ་མ་མང་པར་བླ་རྫོགས་ཐུགས་གསུམ་གྱི་ཉམས་ལེན་ལ་འབུངས་ཤིག །མངའ་བདག་ཉང་ཡབ་སྲས་མིས་འཁུར་བ་འདི་ཁོས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་བྱུང་བ་ཡིན། གཏེར་སྟོན་གྱི་མ་རྡུག་ཙམ་དེ་ཁོ་ན་ཡིན། ངས་ལོ་དྲུག་གི་གོང་ནས་འགྲོ་བྱས་པི་དུས་ཚོད་དེ་ཟླ་བ་གཉིས་ཙམ་ནས་སླེབས་ཡོང་། མི་ཚོས་གཏེར་རྔར་ཡིན་ཟེར་ཡོང་སྟེ་རྟོག་པ་དེ་མི་དགོས། ང་ཡན་ཆད་ཀྱི་སྤང་མི་རགས་བཅུ་གསུམ་སོང་སྟེ་ནང་གི་གྲུབ་(སྟོད་ཆ།༦༢༡)རྟགས་མ་བྱུང་བ་མེད། ང་ཡང་ཞན་ཤོས་མིན་ཙམ་འོང་གསུང་སྐད། དེར་མངའ་བདག་འགྲོ་མགོན་གྱིས་གཏེར་གྱིས་ཉམས་ང་ཆེ་གསུངས་ནས་གཟིགས་པས་མཆོག་ཏུ་མཉེས། ལུང་བསྟན་ལས་ཧོར་དམག་འབྱུང་ཚུལ་ཡོང་བསློབ་དཔོན་མཐའ་སྐོར་བས་མཐོང་ནས། ཧོར་ད་ལྟ་ཡུལ་ན་མེད་པ་ལ་ཟེར་སྐུར་བ་བཏབ་པས། ཐུགས་ཆད་ནས་གདམས་པ་སླར་སྦད་སེམས་པ་ན། བུ་མོ་གཉིས་ཀྱིས་རྟ་དཀར་གཤོག་པ་ཅན་ལ་བསྐྱོན་ནས་རྔ་ཡབ་དཔལ་རིར་ཁྲིད། ཨོ་རྒྱན་ཆེན་པོས་གསང་བ་ཡོངས་རྫོགས་ཀྱི་དབང་རྫོགས་པར་བསྐུར་ནས། ལམ་གྱི་ལམ་མཆོག་གཞན་དོན་ཡིན། འདི་ལ་སྒྱིད་ལུགས་སུ་སྐྱེས་པ། དེ་ཡི་བྱང་ཆུབ་རྒྱང་ཐག་རིང་། ཞེས་སོགས་ཞལ་གདམས་བསླབ་བྱས་དབུགས་ཕྱུང་། གནས་འདིར་མ་ཞེན་ཅིག་ཞེན་ན་སྐྱེ་བ་འཕོ་བའི་ཉེན་ཡོད་གསུངས་པའི་མདོ་ལ་འོད་ཕུབ་ལྟ་བུས་བཏེག་སྟེ་སྐད་ཅིག་ལ་སླེབས། སྤྱིར་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུར་བྱེད་པའི་སྡོམ་ནི། གནམ་སྐས་ཅན་དང་བྲག་དམར་རྟ་མགྲིན་ཞབས། མོན་མཁར་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ། མཁོ་ཡི་གཤིན་དམར་རྟ་མགྲིན་སྒྲོམ་ཆོས་ལ། སྲས་མཁར་སྐྱ་བོ་པུག་རིང་ཕྱག་མཐེབ་མ། བསམ་ཡས་ཨརྱ་ལྕགས་ཕུར་མོན་བུམ་ཐང་། རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་པོ་གངས། རང་གབ་དོན་གྱི་གཏེར་དང་བཅས་པ་སྟེ། ལས་འཕྲོས་དབང་གིས་ཆོས་དབང་བདག་དང་མཇལ། ཞེས་གསུངས་སོ། ཤིང་ཕོ་བྱི་བའི་ལོར་ཧོར་དོར་ཏོག་གི་དམག་གིས་སླེབས་པས་མ་འོངས་པ་མངོན་སུམ་དུ་གཏན་ལ་ཕེབས། སྐུའི་བཀོད་པ་དྲུག་ཅིག་ཆར་དུ་སྟོན་པ་དང་། རྡོ་ལ་(སྟོད་ཆ།༦༢༢)ཕྱག་ཞབས་ཀྱི་རྗེས་འཇོག་པ་དང་། ནམ་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་མཐའ་ཡས་པ་བསྟན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་སུ་སྐྱེས་པ་ནས་རིམ་པར་མངའ་བདག་ཉང་གི་བར་སྐྱེ་བ་བཅུ་གསུམ་ཐལ་ལེར་དྲན། སློབ་མའི་དམ་པ་བལ་ཡུལ་ཡཾ་བུ་བ་བྷ་རོ་གཙུག་འཛིན་ཞེས་བྱ་བ་ཞིག་ཡོད་དོ། དེ་ཉིད་བོད་དུ་གསེར་འཚོལ་བའི་ཕྱིར་འོངས་པ་ལ་མཁའ་འགྲོས་ལུང་བསྟན་ཏེ་གུ་རུ་ཉིད་དང་མཇལ། ཞག་བདུན་གྱི་བར་དུ་བླ་མ་ལོ་རྒྱན་དངོས་སུ་མཐོང་། གསུང་ཐོས་པ་ཙམ་གྱིས་རྟོགས་པ་ཤར། ནུབ་ཅིག་དབང་མཛད་པའི་ཚེ་ཁྱོད་ཀྱིས་ང་ཅིར་མཐོང་གསུངས། ཡི་དམ་དངོས་སུ་མཐོང་ཞུས་པས། འོ་ན་ཚོགས་གཏོར་གཞན་ན་འབུལ་ས་མེད་གསུངས་ནས་གནའ་བའི་ཤ་བུབས་ཕྱེད་ལ་སོགས་པའི་ཚོགས་རྫས་རྣམས་སྐད་ཅིག་གིས་བཞེས་ང་ཅིར་མཐོང་གསུངས། སངས་རྒྱས་དངོས་སུ་གདའ་ལགས་ཞུས་པས། འོ་ན་དབང་བཀུར་བྱའོ་གསུངས་མཆོད་རྫས་བསྡུས། དཀྱིལ་འཁོར་བཤིག་ཤུལ་དུ་ཕྲོ་བརྡུངས། བླང་དོར་མེད་པའི་སྤྱོད་པ་དང་། རྡོ་རྗེའི་དམ་ཚིག་ཆེན་པོི་གནས་ལ་སྐྲག་པར་མི་འགྱུར་བའི་ལས་ཅན་གྱི་སློབ་མའི་ཁམས་དང་བསམ་པ་མཁྱེན་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་ནས་རྣམ་པར་སྣང་མཛད་དྲི་ཆེན་གྱི་ལྷ་བརྣམས་ཀྱི་སྒོ་ནས་ཕྱུང་སྟེ་དབང་བསྐུར་བས། བྷ་རོ་ལ་ལུས་སྦྲུལ་ཤུན་དོར་བ་ལྟ་བུའི་ཉམས་ཤར། དེ་བཞིན་དུ་རྡོ་རྗེ་གསང་བའི་མྱུར་ལས་ནས་དྲི་ཆུ་དོན་ཡོད་གྲུབ་པ་ལྕེ་ཐོག་ཏུ་བླུགས་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཐོད་རྒལ་དུ་འབར་སྙིང་གར་ཕྱག་མཛུག་བཙུགས་ནས། ང་བྱ་བ་འདི་ངོས་ཟུང་ཞིག་གསུངས་པས་ཡམ་གྱི་འཛིན་པ་བུན་ལོང་དེར་ཞིག །ང་མཐོང་དོན་ལ་མ་(སྟོད་ཆ།༦༢༣)ཡེངས་ཤིག །དེ་ལ་སྒོམ་རྒྱུ་སྤུ་ཙམ་མེད། གསུངས་པས་རྫོགས་ཆེན་བྱ་བྲལ་རིས་མེད་ཀྱི་རྟོགས་པ་ལྷག་གེར་ཤར། ངེས་ཤེས་ཁྱད་པར་ཅན་སྐྱེས་ནས་ད་ནི་དུས་གསུམ་སངས་རྒྱས་བྱོན་ཀྱང་དབང་ཞུ་སྙམ་པ་མི་གདའ། རྒྱ་གར་དུ་འགྲོ་བའི་སྤྲོས་པ་ཡང་ཆོད་ཞུས་པས། འཁོར་བར་མི་འཁྱམ་པའི་སངས་རྒྱས་བྱུང་ན་མུ་སྟེགས་པ་ཡིན། ཁྱོད་རྒྱ་གར་དུ་སོང་ལ་བླ་མ་རྙེད་ན་བླ་མ་ཚོལ། སློབ་མརཉེད་ནསལོབ་མ་ཚོལ་ཞེས་གསུངས། ཞལ་ཏ་འདི་དོན་ཤིན་ཏུ་བཟང་པོར་སྣང་། ལར་ལབ་པོ་བྷ་རོ་འདི་ལས་སད་པའི་གང་ཟག་དད་པ་ཤིན་ཏུ་ཆེ་བས། གུ་རུའི་སྟ་ཟུར་ལ་ཁྲོ་བོའི་སྤྱན་མངའ་བ་དང་། མཁའ་འགྲོ་དང་ཆོས་བགྲོ་བ་སོགས་སྣང་བ་དག་པ་འབའ་ཞིག་ཏུ་མཐོང་། ལན་ཅིག་མངོན་སྤྱོད་འདི་དག་ལ་རྟགས་ཐོན་པ་མཆིས་སམ་ཞུས་པས། ལག་ལེན་དོན་ཐོག་ཏུ་ཕེབས་ཏེ་མ་ཎི་འདྲེན་ནས་དེ་སྒྲུབ་མ་ཁོམ་གསུངས། དེར་བལ་པོས་སྒྲོལ་བའི་ནུས་པ་སྟོན་པར་ཞུས་པས། རི་བོང་ཞིག་ཉེ་བའི་སར་འགྲོ་བ་ལ། ས་ལ་རི་བོང་གི་གཟུགས་གཅིག་བྲིས། ཁབ་ལ་སྔགས་ལན་བདུན་བགྲངས་ཏེ་གཟུགས་བརྙན་ལ་བཏབ་པས་རི་བོང་ཐུར་ལ་རིལ་ལི་ལི་འདྲིལ། ད་སྒྲིབ་པ་སྦྱང་དགོས་ལོང་ཤོག་གསུངས་ནས་བཏགས་གྲོལ་བཏགས་ཏེ་ཚོགས་དང་བསྔོ་བས་རྗེས་སུ་བཟུང་། དེ་འདྲ་བ་མི་ལ་བྱུང་ན་འཇིགས་ཞུས་པས། མི་དང་ཕྱི་བ་འདྲ་གསུངས་ནས་ཕྱི་བའི་གཟུགས་བརྙན་ལ་སྔར་བཞིན་མཛད་པས་ཕྱི་ཁུག་ནས་རོ་བྱུང་། བྱས་ན་འདི་འདྲ་བ་འོང་སྟེ་སེམས་ཅན་ལ་གནོད་པས་སུ་ལའང་མི་སྟེར། དགྲ་ལའང་འཚང་རྒྱ་བའི་མཐུ་ལས་གཞན་མི་བྱེད། འདི་དུད་འགྲོར་སོང་བས་གནས་སྤར་བ་ཡིན། གཞན་མི་ལུས་ཐོབ་པ་ནི་ཤིན་ཏུ་དཀའ། སྲོག་བཅད་པའི་(སྟོད་ཆ།༦༢༤)སྡིག་པ་ནི་མཐའ་ཡས། གཅིག་ཤི་བས་མི་ཆོག་དེའི་ཉེ་འཁོར་ཐམས་ཅད་སྡུག་བསྔལ་བ་ཡིན། དགྲ་ལའང་མཐུ་མི་བྱེད་ཀྱི་སྟེང་དུ་སླར་ལ་སྙིང་རྗེ་བསྐྱེད་དགོས་པ་ཡིན་གསུངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ལྷག་པར་དང་དུ་ལེན། རང་དོན་དུ་མཐུ་དང་མངོན་སྤྱོད་མི་མཛད་པའི་དམ་བཅའ་ཤིན་ཏུ་བསྟན་པ་ཡིན་ཏེ། ཐུགས་རྗེ་ཡུལ་ལ་འཇུག་པའི་ཆ་ནས་ངན་སོང་གསུམ་ཡང་ཐུགས་རྗེས་བསྒྲལ། ཞེས་པ་སྟེ་གུ་རུ་ཆེན་པོ་དིས་མངོན་དུ་མཛད་དེ། ལས་ཀྱི་ལུས་དུག་ལྔའི་ཕུང་པོ་ཅན་དེ་བསད། རྣམ་པར་ཤེས་པ་ཆོས་ཉིད་ཀྱི་ཀློང་དུ་གསོལ་ནས་འཁོར་བ་མཐའ་ཅན་དུ་མཛད་པས་གསད་གསོའི་ནང་ནས་ཀྱང་ངོ་མཚར་ཆེ་བ་ཞིག་ཡིན། བལ་པོ་བྷ་རོ་ལྡོག་ཁར་གསེར་དྲུག་ཅུ་ཐམ་པ་ཕུལ་ནས་རྒྱ་བལ་དུ་ལྡོག་པ་ལ་བར་ཆད་མེད་པའང་ཞུ་བྱས་པས། གསེར་ཕྱེད་ཕྱེ་དང་བསྲེས་ནས་སྦྱིན་སྲེག་མཛད། སེར་སྣའི་མདུད་པ་རྩ་བ་ནས་གྲོལ། ལར་འདི་དཀོན་མཅོག་ཡོད་པར་ཡིད་ཆེས་པར་སྟོན་པའི་མཛད་པ་ངོ་མཚར་ཅན་ཡིན་ཏེ། གཏོང་བ་ལ་གོམས་པ་རྣམས་ཀྱིས་ཀྱང་དཀོན་མཆོག་ལ་དམིགས་ནས་རྫས་དངོས་མེད་དུ་གཏོང་བ་ལ་རྣམ་པའི་ཆ་ནས་ཡིད་གཉིས་ཡོད་པ་ལྟར་མི་སྟོན་ཡང་དོན་དངོས་པོར་སྣང་བའི་དགེ་བའི་ཕྱོགས་ལ་དགའ་བར་བྱེད་པ་འདི་ཀ་ཅུང་ཟད་བློ་ལ་འཕྲིག་ཆགས་པ་ཡིན། དེར་བྷ་རོ་ལ་སྦྱིན་སྲེག་གི་ཐལ་བ་ཕངས་སེམས་མ་བྱེད་པར་ཆུར་སྦྱོངས། ལམ་དུ་ཟས་སྟེར་བ་ཞིག་འོང་། དེ་བདག་གིར་གྱིས་ཤིག་གསུང་བ་ལྟར་བྱས་པས་བབུ་མོ་གཅིག་གིས་ཉུང་མ་ཞིག་བྱིན། དེ་གུ་རུ་ལ་ཕུལ་བས་རས་ཁོབ་ལ་ཆོས་ཤིག་གསུངས། རེ་ཞིག་ན་དེ་ཤར་གྱུར་ནས་རོ་མངར་ལ་ཤུགས་པ་ཅིག་བྱུང་། ད་ཁྱོད་ཀྱིས་དོན་དེས་གྲུབ། ངའི་ཡོན་ཏན་ཐུན་(སྟོད་ཆ།༦༢༥)མོང་མ་ིན་པ་མཐོང་བ་དེ་གཞན་ལ་མ་བཤད་ཅིག་གསུངས། སླར་བྷ་རོ་རྒྱ་གར་དུ་འགྲོ་བ་ལ་སྐྱེལ་ཐུང་མཛད་པས་ཡང་གསེར་ཞོ་གསུམ་ཕུལ། དེར་གུ་རུའི་ཞལ་ནས། མེ་ལ་བསྲེགས་པས་མཁའ་འ་གྲོ་མཉེས་ན། ཆུ་ལ་གཏེར་ན་དེ་བས་ཀྱང་དགྱེས་མཆི་གསུངས་ནས་གསེར་དེ་ཆུ་ལ་གཏོར། སྲས་ཀྱི་དམ་པར་གྱུར་པ་པདྨ་དབང་ཆེན་དང་། གཉལ་དུ་འཁྲུངས་པའི་ཉི་མ་འོད་ཟེར་སོགས་སྲས་བརྒྱུད་དང་། སྣོད་ལྡན་གྱི་བུ་དགུ་ལ་སོགས་པ་སྨིན་གྲོལ་དུ་མཛད། ཆུ་ཞལ་མགུར་གསུམ་ལ་སོགས་པའི་ས་སྐྱ། ཚལ་པ། འབྲི་གུང་། འབྲུག་པ། རོག་ཉི་སེང་། བར་སྟེང་བ། བོ་དོང་པ་སོགས་བླ་ཆེན་དང་། གཙང ་དབུས་ཀྱི་མི་ཆེན་མང་པོས་ཞབས་ལ་གཏུགས། གཙོ་བོར་མ་ཎི་འབའ་ཞིག་གིས་ཕྲིན་ལས་མཛད་དེ་བོད་ཡུལ་ཐམས་ཅད་ལ་ཐར་པའི་ས་བོན་རྒྱ་ཆེན་པོ་བཏབ། ཁྱད་པར་གྲུབ་ཐོབ་མ་ཎི་རིན་ཆེན་ཞེས་བྱ་བ་ལས་ཁམས་སུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་རྒྱ་ཆེར་འཕེལ། བརྒྱ་བྱིན་དང་ཉི་ཟླའི་ལྷའི་བུས་ཀྱང་མཆོད་བསྟོད་བྱས། བོད་ཀྱི་ལྷ་འདྲེན་ཐམས་ཅད་ཀྱིས་བླ་མར་བསྐུར་ཞིང་སྙན་གྲགས་ཀྱིས་འཇིག་རྟེན་གཡོས། འགྲོ་བའི་བསོད་ནམས་གསོག་པའི་ཞིག་དུ། ཚོངས་དུས་འགུར་མོའི་ལྷ་ཁང་དང་། བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་ཀྱང་མཛད། ལ་ཡག་གུ་ཏུ་ལྷ་ཁང་དུ་གཙོ་བོར་གདན་ས་མཛད། ལྷ་སའི་ཇོ་ཤཱག་དང་མཚུངས་པ་ཙམ་གྱི་བྱིན་རླབས་ཅན་དུ་གྲགས་པའི་བསྟན་གཙོའི་སྣང་བརྙན་དང་པོར་འཕགས་པ་ཀླུ་སྒྲུབ་ཀྱི་ས་རི་བཏང་བཟུང་ནས་སྤྱན་དྲངས། བར་དུ་སློབ་དཔོན་ཆེན་པོས། སྟོང་པ་ཟམ་ཡང་དབེན་ནས་ཕྱུང་སྟེ། ཧ་བོའི་གངས་ལ་རྒྱས་བཏབ་པ་འདི་དགུང་ལོ་བདུན་པ་ས་ཕོ་འབྲུག་གི་ལོར་སྤྱན་(སྟོད་ཆ།༦༢༦)དྲངས་ཏེ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། མ་འོངས་པ་ན་ཀླུ་ཡུལ་དུ་སྤྱན་འདྲེན་པར་བཤད། དེ་ལྟ་བུའི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ནས་མཛད་པ་བརྟུལ་བར་ཉེ་བའི་ཚེ། ཁོ་བོ་ཆོས་ཀྱི་དབང་ཕྱུག་ལ། སེམས་ཅན་རྣམ་རྟོགས་ཐ་དད་ཀྱིས། ལ་ལ་ཆོས་དབང་བདེ་ན་དགའ། ལ་ལ་ཆོས་དབང་བདེ་ཡི་དོགས། ཞེས་དང་། ཆོས་དབང་སེམས་ཉིད་རེ་དོགས་བྲལ། ཆོསདབང་སེམས་ལ་ཟུག་རྔ་མེད། བདེ་ན་དགའ་ཚོ་དགྱེས་པར་མཛོད། ཆོས་དབང་སེམས་ལ་སྐྱེ་ཤི་མེད། ཤི་ཡི་དོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཉིད་ཆོས་དབྱིངས་ཤི། །མ་སི་དོགས་ཚོ་དགྱེས་པར་མཛོད། ཆོས་དབང་སེམས་ཉིད་འཕོ་འགྱུར་མེད། རྟག་ཏུ་རེ་ཚོ་དགྱེས་པར་མཛོད། ཆོས་དབང་སེམས་ལ་རང་བཞིན་མེད། རྟག་གི་དོགས་ཚོ་དགྱེས་པར་མཛོད། ཅེས་རེ་དོགས་རྩ་བ་ནས་ཟད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། རང་གིས་བཞེངས་པའི་ལྷ་ཁང་འབད་པ་དོན་ལྡན་དུ་གྱུར་པའི་ཕྱིར་ཞབས་ཏོག་དགོས་པར་གདམས་ཤིག །གཙུག་ལག་ཉམས་རྐྱེན་བུ་ཡིས་བྱས་ཀྱང་ཐོན། ལྷ་ཁང་ཞབས་ཏོག་ཆོས་དབྱིངས་གཞལ་ཡས་སུ། ཞེས་དང་། ཀུན་བཟང་བདེ་ཆེན་ཆོས་དབྱིངས་གཞལཡས་སུ། །སྒྱུ་མའི་སྐྱེས་བུ་ཆོས་དབང་ད་ནི་སྡུད། ཅི་ཕྱིར་ལུས་འདིའི་གདུལ་བྱ་རྫོགས་རྫོགས་འདྲ། ལས་ངན་ཟད་པའི་རྟགས་ཀྱང་ལུས་ལ་སྨིན། རྨི་ལམ་མི་གཟུགས་ཆོས་དབང་ཡལ་ནས་འགྲོ། །དཔོན་སློབ་ཀུན་འདུས་ནོར་བུའི་ཚོད་ལེན་རྨིས། ང་དང་འབྲེལ་ཚད་བདེ་ཆེན་ཐོབ་པའི་རྟགས། ཞེས་དང་། བདག་གི་ཤ་རུས་ ༦༢༧)སྲན་ཚད་ཡུངས་འབྲུ་རེ། ལྷོར་སོང་ཐམས་ཅད་ལམ་འགྲོ་བདེ་ཆེན་བགྲོད། ཅེས་པ་ལ་སོགས་པའི་ཞལ་གྱིས་གདམས་པས་དབུགས་ཕྱུང་ནས་དགུང་ལོ་ང་དགུ་པ་ལ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུང་༔ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འབོར༔ ཟངས་ཡག་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་། གཏེར་སྟོན་གུ་ཇོ་ཙེ་ཞེས་བྱ་འབྱུང་༔ གཏེར་སྟོན་འདི་སྐྱིད་སྨད་སྙེ་མདར་འཁྲུངས། སྐུ་ན་གཞོན་དུས་འབྱོར་པས་དབེན་པས་ཡུལ་དེའི་ར་ལུག་སྐྱོང་བའི་རྫི་བོ་མཛད། དེ་ནས་གཏེར་གྱི་ཁ་བྱང་རྙེད་ནས། སྐྱིད་སྨད་ལྷ་རིང་རྩེ་ལྔའི་ནུབ་ཕྱོགས། ངས་ཡག་བྲག་ནས་ཟབ་གཏེར་པུ་སྟི་སུམ་ཅུ་ལྷག་ཙམ་དང་། སངས་རྒྱས་ཀྱི་རིང་བསྲེལ་དང་། ཨོ་རྒྱན་གྱི་སྐུ་བརྒྱ་རྩ་བརྒྱད་ལ་སོགས་པའི་གཏེར་མང་དུ་ཐོན། འདིའི་ཆོས་བདག་གྱེ་རེ་ལྷ་པ་ཡིན་པས། ལྷ་སའི་ཞལ་ངོ་ལྷ་རིན་ཆེན་དབང་གིས་རྒྱལ་པོ་ལ་གཏེར་གྱི་རྫས་དང་བཀའ་རྣམས་གཏད་པས། ཕྱི་མོའི་བར་དུ་སངས་རྒྱས་ཀྱི་རིང་བསྲེལ་གྱེ་རེ་ལྷ་པའི་ཕྱག་ན་བཞུགས་ཤིང་། མཇལ་མི་མང་བས། དབུས་པ་རྣམས་ཀྱིས། ལྷ་སའི་དྲག་ཤོས་འཕེལ་གདུང་ཡིན། དེ་ནི་མགྲོན་པོ་འབོད་མཁན་ཡིན། ཟེར་བའི་ཁ་རྒྱག་ལབ་པའང་བྱུང་འདུག །གཏེར་ཆོས་དབང་ཕྱུག་གི་སྐོར་རྣམས་དེང་སང་ཡང་ཡོད། གཞན་བཞུགས་པ་མ་མཐོང་ཞིང་། གཏེར་རྫས་མང་པོ་དེང་སང་ཡང་མཇལ་རྒྱུ་འདུག་གོ །འདིའི་དུས་རྟགས། འཕགས་པ་རིན་པོ་ཆེའི་སྐུ་ཚེའི་སྨད་ཙམ་དུས་ཉེ་གནས་ཀྱི་རྒྱ་ནག་དུ་ཞུ་ལོག་ཕུལ་ནས། ཧོར་དམག་གིས་བྱ་རོག་རྫོང་།(སྟོད་ཆ།༦༢༨) ཕབ་དཔོན་ཆེན་ཀུན་དགའ་བཟང་པོ་ཉེས་མེད་དུ་བསད་པས། གསེར་ཕྱེ་ཆུ་ལ་འཕོ་དེ་ཡིན་ཅེས་བླ་མ་སོག་ཟློག་པ་ཆེན་པོས་གསུངས་ཤིང་། ལྔ་པ་ཆེན་པོས་ཀྱང་དེ་བཞིན་བཞེད། འགའ་ཞིག་གིས་སྙིང་མེད་པ་རྣམས་གསེར་ཕྱེ་ཆུ་ལ་འཕོ། ཞེས་པའང་། ཧོར་དམག་དེའི་ལོ་སྔོན་མའི་ནང་དུ་འཕགས་པ་རིན་པོ་ཆེ་ཞི་བར་གཤེགས་པས་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ནས་ལྐོག་ཏུ་བཀྲོད་པ་ཡིན་པར་བཞེད་པའང་སྣང་ངོ་། ཧོར་དམག་འདི་སོག་ཟློག་པས་བླ་མ་བདག་ཉིད་ཆེན་པོའི་དུས་སུ་བྱུང་བར་གསུངས་ཀྱང་དེ་ལས་སྔ་བར་བྱུང་འདུག་གོ །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབ༔ གངས་པར་ཕུག་མོར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་འདི་འཁྲུངས་ཡུལ་བྱར་དུ་འཁྲུངས་པར་གྲགས། རུས་རྒྱ། མཚན་པདྨ་དབང་ཕྱུག་སྟེ། རྒྱ་སྟོན་པདྨ་དབང་ཕྱུག་ཏུ་གྲགས་པ་འདིས། ཨེ་གངས་མར་ཕུག་མོ་ཆེ་ཞེས་པ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐོར་མང་པོ་གདན་དྲངས་ཏེ། སློབ་དཔོན་པདྨས་མཛད་པའི་མགོན་པོའི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན། གཤིན་རྗེ་སྲ་ཁོག་སྣང་གི་རྒྱུད་ནས་བཏུས་པའི་ཆོས་སྐྱོང་ལ་རུ་མཚོན་འཛུགས་ཐབས། ཕྲིན་བཅོལ། དམ་བདར། དམ་ཅན་ནང་མི་འཁྲུག་ཕྱིར་སྙིང་ཆུ་བསྲེ་ཐབས། ཆོས་སྐྱོང་གི་སྲོག་འཕྲོག་པ། བཅིང་བ། ཁྱི་བཞིན་འཁྲིད་པ། མི་འཁྲེན་པ།(སྟོད་ཆ།༦༢༩) རྩལ་འགྲན་དུ་གཞུག་པ་སོགས་མན་ངག་དུ་མ་ཡོད་པར་གྲགས་ཤིང་གཏེར་སྟོན་ནས། ལྷོ་པ་སྟོན་ཉི། རྒྱ་ཚ་ལུང་མང་པོ་སོགས་རིམ་པར་བརྒྱད། དཔལ་ལྡན་ས་སྐྱ་པར་བཀའ་བབས་ཤིང་། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་སོགས་ནས། ཀུན་སྤང་རྡོ་རིང་པ་ཆེན་པོ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་དང་དཔལ་ལྡན་ས་སྐྱ་རྣམས་ལ་དེང་སང་གི་བར་དུ་དབང་ལུང་གི་རྒྱུན་མ་ཉམས་པར་བཞུགས་སོ། །འདིའི་དུས་རྟགས་ནི། ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་དམག་བརྒྱབ་ནས་འབྲི་གུང་གླིག་མེ་ལ་སར་བའི་འབྲི་གུང་གླིང་ལོག་ཏུ་གྲགས་དེ་ཡིན་པར་བཞེད་དོ། འདུ་ཁང་མེར་སྦར་བས་གྲྭ་པ་ཁྲི་ཕྲག་ཙམ་ཞིག་གནམ་ཡངས་ནས་འཕུར་ཐུབ་པ་བྱུང་ཞིང་། དཔལ་མོ་དཔལ་ཐང་མཚོན་ཆར་ཡང་དཔལ་ཐང་དུ་སྟོད་ཧོར་འབྲི་གུང་པི་དམག་དཔུང་ཆེན་ཀུན་དགའ་བཟང་པོ་དང་ཨང་ལེན་གྱིས་བཅོམ་དུས་ཧོར་དམག་མང་པོ་བསད་པའི་རྣ་བ་ཡ་གཅིག་རེ་བཞུར་བས་དྲེལ་ཁལ་མང་པོ་བྱུང་ཟེར་བ་དེའི་དུས་ཡིན་པར་མངོན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སིལ་མ་ལ་ཀར་འཇགས་མའི་མི་ཆུང་སྐྱེ༔ སྨོན་ལ་ལ་ཀར་ཤེལ་གྱི་ཕ་བོང་རྟོལ༔ གཡའ་མ་སྤང་གང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དོ་བན་རྒྱ་མཚོ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་གཏེར་སྟོན་འདི་ཡར་འབྲོག་དོར་འཁྲུངས་པས་དེ་བན་རྒྱ་མཚོར་གྲགས། འདིའི་གཏེར་གནས་འབྲོག་སྨད་མུ་ཏིག་གཡའ་མ་སྤང་གོང་སྟེ། ད་ལྟ་ཡར་འབྲོག་མུ་ཏིག་དགོན་པ་ཟེར། གཏེར་གནས་དེ་ནས་བླ་སྒྲུབ་སྐོར་དང་། རྫོགས་ཆེན་ཆོས་སྐོར་རྣམས་ཐོན་ཞིང་། སྒྲགས་ཡང་རྫོང་ནས་ཀྱང་གཏེར་(སྟོད་ཆ།༦༣༠)མང་དུ་བཏོན་པ་ཡིན་འདུག །འདིའི་དུས་རྟགས། སེལ་མ་ལ་ཁར་འཇགས་མའི་མི་ཆུང་སྐྱེ༔ ཞེས་པ་ནི། རྗེ་འབར་ར་བའི་ཡང་སློབ་མ་རྗེ་བཙུན་མོན་རྩ་བས། ས་དེར་སྒྲུབ་སྡེ་བཏབ་ཅིང་ཕྲིན་ལས་སྐྱོང་བའི་དུས་ཏེ་དེང་སང་འཐུད་དགོན་པ་ཟེར་བ་འདི་ཡིན་ཟེར། ཁོང་གི་གདུང་རུས་ལྗགས་ཡིན་པས་ཡུལ་སྐད་ལ་འཇགས་མ་ཟེར་ཏེ་ལྗགས་མའི་མི་ཆུང་སྐྱེ་ཞེས་དུས་དེ་ཙམ་ན་གཏེར་སྟོན་དེ་འབྱུང་བའི་རྒྱུ་མཚན་ཙམ་སྟེ། དྭགས་སྒོམ་སྙིང་པོ་ཞེས་པ་སོགས་དང་འདྲའོ། སྨོན་ལམ་ལ་ཀ་ཞེས་པའང་། དེ་དང་དུ་མཚུངས་སུ་དི་དང་ཉེ་བར་ལྷོ་བྲག་སྨོན་གྱི་སའི་ཆར་རྫོགས་ཆེན་ལ་རོ་ལུགས་འཛིན་པའི་སྒྲུབ་གྲྭ་ཞིག་བྱུང་བ་དེ་ལ་དགོངས་པ་ཨེ་ཡིན་སྙམ། འདི་རྡོ་རྗེ་གླིང་པ་དང་དུས་མཚུངས་སུ་བྱོན་པ་ཡིན་ནོ་ཟེར། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱལ་པོས་མངའ་ཆུད་བོད་ཀྱི་མི་རྣམས་ཀུན༔ རང་གི་ལྟོ་གོས་གསན་ནས་ས་ཧོར་གོས༔ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང་༔ རྡོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ར་ཤའི་སྟོན་པའི་མིང་ཅན་འབྱུང་༔ འདི་གཉལ་དུ་བྱོན་པ་ཡིན་ལ། ཆོས་དང་བོན་དང་སྨན་དང་རྩིས་ལ་སོགས་པ་མང་དུ་གདན་དྲངས། འདིའི་གཏེར་གནས་རྡོ་བོད་མཚམས་ཞེས་པའི་རྡོ་ནི་གློ་ཡིན་ཏེ། གློ་དང་བོད་ཀྱི་མཚམས་ཡིན་པའི་གནས་སིག་ཡིན་ཏེ་གཞན་དུ་འཆད་པ་ནོར་རོ། གཏེར་སྟོན་འདི་ཕྱིས་ཚོད་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྤོ་ཐོ་རབ་ཞི་གཏེར་སྟོན་ཡིན་གསུངས་ཤིང་ཁ་ཅིག་གིས་རྭ་སྟོན་སྟོབས་ལྡན་རྡོ་རྗེར་བཞེད་པར་སྣང་ཡང་འདིར་ནི་གཏེར་བྱུང་སྔོན་མ་རྣམས་བཙན་པར་བྱས་པ་ཡིན་(སྟོད་ཆ།༦༣༡)ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ཡི་ཡ་སོ་ཇིང་གིར་མ་སོ་བཅད༔ བྲོས་འཐོར་མང་ཞིང་ཡུལ་སྟོད་རྒུད་པ་འབྱུང་༔ ལྷ་བོད་ཕྱོགས་སུ་སྦས་པིའ་གཏེར་ཁ་འདི༔ མེ་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ རྫ་རོང་བྷི་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་༔ ཞེས་པ་འདི་ཡར་འབྲོག་རྫ་རོང་བྷི་རུ་འཁྲུངས། མོན་ཁ་ཕྱོགས་ནས་རྫོགས་ཆེན་དང་གསོ་རིག་གི་གཏེར་ཁ་འགའ་དང་། འབྲི་ཐང་ཀོ་རོ་བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་གཏེར་ནས་བཏོན་པ་མདོ་སྐལ་བཟང་པུ་སྟི་ཙམ་ཡོད་ཟེར་བའང་སྣང་ངོ་། གཏེར་སྟོན་འདིས་སྨན་དཔྱད་མཛད་པི་སྨན་སྒྲོ་པར་ཐིམ་པའི་ཤུལ་ནས་སྨན་ཆུ་བྱུང་བ་གཙང་རོང་གནུབ་ཀྱི་མདོར་ད་ལྟའང་ཡོད། ཇ་རང་ཨེ་ཞེས་པ་ཡི་གེ་མ་དག་པ་ཡིན། རྫ་རོང་བྷི་ཡིན་ཏེ། རྒྱལ་པོ་བཀའ་ཐང་དུ། རོང་ལྷིའི་རྫ་ལ་སྨན་གཏེར་སྦས༔ ཞེས་པ་དེ་གཏེར་སྟོན་འདིས་བཏོན་པ་ཡིན་ནམ་སྙམ། ཞེས་དང་། ལྷོ་བོད་མཚམས་ཡང་ལྷོ་བྲག་དང་བོད་ཀྱི་བར་ཡར་འབྲོག་ལ་བཞད་དེ་ལྷོ་མོན་མིན་ཞེས། བླ་མ་སོག་ཟློག་པའི་གསུངས་ལས་འབྱུང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང་༔ སྡེ་འཁྲུག་ནང་དམེ་རྒྱབ་རྟེན་དུག་ལ་རེ། དབུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང་༔(སྟོད་ཆ།༦༣༢) གཏེར་སྟོན་འདི་གཡོ་རུ་གྲྭ་རུ་འཁྲུངས། འདིའི་རྒྱལ་པོ་ལས་རྒྱུད་དང་། པེ་དཀར་ཨར་གཏད་ལ་སོགས་པའི་གཏེར་ཕྲན་མང་པོ་བཏོན་པ་ཡིན་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སངས་རྒྱས་བཀའ་ལ་འདྲ་ཆོས་འདྲ་མིན་བྱེད། རྫོགས་ཆེན་རྡེའུ་ཟེར་བའི་ལོག་ཆོས་དར། རི་བོང་འཛིན་ཞེས་བསེ་སྦྱར་སྨན་ལོག་འབྱུང་༔ བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བའི༔ གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང་༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཡག་ཕྱར་སྒོན་མོར་གྲགས་པ་འབྱུང་། འདིའི་འཁྲུངས་ཡུལ་གཙང་པ་ཡིན་འོ་ཡུག་གཡག་སྡེ་མ་དག་སྟེ། འོག་་ཡུག་གཡག་ལྕེ་ཡིན་ཏེ་དེ་ནས་སྟོང་དུར་ཞེས་པའི་ལུང་ལག ད་ལྟ་ཁྲ་ཆུང་ཡང་ཟེར་དེ་ཡིན་པར་སྣང་ཞེས་སོག་ཟློག་པས་གསུངས་སོ། འདི་བཻ་རོ་ཙ་ནའི་གཏེར་ཀ་ཡིན་ཏེ་ཆོས་བོན་གཉིས་ཀའི་གཏེར་ཐོན་པར་གྲགས་ཤིང་། བོན་ཆོས་གཉིས་ཀ་ལ་མཁས་ཤིང་བཀའ་སྲུང་བྲན་དུ་བཀོལ་ནུས་པའི་བརྟུལ་ཞུགས་མཐར་ཕྱིན་པ་ཞིག་ཡིན་པར་སྣང་ཡང་ཆོས་རྒྱུན་དེང་སང་མི་བཞུགས། དུས་སྔ་མོ་ཞིག་སྟེ། རྫོགས་ཅེན་རྡེའུ་ི་བླ་མ་སྲོ་བས་བྱས་སྟེ། རྡེའུ་སྐོར་བདུན་པ་ཞེས་པ་ཡོད། དེའི་ནང་ན་ཚེ་སྔ་ཕྱི་མེད། ལས་རྒྱུ་འབྲས་མེད། དགེ་མེད་སྡིག་མེད། ནམ་སི་སངས་རྒྱས་ཐོད་པ་པོར་ཆོག་ཡིན། ཕང་ཚེ་རོག་པའི་ནག་དུ་ལག་པ་བཅུག་པ་དང་། ར་རོག་པོའི་ཁོང་པར་ལག་པ་བཅུག་པ་ཁྱད་པར་མེད། ཐུགས་(སྟོད་ཆ།༦༣༣)རྗེ་ཆེན་པོ་བསྒོམ་པ་དང་། གངས་རི་དཀར་པོ་བསྒོམ་པ་ལ་ཁྱད་མེད། མ་ཎི་འདྲེན་པ་དང་། བོང་བུའི་ཝང་སྒྲ་འདོན་པ་ཁྱད་མེད་ཟེར། མུ་སྟེགས་ཆད་ལྟ་དང་མཚུངས་པ་ལ་རྫོགས་ཅེན་དུ་མིང་བཏགས་པ་ཞིག་བྱུང་སྟེ་དེ་ཡིན། ཞེས་གསུངས་སོ། རི་བོང་འཛིན་ཞེས་པའི་གསོ་དཔྱད་ནི་མ་མཐོང་། གསལ་སྒྲོན་དང་དྲུག་ཅུ་སྐོར་ནི། སྲོག་ལུས་དབང་གསུམ་སྨེ་བ་མཚུངས་ལྡན་དུ་མི་བསྐོར་བར། གསལ་སྒྲོན་ལེའུ་བརྒྱད་བར། སྲོག་གི་ཤིང་ཕོ་བྱི་བ་གཅིག ལུས་ཀྱི་ཤི་ཕོ་བྱི་བ་གཉིས། དབང་ཐང་ཤིང་ཕོ་བྱ་བ་བདུན། མི་གསུམ་གཉེར་བ་རོ་མོས་བཞིན། ཟེར་བ་དེ་ཡིན་ཟེར་ཏེ། དེ་ཡི་ཁུང་རྒྱ་ཡི་སློབ་དཔོན་པཎ་ཆེན་དུ་ཧར་ནག་པོའི་བསྟན་བཅོས་གསལ་སྒྲོན་སྐོར་པཎྜི་ཏ་ཟླ་བ་ནག་པོ་དང་ལོ་ཙཱ་ཁམ་པ་ཁྲ་མོས་བསྒྱུར་བའི་གདམས་པ་རྣམས་འཕན་ཡུལ་རལ་བྷེ་བཛྲ་ལ་བབས་ཏེ། དེའི་ཡར་འབྲོག་སྟག་ལུག་གི་གཤང་པ་སྨོན་ལམ་ལ་བཤད། དེས་མི་ལ་བློས་མ་ཐོང་ནས་རྩིས་རྒྱུད་ལྔ་སྦས། གལ་ཆེ་བའི་སྐོར་འགོ་གཅིག་བཅད་ཅིང་གཞན་ཡང་གབ་དཀྲུགས་མང་དུ་ཕྱེས་སིང་། གལ་ཆེ་བའི་ཤོག་ཁྲ་དང་། གྱེར་གཏོ། དོང་ཙེ། ལྷན་ཐབས་སོགས་སྦས་ཤིང་བཅད་པས་གསལ་སྒྲོན་སྦས་བཅད་མར་གྲགས་ཏེ། གཤང་སྨོན་པའི་ལུགས་དེ་ཡིན་ཅེས་འཇམ་མགོན་ས་རའི་ཞབས་ཀྱིས་བཞེད་དོ། ཡང་བཻ་ཊཱུར་དཀར་པོ་སོགས་ནི་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཡིན་ཏེ་ལུང་བསྟན་འབྱུང་བ་དེ་མིན་པས་དབྱེ་བ་ཕྱེད་དགོས་པར་གསུངས་སོ། འདིའི་དུས་ཙམ་ན་གཏེར་རྫུན་ཀྱང་མང་པོ་བྱུང་བ་འདྲ་སྟེ། ཆོས་དབང་རིན་པོ་ཆེའི་གཏེར་ལུང་ལས་ཀྱང་། པེ་ཐེའི་བྱིན་བརླབས་གཏེར་རྫུན་བརྒྱད༔ ད་(སྟོད་ཆ།༦༣༤)ལྟ་བོད་ན་ངེས་པར་ཡོད། ཞེས་གསུངས་པས་ཀྱང་གསལ་ལོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ༔ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་ལུགས་རེ༔ ར་རོག་པད་རོག་ཁྱད་པར་མེད་ཅེས་ཟེར༔ མཚར་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད། མི་རེའི་ལག་ན་རྩིས་ཀྱིས་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོད་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲུམ་དང་མཁར་ནས་ཅེས་བྱ་འབྱུང་༔ ཞེས་པ་འདི། དེབ་རྣམས་སུ་གྲུབ་ཐོབ་མཁར་ནག་ཞེས་འབྱུང་བ་ནི་ཅུང་ཟད་མ་དག་སྟེ། བླ་མ་གྲུབ་དང་། སྤ་གྲོའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ་གཏེར་བཏོན་པ་དེ་ཡིན་ཏེ། རྒྱ་གར་ཀེའུ་ཚང་དགུའི་བདག་པོ་རིག་པ་ཀོང་དུ་ཤར་བ་སློབ་དཔོན་ཤྲི་སིདྷས་མཛད་འི་གཟའ་རྒོད་སྤུ་གྲི་དྲག་སྔགས་བར་སྣང་ཧོར་ཁུག་མར་གྲགས་པ་སློབ་དཔོན་ཆེན་པོ་པདྨ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་ཁའི་དུས་སྤ་གྲོ་སྐྱེ་ཆུའི་ལྷ་ཁང་དུ་ཁྱུང་རུམ་སྨུག་པོའི་མཆུ་ནང་དུ་བསེའི་གའུར་བཅུག་ནས་སྦས་པ་ཡོན་མཆོད་གཉིས་ཀྱིས་ལྷན་ཅིག་ཏུ་སྤྱན་པའི་དྲངས་དྲག་སྔགས་ཀྱི་ཆོས་སྡེ་ཆེན་པོ་ཞིག་སྟེ། རིགས་འཛིན་ཀུ་མ་རྒྱུས་འགའ་ཞིག་ཏུ་གཏེར་སཏོན་གྲུབ་ཐོབ་མཁར་ནག་ཟེར་བ་ཞིག་བྱུང་ཟེར་ཡང་འདིའི་ཕྱི་མ་འདི་རང་ཡིན་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་(སྟོད་ཆ།༦༣༥)འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་རལབས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང་༔ གཏེར་སྟོན་འདི་ལྷ་བཅུན་པོ་དྷི་རཱ་དའི་སྲས་ལྷ་བཙུན་སྔོན་མོར་གྲགས་པ་དེ་ཡིན་ཏེ། གཏེར་སྟོན་འདིའི་ཕྱག་ཏུ་བོད་ཀྱི་གཏེར་ཀ་ཐམས་ཅད་ཀྱི་ཁ་བྱང་གི་ཡི་གེ་བྱུང་བར་གྲགས་ཤིང་། བསམ་ཡས་དབུ་རྩེ་ཆེན་མོ་དང་། རྣམ་སྣང་གི་སྐུ་རྒྱབ་སོགས་ནས་གཏེར་ཁ་མང་པོ་བཞེས། འོན་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ ཞེས་པས་གཏེར་གནས་དེ་ནས་ཀྱང་གཏེར་བཞེས་པས་གསལ་ཞིང་། ཁྱད་པར་དུ་སྒྲགས་ཡང་རྫོང་གསང་ཕུག་ནས་ནད་རིམ་གདུག་པས་གནོད་ཅིང་དར་ན་གནན་ཏབས་ཀྱི་གདམས་པ་དང་། དུག་སྔགས་ཀྱིས་བསད་པ་དང་། ནད་སྲུང་གི་སྐོར་སོགས་མན་ངག་མང་པོ་བྱུང་བ་ནི། འདིའི་དུས་རྟགས་ལ་ནད་རིམ་མང་པོ་འབྱུང་བར་གསུངས་པའི་དེ་དག་སྲུང་ཞིང་གསོ་བ་སོགས་ལ་དགོངས་པ་ཡིན་ནམ་སྙམ་མོ། ཡུམ་བརྟན་གྱི་བརྒྱུད་འདི་དག་ཆོས་རྒྱལ་གདུང་བརྒྱུད་ཡིན་མིན་ནམ་སྙམ་མོ། ཡུམ་བརྟན་གྱི་བརྒྱུད་འདི་དག་ཆོས་རྒྱལ་གདུང་བརྒྱུད་ཡིན་མིན་ལ་སྔར་བརྩོད་གཞིར་གྱུར་ཀྱང་། ཕྱིས་ཀྱི་མཁས་པ་དག་གིས་ཆད་མར་བཞེད་དེ། ལྷ་བཙུན་བོ་དྷི་རཱ་ཛ་ཇོ་བོ་དང་དུས་མཉམ་ཡིན་ཏེ་ཡུམ་བརྟན་གྱི་བརྒྱུད་ལའང་། ལྷ་བྲག་ཁ་བ། ལྷ་འབྲིང་སྒང་པ། ལྷ་ལུང་གི་དབང་ཕྱུག །ལྷ་འགྲོ་མགོན་སོགས་སྐྱེས་བུ་དམ་པ་མང་དུ་བྱོན་ཞིང་། བསྟན་པ་ལ་ཞབས་ཏོག་ཚུལ་བཞིན་དུ་མཛད་པའི་རྒྱལ་པོ་འགའ་བུང་སྣང་བས་རྒྱལ་བརྒྱུད་ཁྱད་པར་འཕགས་པ་ཞིག་སྟེ་ཁྱད་པར་དུ་ལྷ་བཙུན་སྔོན་མོ་ཉིད་ཀྱིས་བསམ་ཡས་སུ་ཆོས་འཁོར་བཙུགས་ཤིང་། དེ་དུས་གསང་འདུས་འཕགས་སྐོར་ལ་འཁས་(སྟོད་ཆ།༦༣༦)པ་ཤུལ་ཀེ་དར་མ་རྡོ་རྗེ་དང་། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་གདན་དྲངས་ནས། མདོ་སྔགས་སྤྱི་དང་བྱེ་བྲག་མང་པོ་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་ནས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཞིག་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུས་རྗེས་ཡོང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་དང་། སྒོས་ཀྱི་ལུང་བསྟན་ཡང་༔ རྒྱ་གར་རྒྱ་ནག་མོན་བོད་བལ༔ ཧོར་དང་སོག་པོ་ལ་སོགས་པ༔ ཆོས་འཁོར་ལྷ་སར་འདུ་ཚོགས་སྤྱོད༔ རྒྱ་བོད་ཧོར་གསུམ་ཆས་གོས་འདྲེས༔ སྐད་དང་ལོངས་སྤྱོད་མཐའ་དབུས་འགྱུར༔ ལུས་ཆས་སྣ་ཚོགས་ཡ་མ་ཟུང་༔ བསམ་ཡས་འདི་ལ་ཞིག་གསོས་འོང་། འབྲོག་གཟའི་ལྷ་ཀང་རི་མོ་བརྗེ༔ དེ་ཚེ་སྲིན་མོ་རྫོང་གསུ་ནས༔ ང་ཡིས་སྦས་པའི་ཟབ་གཏེར་རྣམས༔ ཁམས་པ་ཉི་མ་གྲགས་ཀྱིས་སྤྱོད༔ འགྲོ་བའི་ཚེ་ཚད་བཞི་བཅུ་རལ༔ སུམ་ཅུར་ཉེ་བའི་དུས་ལ་ཏེ༔ ཞེས་གསུངས་པའི་ཉི་མ་གྲགས་པ་ནི། མདོ་ཁམས་ཟལ་མོ་སྒང་གི་སའི་ཆར་གཏོགས་པའི་སྒོམ་སྡེ་ནང་ཆེན་དུ་འཁྲུངས། བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར༔ ཞེས་གསུངས་པ་བཞིན། ཁམས་ཀྱི་སྲིན་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་སོགས་གདན་དྲངས། གཞན་ཡང་གངས་ཏི་སེ། རྒྱ་གར་རྩ་མཆོག་གྲོང་། མང་ཡུལ་བྱམས་(སྟོད་ཆ།༦༣༧)སྤྲིན། ཤངས་ཟབ་བུ་ལུང་། ལྡན་ཀློང་ཐང་སོགས་ནས་གཏེར་ཁ་མང་དུ་བཞེས། བསྟན་འགྲོའི་ཕན་བདེ་སྤེལ་བའི་མཛད་པ་མཐའ་ཡས་ཏེ་ཞིབ་པར་འོག་ཏུ་འཆད་དོ། འདིར་མཁས་གྲུབ་སོག་ཟློག་པས། འདིའི་གཤིན་རྗེ་ཟླ་གསང་དང་། སྤྲེལ་སླག་སོགས་ཆོས་སྐོར་མང་པོ་བཏོན་པར་གྲགས་གསུངས་པ་ལ་དཔག་ན་སྔར་ཡང་ཉི་གྲགས་ཀྱི་མཚན་འཛིན་པ་ཞིག་བྱོན་པར་མངོན་ཡག་འཁྲུངས་ཡུལ་གཏེར་གནས་དུས་སྔ་ཕྱི་སོགས་ཅི་ཡང་མ་ངེས་མོད། གང་ལྟར་ཡང་སྐབས་འདིར་ལུག་གིས་བསྟན་བྱའི་ཉི་མ་གྲགས་པ་ནི་མིན་ཏེ། དུས་རྟགས་དང་གཏེར་གནས་སོགས་མི་མཚུངས་པའི་ཕྱིར་རོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་བ༔ བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་དང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ མངའ་བདག་སྲས་མོ་རིན་ཆེན་ཚུར་རྡོར་འབྱུང་༔ ཞེས་པའི་དཔལ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལ་དབུས་གཏེར་ཟུགས་རྩ་བ་ལྟ་བུ། ལྷོ་གཏེར་དྲིལ་བ་སྡོང་པོ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་རྒྱས་པ་ཡལ་ག་ལྟ་བུ། ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུ་དང་ལྔ་ལས། ཤར་གཏེར་ལ་བཀའ་བབས་པའི་ལས་ལྡན་གྱི་གཙོ་བོ་ནི་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་གྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཞིང་མ་འོངས་པའི་སངས་རྒྱས་རྡོ་རྗེ་སྙིང་པོའི་ངོ་བོ་ཟབ་གཏེར་གྱི་མངའ་བདག་དཔའ་བོ་སྒང་པ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་རམ་གསང་མཚན་སྤྲུལ་སྐུ་པདྨ་ལས་འབྲེལ་རྩལ་ནི། རང་གཏེར་སྙིང་ཏིག་ལུང་བསྟན་ལས། སྐྱེ་བ་དེའི་འོག་ཏུ་རྡོ་དག་མོན་བོད་མཚམས་འབྲིད་ཐང་ཞེས་བྱ་བར་སྐྱེས་ཏེ༔)༦༣༨)སྔ་མའི་བག་ཆགས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ༔ ཌཱ་ཀི་མ་རྣམས་ཀྱིས་བར་ཆད་བསྲུངས་ཏེ༔ ང་ཡི་ཟབ་གཏེར་དང་ཕྲད་དེ་གཏེར་སྒོ་གསུམ་འབྱེད་པར་འགྱུར་རོ༔ དེའི་དུས་སུ་འགྲོ་དོན་མི་འབྱུང་སྟེ༔ སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་ནོ༔ དེའི་ཟབ་ཆོས་ཀྱི་བདག་པོར་འགྱུར་རོ༔ འོན་ཀྱང་ཆོས་ཀྱི་འབྲེལ་པ་བདུན་ཅུ་འབྱུང་བར་འགྱུར་རོ༔ ཞེས་དང་། གཞི་ལམ་འབྲས་བུའི་མཇུག་ཏི་ལུང་བསྟན་ལས། ཀུ་སུ་ལུ་བའི་གདམས་པའི་སྐོར༔ དབང་ལུང་ལྡང་ལྷའི་བྲག་ལ་སྦེད༔ ད་ལྟ་སྟོན་པའི་དུས་མ་བབས༔ ཚེ་ལོ་དྲུག་ཅུ་ཁ་རལ་དུས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས༔ ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད༔ འབྲོང་ཕོ་ཉལ་འདྲའི་དཔྱི་སྟེང་དུ༔ མཁའ་འགྲོ་སྡེ་ལྔས་བྱིན་བརླབས་པའི༔ ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ༔ སྤྲོ་རིང་ཐེག་ཆེན་ཅོས་ལ་མོས༔ སྦས་ཚུལ་འཁོར་བའི་ཆ་ལུགས་འཛིན༔ མ་འགགས་སྤྱོད་པ་སྣ་ཚོགས་སྐྱོང་༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ སྙིགས་མའི་དུས་སུ་དེ་ལྟར་སྐྱེ༔ དེ་དུས་གདམས་པ་འདི་དང་ཕྲད༔ ཅེས་པ་ལྟར་གཏེར་ལུང་དང་མཐུན་པར་གསལ་རྗེ་གངས་ཀྱི་ནུབ་ཕྱོགས། རྡོ་བོད་མཚམས་ཏེ། རྡོ་ཞེས་པ་མཐའ་ཁོབ་ཀློའི་བྱེ་བྲག་ཞིག་ཡིན་ཏེ་བོད་ཀྱི་ཡུལ་མཐའ་གཉན་རོང་འབྲི་ཐང་ཞེས་བྱ་བའི་ཡུལ་དུ། ལྕགས་མོ་ཡོས་ཀི་ལོ་ལ་སྐུ་བལྟམས། གདུང་རུས་ཉང་། ལོ་རོང་གློར་ཚང་བའི་གྲྭ་པ་མཛད། མཚན་ཚུལ་ཁྲིམས་རྡོ་རྗེ་གསོལ། གསང་མཚན་པདྨ་ལས་འབྲེལ་རྩལ་ཏེ། དགུང་ལོ་ཉེར་གཅིག་བཞེས་པའི་དུས་སུ་བླ་མའི་གསུག་གིས་ལྷོ་ཕྱོགས་སུ་འགྲོ་དོན་ལ་རྒྱུག་གསུངས༔ དེའི་ལྷོ་ཕྱོགས་ལོ་རོ་ཚེ་གྲོང་ནས་བྱོན་པའི་སྤྲུལ་སྐུ་རིན་ཆེན་གླིང་པས། འབྲི་ཐང་(སྟོད་ཆ།༦༣༩)ཀོ་རོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཀྱི་ནང་ནས་ཁྲ་མོ་བྲག་གི་ཁ་བྱང་དང་། གཏེར་སྟོན་གྱི་ལུང་བསྟན་དང་བཅས་པའི་ཤོག་སེར་གཉིས་ཕུལ་ནས། གཏེར་འདི་རྣམས་འདོན་པའི་ལུང་བསྟན་པ་དེ་ཁྱེད་དུ་འདུག་པས། ཁྱེད་ཀྱིས་གཏེར་རྣམས་ལེགས་པ་ཐོན་ལ་ངེད་ལའང་ཐུགས་ལ་འདོགས་པར་ཞུ་ཟེར་བ་དང་། ཡང་དགུང་ལོ་བཅུ་དྲུག་ལ་ཁ་བྱང་ལུང་བསྟན་བཅས་ཕྱག་ཏུ་བྱུང་ཡང་ཟེར། ཡང་དཔེ་ཁ་ཅིག་ཏུ། འབྲི་ཐང་ནས་ཡང་བྱོན་པས་དགེ་སློང་རྒན་པོ་ཞིག་དང་ཕྲད། ཁྱེད་གར་བྱོན་དྲིས་པས་གར་ཡང་མི་འགྲོ་ཁྱེད་དང་ཕྲད་དུ་འོངས་པ་ཡིན་ཟེར་ནས་ཤོག་དྲིལ་ཞིག་གཏད་ནས་གར་སོང་མ་བྱུང་ཟེར་བའང་འདུག །གང་ལྟར་ཡང་དགུང་ལོ་ཉེར་གསུམ་བཞེས་པ་ཆུ་མོ་གླང་གི་ལོ་ལ། དྭགས་པོ་དག་ས་ལུང་ཁྲ་མོ་བྲག་ནས་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་བླུན་སྒོམ་ཡིད་བྱེད་དང་ཕྲལ་ནས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གདམས་པ་ཟབ་མོ། བོད་མ་དག་པའི་སྣང་དོར་སྦ་བཞེད་ལྟར་ན། སློབ་དཔོན་གྱི་སྤྲུལ་པ་གཅིག་ཕྱིར་ལྡོག་པ་ལྟར་མཛད་ནས་སྐུ་དངོས་ཀྱི་གཞོ་སྟོད་གཏེར་སྒྲོམ་དུ་བཞུགས་ནས་མཁའ་འགྲོ་མཚོ་རྒྱལ་ལ་གནང་ཞིང་ལྷ་ལྕམ་པདྨ་གསལ་གྱི་ཆོས་སྐལ་དུ་སྦས་པའི་གདམས་པ་ཟབ་མོ་འདི་ཉིད་སྤྱན་དྲངས་ཤིང་། གཞན་ཡང་། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། རྟ་མགྲིན་གཉེན་པོ་ལྷ་གསུམ། གཤིན་རྗེ་ཀིང་ཀང་དགྲ་ཁ་ལ་རྒྱས་འདེབས་སྟོ་ནག་ལས་ཀྱི་འབྲུབ་ཁུང་སྐོར་དབང་ཕྱུག་དམར་པོ། ཞིང་སྐྱོང་། གཟའ། གནོད་སྦྱིན་སྤུ་གྲི་དམར་ནག་སོགས་དང་ཆུ་རླུང་འཁྲུག་བྱེད། གཏད་རྒྱུད་གསལ་སྒྲོན་སྐོར་སོགས། ཆོས་དང་དྲག་སྔགས་མང་པོ་གདན་དྲངས།(སྟོད་ཆ།༦༤༠) དེ་ནས་ཚུར་ལོག་ནས་བྱོན་པས་གཉལ་གྱི་སྟོད་དུ་སླེབས། གཉལ་སྟོད་ཤོ་ཡི་ཚེར་མ་ལུང་དུ་སྔགས་པ་ཞིག་གིས་ཞབས་ཏོག་ཕུལ་བས། དེར་སྔགས་འཆད་དེ་ལ་གཏེར་སྒྲོམ་གྱི་བྱིན་རླབས་མཛད། ཕྱིར་ནང་སྔགས་པའི་བུའང་རྗེས་སུ་འབྲགས་ནས་བྱུང་བ་རྒྱལ་སྲས་ལེགས་པ་རྒྱལ་མཚན་ཡིན། དེ་ནས་རང་ཡུལ་དུ་དད་གཞི་ཆུང་བས་ཐུགས་སྐྱོ་ནས་དཔོན་སློབ་ལྔ་དབུས་སུ་ཕེབས། བསམ་ཡས་འཆིམས་ཕུར་བཞུགས་སྐབས་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལ་བརྟེན་ལྷ་སར་ཕེབས་པས་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང་མཇལ། གཏེར་ཆོས་ཀྱི་རྩད་གཅོད་གནང་བྱུང་བར་ཤོག་སེར་རྣམས་ཕུལ་བས་དབུ་ཐོག་ཏུ་བཞེས། སླར་ཆོས་རྗེ་ཉིད་ལ་མཁའ་འགྲོས་ལུང་བསྟན་བྱུང་བས་དབང་ལུང་རྣམས་ཤོག་སེར་སྟེང་ནས་ཕུལ། ཤོ་ཡི་རྒྱལ་སྲས་ལེགས་ལྡན་དང་། སྤྲུལ་སྐུ་རིན་ཆེན་གླིང་པ་གཉིས་ལ་གཏེར་ཆོས་རྣམས་ཚང་བར་གནང་། ཡང་ན་སྔོན་གྱི་དམ་སེལ་གྱི་དབང་གིས་བར་སྐབས་སུ་འདའ་བའང་སྲིད་གསུངས་པའི། ཕྱི་མ་བཙན་པར་གྱུར་ཏེ། དགུང་ལོ་ཉེར་ལྔ་པ་ལ། གལ་རོང་རྒྱ་འགྲོའི་ལ་ཡང་ཟེར། བྱར་སྨད་ཕྱིན་དཀར་ཞེས་པའི་ས་ཡི་ཆར་གཞན་རྐྱེན་གྱིས་སྐུ་གཤེགས། སྐུ་གདུང་སྦྱོང་བས་བུད་མེད་སྔོན་མོ་རུས་པའི་རྒྱན་ཅན་ཁྲུ་གང་པ་ཞིག་དབུ་གཙུག་ནས་ཐོན་ཏེ། ནམ་མཁའ་ལ་འགྲོ་བ་ཀུན་གྱིས་མངོན་སུམ་དུ་མཐོང་བ་བྱུང་ཞིང་། གདུང་རུས་ལ་རྡོ་རྗེ་ཕག་མོའི་སྐུ་མཚོན་གང་བ་ཞིག་དང་། རིང་བསྲེལ་མང་པོ་བྱོན། ཞག་བདུན་གྱི་བར་དུ་ལུང་པ་འཇའ་འོད་ཀྱིས་ཁེངས་པ་སོགས། ངོ་མཚར་བའི་བལྟས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འགྲོ་བ་རྣམས་དད་པའི་ས་ལ་(སྟོད་ཆ།༦༤༡)བཀོད་པར་མཛད་དོ། །གཏེར་སྟོན་འདིའི་སྐུ་ཚེ་འདི་ལ་འགྲོ་དོན་མི་འབྱུང་སྟེ་སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་གསུངས་སོ། འོན་ཀྱང་སྒྲགས་ཟུང་མཁར་ན་བུ་མོ་སྤྲེའུ་ལོ་མ། ཤེས་རབ་ཆེ་བ། སྨིན་མཚམས་ན་སྨེ་བ་པདྨ་འདྲ་བ་ཡོད་པ། མཚོ་རྒྱལ་གྱིས་བྱིན་གྱིས་བརླབས་པ་ཅིག་འབྱུང་བ་དེ་ལག་དམས་པ་རྣམས་བྱིན་ན་ཁ་རགས་ཕུར་ལྷག་མེད་ལ་སངས་རྒྱས་ཤིང་དར་ཆ་བག་ཙམ་འབྱུང་གསུངས་ཡང་། ལུང་བསྟན་ཐོག་ཏུ་མ་ཁེལ་བར་སྣང་ངོ་། འོན་ཀྱང་འགྲོ་དོན་འཕྲོ་དོན་ཅན་དུ་གྱུར་པས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཆོས་རྣམས་སྤེལ་བར་འགྱུར་བ་ལུང་བསྟན་ཏོ། ཆོས་སུ་བདག་ནི། གཏེར་ལུང་ལས། སྟག་ཡོས་ཁྱི་འབྲུག་གླང་གི་ལོ་པ་ལྔ། འདི་ཡི་བརྒྱུད་འཛིན་མཁའ་སྤྱོདད་གནས་སུ་འགྲོ། ཞེས་གསུངས་པ་ལྟར། རྡོ་རྗེ་མཁའ་འགྲོའི་སྲས་གྱུར་པ་ནི། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་ནི། འབྲུག་ལོ་གཏེར་སྟོན་ལས་འབྲེལ་རྩལ་དང་དངོས་ཡིན། རྣམ་ཐར་ལས་ཡོས་ལོ་ཡིན་པར་གསུངས། ཇོ་མོ་ཤེལ་དཀར་བཟའི་སྐྱེ་བ་ནི། པདྨ་ཌཱ་ཀྐིའི་སྲས་སུ་གྱུར་པ་ནི། སྟག་ལོ་ཤྭ་བེན་རྒྱལ་སྲས་ལེགས་པ་དང་། ལྷ་ལྕམ་མནྡ་ར་བའི་སྤྲུལ་པ་ནི། རིན་ཆེན་ཌཱཀྐིའི་སྲས་སུ་གྱུར་པ་ནི། གླང་ལོ་མེ་བེན་རིན་ཆེན་གླིང་པ་ཡིན། ཟག་མེད་པདྨ་བླ་མའི་སྐྱེ་བ་ནི། ལས་ཀྱི་ཌཱཀྐིའི་སྲས་སུ་གྱུར་པ་ནི། ཁྱི་ལོ་ཉང་བེན་ཤཱཀྱ་བྱང་ཆུབ་དང་། མཁན་པོ་བོ་དྷི་ས་ཏྭོའི་སྤྲུལ་པ་ནི། སངས་རྒྱས་རཱིཀྐིའི་སྲས་སུ་གྱུར་པ་ནི། ཡོས་ལོ་ཆོས་རྗེ་རང་བྱུང་རྡོ་རྗེ་དང་། རྣམ་ཐར་ལ་སྤྲེལ་ལོ་ཡིན་པར་བཤད། དེ་རྣམས་ཆོས་ཀྱི་བདག་པོར་ལུང་དང་མཐུན། ཞེས་པ་འདི་ཟབ་ལུང་པའི་ཡིག་ཆ་ལས་འབྱུང་ངོ་། རིན་ཆེན་གླིང་པའི་རྒྱ་གར་བ། ཝང་ནག་པོའི་(སྟོད་ཆ།༦༤༢)གཏེར་གྱི་ཁ་བྱང་ཡང་ལས་འབྲེལ་རྩལ་གྱི་གཏེར་ནས་བྱུང་བར་བཤད། ཆོས་རྗེ་རང་བྱུང་རྡོ་རྗེས་སྙིང་ཏིག་སྐོར་རྣམས་ཤོ་ཡི་རྒྱལ་སྲས་ལེགས་པ་ལས་བསྐྱར་ནས་གསན་པར་བཤད་དེ། སླར་ཡང་སྤྲུལ་སྐུ་ལེགས་ལྡན་པ་ཀོང་པོར་གདན་དྲངས་ནས་བཀའ་ལུང་དབང་ཁྲིད་རྫོགས་པར་གསན་པས་བརྒྱུད་པ་ལ་ཡང་དེ་བཞིན་བྱུང་ངོ་། ཆོས་རྗེ་རང་བྱུང་ཞབས་འདི་ཆོས་འདིའི་བདག་པོར་ལུང་གིས་བསྟན་པ་བཞིན་འཆད་སྤེལ་ཀྱང་རྒྱ་ཆེར་མཛད་པས་རང་བྱུང་པ་ནས་བརྒྱུད་པ་དེང་སང་ཡང་བཞུགས་ལ། དེར་མ་ཟད་འདི་ལྟ་བུའི་ཆོས་ནུབ་པ་འཕངས་པས་སློབ་དཔོན་རྡོ་རྗེ་དཔལ་གྱིས་གཙང་ཕྱོགས་སུ་དར་བར་གྱིས། སློབ་དཔོན་རྒྱལ་མཚན་པས་མཚམས་སུ་དར་བར་གྱིས། ཡེ་་ཤེས་རྒྱལ་བས་ཀོང་པོ་དང་ཁམས་སུ་དར་གྱིས། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་ལ་དར་བར་གྱིས། སྤྲུལ་སྐུ་བས་དབུས་སུ་དབར་བར་གྱིས་གསུངས་ནས། དེ་ཙམ་གྱི་ཐུགས་གཙིགས་གནང་བར་མཛད་དོ། ཁ་ཅིག་གིས་གཏེར་སྟོན་དང་དངོས་སུ་མ་མཇལ་བར་བཤད་ཀྱང་ཤ་གཟུགས་པ་དང་ཟབ་ལུང་པ་སོགས་ཀྱིས་ཀྱང་མཇལ་ཚུལ་བཤད་འདུག་པས་མཐུན་པར་སྣང་ངོ་། འདིའི་དུས་རྟགས། ས་ནང་འཇིགས་བརྒྱད་ནི། ས་སྐྱ་བླ་མ་བདག་ཉིད་ཆེན་པོ་ལ། སྲས་བཅོ་ལྔ་བྱུང་བ་སྐུ་མཆེད་ནང་ཞིག་སྟེ། ས་སྐྱ་པ་ཚན་པ་མང་པོར་གྱེས་ནས་ཤ་བའི་རྭ་ལྟར་འགྱུར་བ་ལ་བཞེད་ཅིང་། དེ་དུས་རྒྱ་ཧོར་གྱི་དམག་དང་གསེར་ཡིག་པ་འདུ་བ་ལ་ཡང་དགོངས་པ་འདྲ་ཞེས་སོག་ཟློག་པས་གསུངས་སོ། བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས་ཞེས་པའང་། ས་སྐྱ་དཔོན་ཆེན་རྒྱལ་བཟང་ནི། ཏཱ་སི་བྱང་རྒྱལ་བརྩོན་དུ་བཟུང་བ་སོགས་བྱས་པས། ཕྱིས་སུ་ཏཱ་སིའི་དམག་གིས་ས་སྐྱ་ལ་(སྟོད་ཆ།༦༤༣)ཞབས་འདྲེན་ཞུས་པ་དེ་ཡིན་པར་གྲགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་༔ ཞེས་དང་། རང་གཏེར་མཚོ་རྒྱལ་གྱིས་མཛད་པའི་ཐེམས་བྱང་ལས༔ ལས་ཅན་ཤེས་རབ་སྙིང་རྗེ་ཅན་གྱི་མི༔ རྒྱལ་བ་མཆོག་དབྱངས་སྐྱེ་མཐའི་སེམས་དཔའ་ནི། ཕག་སྦྲུལ་སྟག་སྤྲེལ་ལོ་པ་གཅིག་ལ་སྤྲོད༔ ཞེས་པ་ལྟར་ཨོ་རྒྱན་ཆེན་པོའི་ཕྲིན་ལས་ཀྱི་སྤྲུལ་པ་གཏེར་སྟོན་ཆེན་པོ་གུ་རུ་ཚེ་བརྟན་རྒྱལ་མཚན་ནམ། ཆོས་ཀྱི་བློ་གྲོས་ཡང་ཟེར་ཏེ། འཁྲུངས་ཡུལ་མོན་གྱི་ཡུལ་ལས། མོན་པ་མོ་སྟོད་པའི་སྣར་ཐང་པ་ཡིན། རྟེན་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། གཏེར་སྟོན་འདིས་མོ་གྱི་བྲག་མཐའ་ཕྲ་མོ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་གར་བྱེད་པ་འདྲ་བའི་གསང་གནས་ནས། ཟབ་ཅིང་རྒྱ་ཆེ་བའི་གུ་རུའི་སྒྲུབ་ཐབས་ཀྱི་སྐོར་ནང་གསེས་དང་བཅས་པ། ཡང་གསང་རྟ་ཕག་གི་སྒྲུབ་ཐབས། ཡཀྴ་མེ་དབལ་གྱི་སྒྲུབ་ཐབས། གུ་རུ་སྤྱན་མང་གི་སྐོར་ཡང་གསང་ཐུགས་སྒྲུབ་སྙིང་པོ། ལས་ཚོགས་རིན་ཆེན་གཏེར་མཛད་སྐོར་སོགས་དང་ཤིན་ཏུ་རྒྱ་ཆེ་ཞིང་ཟབ་ཁྱད་དུ་མས་ཁྱད་དུ་འཕགས་པའི་ཆོས་དང་གདམས་པ་སྟེ། ཇི་སྐད་དུ། རིན་ཆེན་གཏེར་འདི་ཆུ་མེ་ཕུག་ཏུ་སྦས༔ སྨོན་ལམ་མཐུ་བཙན་མ་འོངས་དུས་མཐའ་ལ། ལས་ཅན་ཞིག་དང་ཆོས་འདི་ཕྲད་པར་ཤོག༔ ཅེས་དང་། ལར་ནི་ཆུ་ཕུག་མོ་ཡི་གཏེར་ཆོས་རྣམས༔ ཌཱུ་(སྟོད་ཆ།༦༤༤)ཀི་ཡེ་ཤེས་མཚོ་རྒྱལ་གཏེར་ཁ་ཡིན༔ གཞན་དུ་མ་སྦས་མོན་གྱི་ཆུ་ཕུག་མོར༔ ཡིད་བཞིན་ནོར་བུ་ཡན་ལག་ཚང་བར་སྦས༔ ཞེས་པ་དང་། གཞན་ཡང་། གཏེར་གནས་མི་གཅིག་པའི་མཚོན་སྲུང་རྡོ་རྗེའི་གོ་ཆ་དང་། སྒྲོལ་མཨུཏྤ་ལའི་ཕྲེང་བའི་སྐོར་དང་། རོང་གི་རྫ་ལྷུད་མོ་ནས་གདན་དྲངས་པའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་དམག་ཟློག་གི་སྐོར་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་གཞན་ལས་ཁྱད་དུ་འཕགས་པ་སོགས་དང་། གཞན་ཡང་རྫོགས་ཆེན་མཉམ་ཉིད་རང་གྲོལ། ཚེ་དཔག་མེད། བདེ་མཆོག་རྨེ་བརྩེགས། བཅུ་ལེན་བརྒྱ་རྩ། ལུང་བསྟན་བཀའ་རྒྱ་མ་སོགས་གཏེར་ཆོས་རྒྱ་ཆེར་སྤྱན་དྲངས། འདིའི་གཏེར་གནས་ལ་ངོས་འཛིན་མི་འདྲ་བ་འགའ་རེ་སྣང་ཡང་། ཤ་ཟུག་པས། མོན་ཁ་ནེ་རིང་སེང་གེ་རྫོང་གི་ཡ་གྱལ། ཆུ་ཕུག་དཔལ་གྱི་ཕུག་རིང་རྡོ་རྗེ་རྫོང་ཟེར་བ་དེ་ཡིན་གསུངས། འདིའི་དུས་རྟགས་དམ་སེལ་བརྒྱུད་པ་ནི། སློབ་མས་འཕགས་པ་རིན་པོ་ཆེ་བཀྲོངས་པ་ཡིན་པར་སྣང་ཞེས་སོག་ཟློག་པས་གསུངས་སོ། འདི་གཏེར་སྟོན་གྱི་རྒྱལ་པོ་ལྔ་ཡི་ནང་གི་ཡ་གྱལ་གཅིག་ཡིན་ནོ། དེ་ནིད་མི་གནས་མྱ་ངན་འདས་འོག་ཏུ༔ དབུས་མིའི་མདུན་མ་ཅིག་དྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ གཏེར་སྟོན་རིན་ཆེན་གླིང་པ་ནི། གཏེར་འདི་དབང་བའི་ལས་ཅན་སྐྱེས་བུ་དེ༔ ད་ལྟ་ཨོ་རྒྱན་ང་ཡི་འཁོར་གྱི་མཆོག༔ རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་འདི༔ སྐྱེ་བ་ལྔ་ཡི་མཐའ་མ་རྡོ་བོད་མཚམས༔ ཐ་མལ་(སྟོད་ཆ།༦༤༥)འགྲོ་བ་འདྲེན་པྱིར་མི་ལུས་ལེན༔ གཟུགས་བཟང་སྐྱེས་མཐའི་བྱང་ཆུབ་སེམསད་པའ་ཆེ༔ དེ་ནས་ཚེ་འཕོས་ཕྱིར་མི་ལྡོག་པའི་རྟགས༔ ཚེ་ཡི་འཇུག་ལ་དབང་པོ་གང་རུང་འགྲིབ༔ སྐྱེ་བ་མི་ལེན་བདེ་བ་ཅན་དུ་སྤྱོད༔ ཅེས་དང་༔ ཨོ་རྒྱན་ང་ཡི་ཐུགས་སྲས་རཏྣའི་མཚན༔ ཐོས་བསམ་འཛིན་ས་སྐྱང་ན་དོན་ལྡན་འགྱུར༔ སྤྲུལ་པའི་སྲས་ནི་མཚོ་སྐྱེས་མེ་ཏོག་འདྲ༔ སྐལ་ལྡན་བུ་སློབ་བུང་བ་རྩི་འཚོལ་འདྲ༔ ཉམས་གྲིབ་དམ་སེལ་དུས་མིན་སད་དང་འདྲ༔ མཁའ་འགྲོའི་འདྲེན་དབང་ཆེན་སྣག་རྒྱུག་འདྲ༔ ལོག་ལྟ་ཅན་རྣམས་རླུང་ནག་འཚུབ་མ་འདྲ༔ དེ་ཕྱིར་འབྲེལ་ཚད་ཕྲིན་ལས་རྫོགས་བྱའི་དོན༔ གསོལ་བ་གང་བཏབ་དེ་ཡིས་དོན་ཀུན་འགྲུབ༔ དེ་ལ་སོགས་པའི་མཚན་ཉིད་ཡོན་ཏན་རྣམས༔ ཡི་གེར་བཀོད་པས་མི་ལངས་ཨོ་རྒྱན་སྲས༔ རིན་ཆེན་གླིང་པ་ཞེས་སུ་གྲགས་པ་ཡི༔ ལས་ཅན་སྐྱེས་བུ་དེ་དང་འདི་ཕྲ་ཤོག༔ ཅེས་ལུང་བསྟན་པའི་ཨོ་རྒྱན་ཐུགས་སྤྲུལ་ལྷ་སྲས་སྐྱེ་བ་ལྔ་མཐར་སྐུ་འཁྲུངས་པ་སྟེ། འཁྲུངས་ཡུལ་ལོ་རོ་དཀར་པོའི་ཚེ་གྲོ་བ་ཡབ་ལྷ་རྗེ་དགོས་རྡོར་འབུམ། ཡུམ་བལ་མོ་གཡང་འབུམ་པའི་སྲས་སུ་འཁྲུངས། དགུང་སྙིང་གླང་ཡིན། བྱིས་པའི་དུས་སྐུ་རྩེད་མཛད་པས། ཕ ་བོང་ལ་སྐུ་ཡོངས་རྫོགས་ཀྱི་རྗེས་གསལ་བར་བྱུང་། དེ་ནས་ཆོས་སྒོར་ཞུས། མཚན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་བཏགས། སྟེང་པ་ལོ་ཙཱ་བའི་གདན་ས་གཉལ་སྨད་དགེ་རིའི་གནས་སུ་བྱོན་ནས། མཚན་ཉིད་ཀྱི་པྱོགས་ལ་གསན་པ་མཐར་ཕྱིན་མཛད་ལོ་རོ་དྲུག་དྲིལ་དགོན་པར་བླ་མ་ཞིག་ལས། རས་ཆུང་པའི་གདམས་པ་ཡོངས་རྫོགས་ཞུས་ནས། སྒྲུབ་པ་མཛད་པས་དག་སྣང་དཔག་མེད་ཤར།(སྟོད་ཆ།༦༤༦)དེ་ནས་སྐབས་ཤིག་ལྷ་ས་སྐོར་དུ་བྱོན་པས། ནུབ་གཅིག་མནལ་ལམ་དུ། མི་དཀར་པོ་གཅིག་གིས་ནང་པར་དོན་གྲུབ་པར་ཡོད་ཟེར་བ་་རྨིས། སང་ཞོགས་པ་དེར། ལ་སྟོད་དིང་རི་ནས་ཡིན་ཟེར་བའི་རྣལ་འབྱོར་པ་འཐེང་པོ་བྱང་སེམས་ཀུན་དགའ་ཟེར་བ་ཅིག་གིས། དྲི་བ་རྒྱལ་པར་བྱས་ཏེ། དྭགས་པོའི་སྨད་ནས་ཕར་ཨེ་རོ་ཟེར་བ་ཨེ་ཡོད་དང་། དེ་བཞིན་དུ་དེ་ནས་འབྲི་ཐང་ཀོ་རོ་བྲག་དང་། རུས་མི་ཉག །ལུག་པ་ཚེ་ལས་གྲས་པ། མཚན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་སོགས། ཇི་ལྟར་དྲིས་པ་བཞིན་བྱུང་བས། རྣལ་འབྱོར་པ་ངེས་ང་ལ་སྤང་གྲོ་བཙལ་གྱི་བྲག་དམར་སྟེང་ནས་བྱུང་བའི་ཨོ་རྒྱན་པདྨའི་དགོངས་གཏེར་ཟབ་མོ་འབྲི་ཐང་ཀོ་རོ་བྲག་ལ་སྦས་ཡོད་པའི་ཁ་བྱང་ང་ལ་ཡོད་ཀྱང་། ངས་དེར་མ་སླེབས། ཁྱེད་གཏེར་ལུང་དང་མཐུན་པའི་མི་དེ་ཡིན་འདུག་པས་འབུལ་ཟེར་ནས། མཆན་ཁུང་ནས་དར་གྱི་དྲིལ་བའི་ཤོག་རིལ་ཅིག་ཕུལ་བ། གཏེར་གྱི་ཁ་བྱང་དུ་བྱུང་། ཀོ་རོ་བྲག་ཏུ་བྱོན་བྲག་ཕུག་ནང་ན་གཏེར་རྟགས་ཟངས་གཟེར་བཏབ་པའི་ཕ་བོང་དང་། བྲག་ཆོལ་གྲུ་གསུམ་པ་ཞིག་འདུག་པ་བྲུས་པའི་ནང་ནས། བསེ་སྒྲོམས་སྨུག་པོ་གདན་དྲངས། བསེ་སྒྲོམས་ནང་དུ་མཛོད་ལྔ་མཚོན་ཕྱིར་རལ་མིག་ལྔ་ཡོད་པའི་ཤར་ནས་ཁྱད་པར་ལྔ་ལྡན་གྱི་སྐོར། ལྷོ་ནས་སྒྲུབ་ཐབས་ནོར་བུ་སྐོར་ལྔ། ནུབ་ནས་རྟེན་འབྲེལ་ཡིད་བཞིན་ནོར་བུའི་སྐོར་ལྔ། བྱང་ནས་དྲག་སྔགས་ནོར་བུའི་སྐོར་ལྔ། དབུས་ནས་ཁ་བྱང་ལུང་བསྟན་ནོར་བུའི་སྐོར་ལྔ། གཞན་ཡང་བདེ་བར་གཤེགས་པའི་འཕེལ་གདུང་དང་། རིང་བསྲེལ་རྣམས་པ་གསུམ། གུ་རུའི་བདུད་རྩི། མཚོ་རྒྱལ་གྱི་རཀྟ་ཨ་མྲྀ་ཏ་དང་དམ་རྫས་དཀར་ཆག་དང་(སྟོད་ཆ།༦༤༧)བཅས་པ་སྤྱན་དྲངས་ཤིང་བྱིན་རླབས་ཀྱི་གཏེར་དཔག་ཏུ་མེད་པ་བཞེས། ཡང་འབྲི་ཐང་ཀོ་རོ་བྲག་གི་བྲག་ཆོས་ཆོས་འབྱུང་འདྲ་བ་ནས་འཇམ་དཔལ་རིག་པའི་རྒྱལ་པོ་ནཱ་ག་རཀྴོའི་ཆོས་རྣམས་སྤྱན་དྲངས། ཚུར་བྱོན་པའི་ལམ་མཁར། གཏེར་བདག་རྣམས་ཀྱི་འཚུབ་དང་ཆོ་འཕྲུལ་བྱུང་བ་རྣམས་འཛིན་མེད་ཀྱི་ལྷ་བས་ཟིལ་གྱིས་མནན་པས་རང་ཞི་ལ་སོང་། དེ་ནས་འཁྲུངས་ཡུལ་གྱི་ཤར་དགོན་པར་འདག་སྦྱར་བྱས་ནས་རྩེ་གཅིག་ཏུ་བསྒྲུབས་པའི་རྒྱལ་མཚན་བཙུགས་པས། ཉམ་རྟོགས་གོང་འཕེལ་དུ་རྒྱས་ཤིང་། དག་པའི་སྣག་བ་དཔག་མེད་ཤར། སླར་རྒྱ་གར་གྱི་ཕ་བོང་རུས་སྦལ་ནག་པོ་ནས་གཏེར་བཞེས་པར་ལམ་འཕྲང་སོགས་དཀའ་བ་དཔག་མེད་སྤྱད་ནས་བྱོན། ལུང་བསྟན་ཁང་བྱང་ལས། འཕགས་པའི་སྤྲུལ་པ་སྙིང་སྟོབས་ཅན། གླང་ངམ་འབྲུག་ལོ་རཏྣའི་མིང་། སྐལ་ལྡན་གཅིག་གིས་རྙེད་པར་ཤོག །སྐལ་མེད་རྣམས་དང་མ་འཕྲད་ཅིག རྟ་ཡི་ལོ་བརྒྱད་ལ་སྦས་པ། །རྟའི་ལོ་བརྒྱད་ལ་ཐོན། ཁྱིའི་ལོ་བརྒྱད་ལ་སྤེལ། ཞེས་གསུངས་པ་དང་མཐུན་པར་རྒྱ་གར་དུ་ཕེབས། དུག་སྦྲུལ་གྱིས་བསྐོར་བའི་ཕ་བོང་སྦལ་པ་འདྲ་བ་ལ་གཏེར་མཚན་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་འོག་ནས། ཕྱི་སྣོད་ལ་ཆའི་སྦལ་པ་མགོ་གཉིས་པ་མགོ་གཅིག་འཕོངས་ལ་ཡོད་པ་ཞིག་གི་མགོ་རང་ལས་ཟང་བུམ་ནང་ནས། ཨོ་རྒྱན་ཐུགས་བཅུད་བླ་མ་སྐུ་བདེ་བ་ཆེན་པོ་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་མོ། ཞི་ཁྲོ་བདེ་ཆེན་ཀུན་རྫོགས་ཆེན་མོ་དམ་རྫས་རོལ་པ་ཆེན་པོའི་ཆོས་སྐོར་དངུལ་གྱི་རྡོ་རྗེ་སེན་གང་པ་གཅིག་དང་ལྔ་འདུག་པ་བཏོན་ནས། ཤུལ་ཏུ་ཟབ་ཆོས་ལྔའི་གཏེར་དཔེ་བཅུག་སྟེ། དེ་ཡང་གཏེར་ལུང་དེ་ཉིད་ལས། གཏེར་འདི་ཕྱུང་བའི་གཏེར་(སྟོད་ཆ།༦༤༨)ཚབ་ཏུ། །སྐོར་ལྔའི་གཏེར་དཔེ་རྙིང་པ་དང་། གཏེར་ཚབ་ཇི་ལྟར་རིགས་པར་བཞུགས། གཏེར་ཁ་གསར་རྙིང་ཕྲད་དུས་སུ། །དཔེ་རྙིང་སླད་གྱི་གཏེར་དུ་སྦོས། །བར་ཆད་སེལ་ཞིང་དངོས་གྲུབ་འབྱུང་། །ང་ཡི་གཏེར་དཔེ་འཚོལ་བ་ན། གཏེར་སྟོན་དམ་མེད་ཕུང་བར་འགྱུར། དེ་བས་གཏེར་ཡིག་མ་སྤེལ་སྦྲོས། །གཏེར་ཆོས་འཆོངས་ཤིག་སཱ་མཱ་ཡཱ། ཞེས་གསུངས་པ་ལྟར་མཛད། མོན་བོད་གཉིས་ཀྱི་ས་མཚམས་ནགས་ཁྲོད་ཆེན་པོ་ཤིན་ཏུ་གཉེན་པ་ཤ་འུག་སྟག་སྒོ་ཞེས་པའི་གཏེར་ནས་རྡོ་རྗེ་རྩེ་ལྔ་འདྲ་བའི་བྲག་ལ་གཏེར་མཚན་གཡུང་དྲུང་རིས་ཡོད་པ་ཆོལ་བུར་བཏོན་ནས། ལ་ཆའི་རྡོ་རྗེ་རྩེ་ལྔ་འདོམ་གང་པ་དང་ཤེལ་རྡོའི་གྲིལ་ཤིང་ལ་དར་གྱིས་དཀྲིས་པའི་སོག་སེར་དྲི་འོད་དང་ལྡན་པ་ལ་བཀའ་རྒྱ་མ་རྣམ་གསུམ་ཞེས་པ་སྒྲུབ་ཐབས་བཀའ་རྒྱ་མ། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ཡི་གེ་ལག་ལེན་དང་བཅས་པ། རྫོགས་རིམ་བཀའ་རྒྱ་མ་ལ། རིམ་གྱིས་ཅིག་ཅར་གཉིས་མེད་གྱི་ཁྲིད་ཡིག་ཞལ་གདམས་དང་བཅས་པ། ལུང་བསྟན་བཀའ་རྒྱ་མ་ལས། སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱིས་ལུང་བསྟན་བཅས་དང་བཅས་པ། ཐུན་མོང་ལོ་རྒྱུས་དང་བཅས་པ་རྣམས་འདུག་པ་བཏོན། གཏེར་ཚབ་ཏུ་རུས་སྦལ་ནག་པོའི་ཤོག་སེར་དང་། གཞན་ཡང་སྔར་དང་འདྲ་བར་བྲིས་ནས་བཅུག །གཞན་ཡང་མཚོ་རྒྱལ་གྱི་ལུང་བསྟན་དང་། ཀོང་བཙུན་དེ་མོའི་སྤྱན་དྲངས་པ་ལ་རྟེན་ནས་ཀོང་པོར་ཕེབས། རྡོ་རྗེ་ལེགས་པས་གཏེར་གྱི་ལྡེ་མིག་མངོན་སུམ་དུ་ཕུལ་བས་ཟབ་གཏེར་མང་པོ་སྤྱན་དྲངས། ཀོང་པོ་བྲག་ནང་། ཙ་རིགས་རམ། བྲག་(སྟོད་ཆ།༦༤༩)དམར་ཟེ་ཆུང་ནམ་མཁའ་རྫོང་རྣམས་སུ་སྒྲུབ་པར་རྒྱལ་མཚན་བཙུགས་ཏེ་ཉམས་ལེན་མཐར་ཕྱིན་པར་མཛད། སླར་ལོ་རོར་བྱོན། རིན་ཆེན་ལྡིང་སོགས་དགོན་གནས་འགའ་རེ་བཟུང་། འགྲོ་དོན་རྒྱ་ཆེར་བསྐྱངས། དེ་ནས་ཙ་རི་དང་ཀོང་ཕྱོགས་ལ་བྱོན། ཟབ་གཏེར་བཞེས་པ། སྒྲུབ་པ་མཛད་པ། འགྲོ་དོན་སྐྱོང་བ་སོགས་བཟུང་འབྲེལ་དུ་མཛད། འགྲོ་ཕན་ཀྱང་ཆེར་བར་བྱུང་། འདི་པཎྜི་ཏ་ཤེས་རབ་འབྱུང་གནས་ཀྱི་སྐྱེ་བར་གྲགས་ཤིང་། ཟབ་གཏེར་བཞེས་པ་གཅིག་པུར་མ་ཟད། མཁས་གྲུབ་གཉིས་ཀ་འཛོམས་པ་ཞིག་ཡིན་ཏེ། ཟངས་མདོག་དཔལ་རིར་བྱོན་པའི་དག་སྣང་གི་ལོ་རྒྱུས་ཀྱང་ཟབ་ཅིང་རྒྱ་ཆེར་བར་ཡོད། བསམ་ཡས་སུ་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་ལུང་བསྟན་དང་ཆོས་ཀ་རྣམས་ཕུལ་ཞིང་ཆོས་བདག་ཏུ་མངའ་གསོལ། དགུང་ལོ་བརྒྱད་ཅུ་པ་ལ་ལོ་རོར་སྐུ་གཤེགས་སོ། །གཏེར་སྟོན་འདིའི་གཏེར་བྱོན་ནཱ་ག་རཀྐ་ནི་གསར་རྙིང་ཀུན་གྱི་ཐུན་མོག་དུ་གྱུར་ཏེ། ཏཱ་ར་ནཱ་ཐའི་སྒྲུབ་ཐབས་རིན་འབྱུང་དུའང་བཀོད་དུ་འདུག་གོ། དེའི་སྐྱེ་བ་སྤྲུལ་སྐུ་གཞོན་ནུ་ལྷུན་སྒྲུབ་སྔོན་གྱི་དབོན་བརྒྱུད་དུ་འཁྲུངས་ཏེ་ཆུང་ངུ་ནས་མངོན་པར་མཁྱེན་པ་དང་། ཕྱག་ཞབས་ཀྱི་རྗེས་སོགས་གྲུབ་པའི་རྟགས་མང་པོ་དང་། སློབ་དཔོན་རིན་པོ་ཆེ་པདྨའི་ཆོས་གཏེར་ཀྱང་དུ་མ་སྤྱན་དྲངས་ཀྱང་། ཕྲིན་ལས་ཧ་ཅང་མི་ཆེ་བར་གཞོན་ནུ་ལ་གཤེགས། དེའི་སྐུའི་སྐྱེ་བ་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་དང་། དེ་ནས་རིམ་པར་དཔའ་བོ་ཅོས་དབང་ལྷུན་གྲུབ་དང་། སྐྱེས་ཆེན་གཙུག་ལག་ཕྲེང་བ་སོགས་ནས་དེང་སང་གིས་བར་དུ་སྐུ་ཐོག་རིམ་པར་འདི་དག་ཡིན་ཀྱང་དཔའ་བོ་ཆོས་དབང་ལྷུན་གྲུབ་ནས་བཟུང་དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་གྲུབ་(སྟོད་ཆ།༦༥༠)མཐའ་འཛིན་པ་ལས་རང་གཏེར་གྱི་ཆོས་རྒྱུད་འཛིན་པ་ན་མ་བྱུང་བར་སྣང་ངོ་། འདིའི་དུས་རྟགས་ནི། དབུས་ཀྱི་མདུན་མ་ཅིག་དྲིལ་སོགས་ནི། འཁོན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་དང་། ཆོས་རྒྱུད་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནམ་ཡང་མ་ཉམས་པར་གནས་པ་ཡིན་ནའང་། སྲིད་ཀྱི་སྟོབས་འབྱོར་ཕུན་སུམ་ཚོགས་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་འགྲོ་མགོན་བསོད་ནམས་པའི་བར་ཙམ་ལས་དཔོན་ཆེན་སྔོན་མ་རྣམས་ལྟར། བོད་ཆོལ་ཁ་གསུམ་ལ་ལུང་རྒྱུག་པ་ཞིག་མ་བྱུང་ཞིང་། དེ་ཙམ་ན་འབྲི་ཕག་ཚལ་གསུམ་སོགས་ཤེད་ཅུང་ཟད་བསྐྱེད་པའི་སྐབས་སུ་སྣང་བས་དེར་དགོངས་པ་འདྲའོ། དེ་ཉི་མི་གནས་མྱ་ངན་འདས་འོག་ཏུ༔ ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཨོ་རྒྱན་གླིང་པ་ནི་ཐང་ཡིག་ལས། རྒྱལ་སྲས་ལྷ་རྗེ་སྔོན་དུ་ཁྲིད་ཤོག་གསུངས༔ སྲས་འདིའི་སྐྱེ་བ་ཡང་སྔ་ད་བར་དུ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངས༔ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་༔ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་། བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ༔ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པས༔ ཡར་ཀླུངས་གཏེར་ཁ་འདི་ལ་གཏད་དོ་གསུངས༔ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལ༔ ཞེས་(སྟོད་ཆ།༦༥༡)དང་། སྐྱེ་བ་གཅིག་ནི་བོདཡུལ་གྲ་ནུབ་མདའ༔ རྒྱལ་སྲས་ལུང་པ་འདི་ཡི་ནུབ་ཏུ་སྐྱེ༔ སྔགས་པ་མཐུ་མཁན་སྔགས་རྩིས་སྨན་སྐྱོང་རིགས༔ ཆོས་དབྱིངས་མདངས་ཅན་ཡེ་ཤེས་ཁ་དོག་ཅན༔ ཡར་རྗེ་ཨོ་རྒྱན་གླིང་པ་ཞེས་བྱ་བ༔ མེ་ཁམས་ཆུ་མོ་ཕག་གམ་ཕྱི་ལོ་པ༔ སྤྲུལ་པའི་སྲས་ནི་འདམ་སྐྱེས་པདྨ་འདྲ༔ ཞེས་ལུང་གིས་ཟིན་པ་ལྟར་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་གཏེར་སྟོན་སངས་རྒྱས་བླ་མ་སོགས་གཏེར་སྟོན་རྐྱང་བའི་སྐྱེ་བ་བཅུ་གསུམ་གྱི་མཐའ་མ་སྤྲུལ་སྐུ་ཡི་རྒྱན་གླིང་པ་མཆོག་གྲུབ་རྒྱལ་པོ་ནི། གཡོ་རུ་གྲའི་ཕུ་ཡར་རྗེ་ཞེས་པར་ཆུ་མོ་ཕག་ལ་སྐུ་འཁྲུངས། ཆུང་ངུ་ནས་སྔགས་པའི་བརྒྱུད་ཡིན་ཏེ། མཐུ་དང་། རྩིས་དང་། སྨན་ལ་སོགས་པ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་གྱི་སྟེང་དུ་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ། ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པའི་བྲག་ཤེལ་ཕུག་ཅན། ཨོ་རྒྱན་པདྨས་བདུད་རྩི་སྨན་སྒྲུབ་མཛད་པའི་གནས། ཞི་ཁྲོའི་ལྷ་ཚོགས་གཞལ་ཡས་ཁང་ལྟ་བུ་ལ་བཞུགས་པའི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་རྩ་བའི་དབུ་གསུམ་གྱི་ནང་ནས། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཉིས་དང་། དབུ་གོང་མ་རྣམས་ནས། རྫོགས་ཆེན་ཚེ་སྒྲུབ་དང་། ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག །གཞན་ཡང་ཨ་ཏི་དང་། སྤྱི་ཏི། ཡང་ཏི་ལ་སོགས་པའི་རྫོགས་རིམ་གྱི་སྐོར་དང་། བསྐྱེད་རིམ་གྱི་སྐོར་བླ་མ་བསྟན་གཉིས་སྐོར་གསུམ། གུ་རུ་དྲག་པོ་གཏེར་སྨྱོན་གྱི་སྐོར་དང་། མགྲིན་པ་ནས་ཞི་ཁྲོ་བཀའ་འདུས་ཀྱི་སྐོར་དང་། མགོན་པོ་མ་ནིང་གི་སྐོར་རྒྱུད་སྒྲུབ་ཐབས་དང་བཅས་པ། སྨད་སྦྲུལ་མཇུག་གི་ནང་ནས། ཡེ་ཤེས་མགོན་(སྟོད་ཆ།༦༥༢)པོ་ལྷ་མང་གི་སྐོར་མགོན་པོ་མ་ནིག་ན་པ་ལབ་སེ་རྒྱལ་བ་ཡན་གྱི་མགོན་པོ་ཐམས་ཅད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་མཐའ་ཡས་དང་། གཞན་ཡང་སྨན་དཔྱད་ལ་སོགས་པ་བསྟན་པ་བསྲུང་བའི་གདམས་པ་མཐའ་ཡས་པ་དང་། སྐུའི་ཕྱག་གི་ནང་དང་སྦྲུལ་མཇུག་ལྷག་མ་རྣམས་ནས་བསྟན་པ་བསྲུང་བའི་ཆ་རྐྱེན། ཕན་བྱ་གནོད་བྱའི་སྐོར་མཐའ་ཡས་པ་དང་། མཐའ་ན་ཡང་སྒྱོགས། མེ་མདའ། མཚོན་སྲུང་། ཟ་ཡིག་ཞིང་སེལ། བཟོ་རིགས་པ་ཧྲ་ཀ་རིགས་དྲུག མན་ངག་གཏེར་བུམ་སོགས་མཐའ་ཡས་པ་རྣམས་སྤྱན་དྲངས། གཞན་ཡང་གྲའི་གཡུ་གོང་བྲག་ནས་གསང་སྔགས་ལམ་རིམ་གྱི་སྐོར་ཕྱི་བཤད་རིན་ཆེན་སྤྲིན་བྲལ། ནང་བཤད་གསང་སྔགས་ལམ་རིམ། བྱ་ཆ་རིན་ཆེན་སིལ་མ། ཁྲོ་བོ་རིགས་གསུམ་མགོན་པོ། སྨིན་བྱེད་དབང་གི་ཐ་རམ་སློབ་དཔོན་པདྨའི་རྣམ་ཐར་ཆུ་བྱ། ཞི་བྱེད་བཀའ་ཆེམས་དོན་གསལ། གཏེར་རབ་བརྒྱད་ཚན་བཅུ་དྲུག་ལ་སོགས་པ་རྣམས་གཏེར་ནས་སྤྱན་དྲངས་སོ། ཡང་ཐང་ཡིག་སྡེ་ལྔ་ནི། བསམ་ཡས་རྡོའི་མཆོད་རྟེན་ནས་རྒྱལ་པོ་བཀའི་ཐང་ཡིག་ལེའུ་བཅུ་དགུ་པ། དགེ་རྒྱས་ལི་མ་གླིང་ནས། ལོ་པཎ་བཀའི་ཐང་ཡིག་ལེའུ་སུམ་ཅུ་སོ་ལྔ་པ། ཤེལ་བྲག་ནས་བློན་པོ་བཀའི་ཐང་ཡིག་ལེའུ་སོ་གཉིས་པ། ཁམས་གསུམ་ཟངས་ཁང་གླིང་ནས། བཙུན་མོ་བཀའ་ཐང་ཡིག་ལེའུ་ཉེར་གཅིག དབུ་ཚལ་གསེར་ཁང་གླིང་ནས། ལྷ་འདྲེ་བཀའི་ཐང་ཡིག་ལེའུ་བཞི་པ་རྣམས་སྤྱན་དྲངས་སོ། །པདྨ་བཀའ་ཐང་ཤེལ་བྲག་མ་ནི་ཧོར་སྒོམ་ཤཀྱ་བཟང་པོ་དང་ལྡན་ཅིག་ཏུ་སྤྱན་དྲངས་པས་གཉིས་ཚོགས་ཀྱི་གཏེར་ཡང་ཟེར་རོ། ཤེལ་བྲག་མ་ལའང་ཚིག་བཅད་ལྷུག་གཉིས་བྱུང་བས་གོང་མ་སྡེ་ལྔ་(སྟོད་ཆ།༦༥༣)དང་བསྡོམས་པས་བཀའ་ཐང་སྡེ་བདུན་ཡང་ཟེར་རོ། ཡང་ཟུར་མཁར་རྡོའི་མཆོད་རྟེན་གཡས་པ་ནས། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་སྐོར་དང་། འོན་ཕུ་སྟག་ཚང་སེང་གེ་བསམ་གྲུབ་ནས་གུ་རུ་དྲག་པོ་དང་། བསྟན་སྲུང་གི་སྐོར་མཐའ་ཡས་པ་དང་། གྲ་ཕྱི་བྲག་པོ་ཅེ་ནས་གཤིན་རྗེ་ཚེ་བདག་གི་སྐོར་ལ་སོགས་ཏེ། གཏེར་ཆོས་སུས་སྟི་བརྒྱ་ལྷག་ཙམ་ཡོད་ཅིང་། བཀའ་འདུས་སྐོར་ཁོ་ན་ལའང་སུམ་སྟི་སུམ་ཅུ་སོ་གྲངས་ཡོད་པར་གྲགས་ཀྱང་། ཐམས་ཅད་ཤོག་སེར་ནས་འབེབས་མ་ཐུབ་ནས་ཡང་གཏེར་དུ་སྦས་པར་གྲགས་ཤིང་། སྐུ་རྟེན་དང་། དམ་རྫས་རིལ་བུ། བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ་ཐུགས་རྗེ་ཆེན་པོ་ཐུགས་དམ་པདྨ་ར་ག བྲམ་ཟེ་དྲི་མེད་སྙིང་པོའི་དབུ་ཐོད། གཞན་ཡང་ནོར་གཏེར་མཐའ་ཡས་པ་སོགས་གཏེར་ཁ་ཆེན་པོ་ཉེར་བརྒྱད་སྤྱན་དྲངས་ཏེ། ཁྲ་འབྲུག་གཙུག་ལག་ཁང་གི་ཁྱམས་སྟོད་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པའི་དབང་ཆེན་པོ་ཉེར་བརྒྱད་ཞལ་ཕྱེ་བའི་ཚེ། དབང་ཆོས་ཀྱི་སྐབས་འགར་གཏེར་སྟོན་གྱི་གསུངས་ནས་གོང་མ་ཏ་སི་བྱང་ཆུབ་རྒྱལ་མཚན་གྱི། བོད་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ་ཉལ་ཐག་གཅོད་པ་ཅིག་འབྱུང་ཞེས་པ་ཡང་ཡང་གསུངས་པ། ཏི་སིས་གསན་ནས་ཕོ་ཉ་བཏང་སྟེ་ཞལ་འགྲམ་བཅག་པ་སོགས་ཞབས་འདྲེན་ཆེན་པོ་མིང་འཚམ་པ་མང་པོ་ཞུས་པས། གཏེར་སྟོན་ཐུགས་ཁྲོས་ནས་ཁྱོད་ཀྱི་ལུང་པ་འདི་ཡོན་ཏན་བརྒྱ་དང་ལྡན་པ་ཅིག་ཡོང་བ་ཡོད་ཀྱང་སྡོད་པ་མི་འདུག་གསུངས་ནས། ཤེལ་བྲག་པདྨ་བརྩེགས་པའི་རྡོ་ཟམ་བསྒྱུར་བས་གནས་སྒོ་འགག །གཏེར་སྟོན་གྱི་ཨེ་དང་། དྭགས་པོ་དང་། གྲབ་གཙང་ཁ་ལ་སོགས་པར་བཞུགས་(སྟོད་ཆ།༦༥༤)ཏེ་མགྲོན་པོ་མཛད། པདྨ་བཀའི་ཐང་ཡིག་འདི་ཀུན་ལ་དར། གཏེར་ཆོས་ཚང་མ་ཡོངས་སུ་རྫོགས་པ་སྤེལ་མ་ཐུབ། རྗེས་སུ་ཨེའི་འགའ་རུ་སླེ་ཆུང་ཁ་བྱ་བར་སྐུ་གཤེགས། སྐུ་གདུང་དྭགས་པོའི་གྲྭ་པ་རྣམས་ཀྱིས་དྭགས་པོ་ཞབས་རྗེས་དགོན་པར་སྤྱན་དྲངས་ནས་རིལ་པོར་བཞུགས་སོ། གདུང་བརྒྱུད་རྣམས་གྲབ་གཙང་ཁ་སོགས་ན་ཡོད་དེ། གཏེར་ལུང་ལས། ཁྱོད་ཀྱི་གདུང་བརྒྱུད་བརྒྱ་དང་ཉེར་གཅིག་བར། ཆོས་མ་བྱས་ཀྱང་སངས་རྒྱས་ཐེ་ཚོམ་མེད། ཅེས་གསུངས་པ་ལྟར་སྐྱེས་རྒྱལ་ཕམ་ལམ་ལ་ཞུགས་པ་དང་། མ་ཞུགས་པ་ཐམས་ཅད་ལའང་གྲུབ་རྟགས་འབའ་ཞིག་ཡོད་པ་དུས་ཕྱིས་ཀྱི་བར་དུ་ཡང་ཡོད་ཟེར། སྤུར་དེ་སྐྱེ་བདུན་ཡིན་པར་རྣམ་ཐར་ཆེན་མོ་ལས། རྒྱལ་སྲས་ཕུང་པོ་འདི་ཡང་དོན་ལྡན་ཏེ། དབང་པོ་ལྔ་དང་ཟགསཆུ་ཤ་དང་རུས། ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ ཤན་པ་ཡིན་ཡང་མཐོ་རིས་གནས་སུ་སྐྱེ༔ ཞེས་གསུངས་པ་ཤེས་ཏེ། སྐུ་རབས་ནས་སྡེ་བ་གཡུལ་རྒྱལ་བས་སྐུ་ཚེའི་སྟོད་ལ་སྡིག་པ་སྟོབས་ཆེན་བྱས་པས་འགྱོད་ནས། ཞབས་རྗེས་དགོན་པའི་མཆོད་རྟེན་གྱི་ནང་ནས་གཏེར་སྟོན་གྱི་སྐུ་ཡུར་ཞུས་ཤིང་ཁོ་རང་གིས་ལོངས་སྤྱད་འདུག་པས། སྡེ་པ་ཉམས་འབར་ཏེ་ཁྲུ་གང་ཙམ་དུ་ས་མ་རེག་པར་འབྱོན་པ་སོགས་བྱུང་ཞིང་། དེ་སྐབས་ཀྱི་ལས་ཅན་རྣམས་ཀྱི་ལག་ཏུ་ཡང་སྟོབས་ཆེན་བྱུང་འདུག་གོ། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་རྣམས། དུས་ཕྱིས་རྡོ་རྗེ་བྲག་ཞབས་དྲུང་སྐལ་བཟང་པདྨ་དབང་ཕྱུག་གིས་སྒྲགས་ཡང་རྫོང་ནས་ཡང་གཏེར་འགའ་ཞིག་བཞེས་ཤིང་ཕལ་ཆེར་དག་སྣང་དུའང་བྱུང་སྣང་ངོ་། གཏེར་སྟོན་འདིའི་དུས་རྟགས་སུ། ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་། ཕག་གིས་ས་ཀློག་(སྟོད་ཆ།༦༥༥)ཞེས་སོགས་ནི་ཏ་སི་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་ཁྲི་སྐོར་ཐམས་ཅད་མངའ་འོག་ཏུ་བསྡུས་ནས། ས་སྐྱ་ལྷ་ཁང་བཅོམ་པ་དང་སྦྱོར་བར་འདུག་ལ་རྫོང་བརྒྱ་དང་རྩ་བརྒྱད་ནི། ཤར་འོལ་ཁ་སྟག་རྩེ། ལྷོ་འཕྱོགས་རྒྱས་སྟག་རྩེ། ནུབ་ཉང་སྟོད་སྟག་རྩེ། བྱང་བྱི་རི་སྟག་རྩེ་སོགས་ཉིན་གཅིག་ལ་ཡང་རྫོང་ཆེན་བཅུ་གསུམ་གྱི་རྨང་བཏིང་། གང་དཀར། བྲག་དཀར། སྣེའུ། བསམ་གྲུབ་རྩེ། རིན་སྤྲུངས་སོགས་དབུས་གཙང་འཛིན་མའི་ལྟོ་བའི་ས་མདུད་རྣམས་ལ་བཙན་རྫོང་མང་དུ་བྱུང་བ་ལ་དགོངས་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ཧོར་དུར་ས་དབུས་གཙང་ཀུན་ལ་འབེབས༔ མཆོད་རྟེན་འོགོ་ནས་ཐོད་པ་ཕྱི་ཡི་གཡེང་༔ བསམ་ཡས་འཆིམས་ཕུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་༔ ཞེས་པ་ནི་ཀུན་མཁྱེན་ཀློང་ཆེན་པའམ་དྲི་མེད་འོད་ཟེར་དུ་གྲགས་པ་ཏེ། པདྨ་གླིང་པའི་གཏེར་ལུང་ལས། དེ་ནས་འཕོས་ནས་གྲྭ་ཡི་ལུང་པའི་ཕུ༔ སྤྲེའུ་ལོ་པ་ཤེས་རབ་བློ་རྩལ་ཅན། ཕ་ནི་བསྟན་པ་མ་ནི་བསོད་ནམས་སྐྱིད༔ དེ་གཉིས་བུར་འཁྲུངས་ཚུལ་ཁྲིམས་མིང་ཅན་ཅིག༔ སྒོ་བཟང་སྐྱེ་ཆེད་རིག་པ་དངས་པ་འབྱུང་༔ ང་ཡི་སྤྲུལ་པ་རིན་ཆེན་གླིག་དང་འཕྲད༔ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཉམས་བླངས་ནས༔ ཚེ་ཡང་མཐར་ཕྱིན་སྐུ་ཚེའི་སྨད་ཉིད་ལ༔ བུམ་ཐང་སྨད་ནས་གཏེར་གྱི་སྒོ་ཡང་འབྱེད༔ གཏེར་ཁ་ལྔ་འབྱེད་འགྲོ་དོན་དཔག་མེད་མཛད༔ མཚན་ཡང་དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ དེ་དུས་གཏེར་རྣམས་མ་(སྟོད་ཆ།༦༥༦) ལོན་ན༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ གང་གསུངས་ཆོས་ཀྱི་བདག་པོར་འགྱུར༔ དབུས་གཙང་ཕྱོགས་སུ་མཁས་བཙུན་ཐོགས་མེད་འབྱུང་༔ དེ་དུས་མཁར་ཆུར་རྫོགས་ཆེན་བསྟན་པ་དར༔ ཟབ་མོ་གནད་ཀྱིས་ཐེབས་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱི་འབྲེལ་པ་སྟོང་རྩ་གཉིས༔ འགྲོ་དོན་ནུས་པ་སུམ་ཅུ་འབྱུང་༔ ཟབ་ནོར་འབྲེལ་པ་ཤིན་ཏུ་ཟབ༔ ཨོ་རྒྱན་ང་ཡི་སྨོན་ལམ་ཐུགས་རྗེ་ཡིས༔ དེ་དང་འབྲེལ་ཚད་བླ་མེད་ཞིག་དུ་འགྲོ༔ ཉམས་ལེན་ལོངས་སྐུའི་ཞིང་ཉུལ་ཞིང་༔ བརྒྱད་ཅུའི་ཐོག་ཏུ་མྱ་ངན་འདའ་ཡང་སྲིད༔ ཅེས་པ་ལྟར། གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་འགྲོ་དོན་འཕྲོ་ཅན་དུ་གྱུར་པས། རང་སྣང་ལོངས་སྐུའི་ཞིང་ཉུལ་བའི་ཚུལ་གྱིས་ཡེ་ཤེས་ཀྱི་སྐུས་སྙིང་ཏིག་གི་བསྟན་པ་སྤེལ་བར་ལུང་བསན་པ་ལྟར་དུ་སྐུ་འཁྲུངས་པ་སྟེ། སྙིང་ཏིག་ལས་ཀྱང་། ཕྱི་མ་འགྲོ་དོན་བརྒྱ་ལོག་སྤྱོད༔ དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ གཏེར་སྒོ་འབྱེད་ཅིང་བསྟན་པ་སྐྱོང་། ལྷོ་ཡི་ཕྱོགས་སུ་ངེས་པར་འབྱུང་༔ ཞེས་གསུངས་པ་ལྟར། གཏེར་སྟོན་འདིས་མཆིམས་པུ་ནས་ཤོག་དྲིལ་གསུམ་ཙམ་གཏེར་ནས་བཞེས་ཏེ། སྒྲོན་བཞིའི་དབྱེ་གསལ་མེ་ལོང་གི་གདམས་པ། སྣང་བཞི་གཏན་ལ་འབེབས་པའི་ཟབ་ཏིག་དགོངས་པ་རང་གྲོལ། དེའི་བུ་ཡིག་སྣང་བཞི་འཆར་བྱེད། འཆི་བ་བརྟག་བསླུས་སྐོར་སོགས་ཅུང་ཟད་གཏེར་ནས་བཞེས་པ་རྣམས་དེང་སང་པདྨ་གླིང་པའི་གཏེར་ཆོས་གྲལ་དུ་བཞུགས། གཞན་གཏེར་མང་པོ་མ་བཞེས་ཏེ། ཉིད་ཀྱི་གསུངས་ལས། ང་ནང་འོད་གསལ་གྱི་གཏེར་ཁ་བྱེད་པ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་སྔན་ཡིན་ཀྱང་(སྟོད་ཆ།༦༥༧)ཆོག་ལ་མིན་ཀྱང་ཆོག༔ ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །གཏེར་སྲུང་གི་ཡུས་ཅེ་འཚོང་མི་དགོས། ཞེས་གསུངས་ཏེ། གསེར་སྲུང་རྣམས་ཀྱིས་གཏེར་འདོན་པར་བསྐུལ་ཞིང་ཆོ་འཕྲུལ་བསྟན་ཀྱང་གཏེར་འདོན་པར་མཛད། དགོངས་གཏེར་གྱི་བཀའ་བབས་པས་ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་མང་དུ་མཛད་དེ། རྣམ་ཐར་གོང་དུ་རྫོགས་ཅེན་སྙིང་ཏིག་གི་ལོ་རྒྱུས་སྐབས་སུ་རྒྱས་པར་བཀོད་པ་དེ་ལྟར་ལགས་སོ། །འདིའི་དུས་རྟགས་མཆོད་རྟེན་འོག་ནས་ཐོད་པ་ཁྱིས་གཡེང་བ་ནི་ཧས་པོའི་རིའི་རྒྱབ་ཏུ་མཁས་པོའི་སྐུ་གདུང་བྱེ་བ་མ་ལ་བཞུགས་ནས་སྟེང་ན་མཆོད་རྟེན་ཡོད་པ་ལས་དབུ་ཐོན་པ་བྱིས་པ་མང་པོས་རྙེད་དེ་མཁན་པོའི་དབུ་ཐོད་བྱུང་ངོ་ཟེར་ནས་རྩེ་མོའི་རོལ་ཆ་བྱས་གོས་ཀྱི་འདོ་ལི་ལ་སྤྱན་དྲངས་པ་དང་ཐང་པོ་ཆེ་བའི་ཚོག་བཙུན་ཞིག་དང་འཕྲད་པས་མཛོ་ཁལ་བཅས་བྱིན་ནས་བླུས་ཏེ་ཁྱེར། བསམ་ཡས་པ་རྣམས་ཀྱིས་ཕྱིར་བསྙེགས་བྱས་ཏེ་དབུ་ཐོད་བླངས་ཀྱང་དབུ་མལ་མ་བྱིན་པར་སྣང་། ཕྱིས་དབུ་མལ་ཐང་པོ་ཆེ་རང་བླངས་ཏེ་ཡས་མས་འགྲིགས་པར་ད་ལྟ་བསམ་ཡས་དབུ་རྩེ་ཆེན་མོར་བཞུགས་པ་སྐལ་བཟང་སྐྱེ་བོ་ཡོངས་ཀྱི་མིག་གི་བདུན་རྩིར་གྱུར་པ་འདིའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཛའ་བོ་ནང་འཇུག་ཚེར་མས་མཐའ་མ་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་དུས་རྟགས་ཇི་ལྟ་བར་མངོན་དུ་གྱུར་པའི་སྐབས་འདིར་བྱོན་པའི་གཏེར་སྟོན་ནི་ཀུན་མཁྱེན་འཇིགས་མེད་གླིང་པས་གཏེར་སྐོན་ཧཱུྃ་ནག་(སྟོད་ཆ།༦༥༨)འགྲོ་འདུལ་ལ་ངོས་འཛིན་གནང་བར་མཛད་མོད། འོན་ཀྱང་ཐང་ཡིག་འགའ་ཞིག་ནས་ཆོས་རྗེ་གླིང་པ་ཞེས་གསུངས་འདུག་པ་དང་། ཆོས་རྗེ་གླིང་པ་ཉིད་ཀྱིས་ཀྱང་རྣམ་ཐར་དུའང་བདག་གིར་མདད་ནས་རང་ཉིད་དུ་ཞལ་གྱིས་བཞེས་པ་མཛད་འདུག་པ་བཞིན། འདིར་རིག་འཛིན་ཆོས་རྗེ་གླིང་པ་ནི། མཚན་གྱི་རྣམ་གྲངས་བདེ་བའི་རྡོ་རྗེ་དང་། འཛམ་གླིང་རྡོ་རྗེ་ཡང་ཟེར། རྗེ་ཟླ་འོད་གཞོན་ནུའི་གཅུང་ལྷ་རྗེ་སྙི་ཆུང་ནས་བཟུང་གདུང་རབས་བར་མ་ཆད་པར་བྱོན་པའི་བཅུ་དྲུག་པ་སྟེ། ཡབ་རྡོ་རྗེ་གྲགས་པའི་སྲས་སུ་དྭགས་པོ་ཀླུ་མཁར་རྫོང་དུ་འཁྲུངས། སྒམ་པོ་ནས་རྗེ་བཟང་པོ་རྡོ་རྗེས་ཞབས་དྲུང་ཨོ་རྒྱན་རིག་འཛིན་རྡོ་རྗེའི་སྐྱེ་བར་བཞེད་ཀྱང་། དེ་སྐབས་རས་ཆུང་ཕུག་ནས་ཞབས་དྲུང་འཆི་མེད་དབང་པོ་ཞིང་གཤེགས་པའི་སྐུ་སྐྱེར། ལ་མོ་ཆོས་སྐྱོང་གི་བརྟག་བབ་དང་། ཞྭ་དམར་དཔལ་ལྡན་ཡེ་ཤེས་སྙིང་པོས་བཀའ་ལུང་བཞིན་དགུང་ལོ་དྲུག་པ་ལ་དཔལ་ལྡན་རས་ཆུང་ཕུག་གི་གདན་སར་ཕེབས། ཞྭ་དམར་སྐུ་ཞབས་ནས་མཚན་ཟླ་བའི་དབང་པོ་བསྟན་པའི་གསལ་བྱེད་ཅེས་པ་དང་། གནས་བརྟན་འཇམ་དབྱངས་གྲགས་པ་ལ་དགེ་ཚུལ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་ལས་བསྙེན་རྫོགས་བཞེས་པའི་མཚན་ངག་གི་དབང་པོ་བློ་བཟང་ཆོས་དབྱིངས་དཔལ་བཟང་པོར་གསོལ། ཐུགས་གཉེར་མཛད་པས་དགུང་ལོ་བཅུ་དྲུག་ཡན་ལ་ཟ་ཆོག་མི་ཐེ་བའི་པུ་སྟི་མདའ་ཚད་མ་བརྒྱད་རྒྱུག་གམ་གཙང་དུ་སྤྱད་པས་མཁྱེན་རབ་ཆེ་བའི་ཚད་དུ་འཛིན། གདན་ས་འདིར་བཞུགས་སྐབས་ཀྱང་ཟབ་གཏེར་ཕྲན་བུ་འགའ་ཞིག་ཕྱག་ཏུ་སོན་ཀྱང་བཀའ་བརྒྱུད་པའི་གྲུབ་མཐའི་ཐུགས་ཞེན་གྱིས་བདག་གིར་མཛད་ཅིང་གྱི་ནར་བསྒྱུར་བས་ཆུད་ཟོས་སུ་(སྟོད་ཆ།༥༦༩)སོང་། དེ་སྐབས་ལྷ་སར་ཕེབས་པས་གཙང་བྱང་ཆུབ་གླིང་པའི་གྲྭ་པ་ཡིན་པའི་གཙང་པ་གཏེར་སྟོན་དཔོན་གསས་ཁྱུང་ཐོག་ཏུ་ཁས་མཆེ་བའི་རིན་ཆེན་རྒྱ་མཚོ་ཞེས་པས་ཙཱ་རིི་གནས་སྒོ་འབྱེད་རྒྱུ་དང་གཏེར་གྱི་བཀའ་བབ་ཡོད་ཚུལ་སོགས་ཞུས་འདུག་ཅིང་། དགུང་ལོ་དྲུག་ནས་ཉེར་ལྔའི་བར་རང་ཆུག་པུག་གུ་གདན་ས་མཛད། སྐབས་ཤིག་འོན་ཕྱོགས་ལ་ཕེབས་ཞོར་ཞིག་ཏུ་བྲག་ལྡེབས་ཤིག་ན་བཞུགས་པའི་མདུན་གྱི་ཕ་གི་པྱོགས་ནས་སྤོས་རིང་ལྟ་བུའི་དུ་བ་སྔོ་ཕྱུ་རུ་རུ་བྱེད་པ་གཟིགས་པས་དེར་ཕྱག་གིས་རྡོ་བ་ཟིག་བསྣུན་པས་བུག་པ་ཞིག་དོན་བྱུང་དེ་བརྐོས་པའི་ནང་ནས་ཐུམ་ཐུམ་ཞིག་དང་ཤོག་དྲིལ་ཅིག་བྱུང་བ་ཕྱག་ཏུ་སོན་པས། བྲམ་ཟེ་དྲི་མེད་སྙིང་པོའི་འཕེལ་གདུང་བླ་མ་སྐུ་བཞིའི་སྒྲུབ་ཐབས། སྲོང་བཙན་བང་སོ། ཡུམ་བུ་བླ་སྒང་། ཁྲ་འབྲུག་སོགས་ཀྱི་གཏེར་གྱི་ཁ་བྱང་མང་པོ་བྱུང་ཞིང་། འོན་འཇང་རྡོའི་ལྷ་ཁང་མཇལ་བ་ནས་ལྷའི་ཕྱག་མཛུབ་ཅིག་ཕྱག་ཏུ་བྱུང་བ་དེའི་ནག་ནས་ཀྱང་གཏེར་གྱི་ཁ་བྱང་འགའ་ཞིག་བྱུང་། འོན་ཀྱང་ཕལ་ཆེར་ཡང་གཏེར་དུ་སྦ་བར་གནང་། འདི་ནས་ལུང་བསྟན་དུས་བབས་ཀྱིས་ཐོག་ཏུ་ཁེལ་བས་གསང་སྔགས་རྙིང་མ་རང་ལ་ཐུགས་སྤྲོ་དང་སྦས་ཡུལ་ཙ་རི་ཧྲ་སོགས་ལ་འབྱོན་འདོད་བྱུང་བ་བཞིན་རྙིང་ལུགས་ཀྱི་ལྷ་སྐུ་རྟེན་གསུམ་མང་པོའང་འབད་རྩོལ་མ་དགོས་པར་ཕྱག་ཏུ་སོན་པ་བྱུང་བས། གདན་པའི་ཁུར་བོར་ནས་རྩིས་སྤྲོད་མཛད་ནས་ཙ་རིར་ཕེབས་ཀུན་སྦང་ཨ་བ་རྒྱུ་ཏི་པའི་བརྟུལ་ཞུགས་ལ་གནས་པར་མཛད། འོན་ཀྱང་ལྷོང་ལྟ་བུའི་བསྙུང་ཚབས་ཤིན་ཏུ་ཆེ་བ་ཞིག་བྱུང་ཀྱང་སྐྱོན་དབང་དུ་མ་གྱུར། འདི་དག་གི་སྐབས་སྔ་ཕྱི་རྣམས་དང་དུས་རྒྱུན་ཐམས་ཅད་ཨོ་རྒྱན་རིན་པོ་ཆེ་གཙོ་བོར་(སྟོད་ཆ།༦༦༠)གྱུར་པའི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་བྱུང་ཚུལ་སོགས་ནི་བརྗོད་ཀྱིས་མི་ལངས། ཐུགས་དམ་རྟོགས་པ་ཀློང་དུ་གྱུར་པས་གྲུབ་རྟགས་ངོ་མཚར་ཅན་དུ་མ་དང་ཕྱག་ཕྲེང་གི་མདོ་འཛིན་ལ་ཧྲཱི་རང་བྱོན་དང་ལྗགས་མཆིལ་ལས་རིང་བསྲེལ་བྱུང་བ་སོགས་དང་ཕྱག་ཞབས་ཀྱི་རྗེས་སོགས་མང་དུ་འཇོགས་པར་གནང་བ་དང་། སྔོན་གནས་མང་པོ་རྗེས་སུ་དྲན་པ་དང་གཞན་རྒྱུད་ཀྱི་བསམ་པ་མཁྱེན་པ་སོགས་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་བ་དང་། མདོར་ན་ཐུན་མོང་སྐྱེ་བོ་ཀུན་གྱི་མངོན་སྣང་དུ་གྱུར་པ་དང་ཐུན་མོངས་མ་ཡིན་པའི་ལྐོག་གྱུར་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། དེ་ནས་རིམ་པར་སྒམ་པོ་དང་ཀོང་ཡུལ་སྟོད་སྨད་རྣམས་སུ་བྱོན། ཟབ་གཏེར་ཀྱང་མང་དུ་བཞེས། ཁྱད་པར་ཀོང་ཡུལ་སྟོད་ཀྱི་སའི་ཆ་བམ་སྟེང་མེ་ཏོག་ལྷ་ནང་དུ་སྐུ་མཚམས་བཅད་རྒྱ་ལ་ཆིག་སྒྲིལ་མཛད། འདི་དག་གི་དུས་སུའང་འདུལ་བའི་བཅས་ཁྲིམས་ལ་ནམ་དུ་ཡང་འདའ་བ་མེད་པར་དགེ་སློང་བརྒྱད་གྲྭ་རེའི་གྲོགས་དང་བཅས་གསོ་སྦྱོང་དབྱར་གནས་སོགས་ཀྱིས་མཚོན་པའི་གཞི་གསུམ་གྱི་ཆོ་གའི་ཕྱག་ལེན་ཀུན་ཀྱང་ཉམས་པ་མེད་པར་ཕྱག་ལེན་དུ་བཏབས་པར་མཛད། གསང་སྔགས་གསར་རྙིང་གི་རྒྱུད་སྡེ་སོ་སོ་ནས་བཤད་པའི་ལྷག་པའི་ལྷ་བསམ་གྱིས་མི་ཁྱབ་པའི་ལྗགས་བསྙེན་དབང་སྐྱེད་བཟླས་ལ་བཤད་ཚོད་དང་མཐུན་པའི་ཐུགས་རྩོལ་མཛད། སྐལ་ལྡན་མང་པོར་ཟབ་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ཀྱང་རིས་མེད་རྒྱུན་མི་ཆད་དུ་སྩལ་བར་གནང་། བོད་ཡུལ་དབུས་དང་ཁམས་ཀོང་ཐམས་ཅད་ནས་བླ་ཆེན་མི་ཆེན་ཀུན་གྱིས་གཙུག་ཏུ་བཀུར། སྤོ་བོར་ཕེབས་ནས་མ་བསྐུང་ལུང་དང་དགའ་བ་ལུང་བདུད་རི་གནམ་ལྕགས་(སྟོད་ཆ།༦༦༡)བྲག་སོགས་གནས་ཆེ་ཕྲ་མང་པོ་ནས་ཟབ་གཏེར་མང་དུ་བཞེས། དེ་ནས་རིག་འཛིན་སྟག་ཤམས་རྡོ་རྗེའི་གདན་དྲངས་པ་ལྟར་ཧོ་སྤར་ཤོད་དུ་ཕེབས། རིག་འཛིན་ཆེན་པོ་དེས་ཆོས་བདག་ཏུ་ངོས་འཛིན་མཛད་བཀའ་ཆོས་ཕར་འབུལ་ཚུར་གསན་མང་དུ་མཛད་ནས་རྒྱང་ཙམ་བཞུགས། དཔལ་གི་བྲག་ནས་གཏེར་ཁ་ཞིག་ཀྱང་སྤྱན་དྲངས། སླར་སྤོ་བོ་ནས་བརྒྱུད་གདན་སར་ཕེབས། སྟག་ཤམས་པ་ཞིང་ཕེབས་རྗེས་སུའང་ལྷོ་སྤར་ཤོད་དུ་ཕེབས་སྐུ་གདུང་སོགས་བཞེངས་པ་གདན་སའི་བསྐོ་བཞག་སོགས་ཀྱང་མདད། དེ་ནས་གཙང་ཕྱོགས་སུ་ཕེབས། ཟབ་གཏེར་རྣམས་ཤོག་སེར་ལས་ཕབ་པ་དང་། ཤངས་ཟབ་བུ་ལུང་དུ་གཏེར་སྒྲུབ་མཛད་པས་དག་སྣང་དཔག་ཏུ་མེད་པ་གཟིགས། ཕྱིར་ཕེབས་ལམ་དུ་ཏྲེ་ཧོ་ཆོས་ཀྱི་དབང་པོ་དང་། ཀརྨ་པ་ཞྭ་དྨ་ནག་ཟུང་ལ་རང་གཏེར་གཙོ་བོར་གྱུར་པའི་གཏེར་རྫས་མང་པོ་དང་བཀའ་ལུང་དབང་གསུམ་སྨིན་རྒྱས་སུ་ཕུལ། སོག་པོའི་རྒྱལ་པོས་ཀྱག་ཐམ་དམར་རྒྱབ་ཆོག་པའི་ལུང་དང་འཇའ་ས་གནང་། སྨིན་གྲོལ་གླིང་དུའང་ཕེབས་ནས་གཏེར་སྟོན་རིན་པོ་ཆེ་མཇལ་པས་བཀུར་ཟོས་གང་ཆེ་དང་ཐུགས་ཡིད་གཅིག་འདྲེས་མཛད། སྒམ་པོར་མཆོག་སྤྲུལ་རིན་པོ་ཆེའི་གདུང་བརྒྱུད་དང་བཅས་པ་ལ་གསང་སྔགས་གསར་རྙིང་མང་པོ་དང་རང་གཏེར་གྱི་དབང་ལུང་ཀྱང་གནང་། སྔ་ཕྱིར་དབུས་གཙང་ཁམས་ཀོང་དྭགས་པོ་སོགས་ནས་ཟབ་གཏེར་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེང་སང་ལང་ཆོས་བརྒྱུད་ཉམས་པ་མེད་པར་གནས་སོ། སླར་ཡང་ཀོང་པོར་ཕེབས་ནས་ཕྱི་ནང་གི་རྟེན་བཞེངས་དང་བཀའ་ཆོས་འཆད་སྤེལ་སྒྲུབ་ཆེན་མང་པོ་འཛུགས་པ་སོགས་བསྟན་འགྲོའི་ཕན་བདེ་སྤེལ་བའི་རྣམ་པར་དཀར་བའི་མཛད་ཕྲིན་དབྱར་གྱི་(སྟོད་ཆ།༦༦༢)དཔལ་མོས་བསྐྱེད་པའི་ཆུ་ཀླུང་བཞིན་གོང་འཕེལ་མཛད། དེ་ནས་མི་རིང་དགའ་རབ་དབང་ཕྱུག་གི་རྣམ་འཕྲུལ་རྫུན་གར་བས་རྙིང་བསྟན་མཐའ་དག་དམིགས་མེད་དུ་རྒྱས་འདེབས་པའི་ཚེ་རྗེ་འདི་ཉིད་སྦས་ཡུལ་པདྨའི་ཚལ་དུ་ཕེབས་པའི་ཐུགས་གྲ་བསྒྲིགས་ཏེ་སྤུ་བོར་ཕེབས་ནས་པདྨ་བཀོད་ཀྱི་གནས་སྒོ་འབྱེད་པའི་ཐུགས་རྩོལ་གནང་། རིམ་གྱིས་གནས་ནང་དུ་ཕེབས་པས། གནས་དེའི་ཞིང་སྐྱོང་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་དགྱེས་ཉམས་ཀྱིས་བསུ་བ་དང་། སྔོན་བསགས་སྨོན་ལམ་སྐྱེ་རྒྱུད་རིགས་སྦྱངས་ལྡན། །བར་དུ་ཐོས་བསམ་སྒོམ་པས་རང་དོན་བརྙེས། །ཐ་མར་འགྲོ་ཕན་སྦས་གནས་ཟབ་གཏེར་བཏོན། སྤྲུལ་པའི་གཏེར་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བྱེད་པ་གཏེར་ཆེན་ཉིད་ཀྱིས་གསན། གནས་ཀྱི་གསལ་ཆ་དང་ལམ་ཡིག་སོགས་མཛད་ནས་གཟིགས་སྣང་ཐམས་ཅད་གཏན་ལ་ཕབ། གློ་མི་དུད་འགྲོ་འདྲ་བ་དེ་རྣམས་ལའང་བཀའ་ཆོས་སྩལ་ནས་ཆོས་ཀྱི་བག་ཆགས་བཞག་པར་མཛད། གློ་རྣམས་ཀྱིས་ཀྱང་དད་གུས་དང་ཞབས་ཏོག་ཡུལ་ལུགས་དང་བསྙུན་པའི་བསྙེན་བཀུར་སྟབས། དེ་ནས་ཡར་བྱོན་པས་ཞབས་འབམ་གྱི་བསྙུང་གཞི་ཏུ་ཞི་བ་ཆེན་པོར་དབྱིངས་སུ་གཤེགས་སོ། གདུང་ཞུགས་ལ་སྦྱོངས་པས་ཕྱག་དཔུང་ལ་རྟ་མགྲིན་སྐུ་རང་བྱོན་ཞིག་བྱུང་། གཞན་གདུང་རུས་ཕལ་ཆེར་མཁའ་འགྲོས་གདན་དྲངས་སོང་བར་གླེང་། །དགོངས་རྫོགས་གདུང་རྟེན་སོགས་རྒྱལ་ཚབ་ཕྱག་མཛོད་པས་ཕུར་ལེན་མཛད། བཀའ་ཆོས་ཀྱི་བདུད་རྩི་བཞེས་པིའ་སློབ་མ་ནི། ཀརྨ་པ་ཞྭ་དམར་ནག་གཉིས། ཧྲེ་ཧོ་ཆོས་ཀྱི་དབང་པོ། འབྲི་གུང་།(སྟོད་ཆ།༦༦༣) དཀོན་མཆོག་ཕྲིན་ལས་བཟང་པོ། རས་ཆུང་ཕུག་སྤྲུལ་སྐུ། དྭགས་སོ་ཞབས་དྲུང་ལྷུན་གྲུབ་ངེས་དོན། སྤྲུལ་པའི་སྐུ་ཀུན་བཟང་ངེས་དོན་དབང་པོ། ལྷོ་པ་གྲུབ་ཆེན། ལྕུབ་རི་གྲུབ་ཐོབ། ར་སྟོན་སྟོབས་ལྡན་རྡོ་རྗེ་སོགས་བགྲངས་ཀྱིས་མི་ལངས། སྤྲུལ་པའི་སྐུ་ཀོང་པོ་དགའ་ཆགས་སྡེ་པར་འཁྲུངས་པའི་འཇིག་རྟེན་དབང་ཕྱུག་དང་། སྤོ་བོར་བླ་མ་ཆོས་གྲགས་གཉིས་བྱུང་ཡང་གཏེར་སོགས་བཞེས་པ་མ་བྱུང་ཞིང་ཆོས་གླིང་བདེ་བའི་རྡོ་རྗེ་ཉིད་ཀྱི་ཞལ་ཆེམས་ཡི་གེ་དང་མཐུན་པར་སྐྱེ་བ་བཅུ་གསུམ་པ་ནི་གཏེར་ཆེན་རིག་འཛིན་ཆེན་པོ་ཀུན་བཟང་འོད་ཟེར་ཡིན་ཏེ། དེའི་ལོ་རྒྱུས་རྒྱས་པར་འོག་ཏུ་འཆད་དོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ གཏེར་སྟོན་རིག་འཛིན་ཆེན་པོ་འདི་དབུས་ཀྱི་གཡོ་རུ་གྲའི་དར་རྒྱས་ཆོས་སྡིང་དུ། ཡབ་སྨྱོས་སྟོན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་ཤིང་ཕོ་ཁྱི་ལ་འཁྲུངས། མོན་ཤ་འུག་སྟག་སྒོ་ནས་ཐུགས་རྗེ་ཆེན་པོ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་སྐོར་རྣམས་ཁྲོམ་བརྒྱ་ཙམ་གྱི་དབུས་སུ། བྲག་མི་མི་ཐར་པ་ལ་བྱ་ལྟར་འཕུར་བའི་རྫུ་འཁྲུལ་དང་བཅས་སྤྱན་དྲངས། ངོ་མཚར་ཡ་མཚན་བསམ་གྱིས་མི་ཁྱབ་པས་ཐམས་ཅད་དད་པའི་ས་ལ་བཀོད། གཞན་ཡང་ཕྱིང་མདང་ཨོ་དཀར་བྲག །གཡའ་མ་ལུང་སོགས་ནས་ཟབ་གཏེར་མང་དུ་བཞེས། གསང་ཆེན་རྙིང་མའི་བསྟན་པ་ལ་བཀའ་(སྟོད་ཆ།༦༦༤)དྲིན་ཆེ་ངེས་ཤིག་ཡིན་ཏེ། ལོ་རྒྱུས་རྒྱས་པ་གདན་རབས་སྐབས་སུ་འཆད་དོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཕགས་པ་ལྷའི་བུ་རབས་རྩལ་ལུང་བསྟན་མདོར༔ དེ་དག་སེམས་ཅན་དོན་ཡང་རྟག་ཏུ་བྱེད༔ ཕྱིར་མི་ལྡོག་སྟེ་འགྲོ་བ་ཐལ་སྦྱར་འདུད༔ ཁ་རག་ལ་ཁར་སོ་ས་རེས་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་པདྨ་ཀུན་སྐྱོང་གླིང་པ་ནི། རང་གཏེར་ལས་བཻ་རོ་ཁྱོད་ཀྱི་སྤྲུལ་པ་ནི༔ ཆུ་ཁམས་བྱ་འམ་ཁྱི་ལོ་པ༔ ཡབ་མེད་ཡུམ་བྲལ་སྔགས་འཆད་རིགས༔ ཨོ་རྒྱན་མིང་འཛིན་ཤེས་རབ་ཅན༔ མ་དེས་སྤྱོད་པས་འགྲོ་བ་འདུལ༔ གནས་མེད་རླུང་བཞིན་ཀུན་ཏུ་རྒྱུ༔ མོན་བལ་རྩེ་ལྔ་ཕྱོགས་སུ་འདའ༔ ཐུགས་གཏེར་དགོངས་གཏེར་མང་ཞིག་འབྱེད༔ ཅེས་ལུང་དུ་བསྟན་པ་ལྟར་མེ་ཕོ་བྱི་བའི་ལོ་ལ་ཤངས་ལྷ་ཕུ་བི་རྫིང་ཞེས་པར། ཡབ་དཔའ་བོ་རྒྱལ་མཚན་མགོན་དང་། ཡུམ་སྒྲོན་མའི་རྣམ་འཕྲུལ་བདེ་མཆོག་དཔལ་མོའི་སྲས་སུ་འཁྲུངས༔ སྐུ་གཞོན་ནུའི་དུས་ནས་སྐྱེ་བ་མང་པོ་དྲན་པ་དང་། ཆོས་ཐམས་ཅད་མ་བསླབ་པར་མཁྱེན་ཅིང་། བྱིས་པའི་སྤྱོད་པ་ལས་འདས་པའི་དམ་པའི་ངང་ཚུལ་ཤིན་ཏུ་གསལ་ཞིང་། ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་དང་བཅས་པའི་ཞལ་ཡག་ཡང་གཟིགས་ཤིང་ཟབ་མོའི་ལུང་བསྟན་ཐོབ་ཅིང་ཟབ་གཏེར་འདོན་པའི་ཞལ་གདམས་རིམ་པར་གནང་བ་སོགས་བྱུང་། དགུང་ལོ་བཅུ་བཞི་ཙམ་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་ཞིང་། དེ་ནས་རིམ་པར་ཟབ་གཏེར་བཞེས་(སྟོད་ཆ།༦༦༥)པའི་ཚུལ་ཡང་། གཏེར་སྟོན་ཉིད་ཀྱི་གསུང་ལས། ཨོ་རྒྱན་ཀུན་སྐྱོང་གླིང་པ་ང་། གླིང་བརྒྱད་ཀྱི་སྐྱེ་བ་ང་རང་ཡིན། མ་བརྗེད་སྐྱེ་བ་སོ་གསུམ་ས་ལེར་དྲན། །ཐེག་ཆེན་གསང་སྔགས་ཆོས་ལ་སྦྱོང་སྟོབས་རྒྱས། སྔོན་སྦྱངས་སྟོབས་ཀྱིས་ད་ལྟ་མ་བསླབས་ཤེས། །ཞེས་དང་། ལོ་བཅུ་ལོན་ནས་རིག་པའི་ངོ་བོ་མཐོང་། བྱིས་པའི་སྤྱོད་པས་ཐ་མལ་སྡོད་མ་མྱོང་། །བཅུ་གསུམ་ལོན་ནས་ཨོ་རྒྱན་དང་རྗེ་དང་མཇལ། གཏེར་གྱི་ལུང་བསྟན་ཞལ་གདམས་རིམ་པར་གསུངས། བཅུ་དྲུག་ལོ་ལ་མ་ཚོར་རྡོ་རྗེའི་སྐྱེད་བྲག་ནས། ཟབ་གཏེར་ལྔ་དང་ཨོ་རྒྱན་དབང་ཆས་བརྙེད། ཅེས་དང་། གཏེར་འབྱུང་ལས་བདག་པདྨ་ཀུན་སྐྱོང་གླིང་པས། གླང་ལོ་རྟའི་ཟླ་བ་ལ། ཤོ་ཐེ་ནས་གཏེར་གྱི་ཁ་བྱང་ཐོན། དབྱར་ཟླ་དང་པོའི་ཚེས་བཅུ་གཅིག་གི་ནུབ་མོ། རྡོ་རྗེ་ལེགས་པ་མི་དཀར་པོ་གཡུ་ཡི་ཟུར་ཕུད་ཅན་གཅིག་ཏུ་བྱས་ནས་བྱུང་སྟེ། མ་ཚོར་རྡོ་རྗེའི་སྐྱེད་བྲག་དུ་ཕྱིན་རང་གི་ཕ་ཕོགས་ངེད་ལ་བཅོལ་ཡོད་པས་ལེན་དུ་ཤོག་ཟེར་བས། ཕ་ཕོགས་ག་ན་ཡོང་། ནོར་ཅི་ཡོད། ཕ་སུའི་ཕོགས་ཡིན་བྱས་པས། དེ་ན་རེ། ཕ་པདྨ་འབྱུང་གནས་ཀྱི་ཕ་ཕོགས་ཡིན། ང་དམ་ཅན་རྡོ་རྗེ་ལེགས་པ་ཡིན། །ཆོས་མང་པོ་དང་ཐུགས་རྗེ་ཆེན་པོའི་སྐུ། ཚེ་ཆུ། ཨོ་རྒྱན་པདྨའི་དབང་ཆས་སོགས་གཞན་ཡང་མང་པོ་ཡོད་ཟེར་བས། ཁོ་བོའི་བསམ་པ་ལ་ག་རེ་རྨི་ལམ་འདྲ་བ་འདི་ཅི་ཡིན། ཁ་སང་དགུན་ཡང་འདི་འདྲ་ཞིག་གིས་ལིང་ནས། གཏེར་གྱི་ཁ་བྱང་ཡང་བྱུང་བསམ་ནས་ཐེ་ཚོམ་ཅུང་ཟད་བྱུང་བ་དང་། བུ་མོ་ལོ་བཅོ་ལྔ་ཙམ་ལོན་པའི་ན་ཚོད་ཅན་དབུ་སྐྲ་ཀྲོལ་བ་གཅེར་བུ་རུས་རྒྱན་ཅན་ཐོད་པའི་ཌཱ་མ་རུ་དང་། མདའ་དར་བ་སྣམས་པ་ཞིག་གིས། རྒྱལ་(སྟོད་ཆ།༦༦༦)བའི་སྲས་པོ་མཁའ་འགྲོ་ཉིད་ཀྱི་མིང་། ཚེ་གཅིག་སངས་རྒྱས་འདོད་ན་ངེར་གྱི་ཟླ་ལ་གཤེགས། ཨོ་རྒྱན་གུ་རུའི་ཟབ་གཏེར་རྙེད་འདྲ་སྟེ། མ་ཚོར་རྡོ་རྗེ་གསང་བའི་བྲག་ལ་ཡོད། །ཅེས་གསུངས་ནས་འཇའ་ཡལ་བ་ལྟར་སོང་བའི་མོད་ལ། ཉམས་འབར་ཞིག་རིག་པ་ཁྲལ་ཁྲོལ་དུ་འུར་བ་ཅན་ཡབ་ཀྱི་ན་རེ། ན་ཉིན་ཀྱང་བུ་འདི་གཉིད་སོག་ནས་སྨྱོ་བ་བཞིན་བྱེད་པར་འདུག །དོ་ནུབ་ཀྱང་བུ་འདི་སྨྱོ་འདུག་པས། སང་ནམ་ལངས་འཕྲལ་ནས། ཚའུ་དཔལ་ཆེན་པ་གདན་དྲངས་ནས། དཔའ་བོ་ཡིན་ན་བཀའ་དཀྲོལ་དང་། འདྲེ་གདོན་ཡིན་ན་བྱིན་རླབས་དགོ་པ་འདུག་ཟེར། མ་ན་རེ། བུ་འདི་ལུས་ལ་ཡོད་དུས་ལུས་བདེ་བ་དང་། སེམས་དགའ་བ་དང་། མཁའ་འགྲོ་མ་མང་པོས་ང་ལ་ཁྲུས་དང་རྒྱན་འདོགས་པ་དང་། ཚོགས་གཏོང་བ་དང་། དྲི་བཟང་གིས་བྱུག་པ་དང་། ཉི་ཟླ་ཤར་བ་སོགས་རྨི་བ་དང་། ཆོས་གསེར་གྱིས་བྲིས་པ་མང་པོ་ཁོང་དུ་མིད་པ་དང་། གཞན་ཡང་ཡ་མཚན་ཅན་མང་པོ་རྨིས་པ་དང་། ཁོང་ནས་ཧཱུྃ་སྒྲ་སྒྲོགས་པ་དང་། སྐྱེ་དུས་རོལ་མོའི་སྒྲ་མང་པོ་གྲགས་པ་དང་། གླུ་ལེན་པའི་སྐད་ཐོས་པ་དང་། མེ་ཏོག་གི་ཆར་བབས་པ་སོགས་བྱུང་བས། བུ་འདི་གཞན་ལས་ལྷག་པ་ཞིག་འོང་སྙམ་པས། འདྲེ་གདོན་རང་ཡིན་ཟེར་རོ། སང་ནམ་ལངས་པ་དང་། མ་ཚོར་སྐོར་མཁན་མང་པོ་འགྲོ་འདུག་པ་དང་བསྟངས་ནས་ཕྱིན། མ་ཚོར་དུ་སླེབས་པའི་ནུབ་མོ་ཡང་མི་དེ་བྱུང་ནས། སང་ཉིན་དངོས་གྲུབ་ཆེན་པོ་ཡོད་ཟེར། དངོས་གྲུབ་གང་ན་ཡོད། ལེན་ལུགས་ཇི་ལྟར་དགོས་བྱས་པས། དེ་ན་རེ། དངོས་གྲུབ་རྡོ་རྗེའི་སྐྱེད་བྲག་ན་ཡོད། གསང་བའི་བྲག་ཕུག་མཚོ་བྲག་ན་ཡང་ཡོད།(སྟོད་ཆ།༦༦༧) རྟ་མགྲིན་མགུལ་ན་ཡང་ཡོད། བསམ་ཡས་མཆོད་རྟེན་དཀར་པོ་ལ་ཡང་མང་པོ་ཡོད། ལྷོ་བྲག་མཁར་ཆུ་ན་ཡང་ཡོད། མཆིམས་ཕུ་ན་ཡང་ཡོད། ཕུང་པོ་རི་བོ་ཆེ་ན་ཡང་ཡོད། མཐུ་ཕྲང་སྟོང་ན་ཡང་ཡོད། གཞན་མང་པོ་ཡོད་དེ་བཤད་ཀྱིས་མི་ལངས། དེ་རྣམས་ཀྱི་ནང་ནས་ཁྱེད་རང་གི་སྐྱེ་བ་སྔ་མ་རྡོ་རྗེ་གླིང་པས་ཀྱང་ཐོ་རེ་བ་བཏོན་པ་ཡིན། ད་རེས་སྔོན་ལ་རྡོ་རྗེ་སྐྱེ་བྲག་གི་གཏེར་འདི་ལེན་དུ་འགྲོ་ཟླ་བོ་སུ་ཁྲིད་ཀྱང་ཆོག །ཁྲོམ་གཏེར་བྱས་པས་ཀུན་ཡིད་ཆེས་པའི་ཁྱད་ཡོད། སྐྱེ་བ་སྔ་མ་ནས་སྐྱེ་རིམ་དགུ་ལ་གཏེར་རང་བཏོན་ཀྱང་། ཟོག་པོའི་མཐོང་ལས་མ་བྱུང་བས། ད་རེས་ཁྲོམ་གཏེར་གྱིས་ལ་ཐོན། སང་ལམ་སྣ་ལ་གླ་བ་གཅིག་ཡོད། དེ་ཡང་ང་ཡིན་ངས་གྲོགས་བྱ་ཟེར་མི་སྣང་བར་སོང་། ཡེ་ཤེས་དཔལ་ཟེར་བ་ཞིག་མདུན་དུ་ཉལ་ཡོད་པ་ཁོ་ན་རེ། དོ་ནུབ་ཁྱེད་ལ་ལབ་དང་ལབ་པ་དེ་སུ་ཞིག་ཡོད་པ་ཡིན། ངས་ནི་སུ་ཡང་མ་མཐོང་། ཁམས་མི་བདེ་བ་ནི་མིན་ལས་ཆེ་ཟེར་བར། ཁམས་མི་བདེ་བ་མིན་རྡོ་རྗེ་ལེགས་པ་ཁོ་དངོས་གྲུབ་ལེན་པར་འབོད་དུ་བྱུང་ཡིན་པས། སང་ནམ་ལངས་པ་དང་། མི་ཀུན་ལ་སྐད་ཐོངས་ལ། ཉེ་སྐོར་དུ་ཡོད་པ་ཐམས་ཅད་ཁྲིད་དེ་འགྲོ་གསུངས། སང་དེར་གནས་སྐོར་བ་བརྒྱ་དང་བདུན་ཡོད་པ་ཐམས་ཅད་ཁྲིད་ནས། རྡོ་རྗེ་སྐྱེད་བྲག་གི་རྩར་སླེབས་པ་ན། གླ་བ་ཚད་ལས་ཆེ་བ་གཅིག་བྲག་གསེབ་ནས་དོན་བྱུང་། དེའི་རྗེས་ལ་བྱོན་པས། བྲག་རྩར་སླེབས་པ་ན་བུ་མོ་གཅེར་བུ་རུས་རྒྱན་ཅན་བཞི་བྱུང་ནས། བུས་ཕ་ནོར་ལེན་པ་ངོ་མཚར་ཆེ། ཕ་ནམ་མཁར་བྱོན་པ་མཐོང་ལགས་སམ། ཟེར་བའི་མོད་ལ་ནམ་མཁར་བལྟས་པས་ནམ་མཁའ་འཇའ་འོད་ཀྱིས་ཁེངས་(སྟོད་ཆ།༦༦༨)པའི་དབུས་དཔའ་བོ་མཁའ་འགྲོའི་ཚོགས་མག་པོས་བསྐོར་བའི་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་ཞལ་གཟིགས། དེས་ཉམས་འུར་ནས་བར་སྣང་ལ་གར་མཛད་པས། དེར་ཚོགས་ཀུན་སྣང་བ་བན་བུན་ལ་སོང་། དེ་ནས་བྲག་གཡང་ལ་ཐོགས་མེད་དུ་བྱོན་པ་ན། ཟླ་བོ་དབོན་པོ་སངས་རྒྱས་ཞེས་པ་ཞིག་ཡོད་པ་ཁོ་ཡང་ཉམས་འུར་ནས་གཏེར་སྟོན་གྱི་ཟླ་ལ་ཕྱིན་པས། ཆུང་ཕ་རི་ན་ཁྱི་ར་བ་མང་པོ་ཡོད་པ་རྣམས་དང་བྲག་རྩར་ཡོད་པའི་དེར་ཚོགས་ཀུན་གྱི་ཀུ་ཅོའི་སྒྲས་ཕོ་ཉམས་སད་ནས་དཔྱང་ཐང་བཏང་སྟེ་ལེན་དགོས་པ་བྱུང་སྐད། དེར་གཏེར་སྟོན་རིན་པོ་ཆེ་ཉིད་གཏེར་གནས་སུ་ཕེབས་པ་དང་། གཏེར་སྒོ་རང་བྱེ། བྲག་ཕུག་ཆེན་པོ་ཞིག་འདུག་པ་དེའི་ནང་། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཀྲ་ལམ་མེ་བ་ཕུར་པ་ཉི་ཤུ་རྩ་གཅིག །ཨོ་རྒྱན་དབང་ཞུ། ཤེལ་རྒྱན། ཕོད་ཀ་གཉིས། ཟངས་རྔ་སྟོང་གསུམ་ལྡིར་བ། རྡོ་བུམ་ཚེ་ཆུས་བཀང་བ། རྡོའི་ར་ཧུ་ལ་མདའ་གང་གི་དབུ་དགུ་ལ། ཨོ་རྒྱན་སྙིང་ཐིག སྐུ་གསུམ་སྒྲུབ་ཐབས། པདྨ་ཞི་དྲག་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་སོགས་དང་། སྟོད་དང་ལག་པའི་ནང་ནས་སྒྲུབ་ཆེན་བཀའ་བརྒྱད། དྲག་སྔགས་དབང་སྒྲུབ་རྒྱུད་བརྒྱད་དགྲ་བགེགས་གནད་འབེབས། སྲུང་ཟློག་ལས་ཚོགས་ཕྲ་མོ་སུམ་བརྒྱ། ཐུགས་ཁ་ན་རྡོ་རྗེ་སེམས་དཔའི་སྙིང་ཐིག །རྒྱུད་མན་ངག་སྒྲུབ་ཐབས། མཁའ་འགྲོ་སྙིང་ཐིག་རྒྱུད། སྨད་སྦྲུལ་མཇུག་ལ་བསྟན་སྲུང་། སྔགས་སྲུང་། ཁྱབ་འཇུག་སྐོར་སོགས་ཀྱི་ཕྱི་ནང་གསང་གསུམ་སྒྲུབ་སྐོར་དྲག་སྔགས་མང་པོ་བཏོན། ཡང་གཡོན་ཕྱོགས་སུ་བྲག་ཕུག་ཤིན་ཏུ་ཡངས་པའི་ནང་ན་མཚོ་ཆེན་པོ་ཞིག་དང་ཡུལ་ལྗོངས་ལྗོན་ཤིང་སྣ་ཚོགས་སྐྱེས་པ་ཞིག་གཟིགས་ཤིང་། དེ་ནས་རྡོ་སྒྲོམ་གསུམ་(སྟོད་ཆ།༦༦༩)དང་ལ་བསེའི་གའུ་སོགས་སྤྱན་དྲངས། དེ་ནས་མ་ཚོར་གྱི་དགེ་སྙེན་དང་། བཀའ་སྲུང་རྣམས་ཀྱིས་རོག་དན་བྱེད་པ་གཟིགས་ཤིང་། ཁྱད་པར་དུ་སྔགས་སྲུང་ཨེ་ཀ་ཛ་ཊི་ཤིན་ཏུ་འཇིགས་སུ་རུང་བ། མིག་གཅིག་ཁྲག་མཚོ་ལྟར་ཁོལ་བ་ཞིག་གིས། ང་ནི་ཀུན་ཏུ་བཟང་མོ་ཡིན། ཨོ་རྒྱན་པདྨ་འི་བྲན་མོ་ལགས། ཨ་ཏི་སྙིང་ཐིག་སྲུང་མ་་ཡིན། ཁྱེད་གཏེར་འདོན་རྣམས་ཀྱི་སྡོང་གྲོགས་བྱེད། ཅེས་སོགས་ལུང་བསྟན་དང་ཞལ་ཏ་མང་དུ་གནང་། ལ་བསེའི་གའུ་རྣམས་ཀྱི་ནང་ན། རྫོགས་ཆེན་གྱི་སྐོར་བཅུ། ཀློང་གསལ་མ་བུ། ཁྲོས་ནག་ལུང་བསྟན་གྱི་རིགས་མང་པོ་དང་བཅས་པ་བཏོན། རྡོ་རྗེ་གླིང་པས་སྦས་པའི་ཡང་གཏེར་འགའ་ཞིག་འདུག་པ་ཡང་བཏོན་པར་མཛད། དེ་ནས་བཀའ་སྲུང་རྣམས་ཀྱིས། བུད་མེད་དང་། ཨ་ཙ་ར་སྤྲེའུ་མོན་པ་ཁྱེའུའི་ཚོགས་མང་པོར་སྤྲུལ་ནས། གཏེར་རྫས་རྣམས་ཁུར་ཏེ། ཁྲོམ་དཀྱིལ་དུ་བསྐྱ་ལོ། །སྐོར་མི་རྣམས་ཀྱིས་རྒྱལ་མཚན་མགོན་ལ་བུ་སྤྲུལ་སྐུ་འདི་འདྲ་བྱོན་པ་ཟེར་ཞིང་། དད་པ་འུར་ནས་གདའ་སྐད་དོ། དེ་ནས་སྐོར་མི་རྣམས་གྱིས་གཏེར་རྫས་ཁུར་ནས་ཡུལ་དུ་ལོག་དཔེ་རྣམས་གཟིགས་པས་དེའི་ནང་ན། སྔར་རྡོ་རྗེ་གླིང་པས་བསྐྱལ་བའི་པོ་ཏི་བཅུ་གཅིག་ཙམ་ཡང་བྱུང་། གཞན་རྣམས་ཡོས་ལོ་ཙམ་ལ་ཤིན་ཏུ་དག་པར་ཕབ་ནས། ཤོག་སེར་སླར་གཏེར་ཤུལ་དུ་སྦ་དགོས་པར་བཤད་པ་བཞིན་མཛད། ཡང་དེ་ནུབ་ཁ་བྱང་བྱུང་སྟེ། དགུང་ལོ་ཉེར་གཅིག་བཞེས་པའི་ཚེ། རྡོ་རྗེ་ལེགས་པས་བསྐུལ་སྟེ། བསམ་ཡས་མཆོད་རྟེན་དཀར་པོའི་གཏེར་ཁ་བཞེས་པར་བྱོན་སྐབས་ཡབ་དང་ནུ་བོ་གཉིས་ཡོད་པའི་རྩར་བྱོན་ནས། བསམ་ཡས་ནས་གཏེར་འདོན་པར་ཕ་པད་ཀུན་འགྲོ་(སྟོད་ཆ།༦༧༠)གསུངས་པས། ཡབ་ན་རེ། བཟའ་རྒྱུ་དཀོན་པོ་འདི་ལ། ནོར་འདྲ་ཡོང་བ་འདུག་ན་འགྲོ། གཞན་ན་ནིང་གིས་དཔེ་རུལ་དེ་འདྲ་ཡིན་ན་སྐྱག་བྱུང་མི་འདུག་ཟེར། ནུ་བོ་གཉིས་ཀྱང་དེ་ཁ་བཞིན་ཟེར་བས་ཐུགས་དགོངས་ལ་སྡུག་པ་འདི་ཚོ་ནོར་མེད་པའི་ཁྱེར་འདུག་དགོངས་ནས། སྙིང་རྗེ་ཆེན་པོ་ཡང་འཁྲུངས་ཏེ། ནོར་ཡོང་བའི་ཁ་དྲོད་ཆེན་པོ་གཏིང་ནས་ཁྲིད་དེ་བྱོན། གཞིས་ཁ་རིན་སྤུངས་སུ་ཕེབས་པ་དང་། རིན་སྤུགཤ་ནོར་བུ་བཟང་པོ་དང་མཇལ། བླ་མ་སྔགས་པ་གང་ནས་བྱོན་གསུངས། ཟབ་བུ་ལུང་ནས་ཡིན་ཚུལ་སོགས་ཞུས་པས། འོ་ན་ལྷ་ཕུ་ན་དཔའ་བོ་གཏེར་སྟོན་གཅིག་འདུག་ཟེར་བ་དེ་མིན་ནམ་གསུངས། ཡིན་གསུངས་པས་རིན་སྤུངས་རང་ནས་ལམ་ཆས་ཟག་ས་གར་བབས་སུ་ཞབས་ཏོག་ཡོང་བའི་ཕྱག་རྟགས་མཛད། ཡར་ལམ་ཅིས་ཀྱང་འབྱོན་དགོས་པའི་ནན་ཆགས་པའི་ཞུ་བ་དང་བཅས་བྱུང་བས། དེ་ཁ་བཞིན་མཛད་ནས་ཕེབས། བར་ལམ་དུ་རྡོ་རྗེ་ལེགས་པ་ཁ་རག་ཁྱུང་བཙུན་མ་སོགས་གཞི་བདག་རྣམས་ཀྱིས་ཀྱང་གཞིས་ལེན་བྱས། དེ་ནས་བསམ་ཡས་སུ་ཕེབས། ཟླ་བ་གསུམ་པའི་ཚེས་བཅོ་ལྔའི་དགོང་མོར། མཆོད་རྟེན་དཀར་པོ་ལ་སྐས་གསུམ་འབྲེལ་བཙུགས་ནས་གཏེར་སྒོ་ཕྱེ། བུ་མོ་ལྔས། དཀྱིལ་འཁོར་གྱི་དབུས་ནས་ཟངས་ཀྱི་གའུ་གཅིག་དང་། སྲིན་ཐོ་ཁ་སྦྱར་ལྕགས་ཐག་གིས་བསྡམས་པ་གཅིག་བླངས་ནས་བྱིན་བྱུང་བ། ཡབ་དང་ནུ་བོ་གཉིས། གཞན་མུ་ཏོ་བ་གཉིས་དང་། གནས་པོ་སོལ་དཔོན་དངོས་གྲུབ་རྣམས་སྐས་གཤམ་ནང་བསྡད་ཡོད་པ་ལ། སྔར་གྱི་བུ་མོ་ལྔས་སྐྱེལ་གྲོགས་བྱས་ནས་བསྐྱལ་བས་ཀུན་ཧ་ལས་པར་གྱུར། དེ་ནས་གནས་ཚང་གི་ནང་དུ་བྱོན་ནས། གཏེར་སྣོད་ཁ་ཕྱེ་(སྟོད་ཆ།༦༧༡)བས། དེ་ནས་ཆོས་གཏེར་དཔག་མེད་དང་། གཏེར་གྱི་ཁ་བྱང་། བྲམ་ཟེའི་སྐུ་ཤ། དེ་བཞིན་གཤེགས་པའི་རིང་བསྲེལ་ལ་སོགས་པའི་བྱིན་རླབས་རྟེན་མང་པོ་དང་། བོད་ཕུང་འཕེངས་ནུས་པའི་དྲག་སྔགས་མང་པོ་ཡང་ཐོན། དེའི་སྐན་པས་བསམ་ཡས་གངས་དཀར་རིན་སྤུངས་སོགས་སུ་ཡར་ལམ་འབུལ་བ་ཞབས་ཏོག་ཀྱང་རྒྱ་ཆེར་ཕུལ་བ་བྱུང་། སོ་སོར་གཏེར་རྫས་དམ་རྫས་ཀྱི་སྐྱེས་ཀྱང་སོ་སོར་སྩལ་ནས་ཡུལ་དུ་ཕེབས། སྔར་ཁྱིམ་མི་རྣམས་ལ་བུ་ལོན་སྟོང་ཕྲག་གསུམ་འདུག་པས་ཟླ་བ་གཅིག་གིས་ཁོངས་སུ་སྦྱངས་ནས། ཡབ་ཡུམ་ནང་གི་ཚང་མ་ནོར་གྱིས་ཚིམས་པར་མཛད། ལོ་གཉིས་ཀྱི་ཁོངས་སུ་གཏེར་ཤོག་རྣམས་པབ་ནས་སླར་ཤོག་སེར་དངོས་གཏེར་ཤུལ་དུ་བསྐྱལ་ནས་ཡང་གཏེར་དུ་སྦ་བར་མཛད། དེ་ནས་ཕྱོགས་མཐའ་ཀུན་ཏུ་དཔའ་བོ་གཏེར་སྟོན་ཞེས་གྲགས་ཤིང་། འགྲོ་དོན་དང་ཕྲིན་ལས་རྒྱ་ཆེར་བྱུང་ཞིང་། སློབ་མ་ཡང་སྐུ་སྲས་ལྔ་དང་། རྒྱལ་ཚབ་དམ་པ་གཉིས་སོགས། དངོས་ལས་མི་ཞན་པའི་དམ་པ་འགའ་བྱོན་ཏེ། གཏེར་ལུང་ལས། པདྨ་ཉི་ཟླ་བཛྲ་བསོད་ནམས་མིང་། ཀུན་སྐྱོང་གླིང་པའི་བསྟན་པ་སྤེལ་བར་བྱེད། དངོས་ལས་ལྷག་པའི་ཐུགས་སྲས་བུ་ལྔ་འོང་། བསྟན་པ་འཛིན་པའི་བུ་ཆེན་བཅུ་དྲུག་ཡང་། ཞེས་དང་། གཏེར་སྟོན་ཉིད་ཀྱི་གསུང་འགུར་ཀྱང་། ལས་ཅན་འབུམ་ཚོ་བཅོ་བརྒྱད་དང་། ལུང་བསྟན་ཐོབ་པའི་བུ་ཆེན་བཅུ། ཞེས་སོགས་གསུངས་ཤིང་གཞན་ཡང་། ལྷ་སྲས་གསུམ་གྱིས་ཀློང་ཡང་སྤེལ། མི་རབས་བདུན་ནི་མ་རྫོགས་པར། བསྟན་པ་ནགས་ལ་མེ་མཆེད་འདྲ། ཞེས་གསུངས་པ་ལྟར། ཀུན་མཁྱེན་བ་ལུ་མེ་ཏོག་པ་དང་ཞ་ལུ་མཁྱེན་རབ་ཆོས་རྗེ་སོགས་ཕྱོགས་མཐའི་གང་ཟག་ཁྱད་(སྟོད་ཆ།༦༧༢)པར་ཅན་མང་པོ་དང་། དབུས་གཙང་དྭགས་ཀོང་ཁམས་སོགས་ནས་དད་འདུས་སྣ་ཚོགས་དང་། ཁྱད་པར་དུ་ཁྲུས་གད་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ་དང་། རིན་པོ་ཆེ་ཡིད་བཟང་རྩེ་པ་འགོས་ལོ་གཞོན་དཔལ་དང་རྫ་ཡིག་པ་ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན་སོགས་སྐྱེས་ཆེན་མཐའ་དག་གིས་ཞབས་ལ་གཏུག་ཅིང་བསྙེན་བཀུར་ཕུལ། སྐྱེས་ཆེན་དེ་དག་ལ་སོགས་པའི་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་གཏེར་ཆོས་ཀྱི་གདམས་པ་རྒྱ་ཆེར་སྤེལ་བར་མཛད། རིན་སྤུངས་པ་དང་སྣེ་གདོང་གོང་མ་ཆེན་པོ་སོགས་དང་ཡོན་མཆོད་འབྲེལ། ཡར་རྒྱབ་དཔོན་པོ་ཐག་ཆོད་སྒོར་མོས་གྲྭ་བྱམས་པ་གླིང་དུ་མཆོད་བརྟེན་བཞེངས་པའི་དུས་སུའང་གདན་དྲངས། གཞན་ཡང་འགྲོ་དོན་གྱི་ཕྲིན་ལས་རྒྱ་ཆེར་མཛད་ནས། དགུང་ལོ་བརྒྱ་ཅུ་གྱ་གཉིས་བཞེས་པ་ན་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །རྗེས་སུ་སྲས་དབང་ཆེན་ཉི་ཟླ་བཟང་པོ་ཞེས་མཁྱེན་རབ་དང་ནུས་པ་ཕུལ་དུ་བྱུང་བས་འགྲོ་དོན་མཐའ་ཡས་པ་བྱུང་ཞིང་། དེ་རྗེས་ཡོངས་གྲགས་ཆེ་བ་རང་མ་བྱུང་ཞིང་། དེང་སང་གདུང་བརྒྱུད་ཡོད་པ་མི་སྣང་ངོ་། མི་རབས་བདུན་དུ་བསྟན་པ་ནགས་ལ་མེ་མཆེད་པ་ལྟ་བུའི་ལུང་བསྟན་ཡང་དབོན་རྒྱུ་སྐུ་ཚེ་ཐུང་བ་ལ་དགོངས་པ་འདྲ། སྤྱིར་གཏེར་ཆེན་འདིས་ཁྲོམ་གཏེར་བཞེས་པ་དང་། རྫུ་འཕྲུལ་་ཡ་མ་ཟུང་སྣ་ཚོགས་བསྟན་པའི་ལོ་རྒྱུས་ཤིན་ཏུ་རྒྱས་པར་སྣང་ཡང་། ཐམས་ཅད་འབྲི་བར་མ་ནུས། གཞན་ཡང་ལུང་བསྟན་ལྟར་ན། དམ་སེལ་སྐྱོན་གྱིས་མ་གཤེགས་ན༔ མི་ལོ་དཀར་སྐྱ་ལྔ་བརྒྱར་བཞུགས༔ ཕུང་པོ་ཤོ་མཐོའི་རི་ལ་སྦོས༔ མཐའ་དམག་བསྐལ་བའི་བར་དུ་ཟློག༔ ཡུལ་སྡེ་བདེ་སྐྱིད་ལྷ་དང་མཉམ༔ ཞེས་སོགས་གསུངས་ཀྱང་དེ་དག་ནི་རྟེན་འབྲེལ་འགའ་ཞིག་(སྟོད་ཆ།༦༧༣)གཞན་དབང་གྱུར་པས་ཇི་བཞིན་མངོན་དུ་མ་གྱུར་པར་སྣང་ངོ་། གཞན་ཡང་རཏྣ་གླིང་པའི་ལུང་བསྟན་ལས། ཟབ་བུ་ལུང་དུ་དཔའ་བོ་གཏེར་སྟོན་འབྱུང་༔ ཆུ་བྲག་ཀུན་ལ་ཐོགས་མེད་རྫུ་འཕྲུལ་བསྟན༔ བོད་ཁམས་ཕུག་འཚེངས་ནུས་པའི་སྐུས་བུ་གཅིག༔ ཤོ་དོའི་ནུབ་ཕྱོགས་ཁྱོད་དང་དུས་མཚུངས་འབྱུང་༔ ཞེས་རཏྣ་གླིང་དང་དུས་མཚུངས་སུ་བྱུང་སྟེ་ངོར་ཆེན་ཀུན་འགའ་བཟང་པོ་དང་། པན་ཆེན་དགེ་འདུན་གྲུབ་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ་རྣས་དང་ཡང་དུས་མཚུངས་སོ། འདིའི་དུས་རྟགས་ཀ་རག་ལ་ཁར་སོ་པ་རེ་མོས་བྱེད་པ་ནི། སྣ་བོ་ལ་ཁ་ཟེར་བའང་འབྱུང་སྟེ་གཏེར་སྟོན་ལས་སྔ་བར་བྱུང་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཉང་སྨད་ཉི་མ་མདོ་རུ་རྫོག་གཅིག་འབྱུང་༔ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་འཚོགས༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་༔ ཞེས་དང་། སྒོས་ཀྱི་ལུང་བསྟན་ཁོ་རང་གི་གནས་ཡིག་ལས། བསམ་ཡས་འདི་ནས་ལྷོ་ཡི་ཕྱོགས༔ རོག་མོ་སྟེང་གི་བྱང་གི་ཕྱོགས༔ མཁན་པ་ལུང་ཤར་སྨད་ཕྱོགས༔ ཕུ་ཤར་མདང་ནུབ་བན་པའི་ནང་༔ ཕུ་བྱང་མདའ་ལྷོ་འབོས་འགྱུའི་བྱང་༔ སོར་རྒོད་ལམ་མགོན་བྲག་གི་ལྷོར༔ ར་ཙ་རྒྱ་རུས་སྦྲུལ་ལོ་པ། གཉིས་འོག་ཆུང་གི་བུ་གཉིས་པར༔ པདྨ་ར་ཛ་ཞེས་བྱ་འབྱུང་༔ སྐལ་ལྡན་དེ་དང་འདི་སྤྲོད་ཅིག༔ ཅེས་སོགས་གསུངས་པ་ལྟར། སྦྲུལ་གྱི་ལོ་པ། ལྷོ་བྲག་བན་པའི་ནང་ཚན་སྣབས་ཀྱི་འཕྱོང་ལུང་ཞེས་བྱ་བ། ཡུལ་བསེ་ཕོར་ཁ་སྣུབ་པ་ལྟ་བུའི་གྲོང་དུ་(སྟོད་ཆ།༦༧༤)ཡབ་སུམ་དར་རྒྱས་དང་། ཡུམ་བུམ་ཆུང་སྨན་གནིས་ཀྱི་སྲས་སུ་ཡི་གེ་དྷིའི་སྒྲ་སྒྲོག་བཞིན་དུ་སྐུ་བལྟམས། དེ་ཡང་། རུས་རྒྱ། མཚན་མཆོག་ལྡན་མགོན་པོར་གསོལ། བྱིས་པའི་དུས་ན་ཐུགས་རྒོད་ཅིང་ཐ་མལ་པ་རྣམས་དང་མི་མཐུན་པའི་བརྟུལ་ཞུགས་དང་ལྡན་པ་ཤེས་རབ་ཆེ་བ་ཞིག་ཡོད་པར་གྲགས། ཆུང་ངུ་དུས་ནས་འབྲི་ཀློག་ཏམས་ཅད་མ་བསླབ་པར་མཁྱེན། བྱིས་པ་ཟླ་བོ་རྣམས་ལ་དབང་བསྐུར་བ་དང་། ཆོས་འཆད་པ་དང་། སྒྲ་བསྒྱུར་བའི་ལོ་ཙཱ་བྱེད་པའི་ཚུལ་སོགས་མཛད། སྐུ་རྩེད་མཛད་པས། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱུང་། འོན་ཀྱང་དགུང་ལོ་བདུན་པ་ལ་སྤྲུལ་གཤེགས། ཡབ་ཀྱིས་མ་ཡར་མོ་བསྟེན་པས། གསོལ་དང་ན་བཟའ་སོགས་མེད་པར་ལོ་ཤས་འོ་བརྒྱལ་བར་བྱུང་། དེ་ལྟར་ཡང་ཉིད་ཀྱི་གསུངས་ལས། པདྨས་བྱིན་གྱིས་བརླབས་པའི་མཐུས། རིགས་ལྡན་ཕ་མའི་ལྷུགས་སུ་ཞུགས། །ངོ་མཚར་ལྟས་བཟང་དང་བཅས་ཏེ། མངལ་ནས་དྷེ་ཡི་སྒྲ་སྒྲོག་ཅིང་། ཞེས་དང་། མ་བསླབ་ཡིག་རིགས་འབྲི་ཀློག་ཤེས། རང་གཞན་སྐྱེ་བ་སྔ་ཕྱི་བཤད། སྐུ་སྐྱེ་ཞེས་པའི་མིང་དུ་ཐོགས། ཞེས་གསུངས་སོ། དེ་ནས་རེ་ཞིག་ཁྱུང་ཚང་དགོན་གྲྭ་པ་མཛད། ཆོས་རྗེ་གཙང་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་། བཀའ་གདམས་གླེགས་བམ། རྗེ་བཙུན་མི་ལའི་རྣམ་ཐར་སོགས་ཆོས་འགའ་གསན། ཐུགས་རྗེའི་འཛིན་པར་མཛད་ཅིང་། སྐུ་རྩེད་ཀྱང་མང་པོ་གསུངས། ངེད་ཀྱི་སྐུ་སྐྱེ་འདི་གཟོད་ཙ་ན། སྒོམ་ཆེན་ལུང་པར་ཤོངས་ཚད་ཅིག་བྱས། ས་དམར་སྒང་ཞིག་གི་སྟེང་དུ་གཞིས་ཀ་བཏབ་ནས། སྒོ་གདོང་དུ་འདོགས་ཁྱི་ཧཱུྃ་འདྲེན་པ། ཁང་ཐོག་ཏུ་དར་ཅོག་ཕགས་འདྲེན་པ་ཞིག་ཡིན་ཨང་(སྟོད་ཆ།༦༧༥)གསུངས། དེ་ནས་སྐབས་ཤིག་བགྲོ་བ་དགོན་པར་སྐུ་མཚམས་མཛད་པས་སློབ་དཔོན་རིན་པོ་ཆེའི་བྱིན་གྱིས་བརླབས། ཐུགས་ཉམས་འུར་ནས། ཡར་ཟད་ཀྱིས་པ་ཝང་ཞིག་གི་སྲུབ་ནས། གཏེར་གྱི་ཤོག་སེར་དང་རྟེན་རྫས་བྱིན་རླབས་ཀྱི་རིགས་སོགས་མང་པོ་བཏོན། དེ་ཡང་གསུངས་ལས། རྨིའི་ལམ་སད་པའི་འཁྲུལ་སྣང་ལས། །ཨོ་རྒྱན་བཻ་རོའི་ཞལ་བསྟན་ནས། ཟབ་མོའི་ཁ་བྱང་དངོས་སུ་རྙེད། སྐད་ཅིག་རྟོགས་པ་ནང་ནས་ཤར༔ ཞེས་གསུངས་སོ༔ ཡང་སྒྲུབ་པ་མཛད་པའི་དུས་ཤིག །སློབ་དཔོན་རིན་པོ་ཆེ་དགེ་སློང་གི་ཆ་བྱད་ཅན་སྤོས་ཕོར་ཐོགས་པ་ཞིག་ཏུ་སྤྲུལ་ནས་སྤོས་སྐོར་ལན་གསུམ་གནང་། བུ་ཁྱོད་ལ་མཁོན་གྲིབ་བྱུང་འདུག་པ་གསུངས་ནས་ནམ་མཁར་གཤེགས། ཡང་དགོང་ཅིག་གཏེར་མའི་སྟ་དུ་འོད་དཀར་པོ་ཞིག་གི་ནང་དུ་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་ལྔ་ཕེབས་ནས་དབང་བསྐུར་བ་དང་བརྡའ་ཆོས་མང་པོ་བསྟན་པ་སོགས་བྱུང་། དེ་ནས་ཆག་བྱང་ཆུབ་གླིང་ནས། ཆོས་རྗེ་བསོད་ནམས་ཆོས་སྐྱོང་བ། དེ་ཉིད་ལ་མཆོག་ལྡན་མགོན་པོའི་ལུང་བསྟན་གྱི་སོག་སེར་གཏེར་ནས་བྱུང་བས། ཁོང་གིས་རྩད་བཅད་ནས་གདན་དྲངས། བདག་གིས་ལུང་བསྟན་ཁ་བྱང་རྙེད། ཅེས་གསུངས་ནས། ཞབས་ཏོག་ཕུན་སུམ་ཚོགས་པར་ཕུལ། ཆོས་ཀྱང་མང་དུ་གནང་། དེ་སྐབས་བསམ་ཡས་ནས། དཀར་ཆེན་ཀུན་གྲགས་པ་ཕེབས་པའི་དྲུང་དུ་མཇལ་བར་བྱོན་པས། ཁོང་གིས་གསུང་ལས། འོ་འདི་གཏེར་སྟོན་ཐས་ཅད་ཀྱི་རྒྱལ་པོ་མདོ་སྔགས་གླིང་པ་བྱ་དེ་ཡིན། འདིས་བཀའ་འགྱུར་ཏམས་ཅད་གཏེར་ནས་འདོན། གསང་སྔགས་གསར་རྙིང་། མདོ་སྔགས་ཐམས་ཅད་ཀྱི་དག་མ་དག་ཤན་འབྱེད། འདི་དང་(སྟོད་ཆ།༦༧༦)འཕྲད་ཚད་ཐམས་ཅད་རིག་འཛིན་གྱི་གྲལ་ལ་ཁྲིད། རོ་བོ་རྩེ་ལྔ་ནས་བཻ་རོ་ཙ་ནའི་ཐུགས་ཀྱི་འོད་ཟེར་འཕྲོས་པ་ལས་བྱུང་བ་ཡིན་ནོ་གསུངས་སོ། ཆོས་རྗེ་དཀར་ཆེན་པའི་དྲུང་དུ། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་དང་། དགོངས་འདུས་ཀྱི་དབང་ལུག་རྫོགས་པར་གསན། དེ་ནས་སྒྲུབ་པ་གཙོར་མཛད། བར་སྐབས་ཤིག་ཏུ་ཙ་རི་མཇལ་བར་ཕེབས། དག་སྣང་དང་རྟེན་འབྲེལ་མང་པོ་འགྲིགས། ཀོང་པོ་ང་ལ་ནས་གསང་གཏེར་ཞིག་ཀྱང་བཞེས། དྭགས་ཕྱོགས་སུའང་འགྲོ་དོན་ཅུང་ཟད་བསྐྱོངས། དེ་ནས་མོན་བུམ་ཐང་ཕྱོགས་སུ་རིག་འཛིན་ཆེན་པོ་པདྨ་གླིང་པ་མཇལ་དུ་བྱོན་པས། བདག་རྐྱེན་དང་ཞབས་ཏོག་ཕུལ་དུ་ཕྱིན་པར་མཛད། ཞལ་ནས། སྔར་ཕན་གཏེར་སྟོན་བསམ་ལས་འདས་པ་ཞིག་བྱོན་ཀྱང་། གཏེར་སྟོན་སྔ་ཕྱི་ཞལ་མཇལ་ནས། གཅིག་གིས་གཅིག་ལ་བདག་རྐྱེན་དང་། ལུང་སྟོན་པ་དེ་ངེད་རང་གཉིས་མིན་པ་གཞན་སུ་ཡང་མ་བྱུང་བ་ཡིན་གསུངས་ནས། མཐོང་བཀུར་དང་དགྱེས་ཚོར་ཆེར་མཛད། བླ་མ་ནོར་བུ་རྒྱ་མཚོ་དང་བཀའ་བརྒྱད་སོགས་གནང་། ཁྱེད་རང་ལ་བཀའ་བབས་པའི་རང་གཏེར་གྱི་སྐལ་བ་ཡོད་པས། ད་ལམ་གཏེར་འདོན་པ་ལ་བྱོན། དེའི་གཏེར་བདག་རྣམས་ཀྱང་ངེད་རང་དང་གཅིག་པས། གཏེར་ཐོན་ཅིང་བར་ཆད་ཀྱང་མི་འོངས་གསུངས་ནས་བསླབ་དོན་མཛད་ཀྱང་ཉིད་ཀྱི་གསག་ཡུམ་ཨ་ལྕེ་རྡོ་རྗེས་བཤོལ་བཏབ་ཏེ། གཏེར་མ་ཐོན་པས་རྟེན་འབྲེལ་འཆུགས། སླར་པདྨ་གླིང་པའི་ཞལ་ནས། ད་ཁྱེད་གཏེར་འདོན་པའི་རྟེན་འབྲེལ་མ་བསྒྲིགས་ན་གཡས་རུ་གཙང་འགྲམ་གྱི་ལྷ་ཁང་ནི་འཇིག་ལ་ཉེ་བས། དམ་ཆོས་སངས་རྒྱས་དགོངས་འདུས་ལ་སོགས་པའི་གཏེར་ཆོས་རྣམས་ནི་ཉང་སྟོད་ན་རྟོགས་(སྟོད་ཆ།༦༧༧)ལྡན་སྨྱོན་པ་ཞིག་འདུག་པ། དེས་འདོན་པར་འདུག་གསུངས། དེ་ནི་གུ་རུ་བསྟན་གཉིས་གླིང་པ་ཡིན་ཟེར། གཞན་ཡང་རྡོ་རྗེ་སེམས་དཔའི་དབུ་སྐྲ་དང་། ཕག་མོ་མཁའ་སྤྱོད་མ་དང་། གཏེར་གྱི་ཁ་བྱང་མང་པོ་ཞིག་བྱུང་ཡང་། བདུད་སྦྲུལ་ཞིག་གི་ལག་ཏུ་ཤོར། དེ་ནས་གཏེར་གྱི་རྟེན་འབྲེལ་མ་འགྲིགས་པ་འདྲ་སྟེ། བླ་མ་སོག་ཟློག་པས། སྐུ་ཐོག་སྔོན་མ་གཏེར་སྟོན་ཀུན་སྐྱོང་གླིང་པའི་དུས། བདུད་མོ་ཞིག་གིས་བསྐུལ་ནས། དབང་མེད་དུ་ལུང་བསྟན་ངན་པ་ཞིག་བཟང་པོར་བཅོས་པས། དེའི་རྟེན་འབྲེལ་གྱིས་སྐུ་ཐོག་འདིར་གཏེར་མ་ཐོན་པ་ཡིན། ཅེས་གསུངས། གཞན་ཡང་མོན་ཕྱོགས་རྡོ་རྗེ་གླིང་པའི་དབོན་བརྒྱུད་རྣམས་ཀྱིས་ཀྱང་ཞབས་ཏོག་རྒྱ་ཆེར་ཕུལ། སླར་བོད་དུ་བྱོན། མངའ་རིས་གུང་ཐང་རྒྱལ་པོའི་སྤྱན་དྲངས། བླ་མར་བཀུར་ནས་ཞབས་ཏོག་དང་བསྙེན་བཀུར་ཚད་མེད་པར་མཛད། མངའ་རིགས་ཕྱོགས་སུ་འགྲོ་དོན་དཔག་ཏུ་མེད་པར་བྱུང་ཞིང་། གཞན་ཡང་དབུས་གཙང་གི་སྡེ་པ་ཕལ་པོ་ཆེའི་གཙུག་གི་ནོར་བུ་ལྟ་བུར་གྱུར། ལྷ་སའི་གཙུག་ལག་ཁང་གི་ཁྱམས་ཆེན་དུ་ནག་པོ་སྐོར་གསུམ་གྱི་དམག་ཟློག་མཛད་པས། འཇང་དང་། སོག་དམག་སོགས་ཟློག་པར་མཛད། དགས་པོ་སྐུ་རབས་སྡེ་བས་རྩེ་ལི་དགོན་གསར་རྒྱག་སྐབས། རྩེ་ལི་རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ་གྱིས་ཨོ་རྒྱན་གྱི་གསེར་སྐུ་རྒྱབ་མཐོ་ཉེར་བདུན་ཡོད་པ་ཞིག་བཞེངས་པའི་རབ་གནས་ལའང་གདན་དྲངས། ཕྱིས་གཏེར་སྟོན་ཉིད་ཀྱིས་ཀྱང་ཨོ་རྒྱན་རིན་པོ་ཆེ་གསར་སྐུ་དེ་དང་འདྲ་བ་ཐོག་སོ་གསུམ་དུ་སློབས་པ་ཞིག་བཞེངས་པ་དེང་སང་བན་པ་དྲུག་རལ་ལྷ་ཁང་དུ་ཡོད། ཨོ་རྒྱན་རིན་པོ་ཆེ་གསེར་སྐུར་བཞེངས་པ་འདི་གཉིས་ལས་ཆེ་བ་(སྟོད་ཆ།༦༧༨)བོད་ཡུལ་འདིར་མེད་པར་གྲགས། སྦས་ཡུལ་མཁན་པ་ལུང་གནས་སྒོར། གཙུག་ལག་ཁང་། དགོན་གནས་དང་བཅས་པ་སྟོབས་ཆེ་བ་ཞིག་བཞེངས་པའི་དགོངས་པ་གཏད་ཀྱང་། བན་པ་ཁྱུང་ཚང་བ་སོགས་ལོག་པའི་བློ་ཅན་འགའ་ཞིག་གིས་བྱེད་པས་གཞན་རྐྱེན་གྱིས་སྐུ་གཤེགས། སྐུའི་སྐྱེ་བ་ནི་སྤྲུལ་སྐུ་མདོ་སྔགས་གླིང་པར་གྲགས་པ་ཞིག་བྱུང་སྟེ། གཏེར་མང་དུ་བཞེས་ཀྱང་འགྲོ་དོན་ཆེར་མ་བྱུང་། དེའི་སྐྱེ་བ་ཡར་འབྲོག་ཡོན་བོ་དོར་བྱོན་པའི་སྤྲུལ་སྐུ་མདོ་སྔགས་འབྱུང་གནས་ཏེ་འགྲོ་དོན་དཔག་ཏུ་མེད་པ་བྱུང་ནས། ཡོན་བོ་དོར་གཙུག་ལག་ཁང་དུ་རྙིང་མ་རྒྱུད་འབུམ་དང་། འོག་ཁང་དུ་ཕྱག་ན་རྡོ་རྗེ་ལ་ཀླུ་བརྒྱད་ཀྱིས་བསྐོར་བ་དང་། བར་ཁང་དུ་ཐུགས་རྗེ་ཆེན་པོ་ལ་གྲུབ་ཆེན་བརྒྱད་ཀྱིས་བསྐོར་བ་དང་། སྟེང་ཁང་དུ་ཨོ་རྒྱན་རིན་པོ་ཆེ་ལ་རིག་འཛིན་བརྒྱད་ཀྱིས་བསྐོར་བ་སོགས་ད་ལྟའི་བར་དུ་ཡོད། མདོ་སྔགས་གླིང་པ་སྐུ་སྐྱེ་བ་གསུམ་བྱུང་བ་ཡིན། མཆོག་ལྡན་མགོན་པོའི་སྲས་རྒྱལ་སྲས་བསྟན་པའི་འབྱུང་གནས་ཏེ། འདི་ཉིད་ཕྱིས་འཕྱོངས་རྒྱས་སུ་བཞུགས། ཁོང་ལ་དག་སྣང་དུ་བྱུང་བའི་རྩ་གསུམ་ཟབ་མོ་ཀུན་འདུས་པའི་ཟེར་བའི་ཆོས་ཀྱིས་འགྲོ་དོན་རྒྱ་ཆེར་བྱུང་སྟེ་ཆོས་བརྒྱུད་ཀྱང་ཕྱི་མོའི་བར་དུ་བྱུང་འདུག །གཏེར་སྟོན་འདིའི་དུས་རྟགས། ཉང་སྨད་ཉི་མ་མདོའི་རྫོང་ནས་ལྷུན་གྲུབ་རྩེ་ལ་ངོས་འཛིན་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འབྱུང་༔ སྟག་ཚབ་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་༔(སྟོད་ཆ།༦༧༩)ཞེས་གསུངས་པའི། གུ་རུ་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོ་ནི། ཡུལ་གཙང་རོང་གི་ས་ཆ་བྱ་བཟང་བཀྲ་ཤིས་སྡིངས་ཞེས་པར། ཡབ་བྱ་བཟང་དཔོན་ནོར་གྱི་བུ་འཇིག་རྟེན་གྱི་ནོར་རྫས་ལོངས་སྤྱོད་དང་ལྡན་པ་ཞིག་དང་། ཡུམ་འབྱོར་ལྡན་རྒྱལ་མོ་སྐྱིད་ཅེས་པའི་སྲས་སུ་འཁྲུངས། ཆོས་ལུང་གི་མཁན་པོ་སངས་རྒྱས་དཔལ་བཟང་ལ་རབ་ཏུ་བྱུང་། མཚན་དཔལ་འབྱོར་རྒྱལ་མཚན་དུ་གསོལ། འབྲས་ཡུལ་སྐྱེད་ཚལ་དུ་མདོ་པྱོགས་ལ་སྦྱངས་པ་ཆེར་མཛད། གཞན་ཡང་གསེར་མདོག་ཅན་དུ་ཚད་མ་དང་ཕར་ཕྱིན་སྦྱངས། ར་ལུང་སྤོས་སྐྱར་ཆོས་རྗེ་བསོད་ནམས་མཆོག་ལྡན་པའི་དྲུང་དུ་ཕྱག་ཆེན་ཡི་གེ་བཞི་པ་སོགས་འབྲུག་པའི་ཆོས་མང་དུ་གསན། འབྲུག་ཆོས་སྡིངས་དང་ཉེ་བའི་ས་ཞིག་ཏུ་འཇམ་དཔལ་གྱི་ཆོས་སྐོར་སོགས་ཆོས་ཐོབ་པ་རྣམས་ཟིན་བྲིས་སུ་བཀོད་ཀྱིན་ཡོད་པའི་དུས། ཐོ་རངས་ཞིག་ལ་རྨི་ལམ་དུ་ཁྱེའུ་དཀར་པོ་ཞིག་གིས་པདྨ་ཚེ་དབང་རྒྱལ་པོ་ཁྱེད་རང་གི་ཆོས་དང་ནོར་གྱི་སྐལ་བ་གོས་སྔོན་ན་ཡོད། དེར་འགྲོ་ན་ངས་ལམ་སྣ་བྱེད། དང་བཅས་འོ་ཡུག་གོས་སྔོན་དུ་བྱོན། སྔར་གྱི་ཁྱེའུ་དེ་བྱུང་ནས་ཆུ་འགྲམ་ཞིག་ལ་ཁྲིད་དེ། འདི་ནས་བརྐོས་ཟེར། གྲོགས་རྟོག་ལྡན་གཞོན་ནུ་ཞིག་ཡོད་པ་ཁོས་བརྐོས་པས་རྡོ་སྨུག་པོར་མཆིན་འདྲ་བ་ཞིག་བྱུང་། དེ་བཅག་པས་རྡོ་ཆག་པའི་འོག་ན་རྫའི་གའུ་ཆག་པོ་ཞིག་གི་ནང་ནས་ཤོག་སེར་བུན་བུན་བྱུང་། དེ་ཕྱུང་ནས་བལྟས་པས་ཡི་གེ་རྣམས་མ་ཤེས་པ་ན། རྨི་ལམ་དུ། བུ་མོ་མང་པོ་བྱུང་སྟེ་ལ་ལ་ན་རེ། པདྨ་ཚེ་དབང་རྒྱལ་པོ་ཁོས་མི་ཤེས་པ་འདུག་ཟེར། ལ་ལ་ན་རེ། ཀ་དཔེ་ཡོད་བལྟས་པས་ཤེས་ཡོང་ཟེར། ལ་(སྟོད་ཆ།༦༨༠)ལ་ན་རེ། གུ་རུ་ལ་གཏད་པས་ཤུགས་ལ་ཤེས་ཡོང་ཟེར། གཉིད་སད་ནས་ཤོག་སེར་རྣམས་ལ་བལྟས་པས་ཤེས་ཏེ་གཏེར་གྱི་ཁ་བྱང་མང་པོ་འདུག་ཐོག་མར་ཟབ་བུ་ལུང་ལ་བྱོན། གཏེར་ལུང་བདུན་པ་ནས་ཚེའི་བུམ་ཆུ་ཁོལ་བ་ཞིག་རྙེད་བྱུང་བས་བུ་སློབ་རྣམས་ལ་དབང་བསྐུར་ཞིང་ཀུན་རྟེན་འབྲེལ་བསྒྲིགས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཡང་བྱས། གཞན་ཡང་བསམ་བཟང་ཕུག་ནས་སྐྱེ་བདུན། ཨ་མ་དང་མཁའ་འགྲོ་ཀློང་གསལ་སྐོར། ཕུང་པོ་རི་བོ་ཆེ་ནས་འཇོམས་བྱེད་དྲག་སྔགས་ཀུན་འདུས། ལྷོ་ཕྱོགས་ཚེ་སྤུང་གཏེར་གནས་ནས། སངས་རྒྱས་དགོངས་འདུས་སུ་གྲགས་པ་ནང་གསེས་སུ་བླ་མ་བྱིན་རླབས་དགོངས་འདུས་ཞི་དྲག་གཉིས། རྫོགས་ཆེན་དགོངས་ལུས། ཕྱག་ཆེན་དགོངས་འདུས། སྤྱོད་ཡུལ་དགོངས་འདུས། མདོ་དགོངས་འདུས། དུས་འཁོར་དགོངས་འདུས། བཀའ་བརྒྱད་བླ་མེད་དགོངས་འདུས། བོན་གཡུང་དྲུག་དགོངས་འདུས། བཀའ་བརྒྱད་བླ་མེད་དགོངས་དུས། ཚེ་སྒྲུབ་སྲོག་སྙིང་དགོངས་འདུས། ཕུར་པ་དྲག་སྔགས་དགོངས་འདུས། དཔལ་ཆེན་ཡང་དག་དགོངས་འདུས། རྣམ་སྲས་ནོར་བདག་དགོངས་འདུས། དྲག་སྔགས་བསྟན་སྲུང་དགོངས་འདུས། དཀར་ཆག་ནོར་བུ་དགོངས་འདུས་སོགས་དང་། གཞན་ཡང་ཟུར་མཁར་རྡོའིའི་མཆོད་རྟེན་དང་། བསམ་ཡས་ཨརྱ་པཱ་ལོ། སྤ་གྲོ་སྟག་ཚང་། རི་བོ་བཀྲ་བཟང་རྣམས་ནས་ཟབ་གཏེར་མཐའ་ཡས་སྤྱན་དྲངས། སྤ་གྲོ་སྟག་ཚང་ནས་སྔོན་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་ཡང་གཏེར་དུ་སྦས་པའི་ཤོག་སེར་ལ་ལ་ཤོག་དྲིལ་དང་། ལ་ལ་པུ་སྟིར་ཡོད་པ་འགའ་ཡང་གདན་དྲངས། དབུས་གཙང་ཕྱོགས་ལ་འགྲོ་དོན་ཀྱང་མང་དུ་མཛད། ཁྱད་(སྟོད་ཆ།༦༨༡)པར་མངའ་རིས་གུང་ཐང་རྒྱལ་པོའི་བླ་མར་ཁུར། འདི་དུས་ཕལ་ཆེར་དད་ཅིང་འདུན་པར་གྱུར་ཀྱང་། ལོག་ལྟ་ཅན་འགའ་སྒྲོ་བསྐུར་བཟློག་པའི་ཆེད་དུ། མང་ཡུལ་རི་བོ་དཔལ་ནས་རིག་འཛིན་རྒོད་ལྡེམ་ཅན་གྱིས་ཡང་གཏེར་དུ་སྦས་པའི་ཕག་མོ་ཟབ་རྒྱའི་ཆོས་སྐོར་རྣམས་ཁྲོམ་གཏེར་དུ་བཞེས་ནས་མ་དག་པ་རྣམས་ཀྱི་བསྐུར་པ་འདེབས་པ་བཟློགས་པར་མཛད། འདི་དུས་ཇོ་མོ་རྒྱ་གར་མ་སྒྲོ་ཐུལ་སྔོན་པོ་བྱོན་པ་རྨ་བྱའི་ཚུལ་དུ་བྱས་པ་ཞིག་གིས་འདི་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཞབས་སྡུད་མཁན་ཞིག་ལ་གཏད་དགོས་པ་ཡིན། ཁྱེད་རང་ནན་ཆེ་བས་ཤོག་སེར་གཅིག་པུ་རང་ཁྱེར་ཟེར་ནས་འཁྱག་པའི་ཡོལ་བ་བཏང་གི་འདུག་པ་གཟིགས། གཏེར་སྒྲོམ་རྫི་དུག་གིས་གང་བའི་གསེབ་ནས་ཤོག་དྲིལ་ཛ་མ་གང་ལུག་པའི་ནང་ནས་ཤོག་དྲིལ་གཅིག་བླངས་པ་ཕག་མོ་ཟབ་རྒྱའི་སྐོར་ཡིན་དེ་ལས་གཞན་ལེན་མ་བཏུབས། གཏེར་སྲུང་འཁུ་ལྡོག་གིས་རྫི་དུག་གིས་ཐེབས་ནས་སྙུང་བ་ཡང་བྱུང་། མངའ་རིས་གུང་ཐང་རྒྱལ་པོའི་བཀའ་བསྐུལ་ནས་ཤོག་སེར་རྣམས་ཕབ་ཅིང་། འགྲོ་དོན་དཔག་དུ་མེད་པ་མཛད། ཆོས་བརྒྱུད་ཀྱང་དབུས་གཙང་ཕྱོགས་སུ་ཤིན་ཏུ་དར་བ་བྱུང་། ཕག་མོ་ཟབ་རྒྱའི་སྐོར་ནི་དེང་སང་ཡང་ཁམས་དབུས་ཀུན་ཏུ་དར་རྒྱས་ཆེ་ཞིང་དབང་ཁྲིད་ཉམས་ལེན་གྱི་རྒྱུན་མ་ཆད་པར་ཡོད། དབོན་བརྒྱུད་རྣམས་གཙང་དཔལ་འབྱོར་ལྷུན་ལྡིང་དང་། སྐྱིད་གྲོང་དང་། མངའ་རིས་སྨད་སོགས་ན་ཡོད་ཟེར། ཆོས་བདག་གཙོ་བོ་གཙང་པ་ཚེ་བདག་པ་དང་། རོང་པ་ཚེ་བདག་པ་གཉིས་ཡིན་ཏེ། གཙང་པ་ཚེ་བདག་པས། གཏེར་སྟོན་སྐུ་གཤེགས་པའི་རྗེས་ཀྱི་བྱ་བ་རྣམས་ཀྱང་བྱས་ཤིང་། གཏེར་སྟོན་དེ་ཉིད་སྔོན་ཆོས་རྒྱལ་གྱི་སྲས་མོར་གྱུར་པའི་རྟེན་(སྟོད་ཆ།༦༨༢)འབྲེལ་གྱིས་ཁམས་གསུང་ཟང་ཁངས་གླིང་དུའང་གདུང་རྟེན་སྐུ་ཚད་དང་མཉམ་པ་ཞིག་བཞེངས་པའི་ཐུགས་ཀར་གདུང་རུས་ལས་བྱོན་པའི་དུང་དཀར་གཡས་འཁྱིལ་ཁམ་ཚིག་ཙམ་ཞིག་ཡོད་པ་བཞུགས་ནས་ཤེལ་སྒོའི་གཡོག་སྟེ། སྒྲིབ་མེད་དུ་མཇལ་རྒྱུ་ཡོད་པ་ཞིག་ཀྱང་མཛད། འདིའི་དུས་རྟགས་ནི། རིན་སྤུངས་སྒར་པ་དོན་ཡོད་རྡོ་རྗེ་གཤེགས་ནས། དེའི་སྲས་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་ཙམ་ལ། དབུས་ཀྱི་སྣེའུ་ལ་སོགས་པ་རྣམས་སུ། གཙང་པའི་རྫོང་དཔོན་དགོན་པ་དཔལ་བཀྲས་དང་། ཤངས་གཡང་ལྡན་རྩེ་པ་སོགས། སྟག་ཤར་མང་པོ་འཐབ་བྲལ་དུ་བསད་པ་དེ་ཡིན་ཅེས་སོག་ཟློག་པས་གསུངས་སོ། དེ་དུས་གཙང་པ་རྣམས་ཀྱི་ཁ་རྒྱགས་ལ་མཚོ་མོ་སྒྱོགས་ཀྱིས་གདུང་བས་དཔལ་དེའུ་གནས་ཕེབས། ཞེས་དང་། དགྲ་རྟ་བོང་ཡིན་ན་ཐུལ་འདུག་གྱིས། ནོར་མི་རུས་ཡིན་ན་སོགས་འདུག་གྱིས། སོགས་ཟེར་བ་བྱུང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྟོད་ཁུ་ཡུལ་དུ་ཕག་ཚང་ཁྱུ་ཅིག་འབྱུང་༔ ས་བཙན་རི་བོལ་རེ་ལ་རྫོང་ཆུང་རེ༔ ལ་རྩུབ་པྲང་རྩུབ་བསྙགས་མེད་ཀྱུ་ཡི་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་སྤྲུལ་སྐུ་རྡོ་རྗེ་གླིང་པ་ནི། ཨོ་རྒྱན་དུས་གསུམ་མཁྱེན་པས། གཏེར་སྟོན་གཙོ་བོ་ལྔ་ལ་བྲན་བརྒྱ་བརྒྱས་སྐོར༔ ཞེས་གསུངས་པའི་གཙོ་བོ་ལྔ་ནི་གཏེར་ཁ་གོང་འོག་གཉིས། རྡོ་རྗེ་གླིང་པ། པདྨ་གླིང་པ། མདོ་སྔགས་གླིང་པ་རྣམས་ཡིན་པར་སྤྱི་དང་བྱེ་བྲག་གི་ལུང་བསྟན་མང་པོ་ནས་བཤད་ཅེས་ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་གསུང་ལས་འབྱུང་(སྟོད་ཆ།༦༨༣)ཞིང་། རང་གཏེར་ལས། མ་འོངས་ལྔ་བཅུ་ཁ་རལ་དུས༔ བསམ་ཡས་འདི་ཡི་ལྷོ་ནུབ་མཚམས༔ ལུང་པ་དོར་ལ་བརྐྱངས་འདྲའི་ནང་༔ གྲ་ཞེས་བྱ་བའི་ཕུ་མདའ་རུ༔ རིགས་ལྡན་སྔགས་འཆང་བྱ་ཁྱི་ལོ༔ ཆུ་ཁམས་པདྨ་རྡོ་རྗེ་གླིང་༔ ཨོ་རྒྱན་ང་དང་རོ་གཅིག་འབྱུང་༔ སྐལ་ལྡན་དེ་དང་འདི་འཕྲད་ཤོག༔ ཅེས་གསུངས་པ་ལྟར་གཡོ་རུ་གྲ་ཡི་ནང་གི་སྐེ་གྲོག་གང་མདོ་ཞེས་པར། ཡབ་བསོད་ནམས་རྒྱལ་མཚན་དང་། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་ཁྱི་ལོ་ལ་སྐུ་འཁྲུངས། ཁམ་ཆུ་ཁམས། རུས་རྒྱ། སྔགས་འཆང་གི་བརྒྱུད་པ་ཅན་གྱི་ཇོ་སྲས་ཡིན་ཡང་ཟེར། དགུང་ལོ་བཅུ་གསུམ་པ་ལ་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་ཁ་བྱང་ཕྱག་ཏུ་བྱུང་། བླ་མ་བསྟན་གཉིས་སྐོར་གཏེར་ནས་བཞེས་ཟེར་བའང་འདུག་ཀྱང་ཁ་བྱང་ལས་གཏེར་དངོས་བཞེས་པ་མིན་འདྲ་སྟེ། ལོ་དེའི་དབྱར་ཁ་དེར་གནམ་ལྕགས་བྲག་ནས་གཏེར་བཞེས་ཟེར་བ་བྱུང་ཞིང་། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ། དགུང་ལོ་བཅུ་དྲུག་པ་ལྕགས་གླང་སྟག་གི་ཟླ་བའི་ཚེས་བཅུ་ལ་ཐོག་མར་གཏེར་སྒོ་ཕྱེ་བའི་ཚེ་ཞེས་འདུག་པས་ཕྱི་མ་བཙན་པར་མངོན། གང་ལྟར་ཡང་གྲྭ་ཕྱིའི་བྲག་པོ་ཆེའི་གནམ་ལྕགས་འབར་བའི་བྲག་ཅེས་ཡོངས་གྲགས་ངོམ་ཤོད་བྱིང་མངའ་ཨོ་དཀར་བྲག་ཞེས་པ་ནས་གཏེར་བཞེས་པའི་ཚེ། ཨོ་རྒྱན་ཆེན་པོས་དངོས་སུ་ཤོག་དྲིལ་ཆེ་ཆུང་བརྒྱ་བླ་དཔེ་པུ་སྟི་བཞི། ཚེ་ཆུ་བུམ་པ་བཞི། དམ་རྫས་ཀྱི་གའུ་རྣམས་གནང་བའི་ནང་ནས་རྫོགས་ཆེན་ལྟ་བ་ཀློང་ཡངས་སོགས་ཆོས་ཚན་བསམ་གྱིས་མི་ཁྱབ་པ་གདན་དྲངས་ཏེ། ཁྲོམ་གཏེར་མཛད་པས་ཀུན་ཡིད་ཆེས་ཤིང་དད་པའི་ས་ལ་བཀོད། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས་གཏེར་ཁ་ཆེན་པོ་བཞི་བཅུ་ཞེ་གསུམ་བཞེས་པ་(སྟོད་ཆ།༦༨༤)གཏེར་འབྱུང་ལས་གསུངས་ཤིང་། དེ་རྗེས་ཀྱང་གཏེར་ཁ་འགའ་ཞིག་བཞེས་པ་ཡིན་འདུག །གཏེར་བཞེས་པ་ཡང་ཁྲོམ་གཏེར་མང་པོ་མཛད་ཅིང་ཐང་མཚོའི་གཏེར་བཞེས་དུས་མཚོ་གཉིས་བར་ནས་འདོམ་བདུན་ཅུ་ཙམ་གྱི་དབུས་སུ་བྲག་འདོམ་ངོ་ཙམ་གྱི་ལོག་སནས་གཏེར་བཞེས་པ་དང་། ཡང་མཚོ་དེ་ཉིད་ཀྱི་བྲག་རིའི་རྩེར་འཕུར་ནས་གཤེགས། ཕྱིར་མ་ཐར་བའི་ཚུལ་མཛཛ་ནས་མཆོང་ཡོང་བར་སར་ཞབས་རྗེས་ཀྱང་བཞག མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ། གཏེར་ཆོས་ཀྱི་རྣམ་གྲངས་ཀྱང་བླ་མ་བདེ་གཤེགས་འདུས་སོགས་འདུས་པ་སྐོར་བཞི། སྙིང་ཏིག་བཅུ་གསུམ་བྱུང་སྟེ། ཀུན་བཟང་སྙིང་ཐིག རྡོར་སེམས་སྙིང་ཐིག འཇམ་དཔལ་སྙིང་ཐིག པདྨ་སྙིང་ཐིག བཻ་རོ་སྙིང་ཐིག བཅུད་པུར་སྙིང་ཐིག ཧཱུྃ་སྐོར་སྙིང་ཐིག སྙིང་པོ་སྙིང་ཐིག །གཡུང་དྲུང་སྙིང་ཐིག་སོགས་དང་། ཐུགས་རྗེ་ཆེན་པོ། དྲག་དམར་བསྙན་སྲུང་སྲག་སྔགས་སྐོར་སོགས་མཐའ་ཡས་པ་དང་། བཟོ་རིགས་པ་ཏྲ། ཐང་ཡིག་གནམ་ལྕགས་མར་གྲགས་པ་དེང་སང་སྣང་ལ། གཞན་ཡང་། བཀའ་ཐང་སྡེ་ལྔ་སོགས་ཀྱང་ཡོད་པར་གྲགས། སྐུ་རྟེན་དུའང་ལི་དཀར་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་མི་ཚད་ཙམ་དང་། སོ་ཕག་ལས་གྲུབ་པའི་པདྨ་གུ་རུ་དང་། དྲག་པོ་དབུ་དགུའི་སྐུ། རྟ་ཕག་གི་སྐུ། ཚེའི་བུམ་པ་ཚེ་ཆུས་གང་བ་སོགས་དང་། དམ་རྫས་སྐྱེ་བདུན་གྱི་རིགས་སོགས་དཔག་ཏུ་མེད་པ་སྤྱན་དྲངས། རྡོ་རྗེ་སེམས་དཔའི་སྐུ་འདི་གཞན་རྐྱེན་འགའ་ཞིག་ལ་བརྟེན་བློ་ཆུང་འགས་བསམ་ཡས་ཀ་འོག་ནས་གཙང་ཆུར་གཤེགས་ཟེར་བ་འབྱུང་། མཚན་ཡོངས་གྲགས་རྡོ་རྗེ་གླིང་པ་དང་། གཞན་ཡང་པདྨ་གླིང་པ། ཆོས་ཀྱི་བཤེས་(སྟོད་ཆ།༦༨༥)གཉེན། རྡོ་རྗེ་གྲོ་ལོད་ལ་སོགས་མཚན་གྱི་རྣམ་གྲངས་ཏེ། གཏེར་ལུང་ལས། ཆུ་ཁམ་རྒྱ་རུས་ཁྱི་ལོ་པ༔ བཅུ་གསུམ་ལ་ཁྲ་འབྲུག་ཇོ་མོའི་གཏེར་ཁ་འབྱེད༔ དེ་འདྲའི་ལས་ཅན་སྐྱེས་བུ་དེས༔ སྐུ་ཡི་འགྲོ་དོན་འཁྲུངས་པའི་ཡུལ་དུ་བྱེད༔ གསང་བའི་མཚན་ཡང་རྡོ་རྗེ་གླིང་པ་ཞེས༔ སྐུ་ལ་རེག་ཚད་འཚམས་མེད་སྒྲིབ་བྱང་འགྱུར༔ ཟབ་གཏེར་བཅུ་གཅིག་བཏོན་ནས་འགྲོ་དོན་མཛད༔ གསུང་གི་འགྲོ་དོན་ལྷོ་མོན་གཙང་དུ་བྱེད༔ གསང་བའི་མཚན་ཡང་པདྨ་གླིང་པ་ཞེས༔ ཟབ་མོའི་གཏེར་ཁ་ཉི་ཤུ་རྩ་བརྒྱད་འདོན༔ ཐུགས་ཀྱི་འགྲོ་དོན་ཀྲོང་ཁམས་དབུས་སུ་བྱེད༔ གསང་བའི་མཚན་ཡང་ཆོས་ཀྱི་བཤེས་གཉེན་ཟེར༔ ཟབ་མོའི་གཏེར་ཁ་གསུམ་གྱིས་འགྲོ་དོན་བྱེད། ཡོན་ཏན་འགྲོ་དོན་བལ་ཡུལ་མངའ་རིས་བྱེད། བན་བོན་གཉིས་མེད་གཏེར་ཁ་དུ་མ་ལེན༔ གསང་བའི་མཚན་ཡང་རྡོ་རྗེ་གྲོ་ལོད་ཅེས༔ ཕྲིན་ལས་འགྲོ་དོན་རྡོ་རྗེ་གདན་དུ་བྱེད། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་བྱོན༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བྱེད༔ འཇམ་པའི་དབྱངས་དང་ཐུགས་ཡིད་གཅིག་ཏུ་འདྲེས༔ ཞེས་གསུངས་སོ། གདན་སའི་མཐིལ་གླིང་མོ་ཁར་མཛད། གཞན་ཡང་། ལྷོ་བྲག །མོན་སྤ་གྲོ། བཟད་ཀྱི་འུག་སྐད་དགོན་པ་སོགས་བཟུག་ནས་འགྲོ་དོན་རྒྱ་ཆེར་མཛད། ཁྱད་པར་དུ་གཏེར་སྟོན་ཉིད་ཀྱི་གསུང་ལས། ཡིག་རིགས་མི་འདྲ་དྲུག་ཅུ་རྩ་བཞི་ཤེས། སྒྲ་རིགས་མི་འདྲ་སུམ་བརྒྱའི་སྐད་འགྱུར་ཤེས། སྐད་མཐའ་མི་འདྲ་སྟོང་དང་དྲུག་བརྒྱ་ཤེས། ད་ལྟའི་དུས་ན་ཀུན་མཁྱེན་སྤྲུལ་སྐུ་ཡིན། ཞེས་ཞལ་གྱིས་བཞེས་པ་དོན་ལ་གནས་པའི་སྐྱེས་བུ་ཆེན་པོ་སྟེ། གཏེར་སྟོན་འདི་དང་དུས་མཚུངས་སུ་གཏེར་སྟོན་ཤེས་རབ་མེ་འབར་གྱི་རྒྱལ་(སྟོད་ཆ།༦༨༦)གཤིན་རྗེའི་སྦ་དོང་ནས། བར་དོ་གྲོལ་གྱི་རྒྱུད་འཁོར་འདས་རང་གྲོལ་ཞེས་བྱ་བ་གཏེར་ནས་ཐོན་ཀྱང་། རྒྱུད་དེ་ལ་ཡིག་རིགས་མི་འདྲ་བ་བརྒྱད་དང་བརྒྱད། སྒྲ་རིགས་མི་གཅིག་པ་བརྒྱ་དང་བརྒྱད་ཡོད་པས། གཏེར་སྟོན་དེས་མ་མཁྱེན་ཏེ། ཟབ་གཏེར་གཞན་དང་མི་འདྲ་བ་ཞིག་ཐོན་ཀྱང་། ཡིག་རིགས་མི་འདྲ་བ་དང་། སྒྲ་རིགས་མི་གཅིག་པ་མང་པོ་བསྡོམས་ནས། ཚིག་གཅིག་ཀྱང་མ་གོ་གསུངས། དེར་གཏེར་སྟོན་དེའི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་རྡོ་རྗེ་གླིག་པ་དང་མཇལ་ནས། སྔར་གྱི་ལོ་རྒྱུས་ཞུས་པས། ང་ལོ་ཙཱ་བཻ་རོ་ཙ་ནའི་དུས་ཡིག་རིགས་མི་འདྲ་བ་དང་། སྒྲ་རིགས་མི་འདྲ་བ་བརྒྱ་རྩ་བརྒྱད་ཤེས་པ་ཡིན་ཏེ། སྐྱེ་བ་འདི་ལ་དེ་ཙམ་ཀློག་དགོས་པ་མ་འབྱུང་བས། ག་འདྲེས་འོང་གསུངས་ནས་ཀོང་པོར་ཕེབས། ཤེས་རབ་མེ་འབར་དང་མཇལ། ཤོག་སེར་སྤྱན་སྔར་ཕུལ་བས། ཚེགས་མེད་པར་མཁྱེན་ནས་ཤོག་སེར་རྣམས་བཀྲོལ་ཏེ། ཤེས་རབ་མེ་འབར་ལ་ཕུལ་བས་ངོ་མཚར་བསམ་གྱིས་མི་ཁྱབ་པའི་གནས་ལ་བཀོད། གཏེར་སྟོན་འདིའི་སའི་གཏེར་བརྒྱུད་དུའང་རྡོ་རྗེ་གླིང་པ་ངེས་པར་འདྲེན་པར་སྣང་། སྲས་དང་སློབ་བརྒྱུད་ཕལ་ཆེར་ལྷོ་བྲག་དང་། མོན་གྱི་ཕྱོགས་ན་བཞུགས་པ། ལྷོ་བྲག་ཆུས་ཁྱེར་བྷཉྩ་ལྷ་ཁང་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། གཏེར་སྟོན་གཤེགས་དུས་སྐུ་གདུང་རིལ་པོར་བཞུགས་དགོས་པའི་ཞལ་ཆེམས་ཡོད་ནའང་། བུ་སློབ་རྣམས་ཀྱིས་མ་འཆམ་པར་གདུང་ཞུགས་འབུལ་བྱེད་པའི་ཚེ། པུར་ཁང་ནས་གསུང་འབྱོན་པ་དང་། ཞབས་ཡ་གཅིག་སློབ་བུ་ཞིག་གི་སྐུ་པང་དུ་བྱོན་པས། དེར་བུ་སློབ་ཐམས་ཅད་ཀྱིས་ངེད་རང་རྣམས་ཀྱང་སྐལ་བ་ལེན་དགོས་ཟེར་ནས་སྐུ་གདུང་བོག་བཤས་བྱས་(སྟོད་ཆ།༦༨༧)ཏེ་གདུང་བཞུ་བ་མ་བྱུང་། ཞབས་ཡ་གཅིག་ཆུས་ཁྱེར་དང་ཡ་གཅིག་སྨན་ཐང་རྒྱབ་སོགས་སུ་བཞུགས་པར་གྲགས། གཏེར་ཆོས་ཀྱི་རྒྱུན་ཡང་སྔར་དར་རྒྱས་ཆེ་བར་བྱུང་ཞིང་། ཁྱད་པར་དུ་ཀུན་མཁྱེན་ལྔ་པ་ཆེན་པོས་རྫོགས་ཆེན་ལྟ་བ་ཀློང་ཡང་གསན་ཅིང་ཆོས་བདག་ཏུ་ལུང་བསྟན་པ་ལྟར་དེ་སྐབས་ཙམ་ན་དར་ཆ་ཤིན་ཏུ་ཆེ། དེང་སང་ཡང་གཏེར་ཆོས་འགའ་ཞིག་རྒྱུན་ཡོད་པར་སྣང་ངོ་། འདིའི་དུས་རྟགས། ཞབས་དྲུག་སྐྱོར་མོ་ལུང་པས་ཤུན་དུ་རྫོང་བཏབ། ཡར་ལུང་དུ་སྡེ་གཟར་ལོ་སྐོར་གཅིག་ལ་ལྷོང་བའི་སྐབས་དེ་ཡིན་ཅེས་སོག་ཟློག་པས་གསུངས་ཏེ། སྒར་པ་དོན་ཡོད་རྡོ་རྗེའི་སྐབས་དེར་ཡིན་པར་བཞེད་ཀྱང་། དེ་ལས་མི་ཐོག་གནིས་ཀྱིས་སྔ་བར་གཏེར་སྟོན་བྱོན་པར་སྣག་བས། དུས་རྟགས་དང་མི་མཚུངས་པ་དང་། གཏེར་གནས་ཀྱང་དབུས་གཙང་། མོན་ལྷོ་བྲག་སོགས་ནས་བཞེས་པ་ཤེས་ཆེ་བས། ཀོང་པོ་བུ་ཆུ་ནས་གཏེར་བཞེས་མཁན་གཞན་ཞིག་དང་ནོར་བ་འདྲ་ཞེས། སོག་ཟློག་པ་སོགས་ཀྱི་དཔྱད་གཞིར་མཛད་ཅིང་། འགའ་ཞིག་གིས་སླར་འབྱོར་རྒྱུར་བཞེད་པ་དང་། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུའང་ཐང་ཡིག་གི་ལུང་དྲངས་པ་གནང་མི་འདུག་ཀྱང་། ཀོང་པོ་བུ་ཆུ་ནས་ཀྱང་གཏེར་བཞེས་པ་ཡིན་ཞེས་ཤ་ཟུག་པའི་གཏེར་བྱུང་ནས་འབྱུང་ཞིང་། འདིར་མཚན་སྒྲ་དང་མཐུན་པར་ཡོངས་གྲགས་ལྟར་བཀོད་པ་ཡིན་ཀྱང་། སླར་བློ་གྲོས་དང་ལྡན་པ་དག་གིས་རྣམ་པར་དཔྱད་པར་མཛོད་ཅིག དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ གཙང་གི་དགྱེར་ཕུ་ངོ་མ་གཉིས་སུ་འཐབ༔ དྲ་ལག་འཚུར་ཕུར་ཕག་པའི་ཁྱུ་ཞིག་འབྱུང་༔ ཀོང་(སྟོད་ཆ།༦༨༨)པོ་འཕྱིང་ཡུལ་སྦས་པི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་རིན་ཆེན་གླིང་པ་འདི། བླ་མ་སོག་ཟློག་པ་ནི་རརྣ་གླིང་པ་ཡིན་པར་བཞེད་ཅིང་། འོན་ཀྱང་ཀོང་ཡུལ་དུ་མ་བྱོན་པས་དཔྱད་གཞིར་མཛད། ཤ་ཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་ནི། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ཡིན་པར་བཞེད་ཅིང་། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ཡིན་པར་བཞེད་ཅིང་། ཁ་ཅིག་སངས་རྒྱས་གླིང་པ་ཡིན་པར་བཞེད་པ་སྣང་མོད། འོན་ཀྱང་གཏེར་སྟོན་སངས་རྒྱས་གླིང་པ་དང་དྲི་མེད་ལྷུན་པོ་གཉིས་གདན་འཛོམས་པས་ཀོང་པོ་འཆིམ་སྤྲུལ་དང་། རྒྱ་ལ་སོགས་ཀྱི་གཏེར་ཁ་འགའ་ལྷན་ཅིག་ཏུ་སྤྱན་དྲངས་པས་གཉིས་ཀའི་ལུང་བསྟན་དུ་བཟུང་ཀྱང་མི་འགལ་མོད། འོན་ཀྱང་སངས་རྒྱས་གླིང་པ་ཉིད་ཀྱིས་རྣམ་ཐར་ཆེན་མོར་ཞལ་བདག་གནང་འདུག་པ་བཞིན་འདིར་ཡང་དེ་བཞིན་འབྲི་བར་བྱ་སྟེ། གཏེར་སྟོན་སངས་རྒྱས་གླིང་པ་ནི། དྲི་མེད་ལྷུན་པོའི་གཏེར་ལུང་ལས། རྡོ་རྗེ་བྲག་ནས་སྐལ་ལྡན་སྐྱེས་བུ་ནི༔ འབྲུག་གི་ལོ་བྷུདྡྷ་ཞེས་པའི་མིང་༔ ཙི་རྟར་སྨེ་བ་རཱ་གའི་མདོག་དང་འདྲ༔ སྐལ་ལྡན་དེ་ལ་དོན་ཏིག་ཡོངས་རྫོགས་སྟོན༔ ཞེས་དང་། རྣམ་ཐར་ཆོས་དབྱིངས་གན་མཛོད་ལས། མཐའ་ཁོབ་རྡོ་རྗེ་བྲག་གི་གཏེར་གནས་སུ༔ བྷུདྡྷའི་མིང་ཅན་སྙིང་སྨེ་དམར་པོའི་སྤྲས༔ འབྲུག་གི་ལོ་པ་ཟབ་གཏེར་ལོངས་སྤྱོད་འབྱུང་༔ ཞེས་སོགས་ལུང་བསྟན་མང་ཞིང་། ཁྱད་པར་དུ་འཁྲུངས་ཡུལ་ཡབ་ཡུམ་སོགས་ཀྱང་རང་གཏེར་གཏེར་ལུང་ལས། གཡུ་ལུང་མ་ཧེའི་རཱ་འདྲའི་ལུང་རྫོངས་མདའ༔ རི་སྣ་མཐུར་རྒྱུག་བྲག་དམར་རོལ་བཟང་ཞིང་༔ གད་པ་ནག་པོ་རུས་སྦལ་ཉ་འདྲའི་སྟེང་༔ ཕ་ཝང་(སྟོད་ཆ།༦༨༩)ཐག་ཐུག་ཕྱུགས་ལྷས་ལྟ་བུའི་དབུས༔ ཞེས་དང་། དེང་སང་ལྷ་སྲས་ཡབ་ཡུམ་ཕུན་སུམ་ཚོགས༔ མ་འོངས་དུས་ཀྱང་དེ་ཚུལ་འབྱུང་འགྱུར་ཏེ༔ ཡབ་ནི་སྔགས་འཆང་རྣལ་འབྱོར་ཞིག་པོའི་ཚུལ༔ སྤྲོ་ཐུང་སྐྱོ་ཤས་སྙིང་རུས་ཆོས་ལ་སྤྱོད༔ སྨྱོན་བའི་མིང་ཅན་བསྒྲུབ་ལ་མངའ་བརྙེས་འབྱུང་༔ ཡུམ་ནི་དུར་ཁྲོད་ཌཀྐིའི་མིང་ཅན་མ༔ རྒྱན་གྱི་མིང་ཅན་ཁྲོ་གཏུམ་ཅན་ཞིག་འབྱུང་༔ ཞེས་ལུང་བསྟན་པ་ལྟར་ཀོང་པོའི་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆར་ཨོ་རྒྱན་གྱི་སྒྲུབ་གནས་གྱིང་ཕུ་གཡུ་ལུང་གི་མདར་ལོད་པ་གིག་གང་སྟེང་ཞེས་འདོད་དགུ་འཛོམས་པའི་གནས་སུ། ཡབ་མདོ་ཁམས་ནས་བྱོན་པའི་རྣལ་འབྱོར་པ་དཔལ་རྟ་མགྱིན་གྱི་སྤྲུལ་པ་སྟག་ལུང་སྨྱོན་པ་ཞེས་བྱ་བ་དང་། ཡུམ་རྡོ་རྗེ་པག་མོའི་བྱིན་གྱིས་བརླབས་པའི་དུར་ཁྲོད་ཀྱི་མཁའ་འགྲོའི་རིགས། མཚན་ལྡན་ཨ་ཧཱུྃ་རྒྱན་ཞེས་པའི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་བྲག་གསུམ་རྡོ་རྗེ་བྲག་ཏུ་སྐུ་འཁྲུངས། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ན་ཡབ་ཡུམ་གཉིས་ལ་དགེ་བའི་མཚན་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་ཁྱད་པར་སྐུ་འཁྲུངས་མ་ཐག་ཡབ་ཀྱི་གཟིགས་སྣང་བ། གསེར་གྱི་མཆོད་རྟེན་ཁྲི་འཕང་བདུན་པ་ལ་བུ་མོ་ལྔས་སྐོར་བ་བྱེད་པ་མཐོང་བས། བྱིས་པ་འདི་ལ་རིག་འཛིན་གོང་མའིག་དུང་འཚོབས་པ་ཞིག་ཡོད་པར་འདུག་པས་མིང་ཡང་རིག་འཛིན་ཞེས་བྱ་བར་འདོགས་ཟེར་ནས་མཚན་ཡང་རིག་འཛིན་དུ་གསོལ། དགུང་ལོ་ལྔ་པ་ལ་མཁན་པོ་གཞོན་ནུ་དཔལ་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པས། མཚན་དཀོན་མཆོག་རིན་ཆེན་དུ་གསོལ། འདི་དུས་གཟིགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་ཡི་གེ་དྲུག་མ་ཁོ་ན་གར་གཟིགས་ཐམས་ཅད་དུ་ལམ་ལམ་འཆར་བར་བྱུང་ཞིང་། ཡི་(སྟོད་ཆ།༦༩༠)གེ་དྲུག་པ་ལ་ཐུགས་དམ་མཛད། སློབ་དཔོན་རིན་ཆེན་བྱ་བ་ལ་འབྲི་ཀློག་བསླབས་པས་བརྡའ་སྟོན་ཙམ་གྱིས་ཚེགས་མེད་པར་མཁྱེན་ཅིང་དགོང་ལོ་བདུན་བརྒྱད་ནས་ཡིག་རིས་ཐམས་ཅད་ལ་ཤིན་ཏུ་མཁས། དེ་སྐབས་ཡབ་འདས་ནས་ཡུམ་གྱིས་ཕ་ཡར་བརྟེན་པས་ཕ་ཡར་དེས་སྡང་པོ་བྱས་ཏེ་འོ་བརྒྱལ་བར་བཞུགས་སྐབས་བུད་མེད་དམར་མོ་ཞིག་གིས་ལུང་བསྟན་ལྟར། ལོད་པོ་གྲོང་གསར་མདར་ཀརྨ་པ་རོལ་བའི་རྡོ་རྗེའི་དྲུང་དུ་བྱོན། དེ་ནས་ཙ་རིར་བྱོན་ནས་དགོན་པ་ལྷུན་གྲུབ་སྟེང་དུ་མཁན་པོ་བྱང་ཆུབ་རྡོ་རྗེ་དང་། སློབ་དཔོན་ཤཱཀྱ་ཡེ་ཤེས་གཉིས་ལས་རབ་ཏུ་བྱུང་། མཚན་སངས་རྒྱས་བཟང་པོར་གསོལ། གཞན་ཡང་མཁན་སློབ་དེ་གཉིས་ལས་ཆོས་མང་དུ་གསན། མཁན་པོ་བྱང་ཆུབ་རྡོ་རྗེས། བྱིས་པ་ཁྱོད་ཡང་ན་སེམས་ཅན་མང་པོ་འདྲེན་པའི་གང་ཟག་ཁྱད་པར་ཅན་ཞིག་འོང་བ་འདུག །ཡང་ན་སྐྱ་སེར་ཐམས་ཅད་འཇོམ་པའི་པྲ་ཡས་ཐུ་པོ་ཞིག་ཡོང་བ་འདྲ་གསུངས། དེ་དུས་ནགས་ལྗོངས་ཞིག་ནས་མེ་ཏོག་ཤང་དྲིལ་ཤིན་ཏུ་ཆེ་བ་ཞིག་གི་སྟེང་ན་སྤྱན་རས་གཟིགས་ཁ་ས)་ཎི་བཞུགས་པ་དང་མཇལ། མེ་ཏོག་ཁྱེར་ནས་བླ་མའི་དྲུག་དུ་གོང་གི་ལོ་རྒྱུས་ཞུས་པས་བླ་མ་དགྱེས་ཤིང་སྒྲུབ་རྡེཾས་ལ་བསྲེ་བར་མཛད། དེ་ནས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེའི་དབུས་ནས་ཕྱིར་ཕེབས་དུས། བླ་མ་བྱང་ཆུབ་རྡོ་རྗེ་ལ་ཁྱོད་ཀྱི་དབོན་པོ་འདི་ང་ལ་ཕུལ་གསུངས་པ་ལ་བརྟེན་ཀརྨ་པར་ཕུལ་བས་མཉེས་ཤིང་། འདི་འགྲོ་བ་མང་པོ་འདྲེན་པའི་གང་ཟག་ཁྱད་པར་ཅན་ཞིག་ཡོང་གསུངས་ནས་ཐུགས་རྗེས་ཤིན་ཏུ་འཛིན་པར་མཛད། སླར་ཉང་པོར་བྱོན། དེ་སྐབས་མ་སླེབ་པར་ལྷ་རིས་ཤིན་ཏུ་མཁས་པར་མཁྱེན་པ་བྱུང་། འབྲི་གུང་སྤྱན་སྔ་སོགས་བླ་མ་མང་པོ་དང་(སྟོད་ཆ།༦༩༡)མཇལ་ནས་ཆོས་བཀའ་རྒྱ་ཆེར་གསན། དེ་ནས་ལྷ་སར་ཕེབས་པས། སྤྱན་རས་གཟིགས་ཕྱག་བཞི་པ་དང་འཁོར་བ་དོག་སྦྲུག་སོགས་དང་། ཁྱད་པར་དུ་སློབ་དཔོན་རིན་པོ་ཆེ་ཞལ་མཇལ་བས་སྣང་བ་བདེན་མེད་དུ་ཕྱམས་ཀྱིས་སོང་། ཡང་རྫོང་དཀར་དུ་བཞུགས་དུས་ཤིག་ཨོ་རྒྱན་རིན་པོ་ཆེ་དང་མནལ་ལམ་དུ་མཇལ། དེ་ནས་བཟུང་སྟེ་དངོས་ཉམས་རྨི་ལམ་ཐམས་ཅད་དུ་ཡང་ཡང་མཇལ་བར་བྱུང་ཞིང་། རྫོང་དཀར་དུ་ལོ་གསུམ་བསྒྲུབ་པའི་དམ་བཅའ་མཛད། བླ་མ་བྱང་ཆུབ་རྡོ་རྗེ་སྐུ་གཤེགས་ནས་ཙ་རིར་ཕེབས་པ་ཡོ་བླ་མ་ཆོས་ཀི་བློ་གྲོས་སར་བྱོན། སྐབས་ཤིག་བླ་མ་དབུས་སུ་པེབས་པའི་ཤུལ་དུ་ལྷུན་གྲུབ་སྟེང་གི་ཕུ་ན་སྦྲེལ་མཁར་ཞེས་པའི་རི་ཁྲོད་ཞིག་ཏུ་བཞུགས་པ་སནུབ་གཅིག་མི་ཅེན་པོ་བེར་ཐུལ་གྱོན་པ་ཞྭ་སྤྱི་རིང་གྱོན་པ་ཟིག་གིས་དབོན་པོ་གསུངས་ནས་ཤོག་དྲིལ་གསུམ་གཏད་བྱུང་། ཁྱོད་སུ་ཡིན་གསུངས་པས་ཅིར་ཡང་མི་ཟེར་བར་གར་སོང་ཆ་མེད་དུ་སོང་། ཕྱི་ནངས་ནམ་ལགས པ་དང་གཟིགས་པས། གཏེར་གྱི་ཁ་བྱང་། ལུག་བསྟན། གཏེར་སྒྲུབ་བྱ་ཚུལ། ཞལ་གདམས་རྣམས་བྱུང་། བླ་མ་ཆོས་ཀྱི་བློ་གྲོས་དབུས་ནས་ཕྱིར་ཕེབས་བྱུང་བ་དང་། ལུང་བསྟན་དང་ཤོག་སེར་བྱུང་ཚུལ་ཞུས་པས་བཀའ་བཀྱོན་དང་ཅོ་འདྲི་སྣ་ཚོགས་མཛད། དར་ཅིག་ནས་འོན་ཀྱང་སྲིད་མཐའ་མི་ཁེགས་པས་གཏེར་སྒྲུབ་གྱིས་གསུངས་ནས་སྒྲུབ་རྫས་སྒྲུབ་རྒྱགས་སོགས་ཀྱི་མཐུན་རྐྱེན་རྣམས་གནང་བས་གཏེར་སྒྲུབ་མཛད་པས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱད་པར་ཨོ་རྒྱན་རིན་པོ་ཆེ་མ་སྲིང་མཁའ་འ་གྲོའི་ཚོགས་དང་བཅས་པ་ཞལ་མཇལ་ཞིང་དབང་བསྐུར་ལུང་བསྟན་རྗེས་སུ་གནང་བར་མཛད་དོ། གཏེར་སྒྲུབ་རྫོགས་ནས་ཤིང་(སྟོད་ཆ།༦༩༢)ཕོ་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉི་ཤུ་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བླ་མ་དགོངས་པ་འདུས་པ་དང་ཐུགས་རྗེ་ཆེན་པོའི་སྐོར་རྣམས་གདན་དྲངས། བླ་མ་ཆོས་ཀྱི་བློ་གྲོས་ལ་གཏེར་རྫས་རྣམས་གཟིགས་སུ་ཕུལ་བས་ཤིན་ཏུ་དགྱེས་ནས་གཏེར་སྟོན་རིན་པོ་ཆེ་ཞེས་མཚན་གསོལ་ནས་གཏེར་ཆོས་རྣམས་གསན་ཞིང་ཐུགས་ཉམས་སུ་བཞེས། དེ་ནས་རིམ་བཞིན་ལོ་དེ་ཉིད་ནས་བཟུང་། དཀར་ཟུག་འཕྲང་དང་། དགྱེ་བ་རོང་། རྩེ་ཆེན་བྲག་ལང་པོ་བྱད་སྡེ་འབུམ་པ། ལང་པོ་ཀ་མདའ་འཕྲང་། རྐྱེན་གྱི་དཀར་སྟེང་འཕྲང་སོགས་ནས། ཕུར་སྒྲུབ་ཐུགས་ཀྱི་ཉིད་ཕུ། གཏད་ཁྲམ་རུས་སྦལ་ནག་པོ། རྟ་མགྲིན་ནག་པོ་སོགས་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། རྫས་གཏེར་དམ་རྫས་རིལ་བུ། ཨོ་རྒྱན་གྱི་འ་འབད་ཟངས་བུམ་གསེར་གྱིས་བཀང་བ། ལྕགས་ཕུར། དེ་བཞིན་གཤེགས་པའི་འཕེལ་གདུང་ཉེར་གཅིག་སོགས་སྤྱན་དྲངས། ཀོང་པོ་མཆིམ་ཡུལ་གྱི་གཏེར་བཞེས་དུས། གཏེར་སྟོན་དྲི་མེད་ལྷུན་པོའང་མཁའ་གྲོས་ལུང་བསྟན་གྱིས་བསྐུལ་ནས་དེར་ཕེབས་པས་ལྷན་ཅིག་ཏུ་ཕྱག་རྡོར་གོས་སྔོན་ཅན་དང་། ངན་སྔགས་མོན་པ་དགུ་རྒྱུག །ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་བཞེས། སྤུ་རི་རིན་ཆེན་འབར་བ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་། བྱ་རྒོད་གཤོང་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་། བཅུད་ལེན་སྐོར། དབང་ཕྱུག་རླུང་ཞགས་སོགས་བཏོན། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ལུང་བསྟན་ཀྱང་གཏེར་ཁ་འདི་ནས་བྱུང་སྟེ་ལ་སྟོད་དུ་ལྟ་བར་མངགས་པས་གཏེར་སྟོན་དང་མཇལ་བས་ཡིད་ཆེས་བརྙེས། གཞན་ཡང་ཙ་རི་ནས་ཀླུ་རྒྱལ་མགྲིན་བཟང་སྒྲུབ་ཐབས་(སྟོད་ཆ།༦༩༣)དང་། དབྱེན་ཕྱེ་ལ་དཀར་པོ་ནས་ཚེ་སྒྲུབ་ཉི་ཟླ་ཀ་སྦྱོར་སོགས་བཏོན། རྒྱ་ལ་གཤིན་རྗེའི་རྦ་དོང་ནས་གཏེར་སྟོན་དྲི་མེད་ལྷུན་པོ་དང་ཕྱོགས་གཅིག་ཏུ་གཤིན་རྗེ་ཚེ་བདག ཐུན་ཕོག་འགྱེལ་ཨོ་རྒྱན་གྱི་ལས་ཕུར་གདུང་ཆོག་སོགས་སྤྱན་དྲངས། རྩེ་ལྷ་སྒང་དུ་རྗེ་རོལ་པའི་རྡོ་རྗེ་མཇལ་བར་ཕེབས་པས། རྫས་གཏེར་ཅི་འདྲ་ཐོན་གསུངས། ཐུན་ཕོག་འགྱེལ་དང་། ལྕགས་ཕུར་གདེང་ཆོག་སོགས་ཀྱི་ལོ་རྒྱུས་ཞུས་པས། དེ་ཙམ་མི་བདེན། བདེན་ན་ཕུག་རོན་འདི་ལ་གྱིས་དག་གསུངས། དེར་ཟན་ལ་ཕུག་རོན་གཟུགས་བཅོས་ནས་ལྕགས་ཕུར་བསྣུན་པས། ཕུག་རོན་གཤོག་ཐབ་ཐབ་ས་ལ་ལྷུང་བྱུང་བ་དང་། རྗེ་རོལ་པའི་རྡོ་རྗེའི་ཞལ་ནས། འདི་འདྲ་བའི་ངན་སྒགས་གཏེར་བཏོན་ནས་ཅི་བྱེད་ཕར་སྦོས་ཤིག་གསུངས། གཏེར་སྟོན་གྱིས་ཀྱང་འོར་ཤོར་རླུང་སྒྲོམ་འབར་བ་གཏེར་དུ་སྦས་སོ། དེ་ནུབ་རོལ་པའི་རྡོ་རྗེའི་མཚན་ལམ་དུ། ཨོ་རྒྱན་རིན་པོ་ཆེ་ཐུགས་ཤིན་ཏུ་ལོག་པའི་ཚུལ་གྱིས། ཁྱོད་ཀརྨ་པ་དགེ་སློང་སྙིང་རྗེ་ཅན། ང་ཨོ་རྒྱན་པདྨ་སྔགས་པ་ཞེ་ནག་ཅན་ཏེ། མ་འོངས་པ་ན་ཁྱོད་ཀྱིས་བསྟན་པ་ལ་ཕྱིའི་རྒྱ་མ་རལ་ཀྱང་། ནང་གི་བཅའ་མི་ཐུབ་པའི་དུས་ཁྱེད་ལ་དགོས་པར་འདུག་བསམ་པ་ཡིན་ཀྱང་ཁྱེད་ཀྱིས་སླར་སྦེད་དུ་བཅུག་འདུག་པས་ད་ཁྱེད་རང་གིས་བསྟན་པ་མཐའ་འཁྱོངས་བར་མཛོད་དང་གསུངས་ནས་བཀའ་བགྱོན་པར་བྱུང་བས། ཀརྨ་པའང་ཐུགས་ཤིན་ཏུ་མབ་དེ་ནས། གཏེར་སྟོན་སར་བང་མི་བཏང་ནས་ཁྱེར་སོང་གསུངས་ཀྱང་གཏེར་སྦས་ཚར་ཞིང་འདོན་བར་བསྐུལ་ཡང་གཏེར་སྟོན་གྱིས་ཀྱང་འདོན་པར་མ་མཛད་དོ། གཞན་ཡང་ཨོ་རྒྱན་སྒྲུབ་ཕུག་ནས་རྫོགས་ཆེན་སྙིང་པོ་བསྡུས་པ་དང་། ཀོང་(སྟོད་ཆ།༦༩༤)པོ་དམ་དུལ་ནས་དགོངས་འདུས་རྩ་བའི་རྒྱུད་དྲུག །བསམ་ཡས་མཆིམ་ཕུ་ནས་ཨོ་རྒྱན་སྐུ་ཚབ་ཁྱད་འཕགས་དང་། འོར་ཤོད་རླུང་སྒོམ་ནས། ནོར་བུ་སྟག་ཤ་དེ་བ་དང་། མཁའ་འགྲོའི་སྐུ་རྒྱབ་སོགས་གདན་དྲངས་སྟེ། དགུང་ལོ་ཉེར་ལྔ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་ལ་གཏེར་ཁ་ཆེན་པོ་བཅོ་བརྒྱད་བཞེས་ཤིང་། གཞན་ཕྲན་ཚེགས་ཀྱི་གཏེར་ནི་གྲངས་ཀྱིས་མི་ཆོད་པ་ཞིག་བཞེས་པ་ཐམས་ཅད་སྨོས་ཀྱིས་མི་ལངས་སོ། གཞན་ཡང་གཏེར་ཁ་ཆེན་པོ་དེ་རྣམས་འདོན་པའི་དུས་སུ། ཨོ་རྒྱན་རིན་པོ་ཆེ་འཁོར་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ལན་གྲངས་དུ་མར་དངོས་ཉམས་རྨི་ལམ་དུ་མཇལ་བ་དང་། མེ་ཏོག་གི་ཆར་དང་། འཇའ་ཚོན་གྱི་གུར་ཁྱིམ་དང་། རོལ་མོའི་སྒྲ་དང་། མཁའ་འགྲོའི་གཟུགས་སྟོན་པ་སོགས་བྲེང་ཆགས་སུ་བྱུང་ཡང་འདིར་མཐར་ཆགས་ཚང་བར་བརྗོད་པར་མ་ནུས་སོ། དེ་ནས་དགོན་པ་ལྷུན་གྲུབ་སྟེག་དུ་དགོངས་འདུས་ཀྱི་ཤོག་སེར་ཞལ་བཤུས་པའི་དུས་སུ་ནུབ་གཅིག་མནལ་ལམ་དུ། བུད་མེད་དམར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གིས། བདག་ལ་བུ་མོ་བཅུ་གསུམ་སྐྱེས་པ་ལགས་པས། འདི་རྣམས་ལ་མིང་རེ་འདོགས་པར་ཞུ་ཟེར་བར། བུ་མོ་བཅུ་གསུམ་གྲལ་དུ་བསྒྲིགས་འདུག་པ་ལ་མིང་རེ་བཏགས་པས། བུད་མེད་དེས་མིང་ཡོན་ཡིན་ཟེར་ནས་པུ་སྟི་དམར་པོ་བཅུ་གསུམ་ཕྱག་ཏུ་ཕུལ་བྱུང་ཞིང་། བུ་མོ་རྣམས་ཀྱིས་ཀྱང་ཤེལ་ཟུར་མང་གྲུ་གང་པ་རེ་འབུལ་བྱུང་བས། ཐམས་ཅད་རིམ་པར་བཞིན་དུ་ཐུགས་ཀར་ཐིམ་པར་རྨིས་མནལ་སད་ཙ་ན། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཤེལ་གྱི་མཆོད་རྟེན་མི་ལངས་པ་ཙམ་ཞིག་འདུག་པར་རང་ཉིད་མཆོད་རྟེན་ལ་ཐིམ་པའི་སྣང་བ་བྱུང་ཞིང་།(སྟོད་ཆ།༦༩༥) དེ་ནས་བཟུང་མཆོད་རྟེན་བདག་རང་ཡིན་སྐམས་པའི་དགོངས་པ་ཁོར་ཡུག་ཏུ་བྱུང་གསུངས། དེ་ནི་རྡོ་རྗེ་ཕག་མོ་ཡེ་ཤེས་ཀྱི་མཁའ་འ་གྲོ་བཅུ་གསུམ་དང་བཅས་པས་ཆོས་ཀྱི་བཀའ་རྒྱ་བཀྲོལ་བ་ཡིན་ཞིང་། པུ་སྟི་བཅུ་གཉིས་ཀྱང་དགོངས་འདུས་ཀྱི་པུ་སྟི་བཅུ་གཉིས་དང་། བཅུ་གསུམ་པའང་ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་ཞིང་། དམར་པོར་བྱུང་བའང་སྣང་བ་མཐའ་ཡས་གསུང་གི་བདག་ཉིད་མཚོན་པའི་ཕྱིར་རྟེན་འབྲེལ་དེས། པུ་སྟི་བཞེངས་པ་རྣམས་དམར་པོ་བྱེད་དགོས་ཞེས་གསུང་རྒྱུན་ལས་འབྱུང་ངོ་། ཆོས་བདག་སློབ་བུའི་གྲངས་ཀྱང་། ལུང་བསྟན་ལས། བསྐྱེད་རིམ་བསྟན་པ་ཐོབ་པ་བྱེ་བ་འབུམ༔ མངོན་སུམ་སྒྲུབ་པའི་རྟགས་ཐོན་འབུམ་ཕྲག་བརྒྱད༔ ཟག་མེད་སྒྱུ་ལུས་གྲོལ་བ་ཁྲི་ཕྲག་དགུ༔ དངོས་གྲུབ་སྣ་རེ་ཐོབ་པ་དུང་ཕྱུར་བརྒྱ༔ ཐར་པའི་པ་བོན་ཐེབས་པ་རྩིས་ལས་འདས༔ དུས་གཅིག་མ་ཡིན་རྒྱུན་མར་རིམ་བཞིན་དུ༔ ཞེས་དང་། བསྟན་པ་ཇི་ལྟར་དར་བའི་ཚུལ་ཡང་། དེ་ཉིད་ལས། བསྟན་པ་འཕེལ་བྱེད་ཕྱོགས་ལ་རྣམ་པ་གཉིས༔ སྤྱི་ནི་སྔགས་ཀྱི་བསྟན་པ་དར་བའི་ཕྱོགས༔ ཁྱད་པར་ལྷོ་རོང་མཐའ་འཁོབ་བོད་ཁམས་དང་༔ མི་ཉག་ལི་ཡུལ་དབུས་སྟེ་གཙང་རོང་དང་༔ ལེ་ལེ་རུ་བཞི་ཡུལ་དགུའི་ཕྱོགས་སུ་དར༔ དུམ་བུར་འཐོར་ལ་ཕྱོགས་ཀྱི་རྣམ་ངེས་མེད༔ དེ་དག་རྣམས་སུ་བསྟན་པ་འདི་འཕེལ་ཞིང་༔ གདུལ་བྱའི་འགྲོ་བ་སྨིན་ཅིང་གྲོལ་བ་ནི༔ འབུམ་ཕྲག་དུང་ཕྱུར་ཐེར་འབུམ་ཁད་ཁོད་དགུ༔ མི་ཡི་སྐྱེ་འགྲོ་དེ་ལས་གཞན་ལ་ནི༔ འཁོར་བ་མཐའ་ཅན་ཐར་པའི་ས་བོན་ཐེབས༔ འབྲེལ་པ་དོན་ཡོད་གྲངས་ཀྱིས་རྫོགས་མི་འགྱུར༔ ཡང་དག་འབྲས་བུ་དོན་མཆོག་རྙེད་པ་ནི༔(སྟོད་ཆ།༦༩༦)བདུན་འབུམ་བཞི་ཁྲི་དུང་ཕྱུར་ཕྱེད་དང་གཉིས༔ དེ་སྐད་འགྲོ་བ་འདི་འཕྲད་ཡོན་ཏན་ལྡན༔ ཞེས་དང་། གཞན་ཡང་འདི་འཕྲད་ཡོན་ཏན་བརྗོད་མི་ལང་༔ འདི་མཐོང་ཐོས་རེག་འདི་དང་གང་འབྲེལ་བའི༔ སེམས་ཅན་རིགས་གྱུར་ལས་གྱི་མཐའ་སྟོང་ཞིང་༔ སྣང་བ་མཐའ་ཡས་ཞིག་མཆོག་གནས་རབ་ཏུ༔ འཁོད་པར་འགྱུར་ན་ཉམས་སུ་ལེན་རྣམས་ནི༔ ཚེ་གཅིག་ཉིད་ལ་གྲོལ་བར་སྨོས་ཅི་དགོས༔ དེ་ཕྱིར་འདི་འཕྲད་ལས་སྐལ་པར་ལྡན༔ ཞེས་གསུངས་པ་ལྟར། དགོངས་འདུས་ཁོ་ན་ལའང་གཙོ་བོར་བཀའ་བབས་བརྒྱུད་པའི་ཆུ་བོ་ཆེན་པོ་ཉི་ཤུ་ཡོད་པར་གྲགས་ཤིང་། གཏེར་ཆོས་གཞན་དང་གཞན་གྱི་ཆོས་བདག་སོགས་རྩིས་ལས་འདས་པར་བཞུགས་ཤིང་། ཀུན་གྱི་གཙོ་བོ་ནི་རྒྱལ་བའི་དབང་པོ་ཞྭ་ནག་ཅོད་པཎ་འཛིན་པ་ཀརྨ་པ་རོལ་པའི་རྡོ་རྗེ་དང་། དེ་བཞིན་དུ་ཞྭ་དམར་པ་མཁའ་བསྐྱོད་དབང་པོ། སྣ་གདོང་གོང་མ་ཆེན་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པཎན་ཆེན། ཇོ་སྟོན་མཁན་ཆེན་བསོད་ནམས་བཟང་པོ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སོགས་མི་ཆེན་བླ་ཆེན་ཆེ་དགུ་བགྲངས་པ་ལས་འདས་ཤིང་། ཁྱད་པར་དུ་རྒྱ་ནག་ཏ་མིང་རྒྱལ་པོས། ཀརྨ་པ་དེ་བཞིན་གཤེགས་པ་གདན་དྲངས་པའི་ཚེ་ཞུ་ཡིག་ཏུ་ཨོ་རྒྱན་གྱི་གྲུབ་ཐོབ་པདྨ་འབྱུང་གནས་ཀྱི་གཏེར་ཆོས་དྲི་མ་མེད་པ་ཞིག་གདན་དྲངས་ཤོག་ཞུས་པ་བཞིན། ཆོས་རྗེ་དེ་བཞིན་གཤེགས་པས་ཟབ་ཆོས་དགོངས་པ་འདུས་པ་དང་། ངོ་མཚར་མཐིང ་གི་བུམ་པ། དམ་ཚིག་གསེར་གྱི་རྡོ་རྗེ་རྣམས་བརྣམས་ནས་བྱོན་ཏེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སྒམ་ཚིང་གིང་མ་དང་། ན་བཟའ་ཁྱད་པར་ཅན་སོགས་ཕུལ་(སྟོད་ཆ།༦༩༧)བར་གྲགས་སོ། །གཞན་ཡང་བྱ་ཁྱུང་པ་དཔལ་ལྡན་སེང་གེ་སོགས་ཆོས་བརྒྱུད་འཛིན་པའི་སློབ་ཚོགས་ཀྱང་མང་དུ་བྱོན་ཞིང་བསྟན་པ་བོད་ཁམས་ཡོངས་ལ་ཁྱབ་པར་གྱུར་ཏོ། གཞན་ཡང་ལུང་བསྟན་པའི་ཌཱཀྐི་དགུ་དང་ཁྱད་པར་ལས་ཀྱི་ཌཱཀྐི་ཤ་ཟའི་མཚན་ཅན་ཉིད་འཇིག་རྟེན་མི་མོའི་ཚུལ་གྱིས་གཏེར་སྟོན་གྱི་ཕྲིན་ལས་ཀྱི་གྲོགས་སུ་བཞུགས་ཤིང་ཕྲིན་ལས་རྣམ་པ་བཞི་གང་འདོད་བསྐུལ་བ་མེད་པར་རྩོལ་མེད་དུ་བསྒྲུབས་པ་ཞིག་ཡོད་ཀྱང་སྐབས་ཤིག་དམ་སེལ་གྱི་རྐྱེན་གྱིས་སྤྲུལ་པ་བསྔས་པ་དེང་སང་བཀའ་སྲུང་ལྟ་མོ་རིགས་འཛིན་མར་གྲགས་པ་འདིའོ། །སྙིལ་ཕུ་བདེ་ཆེན་བསམ་འགྲུབ་དགོན་བཏབ་ནས་གདན་སའི་མཐིལ་མཛད། སྐབས་ཤིག་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་སྨན་གྱི་གོང་བུ་ཐམས་ཅད་སྡིག་པ་ཆེན་པོ་ཞིག་ཏུ་གྱུར་འདུག་པ། གཏེར་སྟོན་གྱི་ཞལ་ནས་འོ་ཀོལ་གྱི་སྒྲུབ་པ་འདི་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་བྱུང་འདུག་པ་འདིའི་དོན་དུ་ཚེ་སློབ་གཏོང་ནུས་པ་སུ་ཡོད་ཅེས་གསུངས་ཤིང་། བླ་མ་རླུང་སྟེང་པ་རྡོ་རྗེ་གཞོན་ནུ་ཞེས་པ་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཞིག་ཡོད་པ་ལ་སྤྱན་གཅེར་གྱིས་གཟིགས་པས། ཁོང་གིས་ཀྱང་ཞལ་གྱིས་བཞེས་ནས་བླ་མ་རྡོ་རྗེ་གཞོན་ནུའི་ཞལ་ནས་མེ་འབར་བ་དང་ལྷན་ཅིག་ཏུ་སྡིག་པ་ཞལ་དུ་བཞེས་ཤིང་བཅུན་སྡེ་བཤག་པས་དེའི་ནང་ནས་སྨན་དྲི་བཟང་ཆིལ་གྱིས་བྱུང་བ་སྡིག་པའི་རོ་དང་ལྷན་ཅིག་སླར་བཏུལ་ནས་བསྒྲུབས་པས་ཨོ་རྒྱན་མཁའ་འགྲོ་སྡེ་ལྔ་དང་བཅས་སྨན་གྱི་སྡེང་ཁྲིའི་ཁར་དངོས་སུ་བྱོན་ཞིང་། སྨན་གྱི་དྲང་སྲོང་རྣམས་དང་། སྨན་གྱི་ལྷ་མོ་རྣམས་ཀྱིས་དངོས་གྲུབ་འབུལ་བ་སོགས་དངོས་སུ་བྱུང་ཞིང་མཁའ་འགྲོའི་ལུང་བསྟན་པ་སོགས་ཀྱང་བྱུང་། སྨན་རྒྱ་ཆེར་འཕེལ་ཞིང་འགྲོ་དོན་མཐའ་(སྟོད་ཆ།༦༩༨)ཡས་པར་གྱུར་ཏེ་སྨན་མདོག་ཅུང་ཟད་ནག་པ་རྒྱ་ལའི་སིནྡྷུར་ར་མཚུར་འདྲེས་པའི་སྐྱོན་ཡིན་གསུངས་ཏེ་སངས་རྒྱས་གླིང་པའི་སྨན་ནག་ཏུ་གྲགས་ཏེ་དེང་སང་ཡང་ཕབ་རྒྱུན་ཡོད་པར་སྣང་ངོ་། སྐུ་ཚེའི་ཚད་ཀྱང་ལུང་བསྟན་ལས། དེ་ཚེ་སྙན་གྲགས་ལོངས་སྤྱོད་གྲ་རྒྱས་ཀྱང་༔ ཡུན་དུ་མི་འབྱུང་སྐད་ཅིག་ཡུལ་ཙམ་ཡིན༔ རྣལ་འབྱོར་སྐུ་ཚེ་ལྔ་བཅུ་ཐུབ་སྲིད་དམ། བཞི་བཅུ་ཁ་རལ་ཞིང་ཁམས་འཕོ་ཚུལ་སྟོན༔ གདུལ་བྱའི་ལྷག་མ་སྐྱོང་ཕྱིར་སླར་ཡང་འབྱུང་༔ ཞེས་གསུངས་ཀྱང་བུ་སློབ་རྣམས་ཀྱང་སྐུ་ཚེའི་རྟེན་འབྲེལ་ལ་བརྩོན་པ་བསྐྱེད་ཅིང་ཡུན་དུ་བཞུགས་པར་གསོལ་བ་བཏབ་པས་དགུང་ལོ་ལྔ་བཅུ་ང་བདུན་བཞུགས་པར་གྱུར་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ནས་སྐུ་དངོས་ཀྱིས་གདུལ་བར་འོས་པ་རྣམས་ལེགས་པར་བཏུལ་ནས། བཀའ་ལས། འདུས་བྱས་ཀྱི་ཆོས་ཐམས་ཅད་སྙིང་པོ་མེད་པའི་རང་བཞིན་ཡིན་ཏེ། བདག་ཀྱང་ལུས་འདིའི་བཀོད་པ་རེ་ཞིག་ཙམ་མོ། ཞེས་ཡང་ཡང་གསུངས་ཤིང་། ཡང་། བླ་མ་བྱ་ཁྱུང་བ་ལ། དང་པོ་སྤྱོད་ལམ་ལོག་པས་ལུས་མི་བདེ། བར་དུ་ཟས་སྤྱོད་ལོག་པས་ཕོ་བ་ན། ཐ་མ་སྨན་བཅོས་ལོག་པས་འབྱུང་བཞི་འཁྲུགས། འདུས་བྱས་ལུས་ནས་རིག་པའི་ཁྱེའུ་ཆུང་སྤུར། ཅེས་སོགས་གསུངས་ནས་དགུང་ལོ་ལྔ་བཅུ་ང་བདུན་པ། མེ་པོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་དགོན་པ་ལྷུན་གྲུབ་སྟེང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། དེ་ནས་སྐུའི་སྐྱེ་སྲིད་ཙྭ་རི་དང་གཙང་ཕྱོགས་སུ་འབྱུང་བའི་ལུང་བསྟན་རྣམས་རྟེན་འབྲེལ་གཞན་དབང་གྱུར་པས་དུས་ཐོག་ཏུ་མ་ཁེལ། ཡང་ལུང་བསྟན་ལས། འོན་ཀྱང་གནས་སྐབས་རྐྱེན་གྱི་(སྟོད་ཆ།༦༩༩)དབང་བསྒྱུར་ནས། སྔགས་ཀྱི་རྣལ་འབྱོར་ཚུལ་དང་མ་ལྡན་ན༔ དེ་ལས་གཞན་དུ་རིམ་གྱིས་འགྲོ་དོན་སྤྱོད༔ ཅེས་གསུངས་པ་ལྟར་ནལ་བ་སྨོ་ལོར་སྔགས་ཀྱི་རྣལ་འབྱོར་དོན་གྲུབ་རྒྱལ་པོར་སྐུ་འཁྲུངས་ནས། དགུང་ལོ་བཅོ་ལྔ་ལ་གཏེར་གྱི་ལུང་བསྟན་བྱུང་ཞིང་། གཏེར་གདན་དྲངས་པ་ལ་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ཞིག་ཏུ་ནམ་མཁའ་ལ་བྱོན་པས་གཏེར་གནས་ཀྱི་རྩར་བུ་མོ་ལོ་བཅོ་བརྒྱད་ཙམ་ལོན་པའི་སྐེ་དང་ལག་པ་རྣམས་སུ་ཟངས་ཀྱི་གདུབ་བུ་ཕྲོལ་བ་གཅིག་རོ་གོས་མེད་པ་གཅེར་བུ་སྐྱ་སྒོང་འདུག་པ་མཏོང་བས་ཤུགས་ཞེད་པ་ཞིག་བྱུང ནས་ཕྱིར་ལོག །སོང་བྱོན་པས་རོ་ཡང་མི་འདུག་ཅིང་། གཏེར་སྒོ་འགག་ནས་གཏེར་མ་ཐོན་ཞིང་། །སྐུ་ཚེ་ཡང་མཐར་མ་ཕྱིན་པར་གྲགས་སོ། །གསུམ་པ་ལོང་པོ་གྱིང་དུ་སྐུ་འཁྲུངས་ཚུལ་ནི། ཚེ་ཆུའི་ཁ་བྱང་ལས། དེ་ནས་སླར་ཡང་ལུས་ཀྱི་ལྷག་མ་ནི། དེས་པར་སྐྱོད་ཕྱིར་གཡུ་ལུང་ནང་དུ་འགྲོ། གནས་བྲག་སྒོ་འབྱེད་གདུལ་བྱའི་ལྷ་འདྲེ་རྣམས། སྔོན་གྱི་ཐ་ཚིག་བདེན་སྟོབས་བརྗོད་པའི་ཚེ། ཅེས་དང་། གླིང་པ་པུ་ནྱ་ར་ཛའི་གསུངས་ལས་ཀྱང་། ཡང་ནས་ཡང་དུ་ཁ་བ་ཅན་འདི་རུ། བྷུ་དྡྷ་ཤྲཱི་ཝནྡ་ལ་སོགས་སྐུ་སྤྲུལ་ནས། ཞེས་གསུངས་པ་ལྟར། སྤྲུལ་སྐུ་སངས་རྒྱས་དཔལ་ལྡན་ལོང་པོ་གྱིང་དུ་སྐུ་འཁྲུངས་ཤིང་། གདན་སར་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དེའི་སྐྱེ་བ་ཕྱི་མ་རྒྱ་ནག་སྐྱིང་ཕུང་པོར་འཁྲུངས་པར་འགྱུར་ཞེས་གྲགས་སོ། གཞན་ཡང་ལུང་བསྟན་ཐོར་བུ་ལས། མཐའ་འཁོབ་ཞིག་ཏུ་སྐྱེ་བ་འབྱུང་ཚུལ་སོགས་གཤམ་དུ་འཅད་འགྱུར་ལྟར་དང་། ཆོས་བརྒྱུད་དར་རྒྱས་ཆེ་ཞིང་གདུང་བརྒྱུད་ཀྱི་ཕྲེང་བ་རིམ་པར་བྱོན་ཚུལ་སོགས་འོག་ཏུ་གདན་རབས་སྐབས་སུ་འཆད་(སྟོད་ཆ།༧༠༠)འགྱུར་ལས་ཤེས་སོ། དུས་རྟགས་ནི། ལ་སྟོད་སྐྱེར་ཁུ་བ་ནང་འཐོར་བའི་དུས་ཏེ། གོང་མ་གྲགས་འབྱུང་གི་དུས་ཙམ་ན་བྱུང་བར་གྲགས་ཏེ་སྔ་མོ་ཞིག་ནས་བྱུང་འདུག་གོ །འདི་ལ་བླ་མ་སོག་ཟློག་པས། སངས་རྒྱས་གླིང་པའི་ལུང་བསྟན་ཟུར་པ་ཞིག་སྣང་ཡང་། ཐང་ཡིག་ཕལ་ཆེར་ལ་མི་སྣང་བས་འདིར་རྣམ་ཐར་ཉིད་བཙན་པར་བྱས་པ་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འགོས་ཀྱི་ཕག་རིར་གནས་གཞི་རྫོངས་ལ་འགེང་༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང་༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཉིད་གང་འདུལ་གྱི་འདྲེན་པར་བཞེངས་པར་རིག་འཛིན་ཆེན་པོ་པདྨ་གླིང་པ་ནི༔ སྒོས་ཀྱི་ལུང་བསྟན་རང་གཏེར་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལས། ད་ལྟའི་ལྷོ་ནུབ་བུམ་གདུགས་ཀྱི་ཤམ་བུར་མཚུངས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ དབེན་གནས་གདུགས་ཀྱི་ཤམ་བུར་མཚུངས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ ཕ་བཟང་མ་ཎི་པདྨའི་བུ༔ ལྕགས་ཀམས་རྟ་སྦྲུལ་ལོ་པ་ཅིག༔ ང་ཡི་ཐུགས་སྲས་སྙིང་སྟོབས་ཅན༔ སྐྱེས་བུ་པདྨའི་མིང་ཅན་འབྱུང་༔ ཞེས་དང་། བསམ་ཡས་འདི་ཡི་ཉི་མ་ལྷོ་ནུབ་མཚམས༔ རྒྱ་གར་ཆུ་འགོ་མཐའ་འཁོབ་མོན་གྱི་ཡུལ༔ བུམ་ཐང་ཆོས་འཁོར་ལུང་པ་ཆལ་ཞེས་པར༔ ལུང་འགོ་ནུབ་བྱང་འཇུག་ཤར་ལྷོར་བསྟན༔ རི་གསུམ་གདུགས་ཀྱི་དར་ཤམས་འཁྱིལ་འདྲ་ན༔ ས་གཞི་གྲུ་གསུམ་ནེའུ་གསེང་ཆེན་པོས་བསྐོར༔ འབྲང་འབྲང་འདྲ་(སྟོད་ཆ།༧༠༡)བའི་ཡུལ་ཆུང་གཅིག་གི་ནང་༔ རུས་ནི་གཉོས་ལ་ཕ་ནི་དོན་གྲུབ་བཟང་༔ མ་ནི་གྲོགས་མོ་དཔལ་གྱི་འཛོམས་གཉིས་ཀྱི༔ སྲས་སུ་འཁྲུངས་ལ་ལྕགས་ཕི་ཁྱི་ཡི་ལོ༔ པདྨའི་མིང་ཅན་སྐུ་ཆེ་བོང་ལུས་མཚམས༔ མདོག་དམར་སྐུ་སྟོད་ཤ་སྨེ་ལྔ་ཡིས་བརྒྱན༔ ཞེས་གསུངས་པ་ལྟར༔ ཆོས་རྒྱལ་སྲས་མོ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་ལ་མོན་བུམ་ཐང་དུ་སྐུ་འཁྲུངས་ཏེ་བལྟམས་མ་ཐག་ཏུ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་། ཡིག་རིགས་སོགས་མ་སླེབ་པར་མཁྱེན་ཅིང་བཟོ་རིགས་ཀྱང་མཁས་པར་མཁྱེན། སྦྲེལ་ལོ་སྟོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་ནས་བྱིན་གྱིས་བརླབས། གཏེར་གྱི་ཁ་བྱང་ཕྱག་ཏུ་གཏད། དེ་ཡང་གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཡོད་པར་གྲགས་ཏེ། གཏེར་སྟོན་ཉིད་ཀྱི་གསུངས་ལས་ཀྱང་། སྟོན་ཟླ་ར་བ་སྤེལ་ལོ་ཤར་བའི་དུས། སྒྲུབ་པའི་དབེན་གནས་ཡི་གེ་དྲུག་པའི་སར། ཨོ་རྒྱན་དངོས་མཇལ་གཏེར་གྱི་ཁ་བྱང་གཏད། ཁ་བྱང་མཐོང་བས་ལུས་ཀྱི་བ་སྤུ་གཡོས། དུས་བཟང་ཁྱད་འཕགས་ཟླ་བ་ཉ་བའི་ནུབ། ཟབ་དགུའི་གཏེར་གནས་སྣ་རིང་བྲག་ཕུག་ནས། རྫོགས་ཆེན་བླ་མེད་ཨ་ཏི་ཀློང་གསལ་སྐོར། ཀུན་བཟང་ཐུགས་བཅུད་གསང་བའི་ཡང་བཅུད་རྙེད། ཅེས་གསུངས་པ་དང་༔ གཏེར་ལུང་ལས། སུ་དང་འབྲེལ་ཚད་བླ་མེད་གནས་སུ་འཁྲིད༔ རྩ་་བདུན་ལོན་ནས་སྦྲེལ་ལོ་སར་བའི་དུས༔ མེ་འབར་མཚོ་ནས་ཀློང་གསལ་སྐོར་གསུམ་དང་། ཟབ་མོའི་རྫས་དང་ཁ་བྱང་མང་དུ་འདོན༔ ཞེས་གསུངས་པ་ལྟར་དུ།༧༠༢)སྟོན་རིག་འཛིན་ཆེན་པོ་དེ་ཉིད་དགུང་ལོ་ཉེར་བདུན་པ་ལ་ཟབ་གཏེར་གྱི་བདག་པོར་གྱུར་པའི་ཚེ། ཆོས་འཁོར་དཔོན་ཐུབ་བས་ཁྲོམ་བསགས་ནས། གཏེར་ཐོན་ན་བྱ་དགའ་ཆེན་པོ་སྟེར། མ་ཐོན་ན་ངའི་ལུང་པ་འདི་ཟོག་པོས་འགེངས་པར་འགྱུར་བས་བཅད་དེ་ཁྲིམས་ལ་བསྒྲལ་ཞེས་བསྡིགས་པའི་ཚེ། ཐུགས་ཉམས་འུར་ནས་ཕྱག་ཏུ་སྒྲོན་ཤིང་མེ་འབར་ཞིག་བསྣམས་ནས་ཟམ་པའི་ཀ་ནནས་མཚོ་ནང་ལ་མཆོངས་པས་ཀུན་ཧ་ལས་ཏེ། ཁྲོམ་ཀུན་ཀུ་ཅོ་དིར་གྱིས་བྱུང་། ཡབ་ཡུམ་གཉིས་བཤུམས་པ་ན། དཔོན་ཐུབ་པ་ཡང་ཐུགས་སྐྱེངས་སྟེ་ཡབ་ཡུམ་གཉིས་ལ་ཁྱེད་གཉིས་བུ་ཚབ་ངས་བྱེད་པས་མ་ངུ་ཞིག་ཟེར་ནས་སེམས་གསོ་བྱེད་ཀྱིན་ཡོད་པའི་སྐབས་སུ། ད་ཅིའི་ཕྱག་གི་མེ་སྒྲོན་ཡང་མེ་མ་སི་བར་ཕྱག་གཡས་སུ་བསྣམས། མཆན་ཁུང་དུ་ལ་བསེའི་གཏེར་སྒྲོམ་ཆེན་པོ་རྫ་མ་ཙམ་ཞིག་བཅུག་ནས། སྐུ་ལུས་ཆུའི་ཟིལ་པ་ཁྲོམ་མེར་བྱོན་བྱུང་བར་དེར་ཡོད་ཀུན་ལ་གཏེར་རྫས་ཀྱིས་བྱིན་རླབས་མཛད་པས། ཐམས་ཅད་ཡིད་ཆེས་ངོ་མཚར་གྱི་གནས་ལ་བཀོད་པ་ལ་བརྟེན་སྙན་གྲགས་ཀྱིས་ས་སྟེང་ཁྱབ་སྟེ་ཉི་ཟླ་ལྟར་དུ་གྲགས་པར་གྱུར། དེ་ཡང་གཏེར་གནས་དེར་མིང་རོང་གསུམ་འདུས་པའི་མདོ་སྣ་རིང་བྲག་ན། སྟོང་ཆུ་རྒྱ་མདུད་འཁྱིལ་པའམ་མེ་འབར་མཚེར་གྲགས་པ་དེ་ཡིན། དེས་མཚོན་ཏེ་ཁྲོམ་གཏེར་ལན་ལྔ་ཙམ་མཛད་གཞན་གཏེར་ཁ་ཆེན་པོ་སུམ་ཅུ་སོ་གསུམ་ཙམ་ཞིག་གི་ཟབ་གཏེར་བཞེས་ཏེ། ཟབ་གཏེར་གྱི་བདག་པོར་གྱུར་ཅིང་། གཏེར་གནས་སོ་སོ་ནས་སྤྱན་དྲངས་པའི་གཏེར་ཆོས་བསམ་གྱིས་མི་ཁྱབ་ཅིང་། ཕ་རྒྱུད་ཀུན་བཟང་དགོངས་པ་ཀུན་འདུས། མ་རྒྱུད་ཀློང་གསལ་གསང་བ་སྙིང་བཅུད། གཉིས་མེད་རྒྱུད་བུ་ཆུང་རྣམས་དེང་ཡོངས་གྲགས་(སྟོད་ཆ།༧༠༣)ཀྱི་ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ལྟ་བུ་ཡིན་ཏེ་རྩ་བ་རྒྱུད་ཀྱི་མཚན་ལ་བརྟེན་པ་སོ་སོར་བཞག་ཅིང་། དེ་གཉིས་ཀྱང་དབྱེ་བ་མེད་པས་གཉིས་མེད་དུ་བཏགས་པ་ལས་དོན་དུ་གསུམ་ག་གཉིས་མེད་ཀྱི་རྒྱུད་དུ་བཞེད་ལ། གཞན་ཡང་བླ་མ་ནོར་རྒྱ་མཚོའི་སྐོར། ཕྱག་རྡོར་དྲེགས་འདུལ་དང་གཏུམ་ཆུང་། རྟ་མགྲིན་ལྷ་ལྔ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། དྲག་པོ་ཆེ་འབྲིང་ཆུ་གསུམ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། ལས་ཕྲན་གྱི་སྐྱོར་སོགས་མང་དུ་གཏེར་ནས་བཞེས་ཤིང་། དེ་དང་མཚུངས་པར་སྐུ་ཚབ་པདྨ་གུ་རུ་སོགས་དམ་རྫས་རྟེན་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། ལྷོ་སྐྱེར་ཆུའི་ལྷ་ཁང་ཀྱང་སྔོན་ཆད་མི་སྣང་ཡང རི་སུལ་ཞིག་ནས་བཏོན་ཏེ་སྣང་བར་མཛད། ནོར་གཏེར་ཀྱང ་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་གཡུ་སྟོང་རི་འོད་འབར། བླ་གཡུ་སྒང་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ་དང་། མེ་ལོང་རྒྱང་གསལ་ལ་སོགས་རྒྱལ་རྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོ་འང་གཏེར་ནས་བཞེས། གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བྱུང་ནའང་གཏེར་ཁ་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སྟོན་སྐུ་གཤེགས་ཁར། སྲས་ཀྱིས་་འདོན་ཆོག་པར་གསོལ་བ་བཏབ་པས་ཁྱོད་ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང་། དམ་ཚིག་གཙང་མར་བསྲུངས་ཤིང་ངེད་རང་ལ་གསོལ་བ་བཏབ་ན་ཕྲན་ཚེག་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ཀྱང་གཏེར་ཀ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་མཚན་ཆེ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་།(སྟོད་ཆ།༧༠༤) མ་འོངས་པ་ན་པདྨོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྡོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་དང་། ད་ལྟའི་འབྲེལ་ཐོག་རྣམས་ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ། ཐུགས་སྲས་སློབ་མའིའ་ཚོགས་ཀྱང་། གཏེར་ལུང་ལས། ལས་ཀྱིས་འབྲེལ་པ་ཁྲི་ཕྲག་གཅིག༔ སྨོན་ལམ་འབྲེལ་པ་སྟོང་རྩ་གཉིས༔ ཟབ་མོའི་གནད་ཀྱི་འབྲེལ་པ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང་། །ཐུགས་ཀྱི་སྙིང་སྲས་གསུ་དུ་འབྱུང་༔ ཞེས་གསུངས་པ་དང་མཐུན་པར་སློབ་ཚོགས་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཏེར་སྟོན་གྱི་སློབ་མ་དྲུག་བྱུང་སྟེ། གཏེར་སྟོན་མཆོག་ལྡན་མགོན་པོ། བྱང་ཆུབ་གླིང་པ། ཟབ་ལུང་སྤྲུལ་སྐུ། ཆོས་རྒྱལ་དབོན་པོ་གླིང་ལུང་སྐུ་སྐྱེ། དྲངས་པོ་ཆོས་མཛད། འགྲོ་འདུལ་རྡོ་རྗེ་དང་བདུན་བྱོན། གྲུབ་ཐོབ་ཆེན་པོ་དྲུག་ནི། འབྲུག་སྨྱོན་ཀུན་དགའ་ལེགས་པ་རྟོགས་པ་མཐར་ཕྱིན་པའི་གྲུབ་ཐོབ། རྒྱ་ས་ནག་གི་བླ་མ་ཧྱ་གྷྲཾ་བ་རྟ་མགྲིན་གྱི་གྲུབ་ཐོབ། ཀུ་རེ་ལུང་རྩང་ལུང་གི་བླ་མ་གུ་རུ་རིན་ཆེན་གུར་དྲག་གི་གྲུབ་ཐོབ། ཆོས་ལུང་མཁན་ཆེན་ཚུལ་ཁྲིམས་དཔའ་འབྱོར་མཁའ་འགྲོའི་གྲུབ་ཐོབ། ཆོས་ལུང་གི་གྲུབ་ཆེན་ཚེ་འཕེལ་བ་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ། ལ་སྟོད་ཟུར་རྩེ་ཆོས་རྗེ་བློ་གྲོས་རྒྱལ་མཚན་གུ་རུ་ཞི་བའི་གྲུབ་ཐོབ་དང་དྲུག་གོ། གྲུབ་རྟགས་མངོན་སུམ་ཐོན་པའི་བུ་ཆེན་དྲུག་ནི། ཆོས་ལུང་མཁན་ཆེན་གྱི་ཆིབས་པ་གླིང་བཞི་གཏམ་སྙན་གྱི་རྡོ་ལ་ཞབས་རྗེས་བཞག་རྗེ་བཙུན་མ་བདེ་ཆེན་དདཀར་མོས་རྡོ་ལ་ཕྱག་རྗེས་བཞག་ཅིང་ནམ་མཁའ་ལ་བྱ་ལྟར་འཕུར། དཀར་པོ་ཀུན་གྲགས་ཀྱིས་བརྟུལ་ཞུགས་སྤྱོད་པས་སྡེ་(སྟོད་ཆ།༧༠༥)དཔོན་དྲེགས་པ་ཅན་མང་པོ་དབང་བསྡུས་བྲན་དུ་བཀོད་ནས་བསམ་ཡས་དང་ཁྲ་འབྲུག་གི་ཞིག་གསོས་མཛད། དྲངས་པོ་ཆོས་མཛད་ཤཱཀྱ་བཟང་པོས་བལ་ཡུལ་མ་གུ་ཏ་ཡི་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོས་བྱེད་དུས་སོ་ཕག་དང་ཆུའི་གཏེར་བཏོན། གུ་རུ་བའི་བླ་མ་དྲུང་སྐྱོམས་རྟོགས་ལྡན་གྱིས་རྡོ་བ་འདམ་ལྟར་དུ་བརྫིས། སྒྲུབ་པ་མོ་འོད་གསལ་གྱི་གྲུབ་ཆུ་བཏོན་ཞིང་རྡོ་ལ་ཕྱག་རྗེས་བཞག །ལྷོ་བྲག་ཤར་གྱི་ཆོས་རྗེ་ཙཱ་རི་བས་ཕྱག་ཞབས་ཀྱི་རྗེས་འཇོག་པ་སོགས་གྲུབ་རྟགས་མངོན་སུམ་དུ་སྟོན་ནུས་པ་དྲུག་གོ། ཁྱད་པར་ཐུགས་སྲས་མཆོག་གྱུར་ནི་ཇོ་གདན་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་དང་། ནང་སོ་རྒྱལ་བ་དོན་གྲུབ། སྤྲུལ་སྐུ་མཆོག་ལྡན་མགོན་པོ་རྣམས་ཏེ་འདི་གསུམ་གཏེར་སྟོན་ཉིད་དང་དགོངས་པ་མཉམ་ཞིང་། སྐུའི་སྲས་རྣམས་ལས་ཀྱང་ལྷག་པར་འཛིན། གདུང་བརྒྱུད་སྲས་བཞི་བྱོན་བའི་བགྲེས་པ། དཀོན་མཆོག་བཟང་པོ་འཇམ་དབྱངས་ཀྱི་སྤྲུལ་པ་གྲགས། དེ་འོག་ཆོས་རྗེ་ཟླ་བ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ། དེ་འོག་ཆོས་རྗེ་གྲགས་རྒྱལ་བ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ། ཆུང་བ་ཆོས་རྗེ་ཀུན་དབང་ཞེས་པ་རྣམས་ཏེ། དེ་རྣམས་ཀྱི་ནང་ནས་ཟབ་མོའི་ལུང་གིས་ཟིན་ཅིང་། ཡབ་ཀྱི་དགོངས་པ་ལོན་པ་ནི་ཐུགས་སྲས་ཟླ་བ་ཡིན་ཏེ། ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཞྭ་དམར་པ་དཀོན་མཆོག་ཡན་ལག། དཔའ་བོ་ཆོས་རྒྱལ་དོན་གྲུབ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་བཀའ་ཆོས་གསན་ཅིང་བླ་ཡར་ཁུར། གཞན་ཡང་དབུས་གཙང་ལྷོ་མོན་སོགས་སྡེ་དཔོན་མི་ཆེན་ཆེ་དགུ་ཐམས་ཅད་ཀྱི་དབུའི་མཆོད་གནས་སུ་བཀུར་ཞིང་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ་བས་གཞན་ཕན་ཕྲིན་ལས་(སྟོད་ཆ།༧༠༦)ཡབ་ལས་ཀྱང་ལྷག །འོན་ཀྱང་སྦས་ཚུལ་ཅི་ཡང་མི་མཁྱེན་པའི་ཚུལ་ཁོ་ན་མཛད་པས་ཆོས་བརྒྱུད་ཆེར་འཕེལ་བ་མ་བྱུང་ཞིང་། བསྟན་པའི་རྒྱུན་ནི་རིན་པོ་ཆེ་སྣ་ཚོགས་རང་གྲོལ་དང་། དབུ་མཛད་དོན་གྲུབ་དཔལ་འབར་གཉིས་ནས་རྒྱ་ཆེར་འཕེལ་ཏེ་མཚུངས་མེད་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་ཡིན་ལ། ཆོས་བརྒྱུད་དང་བསྟན་པ་ནི་ལྷ་བྲག་དང་མོན་ཡུལ་དབུས་གཙང་རྣམས་སུ་དར་ཞིང་རྒྱས་ལ་དེང་སང་ཡང་མ་ནུབ་པར་བཞུགས་སོ། འདིར་འཕྲོར་འོས། ཆགས་མེད་རིན་པོ་ཆེའི་རྣའི་དྲག་དམར་ཟིན་བྲིས་སུ། པདྨ་གླིང་པའི་གུར་དྲག་ཡང་གཏེར་འདོན་དུས་གཏེར་སྒྲོམ་ཆུས་བང་ནས་གཏེར་ཤོག་ཕལ་ཆེར་ཆུད་ཟོས་པས་གཏེར་སྟོན་གྱིས་ཉམས་ཐོག་ནས་བརྩམས་པ་ཡིན་གསུངས་པར་སྣང་ཡང་། དེ་ནི་ངག་སྒྲོས་མ་དག་པ་ཞིག་གསན་པར་འདུག་སྟེ། མཚོ་གཏེར་བཞེས་རྒྱུ་དེ་ནི་ཀློང་གསལ་འབར་མའི་ཆོས་སྐོར་ཡིན་གྱི་གུར་དྲག་མ་ཡིན་ལ། ཡིན་དུ་ཆུག་ཀྱང་ཆུས་མ་གནོད་པའི་ལོ་རྒྱུས་གོང་དུ་སྨོས་མ་ཐག་པ་དེ་ལྟར་ཡིན་ལ། གུར་དྲག་ནི་བུམ་ཐང་སྐུ་རྗེས་བྲག་རྡོ་རྗེ་བརྩེགས་པ་ནས་བཏོན་པ་ཡིན་ཅིང་། དེ་བཞིན་དུ་དྲག་པོ་ཆུང་འབྲིང་གཉིས་ཀྱང་སེང་གེ་ཁྱི་ལྕོག་བྲག་ཞེས་པའི་གཏེར་ཁ་ནས་སོ་སོ་ནས་བཞེས་པས་མཚོ་གཏེར་མིན་ནོ། འོན་ཀྱང་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་པདྨ་གླིང་པའི་གཏེར་སྐལ་ཡིན་ཀྱང་སྔར་གཏེར་སྟོན་ཤེས་རབ་མེ་འབར་ལ། དཔོན་གྱིས་བསྐུལ་བས་དབང་མེད་དུ་གཏེར་བཞེས་དགོས་བྱུང་བར། འཚུབ་ལྷོང་ཆེན་པོ་བྱུང་བས་སླར་ཤོག་སེར་རང་གནས་སུ་སྦས་པ། ཕྱིས་པདྨ་གླིང་པས་ཡང་གཏེར་བསྟོན་ཚེ་ཤོག་སེར་རྣམས་རུལ་ནས་ཡི་གེ་མི་མཐོང་ར་སོང་འདུག་ཀྱང་། རང་ནོར་རང་གི་(སྟོད་ཆ།༧༠༧)ཡིན་བཞིན་གཏེར་སྟོན་ཤེས་རབ་མེ་འབར་གྱིས་གཏེར་ཤོག་ཕབ་ཚར་བ་རྣམས་བདག་གིར་མཛད། ཅེས་པའི་གཏམ་ཙམ་ལས་འཁྲུལ་གཞི་བྱུང་བ་འདྲ་ལ། དེ་མཚུངས་མངའ་གཏེར་སྟོན་ལེགས་ལྡན་རྗེས་གུར་དྲག་ཀྱང་པཎ་ཆེན་སྐུ་མཆེད་བར་ལ་དམ་སེལ་ཡོད་ཚུལ་གསུངས་པའང་སྣང་རྩེ་ཕྱོགས་ཀྱིས་བསྒྲགས་པས་ངག་སྒྲོས་མ་དག་པ་ཞིག་གསན་པ་ཡིན་འདུག་སྟེ། གུ་དྲག་མངའ་རིས་རིག་འཛིན་ལེགས་ལྡན་རྗེས་གཏེར་མ་ཡིན་པས་པཎ་ཆེན་འདྲེན་དོན་མ་བྱུང་ཞིང་དམ་སེལ་བྱུང་བའི་ལོ་རྒྱུས་ཀྱང་མེད་དོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་གར་གྷ་ལ་རུ་དང་བི་ན་པ༔ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང་༔ ལྷ་སའི་ཇོ་ཤག་འདི་ལ་མཆོད་པར་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་དང་། རང་གཏེར་ལས། ད་ལྟའི་རྫོགས་ཆེན་རྣལ་འབྱོར་ནི༔ མྱ་ངན་ཏིང་འཛིན་བཟང་པོ་ཡང་༔ ཁ་བ་ཅན་གྱི་རྗེའི་ཐོག་མ༔ གཉའ་ཁྲི་བཙན་པོ་ཞེས་བྱ་ཡིན༔ དེ་འོག་དག་པའི་ཞིང་མང་ཉུལ༔ ཞེས་པ་ནས། བཞི་བཅུ་ཁ་རལ་སུ་ཅུར་ཉེ༔ ངན་སྤྱོད་སྟེང་འོག་ཕྱོགས་མཚམས་འཁྲུགས། དེ་ཚེ་ལས་ཅན་བུ་ཁྱོད་ཀྱང་༔ སྤྲུལ་པ་གསུམ་དུ་གྱེས་པ་ཡི༔ ཐུགས་སྤྲུལ་བྱང་སེམས་ལྡན་པ་གཅིག༔ ཆོས་འཁོར་གཉེན་པོའི་བྱང་ཤར་མཚམས༔ ཀོང་ལུང་བ་རུ་ཎ་ཞེས་པར༔ གནམ་ས་ཅོས་འབྱུང་དབྱིབས་དང་ལྡན༔ ལུང་གསུ་འདུས་པའི་སོ་མཚམས་སུ༔ སྐྱེས་བུ་ལྕགས་ཁམས་སྤྲེལ་བྱ་ལོ༔ གཟུགས་ནི་གནོད་སྦྱིན་སྒྲིག་པའི་ཉམས༔ ཡང་ན་བོང་ཆེ་ཁྲོ་ཞལ་ཅན༔ ཞབས་མཛུབ་(སྟོད་ཆ།༧༠༨)གཉིས་ཀ་ཆུ་བྱ་ལྟར༔ ཕྱག་གཉིས་སྤུ་ནག་གཤོག་པའི་ཚུལ༔ ཡི་དམ་ཞི་ཁྲོད་དག་ལ་མོས༔ སྐལ་ལྡན་རྒྱལ་བའི་མཚན་འཆང་བང་༔ དད་བརྩོན་ཤེས་རབ་སྙིང་བརྩེར་ལྡན༔ དེ་ལ་གདུལ་བྱ་རབ་འབྲིང་ཐ༔ ཞེས་སོགས་ལུང་བསྟན་ཞིབ་དུ་འབྱུང་བའི་སྤྲུལ་པའི་སྐྱེས་ཆེན་དམ་པ་འདི་ཉིད་ནི། ཨོ་རྒྱན་འཕྲོ་གླིང་པ་ཕྱིའི་མཚན། རིག་འཛིན་འཇའ་ཚོན་སྙིང་པོ་ནང་གི་མཚན། སྔགས་འཆད་ཧཱུྃ་ནག་མེ་འབར་གསང་བའི་མཚན་ཏེ་སྐུ་གཅིག་མཚན་གསུམ་དུ་གྲགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད། སྔོན་ཨོ་རྒྱ་ཆེན་པོའི་ིཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་ནང་ནས་འོད་གསལ་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་ཞིང་། གླིང་བཞི་དུས་གཅིག་ཏུ་གཟིགས་པའི་ཉང་ཤའི་སྤྱན་ཅན་ནམ་ཉང་ཏིང་འཛིན་བཟང་པོ་དེ་ཉིད་ཀྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཏེ། ཀོང་ཡུལ་ཝ་རུ་གནམ་ཚལ་དུ། ཡབ་ཆོས་སྐྱོང་མགོན་པོ་དང་། ཡུམ་ནི་མ་སངས་བུ་ཁྲིད་གཉིས་ཀྱི་སྲས་སུ་ཤིང་མོ་བྱ་ལོ་སྐར་མ་རྒྱལ་ལ་བབས་པའི་ཉིན་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆགས་དང་ལྡན་ཞིང་། དགུང་ལོ་གསུམ་པའི་དུས་ནས་ཡི་གེ་བརྡའ་སྟོན་ཙམ་གྱིས་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན། བཅུ་གཉིས་ནས་ཉི་ཤུར་མ་ཕེབས་པར་སློབ་གཉེར་དང་། ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན། དེ་དག་གི་དུས་སྐབས་རྣམས་སུ་དངོས་ཉམས་དང་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་བར་བྱུང་། ཐུགས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས་ཆོས་ཁོ་ན་ལ་རྩེ་གཅིག་ཏུ་ཐུགས་འདུན་གཏད་ཅིང་། འཁོར་བའི་གནས་གྲོགས་ཐམས་ཅད་མེ་འོབས་ལྟ་བུར་གཟིགས་(སྟོད་ཆ།༧༠༩)ནས་ཆོས་ཀྱི་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་ཆོས་ལ་བྲོས་ནས་བྱོན་པས། རྗེ་དེའི་མཚན་ལམ་དུ། སློབ་དཔོན་པདྨས་བཞེངས་པའི་མཆོད་རྟེན་སྙིང་པ་ཞིག་བུད་མེད་འགས་གདན་དྲངས་ནས་རབ་གནས་སྐྱོར་དགོས་ཟེར་བ་ལ་རབ་གནས་མཛད་པས་འོད་དུ་འབར་བར་གཟིགས་པས་སྐལ་ལྡན་དུ་མཁྱེན། དེར་རབ་ཏུ་བྱུང་། ངག་དབང་ཆོས་རྒྱལ་དབང་པོར་མཚན་གསོལ། གསང་སྔགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་རྩེ་གཅིག་ཏུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། གཞན་ཡང་ཞབས་དྲུང་ནོར་བུ་རྒྱན་པ། འབྲུག་པ་ཐམས་ཅད་མཁྱེན་པ། མཉམ་མེད་ལྷ་རྩེ་བ་སོགས་ལས་མོད་སྔགས་བཀའ་གཏེར་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་ལྷ་རྩེ་བ་ལས་བསྙེན་རྫོགས་ཞུས། རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། མི་ལོ་བཅུ་བདུན་དུ་འདགས་སྦྱར་ཁོ་ན་མཛད་ནས་སྒྲུབ་པའི་རྒྱལ་མཚན་འཛུགས་པར་མཛད་པས་དུས་སུ། གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་པར་བཞག་ཀྱང་ཕྱག་རྡོར་གྱི་བསྙེན་པ་དུང་སོང་བའི་ཚེ། ཆོས་རྗེ་རིན་པོ་ཆེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་བསྐུལ་ནས། ལྕགས་ཕོ་སྤྲེའུ་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་གཏེར་བཞེས་པའི་ཐོག་མར་ལྕགས་ཁྲོའི་བྱ་ཁྱུང་བྱེའུ་ཕྲུག་ཙམ་ཞིག་གི་ནང་ནས་གཏེར་གྱི་ཁ་བྱང་། མཚོ་རྒྱལ་གྱི་ཕྱག་བྲིས་མ་ཕྱག་ཏུ་འབྱོར་ཏེ། དེ་ཡང་ཁ་བྱང་ལས། མཁའ་འགྲོས་ལུང་བསྟན་ཟང་ཟིང་དང་༔ མཐའ་དབུས་འཁྲུག་ཅིང་ཡིད་མི་བདེ༔ འཇའ་འོད་འཁྲུག་ཅིང་རྨི་ལམ་གསལ༔ དེ་ཚེ་འདི་དང་གྱུར་དུ་འཕྲད༔ ཅེས་དང་། རྟགས་མཚན་དེ་ལྟར་བྱུང་ཚེ་ཐོན༔ དུས་རྟགས་མེད་པར་འདོན་མི་རུང་༔ སྲོག་གི་ཕྱིར་ཡང་(སྟོད་ཆ།༧༡༠)ཁར་མ་བཏོན༔ གལ་ཏེ་དེ་ལས་འདས་པ་ན༔ གཏེར་བདག་ཁྲོས་ནས་དབང་པོ་སྣུབས༔ དེ་ཕྱིར་སྤྱོད་ལམ་གཟབ་པར་རིགས༔ ཞེས་སོགས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། བྲག་ལུང་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཅོག་སྤྱི་འདུས་སོགས་གསང་གཏེར་དུ་བཞེས་ནས་གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པར་མཛད། གཞན་ཡང་ཀོང་པོ་བུ་ཆུ་དང་། བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང་། སྙེལ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས་དབུ་རུ་ཞྭའི་ལྷ་ཁང་སོགས་ནས་ཐུགས་རྗེ་ཆེན་པོ། རྟ་ཕག་ཡིད་བཞིན་ནོར་བུ། ཞི་ཁྲོ་ངེས་དོན་སྙིང་པོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། རྡོ་རྗེ་གྲོ་ལོད་དཔལ་མགོན་མ་ནིང་སྐོར། གནས་ཀྱི་ལམ་ཡིག་མང་པོ་སོགས་ཟབ་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མང་པོ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས་སོགས་འགའ་ཞིག་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། མངོན་ཤེས་དང་རྫུ་འཕྲུལ་ཕྱོགས་མེད་དུ་ཤར་བས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པ་དང་ཆུ་དང་གཡང་ས་སོགས་ལས་ཐོགས་མེད་དུ་གཤེགས་ཏེ། ཁྱད་པར་སྙེལ་མོ་ལྷ་རིའི་གཏེར་འདོན་པའི་དུས། ཀོང་པོ་ཀྲ་ཏི་བ་སོགས་ལོག་པའི་བློ་ཅན་རྣམས་ཀྱིས་ས་བབཅུད་ཉམས་ཀྱིས་དོགས་ནས་དམག་གིས་གཏེར་གནས་བསྲུང་བར་བྱས་པས། གཏེར་སྟོན་ཐུགས་ཉམས་འུར་ཏེ་རྟ་ལ་ཆིབས་ནས་བྲག་གཡང་ཆེན་པོ་བྱ་མིན་པས་མི་ཐར་བ་མེ་ལོང་གི་ངོས་འདྲ་བ་ཞིག་ལ་ཆིབས་རྒྱུག་གནང་ནས་ཕེབས་ཤིང་། བྲག་གི་ངོས་ལ་ཆིབས་པའི་ཞབས་རྗེས་བཞག་ཅིང་གཏེར་དེ་ཉིད་སྐད་ཅིག་ལ་སྤྱན་དྲངས་ནས་གཤེགས་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཆེན་པོ་བསྟན་ནས་དམག་མི་རྣམས་སྤང་སྐོང་བས་ཐམས་ཅད་རྟབ་རྟབ་པོར་གྱུར་ཞིང་། སླར་(སྟོད་ཆ།༧༡༡)དད་པའི་ལམ་ལ་བཀོད། སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་དང་མཐའ་དམག་བཟློག་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཕྲིན་ལས་མང་དུ་མཛད། སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་བཀའ་གཏེར་གསར་རྙིང་གི་ཆོས་ཚུལ་མང་པོའི་སྨིན་གྲོལ་གྱི་བདུད་རྩི་སྩལ་བར་མཛད། རྗེ་ཉིད་སྐུ་བཙུན་ཞིང་དགེ་སློང་གི་དངོས་པོ་ལས་མི་འདའ་བར་ཀུན་སྤང་གི་མཛད་པ་སྤྱོད་པ་བཞིན་དུ་གདུལ་བྱ་རྣམས་ཀྱང་ཚུལ་དེར་བཀྲི་ཞིང་ཡང་དག་པའི་ལམ་ལ་གཞོལ་ཞིང་འབབས་པར་མཛད་དོ། བང་རི་འཇོག་པོ་ཞེས་ཉིད་ཀྱིས་གནས་སྒོ་ཕྱེས་པའི་གནས་ཁྱད་འཕགས་ཤིག་ཡོད་པའི་དབེན་ཞིང་མཐོ་བའི་སར་སྒྲུབ་སྡེ་བཏབ་པ་དེང་སང་མ་ཉམས་པར་ཡོད་ལ། དངོས་བརྒྱུད་རྣམས་ཀྱིས་འཛིན་སྐྱོང་དང་། ཞལ་བདག་དྭགས་པོ་ནས་གནང་གི་འདུག ཆོས་བདག་ལུང་བསྟན་ཀྱང་། རྩ་བ་གཅིག་ལ་སྡོང་གཉིས་ཡབ་ཡལ་ག་བརྒྱད༔ མེ་ཏོག་འབྲས་བུ་ལྔ་ལྡན་རྒྱས་པར་འགྱུར༔ དང་པོ་རྩ་བ་བི་མའི་རྣམ་འཕྲུལ་ཏེ༔ ཞེས་དང་། སྡོང་པོ་གཉིས་ནི་དམར་ནག་ཞྭ་ཡི་མིང་༔ གངས་ཅན་བདག་པོ་ཐུབ་བསྟན་འཛིན་པའི་དཔལ༔ ཞེས་དང་། ཡལ་ག་བརྒྱད་ནི་ཕྱོགས་མཚམས་རང་མིང་ལྡན༔ རྫས་མདོག་ཕྱོགས་དབྱིབས་དུས་ཚོད་རྟེན་འབྲེལ་སྦྱར༔ ཞེས་དང་། ཆོས་བདག་ཉེར་གཅིག་ལག་ཏུ་འཕྲོད་གྱུར་ན༔ མཐའ་དམག་འཁྲུག་རྩོད་འཕྲལ་དུ་ཞི་བ་དང་༔ སངས་རྒྱས་བསྟན་པ་ནུབ་ཁར་ཡུན་བསྲིང་ནུས༔ ལུང་ཟིན་སྐྱེས་བུ་རྣམས་ལས་མང་དུ་འཕེལ༔ ཚེ་གཅིག་གྲུབ་ཐོབ་སུམ་ཅུ་རྩ་བརྒྱད་འབྱུང་༔ ཕྱིར་མི་ལྡོག་པ་བརྒྱ་དང་རྩ་བརྒྱད་འབྱུང་༔ ལམ་སྣ་ཟིན་པ་སྟོང་དང་ཁྲི་བྲག་ལྔ༔ འབྲེལ་ཐོག་བྱེ་(སྟོད་ཆ།༧༡༢)བ་གསུམ་དང་དུང་ཕྱུར་འབྱུང་༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ཡང་། ཆོས་བདག་གི་གཙོ་བོ་ནི་སྒམ་པོ་ཞབས་དྲུང་ནོར་བུ་རྒྱན་པ་ཉིད་ཡིན་པས། སྒམ་པོར་ཕེབས་ནས་གཏེར་ཆོས་ཞལ་ཕྱེས་ནས་ཐོག་མར་འབུལ་བའི་དུས་འཇའི་གུར་ཁང་ངོ་མཚར་ཅན་ལྷོ་ནུབ་ནས་བྱུང་སྟེ་གཟིམས་ཁང་གི་སྟེང་དུ་འཁྱིལ་བ་དང་། གཞན་ཡང་འཇའི་གཟུགས་ལས་ཕྱག་མཚན་དང་བཀྲ་ཤིས་པའི་རྫས་ལྟ་བུར་སྣང་བ་དང་། མེ་ཏོག་གི་ཆར་བབ་པ་སོགས་བྱུང་ཞིང་གཏེར་ཆོས་རྣམས་ཕུལ་ཏེ་ཆོས་བདག་གི་གཙོ་བོར་མངའ་གསོལ། གཞན་ཡང་རྒྱལ་བའི་དབང་པོ་ཀརྨ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག །ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པ། རྡོ་རྗེ་བྲག་རིག་འཛིན་ངག་གི་དབང་པོ་བྱར་པ། ཞི་དབོན། རྩེ་ལེ་སྤྲུལ་སྐུ་མཁས་མཆོག་པདྨ་ལེགས་གྲུབ། འཇང་ས་ཐམ་རྒྱལ་པོ་སོགས་དང་། སྤུ་བོ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། གཏེར་སྟོན་བདུད་འདུལ་རྡོ་རྗེ། ཀ༔ ཐོག་པདྨ་མ་ཏི་སོགས་ཆོས་བདག་ཆེས་མང་ཞིང་ཆོས་བརྒྱུད་ཀྱང་ཕྱོགས་ཐམས་ཅད་དུ་དར་རྒྱས་ཆེ་ཞིང་། ཁྱད་པར་ཡང་ཟབ་དཀོན་མཆོག་སྤྱི་འདུས་འདི་རྒྱ་ནག་ཡན་ལ་དར་བའི་ལུང་བསྟན་ཡོད་པ་ལྟར་དེང་སང་རྒྱ་ནག་གླང་ཆེན་ཕྱོགས་ཀྱི་སྒོམ་ཆེན་པ་རྣམས་ལའང་ཆོས་འདི་དར་ཞིང་། ལྷག་པར་ཆོས་འདི་རྒྱ་ནག་ཕྱོགས་སུ་ཐོག་མར་སྤེལ་བའི་བདག་རྐྱེན་ནི། ཚངས་སྲས་ལྔ་པ་ཆེན་པོ་ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོ་ཉིད་ཡིན་ལ། ལྷ་བཙུན་ནམ་མཁའ་འཇིགས་མེད་དང་། ཟུར་ཆོས་དབྱིངས་རང་གྲོལ་གཉིས་ཀྱིས་ཐུགས་རྗེ་བསྐུལ་བ་ལ་བརྟེན་ནས་དབང་ལུང་གསན་ནས་རྒྱ་མཐིལ་དུ་ཕེབས་(སྟོད་ཆ།༧༡༣)པའི་ཐོག་མར་བཀའ་ཆོས་འདི་ཞལ་ཕྱེས་པར་གྲགས་ཏེ། དེས་ན་ཆོས་བདག་གི་གཙོ་བོ་ཞིག་ཏུ་ངེས་སོ། གཞན་ཡང་ཟབ་ཆོས་འདི་ཉིད་ཉམས་སུ་བླངས་པས་འོད་ལུས་གྲུབ་པའི་ལོ་རྒྱུས་མིའི་དབང་པོ་བསོད་ནམས་སྟོབས་རྒྱལ་གྱི་སྐུ་རིང་ལ་དྭགས་པོའི་ཕྱོགས་སུ་སྔ་ཕྱི་གཉིས་བྱུང་བའི་ལོ་ཀུས་མི་དབང་དེ་ནིད་ཀྱིས་གསུངས་ཤིང་དབུ་སྐྲའི་ཟེག་མ་དང་ན་བཟའ་སོགས་ཀྱང་ཕྱག་ཏུ་ཡོད་པར་འདུག་སྟེ། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། ཉི་སྤྲུལ་རིན་པོ་ཆེ་གཉིས་ཀར་གསུང་འཕྲོས་བཀའ་ཕེབས་གནང་འདུག་གོ། དེ་ལ་སྤྱིར་ལས་འཕྲོ་གླིང་པ་བཞི་ཙམ་བྱོན་པ་ཐམས་ཅད་གཏེར་སྟོན་ཚད་ལྡན་ཁོ་ནར་ངེས་ཀྱང་། ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས། ལྷོ་དང་། ཨེ་སོགས་ལ་ལྷོ་ཀོང་བྱང་ཀོང་ཞེས་ཀོང་པོའི་མིང་དུ་གྲགས་ལ། ཐང་ཡིག་ལས་མདོར་ན་ལྷོ་ཀོང་བྱང་ཀོང་ནུབ་སྐོར་ཀོང་༔ ཀོང་པོའི་ཡུལ་འདི་པད་འབྱུང་འདུལ་ཞིང་ཡིན༔ གསུངས་པ་ལ་དཔག་ནས་ལས་འཕྲོ་གླིང་པ་གཞན་རྣམས་ལ་འཐིང་ལྷད་མཛད་ཅིང་། བྱང་ཀོང་བྲག་ལུང་ཕྱོགས་ལ་བཞེད་ཕྱིར། སྐབས་འདིར་ལུང་བསྟན་པའི་ལས་འཕྲོ་གླིང་པ་ནི་གཏེར་སྟོན་འདི་ཉིད་དུ་འཁྲུངས་ཡུལ་གཏེར་གནས་བཅས་ཀྱིས་འཁྲུལ་མེད་ཡིན་ངེས་སུ་གནང་འདུག་པ་བཞིན་འདིར་ཡང་བཀོད་པ་ཡིན་ལ། གཞན་རྣམས་ཀྱི་ལོ་རྒྱུས་འོག་ཏུ་འཆད་དོ། །འདིའི་དུས་རྟགས་ཇོ་མོའི་སྐུ་མདུན་དུ་ལུས་རིལ་པོར་འབུལ་བ་དང་ཕྱག་ཡ་གཅིག་འབུལ་བའི་རྒྱ་གར་བ་གཉིས་བྱུང་ཟེར་བའི་གཏམ་རྒྱུད་ཞིག་འདུག་ཀྱང་ལོ་རྒྱུས་ཁུངས་མ་མ་མཐོང་བ་ངེས་པ་མེད་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་འདིར་རྒྱལ་པོའི་མིང་(སྟོད་ཆ།༧༡༤)བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱི་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔྱལ་གྱི་བྲག་ལས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་། ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་སྤྲུལ་སྐུ་བསམ་གཏན་གླིང་པ་ནི། ལོང་པོ་འཇིམ་གང་སྟེང་ཞེས་པར་སྐུ་འཁྲུངས། ཟར་མེད་ཇོ་བོ་བྲག་དཀར་ཞེས་པ་ནས་རྩ་གསུམ་ཟབ་མོ་འདུས་པའི་ཆོས་སྐོར་རྣམས་གདན་དྲངས། གཞན་ཡང་ལས་མགོན་ཞལ་བཞི་པའི་ཆོས་སྐོར་རྒྱས་པ་ཞིག་ཡོད་པར་གྲགས་ཤིང་། གཏེར་ཆོས་གཞན་འགའ་ཡང་ཡོད་ཟེར། འབྲུག་པ་པདྨ་དཀར་པོ་དང་དུས་མཉམ་ཙམ་ལ་བྱོན་པར་སྣང་ཡང་རྣམ་ཐར་ཞིབ་རྒྱས་རྙེད། འདི་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པས། སྟག་ཤམས་བསམ་གཏན་རྡོ་རྗེ་ཡིན་པར་མཛད་འདུག་སྟེ་དེའི་ལོ་རྒྱུས་འོག་ནས་འབྱུང་སྟེ། འདིར་གཏེར་འབྱུང་སྔོན་མ་རྣམས་ལྟར་བྲིས་པ་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སླེ་མ་མཚན་གྱི་རི་ལ་བྲོས་པོས་ཡིབ༔ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་༔ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པོ་གླིང་པ་གར་གྱི་དབང་པོ་ནི། དབུ་རུ་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་ཡུལ་དང་ཉེ་བ་སྟོད་ལུང་སྣང་རྩེ་ཞེས་པར། ཡབ་ནམ་མཁའ་དབང་ཆེན་ཕུན་ཚོགས་ཞེས་པ་དང་། ཡུམ་ཚེ་དབང་བསྟན་མའི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ཟླ་བ་བཅུ་པའི་ཚེས་ཉེར་གསུམ་གཟའ་ཉི་མ་དང་སྐར་མ་གྲེ་(སྟོད་ཆ།༧༡༥)འཛོམ་པའི་ཉིན་སྣང་རྩེ་གསེར་ཁང་གི་གཟིམས་ཁང་དགའ་བྱེད་ཤར་དུ། སྲིད་སྐྱོང་ཆེན་པོའི་རིགས་སུ་སྐུ་བལྟམས། དགུང་ལོ་ལྔ་པ་ལ། རྗེ་སྨན་ཆུ་བ་ནམ་མཁའ་རིན་ཆེན་པའི་དྲུང་དུ་སྐྲ་གཅོད་པ་དང་ལུས་སྒྱུར་ཞུས་པས། འདི་སྐྲ་བཅད་ན་གཅོད་མཁན་ལ་མི་དགའ་བས། ངས་སྔགས་སྡོམ་བྱིན་ནས་མིང་བཏགས་གསུངས་ནས། མཚན་ནམ་མཁའ་ཚེ་དབང་རྒྱལ་པོར་གསོལ། དགུང་ལོ་ཉེར་གཅིག་གི་དུས་གཏེར་སྒྲུབ་མཛད་པས་མནལ་ལམ་དུ། མི་གཅིག་གིས་ཁྱུང་ཚང་བྲག་ན་ཁྱེད་ཀྱི་ནོར་ཡོད་ཐོ་ཡིན་ཟེར་ནས་དཔེ་ཆ་མགོ་རྩོམ་ཆས་དར་སེར་པོའི་རྒྱབ་ཤ་བྱས་པ་ཞིག་གཏད་བྱུང་བ་གཟིགས་པས་གཏེར་གྱི་ཁ་བྱང་ཤིན་ཏུ་གསལ་བར་འདུག །མནལ་སད་དུསཐུགས་ལ་གསལ་ཧྲོལ་མེར་འདུག་པས་ཟིན་བྲིས་ལ་བཏབ་ནས། ལོ་དེའི་ཟླ་བ་བཞི་པའི་ཚེས་བཅུའི་མཚན་མོར་དཔོན་གཡོག་བདུན་གྱིས་ཆིབས་ཤར་མཛད་ནས་ཕེབས་པས་གསང་ཕུག་གི་འགྲམ་དུ་ཕེབས་པ་དང་ནམ་ལངས་ཤིང་ཉི་མ་ཤར་བྱུང་བས་རྟེན་འབྲེལ་ལེགས་པར་དགོངས། གསང་པུག་གོང་མའི་ཐག་པ་ཆད་ནས་བགྲོད་ཐབས་ཟད་པ་ལ། རྫུ་འཕྲུལ་གྱིས་ཕེབས་ནས་གཏེར་རྟགས་བཙལ་བས་ཆུ་རྡོ་ནར་མོ་གྲུ་གང་ཙམ་ལ་ཅོང་ཞིས་ནོར་བུ་འབར་བའི་རི་མོ་བྲིས་པ་ཞིག་ཡོད་འདུག་པ་དེ་བཏོན་ནས་གཏེར་སྒོ་ཕྱེས་པའི་ནངདུ་སོལ་ཕྱེའི་གསེབ་ནས་སོ་ཕག་གཏེར་སྒྲོམ་ཟུར་བརྒྱད་པ་ཞིག་བཏོན་པའི་ནང་ནས་ཚེ་སྒྲུབ་རྒྱལ་བ་འདུས་པའི་སྐོར་དང་། དམ་རྫས་སྐྱེ་བདུན། ཚེ་ཆུ་སོགས་མང་དུ་བྱོན། གཞན་ཡང་ཟངས་ཡག་བྲག །ཟུར་མཁར་རྡོའི་མཆོད་རྟེན། དབུ་རུ་ཞྭའི་ལྷ་ཁང་། གཞུ་སྟོང་གཏེར་སྒྲོམ་ལྷ་ས་དང་། བསམ་ཡས་ཀྱི་གཙུག་ལག་ཁང་སོགས་ནས། ཐུགས་(སྟོད་ཆ།༧༡༦)དམ་ཟབ་པ་སྐོར་བདུན་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྟ་མགྲིན་ནཱ་ག་ཀླུ་འདུལ། དྲག་པོ་གནམ་ལྕགས་མེའི་འཁོར་ལོ་སོགས་གཏེར་ཆོས་མང་པོ་དང་། སྐུ་ཚབ་རྟེན་གསུམ་དམ་རྫས་སོགས་བསམ་གྱིས་མི་ཁྱབ་པ་གདན་དྲངས། དགོངས་འདུས་ཀྱི་གཏེར་ཞབས་སྡུད་པ་པོར་ལུང་བསྟན་ཡོད་པར་གྲགས་པ་བཞིན་སྙིམ་ཕུ་ནས་ཀྱང་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་གཙིགས་ཆེར་མཛད་པས་གསང་ཆེན་རྙིང་མ་ལ་བཀའ་གཏེར་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པས་བསྟན་པའི་རྩ་ལག་ཏུ་གྱུར་པའི་ཞལ་སློབ་ཀྱི་གཙོ་བོ་ནི། ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་ས་སྐྱ་བདག་ཆེན་ངག་གི་དབང་པོ། རྩེ་གདོང་བདག་ཆེན་ཀུན་དགའ་བསམ་གྲུབ། འབྲུག་པ་ཞབས་དྲུང་མི་ཕམ་ཆོས་རྒྱལ་སོགས་དང་ཆོས་བརྒྱུད་འཛིན་པའི་སློབ་ཚོགས། ཁམས་ཀོང་། བྱར་དྭགས། ཨེ་གཉལ། ལྷོ་མོན། དབུས་གཙང་ཐམས་ཅད་ནས་བསམ་གྱིས་མི་ཁྱབ་པར་བྱོན་པས་གསང་ཆེན་རྙིང་མའི་སྲོག་མཐུད་ལྟར་བྱུང་ཞིང་གཙོ་བོར་གཏེར་ཆེན་ཉིད་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་དང་། གོང་ར་ལོ་ཆེན་རྣམས་ལ་སྣང་སོག་གོང་གསུམ་དུ་གྲགས་ཏེ། འདི་རྣམས་ཀྱི་སྐུ་རིང་ལ་རྙིང་མ་བཀའ་གཏེར་ཐམས་ཅད་རྒྱ་ཆེར་འཕེལ་ཏེ་དེང་སང་གི་བར་དུ་མ་ནུབ་པར་བཞུགས་པ་ཡང་གཏེར་ཆེན་འདིའི་སྐུ་དྲིན་ལས་བྱུང་བ་ཡིན་ནོ། ཡང་ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་སྣང་སོག་གོང་གསུམ་སོགས་ལ་ཐུགས་མི་དགྱེས་པའི་ཚུལ་མཛད་པ་ལའང་དགོངས་གཞི་དང་དགོས་པ་གཞན་ཡོད་དེ་རྣམ་པ་ཀུན་ཏུ་བཀག་པ་མིན་ཏེ་སྨིན་གླིང་གཏེར་ཆེན་ཡང་གོང་རའི་སློབ་(སྟོད་ཆ།༧༡༧)བརྒྱུད་ཡིན་ཡང་ཏི་ཤྲཱིར་བཀུར་བ་སོགས་ཀྱིས་ཤེས་སོ། འདིའི་དུས་རྟགས་ནི་སོག་ཟློག་པས། སླེ་མ་མཚན་ནི་ས་རྟགས་ཏེ། དེའི་རི་མོ་མཚལ་གྱིས་བྲིས་པ་ནི་སྐྱེལ་པྲེག་གི་བུམ་པ་བྲག་ཡིན་ལ། དེའི་བྱང་ན་བྱེ་ཐང་གི་རི་ལ་སྦས་ལུང་སྲེག་པ་ལུང་ཞེས་པའི་ཐེམ་ཆུང་བདུན་པ་ཞིག་ཡོད་པ་དེར་སྙི་བརྡོལ་གྱིས་ཞིང་རྣམས་ཆུར་ཁྱེར་ཏེ་བརླག་པས་དེའི་མི་རྣམས་ལ་མུ་གེ་བྱུང་བ་དེ་ཡིན་པར་སྣང་། ཡུལ་ཆུང་དེ་སྔོན་སྐོར་ཐུང་ཤེས་རབ་ཡེ་ཤེས་བྱ་བ། རྫོགས་ཆེན་སེམས་སྡེའི་བླ་མ་ཞིག་བྱུང་བ་དེའི་ཡུལ་ཡིན། ཞེས་སོགས་གསུངས་ཏེ་བྲོས་པོས་ཡིན་ཞེས་ཡི་གེ་མ་དག་པ་ཡིན་པར་བཞེད་པར་མཛད་དོ། །ཡང་ལྔ་པ་རིན་པོ་ཆེ་སོགས་ཀྱིས། ཞིག་པོ་གླིང་པ་རརྣ་གླིང་པའི་མཚན་གྱི་རྣམ་གྲངས་སུ་བཞེད་པ་ཡོད་ཀྱང་། འདིར་རིན་ཆེན་སོག་ཟློག་པ་དང་། ཟབ་ལུང་པ་དབང་གི་རྒྱལ་པོ་དང་། གཏེར་ཆེར་ཉི་མ་གྲགས་པ་སོགས་ཀྱིས་མཛད་པའི་ཡི་གེ་རྣམས་དང་མཐུན་པར་ཕལ་ཆེར་དེ་བཞིན་བཞེད་པས་བཀོད་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེད༔ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང་༔ ཁ་རག་པུག་ཏུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་བདེ་ཆེན་གླིང་པ་ནི། གྲུ་ཤུལ་ཚ་ལུང་ཞེས་པ་རི་བོ་ཁྱུང་ཆེན་ལྡིང་ཞོལ་དུ། ཡབ་དཔལ་འབྱོར་རྒྱལ་མཚན་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། སྐུ་རུས་ཁེར་ཡིན་ཏེ་རིག་འཛིན་ཆེན་པོ་རརྣ་གླིང་པ་དང་ཡབ་ཚན་དྲུང་ཡིན་ཟེར། འབྲོག་མི་ལོ་(སྟོད་ཆ།༧༡༨)ཙཱའི་སྐྱེ་བ་ཡིན་པར་གྲགས། དགུང་ལོ་བདུན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་མངོན་སུམ་དུ་ཞལ་གཟིགས། སྐུ་རྩེད་མཛད་པས་རྡོ་ལ་ཞབས་རྗེས་ཤིན་ཏུ་གསལ་བ་ཞིག་བྱུང་། དགུང་ལོ་བཅོ་ལྔ་པ་ལ་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་ནས། དབང་བསྐུར། བྱིན་གྱིས་བརླབས། བཀའ་བསྒོ་བར་མཛད་པས། གུ་རུའི་ལུང་བཞིན། ཆུ་རྟ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཁྱུང་ཆེན་བྲག་ནས་འཇམ་དཔལ་གཤིན་རྗེའི་སྒྲུབ་སྐོར་རྫས་དང་ཕུར་པ་སོགས་སྤྱན་དྲངས་ཤིང་། གཞན་ཡང་གཏེར་གནས་དེ་དང་བྲག་རི་མོ་ཅན། ནམ་སྙིང་སྒྲུབ་ཕུག ཟིལ་ཆེན་གསང་ཕུག །གངས་པར་ཕུག་མོ་ཆེ། མགོན་པོ་གདོང་གི་བྲག །སྨན་ཆུ་བྲག་རྣ་རིང་དམར་གྱི་ཕ་ཝང་། དམ་ཚང་བདེ་མཆོག་ཕུག༔ མདའ་ཚ་ཟེར་གྱི་ཕུག །ཁོན་མཐིང་རྣམ་སྣང་སྐུ་རྒྱབ། བན་པ་གླང་རོང་། བན་པའི་ཆུ་མིག་དམར་པོ། ཁ་རག་ཕུག ལྷོ་བྲག་སྣ་བོ་བྲག། ལྷོ་བྲག་གཏམ་ཤུལ་བྲག་སྲིན་མོ་སྔར་རྗེས་ཅན། སྲིན་པོ་ནག་པོའི་བྲག །འབེབས་བཅད་གཟར་པོའི་བྲག །ཨེ་རོང་ཁྲབ་ཕ་ཁང་། འཇའ་ཚོན་བྲག །ཚེ་ལམ་དཔལ་རི་སོགས་ཀྱི་གཏེར་གནས་རྣམས་ནས། སྐུ་རྟེན་སྐུ་ཚབས། གསུང་རྟེན་གཏེར་ཤོག །ཐུགས་རྟེན་ཕྱག་མཚན། དམ་རྫས་མྱོང་གྲོལ། ཚེ་རིལ་སོགས་བསམ་གྱིས་མི་ཁྱབ་པ་གཏེར་ནས་བཏོན་ཞིང་། འབུམ་གྱི་རྒྱ་དཔེ་ཚད་མའང་བཏོན་པར་གྲགས་ཤིང་། གཏེར་ཆོས་ཚེ་ཁྲིད་ཡིད་བཞིན་མེ་ལོང་། ཇོ་མོ་ཁ་རག་ནས་གདན་དྲངས་པའི་བཀའ་བརྒྱད་དྲེགས་པ་འཇོམ་བྱེད། ཞིང་སྐྱོང་སྐོར་སོགས་མཐའ་ཡས་པར་སྤྱན་དྲངས་ཚུལ་གཏེར་འབྱུང་དུ་བཤད་ལ། སྐུ་ཚེའི་ཚད་ཀྱང་བདུན་ཅུ་དོན་བརྒྱད་བར་དུ་བཞུགས་པའི་ལུང་བསྟན་ཡོད་(སྟོད་ཆ།༧༡༩)དེ། ཇི་སྐད་དུ། བདུན་ཅུ་དོན་བརྒྱད་ཚེ་ཡང་མཐར་ཕྱིན་འགྱུར༔ དེ་ནས་ཤེལ་བྲག་ཕྱོགས་སུ་མྱ་ངན་འདའ༔ ཕུང་པོ་འདི་ཉིད་ལྷ་སར་གཏེར་དུ་སྦོས༔ དེ་ནས་ཀོང་པོ་བུ་ཆུའི་གཏེར་ཞབས་དྲིལ༔ ལས་ལུས་མ་ཡིན་དག་པ་ཡེ་ཤེས་ལུས༔ ཞེས་སོགས་གསུངས་ཀྱང་། ལུང་བསྟན་དང་རྗེས་མཐུན་གྱི་རྟེན་འབྲེལ་སྒྲིག་ཕྱོགས་མ་མཛད་པའི་སྐྱོན་གྱིས་གཏེར་ལུང་ལས་གསུངས་པ་དག་ཕྱོགས་གཞན་དུ་ཕུལ་ཏེ་དགུང་ལོ་སོ་གཅིག་པ་ལ་གཞན་དབང་གིས་རྐྱེན་ལམ་དུ་གཤེགས། སློབ་བརྒྱུད་ཀྱང་། ལུང་བསྟན་ལྟར་ན་ཆོས་བདག་མང་དུ་ཡོད་ཀྱང་རྟེན་་འབྲེལ་རང་དབང་དུ་མ་གྱུར་པས་ཐམས་ཅད་མ་འདུས་ཀྱང་། བྱང་ཆུབ་གླིང་པ་སྣ་ཚོགས་རང་གྲོལ་དང་། དཀར་པོ་བསྟན་འཛིན་ནོར་བུ་སོགས་དང་མཇལ། ཆོས་བརྒྱུད་དང་འགྲོ་དོན་སོགས་ཀྱང་ཅུང་ཟད་ལས་རྒྱ་ཆེར་མ་འཕེལ་བར་འདྲའོ། དེའི་སྐུའི་སྐྱེ་བ་ནི་ཀོང་པོ་བུ་ཆུར་འཁྲུངས། དགུང་ལོ་དྲུག་གི་སྟེང་དུ། བླ་མ་སངས་རྒྱས་དང་། བླ་མ་རང་གྲོལ་བ་སོགས་བུ་སློབ་རྣམས་ཀྱིས་གསང་སྔགས་ཕོ་བྲང་དུ་སྤྱན་དྲངས། རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེ་ལ་གཙུག་ཕུད་ཕུལ། རྗེས་སུ་ས་སྐྱ་པ་ངག་གི་དབང་པོ་དང་། རྗེ་སྣ་ཚོགས་རང་གྲོལ། འབྲུག་པ་མི་ཕམ་ཆོས་རྒྱལ། ཞིག་པོ་གླིང་པ་གར་གྱི་དབང་ཕྱུག །ཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར། འབྲི་གུང ་ཆོས་རྒྱལ་ཕུན་ཚོགས་རྣམས་ཀྱི་ཞབས་ལ་གཏུགས་གསང་སྔགས་བཀའ་གཏེར་གྱི་དབང་ལུང་དང་རང་གཞན་གྱི་ཆོས་ལུགས་མཐའ་དག་ལ་སྦྱངས་ཤིང་གདམས་པ་རྫོགས་པར་མཛད། གཏེར་འདོན་པའི་ལུང་བསྟན་ཡོད་ཀྱང་རྟེན་འབྲེལ་རང་དབང་དུ་མ་གྱུར་ཅིང་སྐུ་ཚེ་མཐར་ཕྱིན་པ་དང་ཟབ་གཏེར་བཞེས་རྒྱུའི་(སྟོད་ཆ།༧༢༠)རྟེན་འབྲེལ་བསྒྲིགས་དགོས་ཀྱི་སྐུ་རིམ་མང་པོ་སྒྲུབ་དགོས་པ་རྣམས་ཀྱང་མ་གྲུབ་པས། དགུང་ལོ་སོ་དགུའི་སྟེང་དུ་ཞིང་ཁམས་གཞན་དུ་གཤེགས། བུར་སྦྱངས་པས་ཐུགས་ཡོངས་རྫོགས་སོགས་རྟེན་དང་རིང་བསྲེལ་མང་དུ་བྱོན། རྟེན་འབྲེལ་འགྲིགས་ན་ཟབ་གཏེར་མང་པོ་ཐོན་པ་དང་། ཤར་ཀ༔ ཐོག་གི་བསྟན་པའི་ཉམས་གསོ་མཛད་ཅིང་། ཁམས་ཀོང་ཐམས་ཅད་དུ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་ཡོད་པར་ལུང་བསྟན་ཡོད་ཀྱང་ཐོག་ཏུ་མ་ཁེལ། དེའི་སྤྲུལ་སྐུ་ནི་མོན་མེལ་མོར་འཁྲུངས་ཏེ་སྐུ་ཐོག་གསུམ་ཙམ་བྱོན་པར་གྲགས་སོ། དེ་ལྟར་ཐང་ཡིག་ཆེན་མོ་ལས་ལུང་དུ་བསྟན་པའི་སྤྲུལ་པའི་གཏེར་སྟོན་རྣམས་ཇི་ལྟར་བྱོན་ཚུལ་གྱི་ལོ་རྒྱུས་གྲངས་དང་གོ་རིམ་ཐང་ཡིག་ཉིད་ནས་འབྱུང་བ་བཀྱུས་བཞིན་བྲིས་ནས་འདིའི་འཕྲོས་སུ་གྲགས་ཆེན་འགའ་ཞིག་འབྲི་བར་བྱ་སྟེ། ༤ གཞན་དག་གྲགས་ཆེན་གཏེར་སྟོན་རྣམས་ཀྱི་མཛད་རྣམ་སྐོར། དེ་ཡང་། ཞིག་པོ་གླིང་དང་འགྲོ་འདུལ་རརྣ་གླིང་༔ ཞེས་སྐུ་གཅིག་མཚན་གསུམ་དུ་གྲགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རརྣ་གླིང་པ་ནི། མངའ་བདག་ཉང་གི་གཏེར་ལུང་ལས། ལོ་ནི་ལྔ་བཅུ་ཁ་རལ་དུས༔ ཉི་མ་ཤར་ལྷོའི་ཕྱོགས་དག་ཏུ༔ ཆོས་ཀྱི་རྒྱལ་པོ་རརྣ་གླིང་༔ ཕྲིན་ལས་བཞི་ལ་མངའ་མཉེས་པའི༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ཞིག༔ བྱིན་གྱིས་བརླབས་པའི་སྐྱེས་བུ་འབྱུང་༔ ཞེས་དང་། གུ་རུ་ཆོས་དབང་གཏེར་ལུང་ལས༔ འདི་ནས་ཤར་ཕྱོགས་ཤིང་སྒའི་མཚམས༔ རི་བོ་ཁྱུང་ཆེན་(སྟོད་ཆ།༧༢༡)ལྡིང་འདྲའི་བར༔ ལུག་ལོ་པདྨ་དབང་ཆེན་རྩལ༔ སྐྱེད་རྫོགས་དོན་ལ་མཁས་པ་འབྱུང་༔ ཞེས་ལུང་བསྟན་ནས་ཇི་ལྟར་གསུངས་པ་བཞིན་དུ། ལྷོ་བྲག་གྲུ་ཤུལ་ཞེས་པའི་ཆར། རི་བོ་ཁྱུང་ཆེན་གྱི་ཞོལ། ཆུ་གཉིས་ཀྱི་བར་ཐང་ཀར་ཞེས་བྱ་བར། གྲོང་ལག་སོར་བསྐྲམ་པ་ལྟ་བུའི་ཤར་ལྷོའི་ཆར། ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་པདྨ་མཁའ་འགྲོའི་རིགས་ཅན་སྲི་ཐར་སྨན་ཞེས་པའི་སྲས་སུ་ཆུ་མོ་ལུག་གི་ལོ་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྐུ་འཁྲུངས་ཏེ་མཚན་རིན་ཆེན་དར་ཞེས་གསོལ། རིམ་པས་སྐུ་བསྐྱེད་བསྲིང་ཞིང་དགུང་ལོ་དྲུག་གི་དུས་ཡབ་ཀྱིས་ཡིག་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན་ཅིང་། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་འབའ་ཞིག་ཤར་ཞིང་རྨི་ལམ་དུ། པཎྜི་ཏ་དང་ཨ་ཙརྱ་འགས་དབང་བསྐུར་བ་དང་། ཆོས་འཆད་པ་དང་། སྐུ་གསུང་ཐུགས་རྟེན་ཤོག་སེར། པུ་སྟི་མང་པོ་དང་། རྡོ་རྗེ་དྲིལ་བུ་ལྷ་སྐུ་སོགས་རྙེད་པའི་མཚན་ལམ་ཡང་ཡང་བྱུང་། དགུང་ལོ་བཅུ་གསུམ་དུས་རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ་རྣམས་གསལ་པོར་དྲན། སྐུ་གཞོན་ནུའི་དུས་ཐུགས་རྒོད་ཅིང་ལུས་རྩལ་སོགས་ལ་གཞན་གྱིས་འགྲན་དུ་མེད་པར་གྲགས། དེ་དུས་གུ་རུ་ཆོས་དབང་གི་སྤྲུལ་པར་གྲགས་པའི་བླ་མ་ཀུན་དགའ་དོན་ཡོད་ཞེས་པས་འགྲོ་དོན་ནུས་པ་ཞིག་འབྱུང་ཞེས་ལུང་བསྟན། གཞན་ཡང་སྔོན་སྦྱངས་སྟོབས་ཀྱིས་བཟོ། གསོ་བ། སྒྲ། སྙན་ངག་སོགས་དང་ཐ་ན་གླུ་བྲོ་ཚུན་ལ་ཤིན་ཏུ་མཁས་ཏེ། དེ་དག་ཀྱང་གཏེར་ལུང་ལས། ཤེས་བྱ་དང་ཡོན་ཏན་ནི་སྔོན་སྦྱངས་ཀྱི་ལས་སད་པས་མ་སློབ་པས་རང་བྱུང་ཤེས་ནས་མཆི། ཤར་གྲོལ་གྱི་མཚང་རིག་པས་སྤྱོད་པའི་ཚུལ་མི་འཆོས་པ།(སྟོད་ཆ།༧༢༢) ཤེས་རབ་ཀྱི་བློ་ཁ་བྱེ་བས་མདོ་སྔགས་ཀྱི་དོན་ལ་མཁས་པ། སྦྱངས་པ་སྔོན་དུ་སོང་བས་རྟོགས་པ་ཐོད་རྒལ་དུ་ཤར་བ། ཐབས་ཤེས་ཀྱི་རྩལ་རྒྱས་པས་གཅོད་བྱེད་ཀྱི་ལན་མི་ཟློག་པ། རིག་པ་ལ་དྲུང་ཐོན་པས་མཐུན་འདུག་གི་སྤྱོད་པ་མི་མཁས་པ། གཏད་མེད་ཀྱི་ཉམས་ཤར་བས་གྱོད་ཚིག་རང་གར་སྨྲ་བ། ཐབས་ལྡན་གྱི་དཔའ་བོ་ཡིན་པས་རིགས་བཟང་གི་བུད་མེད་འདུ་བ། ཚངས་པའི་དབྱངས་མངའ་བས་གདུལ་བྱའི་ཡིད་འཕྲོག་པ། གཟུགས་དང་ལང་ཚོ་ལྡན་ཞིང་ཐམས་ཅད་ཆོ་རོལ་དུ་སྨྲ་བ། རྫུན་ཆེ་རྟགས་པར་དཀའ་ཞིང་གཞན་གྱིས་དགོངས་པ་མི་ལོན་པ། དེས་མེད་ཀྱི་ཚུལ་སྤྱོད་ཅིང་གསང་སྤྱོད་ཉམས་སུ་ལེན་པ། རྟགས་དང་ནུས་པར་ལྡན་ཡང་སྦས་ཚུལ་རྣལ་མར་སྤྱོད་པ་ཅིག་འབྱུང་། ཞེས་པ་ལྟར་བྱུང་ཞིང་། དགུང་ལོ་ཉེར་གཉིས་ནས་སྲིད་ཀྱི་བྱ་བ་མཛད་ཅིང་དགུང་ལོ་ཉེར་བདུན་བཞེས་པའི་མེ་མོ་བྱའི་ལོར། ན་ཁ་ཞིག་ན་ཅུང་ཟད་གཟིམ་ཅིང་མནལ་བའི་ཚེ། སྔས་སུ་ཁམས་པ་ཞིག་གིས། ཁྱོད་ཀྱི་ཡུལ་འདིར་རི་བོ་ཁྱུང་ཆེན་ལྡིང་བ་བྱ་བ་ཡོད་དམ་ཟེར། ཁྱུང་ཆེན་ལྡིང་བ་བྱ་བ་མེད། བྲག་ཡ་གི་ལ་ཁྱུང་ཆེན་ཟེར་བ་ཡིན་བྱས་པས། འོ་ན་བྲག་འགག་བྱ་བ་ཡོད་་དམ་ཟེར། ཡོད་བྱས་པས། དེ་ན་ཨོ་རྒྱན་པདྨའི་གཏེར་ཀ་ཟབ་མོ་ཞིག་ཡོད་པ་ཡིན། དེའི་ཁ་བྱང་ང་ལ་ཡོད་ཟེར་ནས་རས་ཁུག་ཅིག་གི་ནང་ནས་དར་ནག་པོས་དྲིལ་བབའི་སོག་སེར་གསུམ་བསྟན་བྱུང་། གཟིགས་པས་རང་ཉིད་ཀྱི་ལུང་བསྟན་དུ་འདུག །དེ་ནས་ཁྱིམ་དུ་གདན་དྲངས་ནས་ཟས་སྣ་དང་ཆང་སོགས་དྲངས་ནས་ཐུགས་སྒྲུབ་གསང་འདུས་དང་། བླ་མའི་རྣལ་འབྱོར་ལུང་ཞུས། ཨོ་རྒྱན་དངོས་(སྟོད་ཆ།༧༢༣)ཡིན་སྙམ་པ་བྱུང་གསུངས། དེར་རྣལ་འབྱོར་པ་དེས། ངའི་ཁ་བྱང་འདི་དང་ཁྱེད་རང་རྟེན་འབྲེལ་འགྲིགས་པ་དུས་འཛོམས་པ་འདྲ། ཁྱེད་ཀྱི་གཏེར་འདོན་དུས་ལོ་གསུམ་ན་ཡོད་པས། དེའི་བར་དུ་འདི་འདྲ་ཡོད་ཀྱི་ཚིག་ཟུར་ཙམ་ཡང་མ་ཟག་པར་གྱིས། ཐོན་ནས་ཀྱང་རང་ནམས་སུ་ལེན་པ་མ་གཏོགས་གཞན་ལ་ཤིན་ཏུ་གསང་དགོས་པར་བཤད་པ། ཁྱོད་རང་ཁ་ལས་མ་འཛག་པར་གྱིས། ཐོནས་ནས་གཏེར་ལུང་ལྟར་སྤྱོད། ང་ལ་གཏེར་གྱི་རྒྱུས་ཆེན་པོ་ཡོད་པ་ཡིན་གསང་སྒོ་འཆོལ་ན་བདུད་ཀྱི་སྒོ་ཉལ་བར་ཆད་ཡོད་པས། ང་དང་མ་འཕྲད་ན་དེ་ཚུག་མཛོད་སོགས་གསུངས། འབུལ་བ་དང་གསོལ་ཆས་སོགས་ཕུལ་ཀྱང་གང་ཡང་མ་བཞེས་པར་གཤེགས། དེར་རྣལ་འབྱོར་པ་དེ་ཡང་མིག་འཕྲུལ་ལྟ་བུ་འདི་ཅི་འདྲ་ཞིག་ཡིན་སྙམ་ནས་ཤོག་སེར་གཟིགས་པས་སྔར་བཞིན་འདུག །རྣལ་འབྱོར་པ་དེ་སླར་བཙལ་ཡང་མ་རྙེད། དེར་གཏེར་གྱི་ཁ་བྱང་ཡིན་པར་ཤེས་ནས་རེ་ཞིག་གསང་རྒྱ་དགོས་པའི་དོན་གྱིས་ཁ་བྱང་རྣམས་གུ་རུའི་སྐུ་མཐོ་གང་བ་ཞིག་བཞེངས་ནས་དེའི་ནང་རྟེན་དུ་བཅུག །རྗེ་ཉིད་སྤྲག་ཤི་བྲོ་བའི་ཚུལ་མཛད་ནས། གྲུ་ཤུལ་སྟོད་སྨད། གཉལ། ཡར་ལུང་། རྩེད་ཐང་རྣམས་སུ་ཕེབས། དེ་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་རྣམ་པ་ཞིག་གིས་ཟས་སྟེར་བའང་བྱུང་། དེ་ནས་ལྷ་ས་དང་བསམ་ཡས་ལ་སོགས་པར་ཕེབས། མཆིམས་ཕུར་ཕྱིན་པའི་ནུབ་མོར་ཀུན་མཁྱེན་ཆེན་པོ་དང་མཇལ་ནས་ཤེལ་གྱི་གུག་ཞིག་བྱིན་ནས་དོན་གཉིས་སྤྱོད་ཅིག་གསུངས་པའི་མནལ་ལམ་བྱུང་། དེ་ནས་ཡུལ་དུ་སླེབས་ནས་ཁ་བྱང་ལས། གནམ་ལོ་ཅུ་བྱའི་གཏེར་སྟོན་སུམ་ཅུའི་ལོ༔ སྤྲེལ་ཟླའི་ཚེས་བཅུ་སུརྱ་ཤར་མཚམས་སུ༔ ཞེས་སོགས་གསུངས་པས་སྟོན་པ་མགོན་(སྟོད་ཆ།༧༢༤)རྒྱལ་དང་བགྲོས་ནས། ཆུ་ཚན་དགོན་པར་བླ་མ་རྟོགས་ལྡན་ཡེ་ཤེས་བཟང་པོ་ཞེས་པ་གཏེར་སྟོན་ཉིད་ཀྱི་རྩ་བའི་བླ་མར་བཞུགས་པ་ཞིག་ཡོད་པར་དེར་ཁ་བྱང་གཟིགས་སུ་ཕུལ་ནས་ལོ་རྒྱུས་ཞུས་པས། བླ་མ་ཐུགས་མཉེས་ནས་ངོ་མཚར་ཆེ། ད་ཤིན་ཏུ་ནས་གསང་ཞིང་གཟབ་པ་ཅིག་ཁྱེད་དོགས་གསུངས། དེ་ནས་ཁ་ཇོ་སྟོན་པ་འདོན་རོག་ཁྲིད་ནས་ཚེས་བཅུའི་ནུབ་གཏེར་རྟགས་བཙལ་ནས་ས་དམིགས་ནས་བརྐོས་པས་དངོས་སུ་རྡོ་ཆར་འབེབས་པ་བྱུང་། གུ་རུ་པ་གསོལ་བ་བཏབ་པས་རྡོ་ཆར་ཆད། གཏེར་ཚེས་བཅོ་ལྔ་ལ་འདོན་དགོས་པའི་ལུང་བསྟན་བྱུང་བ་ལྟར་བཅོ་ལྔའི་ནམ་ལངས་ནས་ས་ཐིག་བཙལ་ནས་བརྐོས་པས་བསེའི་གདུ་སྨུག་པོ་ཞིག་བྱུང་གཏེར་ཚབ་བཅུག་ནས་གཏེར་སྒྲོམ་ཞལ་ཕྱེས་ནས་ཤོག་སེར་ལ་རྟེན་འབྲེལ་བརྟགས་པས་སེམས་དཔའ་སུམ་སྒྲག་བྱུང་སྟེ་རྟེན་འབྲེལ་ལེགས་པར་དགོངས། དེ་ནས་ལོ་གསུམ་བར་དུ་གསང་དམ་བྱས། དེ་ནས་ཆུ་ཚན་དགོན་སར་བླ་མ་རྟོགས་ལྡན་པར་གཟིགས་སུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ནས་རྩ་གསུམ་སྒྲུབ་སྐོར་གྱི་ལུང་ཡང་ཕུལ། སྒྲུབ་པ་མཛད་པས་རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། གཞན་ཡང་འབྲི་ཐང་ཀོ་རོ་བྲག་ཏུ་ཕེབས་ནས་རྟ་ཕག་ཡབ་ཡུམ་སྒྲུབ་པ་དང་ཟུང་འཇུག་ཏུ་སྒྲུབ་པ་སོགས་ལས་ཚོགས་དང་བཅས་པ་དང་། བྲག་དམར་བཙན་མཁར་རི་མོ་ཅན་ནས་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་སྒྲུབ་སྐོར་རྣམས་སྤྱན་དྲངས་སོ། དགུང་ལོ་སོ་གཅིག་པ་ཆུ་མོ་གླང ་གི་ལོ་ལུག་ཟླའི་ཚེས་བཅུ་གཉིས་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་ཟབ་གཏེར་འདོན་པའི་དུས་སྐས་རིང་བཅུ་གསུམ་ཙམ་གྱི་དཔང་ཡོད་པའི་བྲག་རིར་བྱ་འཕུར་བ་ལྟར་སྐད་ཅིག་ལ་ཕེབས། གུ་རུ་རིན་པོ་ཆེ་དངོས་སུ་གཟིགས། རིག་འཛིན་གུ་རུ་ཆོས་ཀྱི་(སྟོད་ཆ།༧༢༥)དབང་ཕྱུག་ཀྱང་མདུན་གྱི་ནམ་མཁར་ཡིག་བདུན་བསྐུལ་ཞིང་བཞུགས་པ་གཟིགས། དེ་ཉིན་ཚེ་ཆུ་རྙེད་ཅིང་དཔོན་སློབ་ཀུན་གྱིས་གསོལ། ཕྱིས་བྲག་དེར་ཆུ་རྗེས་ཡང་མི་འདུག །རྫ་ལ་བྱས་པའི་གཏེར་སྒྲོམ་ནས་ཕྱག་ཆེན་ཉི་མའི་སྙིང་པོའི་སྐོར་དང་། གདམས་པ་གཅེས་པ་རྣམ་བརྒྱད། དམ་རྫས་ཁྱད་འཕགས་སོགས་སྤྱན་དྲངས། ད་ནུབ་ཉམས་སྣང་ལ་གུ་རུ་རིན་པོ་ཆེ་ཨ་ཙར་གཞོན་ནུའི་ཆ་བྱད་ལ་འཁོར་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པས་དབང་བསྐུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ངོ་སྤྲོད་མཛད་པིའ་དག་སྣང་བྱུང་ངོ་། ཤིང་ཡོས་ལོར་རྒྱལ་བའི་དབང་པོ་ཀརྨ་པ་མཐོང་བ་དོན་ལྡན་མཇལ་བར་ཕེབས་ནས་བཀའ་ཆོས་མང་དུ་གསན། དགུང་ལོ་སོ་དྲུག་པ་ཆོས་རྗེ་རིན་པོ་ཆེ་ཟླ་བ་གྲགས་པ་དང་མཇལ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྫོགས་པ་ཆེན་པོའི་ཆོས་ཀ་མང་དུ་གསན་པར་མཛད་དོ། ས་ལུག་ལོར་སྤྲུལ་པའི་མཁའ་འགྲོ་ལྔས་དར་གྱི་དོ་ལི་ལ་སྤྱན་དྲངས་ནས་ཟངས་མདོག་དཔལ་གྱི་རོ་བོར་ཕེབས་པའི་དག་སྣང་བྱུང་། ཨོ་རྒྱན་རིན་པོ་ཆེ་དང་མཇལ་བས་ཡན་ལག་བདུན་པ་དང་། གུ་རུ་རིན་པོ་ཆེ་རིག་འཛིན་དཔའ་བོ་ཌ་ཀྐིའི་ཚོགས་དང་བཅས་པ་ལ་བསྟོད་པ་དོན་གསལ་སྒྲོན་མེ་མཛད། ནུབ་གཅིག་སྔགས་སྲུང་མ་སྨུན་ནག་ཞིང་དབྱུག་དང་སྙིང་འཛིན་པ་ཞིག་གིས་སྨན་རྩེར་བྱོན་པར་བསྐུལ་བས་དེར་ཕེབས་པར་དགོངས་ཚེ། བུ་མོ་དར་གྱི་ཐོད་ཅན་ལྔས་ཨོ་རྒྱན་ཡབ་ཡུམ་ཡང་ལོ་ཤོད་དུ་ཕེབས་ཡོད་པས་དེར་གཤིགས་པར་ཞུས་པ་ལྟར་སྐད་ཅིག་ལ་བྱ་འཕུར་བ་བཞིན་དེར་ཕེབས། ཨོ་རྒྱན་རིན་པོ་ཆེ་པཎ་ཆེན་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ལ་འཁོར་ཌ་ཀྐི་སྔགས་འཆང་རིན་འཛིན་གྲུབ་ཐོབ་པཎ་ཆེན་སོགས་ལས་(སྟོད་ཆ།༧༢༦)ལྡན་བཅུ་གསུམ་གྱིས་བསྐོར་ནས་བཞུགས་པ་དང་མཇལ། ཞབས་སྤྱི་བོར་བླངས་ཤིང་རྗེས་སུ་འཛིན་པར་གསོལ་བཏབ་པས་མཐར་ཐུག་དོན་གྱི་ངོ་སྤྲོད་གནང་སྟེ་སྙན་བརྒྱུད་ཡང་ལེ་ཤོད་མ་བྱ་བ་ཡོད། དེ་སྐབས་དཔལ་ཆུ་བོ་རིར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་གཏེར་རྫས་འབུལ་བར་མངགས་པས། གྲུབ་ཐོབ་ཆེན་པོས་གཏེར་རྫེཾས་རྣམས་ཆུར་ཕོངས་ཤིང་གསུངས་ནས་དབང་མེད་དུ་གཙང་པོར་འཕངས་ཚུལ་ཞུས་ཀྱང་མ་གསན་པར་ད་ལྟ་ཁྱེར་ཤོག་གསུངས་པས་ལྟར་ཕྱིན་པས་ཅི་ཡང་མ་ཉེས་པར་འཇའ་འོད་ཀྱི་དབུས་ན་འདུག་པ་བླངས་ནས་ཕུལ་བས་ཐུགས་མཉེས་ཏེ་གཏེར་སྟོན་ཟེར་བ་དེ་འདྲ་དགོས་པ་ཡིན། ངས་ཁྱེད་རྣམས་ཡིད་ཆེས་ཕྱིར་དེ་ལྟར་བྱས་པ་ཡིན་གསུངས་སླར་ཞུ་མཆིད་ཆེ་བརྗོད་སོགས་རྒྱ་ཆེར་མཛད་ཅིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་འཕན་ཡུལ་སྨན་རྩེར་ཕེབས་ཆོས་བདག་ལུང་ཟིན་རྣམས་ལ་གཏེར་ཆོས་སྨིན་གྲོལ་གནང་ནས་དོན་ལྡན་དུ་མཛད། ལྷོ་བྲག་ཁོན་མཐིང་བསམ་ཡས་བྱང་ཆུབ་ཆེན་པོ་དང་། གཉལ་སྨད་དགེ་རི་བྲག་གུང་ཐང་མཁར། ནེ་རིང་སེང་གེ་རྫོང་སོགས་ནས་སྤར་ཕྱིར་གཏེར་ཁ་བསམ་གྱིས་མི་ཁྱབ་པ་བཞེས་ཏེ་ཁྱོན་དྲིལ་གཏེར་ཁ་ཆེན་པོ་ཉེར་ལྔ་སྤྱན་དྲངས་ཏེ། གཏེར་ལུང་ལས། སློབ་དཔོན་དོན་ལྡན་སྐྱེས་བུ་དེ༔ སོ་བདིན་སྟག་ལ་མ་འདས་ན༔ གཏེར་ཁ་ཉི་ཤུ་རྩ་ལྔ་དབང་༔ ཞེས་སོགས་ཀྱི་སྐུ་ཚེའི་འཕྲང་རྣམས་ལས་གྲོལ་སྐུ་ཚེ་མཐར་ཕྱིན་པ་ཡིན་ནོ། གསུངས་ལས། མཐའ་ཡི་མིར་སྐྱེས་རིན་ཆེན་དཔལ་བཟང་ལ། སྔོན་སྦྱངས་ལས་འགྲོ་སྨོན་ལམ་དཀར་བའི་མཐུས། མཐའ་དབུས་ཀུན་ནས་གཏེར་ཁ་ཉེར་ལྔ་(སྟོད་ཆ།༧༢༧)ཕྱེ། །ཉམས་དང་རྨི་ལམ་བཟང་རྟོགས་ཙམ་དུ་ཡང་། །ཨོ་རྒྱན་རྗེ་དང་ལན་གྲངས་ཉེར་ལྔ་མཇལ། །དབང་དང་བསྙེན་སྒྲུབ་དབྱངས་དང་ཕྱག་ལེན་སོགས། རང་བཟོ་མ་ཡིན་གུའི་ཕྱག་ལེན་མཐོང་། །བཀའ་གཏད་རྗེས་གནད་དབང་བཞིའི་ཆུ་བོ་འབབ། གཟུ་ལུམས་རང་བཟོ་རྣམས་དང་ཅུང་མི་འདྲ། །ཞེས་སོགས་གསུངས་པ་བཞིན་ནོ། །ཙ་རི་དང་ཀོང་པོར་ཕེབས་དགོས་པའི་མཁའ་འགྲོའི་བསྐུལ་མའང་བྱུང་། དེ་སྐབས་ཇོ་ཤཱཀ་རྣམ་གཉིས་ལ་མར་ཁལ་སྟོང་པྲག་ལ་སོགས་པའི་མཆོད་འབུལ་མཛད། དེ་ནས་གཉལ་སྟོད་སྨད་བརྒྱུད་ཆོས་རྒྱལ་བྱ་བའི་གདན་འདྲེན་པར་ཕེབས་ནས་སྐྱེ་བདུན་སྨན་སྒྲུབ་སོགས་ཀྱི་འགྲོ་དོན་མཛད། དེ་ནས་ཙ་རིར་ཕེབས་པའི་གོང་དུ་ཀོང་ཡུལ་སྤྱི་དང་ཙ་རིའི་གནས་སོགས་གཟིགས་སྣང་བྱུང་བ་དང་ཁྱད་པར་ཅུང་ཟད་ཀྱང་མ་བྱུང་ཞིང་། སྔར་མཚན་ལམ་དུ་བསྐུལ་མ་བྱེད་པའི་ཌཀྐི་བདུན་པོ་དེ་དག་ཕྱིས་ཀོང་པོར་ཕེབས་དུས་དངོས་སུ་སྣང་གསུངས། དེ་ཡང་གཏེར་ལུང་ལས། ཁྱུང་ཆེན་རི་དང་མཁར་ཚུའི་ཟབ་གཏེར་འདོན༔ གསང་བའི་མཚན་ཡང་ཞིག་པོ་གླིང་པ་ཡིན༔ གུང་ཐང་དགེ་རི་རྫོང་གསུམ་གཏེར་ཁ་འདོན༔ གསང་བའི་མཚན་ཡང་རརྣ་གླིང་པར་གྲགས༔ བསམ་ཡས་གནམ་སྐས་བུམ་ཐང་གཏེར་ཁ་འདོན༔ གསང་བའི་མཚན་ཡང་རརྣ་གླིང་པར་གྲགས༔ བསམ་ཡས་གནམ་སྐས་བུམ་ཐང་གཏེར་ཁ་འདོན༔ གསང་བའི་མཚན་ཡང་འགྲོ་འདུལ་གླིང་པར་གྲགས༔ ཞེས་གསུངས་པ་ལྟར། སྐུ་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་གྲགས་པ་སྟེ། རྟེན་འབྲེལ་རབ་དང་མཆོག་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཚེ་འདི་ཉིད་ལ་བཏོན་པ་ཡིན་ཅེས་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་གསུངས་སོ། གཞན་ཡང་ཕུར་སྒྲུབ་ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་སྒྲུབ་ཆེན་སོགས་ཀྱིས་འགྲོ་དོན་སྐྱོང་(སྟོད་ཆ།༧༢༨)སྐབས་དང་དབང་ཁྲིད་ལུང་སོགས་སྐལ་ལྡན་རྣམས་ལ་སྩལ་བའི་དུས་དང་གཏེར་གདན་དྲངས་པའི་དུས་སོགས་ལ་སྐུ་ལུས་མི་སྣང་བ་དང་། རི་བྲག་ལ་ཟང་ཐལ་དུ་གཤགས་པ་སོགས་རྫུ་འཕྲུལ་དུ་མ་དང་། ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་དང་ངོ་མཚར་བའི་ལྟས་ཀྱི་རྣམ་གྲངས་འཇའ་ཚོན་སྣ་ཚོགས་ཀྱི་དྲ་བར་འབྲེལ་བ་དང་། མེ་ཏོག་ཁ་དོག་སྣ་ཚོགས་ལག་པས་བཟུང་དུ་བཏུབ་པའི་ཆར་དང་། སྤོས་དང་སྨན་གྱི་དྲིས་རྒྱང་རིང་ཚུན་ལ་ཁྱབ་པ་སོགས་བྱུང་བ་ནི་རེ་རེ་ནས་བརྗོད་ཀྱིས་མི་ལངས་ཏེ་མཐའ་ཡས་སོ། དབང་དང་སྒྲུབ་ཆེན་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་འོང་མ་མྱོང་གསུངས་ཏེ། ངོ་མཚར་ཡ་མཚན་སྒྲུབ་རྟགས་ལས། བར་ཆད་ཕྲ་མོའང་འོང་མ་མྱོང་། ཞེས་གསུངས་པ་ལྟར་རོ། གཞན་ཡང་གསུང་འགུར་དང་། བརྩོད་ཟློག །ཆོས་འབྱུང་། དབང་ཁྲིད་ཞལ་གདམས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། བརྒྱུད་འཛིན་སློབ་མའི་ཚོགས་ཀྱང་། ཐུགས་སྲས་སྙིང་གུ་བུ་བཞི། ཉེ་བའི་བུ་བཞི། མཆོག་གི་བུ་ལྔ། དཀྱིལ་འཁོར་འཛིན་པའི་བུ་བརྒྱད། ཆོས་བརྒྱད་ཉི་ཤུ་རྩ་ལྔ། ཕྲ་མོའི་རིགས་ནམ་མཁའི་སྐར་མ་ཙམ་ཞིག་སྟེ་གཙོ་ཆེ་བ་འགའ་ཞིག་སྨོས་ན། རྒྱལ་བའི་དབང་པོ་ཀརྨ་པ་མཐོང་བ་དོན་ལྡན། སྣེ་གདོང་གོང་མ་ཆེན་པོ་ཀུན་དགའ་ལེགས་པའི་འབྱུང་གནས། འབྲུག་པ་རྒྱལ་དབང་ཆོས་རྗེ་སྨྱོས་མཐིང་མ་བ། ཡར་ལུང་སྤྲུལ་སྐུའི་བརྒྱུད་པ། སྨན་རྩེ་པ་བསམ་འགྲུབ་རྒྱལ་པོ། རྟག་མགོ་ཆོས་རྗེ། ར་ལུང་པ་ཀུན་དགའ་དཔལ་འབྱོར། དུམ་གུ་རི་པ་རྫ་ལུང་པ། ཟ་ར་བ། བྲག་སྣ་ཆོས་རྗེ། ཀོང་པོ་བྱ་ཁྱུང་པ་(སྟོད་ཆ།༧༢༩)སོགས་སྨོས་ཀྱིས་མི་ལངས་ཏེ། མདོར་ལ་གངས་ཏི་སེ་ནས་བཟུང་རྒྱལ་མོ་རོང་ཡན་དང་། སྤུ་བོ་ནས་ལྷོ་བྲག་བུམ་ཐང་མོན་ཤར་ནུབ། གཙོ་བོར་དབུས་གཙང་རུ་བཞིའི་བླ་ཆེན་མི་ཐམས་ཅད་སློབ་མར་མ་གྱུར་མེད་པ་ལྟ་བུ་ཡིན་པར་སྣང་ངོ་། །དེ་ལྟར་གདུལ་བྱ་དང་ཕྲིན་ལས་མཐར་ཕྱིན་ནས་བུ་སློབ་རྣམས་ལ་ཆོས་དང་མཐུན་པའི་ཞལ་གདམས་རྒྱ་ཆེར་གསུངས་ནས་དགུང་ལོ་དོན་བཞི་པ་ལ་གཟུག་སྐུའི་བཀོད་པ་བསྡུས་ཏེ། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ག་ལ་བ་དེར་གཤེགས་ནས་དཔའ་བོ་རང་གྲོལ་རྩལ་ཞེས་བྱ་བར་གྱུར་ནས་སྲིན་པོའི་ཚོགས་རྣམས་ཆོས་ཀྱིས་འདུལ་བར་མཛད་དོ། །དེའི་ཚེ་ས་གཡོ་བ་དང་། མཐིང་ཁ་ཁྱབ་པ་ཆེན་པོའི་འོད་དང་། གུར་ཁྱིམ་ལྟ་བུའི་འཇའ་ཙོན་ལ་གསེར་གྱིས་སྐུད་པ་འཐེན་པ་ལྟ་བུའི་རྡོ་རྗེ་ལུ་གུ་རྒྱུད་སོགས་ཀུན་གྱི་མཐོང་སྣང་མཐུན་པར་བྱུང་། ཞལ་ཆེམས་ལྟར་གདུག་རྟེན་བཀྲ་ཤིས་འོད་འབར་བཞེངས་ནས་སྐུ་གདུག་རིལ་པོར་བཞུགས་པར་བཤད་དོ། །གཞན་ཡང་ཕྱི་མའི་སྐྱེ་སྲིད་ཀྱང་། །སྐུ་དངོས་རྔ་ཡབ་གླིང་ནས་མ་གཡོས་པར། སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ནི། གཙང་ལྷོ་ཁམས་གཉལ་དབུས་ཀྱི་ཕྱོགས་དག་ཏུ། །གྲགས་པ་རྒྱལ་མཚན་འོད་ཟེར་རྡོ་རྗེ་དཔལ། །བཟང་པོའི་མིང་ཅན་དག་དང་ལྔ་པོ་ཡིས། རྫོགས་ཆེན་བཀའ་གཏེར་རྒྱུད་སྡེ་ཕྱི་ནང་དང་། །སྡེ་སྣོད་བསྟན་བཅོས་མན་ངག་ཐམས་ཅད་ཀྱི། །བསྟན་པ་འཛིན་ཅིང་འགྲོ་བའི་བློ་མུན་སེལ། །ཐབས་སྒོ་དུ་མས་གངས་ཅན་མཐའ་དབུས་ཀྱི། །འགྲོ་ཀུན་བདེ་ཞིང་དུ་དུ་འདྲེན་པར་གསུངས། ཞེས་ལུང་བསྟན་པར་རྣམ་ཐར་ལས་བྱུང་ངོ་། སྐུའི་སྲས་ཚེ་དབང་གྲགས་པ་དང་། མཐའ་ཡས་གྲགས་པ་དང་། ཡོན་(སྟོད་ཆ།༧༣༠)ཏན་གྲགས་པ། ནོར་བུ་གྲགས་པ་དང་། ངག་དབང་ནོར་བུ། ལྔ་པ་བི་མ་ལའི་སྤྲུལ་པ་ནོར་བུ་ཡོངས་གྲགས་སོགས་ཨོ་རགཡན་རིན་པོ་ཆེས་ལུང་ཟིན་གྱི་སྐྱེས་ཆེན་ཁོ་ན་ཡིན། སློབ་མའི་མཆོག་གྱུར་རྗེ་ཉུང་པོ་ཞེས་པ་ལ་སྐུའི་སྲས་ཚེ་དབང་གྲགས་པའི་སྐུ་ཡོན་དང་། འགྲོ་དོན་ཕྲིན་ལས་ལ་སོགས་པ་ཚགས་སུ་ཚུད་པ་ཅིག་མ་བྱུང་བར་ཉང་པོ་ཀོང་ཁམས་སོགས་ཀྱི་པྱོགས་སུ་མི་ཐེགས་ཤིང་། འདི་ཉིད་ཀྱི་བསྟན་པ་མ་ཚུགས་ཀྱི་བར་བཞུགས་དགོས་གསུངས་པ་བཞིན། ཉང་པོས་ལྷུན་གྲུབ་ཕོ་བྲང་གི་གདན་ས་མཛད། སྲས་ཚེ་དབང་གྲགས་པ་ཁམས་པྱོགས་ལ་བྱོན་ཏེ། ཀ་ཐོག་རྡོ་རྗེ་གདན་ནས་ཁམས་ལྕགས་མོ་སོགས་ཞབས་ཀྱིས་བཅགས། ཁམས་ཀ་ཐོག་ནས་རྙིང་མའི་རྒྱུད་འབུམ་གསེར་མ་པུ་ཏི་བརྒྱད་ཅུ་གྱ་གཉིས་སྤྱན་དྲངས། ཡབ་ཀྱི་དགོངས་པ་རྫོགས་པ་བྱེད་དུ་རྒྱུད་འབུམ་ཚར་གཅིག་བཞེངས། ལྷུན་གྲུབ་ཕོ་བྲང་ཞེས་གསང་སྔགས་རྒྱུད་ཀྱིས་གང་བའི་གཙུག་ལག་ཁང་ཆེན་པོར་གྱུར། ཐོས་གཉིས་དང་བཅས་པ་བཞེངས། གཞན་ཡང་རྟེན་གསུམ་གྲངས་འདས་པར་བཞེངས་ཏེ། རྒྱུད་འབུམ་ཁོ་ན་ཚར་བཅུ་གསུམ་ཙམ་བཞུགས། གདུང་རྒྱུད་རིམ་པ་བཞིན་དུ་ཞལ་ངོ་རེ་རེའི་ཐོག་ཏུ་འང་རྒྱུད་འབུམ་ཚར་རེ་དང་། རྟེན་བཞེངས་བསམ་གྱིས་མི་ཁྱབ་པ་མཛད་དོ། གསང་ཆེན་རྙིང་མའི་རྒྱུད་ཀྱི་ལུང་རྒྱུན་སོགས་ལའང་གཏེར་ཆེན་འདི་ཡབ་སྲས་བརྒྱུད་པར་བཅས་པ་སྐུ་དྲིན་ཤིན་ཏུ་ཆེ་སྟེ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེའི་གསལ་བྱེད་དུ་གྱུར་པ་ཡིན་ནོ། གཏེར་སྟོན་ཀརྨ་གླིང་པ་ནི། རང་གཏེར་ལས། ཟབ་ཆོས་ཞི་(སྟོད་ཆ།༧༣༡)ཁྲོ་དགོངས་པ་རང་འགྲོལ་ནི༔ སྤེལ་བར་འཕངས་པས་རིན་ཆེན་གཏེར་དུ་སྦས༔ ཨེ་མ་དེ་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུ༔ མདོག་དཀར་གཟུགས་རིང་སྨྲ་མེད་ཁྲོ་བོའི་དབྱིབས༔ རེས་འགའ་དམ་ནག་གླེན་པ་ལྟ་བུ་ལ༔ རེས་འགའ་གཏད་མེད་བྱིས་པའི་རྣམ་པ་ཅན༔ མ་དང་མཁའ་འགྲོ་འདུལ་བ་རིགས་ཀྱི་བུ༔ དད་པ་སྟོབས་ཆེ་ཤེས་རབ་དབང་པོ་རྣོ༔ མི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པ༔ འབྲུག་སྦྲུལ་ལོ་པ་དཔལ་གྱི་མི་ཅན་འབྱུང་༔ དེ་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ནོ༔ ཞེས་དང་། ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུས༔ དེ་དུས་འདི་འདྲའི་གདམས་པ་མེད་པ་ཀུན༔ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེད༔ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིར༔ ཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦས༔ དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་གཅིག༔ ཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་༔ ཀརྨ་གླིང་པ་ཞེས་བྱ་སྙིང་སྟོབས་ཅན༔ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚན། འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ ཅེས་གསུངས་པ་ལྟར་དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པ་ན་ཡབ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་པ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞེས་པའི་གྲུབ་ཐོབ་ཆེན་པོ་ཞིག་ལ་སྲས་མང་དུ་ཡོད་པའི་ཆེ་ཤོས་ཡིན། དགུང་ལོ་བཅོ་ལྔའི་དུས་ནས་ལུང་བསྟན་དང་རྟེན་འབྲེལ་འཛོམས་ནས། དྭགས་ལ་སྒམ་པོ་གདར་གྱི་རོ་བོ་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་རྣམས་གསང་གཏེར་དུ་བཞེས་སྟེ་སྤྱན་དྲངས། གཞན་ཡང་པདྨ་ཞི་ཁྲོ་ལ་སོགས་ཀྱང་གཏེར་ནས་བཏོན། ཆོས་(སྟོད་ཆ།༧༣༢)བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་རྣམས་ཚང་བར་གནང་། དགོངས་པ་རང་གྲོལ་སྐོར་ནི་བཀའ་དོག་སྟེ་སྐལ་ལྡན་འགའ་ཞིག་ལས་ཁྱབ་རྡལ་དུ་སྤ་བར་མ་གནང་། འོན་ཀྱང་བར་དོ་ཐུགས་ཁྲིད་སོགས་ནི་ཞི་ཁྲོ་གཉིས་ཀའི་ཐུན་མོང་ཡིན་ལ་དབང་དང་གདམས་ཟབ་གཞན་རྣམས་ཆིག་བརྒྱུད་མཛད། གཏེར་ལུང་ནས་བསྟན་པའི་སློབ་དཔོན་གྱི་གཟུང་མ་བྲམ་ཟེའི་བུ་མོ་དཔལ་སྐྱེས་མའི་སྐྱེ་བ་མཚན་ལྡན་ཞིག་ཡོད་པ་དེ་ཕྱག་རྒྱར་བཞེས་དགོས་པ་ལ། རྟེན་འབྲེལ་འཕྱུག་པས་བུད་མེད་གཞན་ཞིག་དེ་ལྟ་ནའང་། ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་མངའ་ཞིང་། ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ནིད་ཅན་དུ་བཞུགས། སྐུ་གཤེགས་ཁར་རིགས་ནས། སོང་ཙམ་ལ་ངའི་ལུས་ལ། མེ་ཏོག་པདྨའི་རི་མོ་མང་པོ་དོད་ནས་ཡོང་གསུངས་པ་དང་། དེ་ལ་སོགས་པའི་མངོན་ཤེས་ཀྱང་མང་དུ་གསུངས། དེ་ནས་ཕྱིར་ལོ་སྐུ་གཤེགས་ཁར། སྲས་ལ་དགོངས་པ་རང་གྲོལ་གྱི་དབང་དང་བཀའ་ལུང་གནང་ནས། གཞན་སུ་ལའང་མ་བསྟན། ཉི་ཟླའི་མིང་ཅན་སྐྱེས་བུ་དམ་པ་ཞིག་ལ་ཆོས་འདི་གཏོད། དེའི་འགྲོ་དོན་རྒྱ་ཆེར་སྤྱོད་པ་འབྱུང་གསུངས། གཞན་ཡང་ལུང་བསྟན་མང་དུ་མཛད་ནས་གཤེགས། ཐང་རྐྱེན་ཡང་ཟབ་ལུང་པའི་གཏེར་འབྱུང་ལ་འདི་བཞིན་བླངས་ཏེ་ཉེ་གནས་ཉི་ཟླ་ཆོས་རྗེ་ཟེར་བ་ཞིག་ཡོད་པ། ཉེ་གནས་དང་ཇོ་མོ་གཉིས་སྟབ་གཅིག་ཏུ་སོང་བས། གཏེར་སྟོན་ལ་གསོལ་ཞུས་པའི་རྐྱེན་གྱིས་བསྙུང་པ་ན། གཏེར་སྟོན་གྱིས་ཡབ་ཉི་ཟླ་སངས་རྒྱས་ལ་ངའི་ནད་འདི་གསོ་བ་ལ་འཇིག་རྟེན་གྱི་སྨན་གཞན་གྱིས་མི་(སྟོད་ཆ།༧༣༣)གསོས་པས། བདག་གིས་གྲོང་འདུག་བྱས་ཏེ། རི་རབ་ཀྱི་བྱང་ཕྱོགས་ནས་ཤི་གསོས་ཀྱི་སྨན་བླངས་ནས་ཞག་གསུམ་ལ་སླེབས་འོང་། དེའི་བར་དུ་ཡབ་ཀྱི་སྤུར་ལ་བསྲུང་བསྡམས་ཐུབ་པར་གྱིས་ཤིག་གསུངས་པ་ལ། ཞག་གསུམ་འགྲོ་བའི་ཞོགས་པ་ལ་ཡབ་ཀྱིས་མ་མཁྱེན་པར་ཉེ་གནས་དང་ཇོ་མོས་སྤུར་ལ་མེ་བཅུག་པས་ནམ་མཁའ་ནས་བྱ་ཡ་མཚན་ཅན་ཁ་དོག་མཚར་བ་ཞིག་གི་ཁ་ལ་ཤིང་ཐོག་འབྲས་བུ་སྨུག་ཐོལ་ལེ་བ་ཁྱེར་བ་ཅིག་བྱུང་་ནས། སྤུར་གྱི་ཞལ་བ་ལ་ཁ་སྦྱར་ནས། བྱ་དེ་སྤུར་ལ་ཐིམ་སྐམ་བྱེད་པའི་དུས་སུ་ཉེ་གནས་ཀྱི་བྱ་དེ་དབྱུགས་པས་བརླངས་ཤིང་། ཤིང་ཐོག་གི་འབྲུ་དེ་མེ་ལ་བསྲེགས་པས། གྲོང་འཇུག་ཐུབ་པའི་ཡུལ་མ་བྱུང་ནས་གཏེར་སྟོན་གཤེགས། དེ་ནས་ཡབ་ཉི་ཟླ་སངས་རྒྱས་དང་ཉེ་གནས་ཉི་ཟླ་ཆོས་རྗེ་གཉིས་ཀྱིས་དཔེ་ཆ་དང་ལྷ་རྟེན་རྣམས་ཀྱང་བགོ་བཤའ་བྱས་ཏེ། ཐོས་གྲོལ་གྱི་དབང་གི་སྐོར་སོགས་ཡིག་ཆ་ཚང་བ་དང་། མ་ཚང་བ་གཉིས་ཡོད་ཅིང་། འགྲོ་དོན་སོ་སོར་བསྐྱངས། འོན་ཀྱང་ཉེ་གནས་ལས་བརྒྱུད་པ་ནི་དམ་སེལ་ཅན་དུ་གྱུར་པས་མ་འཕེལ་ལོ། སྲས་ནི་ཟླ་ཆོས་རྗེ་ནི་ཆུང་ངུ་ནས་ཆོས་ལ་དད་ཅིང་། ཐུགས་རབ་ཆེ་བ། ཀུན་གྱི་ཡིད་དུ་འོང་བ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། ཡོན་ཏན་མཐའ་དག་ལ་སྦྱངས་པ། ཁྱད་པར་དུའང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་དོན་ལ་མཁས་པ། དགུང་ལོ་བཅུ་ནས་ཆོས་གསུངས་པ་དང་། དབང་བསྐུར་བ་སོགས་ལ་མཁས་པ། གདུལ་བྱ་ངང་བ་འདྲེན་ཅིང་། འགྲོ་བའི་དོན་རྒྱ་ཆེར་མཛད་པ་ཅིག་བྱུང་། དྭགས་པོ་ནས་ལོང་པོའི་ཕྱོགས་སུ་ཕེབས། བླ་མ་རིན་པོ་ཆེ་སཱུརྱ་ཙནྚ་རསྨི་(སྟོད་ཆ།༧༣༤)དང་མཇལ། རྨིའི་ལམ་དང་རྟེན་འབྲེལ་འགྲིགས་པས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར། བླ་མ་ཉི་ཟླ་འོད་ཟེར་ལ་གནང་ནས། ཁྱེད་ལུང་བསྟན་ནས་ཟིན་པའི་བརྒྱུད་པ་གསུམ་པ་ཡིན། ངས་ཆོས་འདི་གཞན་ལ་ཚིག་ཙམ་ཡང་བསྟན་པ་མེད་དེ། གཏེར་ལུང་ལས། བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་གཅེས༔ བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེར་འབྱུང་༔ ཞེས་གསུངས་པ་ཡོད། ཁྱེད་ཀྱིས་ཀྱང་ལོ་དྲུག་གི་བར་དུ་སུ་ལའང་མ་བསྟན། ཁྱེད་རང་ནིས་ཉམས་སུ་ལོངས། ལོ་དྲུག་སོག་ནས་གཞན་ལ་སྟོན་དང་འགྲོ་དོན་རྒྱ་ཆེན་པོ་འོང་། ཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་རྒྱས། ཞེས་གསུངས་པས། བྱང་ཕྱོགས་སུ་བསྟན་པ་དར་རྒྱས་སུ་་འོང་བའི་ལུང་བསྟན་ཡོད། ཟབ་ཆོས་འདིའི་འོག་སྒོ་བདེ་ཆེན་གྱི་སྐོར་ནི། ལོ་བཅུའི་བར་དུ་སུ་ལའང་མ་བསྟན། དེ་ནས་སྟོན་དང་བར་ཆད་ལས་གྲོལ་བ་ཡིན་གསུངས། དེ་ཡང་བླ་མ་རིན་པོ་ཆེ་སུ)་ར་སྨི་ཏེ། ལོང་པོ་རྩི་དཀར་དུ་འཁྲུངས། རུས་ཉང་ཡིན། ཡབ་སྨན་པ་ཡང་རྒྱལ་ཞེས་པའི་སྲས་ཡིན། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་སད། བླ་མ་མང་པོ་ལས་གསན་བསམ་རྒྱ་ཆེར་མཛད། འཆད་རྩོད་བརྩོམ་གསུམ་ལ་མཁས་ཤིང་རྟོགས་པ་ཀློང་དུ་གྱུར། བསྟན་བཅོས་རྒྱ་མཚོ་དགུ་སྐོར་ཞེས་པུ་སྟི་མང་པོ་ཡོད་པར་གྲགས། རྒྱ་གར་གཏེར་སྟོན་བཛྲ་མ་ཏི་དང་། དགོངས་འདུས་ལ་སོགས་པ་ནས་ལུང་བསྟན་པའི་སྐྱེས་བུ་དམ་པ་ཡིན། ཁྱད་པར་གཏེར་སོན་གྱི་སྲས་ཉི་ཟླ་ཆོས་རྗེས་ཚིག་རྒྱུད་ཀྱི་གདམས་པ་གནང་ཞིང་ཞི་ཁྲོའི་ཆོས་བདག་ཏུ་གྱུར། མཚུངས་མེད་ཆོས་ཀྱི་རྗེས་སུ་(སྟོད་ཆ།་ར་སྨིའི་སློབ་བུ་ནི་རྗེ་བཙུན་ནམ་མཁའ་ཆོས་(སྟོད་ཆ།༧༣༥)ཀྱི་རྒྱ་མཚོ་ཡིན་ཏེ། སྐུ་རུས་ནི་རྒྱ་ར་བ། ཡབ་ནི་ཚེམ་ཡུལ་བ་ནམ་མཁའ་ཞེས་པ་དང་། ཡུམ་བདེ་བའི་པདྨ་ཞེས་པའི་སྲས་སུ་ལྕགས་ཕོ་ཁྱི་ལ་འཁྲུངས། ལོ་ལྔ་ནས་འབྲི་ཀློག་མཁྱེན། བཅུ་གཉིས་ནས་དྲུང་ཆོས་ལྡན་པ་ལས་དགེ་བསྙེན་ཞུས། ཁུ་བོ་བླ་མ་ཆོས་གྲུབ་སོགས་ལས་ཟབ་ཆོས་མང་དུ་ཞུས། བཅུ་གསུམ་ནས་དམ་པ་ཡང་ངོ་བོ་རིས་པའི་དྲུང་དུ་དགེ་ཚུལ་དང་། བཅུ་དྲུག་ནས་གྲུབ་ཆེན་རྣམ་རྒྱལ་བཟང་པོ་ལས་རྫོགས་ཆེན་གསན། བཅོ་བརྒྱད་ནས་ནམ་མཁའ་བཤེས་གཉེན་ལས་དུས་འཁོར་དང་དགོངས་འདུས་ཀུན་རིག་སོགས་ཆོས་མཐའ་ཡས་པ་གསན། ཉེར་གཅིག་ལ་ཁུ་བོ་བླ་མའི་གདན་ས་མཛད་པས་ལུགས་གཉིས་ཀར་མཁྱེན་པའི་ཟླ་བྲལ། འགྲོ་དོན་རྒྱ་ཆེར་བསྐྱངས་ནས་ལྷ་ས་ཙ་རི་སོགས་སྐོར་བར་ཡང་ཕེབས། ཆོས་ཀྱི་རྗེ་རིན་པོ་ཆེ་གཙང ་ཆེན་པ་ལས་བསྙེན་པར་རྫོགས་པ་མཛད། མཚན་ནམ་མཁའ་ཅོས་ཀྱི་རྒྱ་མཚོ་བཏགས། མཚུངས་མེད་སུ)་ར་སྨི་ལས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་ཐམས་ཅད་གསན། གཞན་ཡང་གསང་སྔགས་རྒྱུད་འབུམ་དང་། བཀའ་གཏེར་གསར་རྙིང་ཇི་སྙེད་པ་ལ་གསན་བསམ་མཛད། བླ་མ་དེ་ཉིད་ཀྱིས་ཀྱང་ལུང་བསྟན་གྱི་སྐྱེས་བུ་ཆོས་ཀྱི་བདག་པོར་ངོས་འཛིན་མཛད་ནས་ཐོས་གྲོལ་སྐོར་གྱི་གདམས་ཁྲིད་སྙན་བརྒྱུད་མ་ལུས་པ་གནང་ནས་བཀའ་རྒྱ་བཀྲོལ་ཏེ་འགྲོ་ཕན་རྒྱ་ཆེར་མཛོད་ཅེས་བཀས་གནང་། ཡང་ལོ་རྒྱུས་གཞན་ཞིག་ན། དབང་བཞི་ཕྲད་ཚད་རང་གྲོལ་དང་། འོག་སྒོ་བདེ་བ་ཆེན་པོའི་སྐོར་རྣམས་གཏེར་སྟོན་གྱི་ལུང་ཟིན་དངོས་གྲུབ་རྒྱ་མཚོ་ལ་ཆིག་བརྒྱུད་དུ་གནང་ནས་དེས་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཆོས་བདག་ཏུ་གཟིགས་ནས་གཅིག་བརྒྱུད་(སྟོད་ཆ།༧༣༦)རྣམས་བཀའ་རྒྱ་བཀྲོལ་ནས་གནང་བ་ཡིན་ཟེར་བའང་བྱུང་། གཞན་ཡང་། རྗེ་ཀརྨ་པ། འབྲུག་པ་རྒྱལ་དབང་ཆོས་རྗེ། ས་སྐྱ་པ་དཔལ་ལྡན་བཟང་པོ། བསོད་ནམས་རྒྱ་མཚོ། འབྲི་གུང་པ་སྐུ་མཆེད། གཏེར་སྟོན་པདྨ་གླིང་པ་དང་། ཁྲོ་ཕུ་ལོ་ཙཱ་སོགས་མཁས་གྲུབ་བླ་མ་ལྔ་བཅུ་ཙམ་ལས་ཆོས་མང་པོ་གསན། བསྙེན་སྒྲུབ་མཐར་ཕྱིན་ཅིང་རྟོགས་པའི་ཀློང་བརྟོལ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྨིན་གྲོལ་གྱིས་འགྲོ་དོན་བསྐྱངས་པས་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། བསྟན་པ་ཉི་མ་ཤར་བ་ལྟར་གྱུར་ཏེ། ཟབ་ཆོས་འདི་ཉིད་དབུས་གཙང་ཁམས་ཀོང་། གཉལ་དྭགས་ལ་སོགས་པར་མ་ཁྱབ་པ་ཆེར་མེད་པར་དར་རྒྱས་སུ་གྱུར། ཆོས་འཁོར་རྩེ་སོགས་དགོན་སྡེའང་དྲུག་བདུན་ཙམ་བཏབ་ཅིང་། སྐུ་ཚེ་མཐར་ཕྱིན་པར་བཞུགས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་གཏེར་སྟོན་གིས་ཡབ་ཉི་ཟླ་སངས་རྒྱས་ལ་གནང་། དེས་སྲས་ཉི་ཟླ་ཆོས་རྗེ་ལ་གནང་བར་གསུངས་འདུག་ཅིང་། འགའ་ཞིག་གིས་ཡབ་ནི་ཟླ་སངས་རྒྱས་དང་ཉི་ཟླ་ཆོས་རྗེ་གཅིག་པར་མཛད་ནས་སྐུའི་ཡབ་ཐུགས་ཀྱི་སྲས་ཟེར་བ་བྱས་འདུག་ཀྱང་། འདིར་ནི་ཆོས་བདག་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པའི་ལོ་རྒྱུས་ཉིད་ཁུངས་ཆེ་བར་སེམས་ནས་དེ་བཞིན་དུ་བྲིས་པ་ཡིན་ནོ། གཏེར་སྟོན་ལས་འཕྲོ་གླིང་པ་ལ། རྡོ་རྗེ་གླིང་པས་ངོས་འཛིན་གནང་བའི་དོལ་ལས་འཕྲོ་གླིང་པ་དང་། པདྨ་གླིང་པས་ངོས་འཛིན་གནང་བའི་འགྲོ་ཤུལ་ལས་འཕྲོ་གླིང་པ་དང་། རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ། ཨི་སྦེ་ལྕོག་ལས་འཕྲོ་གླིང་པ། ཀོང་པོ་འཇའ་ཚོན་པ་རྣམས་བྱུང་ཏེ། ཀོང་པོ་འཇའ་(སྟོད་ཆ།༧༣༧)ཚོན་པའི་ལོ་རྒྱུས་གོང་དུ་སོང་། གཞན་རྣམས་ལས་སྤྲུལ་པའི་སྐྱེས་མཆོག་རྡོ་རྗེ་གླིང་པས་ངོས་འཛིན་མཛད་པའི་ལས་འཕྲོ་གླིང་པ་ནི་དོལ་དུ་འཁྲུངས་ཤིང་ཟབ་ལུག་མེ་ཟོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོགས་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས་ཤིང་། གཏེར་རྫས་གདུང་བརྒྱུད་སློབ་བརྒྱུད་སོགས་བྲག་དཀར་ཆོས་སྡིག་དགོན་པར་ཡོད་པར་གྲགས་ཀྱང་རྣམ་ཐར་དང་ལོ་རྒྱུས་ཞིབ་རྒྱས་མ་བརྙེད། གཏེར་སྟོན་སྤྲུལ་པའི་སྐུ་པདྨ་གླིང་པའི་ཐུགས་སྲས་སྙིང་གི་བུ་གསུམ་ལས་གཉལ་ལོར་རྡོ་རྗེའི་མཚན་ཅན་དུ་ལུང་གིས་ཟིན་པའི་འགྲོ་འདུལ་ལས་འཕྲོ་གླིང་པ་ནི། རང་གཏེར་ལས། ད་ལྟའི་དུས་ཀྱི་རིན་ཆེན་བཟང་པོ་ཁྱོད༔ མ་འོངས་བསྐལ་པ་དུས་ཀྱི་མཐའ་མ་ལ༔ སྨོན་ལམ་འབྲེལ་ལས་ལྷོ་མོན་མཚམས་སུ་སྐྱེ༔ ཞེས་སོགས་གསུངས་པ་ལྟར། གཉལ་སྟོད་དུ་སྐུ་འཁྲུངས། སྐུ་རུས་ནི་སྙི་བ། ཡབ་དཔལ་འབྱོར་རྒྱལ་པོ་དང་། ཡུམ་བཀྲ་ཤིས་ལྷ་མོ་གནིས་ཀྱི་སྲས་སུ་ཡ་མཚན་པའི་རྟགས་དུ་མ་དང་བཅས་ཏེ་འཁྲུངས། དག་སྣང་དཔག་ཏུ་མེད་པ་ཤར། ཁྱད་པར་དགུང་ལོ་བཅུ་དྲུག་བཞེས་ཚེ། མི་དཀར་པོ་ཤིན་ཏུ་མཛེས་པ་རས་རྐྱང་བཞེས་པ་ཞིག་གི་ཕྱག་གཉིས་མགོ་ལ་བཞག་ཅིང་། ཤོག་དྲིལ་ཞིག་ལག་ཏུ་གཏད་ནས། འདི་མ་གཏོར་བར་གཉེར་གྱིས་ཟེར་ནས་མི་སྣང་བར་གྱུར། ཤོ་དྲིལ་ལ་གཟིགས་པས་གཏེར་གྱི་ཁ་བྱང་འདུག །དེ་ནས་དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ཆོས་ལུངས་རི་བོ་ཆེའི་མཚུང་མེད་ནམ་མཁའ་རྒྱལ་མཚན་དྲུང་དུ་སྐྲ་ཕུད་འབུལ་པས་མིང་ནམ་མཁའ་རྡོ་རྗེར་བཏགས། བཀའ་བརྒྱུད་པའི་གདམས་ཁྲིད་ཀྱི་དམིགས་པ་རྣམས་བསྐྱངས། དེ་ནས་རིག་འཛིན་པདྨ་གླིང་པའི་ཞབས་ལ་བཏུག་(སྟོད་ཆ།༧༣༨)ཅིང་ཐོས་བསམ་གྱི་སྒྲོ་འདོགས་བཅད། གདམས་ཁྲིད་ཀྱིས་ཐུགས་བརྒྱུད་སྨིན་པར་མཛད་ནས་སྤྲུལ་པའི་གཏེར་སྟོན་དུ་ལུང་བསྟན་གནང་བ་ཐོབ། དེ་ནས་དགུང་ལོ་ཉེར་གཅིག་ལོན་པའི་ཚེ། ཨེ་ཀ་ཛཱ་ཊིས་ལུང་བསྟན་པ་བཞིན། དོམ་ཚང་རོང་ལ་བྱོན། དེར་ཉལ་བའི་ཐོ་རངཤ་བུ་མོ་གཅིག་བྱུང་ནས། མཚོ་རྒྱལ་ཕུག་པར་ཤོག་ཟེར་བ་རྨིས་ནམ་ལངས་པ་དང་དེ་ན་བླ་མ་ཁམས་པ་བསམ་གཏན་ལ་བཞུགས་ཡོད་པ་ལ། བདག་མཚོ་རྒྱལ་ཕུག་པར་སྐྱོལ་དང་གསུངས་པས། དཔའ་བོ་མཁའ་འགྲོ་འདི་རྣམས་འཚུབ་ཆེ། ཡང་ན་དངོས་གྲུབ་འབྱུང་། ཡང་ན་བར་ཆད་འབྱུང་ཉེན་ཆེ། འོན་ཀྱང་ཐུགས་རྗེས་གཟིགས་འཚལ་ཟེར་བས་བླ་བྲང་ནང་དུ་ཐེགས། དེ་ནས་མཚོ་རྒྱལ་ཕུག་པར་ཚོགས་མཆོད་བཤམས། རྟ་མགྲིན་དབང་གི་བསྙེན་སྒྲུབ་ཀྱི་གཞུང་བསྲངས་ནས་ཚོགས་མཆོད་ཕུལ་རྗེས། ཐོལ་བྱུང་གི་ཉམས་ལ་གུ་རུ་པདྨ་དྲན་པའི་གདུང་ཤུག་དྲག་པོས་གསོལ་བ་བཏབ་པས་ཐང་ཆཛ་ནས་གཉིད་དུ་འགྲོ་ལ་ཁད་ཀྱིས་ཉམས་སྣང་དུ་བུད་མེད་རུས་པའི་རྒྱན་ལྡན་དར་ལྔའི་ཅོད་པཎ་འཕུར་བ། གར་སྟབས་བསྒྱུར་ཞིང་དྲིལ་བུ་འཁྲོལ་བ་ཞིག་མདུན་དུ་བྱུང་ནས། ཊཱ་དྲིལ་སྤྱིའི་བོར་བཞག །སྙན་པའི་གླུ་དབྱངས་བླངས་ཤིང་ཤོག་དྲིལ་ཞིག་གཏད་ནས་མི་སྣང་བར་གྱུར། དེ་ནས་ཤོག་དྲིལ་ཞལ་ཕྱེས་པས། ཨེ་མ་ཧོ༔ ཀུན་ཏུ་བཟང་པོའི་དགོངས་པའི་གསང་མཛོད་ནས༔ རྒྱལ་བ་རིགས་ལྔའི་ཐུགས་རྗེའི་རང་འོད་འབར༔ བཀའ་བསྒོ་དམ་བཞག་གསང་རྒྱ་ས་མ་ཡཱ༔ ཞེས་སོགས་འདུག་པ། དེ་ནས་ཟླ་བ་ཕུག་ཏུ་ཕྱིན། ཚོགས་གཏེར་གྱིས་གཏེར་བསྲུང་མཆོད་ནས། བཀའ་སྒོ་དམ་བརྡར་མཛད་(སྟོད་ཆ།༧༣༩)དུས་ཁམས་པ་བླ་མ་བྱུང་ནས། དཔོན་ཅི་བྱེད་ཀྱིན་ཡོད་ཟེར་བ་ན་རྫུན་ཞིག་སྨྲ་དགོས་དགོངས་པ་ན་གློ་བུར་དུ་མུན་པ་འཐིབ་ཅིང་། འབྲུག་སྒྲ་དྲག་པོ་སྒྲོགས་པ་དང་རླུང་འཚུབ་ཆེན་པོ་གཡོས་ཤིག་གློག་དམར་འཁྱུག་པ་དང་། ནམ་མཁའི་དབྱིངས་ནས་བཛྲ་གུ་རུ་དང་ཧ་རི་ན་སའི་སྒྲེ་དབྱངས་སྒྲོགས་པ་བྱུང་། དེ་དུས་ཨོ་རྒྱན་ཆེན་པོར་གསོལ་བ་དྲག་ཏུ་བཏབ་པས་ཆོ་འཕྲུལ་ཐམས་ཅད་སྐད་ཅིག་ལ་ནི། ཁ་བྱང་བཞིན་དུ་གཏེར་མཚན་བཙལ་བས་རྙེད་ནས་གཅེར་བུར་བྲག་གསེང་ལ་བྱོན་ཏེ་ཟབ་གཏེར་གདན་དྲངས་ཁམས་པ་བླ་མས་གཏེར་སྒོའི་འགག་ནས་དར་དཀར་གྱི་ཁུད་དུ་བླངས་པས་བསུས་ཤིང་ཞབས་སྤྱི་བོར་བླངས་ནས་ཞབས་དབང་ཞུས། དེ་དགོང་གཏེར་སྟོན་གཅིག་དང་མཇལ་ནས་བསམ་པ་སྐོམ་པ་ཆུ་ལ་དུང་བ་ལྟར་བྱུང་བས། ང་མི་རྒན་བསམ་པ་རྫོགས་པ་ཡིན་ཟེར། དེ་ནས་སྟག་ཚང་སྤ་གྲོའི་ཟབ་གཏེར་རྣམས་འདོན་པའི་དུས་ལ་བབས་པས། མེ་གློག་གི་ཡུལ་ནས་ཡིན་ཟེར་བའི་བུ་མོ་ཞིག་གིས་ང་ཡང་དེར་འགྲོ་བ་ཡིན་པས་མཉམ་དུ་འགྲོ་ཟེར་བ་ལྟར་བུ་མོ་དེ་དང་འགྲོགས་ནས་བྱོན། བལ་ཡུལ་གླང་བྲག་གི་སྒྲུབ་གནས་ན་གུ་རུའི་ཚེས་བཅུ་བྱེད་པ་དང་འགྲིག་པས། ཚོགས་མཆོད་ཚར་རྗེས་མི་རྣམས་གྱིས་སོང་བས་བུ་མོ་དེས་ད་ལམ་གནས་འབྲེལ་བྱེད་པའི་དུས་ལ་བབས་གདའ་བས། གནད་བྱང་རྣམས་ནི་ངས་བྱས་པས་ཆོག་ཁྱེད་རང་གི་ཕྱག་ན་ཡོད་པའི་ཤོག་དྲིལ་དེ་ཁྱེར་ལ་ང་དང་མཉམ་དུ་འགྲོ་ཟེར། བྲག་ཕུག་ཅིག་གི་སྒོ་དྲུང་དུ་སླེབས་དང་ཤོག་སེར་ཞལ་ཕྱེས་ཏེ་ཁྱེད་རང་གཟིགས་གསུངས། བལྟས་པ་ཙམ་གྱིས་གནས་རྣམས་ཤེས་པར་བྱུང་བས། བུ་མོ་དེ་སྒྲོན་མེ་ཁྱེར་ནས་ཕུག་པའི་ནང་དུ་སོང་ནས་འདིར་བྱོན་(སྟོད་ཆ།༧༤༠)གསུངས། བྲག་ལ་རྡོ་ཆོལ་ཁྲོ་ཆུས་སྦྱར་བ་ཞིག་འདུག་པ། འདིའི་ནང་ན་ཁྱེད་རང་ལ་དབང་བའི་དགོས་འདོད་ཚང་བའི་ཆོས་སྐོར་རྣམས་ཡོད་པས་ཐོན་གསུངས། ཁྲོ་ཆུ་བཞུ་བ་ལ་སོལ་མེ་དགོས་དགོངས་པས་བུ་མོས་རྡོ་ཆོལ་བཅག་ནས་ད་ལྟ་ཐོན་ཟེར། དེའི་ནང་ན་དྲི་བཟང་དང་སྨན་སྤོས་ཀྱི་ཕྱེ་མའི་དཀྱིལ་ནས་སེང་ལྡེང་གི་སྒྲོམ་ཞིག་འདུག་པ་བཏོན་ནས། གཏེར་སྒོ་སྔར་བཞིན་བསྒྲིགས་ནས་བཞག གཏེར་སྒྲུབ་བྱས་ནས་གཏེར་སྒྲོམ་ཞལ་ཕྱེ་བས་དོན་གསལ་སྒྲོན་མེའི་ཆོས་སྐོར་རྣམས་བྱུང་ངོ་། །དེ་ནས་མཁར་ཆུ་ལྕགས་ཕུར་ཅན་ནས། དུག་སྦྲུལ་གྱི་པགས་པས་སྒྲིལ་བའི་སྒྲོམ་བུ་ཞིག་བཏོན་པས། དེའི་ནང་ན་བཻ་རོའི་ཕྱག་མཚན་རྡོ་རྗེ་ཕུར་པ་སོགས་བྱོན་ནོ། གཞན་ཡང་སྤ་གྲོ་སྟག་ཚང་། དཔལ་གྱི་ཕུག་རིང་། ལྷོ་སྐྱེར་ཆུའི་ལྷ་ཁང་། མུ་སེ་མཁའ་འགྲོ་གསང་ཕུག །ཡང་རྫོང་། དཔལ་ཕུག་ཉི་ཟླ་དམར་པོའི་གསང་མཛོད། མཁའ་འགྲོ་ཁག་གི་བྱ་སྐྱིབ་སོགས་ནས་ཟབ་ཆོས་ཀུན་བཟང་ཐུགས་ཐིག་དང་། བཀའ་བརྒྱད་ཡང་གསང་བླ་མེད། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས། དམ་རྫས་སྐྱེ་བདུན། བདུད་རྩི་ཨ་མྲྀ་ཏའི་ཕོ་བྲང་། དུང་ཆོས་འཛམ་གླིང་གཡས་བཞག་ཨ་མྲྀ་ཏ་སོགས་སྤྱན་དྲངས། དགུང་ལོ་སོ་བརྒྱད་བཞེད་དུས་དགེ་རི་བྲག་དང་། མཆོད་རྟེན་གསུམ་སྒྲིལ། མཚོ་རྒྱལ་ཕུག་སོགས་དང་། གཏེར་སྟོན་དགུང་ལོ་སོ་དགུ་དང་ཞེ་གཅིག་བཞེས་དུས། བསམ་ཡས་འཆིམ་ཕུ་དང་མཆོད་རྟེན་དཀར་པོ། ཤམ་པོ་གངས་ཁྲ་མོ་བྲག་སོགས་ནས་དམ་རྫས་སྐུ་ཚབ་ཆོས་དང་དྲག་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སྒྲུབ་གནས་རྣམས་སུ་བླ་རྫོགས་ཐུགས་གསུམ་སྒྲུབ་པ་བཀའ་བརྒྱད། རྡོ་རྗེ་ཕུར་པ་(སྟོད་ཆ།༧༤༡)ལ་སོགས་པའི་སྒྲུབ་སྐོར་བདུད་རྩི་སྨན་སྒྲུབ་དང་འབྲེལ་བ་སྐྱེ་བདུན་གཏོར་སྒྲུབ་ལ་སོགས་པས་འགྲོ་དོན་རྒྱ་ཆེར་མཛད། དགུང་ལོ་ཡང་ཚད་དུ་བཞུགས་དབོན་པོ་ལྷའི་ཟླ་བ་ཞེས་པ་ཅིག་བྱུང་ཏེ། དེ་ཡང་མཁྱེན་རྟོགས་ཕུལ་དུ་བྱུང་བ་གསང་སྒགས་རྙིང་མའི་རིང་ལུགས་མཐའ་དག་ལ་མཁས་པ་ཅིག་བྱོན། དེས་ཀྱང་རིགས་འཛིན་ཆེན་པོ་ཉིད་ཀྱི་གཏེར་ཆོས་མཐའ་དག་ལ་སྤྱོད་ཅིང་འགྲོ་དོན་དཔག་ཏུ་མེད་པ་མཛད། རྗེས་སུ་ཡང་སྐུའི་སྐྱེ་བ་འགའ་ཞིག་བྱོན་པར་གྲགས། གདུང་བརྒྱུད་རྣམས་ད་ལྟའི་བར་འགྲོ་དོན་ཆེ་ཞིང་། ཆོས་རྒྱུད་དང་གདུང་བརྒྱུད་ཐམས་ཅད་དར་རྒྱས་ཆེ་བར་བྱུང་ངོ་། ཤེལ་དཀར་བཟའ་མགོན་སྐྱིད་ཀྱི་སྐྱེ་བ་རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་ནི། རིག་འཛིན་ཡོངས་འདུས་ལས། དེ་ལ་འདུད་བྱེད་སྤྲུལ་པའི་གཏེར་སྟོན་བཞིས༔ ངའི་ཟབ་ཆོས་དམ་པ་གཏེར་ནས་འདོན༔ ཞེས་གསུངས་པའི་གཏེར་སྟོན་བཞིའི་ཡ་གྱལ་གཅིག་མི་འགྱུར་ལས་འཕྲོ་གླིང་པ་འདི་ཡིན་ཏེ། དབུར་སྟོད་རྒྱ་མ་ཞེས་པར་འཁྲུངས། འབྲི་གུང་རིན་ཆེན་ཕུན་ཚོགས་དང་བླ་སློབ་ཏུ་གྱུར། གཏེར་སྟོན་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས་ཀྱི་ཆོས་བདག་ཡིན། གཏེར་སྟོན་འདིས་མི་འགྱུར་ཆོས་འབྱུང་བྲག་ནས་ཟབ་ཆོས་འདུས་པ་སྐོར་བཞི་གཏེར་རྫས་བཅས་དང་བཟའ་བསྲུང་ཟབ་མོ་ཡུལ་འཁོར་ཀུན་ཐུབ་སོགས་སྤྱན་དྲངས་ནས། ཆོས་བདག་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་དང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་སོགས་ལ་གནང་། དེ་ནས་སྣང་གསལ་བ་ཀུན་དགའ་ཚེ་ཆོག་དང་། ངག་དབང་ཡེ་ཤེས་གྲུབ་(སྟོད་ཆ།༧༤༢)པ་སོགས་ལས་རྒྱ་ཆེན་འཕེལ་བར་གྱུར་ཏོ། །གཏེར་སྟོན་འདིའི་ལོ་རྒྱུས་ཞིབ་རྒྱས་མ་བརྙེད། གར་དབང་ལས་འཕྲོ་གླིང་བ་ནི། ཨེ་ཡུལ་དྲུག་གི་ལུང་པའི་ལྗོངས། གོང་པོ་ནང་གི་སྤེལ་ལྕོག་ཅེས་བྱ་བར་རིག་འཛིན་རརྣ་གླིང་པའི་དབོན་བརྒྱུད་དུ་སྐུ་འཁྲུངས། སྐུ་རུས་ཁེར་ཡིན་དགུང་ལོ་དྲུག་གི་སྟེང་རབ་ཏུ་བྱུང་། སྤྱོད་པ་ཡ་མཚན་ཆེ་བ་མང་དུ་མཛད། དགུང་ལོ་བཅུ་བདུན་བཞེས་པའི་དུས་ཡར་ལུང་ཤེལ་གྱི་བྲག་པདྨ་བརྩེགས་པ་ནས། ཐུགས་རྗེ་ཆེན་པོ་འཁོར་བ་ལས་གྲོལ་ཐུགས་དམ་ཟབ་པ་སྐོར་བདུན་ཡི་དམ་ཕག་མ་དཀར་མོ། བཀའ་བརྒྱད་རྫོང་འཕྲང་། ཚེ་དཔག་མེད། མགོན་པོ་ཕྱག་བཞི་པ། བྲམ་ཟེ་དུང་སྣ་ཅན་གྱི་དབུ་ཐོད། མཁའ་འགྲོ་མ་བདེ་བ་སྐྱིད་ཀྱི་དབུ་ཐོད། ཨོ་རྒྱན་རིན་པོ་ཆེའི་བར་གྱི་དུམ་བུ་དང་ཕྱག་མཁར་རྡོ་རྗེ་ཕུར་པ་སྐྱེ་བདུན་ཧྲཱིཿདམ་པ། ཚེ་རིང་ཎི་དམ་མ། ཀ་དམ་མ་སོགས་དཔ་གཏུ་མེད་པ་གཏེར་ནས་སྤྱན་དྲངས། པདྨ་བརྩེགས་པའི་བྲག་ལ་དུས་ཕྱིས་སུས་ཡང་མ་ཐར་བ་ལ་གཏེར་སྟོན་འདི་རྫུ་འཕྲུལ་གྱིས་མཁའ་ལ་བྱ་འཕུར་བ་ལྟར་གཤེགས་པས་དེར་ཡོད་ཐམས་ཅད་ངོ་མཚར་བསམ་གྱིས་མི་ཁྱབ་པའི་ས་ལ་བཀོད། འོ་དེ་གུང་རྒྱལ་མགུལ་ནས་ཀྱང་ཚེ་སྒྲུབ་སྲོག་འཛིན་འདུས་པ། ཚེ་སྒྲུབ་རྡོ་རྗེ་མདུད། ཁྲོས་མ་ནག་མོ། མགོན་པོ་མ་ནིང་། མགོན་པོ་སྟག་ཞོན། ཞིང་སྐྱོང་ཡབ་ཡུམ་སོགས་རྣམས་དང་། གཞན་ཡང་ཨོ་རྒྱན་གླིང་པའི་གཏེར་ཞབས་ཀྱི་བཟོ་པ་ཊ་མན་ངག་རྡོ་འདུལ། རུས་འདུལ། མེ་སྒྱོགས། ཆུ་སྒྱོགས། མེ་ཡིག། ཆུ་ཡིག།(སྟོད་ཆ།༧༤༣) འཕྲུལ་བཟོ་ལ་སོགས་པ་དཔག་ཏུ་མེད་པ་གཏེར་ནས་བཏོན། གསང་སྔགས་བཀའ་གཏེར་གྱི་གདམས་པ་མཐའ་ཡས་ལ་གསན་བསམ་མཐར་ཕྱིན་པར་མཛད། གྲུབ་པའི་རྟགས་མང་པོ་མངོན་སྣང་དུ་སྟོན་ནུས་པ་དང་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར། འཕྱིང་ང་སྟག་རྩེའི་སྡེ་བ་སོགས་གྱིས་དབུའི་མཆོད་གནས་སུ་བསྐུར། གཞན་ཡང་དབུས་དང་། ཡར་འབྲོག་དང་། ཨེ་དྭགས་ལ་སོགས་པ་ཀུན་ཏུ་འགྲོ་དོན་རྒྱ་ཆེར་བསྐྱངས། རིག་འཛིན་ཆེན་པོ་ཞིག་པོ་གླིང་པས། ཁྱུང་ཚང་བྲག་གི་པདྨ་བཅུད་ཕུག་ནས་གཏེར་བཞེས་པའི་ཁ་བྱང་ལྡེ་མིག་ཀྱང་གཏེར་སྟོན་འདིས་ཕུལ་བར་གྲགས། སྐུ་ཚེ་མཐར་ཕྱིན་པར་བཞུགས་ཤིང་གདུང་བརྒྱུད་རྣམས་རིམ་པ་བཞིན་དུ་བྱོན་པ་ད་ལྟའི་བར་དུ་བཞུགས་ཏེ། སྒྲུབ་སྡེ་དང་ཆོས་བརྒྱུད་སོགས་མ་ཉམས་པར་ཨེ་གོང་པོ་སྤེལ་ལྕོག་ན་ཡོད། གཞན་ཡང་སོག་ཟློག་པས་འཕྲོ་གླིང་པ། ལྷོ་བྲག་ཤར་དུ་ལྷའི་ཟླ་བ་ཞེས་པ་ཞིག་ཀྱང་བྱུང་བར་གྲགས་གསུངས་པ་ནི་མངའ་རིས་པཎ་ཆེན་ལ་དྲི་བ་མང་པོ་ཞུ་མི་དེ་ཡིན་པ་འདྲ་སྟེ། དྲིས་ལན་གྱི་མཇུག་ཏུ། ཅེས་པ་འདི་ནི་ཨུ་རྒྱན་པདྨ་ཡི༔ རྗེས་འབྲང་རིག་འཛིན་ལས་འཕྲོ་གླིང་པ་ཞེས། གང་དེས་བྲིས་པའི་ལན་དུ་མངའ་རིས་པ། ཞེས་གསུངས་པར་སྣང་མོད། འོན་ཀྱང་གཉལ་ལོའི་ལས་འཕྲོ་གླིང་པའི་དབོན་ལྷའི་ཟླ་བ་དང་འཁྲུལ་གཞི་བྱུང་བ་ཡིན་ན་སྙམ་མོ། གཏེར་སྟོན་དྲི་མེད་རྣམ་གསུམ་དུ་གྲགས་པའི་དྲི་མེད་འོད་ཟེར་ནི་གོང་གི་ཐང་ཡིག་སྐབས་སུ་སོང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བ་གཏེར་སྟོན་རིག་འཛིན་ཆེན་པོ་དྲི་མེད་ཀུན་དགའ་ནི། གྲྭ་ཕྱི་མའི་མདའ་(སྟོད་ཆ།༧༤༤)ཁང་དམར་ཞེས་བྱ་བར་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་འཛོ་མ་པ་ཞེས་བྱ་བའི་སྲས་སུ་མེ་མོ་ཕག་གི་ལོ་ཚེས་བཅུ་ལ་སྐུ་འཁྲུངས། དེ་ཡང་སྔགས་རིགས་བཟང་པོ་རིགས་བརྒྱུད་ཁྱད་པར་ཅན་ཞིག་ཡིན་ཞིང་། གཏེར་སྟོན་དབུ་ལ་གཙུག་གཏོར་མཐེབ་གང་གི་རྣམ་པར་མཛེས་པ་དང་། དཔྲལ་བའི་མཛོད་སྤུ་ལ་དུང་གཡས་འཁྱིལ་གྱི་རི་མོ་ཡོད་པ་སོགས་མཚན་དང་དཔེ་བྱད་དུ་མས་མཛེས་པ་དང་། གནས་ལྔར་ཡི་གེའི་མཚན་པ་སོགས་བྱུང་། སྐུ་ཆུང་ངུའི་དུས་རོལ་རྩེད་མཛད་དུས་ནའང་དབང་བསྐུར་བ་དང་། ཆོས་འཆད་པ་དང་། ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ། དེ་སྐབས་སུ་བེ་དཀར་གྱི་ཆོ་འཕྲུལ་དང་བར་ཆད་བྱུང་བའི་དུས་སུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པར་བར་ཆད་མངོན་སུམ་དུ་འདུལ་བར་མཛད་པ་སོགས་བྱུང་། དེ་ནས་གྲྭ་ཕྱི་ཆུ་བཟང་དུ་བྱོན་ཏེ། དམ་པའི་ཆོས་འདུལ་བ་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་གཅིག་གི་སྟེང་དུ་མཉམ་མེད་ཆུ་བཟང་པ་ཆེན་པོའི་དྲུང་དུ་ཐོག་མར་དགེ་ཚུལ་གྱི་བསླབ་པ་དང་། དེ་ནས་དགེ་སློང་གི་བསླབ་པ་བཞེས་ནས་བསྙེན་པར་རྫོགས་པ་མཛད། མཚན་ཤེས་རབ་རྒྱལ་མཚན་ཞེས་བྱ་བར་བཏགས། དེ་ནས་བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད་པས། དབང་དང་གདམས་པ་ཐམས་ཅད་ཨོ་རྒྱན་དངོས་ཀྱིས་གནང་བ་བྱུང་། ཉམས་རྟོགས་རིག་པའི་རྩལ་ཁ་བྱེ་ཏེ་རྟོགས་པ་ཚད་མེད་པ་འཁྲུངས། ཁྱད་པར་དུ་དགུང་ལོ་ཉི་ཤུ་རྩ་དྲུག་གི་སྟེང་དུ་མཆིམས་ཕུ་བློན་པོ་མགུལ་གྱི་རྩེ་མོར་ཨོ་རྒྱན་རིན་པོ་ཆེ་དང་ཞལ་མཇལ་ཞིང་ལུང་བསྟན་པ་ལྟར། ཡེ་ཤེས་མཚོ་(སྟོད་ཆ།༧༤༥)རྒྱལ་གྱི་མཆིམས་ཕུ་བྲག་སྣ་ནས་གཏེར་བཞེས་རྒྱུའི་ཁ་བྱང་དངོས་སུ་གཏད། དེའི་ཕྱི་ལོར་བྲག་སྣ་སེང་གེའི་གདོང་པ་ཅན་ནས་བླ་མ་ནོར་བུ་ལམ་ཁྱེར་དང་། རྫོགས་ཆེན་མཁའ་འགྲོ་ཡང་ཏིག །ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་ལ་སོགས་བླ་རྫོགས་ཐུགས་གསུམ་དང་། གཞན་ཡང་བཀའ་བརྒྱད་གཙུག་རྒྱན་ནོར་བུ། ཚེ་སྒྲུབ་རྟ་མཆོག་རོལ་པ། མཁའ་འགྲོ་ཆེན་མོ་མགོན་པོ་འབར་ཆུང་ལ་སོགས་པའི་གཏེར་ཆོས་ཁྱད་པར་ཅན་མང་པོ་སྤྱན་དྲངས་ཏེ། གཞན་ཡང་ནོར་བུ་སྟག་ཤ་དེ་བ་དང་། མཚོ་རྒྱལ་འགུལ་གཡུ་སོགས་གཏེར་རྫས་ཀྱང་མང་དུ་གདན་དྲངས། བསམ་ཡས་མཆིམས་ཕུ་ཨོ་རྒྱན་གསང་ཕུག་ཏུ་ལྷ་སོ་སོའི་སྒྲུབ་པ་མཛད་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་མཇལ། བླ་རྫོགས་ཐུགས་གསུམ་གྱི་སྒོ་ནས། དབུས་གཙང་ལྷོ་མོན་ལ་སོགས་པར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། དེ་ནས་ཤར་ཕྱོགས་ཀོང་པོའི་ཡུལ་དུ་བྱོན་ཏེ། རྒྱལ་ཁམས་ཐམས་ཅད་ལ་ཆོས་ཀྱི་ཆར་ཆེན་པོ་ལ་ཕབ། ཁྱད་པར་ཨ་ཏི་བླ་མེད་ཀྱི་ཆོས་ཀྱིས་འགྲོ་རྣམས་སྨིན་གྲོལ་གྱི་ས་ལ་བཀོད། ཁྱད་པར་དུ་འགྲོ་བ་རྣམས་ལ་ཕན་པར་དགོངས་ཏེ། ལྷུན་བྲག་དགོན་པ་ཅེས་བྱ་བའི་སྔགས་འཆང་གི་སྡེ་བཏབ། དེའི་སྔགས་སྡེ་རྣམས་སྐྲ་གཙུག་ཕུད་དུ་བཅིང་པའང་གཏེར་སྟོན་ཉིད་ཀྱི་དབུའི་གཙུག་ཏོར་མཐེབ་གང་འབུར་དུ་དོད་ནས་ཡོད་པས་དབུ་སྐྲ་རྣམས་གཙུག་ཏོར་གྱི་ཚུལ་དུ་དཀྲིས་པ་བཞིན། གཞན་རྣམས་ཀྱང་དེའི་ལུགས་བཞིན་དཀྲིས་པ་ཡིན་ཟེར། གཡག་སྡེའི་ཆོས་འབྱུང་དུ་གཏེར་སྟོན་འདི་སྐུ་འཁྲུངས་ཚུལ་སྐོར་ལ་གཏམ་རྒྱུད་ངོ་མཚར་ཅན་འགའ་ཞིག་སྣང་ཡང་འདིར་མ་བྲིས། དེ་ནས་གཏེར་སྟོན་ཉིད་ཞིང་(སྟོད་ཆ།༧༤༦)ཁམས་གཤེགས་རྗེས་དེ་ཉིད་ཀྱི་གདན་སའི་ཚུལ་དུ་མཚན་ལྡན་གཞོན་ནུ་སངས་རྒྱས་ཞེས་བྱ་བ་ཐོག་མར་འབྲི་གུང་པའི་ཞལ་སློབ་ཡིན་པ་ལ། རྗེས་སུ་གཏེར་སྟོན་ཆེན་པོའི་ཞལ་སློབ་དུ་གྱུར་པ་དེ་ཉིད་དྭགས་པོ་མཚོ་མེར་སྟེང་དུ་སྒྲུབ་པ་ལ་བཞུགས་པའི་དུས་ཡེ་ཤེས་ཀྱི་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ལུང་བསྟན་བྱུང་སྟེ། དབུའི་གཙུག་ཕུད་གཙུག་ཕུད་ཏོར་གྱི་ཚུལ་དུ་ཀྲིས་པ་འདི་བཞིན་ལ། སྐུའི་ཆ་ལུགས་དཀར་ཆས་སུ་བསྒྱུར་གསུངས་པའི་ལུང་བསྟན་བྱུང་བ། དྭགས་ཀོང་སོགས་ལ་དཀར་ཆས་ཀྱི་སྲོལ་བཞིན་མེད་པ་དང་། ལུང་བསྟན་རྣལ་མ་ཞིག་མིན་པའང་སྲིད་སྙམ་ནས་བཏང་སྙོམས་སུ་བཞག །དེ་ནས་བླ་མའི་སྒྲུབ་པ་ལ་བཞུགས་ནས་ཟླ་བ་གསུམ་སོང་བའི་ཉེར་ལྔའི་དགོང་མོ་སྔར་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་སེས་ཀྱི་ལུང་བསྟན་སྔར་བཞིན་བྱུང་། དཀར་ཆས་སུ་བསྒྱུར་གསུངས་ཀྱང་མ་བསྒྱུར། དེ་ནས་སླར་ཡང་དུས་ལན་གཅིག་གི་ཚེ་མཁའ་འགྲོས་ལུང་བསྟན་སྔར་བཞིན་དཀར་ཆས་སུ་བསྒྱུར་ཞིག་གསུངས་པ་བྱུང་བས་ཟླ་གམ་དཀར་པོ་ཅིག་བཞེས་ནས་ཚེས་བཅུའི་མཆོད་པ་ལ་ཕེབས་པས་ཡེ་ཤེས་མཁའ་འགྲོས་ཞལ་མངོན་སུམ་དུ་བསྟན་ནས། ཁྱེད་ལ་ངས་ལུང་བསྟན་སྔ་མ་བྱས་པ་དེ་ལ་ལུས་རྟེན་བསྒྱུར་ན་བོད་གངས་ཅན་གྱི་ལྗོངས་འདི་སྔགས་ཆུང་དཀར་པོ་བས་རྒྱལ་ཁམས་ཐམས་ཅད་ཁྱབ་པ་གཅིག་ཡོད་དེ་མ་སྒྱུར་བས་ལན། བར་པ་དེ་ལ་བསྒྱུར་ན་རྟ་གྲོའི་སྤུ་ཙམ་ཞིག་ཡོང་སྟེ་མ་བསྒྱུར། ད་ལམ་རྗེས་མ་དེ་ལ་བསྒྱུར་བས་གངས་ཏི་སེ་ནས་ཀོང་པོ་རྒྱ་ལ་ཡན་ལ་རྟའི་ཟེ་བ་ཙམ་ཞིག་ཡོད་དོ་གསུངས་པའི་ལུང་བསྟན་བྱུང་། དེའི་དུས་སུ་ཡེ་ཤེས་ཀྱི་མཁའ་འགྲོས་ཕྲིན་ལས་བསྒྲུབས།(སྟོད་ཆ།༧༤༧) ཕྱོགས་ཀྱི་སྦྱིན་བདག་ཐམས་ཅད་འདུས། ཚོགས་ཀྱི་འཁོར་ལོ་དང་མཆོད་པའི་སྤྲིན་ཕུང་ཆར་དུ་བབས། བདུད་རྩི་མཚོ་ལྟར་དུ་མེར་བས་དྭགས་པོ་མཚོ་མེར་སྟེང་དུ་གྲགས། གོང་གི་གཏེར་སྟོན་གྱིས་བཏབ་པའི་དགོན་པ་ལ་ཆ་ལུགས་དེ་བཞིན་བསྒྱུར་བས། ལྷུན་གྲགས་དཀར་པོ་བར་གྲགས་ཏེ་འགྲོ་དོན་ཤིན་ཏུ་ཆེ་ཞིང་། འདི་ནས་བཟུང་དཀར་པོ་བར་གྲགས་པ་འདི་བྱུང་བ་ཡིན། མཚན་ལྡན་གཞོན་ནུ་སངས་རྒྱས་ནས། མཚུངས་མེད་གཞོན་ནུ་བསམ་འགྲུབ། འཇམ་དབྱངས་གཞོན་ནུ་དོན་གྲུབ། མཁས་གྲུབ་ཀློང་ཆེན་པ། འཇམ་དབྱངས་གཞོན་ནུ་དོན་གྲུབ། མཁས་གྲུབ་ཀློག་ཆེན་པ། ཐུགས་སྲས་དཀར་པོ་ཀུན་དགའ་གྲགས་པ་སོགས་སློབ་བརྒྱུད་རིགས་གཅིག་དང་། མཚོ་མེར་སྟེང་པ་ནས་བརྒྱུད་པ་ལུགས་གཅིག་ལ་གདན་ས་མ་བུ་བརྒྱད་དུ་གྱེས་ཏེ་གླིང་མཐའ་བ་དང་། ས་དཀར་བ་དང་། འགོར་བ་དང་། ན་སྤུངས་པ་དང་། རི་བོ་ཏ་ལ་པ་དང་། སྲིན་སྦུག་པ་དང་། དེ་དག་ཐམས་ཅད་མཚོ་མེར་སྟེང་པ་ལས་གྱེས་པའོ། སྐུའི་རིགས་བརྒྱུད་ནི་དབུས་ན་ཐར་ཐོར་ཡོད་པ་རྣམས་སྔགས་རིགས་ཙམ་ལས་གྲགས་ཆེ་བ་མ་བྱུང་ཞིང་། ཀོང་པོ་ན་ཡོད་པ་རྣམས་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་འཁྲིད་རྒྱུན་སྤེལ་བ་སོགས་འགྲོ་དོན་དང་ཕྲིན་ལས་ཆེ་བར་བྱུང་སྣང་ངོ་། ཨ་ཙ་ར་ས་ལེའི་སྐྱེ་བ་གཏེར་སྟོན་སྤྲུལ་པའི་སྐུ་དྲི་མེད་ལྷུན་པོ་ནི། འཁྲུངས་པའི་གནས་ནི་མཁའ་སྤྱོད་རྩྭ་རིའི་བྱང་ཤར་འཆི་ཀོང་འོའར་ཤོར་བཀྲ་ཤིས་དཔལ་གྱི་འབྱོར་པ་རྒྱ་མཚོ་ལྟ་བུ་ན། ཡབ་རྡོ་རྗེ་རྣམ་པ་གསུམ་དང་། ཡུམ་པདྨ་རྣམ་པ་གསུམ་ཞེས་བྱ་བ་བཞུགས་པ་ལས། སྐུ་བསྐྱེད་པའི་ཡབ་དངོས་ནི་ཕྱག་རྡོར་ཞེས་བྱ་ལ། ཡུམ་ནི་ཉག་མོ་པདྨ་མཚོ་ཞེས་(སྟོད་ཆ།༧༤༨)བྱ་བ་གཉིས་ཀྱི་སྲས་སུ་སྐུ་བལྡམས་ཏེ། དེ་ཡང་ཆུ་ཕོ་འབྲུག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ཟླ་བ་རྒྱལ་དང་ལྡན་དུས་སུ་མགོ་མཇུག་མ་ལོག་ཅིང་། མི་གཙང་བའི་དྲི་མ་སོགས་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་ཅིང་ཡུམ་ལ་གནོད་པ་མེད་པར་བདེ་བའི་ཉམས་དང་ལྡན་ཞིང་ངོ་མཚར་བའི་ལྟས་དང་བཅས་འཁྲུངས་ཤིང་། དེ་ནས་དུས་བཅུ་གཉིས་ལ་ནམ་མཁའ་ནས་རོལ་མོའི་སྒྲ་དང་། སྤོས་དང་སྨན་གྱི་དྲིས་ལུང་པ་ཁེངས་པ་དང་། བྱ་མང་པོས་སྤྲུལ་སྐུའི་ཐད་ཀྱི་ནམ་མཁའ་ནས་སྐོར་བ་བྱེད་པ་སོགས་ངོ་མཚར་ཆེ་བའི་ལྟས་བཅུ་གཉིས་བྱུང་ཞིང་། ལ་གསུམ་བར་དུ་ལྟས་འཕྲོ་མ་ཆད་པར་གྲགས། དཔའ་བོ་ཌཀྐི་མང་པོས་མཆོད་པ་དང་། བླ་མ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་ཁྲོ་བོ་རྣམས་ཀྱི་བགེགས་བསྲུང་བ་དང་། བུ་ཆུང་ལྷའི་སྐུར་མཐོང་བ་སོགས་བྱུང་ཀྱང་ཡབ་ཡུམ་གཉིས་ཀྱིས་གཞན་རྣམས་ལ་སིན་ཏུ་གསང་བར་བྱས་སོ། དེའི་ཚེ་བླ་མ་གཡའ་བཟང་པས། བུ་འདི་འགྲོ་བ་ལ་ཕན་པའི་རྒྱལ་བའི་སྲས་ཤིག་འོང་གསུངས་ནས་མཚན་རྣམ་པར་སྣང་མཛད་འོད་ཅེས་བྱ་བར་བཏགས། དབྱར་ཟླའི་ཚེས་གཅིག་ལ་བུ་ཆུང་སྟོར་ནས་མ་རྙེད་ནས་ཡབ་ཡུམ་གཉིས་བྲེད་ཅིང་བཙལ་བ་ན། ཡུད་ཙམ་ཞིག་ནས་མལ་ས་ན་དགའ་ཡལ་ཡལ་མཛད་ནས་ཕྱག་ཏུ་ཤོག་དྲིལ་ཞིག་བསྣམས་ནས་བཞུགས་འདུག །ཡུམ་གྱི་ཤོག་དྲིལ་དེ་བསྲུང་བ་དང་ལྷན་ཅིག་མགུལ་དུ་འདོགས་པར་མཛད་པས་ཕྱིས་གཟིགས་པས་གཏེར་གྱི་ཁ་བྱང་ཡིན་པར་འདུག །དེ་སྐབས་ལྟས་དང་ཆོ་འཕྲུལ་ཆེན་པོ་བྱུང་བ་ལ་ཡབ་ཡུམ་སོགས་ཀྱིས་ཕལ་ཆེར་ལྷ་འདྲེའི་གནོད་པར་འཛིན་ནས་བཅོས་དང་རིམ་གྲོ་སོགས་མང་དུ་བགྱིས།(སྟོད་ཆ།༧༤༩) དག་དུས་སུ་ཆོས་སྐྱོང་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་པ་ཡིན་འདུག །དགུང་ལོ་གསུམ་བཞེས་ནས་སྔར་གྱི་སྐྱེ་རྒྱུད་དང་། དྲང་དོན་དེས་དོན་གྱི་ཆོས་མང་པོ་གསུངས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར། ཨོ་རྒྱན་ཡབ་ཡུམ་དང་དངོས་སུ་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས་ཤིང་ཞལ་གདམས་ལུང་བསྟན་གནང་སྟེ། ཤི་རུང་གསོན་རུང་གཞན་དོན་གྱིས། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཟུངས༔ འཇིག་རྟེན་བྱ་བ་རྒྱང་ལ་བོར༔ ཞེས་དང་། ཨོ་རྒྱན་ལུང་བསྟན་བྱུང་བའི་ཚེ། ནམ་ཕྱེད་ཡིན་ཡང་གསུང་བཞིན་སྒྲུབས༔ ཞེས་སོགས་ལུང་བསྟན་དང་དག་སྣང་མང་པོ་ཤར། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་འཆིམས་ཀྱི་གད་པ་སྐྱ་བོའི་ཕྱོགས་སུ་བྱོན་པས། ཨོ་རྒྱན་གྱི་གཏེར་གནས་མཆོད་རྟེན་བྱིན་རླབས་རང་འབབ་བྱ་བབའི། ཙ་རིའི་ཤར་སྒོའི་གནས་ནས་ཡེ་ཤེས་མཁའ་འགྲོ་བྷ་ར་ཧིའི་མིང་ཅན་ཞིག་རྫུ་འཕྲུལ་གྱི་དེར་བྱུང་སྟེ། དེ་དང་ལྷན་ཅིག་ཏུ་གཏེར་གྱི་སྒྲོམ་བུ་ཞིག་བཏོན་པར་མཛད་པའི་ནང་ནས། བསྟན་པ་ཐམས་ཅད་ཀྱི་དགོངས་པ་འདུས་པ་བསྟན་པའི་སྙིང་པོ་དང་། སངས་རྒྱས་ཀྱི་རིང་བསྲེལ། མཆོག་ཐུན་གྱི་དམ་རྫས་བཅུ་གཅིག་དང་། གཏེར་ཁ་སུམ་ཅུ་རྩ་གཅིག་གི་ཁ་བྱང་ལྡེ་མིག། ཆོས་བདག་ལུང་བསྟན་དང་བཅས་པ་བྱུང་། དེའི་ཕྱི་ལོ་ཙ་རི་མཇལ་དུ་བྱོན་པས། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་བརྟན་བཞུགས་ཕུལ་བས་སྐུ་ཚེའི་གསོས་ཐེབས། ཙ་རི་མཁན་པོ་ཆོས་ཀྱི་བློ་གྲོས་ལས་རབ་བྱུང་དང་། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་བསྙེན་རྫོགས་བ སྒྲུབས། བླ་མ་གློ་ལྡན་རྒྱལ་པོའི་དྲུང་ནས་རྫོགས་པ་ཆེན་པོ་སོགས་བཀའ་ཆོས་མང་དུ་(སྟོད་ཆ།༧༥༠)གསན། བླ་མའི་བཀས་བསྐུལ་བས་རེ་ཞིག་སྐལ་ལྡན་དགོན་པར་གདན་ས་མཛད། དེ་ནས་ཀོང་པོ་སྨད་དུ་བྱོན་ནས་གཏེར་ཕྲན་འགའ་ཞིག་གཏེར་ནས་བཞེས། ངོ་བཟང་ཐོས་གྲོལ་མཆོད་རྟེན་ནས་སངས་རྒྱས་དགོངས་འདུས་དང་ཡང་སྙིང་འདུས་པ་སོགས་སྤྱན་དྲངས། ཚལ་སྤང་རོལ་པའི་མཚོ་ནས་ཕྱག་རྡོར་སྒྲུབ་སྐོར་ཞིག་སྤྱན་དྲངས། ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཙ་རི་བདེ་ཆེན་འཁོར་ལོ་ནས། གསང་བ་འདུས་པ་དང་དངོས་གྲུབ་ཀུན་གྱི་རྩ་བ། མཁའ་འགྲོ་མཚོ་རྒྱལ་གྱི་ཚངས་སྐུད་ཉི་ཟླ་ཅན་སྤྱན་དྲངས། དེ་ནས་སྒྲུབ་པ་གཙོ་བོར་མཛད་ཅིང་རི་ཁྲོད་ལྷུན་པོ་རྩེར་བཞུགས་སོ། དེའི་དུས་སུ་སངས་རྒྱས་མང་པོ་ཞལ་གཟིགས་ཤིང་ཐམས་ཅད་ཀྱིས་ཕྱག་སྤྱི་བོར་བཞགས་ནས། ཀྱཻ་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་སུ། སྟེང་ཕྱོགས་ལྷུན་གྲུབ་ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་ལྷུན་གྲུབ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། ཞེས་པའི་ལུང་བསྟན་ཐོབ། ཡང་ཀུང་པོ་ཉི་ཟླ་ཕྲད་ནས་ཀྱང་གཏེར་ཕྲན་ཞིག་བཞེས། དགུང་ལོ་ཉེར་གཅིག་གི་དུས་མཆོད་རྟེན་རྡོ་ཡིག་ཅན་ནས། དབང་ཆེན་འདུས་པའི་རྩ་བ། ཚེ་སྒྲུབ། དམ་རྫས་སོགས་དང་། བསམ་འཕེལ་འདོད་འབྱུང་མཆོད་རྟེན་ནས། བདེ་གཤེགས་འདུས་པ་དང་། མཁའ་གྲོ་འདུས་པའི་རྩ་བ། གཞན་ཡང་དམ་རྫས། བྲམ་ཟེའི་དབུ་ཐོད། མཚོ་རྒྱལ་གྱི་སྐུ་རྒྱན། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། གསེར་གྱི་རྣ་ཆ་དུང་གི་གདུབ་བུ་སོགས་དང་ལུང་བསྟན་ཤོག་རིལ་སོགས་སྤྱན་དྲངས། ཨོ་(སྟོད་ཆ།༧༥༡)རྒྱན་གྱི་རྣམ་འཕྲུལ་སྤྲུལ་སྐུ་སངས་རྒྱས་གླིང་པ་ཕྱོགས་དེར་བྱོན་པ་དང་བཀའ་བགྲོས་ནས་བསྟན་པའི་སྤྱི་རིམ་ཆེན་པོ་མཛད། གཞང་ཡང་ལོ་རེ་བཞིན་དུ་དཔྱིད་རར་མཆོད་པ་ཆེན་པོ་དང་། དབྱར་རར་མཆོད་སྦྱིན་སྟོང་རྩ་རེ། སྟོན་ཚ་ཚ་འབུམ་ཕྲག་རེ། དགུན་རར་ཚོགས་འཁོར་བརྒྱ་རེ་སོགས་རྒྱུན་པར་ཆགས་མེད་མཛད། སླར་ཡང་ཀོང སྨད་ཀྱི་ཕྱོགས་ལ་ཕེབས། བདུད་སྤྲུལ་ཞིག་གིས་ཐོ་མཚམས་པ་ལུང་རིགས་དང་རྫུ་འཕྲུལ་གྱིས་བཏུལ། ཤར་ཕྱོགས་རི་བོ་ཆེ་ཞེས་བྱ་བ་དང་། ནུབ་ཕྱོགས་དུང ་ཞེས་བྱ་བའི་གནས་ཟབ་གཏེར་འགའ་ཞིག་སྤྱན་དྲངས། ཀོང་པོ་བུ་ཆུ་ནས་ཀྱང་དྲེགས་པའི་རླུང་འཁོར་རླུང་དམར་མ་དང་། རྒྱལ་པོའི་བླ་དཔེ་མཁན་སློབ་ཚོས་གསུམ་ཤངས་ཚལ་གྱི་བྲིས་པའི་རྒྱལ་པ་འབུམ་གྱི་གླེགས་བམ་ཚང་བ་འབུམ་དམར་མར་གྲགས་པ་སྤྱན་དྲངས། ཤར་ཕྱོགས་བྲག་་ཕུག་ཚད་པ་ཅན་བྱ་བ་ནས་ཟབ་དོན་གཅིག་ཤེས་ཀུན་གྲོལ། རྒྱ་ལ་གཤིན་རྗེའི་དངོ་ཁ་ནས་གཏེར་བདག་གི་ཆོ་འཕྲུལ་ཟིལ་གྱིས་མནན་ཅིང་སྐུ་སྲོག་བློས་བཏང་ནས་ལྟར་མི་བཟོད་པའི་བྲག་ཡང་ཆེན་པོ་ནས་རརྣ་དྷི་རིུའ་གཏེར་སྒྲོམ་སྤྱན་དྲངས་པའི་ནང་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་། ཨོ་རྒྱན་རང་བྱུང་གི་སྐུ་ཉེར་གཅིག །གཞན་ཡང་ཆོས་དང་གཏེར་གྱི་ཁ་བྱང་མང་པོ་སྤྱན་དྲངས། གཞན་ཡང་རྫོང་ཞབས་མ་ནས་ཀྱང་ཟབ་ཏིང་དགོངས་པ་རང་གྲོལ་དང་། ལྷ་སའི་གཏེར་གྱི་ཁ་བྱང་། གསེར་གྱི་རྡོ་རྗེ་རྣམས་གདན་དྲངས། དེ་ནས་ལུང་བསྟན་ལྟར། དཔོན་སློབ་བཞིས་ལྷ་སར་ཕེབས། བཅུ་གཅིག་ཞལ་གྱི་ཕྱག་གཡོན་པའི་འོག་ནས་ཡིག་བརྒྱ་མཐོང་བ་དོན་ལྡན་དང་། ཁ་སར་པཱ་ཎིའི་སྐུ་སོགས་ཟབ་(སྟོད་ཆ།༧༥༢)གཏེར་དཔག་ཏུ་མེད་པ་སྤྱན་དྲངས། ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེ་དང་ཆོས་བདག་གི་རྟེན་འབྲེལ་བསྒྲིགས་པས་རྒྱལ་བའི་དབང་པོ་ཀརྨ་པ་རོལ་པའི་རྡོ་རྗེ་ཡང་ཐུགས་དགྱེས་པའི་རྩེར་སོན་ཅིང་རྟེན་འབྲེལ་ལེགས་པར་འགྲིགས། གཞན་ཡང་གར་བྱོན་པར་གཏེར་ཆོས་ཀྱི་འགྲོ་དོན། དད་པ་གནད་གསོ་བ་སོག་པ་སོགས་འགྲོ་དོན་བསམ་གྱིས་མི་ཁྱབ་པར་མཛད། སྐལ་ལྡན་ཆོས་ཀྱི་བདག་པོ་རྣམས་ཀྱི་གཙོས་པའི་དབུས་ཁམས་གསུམ་ནས་སྐྱེ་དགུ་དཔག་ཏུ་མེད་པ་འདུས་ཤིང་ཐམས་ཅད་སྨིན་གྲོལ་ལ་བཀོད་པར་མཛད། ཟབ་གཏེར་བརྒྱ་དང་སུམ་བཅུའི་ཁ་བྱང་ཕྱག་ཏུ་སོན་པ་ཐམས་ཅད་གཏེར་བཞེས་མ་ཐུབ་པར་གྲགས་ཤིང་། གཙོ་བོ་འདུས་པ་དགུའི་སྐོར་ནི། བླ་མ་བྱིན་རླབས་འདུས་པ། བསྟན་པ་ཡང་སྙིང་འདུས་པ། ཐུགས་རྗེ་ཆེན་པོ་དབང་ཆེན་འདུས་པ། མཁའ་འགྲོ་འདུས་པ། བསྐྱེད་རིམ་བདེ་གཤེགས་འདུས་པ། དངོས་གྲུབ་འདུས་པ། གསང་བ་འདུས་པ། སངས་རྒྱས་འདུས་པ། དགོངས་པ་འདུས་པ་སྟེ་འདུས་པ་སྐོར་དགུ་རེ་རེ་ལ་ཡང་དཀྱིལ་འཁོར་བརྒྱ་རྩ་བརྒྱད་རེ་ཡོད་པར་གྲགས་ཤིང་། གཞན་ཡང་དོན་ཏིག་འགྲོ་བ་ཀུན་གྲོལ། མཆོག་ཏིག་ཡི་ཤེས་རྣམ་གྲོལ། ཟབ་ཏིག་དགོངས་པ་རང་གྲོལ་སོགས་གཏེར་ཆོས་མཐའ་ཡས་པར་སྤྱན་དྲངས་ཤིང་འགའ་ཟིག་ཡང་གཏེར་དུའང་སྦས། ཟབ་གཏེར་དེ་དག་ཞལ་ཕྱེ་བ་དང་། གཏེར་སྒྲུབ་སོགས་ཀྱིས་མཚོན་གཞན་ཡང་དུས་ངེས་ཡོད་མེད་ཐམས་ཅད་དུ་ངོ་མཚར་བའི་ལྟས་དང་གྲུབ་པའི་རྟགས་སོགས་ནི་བརྗོད་པའི་ཡུལ་ལས་འདས་པར་སྣང་སྟེ་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དངོས་སུ་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེ་ཡབ་(སྟོད་ཆ།༧༥༣)ཡུམ་གྱིས་བྱིན་གྱིས་བརླབས་ཤིང་། ལན་གཅིག་མ་ཡིན་པར་དུས་གསུས་འབྲལ་མེད་དུ་མཇལ་ཞིང་རྗེས་སུ་བཟུང་བར་གདམས་པ་དང་ལུང་བསྟན་གནང་བ་དང་། ནམ་མཁའ་ནས་དུང་གི་སྒྲ་དང་རོལ་མོའི་སྒྲ་མང་པོ་སྒྲོགས་པ་ཀུན་གྱིས་མཐོང་ཐོས་སུ་གྱུར་པ་དང་། ཆོས་ཀྱི་དབྱངས་སྙན་པོ་དང་དྲི་བཟང་པོས་ཕྱོགས་ཐམས་ཅད་ཁྱབ་པ་དང་། དཀྱིལ་འཁོར་དབུས་ན་ཡེ་ཤེས་ཀྱི་གིང་ཀུན་གྱིས་དངོས་སུ་མཐོང་བ་དང་། ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པ་དང་མ་ཎིའི་སྒྲ་དང་དཔའ་བོས་བཤུགས་གླུ་ཀུན་གྱིས་ཐོས་པར་བྱུང་བ་དང་། ས་གཡོ་བ་དང་། ཡི་ཤེས་ཀྱི་པོ་ཉ་འབར་བའི་གདོང་ཅན་རྣམས་ཀྱིས་ཉ་བོ་དངོས་སུ་བསྒྲལ་བ་དང་། མ་ཏྲཾ་གྱིས་སྨྲེ་ངག་འདོན་པ་སོགས་ཀུན་གྱིས་མཐོང་སྣང་མཐུན་པའི་ལྟས་དང་ངོ་མཚར་བསམ་གྱིས་མི་ཁྱབ་ཅིང་གྲུབ་པའི་སྤྱོད་པ་མཐའ་ཡས་པས་འགྲོ་བ་ཐམས་ཅད་ངོ་མཚར་ཡ་མཚན་གྱི་གནས་ལ་བཀོད། གཞན་ཡང་རྩ་འདྲ་རྩ་གོང་སོགས་གནས་སྒོ་མང་པོ་ཕྱེས་ཤིང་སྐལ་ལྡན་རྣམས་དད་པའི་ས་ལ་བཀོད་པར་མཛད། གཞོན་ནུ་ནས་རིག་པའི་གནས་ལྔ་སྒ་ཚད། བཟོ་གསོ། སྙན་ངག་སོགས་བསླབ་ཤེས་ཀྱི་ཡོན་ཏན་ཀུན་ཕུལ་དུ་ཕྱིན་པ་མངའ་བ་ཞིག་སྟེ་ཡོན་ཏན་མཐའ་དག་གི་བརྗོད་པའི་ཡུལ་ལས་འདས་པ་ཉིད་དོ། གཏེར་སྟོན་འདིའི་སྐུའི་སྐྱེ་བ་ལ་དྲི་མེད་མཚན་ཅན་གཏེར་སྟོན་བཅུ་གསུམ་འབྱུང་བའི་ལུང་བསྟན་ཡོད་པར་གྲགས་ཀྱང་དྲི་མེད་རྡོ་རྗེའི་གཏེར་མ་ཟ་ཡིག་ཞིག་ལས་གཞན་མཐོང་ཐོས་མ་བྱུང་། འོན་ཀྱང་གཏེར་ལུག་ལས། སྤེལ་བའི་གནས་མཆོག་ཤར་ཕྱོགས་ཀོང་པོ་རོང་༔ ཙ་རི་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ན༔ པདྨས་བྱིན་རླབས་སྐལ་ལྡན་འདུ་བའི་(སྟོད་ཆ།༧༥༤)ས༔ ཞེས་སོགས་གསུངས་པ་བཞིན་དེང་སང་ཡང་རྩ་ནང་དུ་དགོན་པ་དང་གཏེར་སྟོན་དེ་ཉིད་ཀྱི་གསེར་གདུང་དང་། མཆོད་རྟེན་དཀར་མོ་འགུལ་ཤེས་སོགས་མ་ཉམས་པར་མཇལ་རྒྱུ་འདུག་གོ། ༥ རྒྱལ་མཆོག་ལྔ་པའི་གསན་ཡིག་ལས་བྱུག་བའི་བྱོན་དུས་སོགས་ངེས་གསལ་མ་རྙེད་བའི་གཏེར་སྟོན་རྣམས་ཀྱི་མཛད་བསྡུས། འདི་ཕྱིན་གཏེར་སྟོན་རྣམས་བྱོན་ཚུལ་ལ་སྔ་ཕྱིའི་གོ་རིམ་ཡུལ་དུས་སོགས་བསྒྲིགས་རྔོ་ཐོག་པ་ཞིག་མི་སྣང་བས་ཀུན་མཁྱེན་ལྔ་པའི་གསན་ཡིག་གི་གོ་རིམ་ལྟར་འབྲི་བར་བྱ་སྟེ། སྤྲུལ་པའི་གཏེར་སྟོན་ཆེན་པོརདོར་འབུམ་ཆོས་ཀྱི་གྲགས་པ་ནི། རང་གཏེར་ལས། ད་སོག་སུམ་བརྒྱ་ཉི་ཤུ་ནས༔ བསྐལ་པའི་ཆ་ཉམས་འབྱུང་བཞི་གཡོ༔ ལས་ཀྱི་ཆར་རྒྱུན་བབས་པའི་ཚེ༔ བོང་ཐུང་ག་ལི་རྐན་སོ་ཅན༔ འོད་དཀོར་རྨ་བྱའི་མདངས་ཅན་གྱིས༔ བློ་གསལ་རི་བོང་ལ་འདོན༔ ཞེས་མཚན་རྟགས་དང་ལྡན་པར་ལུང་དུ་བསྟན་པ་བཞིན༔ ཡུལ་མངའ་རིས་སུ་འཁྲུངས། ཡབ་ཡུམ་འབྱོར་པ་དང་ལྡན་པས། གསེར་གྱིས་རྡོ་རྗེ་གཅོད་པ་དང་། རྒྱས་པ་འབུམ་བཞེངས་པའི་དུས་སུ་བཙས་པས། མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པར་གསོལ། འོད་དཀོར་རྨ་བྱའི་མདངས་ཅན། ཞེས་དཔྲལ་བ་ན་རྨ་བྱའི་མདངས་ཀྱི་ཐིག་ལེ་ལྟ་བུའི་མཚན་མ་ཡོད་པར་གྲགས། གཏེར་སྟོན་འདི་ཨོ་རྒྱན་གྲུབ་པའི་སྙིང་པོའི་སྤྲུལ་པ་ཡིན་ཏེ། ཞེས་མཚན་རྟགས་དང་ལྡན་པར་ལུང་དུ་བསྟན་པ་བཞིན༔ ཡུལ་མངའ་རིས་སུ་འཁྲུངས། ཡབ་ཡུམ་འབྱོར་པ་དང་ལྡན་པས། གསེར་གྱིས་རྡོ་རྗེ་གཅོད་པ་དང་། རྒྱས་པ་འབུམ་བཞེངས་པའི་དུས་སུ་བཙས་པས། མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པར་གསོལ། འོད་དཀརོ་རྨ་བྱའི་མདངས་ཅན། ཞེས་དཔྲལ་བ་ན་རྨ་བྱའི་མདངས་ཀྱི་ཐིག་ལེ་ལྟ་བུའི་མཚན་མ་ཡོད་པར་གྲགས། གཏེར་སྟོན་འདི་ཨོ་རྒྱན་གྲུབ་པའི་སྙིང་པོའི་སྤྲུལ་པ་ཡིན་ཏེ། གཏེར་ལུང་ལས། ང་མིན་ང་དང་དྲ་བ་ཡིས༔ ང་ཡི་གདུང་བརྒྱུད་འཛིན་བ་དང་། སེམས་ཅན་རྣམས་ལ་ཕན་གདགས་(སྟོད་ཆ།༧༥༥)ཕྱིར༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ ཅེས་གསུངས་པའི་ལུང་བསྟན་དང་མཐུན་པར་སྤྲུལ་པའི་གཏེར་སྟོན་དེ་ཉིད་ཀྱིས་ཁོང་བའི་སྙིང་ངམ་ཡིད་བཞིན་གྱི་ནོར་བུའི་དཔེ་དང་སྦྱར་བའི་གསོ་དཔྱད་ཀྱི་རྒྱལ་པོ་བདུད་རྩི་བུམ་ཆེན་གྱི་སྐོར་རྣམས་བྱང་ཕྲ་ངུ་ན་རྩེའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྐུའི་ཐུགས་ཀ་ནས་སྤྱན་དྲངས་ཤིང་། ཁ་སྐོང་ཟུར་བཀོལ་འགའ་ཞིག་བྱམས་སྤྲིན་རྡོ་སྐུའི་འོག་ནས་བཏོན། ཡང་བདུད་རྩིའི་བུམ་ཆུང་སྐོར་རྣམས་གུར་ཆུག་མགོན་པོའི་ཐུགས་ཀ་ནས་སྤྱན་དྲངས་པ་ཡིན་ཏེ། གསོ་དཔྱད་འདི་ཨོ་རྒྱན་ཆེན་པོས། ཇོ་མོ་མཚོ་རྒྱལ་དང་། མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། ཨོ་རྒྱན་ཉིད་ཀྱི་སྤྲུལ་པ་ཨོ་རྒྱན་གྲུབ་པའི་སྙིང་པོ་དང་གསུམ་ལ་གནང་བ་ཡིན་ལ། འདིའི་དབང་ལུང་གི་རྒྱུན་མ་ཉམས་པར་དེག་སང་གི་བར་དུ་བཞུགས་ཏེ། ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེ་དང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ་སོགས་ཀྱིས་ཉེ་མཁོའི་ཡིག་ཆ་མཛད་པའང་འགའ་ཞིག་ཡོད་ལ། འགྲོ་ཕན་གྱི་ཕྲིན་ལས་སྐྱོང་བའང་མང་དུ་འདུག་ཅིང་། ཁྱད་པར་དུ་འཇམ་མགོན་སྭ་རའི་ཞབས་ཀྱིས་འདིའི་མན་ངག་རྣམས་རྒྱུད་ཆེན་གྱི་ལྷན་ཐབས་སུ་སྦྱོར་བར་གནང་བས། དེང་དུས་ཀྱི་འགྲོ་བ་རྣམས་ལ་ཕན་བདེའི་འབྱུང་གནས་སུ་གྱུར་པ་འདི་ལགས་སོ། གཏེར་སྟོན་འདི་དུས་སྔ་མོ་ཞིག་ནས་བྱོན་པར་མངོན་ཏེ། གཏེར་སྟོན་ནས། ཐུགས་སྲས་རིན་ཆེན་རྡོ་རྗེ། དེ་སྲས་རྡོ་རྗེ་མགོན་པོ་ཆ་ལུང་པ་ཆེན་པོ། དེ་སྲས་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་བྱུང་བས་གཡུ་ཐོག་ལས་ཀྱང་མི་ཐག་བཞི་ཙམ་གྱི་སྔ་བ་འདྲའོ། མཁའ་འགྲོ་མ་ཀུན་དགའ་འབུམ་ནི། གསང་བ་ལྟར་ན་རྡོ་རྗེ་ཕག་(སྟོད་ཆ།༧༥༦)མོ། ནང་ལྟར་རྗེ་བཙུན་སྒྲོལ་མ། ཕྱི་ལྟར་ན་མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བསྟན་པ་རྒྱལ་བ་ཀུན་ཡུམ་གང་དེའི་སྤྲུལ་པ་སྟེ། སྤྲེའུའི་ལོ་ལ་འོན་གྱི་བཀྲ་ཤིས་རྡོ་མཁར་དུ། ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་། ཡུམ་ཤེལ་དཀར་བཟའ་རྡོ་རྗེ་མཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ལ། གདན་ས་མཐིལ་གྱི་སྤྱན་སྔ་ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན་ལ་གཙུག་ཕུད་ཕུལ་བས། མཚན་ཀུན་དགའ་འབུམ་དུ་གསོལ། ཚེས་བཞི་རྙིང་མ་བ་འདི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཁུ་བོ་ཡིན། དེ་ལ་སོགས་པའི་བླ་མ་མག་དུ་བསྟེན་ཅིང་། གསང་སྔགས་གསར་རྙིང་གི་ཆོས་ཚུལ་མང་པོ་དང་དབང་ཁྲིད་གདམས་པ་མཐའ་ཡས་པ་གསན་ཅིང་བསྒྲུབ་པ་ཁོ་ན་མཛད་པས། ཐུགས་དམ་གྱི་རྟོགས་པ་ཀློང་དུ་གྱུར། ཁྱད་པར་དུ་ནུབ་གཅིག་གི་སྲོད་འཁོར་ཙམ་ལ། ཀྱཻ་སྐལ་ལྡན་ལས་མ་ཁྱོད། སྒྲགས་ཡང་རྫོང་གྱི་འོད་གསལ་ཕུག་ཅེས་བྱ་བར་ལོ་བདུན་ཟླ་བ་བདུན་ཞག་བདུན། ཟ་མ་བདུན་དུ་སྒྲུབ་པ་མཛོད་ཅིང་དང་། ཌ་ཀྐིའི་ལུང་བསྟན་དང་། མཁའ་སྤྱོད་ཀྱི་ཞིང་སོགས་མཇལ་བ་ཡོད་དོ། །ཟེར་བ་ཞིག་གསན་པས། སྒྲགས་ཡང་རྫོང་གི་བྱེ་བྲག་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་ལོ་བདུན་དུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་པས། རྡོ་རྗེ་ཕག་མོའི་ལུང་བསྟན་ནས་ཕུག་པ་དེ་ཉིད་ནས་མ་རྒྱུད་གསང་བ་ལམ་ཁྱེར་གྱི་ཆོས་སྐོར་ཆ་ལག་དང་བཅས་གཏེར་ནས་གདན་དྲངས། དབུས་སྟོད་སྨད་ཀུན་ཏུ་སྐལ་ལྡན་མང་པོ་ལ་གནང་ནས་སྨིན་གྲོལ་ལ་བཀོད། ཁྱད་པར་དུ་གཏེར་ལུང་ལས་བྱུང་བ་བཞིན་འགྲོ་མགོན་དུང་མཚོ་རས་པ་ལ་གནང་། དེ་ནས་ཕྱོགས་ཀུན་ཏུ་རྒྱ་ཆེར་འཕེལ་ཏེ་དུས་ཕྱིས་དིང་སང་གི་(སྟོད་ཆ།༧༥༧)བར་དུ་དབང་ཁྲིད་ལུང་གསུམ་གྱི་རྒྱུན་མ་ཆད་པ་ཡོད། སྒྲགས་ཡང་རྫོང་གི་གནས་སྒོའང་། གཏེར་འདོན་པ་དང་ལྷན་ཅིག་ཏུ་ཕྱེས་པ་ཡིན་ཏེ་དེ་དུས་དགྲ་དོལ་གཞུང་གསུམ། སྐྱི་གཡོར་ཡར་འོན། ཀློ་རྡོ་བསམ་ཡས་ཟུར་མཁར་རྣམས་སུ་མེ་ཏོག་གི་ཆར་འབབས་པ་དང་། མཁའ་གྲོ་མ་རྣམས་ཀྱི་རོལ་མོའི་སྒྲ་སྒྲོགས་པ་བྱུང་། ཕྱོགས་དུས་ཀྱི་བླ་སྐྱ་མི་དཔོན་དགེ་བའི་བཤེས་གཉེན་སོགས་གྲྭ་པ་བུ་སློབ་ཀྱང་མང་དུ་འདུས་ཤིང་ཆོས་དང་གདམས་པ་ཞུ་བ་བགྲང་བ་ལས་འདས། འོན་གྱི་བཀྲ་ཤིས་ཡང་དགོན་དང་། རྗེ་མོ་མཆོད་རྟེན་རྣམས་སུ་ཐུགས་དམ་སྐྱངས་ཤིང་བཞུགས་པའི་མཐིལ་མཛད། དུས་ཀུན་ཏུ་ཨོ་རྒྱན་ཡབ་ཡུམ་དང་འབྲལ་མེད་དུ་མཇལ་བ་དང་། དུས་གཅིག་ལ་དག་པའི་ཞིང་ཁམས་ལྔར་བགྲོད་པ་སོགས། མཁའ་སྤྱོད་ཀྱི་ཞིང་མང་པོར་ཕེབས་པ་དང་། དག་པའི་སྣང་བ་འབའ་ཞིག་ཐུགས་ལ་འཆར་ཞིང་། སློབ་མའང་འཇའ་ལུས་གྲུབ་པ་མང་དུ་བྱོན། མཐར་དགུང་ལོ་དོན་ལྔ་བཞེས་པའི་ཚེ། རྗེ་མོ་མཆོད་རྟེན་གྱི་དགོན་པར་ཞག་བདུན་དུ་སྐུ་མཚམས་མཛད་པས། སྒྲ་དང་འོད་དང་མེ་ཏོག་གི་ཆར་བབས་པ་ལ་སོགས་པའི་ངོ་མཚར་གྱི་ལྟས་བཟང་བསམ་གྱིས་མི་ཁྱབ་པ་དང་བཅས། སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པར་མཛད་པ་ཡིན་ནོ། འདི་ནི་མཁར་ཆེན་བཟའི་སྤྲུལ་པ་ཕུལ་དུ་བྱུང་བའི་ཡོན་ན་དུ་མ་ལྡན་འི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གོ། སྤྲུལ་སྐུ་བཟང་པོ་གྲགས་པ་ནི། སྙིང་ཐིག་གནད་ཀྱི་དོན་བདུན་མ་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་བརླབས་པའི༔ སྐྱེས་བུ་སྟག་ལོ་སྨེ་བའི་ག་ཤ་ཅན༔ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་(སྟོད་ཆ།༧༥༨)པ༔ གནས་མེད་རི་ཁྲོད་འགྲིམས་པའི་ལས་ཅན་དེ། གཙང་འགྲམ་གྲོམ་པའི་ཕྱོགས་ནས་གཏེར་ཆེན་འདོན༔ རྒྱ་གར་བལ་པོ་མོན་དང་བོད་ཀྱི་ཡུལ༔ སྐད་རིགས་མི་གཅིག་བཞི་ཡི་དོན་ཆེན་བྱེད༔ དེ་འདྲའི་ལས་ཅན་ལྔ་བརྒྱའི་དུས་སུ་བྱུང་༔ ཞེས་གསུངས་པ་ལྟར། འཁྲུངས་ཡུལ་ལ་སྟོད་ལྷོ་པ་ཡིན། སྐུ་གཞོན་ནུ་ནས་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས། རྒྱལ་གྱི་ཤྲི། ཡང་ལམ་རི་ཁྲོད། གངས་བུ་ལེ་སོགས་སུ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས། ཐུགས་དམ་རྟོགས་པ་ཀློང་དུ་གྱུར། རེ་ཞིག་གི་དུས་ན་གངས་ཆེན་བུ་ལེར་སྒྲུབ་པ་མཛད་ཀྱིན་བཞུགས་པའི་ཚེ། གནོད་སྦྱིན་བུ་ལེ་ཁྱེའུ་དཀར་པོ་དར་གྱི་ཐོད་ཅན་ཞིག་ཏུ་བྱས་ནས་དྲུང་དུ་འོངས་ཏེ། རྣལ་འབྱོར་པ་སྒོམ་སྐྱོང་ལུགས་ཤེས་པ་ཞིག་འདུག །ཆོས་ཉམས་སུ་ལེན་ནུས་པ་བཀའ་དྲིན་ཆེ། ཞེས་སོགས་དགའ་དགའ་ལྟར་བྱས་ནས་གཏམ་མང་དུ་གླེང་བའི་མཐར། གྲོམ་པ་རྒྱང་ན་སློབ་དཔོན་པདྨའི་གཏེར་ཡོད། དེ་འདོན་པའི་གང་ཟག་ལུང་བསྟན་པ་ཁྱོད་ཡིན་པས། གཏེར་དེ་མྱུར་དུ་འདོན་དགོས། མ་བཏོན་ན་སྒྲོ་ཁང་འགྱེལ་ནས་གཏེར་ཆུད་ཟོས་འགྲོ་བར་འདུག་ཅེས་ལན་མང་དུ་བསྐུལ་ཀྱང་། རྣལ་འབྱོར་པ་རྒན་པོའི་ཕོ་ཚོད་ཀྱིས། ཉམས་ཀྱི་སྣང་བ་ལ་རྩིས་གདབ་མ་མཛད་པར་བཞག་ཀྱང་། སྐབས་ཤིག་དེང་རི་ལ་ལྡོམ་བུ་བྱེད་དུ་བྱོན་པས། སྒོམ་ཆེན་པ་ཞིག་དང་མཇལ། མཚན་དྲིས་བས་སྙེ་ནམ་ལ་སྒོམ་ཟེར་བ་ཡིན་གསུངས། ཆོས་ཀྱི་བགྲོ་གླེང་ཞུས་པས། བཤད་པ་དང་། ཉམས་མོང་གང་ནས་ཀྱང་འགྲན་དུ་མ་བཟོད་པས། སློབ་དཔོན་གྱི་སྤྲུལ་པ་ཡིན་པར་མ་ཤེ ས་ཀྱང་། ཁམས་ཆེ་བ་ཞིག་ཏུ་གོ་ནས་མོས་གུས་མཛད་ནས་ཆོས་འབྲེལ་ཞུས་པས། ད་ལམ་གྱི་(སྟོད་ཆ།༧༥༩) ཆོས་འབྲེལ་ངའི་བཀའ་ལྟར་གྱིས་གསུངས་ནས། ཤོག་དྲིལ་ཞིག་ཕྱག་ཏུ་གཏད་ནས། ལྷོ་ནུབ་ཀྱི་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ཡང་ཟེར། གྲོམ་པ་རྒྱང་ལྷ་ཁང་གི་སྦོ་གང་ན་གཏེར་ཡོད་པས་དེ་ཐོན་དང་སེམས་ཅན་ལ་ཕན་ཐོགས་པར་ཡོད། དེ་ནས་ང་ཡང་ཁྱོད་ཀྱི་རྩར་ཡོང་ཟེར་ནས་གྱེས་ཡང་ཟེར། གང་ལྟར་ཡག་རུ་ལག་བྲོམ་པ་རྒྱང་གི་ལྷ་ཁང་དང་། སློབ་དཔོན་ཆེན་པོའི་སྒྲུབ་ཕུག་རྒྱང་གི་ཡོན་པོ་ལུང་གཉིས་ནས། ཤིང་ཕོ་འབྲུག་གི་ལོ་ལ་ཟབ་མོའི་གཏེར་སྒོ་འབྱེད་པའི་ཆོས་སྡེ། རྒྱང་ནས་རྟ་མགྲིན་གྱི་སྒྲུབ་ཐབས་དང་། གུང་ཐང་རྒྱལ་པོ་ལ་གསུས་པའི་སྐོར། མགོན་པོ་བྱམས་པའི་སྒྲུབ་ཐབས་སོགས་དང་། ཡོན་པོ་ལུང་ནས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས། ཀླུའི་སྒྲུབ་ཐབས་དྲག་སྔགས་དང་བཅས་པ། ཡང་གུང་ཐང་རྒྱལ་པོ་ལ་གསུངས་པའི་ཤོག་དྲིལ། སྙིང་བྱང་རྒྱས་པ་གནད་ཀྱི་ཐེམ་པ། འབྲིང་པོ་ཐུགས་རྗེའི་འོད་ཟེར། བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ། རི་བོ་དཔལ་འབར་གྱི་གནས་ཡིག ལྷ་ཁང་བཞེངས་ཐབས། ཞལ་ཆེམས་ཐུགས་ཀྱི་ཐིག་པ། ཁ་བྱང་གཏེར་གྱི་བང་མཛོད། ལམ་བྱང་གསལ་བའི་སྒྲོན་མེ། སྙིང་ཐིག་གནད་ཀྱི་དོན་བདུན། ཀླུ་སྲས་བུ་ལེའུ་སྒྲུབ་ཐབས། ཕྱིར་ཟློག་འཁོར་ལོ་འབར་བ། གསོལ་འདེབས་ལེའུ་བདུན་མ་རྣམས་སྤྱན་དྲངས། ཁ་བྱང་སྙིང་བྱང་རྣམས་རིག་འཛིན་རྒོད་ལྡེམ་ཅན་གྱི་ཁ་བྱང་ཡིན་འདུག་པས། སྟོན་པ་བསོད་ནམས་དབང་ཕྱུག་བྱ་བ་ལ་བསྐུར་ནས། ཡོངས་རྫོགས་རིག་འཛིན་ཆེན་པོའི་ཕྱག་ཏུ་གཏད་དོ། དེ་ནས་སྙེ་ནམ་ཕྱོགས་ལ་བྱོན་ནས། ལ་སྒོམ་ཟེར་བའི་སྒོམ་ཆེན་རྩད་བཅད་པས། དེ་སྐད་ཟེར་བའི་སྒོམ་ཆེན་མེད་ཟེར་(སྟོད་ཆ།༧༦༠)བས། གཟོད་སློབ་དཔོན་རིན་པོ་ཆེས་སྤྲུལ་པར་ཡིད་ཆེས་སོ། །དེ་ལས་གསོལ་འདེབས་ལེའུ་བདུན་མ་ནི་བརྗོད་བྱའི་དོན་རྗོད་བྱེད་ཀྱི་ཚིག་གནིས་ཀ་ཕུན་སུམ་ཚོགས་ཤིང་། རྙིང་མ་ཙམ་དུ་མ་ཟད། གངས་ལྗོངས་ཀྱི་སྐྱེ་འགྲོ་མཆོག་དམན་ཀུན་གྱིས་གསོལ་འདེབས་དབྱངས་བདུན་རོལ་མོར་ཁྲོམ་བས་མགྲིན་པ་མཛེས་པའི་རྒྱན་དུ་ངོམ་པར་བྱེད་པས་འཛིན་མའི་ཁྱོན་གང་བ་འདི་ལགས་ཏེ། བོད་ཀྱི་གཏེར་ཆོས་གཅིག་ལ་འགྲོ་དོན་དང་ཕྲིན་ལས་འདི་ཁོ་ན་ཆེ་བ་མངོན་སུམ་ཚད་མ་འདིའོ། དགེ་བཤེས་དྲང་རྡོ་རྗེ་ཀུན་གྲགས་ནི། རྣམ་ཐར་རྒྱས་པ་མ་མཐོང་ཡང་། རྒྱ་ཞང་ཁྲོམ་གྱི་ཞབས་ཟིན་ཙམ་ལ་བྱོན་པ་ཡིན་ཏེ། གནུབས་སགས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཉུག་གི་རྡོ་རྗེ་སྒྲོམ་བུ་དང་། ཕུང་པོ་རི་བོ་ཆེ། རྫ་ལྷུད་མོ་རྣམས་སུ་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་རྣམས་གཏེར་དུ་སྦས་པ། གཏེར་སྟོན་རྒྱ་ཞང་ཁྲོམ་དང་། དགེ་བཤེས་དྲང་རྡོ་རྗེ་ཀུན་གྲགས་གཉིས་ཀྱིས་གཏེར་ནས་སྤྱན་དྲངས་པའི་གཏེར་ཁ་སྔ་ཕྱི་གཉིས་ཀར་གཏོགས་ཀྱང་། གཏེར་གནས་རི་བོ་ཆེ་ནས། གཏེར་སྟོན་དྲང་རྡོ་རྗེ་ཀུན་གྲགས་གཉིས་ཀྱིས་གཏེར་ནས་སྤྱན་དྲངས་བའི་སྲོག་གི་བཤན་པ་དཔལ་མགོན་སྟག་ཞོན་ནག་པོ་ལྷ་བཅུ་གསུམ་མའི་སྐོར་རྣམས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ནས་རིམ་པར། ངོར་མཁན་ཆེན་ཐར་རྩེ་པ་རྣམས་ལ་བཀའ་བབས་པ་སྟེ། ཚར་ཆེན་དང་། ཐར་རྩེ་པཎ་ཆེན་སོགས་ཀྱིས་ཡིག་ཆ་ཡང་མང་དུ་མཛད་ཡོད་པར་སྣང་ལ། དེང་སང་ངོར་ཨེ་ཝཾ་ཐར་པ་རྩེ་བའི་རྩ་བའི་ཆོས་སྐྱོང་དུ་མཛད་པ་འདི་ཡིན་ནོ། འདིར་དྲང་རྡོ་རྗེའི་གཏེར་ཁ་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གཞན་དུ་ཞང་ཁྲོམ་གཏེར་མ་དང་། གནུབས་ལུགས་བཀའ་(སྟོད་ཆ།༧༦༡)མའི་སྐོར་སོགས་ནང་གསེས་མང་དུ་སྣང་ངོ་། གཏེར་སྟོན་རྒྱ་ཕུར་བུ་ནི། འཁྲུངས་ཡུལ་ལྷོ་བྲག་པ་ཡིན་ཏེ། སོག་ཟློག་པས་རྒྱ་ཞང་ཁྲོམ་ལྷོ་བྲག་རྔ་མང་ཆུ་ཤུལ་དུ་འཁྲུངས་ཟེར་བའང་གཏེར་སྟོན་འདི་ནོར་བ་འདྲ། རུས་རྒྱས། མཚན་ལ་ཕུར་བུ་སྟེ་རྒྱ་ཕུར་བུར་གྲགས། རྣམ་ཐར་ཞིབ་པར་མ་རྙེད། གཏེར་ཆོས་ཨོ་རྒྱན་ཆེན་པོས་གནམ་ལྕགས་རྡོ་རྗེ་ཀླུ་འདུལ་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་སོགས་ཀྱི་བཅུད་ཕྱུང་སྟེ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་བསྲུང་བར་གནང་བ། ལྷ་བཙན་པོས་ཕྱི་རབས་ཀྱི་དོན་དུ་མོན་ཡུལ་བུམ་ཐང་དགེ་གནས་དང་། སྤ་གྲོ་སྐྱེར་ཆུར་གཏེར་དུ་སྦས་པ་ལས་གཏེར་གནས་ལས་དྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ནུས་སྟོབས་ལ་བསྔགས་པ་ལྕགས་སྡོང་མ་སྟེ། གཏེར་ཁ་གཉིས་ཕྱོགས་གཅིག་ཏུ་དྲིལ་བས་དེང་སང་བུམ་ལྕགས་ལྷན་དྲིལ་དུ་གྲགས་པའི་སྐོར་རྣམས་གདན་དྲངས་ཤིང་། གཏེར་སྟོན་ནས་རིམ་བརྒྱུད་རིག་འཛིན་རྒོད་ལྡེམ་ཅན་ལ་བཀའ་བབས་ཤིང་། དེ་ནས་རིམ་པར་བརྒྱུད་ནས་བྱང་བདག་དབང་པོའི་སྡེས་གསན་ཅིང་དབང་པོའི་སྡེས་ཡིག་ཆ་འགའ་ཞིག་ཀྱང་མཛད་པ་ཡོད་ལ། ར་བསྲུང་གི་རྗེས་གནང་དང་། ཡིག་ཆའི་ལུང་སོགས་དེང་སང་གི་བར་དུ་ཡང་མ་ཉམས་པར་བཞུགས་པ་འདིའོ། གཞན་ཡང་དེའི་ཆ་ལག་ཏུ་གཏོགས་པ། བུམ་ཐང་སྐྱེས་གནས་ནས་སྔགས་ཀྱི་ཐེམ་ཡིག་རྒྱས་པ་སོགས་སྤྱན་དྲངས་སོ། །གཏེར་ཆོས་གཞན་འགའ་ཞིག་ཀྱང་ཡོད་པར་གྲགས་སོ། གཏེར་སྟོན་ལྷ་རྗེ་གནུབས་ཆུང་ནི། ཡུལ་གཙང་རོང་ཁུ་ལུང་ཞེས་པར་འཁྲུངས། རུས་གནུབས་ཡིན་ཏེ། གནུབས་ཡོན་ཏན་རྒྱ་མཚོ་ལ་སྲས་སྔ་(སྟོད་ཆ།༧༦༢)ཚར། བར་ཚར། ཕྱི་ཚར་བཅས་གསུམ་ལས། བར་ཚར་སྲས་ཀྱི་ཆེ་བ་གནུབས་ཡེ་ཤེས་རྒྱ་མཚོ་དང་། ཆུང་བ་པདྨ་དབང་རྒྱལ་གཉིས་ལས། ཡེ་ཤེས་རྒྱ་མཚོའི་སྲས་ཡིན། འགའ་ཞིག་གིས་སངས་རྒྱས་རིན་པོ་ཆེ་ལ་གནུབས་ཆེན་དང་། ཡོན་ཏན་རྒྱ་མཚོར་གནུབས་ཆུང་དུ་གྲགས་ཏེ་ཡོན་ཏན་རྒྱ་མཚོ་ཡིན་པ་བཞེད་པར་སྣང་ཡང་། ཡེ་ཤེས་རྒྱ་མཚོའི་སྲས་ཡིན་པ་ལོ་རྒྱུས་ཁུངས་མ་ཐམས་ཅད་ནས་བཤད། རྗེ་བཙུན་མི་ལས་མཐུ་སློབ་པར་བྱོན་པའི་སློབ་དཔོན་དེ་ཡིན་ཏེ། དྲག་སྔགས་ཀྱི་ནུས་པ་ཤིན་ཏུ་ཆེ་བར་གྲགས། འདིས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བལ་ཡུལ་དུ་ལན་བདུན་བྱོན་པའི་ཕྱི་མ་ལ་བལ་པོ་བྷ་སུ་དྷ་རས་མནའ་བརྒག་སྟེ་རྫོགས་པར་གནང་བའི་གཤིན་རྗེ་ཡང་བཟློག་མེ་ཡི་སྤུ་གྲི་འམ་དྲག་སྔགས་གཟའ་གདོང་དམར་ནག་ཏུ་གྲགས་པའི་སྐོར་རྣམས། གནུབས་ཆེན་གྱིས་ཕུང་པོ་རི་བོ་ཆེ་དང་། ལྷོ་བྲག་ཁོ་མཐིང་དུ་སྦས་པ་ལས། ཕུང་པོ་རི་བོ་ཆེའི་གཏེར་རྒྱ་ཞང་ཁྲོམ་གྱིས་བཏོན་ཅིང་། ལྷོ་བྲག་གི་གཏེར་ཁ་ལྷ་རྗེ་གནུབས་ཆུང་གིས་གདན་དྲངས། ཁོང་གིས་ཞང་ཁྲོམ་ལས་ཀྱང་ཞུས་པས་གཏེར་ཁ་སྔར་ཕྱི་གཉིས་ཀའི་བདག་པོར་གྱུར། ཁོང་ལ་ཚུར་སྟོན་རིན་པོ་ཆེ་རྡོ་རྗེས་ཞུས། དེ་ཡང་ཚུར་སྟོན་གྱིས་དབོན་གཞོན་སྟོན་ཆུང་བུ་བདུན་མེས་སྤུན་ཚུན་ཕོ་ངོ་དྲུག་ཅུའི་ལིང་ག་བཏབ་ནས་མཐུ་བྱས་པས། རོལ་པོ་མེས་སྟོན་གྱིས་ཟློག་པ་བྱས་ཏེ་ཆོ་འཕྲུལ་ཆེན་པོ་ཚུར་བྱུང་། དེར་རང་གི་བླ་མ་བལ་པོ་དབང་ཕྱུག་རྡོ་རྗེ་ལ་ལོ་རྒྱུས་ཞུས་པས། ཟློག་པ་ལ་མེས་སྟོན་པ་ཁོང་ལས་མཁས་པ་མེད་པས། ཡང་ཟློག་ཟབ་པ་ཅིག་དགོས། དེ་གཙང་རོང་གི་ལྷ་རྗེ་གནུབས་ཆུང་ཡོད་ཅེས་ལུང་བསྟན་པས། དེ་ནས་གཙང་རོང་དུ་ཕྱིན་ནས་ལྷ་རྗེ་(སྟོད་ཆ།༧༦༣)གནུབས་ཆུང་ལ་འདི་ཞུས་ནས་སྔགས་རྒྱུན་བྱས་པས་ཆོ་འཕྲུལ་ཆེར་སོང་བས། དཔེ་མཁྱུད་བྱས་པར་ཤེས་ནས་སླར་ཡང་འབུལ་བ་དང་བཅས་གདམས་པ་འདི་མ་ཚང་བ་འདྲ་བས་ཚང་བ་ཅིག་ཞུ་ཞུས་པས་ཚང་བར་གནང་ནས་ལྷག་མ་ཡོད་རེ་དབུ་སྙུང་དང་ཆིག་རྒྱུད་བུ་མིན་གཞན་ལ་མི་སྤེལ་བའི་བཀའ་རྒྱ་དང་བཅས་གནང་། དེ་ནས་སྒྲུབ་པས་ཞག་བདུན་ནས་རོལ་པོ་མེས་སྟོན་དཔོན་གཡོག་བཞི་ཁྲག་སྐྱུག་ནས་ཤི། དེས་དཔོན་གཞོན་སྟོན་ཕོ་ངོ་དྲུག་ཅུ་ལིང་ག་ལ་བཏབ་པ་རྣམས་ལོ་གསུམ་གྱི་ཁོངས་སུ་ཁ་དག་ལ་སོང་བ་ཡིན་ཞེས་དང་། རྗེ་བཙུན་མི་ལས་ཀྱང་ལྷ་རྗེ་གནུབས་ཆུང་ལ་ཞུས་པའི་དྲག་སྔགས་གཟའ་གདོང་དམར་ནག་ཀྱང་འདི་ཡིན་པར་གྲགས་ཤིང་། འདི་ལ་བརྟེན་ནས་དགྲ་ཟླ་ཐམས་ཅད་ཆམ་ལ་ཕབ་པའི་ལོ་རྒྱུས་སོགས། ཟབ་ཅིང་རྣོ་མྱུར་ཆེ་བས་ཁྱད་པར་འཕགས་པ་འདིའི་དབང་ལུང་ཕྱག་ཁྲིད་དང་བཅས་རྗེ་འབྲི་གུང་པའི་བཀའ་དྲིན་ལས་དེང་སང་གི་བར་དུ་རྡོ་སྨིན་སོགས་ཀྱིས་གཙོས་པའི་རྙིང་བསྟན་སྐྱོང་བའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་ཆར་བཞུགས་པ་འདི་ཡིན་ཏེ། གངས་ཅན་འགྲོ་བའི་བླ་མ་ཟིལ་གནོན་དྲག་པོ་རྩལ་གྱིས་ཀྱང་གདམས་པ་འདི་ལ་བརྟེན་ནས་ཕས་ཀྱི་རྦོད་གཏོང་ཐམས་ཅད་བཟློག་ཅིང་ཚར་གཅད་པ་ཡིན་ནོ། རྗེ་བཙུན་མི་ལའི་རྣམ་ཐར་འགར་ལྷ་རྗེ་གནུབས་ཆུང་ཞེས་པར་སྨན་ཡང་ཤེས་མཐུ་ཡང་ཤེས་ཟེར་བ་ལྷ་རྗེར་བསམ་ཚོད་དུ་འདུག་ཀྱང་ལྷ་རྗེ་ནི་ལྷའི་རྗེ་རྒྱལ་པོའི་བཀུར་བས་དེ་སྐད་གྲགས་ཅེས་ལྔ་པ་རིན་པོ་ཆེའི་གསུང་ལས་འབྱུང་ངོ་། གཞན་ཡང་གཏེར་སྟོན་འདིས། བུམ་ཐང་མགོན་པོའི་ཐུགས་ཀ་ནས་ཕྲ་མེན་གྱི་ལས། འཇིག་རྟེན་ཕུང་བར་བྱེད་ཐབས། ནང་པ་སངས་རྒྱས་པ་དང་། ཕྱི་པ་མུ་སྟེགས་པ་གཉིས་ཀ་དང་འགལ་བའི་ཟབ་(སྟོད་ཆ།༧༦༤)གནད་ལ་བརྟེན་ནས་ཕྱི་ནང་གང་གི་བཟློག་པས་ཀྱང་བཟློག་པར་མི་ནུས་པའི་དབང་ཕྱུག་སེལ་ནག་གི་རྫས་འཁོར་སྐོར་རྣམས་གདན་དྲངས། མན་ངག་འདི་ཟུར་ཆེན་རྡོ་རྗེ་འཆང་གིས་ཕྱག་ཐོག་ཏུ་བཀལ་བས་ཟླ་བ་དགུ་ནས་མཐའ་མི་དཔུང་བཅས་ཤིག་རྗེས་མེད་དུ་བཏང་བ་ཡིན་ཅེས་པ་ལྔ་པ་རིན་པོ་ ཆེས་གསུངས་སོ། གཏེར་སྟོན་རྒྱ་སྟོན་བཙོན་འགྲུབ་སེང་གེར་དར་ནི་རུས་རྒྱ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན། འདིས་སྤ་གྲོ་ཙལ་གྱི་བྲག་དམར་སྟག་ཚང་ཁོལ་མ་ནས་གཤིན་རྗེ་གདོང་བདག་བཤན་པ་ལག་རེངས་སམ། རྡོ་རྗེ་བྲག་བཙན་དང་། ཇོ་བོ་ཨ་བྲག་སོགས་སུ་གྲགས་པའི་གདམས་སྐོར། ཞག་བདུན་གྱིས་བསྟན་དགྲ་ཚར་གཅོད་པར་བྱེད་པའི་སྐོར་རྣམས་གདན་དྲངས་ཤིང་། ཆོས་རྒྱུན་ཕྱི་མོའི་བར་དུ་ཡོད་དོ། གཉག་སྟོན་ལྷ་འབར་ནི། འབྲོ། རྐྱང་པོ། སུམ་པ་གསུམ་གྱིས་ལྟས་ཡེར་པ་ནས་རྟ་མགྲིན་ཡང་གསང་ཁྲོས་པའི་སྐོར་གདན་དྲངས་པ་སྟེ། གཏེར་ཆོས་དེ་ཁོང་གི་ཕྱག་ཏུ་བྱུང་། འདར་འཕྱར་གྱི་རྟ་མགྲིན་ཡང་གསང་གསན་པའི་དྲི་མེད་ཟླ་ཤར་ཡང་ཁོ་ཡི་སྲས་ཡིན་པར་ལོ་རྒྱུས་ཁ་ཅིག་ན་འདུག་ཁོ་རང་གིས་གཏེར་ཀ་འགའ་ཞིག་བཞེས་པར་གྲགས་ཀྱང་ཆོས་རྒྱུད་མ་འཕེལ་བར་སྣང་ངོ་། སྙེ་མོ་རྒྱ་གང་རི་བ་སགས་རྒྱས་དབང་ཆེན་གྱིས་རྟ་མགྲིན་གསང་གྲུབ་གཏེར་ནས་བཏོན་ཏེ། དེའི་ལོ་རྒྱུས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་བཏབ་རིན་ཆེན་སྣ་བདུན་དུ་གྲགས་པའི་ལྔ་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དབོན་སྟོན་སྐྱེར་སྒང་པ་ཆེན་པོས་ཤིང་ཕོ་རྟ་(སྟོད་ཆ།༧༦༥)ལོ་དགུན་ཟླ་ར་བའི་ཚེས་བཅུ་དྲུག་གི་ཐོ་རེངས་མནལ་ལམ་བཟུག་ནས་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་བྱོན་པས་དེར་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་མཇལ་ཏེ། སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་བསེན་གྱི་གཉེན་པོར་གྱུར་པའི་གདམས་པ་ཞིག་ཞུ་བྱས་པས། སློབ་དཔོན་རིན་པོ་ཆེས་ངས་རྟ་མགྲིན་གྱི་རྒྱུད་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་ཟབ་པ་ཞིག་སྙེ་མོར་གཏེར་དུ་སྦས་ཡོད་པ་དེ་སྔགས་པ་ལས་ཅན་ཞིག་གིས་ཐོན་ཡོད་པས་དེར་ཞུས་ཤིག་གསུངས། དེའི་སང་ཉིན་གསེར་སྲང་གང་དང་། དར་ཡུག་གཅིག་འབྲི་གཉིས་རྣམས་བསྣམས་ནས་སྙེ་མོར་བྱོན་སྔགས་པ་ལ་ཕུལ་ནས་གསན། སླར་མནལ་ལམ་བཟུག་ནས་སློབ་དཔོན་རིན་པོ་ཆེར་ཞུས་པས། ད་དུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས། ཡང་ཉི་ཁྲི་ཞིག་དང་། བུར་ལྟང་ཞིག་དང་གཉིས་ཁྱེར་ནས་ཞུས་འཁོར་ལོའི་གདམས་པ་དང་བཅས་གནང་། སླར་སློབ་དཔོན་ཉིད་རྟ་མགྲིན་གྱི་སྐུར་བཞེངས་ནས་དབང་བསྐུར་ཞིང་གདམས་པ་རྫོགས་པར་གནང་། དེ་ནས་གྲུབ་པས་མྱུར་དུ་ཞལ་གཟིགས་ནས་བརྒྱལ་ནད་དག་སྨྱོ་འབོག་ཅན་བརྒྱ་ལྷག་ཙམ་གདམས་པ་འདི་ལ་བརྟེན་ནས་ནད་ལས་གྲོལ་བར་མཛད་པས་བྱིན་རླབས་ཆེ་བར་གྲགས། སྐབས་ཤིག་གདུང་རྟེན་རྒྱལ་པོ་གནས་པ་ཅིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་ཕྱིའི་རྒྱ་མཚོར་བྲོས། ཕྱིས་འགྲས་པས་ལེན་གླེན་དུ་བྱུང་བས་རྒྱལ་པོ་གཏན་མེད་པ་ཞིག་བྱེད་དགོས་དགོངས་ཙ་ན། སློབ་དཔོན་པདྨས། དབོན་སྟོན་ཁྱོད་ཡི་དམ་ལ་བརྟན་པ་ཐོབ་འདུག་སྟེ། གདོན་ཆེན་པོ་མ་རྡུངས་གླུ་ཆེན་པོ་ལ་སྦྱིན་སྲེག་མ་འདེབས་ཉམས་པ་ཆེན་པོ་མ་བསྐང་སོགས་ཞལ་གདམས་འགའ་སྩལ་ནས། སྣོད་ལྡན་གྱི་སློབ་མ་ལ་ཆིག་རྒྱུད་ཀྱི་བཀའ་གནང་བས་(སྟོད་ཆ།༧༦༦)སངས་རྒྱས་གཉེན་སྟོན་ལ་གནང་། སངས་རྒྱས་གཉེན་སྟོན་གྱིས་ཀྱང་ལྷ་ས་དཀར་ཆུང་དུ་དཀོར་མདག་འཁྲུགས་པས་མི་མང་པོ་སྨྱོ་བ་འདིས་བཏུལ་བས་ཐམས་ཅད་གསོས་པ་ཡིན་གསུངས་སོ། དེས་ན་བཀའ་གཏེར་ཟུང་འཇུག་རྟ་མགྲིན་སྐྱེར་སྒང་ལུགས་ཞེས་ཡོངས་སུ་གྲགས་ཏེ། ཀུན་མཁྱེན་ལྔ་པ་ཆེན་པོས། འདི་ཉིད་རྒྱལ་གདོན་ལ་ཕན་ནོ་ཞེས་པའི་སྙན་གྲགས་ཀྱིས་ཡིད་དྲངས་ཏེ་རྨ་ཁར་ཁྱི་ཚིལ་གྱི་དཔེ་ལྟར་ས་དགེ་ཇོ་ཞལ་དྭགས་ཤངས་པོ་ལྕགས་སོགས་གྲུབ་མཐའ་ཁག་ཐམས་ཅད་ལ་རླུང་ལྟར་དུ་གྲགས། ཞེས་གསུངས་ལྟར། གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱིས་མཛད་པའི་ཡིག་ཆ་ཤིན་ཏུ་མང་ལ། ཁྱད་པར་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་། ཀུན་མཁྱེན་ལྔ་པས་ཀྱང་གྲུབ་ཐབས་ཀྱི་ཡིག་ཆ་མཛད་ཅིང་ཐུགས་ཉམས་སུ་བཞེས་ཤིང་རྒྱལ་མཆོག་རིན་པོ་ཆེ་བདུན་པ་བསྐལ་བཟང་རྒྱ་མཚོས་ཀྱང་ཉམས་བཞེས་དང་གཞན་དོན་ཀྱང་ཅི་རིགས་མཛད་སྣང་སྟེ། གཏེར་སྟོན་འདི་ཐང་ཡིན་དུ་འབྱུང་བའི་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་ཡང་འདིའི་མཚན་གྱི་རྣམ་གྲངས་སུ་བཞེད་པ་ཡོད་ཅེས་ཀུན་མཁྱེན་ལྔ་པ་ཆེན་པོས་གསུངས་སོ། གཏེར་སྟོན་གྲུ་གུ་ཡང་ཝམ་ནི་མདོ་ཁམས་སུ་སྐུ་འཁྲུངས། འཁྲུལ་མེད་ཀྱི་གཏེར་སྟོན་མཐོ་སྟོབས་ནུས་པའི་དབང་ཕྱུག་ཅིག་ཡིན་ཏེ། གཏེར་སྟོན་འདིས་ཕྱི་ནང་ཀུན་གྱི་གཉེན་པོའི་འཇམ་དཔལ་གཤིན་རྗེ་གཤེད་འཇོམ་བྱེད་རཀྴ་ནག་པོ་ཞེས་བྱ་བ་དང་། དགྲ་སྲི་མཐའ་དག་དག་གནོན་པའི་མན་ངག་ཟབ་མོ་མུ་སྟེགས་སུམ་བརྒྱུད་ནས་ཨོ་རྒྱན་སངས་རྒྱས་གཉིས་པས་བཏུས་པའི་སྐོར་སོགས་འོམ་བུ་ཚལ་གྱི་བྲག་དམར་ནས་སྤྱན་དྲངས་སྟེ། འཇོམ་བྱེད་ཉི་ཟླ་ནག་པོ་ཞེས་གཤིན་རྗེ་འཇོམ་བྱེད་དང་དབང་ཕྱུག་ཟླ་བ་ནག་པོའི་(སྟོད་ཆ།༧༦༧)སྤུ་གྲི་གཉིས་ཀྱི་དྲག་སྔགས་འདི་ཉིད་དེང་སང་གི་བར་དུ་དབང་ལུང་དང་ཕྱག་ཁྲིད་ཀྱི་རྒྱུན་མ་ཉམས་པར་བཞུགས་ཏེ། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་ཆོས་ཚུལ་འདི་ཉིད་ལ་བརྟེན་ནས་མཐའ་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེངས་པ་ཡིན་ནོ། གཏེར་སྟོན་འདིིའི་གདུང་བརྒྱུད་ཀྱང་ཕྱི་མོའི་བར་དུ་ཡོད་པར་སྣང་སྟེ། གྲུ་གུ་ཡང་ཝམ་གྱི་གདུང་འཛིན་སྔགས་འཆང་དོན་སྒྲུབ་བཀྲ་ཤིས་ཞེས་པ་ལས། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་མན་ངག་འགའ་ཞིག་གི་ཕྱག་ཁྲིད་གསན་པར་མཛད་འདུག་གོ། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་ནི། སྤྲུལ་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་གཏེར་ལུང་ལས། འདི་ནས་ནུབ་ཀྱི་ཕྱོགས་ཤེད་ན༔ གཡུ་རུ་ཆུ་ཀླུང་འབབ་པའི་ལྷོ༔ མང་ཡུལ་རྒྱལ་པོའི་ཤར་ཕྱོགས་ལོགས༔ དཔལ་མོ་ཐང་གི་དཀྱིལ་སྟོད་ན༔ ལྷ་མཚོ་སྲིན་མོའི་ནུབ་ཕྱོགས་ན༔ སློབ་དཔོན་པདྨའི་དགོངས་པའི་བཅུད༔ ནམ་མཁའི་སྙིང་པོའི་ཐུགས་གཏེར་ཡོད༔ ལྔ་བཅུ་ཁ་རལ་སྙིགས་མའི་དུས། སྐལ་ལྡན་ཀུན་གྱི་ཆོས་སྐལ་ཡིན༔ དྲན་པར་གྱིས་ཤོག་བོད་འབངས་ཀུན༔ ཞེས་དང་། རང་གཏེར་ལས། གསང་སྔགས་དར་ལ་མ་སྨིན་དུས། པད་འབྱུང་བྱིན་རླབས་བདག་སྤྲུལ་བུ༔ སྔགས་འཆང་ཆུ་ཁམས་འབྲུག་ལོ་ལ༔ བསྟན་འཛིན་འབྱུང་གི་དེ་ལ་གཏོད༔ ཅེས་གསུངས་པ་བཞིན། འདི་འཁྲུངས་ཡུལ་མངའ་རིས་ཡུལ་ཏེ་ཀླུང་སྟོན་འཇམ་དབྱངས་མགོན་པོ་ཞེས་པའི་སྲས་སུ་འཁྲུངས། རབ་ཏུ་བྱུང་བའི་མཚན་དཔལ་གྱི་རྒྱལ་མཚན། གཞོན་ནུ་ནས་དབུས་གཙང་ལ་ཕེབས། གྲྭ་ས་རྣམས་སུ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་(སྟོད་ཆ།༧༦༨)མཛད། ཕྱིས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་ཁ་ནས་གཏེར་སྟོན་འདིའི་སྟེར་གྱི་ཁ་བྱང་བྱུང་བ་ཕྱག་ཏུ་འཕྲོད་པས། དཔལ་མོ་དཔལ་ཐང་གི་ལྷ་མཚོ་སྲིན་མཚོའི་བྲག་ནས། བླ་སྒྲུབ་བྱིན་རླབས་སྒྲོན་མ། ཐུགས་དམ་གསལ་བའི་སྒྲོན་མ། རྫོགས་ཆེན་ལྟ་བའི་སྒྲོན་མ། བཀའ་རྒྱུད་ཐེག་པའི་སྒྲོན་མ། ཕྲིན་ལས་ཐུགས་རྗེའི་སྒྲོན་མ། དྲག་སྔགས་བསྟན་སྤྲུང་སྒྲོན་མ་སྟེ། སྒྲོན་མ་རྣམས་རྣམས་དྲུག་ཏུ་གྲགས་པའི་ཆོས་སྐོ་ཆ་ལག་དང་བཅས་པ་དང་། ཀུན་བཟང་ཐུགས་གཏེར་ཞེས་པའི་རྫོགས་པ་ཆེན་པོའི་སྐོར་དང་ཕྱག་རྡོར་གཏུམ་པོའི་སྒྲུབ་ཐབས་སོགས་གཏེར་ཆོས་མང་དུ་སྤྱན་དྲངས་ཏེ་འདི་ལ། སྤྱི་ཚོམ། ནང་གཏེར་རྭ་སྐོར། ལྡེ་སྐོར། ལྡེ་སྐོར་གྱི་ཆིང་། རྭ་སྤྲག་གི་སྐོར་དང་ལྔ་སོགས་ཐུགས་རྟེན་རྡོ་རྗེའི་ནང་ནས་བྱུང་བར་གྲགས་ཤིང་། སྐུ་རྟེན་བསོད་ནམས་དཔལ་འབར་དུ་གྲགས་པ། བོད་ཁམས་སྤྱིའི་ཕན་བདེ་སྤེལ་བའི་ཆེད་དུ་བཞེངས་དགོས་པའི་ལུང་བསྟན་ནང་གཟུངས་འབུལ་རྒྱུའི་གཏེར་རྫས་དང་བཅས་གཏེར་ལུང་ནས་བྱུང་བ་ལྟར་སྐུ་རྟེན་བཞེངས་པ་དང་ནང་རྟེན་གཟུངས་གཞུག་དང་བཅོས་གཏེར་ལུང་ལས་ཇི་ལྟར་བྱུང་བ་བཞིན་ལེགས་པར་གྲུབ་ཅིང་རབ་ཏུ་གནས་པར་མཛད་པས་དགེ་མཚན་དང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་བྱུང་ངོ་། གཏེར་སྟོན་འདིས་སངས་རྒྱས་གླིང་པ་དང་དུས་མཉམ་ཡིན་ཏེ། འདིའི་གཏེར་ཆོས་གྲྭས་རིལ་བུ་མཐོང་བ་དོན་ལྡན་གྱི་དཀར་ཆག །ཀོང་ཡུལ་བྱ་རྒོད་གཤོང་གི་བྲག་རི་རྟ་མགོ་ལྗོན་པའི་རྩེ་ནས་སྤྲུལ་སྐུ་སངས་རྒྱས་གླིང་པས་གདན་དྲངས། ལ་སྟོད་དུ་གཏེར་སྟོན་བྱང་ཆུབ་གླིང་པ་འབྱུང་བའི་ལུང་བསྟན་གཟིགས་ནས། དཀོན་མཆོག་བཟང་པོ་ཞེས་པ་ལྟ་བར་བཏང་བས། གཏེར་སྟོན་བྱང་ཆུབ་(སྟོད་ཆ།༧༦༩)གླིང་པ་དང་གཉན་ནམ་དབེན་གནས་སུ་མཇལ་བས་ཐུགས་ཡིད་ཆེས་པའི་ལོ་རྒྱུས་ངོ་མཚར་བའང་སྣང་ངོ་། སྤྲུལ་པའི་གཏེར་སྟོན་ཉི་ཟླ་སངས་རྒྱས་ནི། དྭགས་པོར་འཁྲུངས། འདི་ཆོས་བློན་ཉི་མའི་སྐྱེ་བ་ཡིན་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཉི་མ་ཞེས་པའི་ཁྱིམ་མེས་ཚིག་ནས་མི་ཕྱུགས་མང་པོ་མེར་ཤི་ཤོར་བས་བློན་པོ་སྡིག་པ་དང་སྡུག་བསྔལ་གྱིས་གཟིར་བ་ལ། རྒྱལ་པོས་སློབ་དཔོན་རིན་པོ་ཆེར་སྡིག་པ་སྦྱོང་བའི་ཐབས་ཞུས་པས། སློབ་དཔོན་རིན་པོ་ཆེ་བདེ་བ་ཅན་དུ་རྫུ་འཕྲུལ་གྱི་སྐྱེས་བུས་ལག་པ་བརྐྱང་བསྐུམ་ཙམ་གྱི་ཡུན་ལ་ཕེབས། སངས་རྒྱས་འོད་དཔག་མེད་ལས་དངོས་སུ་གསན་པའི་གདམས་ཟབ་འཕོ་བ་འཇའ་ཟུགས་མའི་སྐོར་རྣམས་སློབ་དཔོན་ཉིད་ཀྱི་ཕྱག་གཡོན་པའི་སྲིན་མཛུབ་ལས་སྐུ་མཚལ་ཕྱུངས་ཏེ་ཏ་ལའི་ལོ་མ་ལ་བྲིས་ནས་གསེར་དངུལ་གཡུ་ཤེལ་ལྕགས་ལྔའི་སྒྲོམ་དུ་རིམ་པར་བཅུག་སྟེ་དགས་ལ་སྒམ་པོའི་རྒྱབ་མཚོ་མཎྜལ་འདྲ་བར་གཏེར་དུ་སྦས། ཆོས་བློན་ཉི་མས་སྐུ་ཡོན་དུ་གསེར་གྱི་ཉི་མ་དང་དངུལ་གྱི་ཟླ་བ་ཕུལ་བའི་རྟེན་འབྲེལ་གྱིས་དུས་ཕྱིས་གཏེར་སྟོན་གྱི་མཚན་ལའང་ཉི་ཟླ་སངས་རྒྱས་སུ་གྲགས་ཏེ། གཏེར་སྟོན་འདིས་མཚོ་མཎྜལ་ནག་པོ་ནས་འཕོ་བའི་གདམས་སྐོར་རྣམས་སྤྱན་དྲངས་ཀླུ་རྒྱལ་གཙུག་ན་རིན་ཆེན་བཅས་ལ་གནང་བས་ཆུ་དེ་ལ་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་སངས་རྒྱས་ཐོབ་པར་མཛད་ཅེས་གྲགས། ཡང་ཙ་རི་གཡུ་མཚོ་ནས་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ཁྱད་མཚར་ཞིག་གཏེར་ནས་བཞེས་པ་དེང་སག་གཉལ་དུ་ཡོད་ཟེར། ཡང་སྤྲུལ་སྐུ་ཉི་ཟླ་སངས་རྒྱས་དེ་ཉིད་ཚུར་མཐོང་རྣམས་ཀྱི་སྣང་ངོར་རླུང་ཡན་ལྟ་བུ་ལ་དོན་དུ་ཟངས་མདོག་དཔལ་རིར་ཕེབས་ནས་ཨོ་རྒྱན་(སྟོད་ཆ།༧༧༠)རིན་པོ་ཆེ། དངོས་སུ་མཇལ་ནས་འཕོ་བའི་གདམས་པ་ཟབ་ཁྱད་ཅན་ཞིག་གསན་པར་མཛད་པའི་གདམས་སྐོར་ཀྱང་ཡོད་ལ། བླ་མ་སྐུ་གསུམ་དང་། པདྨ་ཞི་ཁྲོའི་སྐོར་བཏོན་པ་ཡིན་ཟེར་བ་འདུག་ཀྱང་ངེས་པ་མི་སྣང་སྟེ་པདྨ་ཞི་ཁྲོ་ནི་ཀརྨ་གླིང་པའི་གཏེར་ཆོས་ཡིན་ནོ། །འོན་ཀྱང་གཏེར་སྟོན་འདིའི་སྲས་གཏེར་སྟོན་འདིའི་སྲས་གཏེར་སྟོན་ཀརྨ་པ་གླིང་པ་ཡིན་པས། དེའི་གཏེར་འདོན་པའི་གྲོགས་ཀྱང་མཛད་ཅིང་། ཆོས་བརྒྱུད་ཀྱང་ཡབ་འདི་ལས་ཀྱང་འཕེལ་བར་སྣང་ངོ་། །སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་མི་ལོ་ཉིས་བརྒྱར་འགྲོ་དོན་དུ་བཞུགས་པ་ཡིན་ཟེར་བའི་ལོ་རྒྱུས་ཀྱང་སྣང་ངོ་། ཟླ་ན་གཟི་བརྗིད་འབར་གྱིས་བྲག་དཀར་རྡོ་རྗེའི་རྩེ་ཞེས་པ་ནས་དྲག་པོའི་སྔགས་སྡེབས་སྙིང་གི་མེ་ལོག་ཞེས་བྱ་བ་ཟླ་གསང་སྲོག་འདུས་ནག་པོ་བཀོལ་བ་དུམ་བུའི་རྒྱུད་ཅེས་པ་ལེའུ་བཅུ་གཅིག་པ་ཞིག་དང་། དྲག་པོ་སྔགས་སྡེབས་ལྡེ་མིག་རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པ་གཉིས་གདན་དྲངས། དེ་ལས་གཞན་པའི་ཆོས་ཚན་དང་ལོ་རྒྱུས་ཞིབ་པར་མ་མཇལ། རོག་བན་ཤེས་རབ་འོངས་ཀྱིས་ཡང་དག་གི་སྒྲུབ་སྐོར་ལྷ་ལྔ་བཅུ་ང་བརྒྱད་པ་ཡང་དག་མར་མེ་དགུ་པ་སོགས་ཡང་དག་གི་སྐོར་མཐའ་ཡས་པ་སྤྱན་དྲངས་པ་ཡིན་ཅེས་ཟབ་ལུང་པའི་གཏེར་འབྱུང་ལས་བཤད་དོ། གཏེར་སྟོན་སར་བན་ཕྱོགས་མེད་ནི། འཇམ་དཔལ་རྫོགས་ཆེན་གྱི་ལུང་བྱང་ལས། ལོ་ནི་བཞི་བརྒྱ་རྩ་གནིས་ན། སྲིན་པོའི་ཕྲུ་གུ་བསམ་ཡས་སུ་སྐྱེ་བ་ལེན་པའི་དུས། ང་ཡི་གཏེར་ཆོས་འདི་རྣམས་སུས་རྙེད་པ། སྦྱངས་པའི་ལས་འཕྲོ་ཅན་དང་འཕྲད་དམ་སྙམ། ཞེས་དང་། འགྲོས་ཀྱི་(སྟོད་ཆ།༧༧༡)ཕག་རི་སྐྱི་མཐིང་བརྒལ་བའི་འོག༔ གྲུབ་པ་ཐོབ་པའི་སྟག་ཚང་སེང་གེ་ཕུག༔ གནས་ཀྱི་མིང་ནི་བཀྲ་ཤིས་དཔལ་ཕུག་ཏུ༔ གྲུབ་ཐོབ་གསུམ་གྱི་གདམས་པའི་བཅུད་ཕྱུང་བའི༔ སྙིང་དུམ་གདམས་པའི་ངོ་སྤྲད་རྣམས་བཞི་དང་༔ མ་ཚང་མེད་པར་མ་བུ་བཅས་ནས་སྦས༔ ཞེས་གསུངས་པ་ལྟར་སྟག་ཚང་སེང་གེ་བཀྲ་ཤིས་དཔལ་ཕུག་གིས་རྡོ་བབ་གཡུ་ཁྲ་ཅན་དུ་གཏེར་དུ་སྦས་པ། གུ་རུ་པདྨའི་གསང་ཡུམ་ཤེས་བཟང་སྒྲོན་གཅིག་གི་སྐྱེ་བ། སར་བན་ཕྱོགས་མེད་ཀྱིས་གཏེར་ནས་གདན་དྲངས་པ་ཡིན་ཏེ། གཏཏེར་སྟོན་འདི་འཁྲུངས་ཡུལ་མོན་སྤ་གྲོ་བ་ཡིན། འདིས་འཇམ་དཔལ་གྱི་ཆོས་སྐོར་ཆ་ལག་ཚང་བ་སྤ་གྲོ་སྟག་ཚང་ནས་གཏེར་བཞེས་ཏེ་དེང་སང་བར་དུ་དར་རྒྱས་ཆེ། སྔོན་སེའི་སྔགས་འཆང་བླ་ཆེན་བཀྲ་བཟང་པོ། འདྲེན་མཆོག་དཔལ་ལྡན་བློ་གྲོས་ཀྱི་དྲུང་དུ་ཆོས་སྐོར་འདི་གསན་པར་བྱོན་དུས། བདེ་གྲོལ་གྱི་ཕྱག་དཔེའི་སྟེང་ནས་ཞུས་སྐབས་གསང་འགྲེལ་འཁྲིད་སྐོར་གྱི་དཔེ་རྣམས་མ་རྙེད་ཅིང་རྗེས་སུ་བཙལ་བས་ཀྱང་མི་འདུ་གསུངས་པ། ཕྱིས་ཅོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་དཔེ་ཆེ་དེ་ཀའི་སྟེག་ནས་གསན་སྐབས་ཆོས་ཚན་ཚང་བར་བྱུང་བ་མཁའ་འགྲོ་གཏེར་སྲུང་གི་བཀའ་རྒྱ་གྲོལ་མ་གྲོལ་གྱི་ཁྱད་པར་ཡིན་ཞེས་ངོ་མཚར་བའི་གཏམ་རྒྱུད་ཡོད་དོ་ཅེས་ལྔ་པ་ཆེན་པོས་གསུངས་སོ། ལྡང་མས་བི་མ་ལའི་སྙིང་ཐིག་དང་། ལྕེ་བཙུན་གྱིས་བི་མ་སྙིང་ཐིག་གི་བབ་སོགས་བཞི་སོགས་དང་། བསམ་ཡས་མཆིམས་ཕུ་ནས་གཡུ་ཡིག་ཅན་གྱི་སྐོར་རྣམས་སྤྱན་དྲངས། དེས་ཕྱི་ནང་གསང་བའི་སྐོར་རྣམས་འུད་ཡུག་ནུམ་པའི་བྲག་སེང་གེ་འདྲ་བ་ལ་སྦས་པ་རྣམས་ལྕེ་སྒོམ་གྱིས་བཏོན།(སྟོད་ཆ།༧༧༢) ཞང་སྟོན་བཀྲ་ཤིས་རྡོ་རྗེས་གསང་བ་བླ་མེད་ཀྱི་སྐོར་རྣམས་བྱར་གྱི་པུའི་བྲག་དཀར་ཐེམ་པ་འདྲ་བ་ནས་བཏོན། གྲུབ་ཆེན་མེ་ལོང་རྡོ་རྗེས་སྒྲགས་ཡང་རྫོང་ནས་བི་མའི་ཐུགས་གཏེར། གནས་ལས་མཚན་བཏགས་ཡང་རྫོང་སྙིང་ཏིག །གཏེར་སྟོན་ལས་བཏགས་པ་མེ་ལོང་སྙིང་ཏིག །སྐུ་གསུང་ཐུགས་ཀྱི་རྒྱ་ལས་བཏགས་པ་སྙིང་ཏིག་ཨ་ཧཱུྃ་མ། གླེགས་བམ་གྱི་ཚད་ལས་བཏགས་པའི་བི་མའི་གོང་ཁུག་མར་གྲགས་པ་སྤྱན་དྲངས། འདི་དག་གི་ལོ་རྒྱུས་རྫོགས་ཆེན་སྙིང་ཏིག་གི་སྐབས་སུ་སྨྲས་ཟིན་པས་འདིར་བསྐྱར་ནས་མ་བྲིས། སྤྲུལ་པའི་གཏེར་སྟོན་འགྲོ་མདོན་དུང་མཚོ་རས་པ་ནི། སྔ་ཕྱི་གཉིས་བྱོན་པའི་སྔ་མ་ནི་སེམས་ཁྲིད་ཡིད་བཞིན་ནོར་བུ་སོགས་བཏོན་མཁན་དེ་ཡིན་ཏེ་ལོ་རྒྱུས་འོག་ཏུ་འཆད་དོ། ཕྱི་མ་ནི། ཡུལ་ལ་སྟོད་ལྷོའི་དིང་མ་དྲིན། ཡབ་ཞང་ཀོང་ནེ་བྱ་བ་དང་། ཡུམ་འགྲོན་བཟའ་སྒྲོན་སྐྱིད་བྱ་བའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ལ་ཆོས་སྐོར་ཞུགས་ནས་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད། དགུང་ལོ་ཉེར་གསུམ་ཙམ་ན་གང་བུ་ལེར་མི་ཉག་རས་པའི་དྲུང་དུ་བྱོན་ནས་དབང་འཁྲིད་དང་གསར་རྙིང་གི་གདམས་པ་མང་པོ་གསན། གངས་ཁྲོད་དང་གཡའ་ཁྲོད་མང་པོར་སྒྲུབ་པ་མཛད་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་མཇལ་ནས་ལུང་བསྟན་མཛད་པ་བཞིན། དབུས་དང་། ཀོང་པོ་ཕྱོགས་ལ་ཕེབས། འོན་དུ་རྗེ་བཙུན་མ་ཀུན་དགའ་འབུམ་དང་མཇལ་ནས་རྗེས་སུ་བཟུང་ཞིང་ཆོས་ཀྱི་བདག་པོར་ལུང་བསྟན། མོན་གནས་ཁྱུང་རྫོང་གངས་ར་དང་ལ་སྟོད་སྲིན་རྫོང་སོགས་ཀྱི་གནས་སྒོ་ཕྱེས། སྲིན་པོ་རྫོང་ནས། བླ་སྒྲུབ་གདུང་བ་ཞི་བྱེད་དང་ཚེ་སྒྲུབ་འོད་ཀྱི་བུམ་པ་(སྟོད་ཆ།༧༧༣)ཞེས་བྱ་བའི་ཟབ་གཏེར་ཐོན་ཅིང་གཞན་ལ་རྒྱ་ཆེར་སྤེལ། ཁྱད་པར་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་འགྲམ་ཕ་སག་རུས་སྦལ་ཁ་སྦུབ་པ་ལྟ་བུའི་འོག་ནས་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་གདམས་སྐོར་རྣམས་སྤྱན་དྲངས་སྐལ་ལྡན་རྣམས་ལ་སྤེལ་ས། ལམ་འདི་ལས་འོད་ལུས་གྲུབ་པའང་མང་དུ་བྱོན་ཞིང་དབང་ཁྲིད་ལུང་གསུམ་བརྒྱུད་པ་མ་ཆད་པར་དེང་སང་ཡང་བཞུགས་བཞིན་པ་འདིའོ། །གཞན་ཡང་རྡོ་ལ་ཕྱག་ཞབས་ཀྱིས་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་ངོ་མཚར་ཆེ་བ་བསམ་གྱིས་མི་ཁྱབ་པ་མངའ། ཀོང་ལོང་རལ་གསུམ་དུ་འགྲོ་དོན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། སྔོན་གྱི་འགྲོ་མགོན་དུང་མཚོ་རས་པའི་སྐྱེ་བར་སྒྲིབ་མེད་དུ་གསལ་བར་དྲན། མཚན་ཡང་དུང་མཚོ་རས་པ་ཕྱི་མར་གྲགས་པ་ཡིན་ནོ། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་ནི། མཚན་དངོས་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་དུ་གྲགས་ཏེ། གནུབ་སྔགས་འཆང་ནག་པོ་རོ་ཟན་གྱི་སྲས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱི་སྐྱེ་བ་ཡིན། ཧོར་གུར་སེར་རྒྱལ་པོའི་རྒྱུད་ལས། དེ་གྱིན་དེ་ཝ་རཱཛ་ཞེས་སྔོན་ཆོས་སྐྱོང་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་མོ་བཟའ་ལྷ་གཅིག་ཀོང་ཇོར་གྲགས་པའི་ཞང་པོ་སྟེ། དེ་དག་གི་གདུང་ལས་བྱུང་བ་ཧོར་འཇིག་རྟེན་མགོན་པོས་ཆེ་མཆོག་དང་མ་མོའི་གྲུབ་པ་ཐོབ་པ་ནས་བཟུང་རིག་འཛིན་ཆེན་པོའི་ཡབ་ཕུར་པའི་སྤྲུལ་པ་སློབ་དཔོན་བདུད་འདུལ་ཡན་ཆད་དུ་སྤྱིར་གསང་སྔགས་རྙིང་མ་ལ་མཁས་ཤིང་ཁྱད་པར་ཕུར་པའི་གྲུབ་ཐོབ་ཤ་སྟག་བྱུང་ངོ་། །དེ་ཡང་ཡབ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་གི་ལོ་རྟ་ཆེན་ཟླ་བའི་དཀར་ཕྱོགས་ཚེས་བཅུའི་དཔའ་བོ་མཁའ་འགྲོ་འདུལ་བའི་དུས་དགེ་བར་རི་བོ་(སྟོད་ཆ།༧༧༤)བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་བརྒྱུད་སྣ་མོ་ལུང་གི་གཟིམས་ཁང་དུ་སྐུ་བལྟམས། ལས་ཅན་གྱི་ཐེམ་བྱང་ལས། གླང་ངོ་འབྲུག་གི་ལོ་ཤར་ཚེ༔ ཕག་མོ་ཡུལ་གྱི་སྐུ་ལས་བསྐྱེད༔ ཆོས་ཉིད་སྒྲ་དང་བཅས་ཏེ་འཁྲུངས༔ བོད་ལ་བདེ་སྐྱིད་ལྡན་པར་འགྱུར༔ ཞེས། དབུ་གཙུག་ཏུ་སྨེ་བ་དཀར་ནག་གཉིས། ལྟེ་བར་སྨེ་བ་སུམ་སྒྲོམ། ཐུགས་ཀར་ཡི་གེ་ༀ། དཔྲལ་བར་གཉེར་མ་གྱེན་འགྲེང་གསུམ་ཡོད་པའི་མཚན་རྟགས་བཟང་པོ་དང་ལྡན་པ། ཁྱད་པར་དགུང་ལོ་བཅུ་གཉིས་པའི་དུས་སུ་དབུ་གཙུག་ཏུ་རྩ་བ་སྤུ་དཀར་པོའི་རྣམ་པ་ལ་རྩེ་མོར་རྒོད་ཀྱི་སྒྲོ་ཇི་ལྟ་བ་གསུམ་དང་། དགུང་ལོ་ཉེར་བཞི་པའི་དུས་རྒོད་ཀྱི་སྒྲོ་ལྔ་སྐྱེས་པས་འཁྲུངས་ཡུལ་དང་མཚན་རྟགས་སོགས་ཀྱི་ངེས་པ་ནི། ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལུང་བྱང་ལས། ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་ཤིས་ཤར་འདས་སུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ། རྒོད་ཀྱི་ལྡེམ་འཕྲུ་ཅན་ཞིག་འབྱུང་༔ དེ་ཕྱིར་ང་ཡི་ཐུགས་སྒྲུབ་བཞག༔ ཅེས་དང་། རི་ཁྲོད་པ་བཟང་པོ་གྲགས་པའི་གཏེར་ལུང་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་མ་ལས། བྱང་ཕྱོགས་མཐོ་ཡོར་ནག་མོའི་ས་ཕྱོགས་སུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ། ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང་༔ ཞེས་པ་ལྟར་རོ། རིག་འཛིན་ཆེན་པོ་འདིས་གཞོན་ནུའི་དུས་ནས་ཟབ་ཆོས་ཞི་ཁྲོ་སྒྱུ་འཕྲུལ་དང་། བཀའ་བརྒྱད་མ་གཤིན་ཕུར་གསུམ་སོགས་ལ་ཐོས་བསམ་སྒོམ་པ་ནན་ཏན་དུ་མཛད། འདི་ཉིད་ཀྱིས་སྤྱན་དྲངས་པའི་ཟབ་གཏེར་རྣམས་ནི་ཨོ་རྒྱན་ཆེན་པོ་ལྷོ་ནུབ་སྲིན་པོའི་(སྟོད་ཆ།༧༧༥)ཡུལ་དུ་གཤེགས་པའི་ཡར་ལམ་གནོད་སྦྱིན་བུ་ལེའུ་གདས་འདབས་ནས་རྗེ་ལྷ་སྲས་མུ་ཁྲི་བཙན་པོ། འབངས་སྣ་ནས་རྡོ་རྗེ་བདུད་འཇོམས། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་ལས་ཅན་གྱི་འཁོར་གསུམ་དང་བཅས་སློབ་དཔོན་ཆེན་པོའི་རྫུ་འཕྲུལ་གྱིས་རི་བོ་བབཀྲ་བཟང་གི་རྩེ་མོར་ཕེབས། རྡོ་ཟངས། ཁྲོའི་གའུ་ཁ་སྦྱར་གྱི་ནང་མཁའ་འགྲོ་མས་ཕུལ་བའི་འཛེད་དཀར་གྱི་རྡོ་རིང་གསུམ་ཤོག་སེར་དང་བཅས་གཏེར་དུ་སྦས། དེ་དོན་པའི་ཁ་བྱང་ནི། བཟང་པོ་གྲགས་པའི་གཏེར་མའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ། སྙིང་བྱང་རྒྱས་པ་གནད་ཀྱི་ཐེམ་བུ། འབྲིང་པོ་ཐུགས་རྗེའི་འོད་ཟེར། བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་རྣམས་ལས་གསལ་བ་ལྟར། བཟང་པོ་གྲགས་པས། གྲོམ་པོ་རྒྱང་གི་ལྷ་ཁང་དང་། རྒྱང་ཡོན་པོ་ལུང་གི་ཕུག་པ་གཉིས་ནས་ཟབ་གཏེར་མང་དུ་སྤྱན་དྲངས་པའི་ནང་ཚན་ཤོག་དྲིལ་བཞི་པོའི་སྟེང་དུ་ཕྱིར་ཟློག་འཁོར་ལོ་འབར་བ། ཞལ་ཆེམས་ཐུགས་ཀྱི་ཐིག་པ། ཁ་བྱང་གཏེར་གྱི་བང་མཛོད། ལམ་བྱང་གསལ་བའི་སྒྲོན་མེ་རྣམས་བསྣན་ཏེ་ཆོས་ཚན་བརྒྱད་པོ་དེ་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ནས་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ཏེ། སྔགས་པ་ཕྱག་ན་ལྷའི་སྐུའམ་ཕུར་པ་ཐོགས་པ་ཐོག་མར་བོད་བདེ་སྡུག་གི་གཏམ་འདྲི་བ་ཞིག་ལ་ཐོད་གསུངས་པ་ལྟར་ལམ་དུ་ཞུགས་ཏེ་བྱོན་པས་རིག་འཛིན་ཆེན་པོ་དང་མཇལ་བས་གོང་གི་གསུང་རྣས་དང་མཏུན་པར་བྱུང་བ་ལ་བརྟེན་ཤོག་དྲིལ་རྣམས་ཕུལ་བས་ཁོང་གི་གཏེར་གྱི་ཁ་བྱང་རྣམས་བྱུང་བས། རི་བོ་བཀྲ་བཟང་གི་གཏེར་ཐོག་མར་བཞེས་པར་མཛད་རྒྱུས་ཚེ། གཏེར་ཁ་སྔ་ཕྱི་གཉིས་ཀྱི་གཏེར་ཚབ་གུང་ཐང་རྒྱལ་པོས་བཙུག་ན་ལེགས་པར་བཤད་(སྟོད་ཆ།༧༧༦)པ་ལྟར་ཞུ་བ་ལ་བྱོན་ཀྱང་། མངའ་བདག་ཕུན་ཚོགས་དཔལ་ས་སྐྱར་བྱོན་པ་དང་འགྲིག་པས། མངའ་བདག་ཐུགས་བྲེལ་གྱིས་གཡེངས་ནས་ཉིན་ཞག་མང་པོའི་བར་དོ་གལ་མ་མཛད་པར་ལུས། མཐར་གསེར་ཞོ་གང་གནང་། ཡར་ལམ་ངམ་རིང་ནས་གཏེར་ཚབ་ཏུ་དར་སྣ་འབྲུ་སྣ་གཏོས་ཆེ་བ་ཕུལ། དེ་ནས་མེ་རྟ་སྦྲུལ་གྱི་ཟླ་བའི་ཡར་ངོའི་ཚེས་བརྒྱད་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ། རི་བོ་བཀྲ་བཟང་གི་རྩེ་མོར་ཕེབས་ཏེ་སྐྱ་རེངས་དང་པོའི་ཚེ་གཏེར་གནས་ཀྱི་ཐང་དུ་འོད་ཟེར་སྐར་ཆེན་ཤར་བ་ལྟ་བུ་དང་། ཉི་མའི་རྩེ་ལ་དཔག་བསམ་གྱི་སྡོང་པོ་ལྟ་བུའི་འོད་ཟེར་དཀར་པོ་རི་བོ་བཀྲ་བཟང་གི་ཐད་ལ་ཟུག །བྲག་ལ་ཟིལ་པ་ཁ་བ་བབས་པ་ཙམ་འདུག་པའི་འོག་ནས་མཛེང་རྡོ་དཀར་པོ་སོགས་གཏེར་རྣམས་སྤྱན་དྲངས་པ་ཡིན་ཏེ། སྙིང་བྱང་རྒྱས་པ་ལས། རྟ་ལོ་སྦྲུལ་གྱི་ཟླ་བ་ཡི༔ ཚེས་བརྒྱད་སྟག་གི་ཁ་རླངས་ལ༔ རི་དེའི་མིག་གི་རྣམ་པར་ལྟ༔ འོད་ཟེར་སྐར་ཆེན་ཤར་འདྲ་འབྱུང་༔ ཞེས་དང་། འབྲིང་པོ་ལས། མཛེང་བྲག་དཀར་པོའི་རྡོ་རིང་ལ༔ ནང་ན་བྱང་ཆུབ་སྲོག་ཤིང་ལ༔ གཏེར་ཆེན་གསུམ་གྱི་ལྡེའུ་མིག་ཡོད༔ གཏེར་ཕྲན་བརྒྱ་རྩ་འདོན་པར་འགྱུར༔ མུན་པ་འོད་དུ་སྣང་བ་ལ༔ ཉི་ཤར་སྟེང་དུ་ཐིམ་པ་འབྱུང་༔ ཞེས་གསུངས་པ་དང་མཐུན་པར་བྱུང་ཞིང་། སྙིང་བྱང་བསྡུས་པ་ལས་གསུངས་པ་ལྟར་གཏེར་ཚབ་སྦས་ནས། ཕྱི་རབས་ཡིད་ཆེས་ཀྱི་དོན་དུ་གཏེར་ཤུལ་དངོས་འཇོག་པར་གནང་བས་དེང་སང་རླུང་གསེང་དུ་གྲགས། ལོ་ཕྱི་མའི་ལོ་གསར་གྱི་སྐབས་མྱུ་གུ་གསར་དུ་སྐྱེས་པ་ལ་བརྟེན། རི་བོ་བཀྲ་བཟང་གཏེར་ཆེན་འདུས་པའི་རྩེར། ལོ་གསར་འཁྱགས་པའི་དུས་སུ་ལོ་ཏོག་སྨིན། །ཞེས་གསུངས་པ་བཞིན་དེང་སང་བར་(སྟོད་ཆ།༧༧༧)དུ་ཡོད་ཟེར་རོ། །དེ་ནས་ལུང་བསྟན་བཞིན་དཀྱིལ་འཁོར་གྱི་དབུས་སུ་མཛེང་གི་རྡོ་རིང་བཀོད་རྡོ་རྗེ་ཕུར་པའི་སྒོ་ནས་གཏེར་གྱི་མངའ་དབུལ་དང་དངོས་གྲུབ་བླངས་པར་མཛད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་དུག་སྦྲུལ་སྤུངས་འདྲའི་སྐད་པ་སྟེ་ཟང་ཟང་ལྷ་བྲག་ལྷའི་སྐྱེད་ཚལ་ཟེར་བའི་བྲག་ཕུག་ནས་གཏེར་བཞེས་པའི་ཚེ་རྡོ་རྗེའི་རྒྱ་གྲ་གྱི་མཚན་རྟགས་ཀྱི་འོག་ཏུ་ལྡེ་མིག་བསྣུན་པས་བྲག་གི་སྒོ་གསལ་བའི་ནང་ནས་རྡོ་སྔོན་པོ་གྲུ་བཞི་སྒོ་དགུ་ཡོད་པ། སྒོ་རྒྱན་དངུལ་གྱི་མདོག་འདྲ་བའི་གཟེར་བཏབ་པ། སྟེང་དུ་སྦྲུལ་ཁ་དོག་སྔོ་སྐྱ། ལྟོ་བ་སེར་པོ། སྦོམ་པྲ་ལག་ངར་ཙམ་པ། རིན་ཆེན་ཟུར་བརྒྱད་པའི་དབྱིབས་སུ་འཁྱིལ་བ། ཁ་ཤར་ལྷོར་བསྟན་པ། སྙིང་ཁ་ན་འབུར་གསུམ་ཡོད་པའི་ནག་ནས་ཤོག་དྲིལ་གཅིག་དང་རིན་པོ་ཆེ་ཞིག་སྟོན། །དེ་ནས་དབུས་རྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོ་ཅིག་གིས་དྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་པ་བཞིའི་ཆོས་སྤྱོད་པ་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་མདར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་ཙན་དན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟངས་ཐལ་གྱི་གྱོས་ཐོག་དྲངས་པའི་ཆོས་དང་རྫས་མ་བགྲང་བ་ལས་འདས་པ་སྤྱན་དྲངས་ཏེ། ཞལ་ཆེམས་བདུན་པ་ལས། གཏེར་ཆོས་ཟབ་མོའི་མན་ངག་རྩ་བ་བཞི༔ ཤར་ནས་དུང་མཛོད་དཀར་པོ་འབྲས་བུ་ཆོས༔ ཚེ་འདིར་སངས་རྒྱས་ལག་བཅངས་གཏད་ཐབས་ཡོད༔ རྩ་རྒྱུད་(སྟོད་ཆ།༧༧༨)གཅིག་ལ་མན་ངག་རྣམ་པ་བདུན༔ དེ་ལ་ཕྲན་བུའི་མན་ངག་བཅུ་བཅུ་ཡོད༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ལྷོ་ན་གསེར་མཛོད་སེར་པོ་བསྙེན་སྒྲུབ་ཆོས༔ ལམ་གྱི་བར་ཆད་སེལ་བའི་སྒྲུབ་ཐབས་ཡོད༔ ཡི་དམ་ལྷ་ཡི་སྒྲུབ་ཐབས་རྩ་བ་བཅུ༔ དེ་རྣམས་རེ་རེ་ལ་ཡང་མན་ངག་བཅུ༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ནུབ་ན་ཟངས་མཛོད་དམར་པོ་རྟེན་འབྲེལ་གྱི༔ ཟབ་ལམ་ཐབས་ཀྱི་དངོས་གྲུབ་གནད་ཏིག་ཡོད༔ རྩ་བ་གཅིག་ལ་མན་ངག་བརྒྱ་རྩ་གཅིག༔ བྱང་ན་ལྕགས་མཛོད་ནག་པོ་ངན་སྔགས་ཀྱི༔ རེག་གཅོད་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ལ། མ་བུ་ལྔ་ལྔར་ཕྱེ་བས་བརྒྱ་རྩ་གཅིག༔ དབུས་ན་ཤོག་དྲིལ་རྒྱ་ཅན་གསུམ་ཡོད་པས༔ ལས་ཅན་སྣོད་རྟགས་དམ་མེད་སྤང་བ་དང་། གདོང་དམར་ལྷོ་བོད་མཚམས་ཀྱི་གདུལ་བྱའི་གནད༔ སྐྱེས་བུ་ཁྱོད་ལ་དགོས་པའི་ཆོས་དྲུག་ཡོད༔ དུག་སྦྲུལ་ལྟོ་བ་གཤགས་པས་ཐུན་མོང་གི༔ སྒྲུབ་པ་ཟབ་མོ་གཉིས་གངང་ཞལ་ཆེམས་གཅིག༔ དབུས་ན་རྩིས་རྒྱར་མ་བཞག་གབ་པ་ཡི༔ གང་ཟག་སྤྱི་ལ་དགོས་པའི་ཆོས་ཚད་མ༔ ཟབ་ལ་གནད་འདུས་ཤིན་ཏུ་གཅེས་པ་ཡོད༔ ཅེས་སོགས་གསུངས་པ་ལྟར་རོ། མཛོད་ལྔ་རེ་རེ་ལ་ཡང་ཆོས་ཚན་བརྒྱ་རེ་ཡོད་པར་གྲགས་ཏེ་ཁྱོན་དྲིལ་ཆོས་ཚན་ལྔ་བརྒྱ་ཡན་ལག་བཅས་དང་། གཏེར་གནས་གཞན་ནས་སྤྱན་དྲངས་པ་སོགས་གཏེར་ཆོས་བསམ་གྱིས་མི་ཁྱབ་པ་གདན་དྲངས། གཏེར་འདོན་པའི་དུས་རྟགས་ཀྱང་། ལམ་བྱང་གསལ་བའི་སྒྲོན་མ་ལས། རི་བོ་བཀྲ་བཟང་གི་རྩེ་ལ་ཞྭ་གྱོན༔ བྱང་ཕྱོགས་ནས་མང་ཡུལ་དུ་གློག་ལྟར་འཁྱུག༔ རྒྱ་གར་བྱང་ཆུབ་ཤིང་ལྷོ་རུ་ཡོ༔ ཁ་ཆེའི་མཆོད་རྟེན་བྱང་ཤར་དུ་རལ༔ བལ་པོའི་འཕགས་པ་ཤིང་(སྟོད་ཆ།༧༧༩)ཀུན་གྱི་མཆོད་རྟེན་བྱང་ཤར་དུ་ཡོ༔ བསམ་ཡས་བྲག་དམར་ལ་ཐོག་འབབ༔ དེ་ལྟ་བུའི་དུས་བྱུང་དུས་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་རྟའི་ལོ་ལ་གཏེར་འབྱུང་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་དང་། གཏེར་འདོན་པའི་དགོས་ཆེད་ཀྱང་། སྐུལ་བྱང་ལས། ཟང་ཟང་ལྷ་བྲག་གི་སྐད་པ་ན༔ སངས་རྒྱས་བསྟན་པ་ཡུན་རིང་དུ་བསྲིང་བའི་ཐབས་ཡོད་དོ༔ དེ་དུས་ལ་བབས་པའི་ཚེ་འཐོན་ནོ༔ བོད་ལ་མི་ལོ་བརྒྱ་དང་རྩ་གཅིག་བདེ་སྐྱིད་འབྱུང་༔ ཞེས་དང་། ཕྱིར་གཏེར་གསོལ་འདེབས་ཀྱི་མཇུག་ཏུ། མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔ ང་ཡི་རྗེས་མཇུག་སྦས་པའི་རྣལ་འབྱོར་པ༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔ དེའི་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང་༔ ཞེས་དང་། ནང་གཏེར་ལྷ་སྲས་ཞུས་ལེན་གྱི་མཇུག་ཏུ༔ དུས་ངན་ཐ་མ་མཐར་ཐུག་སླེབས་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ལྷ་སྲས་གདུང་རྒྱུད་སྐྱོབ༔ ཞེས་དང་། སྙིགས་དུས་གུང་ཐང་རྒྱལ་པོ་སྙིང་རྩེའི་ཕྱིར༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ལ༔ ལྷ་སྲས་གདུང་རྒྱུད་སྐྱོབ་པའི་མན་ངག་བདོག༔ དེ་དུས་སྐྱེ་འགྲོའི་མི་རྣམས་ཐེ་ཚོམ་ཆེ༔ ལོག་ལྟ་མ་བྱེད་ང་ཡི་བཀའ་བཞིན་སྒྲུབས༔ གུང་ཐང་རྒྱལ་པོའི་བསམ་པ་དེ་ཡིས་འགྲུབ༔ ཞེས་པ་ལྟར་མངའ་བདག་རྒྱལ་པོ་རྗེ་བཀྲ་ཤིས་སྡེ་དང་གཏེར་སྟོན་ཆེན་པོ་དང་མཛོད་ལྔ་འདུས་པའི་ཟབ་གཏེར་འཐོན་པ་རྣམས་དུས་གཅིག་ཏུ་འཛོམས་ན་བོད་ལ་བདེ་སྐྱིད་ཆེན་པོ་འབྱུང་བར། གབ་པ་སྙིང་གི་ལྡེ་མིག་ལས། སློབ་དཔོན་དང་ནི་ཟབ་མོའི་གཏེར༔ གུང་(སྟོད་ཆ།༧༨༠)ཐང་རྒྱལ་པོ་གསུམ་འཛོམས་ནས༔ དེ་དུས་བོད་ཀྱི་བསྟན་པ་ནི༔ བརྒྱ་དང་རྩ་གཅིག་གཏེར་དེས་འཛིན༔ ཞེས་འབྱུང་བའི་དོན་ལྟར་འགྲོ་བའི་བསོད་ནམས་ཀྱི་སྨན་ཡོན་དམ་པར་འགྱུར་བ་ལ། བདུད་ཀྱི་བར་ཆད་ཀྱི་དབང་གིས་རྟེན་འབྲེལ་ཅུང་མ་འགྲིག་པར་སྣང་སྟེ། སྙིང་བྱང་འབྲིང་པོ་ལས། དང་པོ་དད་པ་མ་སྐྱེས་ན༔ གདུང་གསུམ་གྲི་རུ་འགུམ་པར་འགྱུར༔ ཞེས་དང་། སྙིང་ཏིག་གནད་ཀྱི་དོན་བདུན་མ་ལས། གལ་ཏེ་གུང་ཐང་རྒྱལ་པོ་བདུད་ཀྱིས་བར་དུ་བཅད་དེ་རྟོག་གེ་སྒྲ་ཚད་པ་ལྟ་བུའི་ཐེ་ཚོམ་རྟོག་ཅིང་དད་པ་དང་མི་ལྡན་ན་བོད་ཀྱི་སྐྱིད་པ་ཟད་པ་ཡིན་ཏེ༔ གུང་ཐང་རྒྱལ་པོའི་གདུང་བརྒྱུད་བདུད་ཀྱིས་གཅོད༔ བོད་ཀྱི་ཕུང་མགོ་གུང་ཐང་ནས་འཛུགས་སོ༔ ཞེས་སོགས་གསུངས་པས་སོ། འོན་ཀྱང་ཟབ་གཏེར་འདི་ཉིད་ཀྱི་སྙན་པས་བོད་ཡུལ་ཁྱབ་ཅིང་། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ནས་འོངས་པའི་ཆོས་ཀྱི་རྒྱུན་དེང་སང་བར་མ་ནུབ་པར་གནས་པ་འདིའོ། དེ་ལྟར་བོད་བདེ་ཐབས་ཀྱི་རྟེན་འབྲེལ་ཅུང་ཟད་མ་འགྲིག་པར་བརྟེན། གབ་པའི་སྙིང་གི་ལྡེ་མིག་ལས༔ བོད་ཁམས་ཕུང་བའི་རྟགས་བྱུང་ན༔ ཡོལ་མོ་སྟོད་ལ་གྲོ་མོ་སྨད༔ བལ་ཡུལ་རིན་ཆེན་འབྲས་མོ་གཤོངས༔ གོང་གི་རྟགས་བྱུང་དེ་རུ་རྒྱུགས༔ ཞེས་གསུངས་པ་ལྟར། སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་ཕྱེ་བར་ཕེབས། དེའི་རྒྱུ་མཚན་གྱི་གཙོ་བོ་ནི་སྐུལ་བྱང་ཆེན་མོ་ལས། ལྷོ་འབྲས་མོ་གཤོངས་ཀྱི་སྒོ་ཕྱེས་པ་ཙམ་གྱིས་ལོ་བདུན་འཛམ་བུ་གླིང་གི་བདེ་སྐྱིད་འབྱུང་༔ དེའི་དུས་དབུས་སུ་རྒྱལ་པོ་མངའ་གསོལ་ན༔ ལོ་བཅུ་གསུམ་འཛམ་བུའི་གླིང་དུ་བདེ་སྐྱིད་འབྱུང་༔ ཞེས་པ་ལྟར། མཛོད་ལྔ་སྟག་རྩེ་བརྒྱུད་འབྲས་(སྟོད་ཆ།༧༨༡)གཤོངས་མཐིལ་དུ་ཕེབས། བྲག་དཀར་བཀྲ་ཤིས་སྡིངས་སུ་མགུར་གསུངས། སྒོ་ཡོལ་གྱི་ལུང་ཕྲན་ལྔ་དང་དགའ་བདེ་སོགས་སུ་བཞུགས། དེ་དུས་འབྲས་མོ་གཤོངས་གནས་སྒོ་ཕྱེས་པའི་ཕྱག་རྟགས་སུ། བོད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་དཀའ་བ་མང་དུ་སྤྱད་ནས། འབྲས་མོ་ལྗོངས་ཀྱི་གནས་སྒོ་ཕྱེ་ནས་ཡོད་པས། ཞེས་སོགས་སྤྲིང་ཡིག་ངོ་མཚར་བའང་མཛད། འབྲས་མོ་གཤོངས་སུ་མ་ཟད། བདེ་ལྡན་སྐྱིད་མོ་ལུང་། སྦས་ཡུལ་པདྨའི་ཚལ། རོལ་པ་མཁའ་འགྲོའི་གླིང་། རྒྱལ་གྱི་མཁན་པ་ལུང་། ལྷའི་ཕོ་བྲང་སྟེངས། གྲོ་མོ་ཞུད་ངེ་སྦས་ཡུལ་བདུན་གྱི་ཐེམ་བྱང་དང་། སྦས་ཡུལ་སྤྱིའི་ཐེམ་ཡིག །བྱེ་བྲག་ཏུ་ཡོལ་མོ་གངས། བུ་ལེ་གངས་འབྲས་མོ་ཁུད། སྐྱིད་མོ་ལུང་། མཁན་པ་ལུང་། སྟག་པོ་གངས་ར་སོགས་སྦས་ཡུལ་སྤྱི་བྱེ་བྲག་མང་པོའི་ལྡེ་མིག །ཁ་བྱང་། ལམ་བྱང་སྙིང་བྱང་། གནས་ཡིག །དྲི་ཀུན་ཏུ་གཟིགས་ཀྱི་སྟོད་རིགས་རྒྱུད་དར་བའི་གནས། བར་བསོད་ནམས་དང་ལོངས་སྤྱོད་དར་བའི་གནས། སྨད་ཕུང་བྱེད་མཐའ་དམག་ཟློག་པའི་གནས་ཀྱི་ས་གནད། གན་ཏིག་ལུང་བསྟན་སོགས་དུ་མ་ཡང་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་ཏེ་བཀའ་བབས་པ་ཡིན་ལ། སླར་ཡང་གུང་ཐང་རྒྱལ་པོ་མཆོག་གྲུབ་སྡེས་ཏི་ཤྲིར་བཀུར་ཏེ་གཙུག་ཏུ་བསྟེན་པས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང་། སྤྱིར་ཟབ་གཏེར་ཐམས་ཅད་བོད་ཀྱི་བདེ་སྐྱིད་འབྱུང་ཐབས་ཁོ་ན་ཡིན་ཡང་། ཁྱད་པར་བྱང་གཏེར་འདི་བོད་ལ་ཕན་ཐབས་གཙོ་ཆེ་སྟེ། རི་ཀུན་ཏུ་གཟིགས་ཀྱི་ལུང་བསྟན་ལས། རྒྱལ་པོའི་གདུང་རབས་ཉི་ཤུ་སོང་བ་དང་། བྱང་ཟང་ཟང་ལྷ་བྲག་གི་སྐྱེད་ཚལ་ནས་མཛོད་བཞི་འདུས་པའི་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་བྱ་(སྟོད་ཆ།༧༨༢)བས་རྙེད་ནས་ལྷོ་བོད་ཀྱི་མཚམས་སུ་དགེ་བའི་ལས་བསྟན་པ་འཛིན་པ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། བོད་ཀྱི་ནང་འཁྲུག་ཞི་བར་བྱེད་པ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་ལ་སོགས་གང་ལ་གང་དགོས་གཏེར་མཛོད་དེའི་ནང་དུ་ཡོད་པས་འགྲོ་དོན་ལ་བརྩོན་པར་གྱིས་ཤིག༔ འདིའི་སྐབས་སུ་ཁྱུང་ལུང་བྲག་མཁར་ནས་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡར་བཅད་ཀྱི་བོད་སྤྱིའི་དོན་དང་ས་ཁོལ་བུར་བདེ་བའི་ཐམས་སྣ་ཚོགས་ཡོད་པ་ཟུར་དུ་ལྟོས་ཤིག༔ ཅེས་བྱུང་བ་ལྟར་རོ། །གཞན་ཡང་སྦས་ཡུལ་སྐྱིད་མོ་ལུང་གི་གནས་སྒོ་ཕྱེ་བ་སོགས། དགུང་ལོ་བདུན་ཅུ་རྩ་གཉིས་ཀྱི་བར་དུ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །དེ་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཆོས་ཀྱི་དབྱིངས་སུ་གཤེགས་ཏེ། རིག་འཛིན་ཆེན་པོ་འདིས་དྲུག་གི་དགོངས་པ་མངོན་དུ་གྱུར་པར་ཡིན་ཅེས་གྲགས་སོ། དེ་ལྟར་ཆོས་རྒྱུད་འདི་ལ་གྲུབ་ཐོབ་ཀྱང་བསམ་གྱིས་མི་ཁྱབ་པར་བྱུང་མོད། གྲུབ་ཐོབ་ཐང་སྟོང་རྒྱལ་པོའང་གཏེར་ཆོས་འདིའི་བརྒྱུད་འཛིན་ཡིན་པ་ཁོ་རང་གི་རྣམ་ཐར་ན་གསལ། ཁྱད་པར་དུ་ཀུན་སྤང་དོན་ཡོད་རྒྱལ་མཚན་གྱི་ཞལ་སློབ་མཚན་དངོས་གསང་བདག་བདེ་ཆེན་ལྷུན་གྲུབ་ཟེར་བ་ཞིག་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཉམས་བཞེས་ལ་བརྩོན་པས་རིག་པ་ཚང་ཕེབས་ཀྱི་སར་ཕེབས། དེ་ནས་ཀྱང་། འབྲི་མཚམས། སྤ་གྲོ་སོགས་གནས་ངེས་མེད་མང་པོར་འཕོ་ཞིང་བསྒོམས་པ་ན། ནམ་ཞིག་གི་དུས་ཅོག་པུའི་སྒོ་ནས་སྒྲུབ་གཡོག་གིས་གསོལ་ཇ་འདྲེན་པ་ལ་གསུངས་ལན་མ་བྱུང་བས་ཅོག་པུའི་སྒོ་ཕྱེས་ནས་བལྟས་པས། ནང་ཐམས་ཅད་དྲི་བཟང་གིས་ཁྱབ་ཅིང་། སྐུ་ལ་བཞེས་(སྟོད་ཆ།༧༨༣)པའི་ན་བཟའ་དང་། ཕྱག་ཞབས་ཀྱི་སེན་མོ་ཉི་ཤུ་་ཙམ་མ་གཏོགས་འོད་ཕུལ་དུ་ཡལ་ནས་འདུག་ཅིང་། ན་བཟའ་ཕྱག་སེན་སོགས་སྒྲུབ་གྲོགས་དེའི་ཕྱག་ཏུ་ཡོད་པ་ལ་མི་གཉིས་ཀྱིས་བརྐུས་ནས་ཁྱེར་ཏེ། གཅིག་གིས་ཁོ་རང་གི་ཕུ་བོ་ཡིན་པའི་མི་སྡིག་ཅན་ཞིག་ནད་ཀྱིས་ཐེབས་ཏེ་ཟུག་པུ་དྲག་པོ་བཟོད་གླག་མེད་པ་ཞིག་ལ་བྱིན་རླབས་བྱས་པས། དེ་མ་ཐག་ནད་ལས་གྲོལ་ཞིང་། ཕྱིས་ཀྱང་རང་བཞིན་གྱིས་བསམ་གཏན་ལ་གནས་པ་ཞིག་བྱུང་ཞིང་། གཅིག་ཤོས་ཀྱི་སྐལ་བ་རྣམས་བྱང་ཆུབ་སེམས་དཔའ་དཔལ་འབྱོར་རྒྱལ་མཚན་གྱི་ཕྱག་ཏུ་ཕེབས་པས། སེན་མོ་རྣམས་་འཕེལ་གདུང་ཁོ་ནར་སོང་ཞིང་། གདུང་གཅིག་རྡོ་རྗེ་སེམས་དཔའི་སྐུ་ངོ་མཚར་ཅན་ཞིག་བྱོན་འདུག་གསུངས་ཏེ་ད་ལྟའང་ཀུན་བཟང་གླིང་ན་ཡོད་དོ། འདི་ལྟ་བུའི་ལོ་རྒྱུས་མང་དུ་སྣང་ཡང་འདིར་ཟབ་ལུང་པའི་ཡིག་ཆ་ལས་བྱུང་བས་དཀྱུས་སུ་བྲིས་པ་ལས་གཞན་སྨོས་ཀྱིས་མི་ལངས་སོ། གཏེར་སྟོན་བ་མཁལ་སྨུག་པོའི་འཁྲུངས་ཡུལ་ལྷོ་བྲག་པ་ཡིན་ཟེར། རྣམ་ཐར་ཞིབ་རྒྱས་མ་རྙེད། གཏེར་ཆོས་གུ་རུ་རིན་པོ་ཆེ་མངལ་སྐྱེས་ཀྱི་རྣམ་ཐར་དང་། གསོལ་འདེབས་བར་ཆད་ལམ་སེལ། དེའི་འགྲེལ་ཊིག་བཅས་དང་། རྡོ་རྗེ་ཕུར་པའི་ཆོས་སྐོར་ལས་ཚོགས་རྫོགས་རིམ་དང་བཅས་སྤྱན་དྲངས་པ་ཡིན་པར་སྣང་ངོ་། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་ཡང་སྲིད་དཔལ་ལྡན་འཇམ་དབྱངས་བླ་མ་ནི། གཙང་ཉང་སྟོད་དུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་གནས་རྙིང་ཚོགས་པའི་གྲྭ་སར་བཞུགས་པར་མཛད་ནས་མདོ་སྔགས་ཐམས་ཅད་ལ་གསན་བསམ་གྱིས་སྒྲོ་འདོགས་ཆོད་པ་མཛད། སྐབས་ཤིག་ཉང་(སྟོད་ཆ།༧༨༤)སྟོད་ཁྲོ་སྒང་དུ་ཆོས་འཁོར་ལ་ཕེབས་པས། གཙུག་ལག་ཁང་གི་འགྲམ་གསེབ་ཞིག་ཏུ་སོ་ཕག་ཆེན་པོ་ཞིག་འདུག་པ། ཕ་གི་བཅོག་རྒྱུ་བྱུང་ན་དགོངས་པ་ཞིག་བྱུང་སྟེ། གྲྭ་པ་གཞན་མེད་པའི་ཤུལ་དུ་སོ་ཕག་བཅག་པའི་ནང་ནས་གཏེར་གྱི་ཁ་བྱང་བྱུང་སྟེ། སྒྲོལ་བྱེད་ནག་པོའི་མཁར་མཁའ་འགྲོ་གསང་མཛོད་ཕུག་ནས་རུས་སྦལ་དམར་པོའི་ཁོག་པ་བཏོན་པའི་ནང་ནས་རྩ་གསུམ་དྲིལ་སྒྲུབ་སྐོར་དང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པ་སོ་སོའི་བཀོལ་བྱེད་དང་བཅས་པ་དང་། བཀའ་སྲུང་སྒྲོལ་བྱེད་ནག་པོའི་སྐོར་དང་བཅས་སྤྱན་དྲངས། གསོལ་འདེབས་འདིའི་གྲོལ་ཚད་ཀྱང་། གང་ཟག་བྱེ་བ་དགུ་ཁྲི་དང་། འབབུམ་ཕྲག་ལྔ་རྣམས་གསོལ་འདེབས་འདི་ཡིས་གྲོལ། ཞེས་གསུངས་པའི་ཟབ་ཆོས་འདི་གཙང་ཉང་སྟོད་ཤབས། ཤངས་དང་རྟ་ནག་འོ་ཡུལ་སོགས་གཙང་གི་ཕྱོགས་སུ་འགྲོ་དོན་དང་ཕྲིན་ལས་ཆེ་ཞིང་ཆོས་རྒྱུན་དར་རྒྱས་ཆེ་བར་ཡོད་ཟེར་རྣམ་པ་ཞིབ་པར་མ་འཚལ། གུ་རུ་ཡེ་ཤེས་ཁྱུང་གྲགས་ནི། ཉང་སྟོད་དུ་འཁྲུངས། ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ། གཏེར་གྱི་ཁ་བྱང་ལས་བྱུང་བ་བཞིན། གཡག་སྙིང་པོ། བྲག་དམར་གཏེར་ཁུངས། རྩེ་གནས་གསར། བྲག་རྡོ་རྗེ་ཚེ་བརྟན་རྣམས་ནས་བཀའ་བརྒྱད་ཁྲོ་བོ་འབར་བ། ཞི་ཁྲོ་དོན་གྱི་སྙིང་པོ་རྫོགས་རིམ་སྐོར་དང་བཅས་དང་། རྡོ་རྗེ་ཕུར་པའི་ཆོས་སྐོར། ཐུགས་རྗེ་ཆེན་པོའི་ཆོས་སྐོར། སྤོས་དཀར་ལ་བརྟེན་པའི་དབང་སྡུད་དང་། སྦྲང་རྩི་ལ་བརྟེན་པའི་སྨྲས་ཚད་དབང་དུ་འདུ་བའི་གདམས་པ་སོགས་དང་། སྐྱེ་བདུན་རིལ་བུ་སྔ་འགྱུར་ཕྱི་འགྱུར་བར་འགྱུར་སོགས་བཏོན་ཞིང་། ཁྱད་(སྟོད་ཆ།༧༨༥)པར་དུ་བྲག་རྡོ་རྗེ་ཚེ་བརྟེན་ནས་བདུད་རྩི་གཏེར་དུ་བཞེས་པ་ཟུར་པ་ལ་ཕུལ། ཟུར་པས་རྒྱ་ནག་གོང་མ་རྒྱལ་པོ་ལ་ཕུལ་ཏེ། འགྲོ་དོན་མཐའ་ཡས་བྱུང་བའི་ལོ་རྒྱུས་གོང་དུ་བཀའ་མའི་སྐབས་སུ་སྨྲོས་པ་བཞིན་སྣང་ཞིང་། གདུང་བརྒྱུད་རྣམས་ཉང་སྟོད་ཕྱོགས་སུ་བཞུགས་ཤིང་། ཆོས་རྒྱུད་དབུས་གཙང་ཁམས་གསུམ་དུ་དར་བ་བྱུང་འདུག་ཀྱང་དེང་སང་ནི་ཆེར་བཞུགས་པ་མ་མཐོང་། གཏེར་སྟོན་སངས་རྒྱས་འབར་ནི། གཏེར་སྟོན་སངས་རྒྱས་བླ་མའི་གདུང་བརྒྱུད་དུ་སྐུ་འཁྲུངས། ལ་སྟོད་ཁ་ཁྱུ་དང་། གློ་བོ་ཐང་འབར་སོགས་ཀྱི་གནས་ནས། ཕྱག་རྡོར་གཏུམ་པོའི་དབང་སྒྲུབ། ས་དཔྱད། གྲུབ་མཐའ་གནམ་ལྕགས་འཁོར་ལོ། དོན་གསལ་འོད་ཀྱི་སྒྲོན་མེ། གཏུམ་མོ་སེམས་ཉིད་གཅེར་སྟོན། གཏེར་དབང་སྣོད་རུང་། གུ་རུའི་སྒྲུབ་ཐབས། རྟ་མགྲིན་སྒྲུབ་ཐབས། རྒྱལ་ཆེན་བཞིའི་སྒྲུབ་ཐབས། དྲག་པོ་རྨུ་ལུགས་ཀྱི་གཏེར་མའི་མཁའ་འགྲོ་ནོར་བུའི་ཕྲེང་བ་སོགས་སྤྱན་དྲངས་པར་སྣང་ངོ་། འདི་དགེ་བཤེས་གྲྭ་པའི་དུས་ཙམ་ན་ཏེ་ཆོས་སྔ་བར་ཡིན་འདུག །གཏེར་སྟོན་ཟླ་བ་རྡོ་རྗེས་ཟབ་གཏེར་འགའ་ཞིག་བཞེས་པར་གྲགས་ཀྱང་དེང་སང་ལོ་རྒྱུས་དང་ཆོས་རྒྱུན་མ་བྱུང་། ༦ རྒྱ་གར་ནས་བྱོན་པའི་གཏེར་སྟོན་དང་དཔལ་ལྡན་ཨ་ཏི་ཤས་བོད་ནས་གཏེར་བཞེས་པའི་སྐོར་སོགས། རྒྱ་གར་ནས་བྱོན་པའི་གཏེར་སོན་བཛྲ་མ་ཏི་ཞེས་པས། བལ་ཡུལ་ལི་(སྟོད་ཆ།༧༨༦)ཤནྟིའི་གནས་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་ཀློང་འོད་འཕྲོ་དང་། དེའི་ལས་ཚོགས་ཀླུ་དག་ས་བདག་གི་གཉེན་པོར་གྱུར་པ་ཨོ་རྒྱན་ཆེན་པོ་སྐུ་མདོག་མཐིང་ཀ་ཕག་ལ་ཆིབས་པའི་བཟླས་སྒོམ་དང་། སྨན་སྔགས་བསྡེབས་ནས་རིམས་ནད་ཏྲེ་ཏྲེ་ཧོ་སོགས་སྙིགས་མ་ལྔ་བདེ་བའི་ནད་རིམས་རྣམས་བསྲུང་འཆོས་ཀྱི་གདམས་པ་ཟབ་མོ་ཞལ་ཤེས་དང་བཅས་པ་གདན་དྲངས། དེ་སྐབས་ཚལ་གུང་ཐང་པ་གཞོན་ནུ་བསམ་གཏན་གྱི་བལ་ཡུལ་དུ་བྱོན་པས་གཏེར་སྟོན་དང་མཇལ་ནས་གཏེར་ཆོས་རྣམས་བོད་དུ་སྤྱན་དྲངས་པ། བཀའ་བབས་ལུང་ཟིན་ལྟར། སྔོན་སློབ་དཔོན་རིན་པོ་ཆེའི་དངོས་སློབ་རླང་སློབ་རྒྱལ་བ་པཎ་ཆེན། གསང་མཚན་དྲི་མེད་ཟླ་ཤར་དུ་གྲགས་པའི་རྒྱུད་ལས་ལུང་ཟིན་བུདྡྷ་བཛྲ་ཞེས་པའི་སྲས། བླ་མ་དཔལ་འབྱོར་ལ་བཀའ་བབས་པས་དར་རྒྱས་སུ་གྱུར། གཏེར་སྟོན་འདི་རྗེ་མཐོང་བ་དོན་ལྡན་གྱི་སྐུ་ཚེའི་སྟོད་ཙམ་ལ་བྱོན་པར་མངོན་ནོ། དཔལ་ཨ་ཏི་ཤ་ནི། རརྣ་གླིང་པའི་བསྟན་པ་སྤྱི་ལུང་དུ། ང་ཡི་སྤྲུལ་པ་རྒྱལ་པོ་དགེ་བའི་སྲས༔ ཕལ་ཆེན་སྡེ་པ་དཱི་པཾ་ཀཱ་ར་ཞེས༔ བྱང་ཆུབ་སེམས་དཔས་བོད་རྣམས་དཀར་པོར་བྱེད༔ ཞེས་དཔལ་ཨོ་རྒྱན་ཆེན་པོ་ནིད་ཀྱིས་རང་ཉིད་ཀྱི་སྤྲུལ་པར་ཞལ་གྱིས་མཆེས་པའི་མཉམ་མེད་ཇོ་བོ་དཱི་པཾ་ཀཱ་ར་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་ཞེས་བྱ་བའི་སྲས་སུ་འཁྲུངས། མཁན་པོ་པོ་དྷི་ས་ཧྭའི་དབོན་རྒྱུད་ཡིན། འཁོར་གྲོང་ཁྱེར་འབུམ་ཕྲག་ཉེར་བདུན་ཡོད། ལོངས་སྤྱོད་རྒྱ་ནག་སྟོང་འཁུན་རྒྱལ་པོ་དང་མཉམ། སྤྱིར་རིག་པའི་གནས་ལྔ་དང་། ཁྱད་པར་རྒྱུ་སྡེ་བཞི་ལ་མཁྱེན་པ་རྒྱས་ཤིང་གྲུབ་པ་བརྙེས། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད།༧༨༧)མངོན་པར་ཤེས་པ་ལྔ་ཐུབ། བླ་མ་དཱཧུ་ལ་བྱ་བ་དང་། ཐུབ་པ་འཁོར་དང་བཅས་པས་མནལ་ལམ་དུ་བསྐུལ་བས། ཕལ་ཆེན་སྡེར་རབ་ཏུ་བྱུང་ནས་ཆིག་རྫོགས་མཛད། གསེར་གླིང་དུ་ཕེབས་ནས་བླ་མ་གསེར་གླིང་པ་ཆེན་པོ་ལས་ལོ་བཅུ་གནིས་སུ་ཆོས་གསན་ཅིང་བྱང་ཆུབ་ཏུ་ཐུགས་སྦྱོང་པའི་གདམས་པ་ཞུས་པས་བདག་ལས་གཞན་གཅེས་ཀྱི་ཐུགས་འཁྲུངས། བི་ཀ་མ་ལ་ཤི་ལའི་གནས་བརྟན་མཛད། རྒྱ་གར་དུ་བསྟན་པའི་བྱ་བ་ཡུན་རིང་དུ་བསྒྲུབས་ནས། ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་དུ་གདན་དྲངས། བོད་དུ་སངས་རྒྱས་ཀྱི་བསྟན་པའི་ག་དར་མཛད་ཅིང་བསྟན་པ་ཉམས་པ་རྣམས་གསོས་ནས་བསྟན་པ་དར་བ་མཛད། བསམ་ཡས་སུ་ཕེབས་དུས་རྒྱ་དཔེ་རྣམས་གཟིགས་པས། རྒྱ་གར་ན་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་སྣང་གསུངས་ནས། ཕལ་ཆེར་བཞེངས་ནས་རྒྱ་གར་དུ་བསྐུར། བོད་ཀྱི་རཱཛ་བོ་དྷི་སཏྭ་གསུང་རྗེས་སུ་ཡིད་རངས་མཛད། བོད་དུ་བསྟན་པ་དར་དུས་དེ་འདྲ་བ་རྒྱ་གར་རང་དུ་ཡང་མ་བྱུང་གསུངས། ལྷ་སར་ཕེབས་དུས། ཞབས་སྐོར་མཛད་ཅིང་། རཱ་ཛ་བོ་དྷི་ས་ཏྭ་དཔེ་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་གཏམ་རྒྱུད་ཅིང་འོང་ཐང་བ་ལ་སྙམ་པའི་ཐུགས་དགོངས་འཁྲུངས་པ་ལ། སྤྲང་མོ་སྨྱོན་མ་བྱ་བ་ལྟོ་བལ་ཐགས་ལ་རེ་བ་རེས་འགའ་འདོད་པ་ཆེ་ཆེ་ལྟར་བྱེད། རེས་འགའ་སུ་འདོད་འདོད་ལ་སྟེར་བ། གོས་ཧྲུལ་པོ་གྱོན་པ་ཅིག་ཡོད་པ་དེ་ན་རེ། ཇོ་བོ་ལ་ལྐོག་ཕ་གིར་གཤེགས་འཚལ་ཟེར། དེར་ཕྱིན་པས་རཱ་ཛ་བོ་དྷི་སཏྭ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་འཚལ་ལམ་ཟེར། དེ་རང་བཞིན་གྱི་རྣལ་འབྱོར་མར་(སྟོད་ཆ།༧༨༨)ཤེས་ནས། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ་ནས་དེ་ཅི་ནས་ཀྱང་འཚལ་ལོ་གསུངས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་གསུམ་གཞལ་བའི་ས་ན་ཡོད་དེ་གཞན་ལ་མ་སྨྲ་ཤིག་གསུངས། ཇོ་བོའི་ཞལ་ནས་བོད་ན་ཡེ་ཤེས་ཀྱི་མཁའ་གྲོ་དངོས་སུ་མཐོང་བ་འདི་གཅིག་སུ་ཡིན་གསུངས། ཇོ་བོའི་ཞལ་ནས་བོད་ན་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་སུ་མཐོང་བ་འདི་གཅིག་སུ་ཡིན་གསུངས། དེར་དགེ་བཤེས་རྣལ་འབྱོར་པས་ཤིང་གཅོད་པའི་མཚོན་ཆ་ཁྱེར་ནས། ཇོ་བོའི་ཀ་བ་བུམ་པ་ཅན་ནས་གཞལ་བའི་འདོམ་ཕྱེད་གསུམ་གྱི་གདུང་གཤགས་པའི་གསེང་ནས། ཤོག་དྲིལ་གཅིག་བྱུང་བ་གཟིགས་པས་བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བའི་འདོད་འཇོ་བྱ་བ་བྱུང་། ཡང་གཟིགས་པས་ཤོག་དྲིལ་གསུམ་པ་བཀའ་ཆེམས་ཀྱི་ཡི་གེ་ཆེན་མོ་རྣམས་བྱུང་སྟེ། དེ་ལ་གཏེར་སྲུང་གཉེན་པོ་ཞིག་འདུག་པ་དེ་རིང་ཇི་ཙམ་ཟིན་པ་ཅིག་འབྲིར་བཏང་གིས་དེ་མིན་མི་སྟེར་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་ཀས་བྲིས་པས་ཕལ་ཆེར་ཟིན་པ་ལ་ལྷག་མ་བག་ཙམ་ལུས། སྣག་སྨྱུག་མ་འཛོམས་པ་ཅི་རྙེད་ཀྱིས་བྲིས་པས་ཡི་གེ་མི་གསལ་བ་ཡང་ཡོང་གསུངས། གཏེར་བདག་གཉེན་པས་དེ་ནུབ་ཤོག་དྲིལ་རྣམས་སླར་སྦས་སོ། ཇོ་བོའི་ཞལ་ནས། འདི་སུ་ལ་ཡང་མ་བསྟན་ཞིག་ལྷ་སྲུང་བཟང་པོ་ཞིག་འདུག་གོ་གསུངས་ནས་རྣལ་འབྱོར་པ་ལ་གཏད། དེས་སྤྱན་སྔ་བ་ལ། དེས་བྱ་ཡུལ་བ་ལ། བྱ་ཡུལ་བས་ཐུགས་རྗེ་ཆེན་པོ་ཆེ་བའི་ཡོན་ཏན་ཞིག་རི་སྒོམ་ལ་བྱིན་ནས་ལྷ་སར་དཀོན་གཉེར་ལ་གཏད། གཞན་རྣམས་གདུག་རྟེན་ནང་དུ་བཞུགས་འདུག་གསུངས་ཏེ། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བུ་ཡིག་གདུང་རྟེན་དང་མ་ཕྱི་གློ་འབུར་(སྟོད་ཆ།༧༨༩)གྱི་རྟ་མགྲིན་ལྡེར་སྐུ་ལ་བཅུག་སྐད། གཞན་ཡང་ཇོ་བོ་འདིས་འཕགས་ཡུལ་ནས་ཀྱང་བྷེ་ཧ་པདྨ་ཅན་གྱི་ལྷ་ཁང་ནས་གཙུག་ཏོར་སྡེ་ལྔའི་རྒྱལ་མཚན་འཛུགས་པའི་ཆོ་ག་སོགས་གཏེར་བཞེས་པར་གྲགས་སོ། དེ་ལྟ་བུའི་མཉམ་མེད་ཇོ་བོ་དཱི་པཾ་ཀཱ་ར་འདི་ནི་ཨོ་རྒྱན་ཆེན་པོའི་སྤྲུལ་པ་ཡིན་པར་ཇོ་བོ་ཉིད་ཀྱི་གསུང་ལས་ཀྱང་བྱུང་སྟེ། ལྷའི་རྒྱལ་པོའི་སྐྱེས་རབས་གསུངས་པའི་སྐབས་སུ་ཇོ་བོ་ཆེན་པོས། གཞན་རྒྱུད་དུ་མ་ཟད། དགེ་སློབ་བྱང་ཆུབ་སེམས་དཔའ་དཔལ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ཐུགས་དང་ལྡན་པ་མཚོ་སྐྱེས་རྡོ་རྗེ་ནི། རྒྱ་གར་ན་འདུལ་བ་འཛིན་པ་གཅིག་གི་སྤྲུལ་པར་གྲགས་ཏེ། དཔལ་ཧེ་རུ་ཀའི་བཞེད་པ་ནི་ཁོ་བོ་ཁོ་ན་ཡིན་པར་བྱེད། གདུལ་བྱའི་དབང་གིས་བོད་ཁམས་འདིར་ལན་གཉིས་གསུམ་ཞིག་འོངས་ཏེ་སྤྲུལ་པའང་དེ་ལྟར་དུ་བསྟན་ནོ། འདིའི་ལོ་རྒྱུས་ནི། སྔགས་པ་ཕལ་ཆེ་བ་ལ་གྲགས། ཞེས་དང་། དཀོན་མཆོག་འབངས་ཀྱི་སྐྱེས་རབས་སུ། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། བོད་ཁམས་མགོན་མེད་ཡོངས་ལ་ཐུགས་རྗེས་བཟུང་། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་སྲོང་བཙན་སྒམ་པོར་སྐྱེ་བས་མ་ཆོད་པར་བོད་དུ་རྒྱལ་པོར་འབྱོན་དགོས་གསུངས་མ་ཐག །ཨོ་རྒྱན་ཡུལ་དུ་ཇི་སྐད་སྨྲས་པ་བཞིན། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་སློབ་དཔོན་པདྨ་ལྷ་འདྲེ་འདུལ་བར་བླ་མ་དྲི་མ་མེད་མཚོ་སྐྱེས་རྡོ་རྗེ་ཉིད་དངོས་སུ་བྱོན་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེ་སྐབས་ཕྱོགས་ཆའི་དབང་གིས་ཇོ་བོ་ཆེན་པོའང་གཞན་ངོ་སྲུང་ཕྱིར་གསུང་ཁྱབ་གདལ་དུ་གནང་བ་མེད་དེ། རྗེ་བཙུན་མི་ལས། བོད་ཀྱི་སྙིང་ལ་འདྲེ་ཞུགས་ནས། ཇོ་(སྟོད་ཆ།༧༩༠)བོ་གསང་སྔགས་འཆད་པ་བཀག །ཅེས་དང་། ཇོ་བོའི་ཞལ་ནས་ཀྱང་། ངས་སྔགས་ཀྱི་གདམས་པ་དང་། དོ་ཧ་རྡོ་རྗེའི་གླུ་ལ་སོགས་པ་ཡང་བཤད་དབང་མེད། སྡེ་པ་ཡང་གཟུགས་དབང་མེད་དེ་ཁོ་བོ་བོད་དུ་འོངས་པ་ལ་དོན་མ་མཆིས་གསུངས་པ་སོགས་ཀྱིས་ཀྱང་ཤེས་ལ། ཇི་སྐད་དུ། ཐིག་སྐུད་དྲག་པོར་བཞག་པ་ན། ཡ་ཡོ་ཅན་གྱིས་སེམས་ལ་གཟན། ཞེས་གསུངས་པ་ལྟར། ཇོ་བོ་ཆེན་པོའི་གསུང་དེ་ཙམ་ལའང་། བོད་ཕྱི་རབས་པ་ཁ་ཅིག་ཐུགས་མ་རངས་ནས། གླེགས་བམ་རིན་པོ་ཆེའང་ཕྱོགས་གཞན་དུ་འཕུལ་འདོད་པ་དག་བྱུང་མོད་ཀྱི། དེ་ལྟར་ནའང་གཟུ་བོར་གནས་པའི་དཔྱོད་ལྡན་རྣམས་ཀྱིས་ནི་ནམ་དུའང་ཚད་མར་བཞེད་པ་ལ་བསྟོན་དུ་མེད་དོ། ༧ བོད་རྒྱལ་གདུང་བརྒྱུད་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཟབ་གཏེར་བཞེས་ཚུལ་སོགས། གཏེར་སྟོན་ལྷ་བཙུན་བྱང་ཆུབ་འོད་ནི། མངའ་བདག་གདུང་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོ་ཡིན་ཏེ། ཡེ་ཤེས་འོད་ཀྱི་མཆེད་ཁོ་རེའི་སྲས་ལྷ་སྟེ། དེ་ལ་སྲས། འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་གསུམ་བྱོན་པའི་ཐ་ཆུང་བྱང་ཆུབ་འོད་ནི་ཇོ་བོ་བོད་དུ་སྤྱན་འདྲེན་པའི་སྦྱིན་བདག་དེ་ཡིན། རྟེན་དགེ་སློང་ལ་མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ལོ་ཙཱ་ཡང་མཁས་པར་མཁྱེན། འདི་ལ་བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་ཀྱང་ཡོད་དེ། དེས་ཇོ་བོ་སྤྱན་འདྲེན་པའི་ཡོ་བྱད་གསེར་ལིང་པ་གཅིག་ལ་ཤིང་སྲང་དྲུག་ཅུ་ཡོད་པ་གཅིག་ལ་སོགས་(སྟོད་ཆ།༧༩༡)པའི་གསེར་མང་པོ་ས་འོག་ནས་གཏེར་ཕྱུངས་པས་གསེར་ཟད་མེད་དུ་བྱུང་། འཇམ་དཔལ་རྩ་རྒྱུད་ལས། རྒྱལ་པོ་འོད་ཀྱི་མཐའ་ཅན་དང་། །བློན་པོ་ནོར་གྱི་མཐའ་ཅན་འབྱུང་། །ཞེས་རྒྱལ་བློན་གཉིས་ཀ་ལུང་བསྟན་པ་དེ་ཡིན་པར་གྲགས། ལྷ་བླ་མ་ཁུ་དབོན། འདི་རྣམས་ཀྱི་རིང་ལྷ་ས་དང་བསམ་ཡས་ལ་སོགས་སྔོན་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ཉམས་པར་གསོ་བ་དང་། འུ་ཤང་རྡོའི་གཙུག་ལག་ཁང་མེས་ཚིག་པའི་ཤུལ་དུ་ལྷ་ཁང་གསར་བཞེངས་དང་། ཐོ་ལེང་གསེར་གྱི་ལྷ་ཁང་སོགས་བཞེངས་ཤིང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས་བསྟན་པའི་ཉམས་གསོ་མཛད་པས་ཕྱག་རྗེས་ཆེ། ཁྱད་པར་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་སྤྱན་དྲངས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པས་བོད་ལ་ལྷག་པར་སྐུ་དྲིན་ཆེ། ལྷ་བཙུན་འདིས་བསམ་ཡས་ཀྱི་ཀ་བའི་ཆོལ་ནས། པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་གྱི་སྐོར་རྣམས་གཏེར་ནས་སྤྱན་དྲངས་ཏེ། འདིའི་ལོ་རྒྱུས་ས་སྐྱའི་མགོན་པོའི་ཆོས་འབྱུང་དུ། སློབ་དཔོན་པདྨ་བོད་དུ་བྱོན་དུས་སུ་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་རྣམས་སློབ་དཔོན་ཉིད་དང་། བཙན་པོ་ཁྲི་སྲོག་ལྡེ་བཙན་དང་། མཁན་པོ་བོ་དྷིས་ཧྭ་སློབ་དཔོན་བི་མ་མི་ཏྲ། རྒྱ་ནག་གི་ཧ་ཤང་མ་ཧཱ་ཡ་ན། བློན་པོ་བྲན་ཀ་དཔལ་སེང་ལ་སོགས་པ་བཀའ་བགྲོས་ཏེ། མ་འོངས་པ་ན་བསྟན་པ་སྲུང་བའི་མཚོན་ཆར་བསེ་སྒྲོམ་སྨུག་པོའི་ནང་དུ་བཅུག་ནས་སྨོན་ལམ་བཀའ་རྒྱ་དང་བཅས་པས་བསམ་གཡས་ཀྱི་ཀ་བའི་འོག་ཏུ་གཏེར་དུ་སྦས་པ། པུ་ཏྲ་མིང་སྲིང་བསམ་ཡས་ཀྱི་སྒོ་སྲུང་དུ་བསྐོས་པས། དུས་ཕྱིས་ལས་འཕྲོ་དང་སྐལ་བ་ལྡན་པ་བཀའ་(སྟོད་ཆ།༧༩༢)རྟགས་འཛིན་པའི་རྒྱལ་རིགས་སུ་སྐུ་འཁྲུངས་པའི་ལྷ་བཙུན་བྱང་ཆུབ་འོད་ཀྱི་ཕུ་བོའི་དོན་དུ་དབུས་གཙང་ན་མར་གསེར་སློང་ལ་བྱོན་པའི་དུས། གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་བས། དཀོན་མཆག་ར་སྤུང་མ་ལ་མཆོད་གཏོར་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་ནས་བཙལ་བས། པུཏྲའི་སྒྲུབ་ཐབས་ཀ་ཁོལ་མར་གྲགས་པ་འདི་གཏེར་ནས་ཐོན། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་གཟིགས་སུ་ཕུལ་བས་མཉེས་ནས་གཞན་ལ་མི་སྤེལ་བར་གདམས། ཕྱིས་དྷརྨ་པ་ལ་ཞུས་པ་དང་མཐུན་པར་བྱུང་ཞིང་། འབོད་རྦད་བསད་གསུམ་ཞང་ཞུང་གི་སྐད་དུ་འདུག་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས། ཞེས་དང་། ཡང་ལོ་ཆེན་གྱིས་ལན་གཅིག་བོན་པོ་དང་འགྲས་ཏེ། པུ་ཏྲ་ལ་ལས་བཅོལ་བས་འགྲོར་མ་གཏུབ་ཅིང་ཚུག་ལོག་ལ་ཁད་བྱུང་བ་ལ་སྔགས་རྣམས་ཞང་ཞུང་སྐད་དུ་བསྒྱུར་ཏེ་ལས་བྱས་པས་དེས་འགྲུབ་པར་བྱུང་། དུས་ཕྱིས་སློབ་དཔོན་པདྨས་བསམ་ཡས་སུ་གཏེར་དུ་སྦས་པ་ཐོན་པ་ལ་དེ་བཞིན་དུ་བྱུང་བས་ཕྱི་རབས་ལ་དེ་ལྟར་བྱས་པས་ཕན་པར་མཁྱེན་པར་ཡིན་འདུག་ཅེས་གསུངས་སོ། ཞེས་འབྱུང་། དེང་སང་མོན་བུ་པུ་ཏྲའི་སྒྲུབ་ཐབས་ཀ་བཀོལ་མར་གྲགས་ཏེ། ལྷུ་བཙུན་ལ་ལོ་ཆེན་གྱིས་གསན་དེ་ལ་བླ་མ་བྲག་སྟེང་པས་ཞུས། དེས་མལ་ཇོ་ལོ་ཙཱ་དང་། མལ་ཇོས་ས་སྐྱ་བ་བརྩེ་བ་ཆེན་ལ་གནང་སྟེ་དེ་ནས་སྐྱ་གོང་མ་ལྔ་སོགས་ནས་དེང་སང་བར་དུ་བཀའ་ལུང་རྒྱུན་ལ་གནང་སྟེ་དེ་ནས་ས་སྐྱ་གོང་མ་ལྔ་སོགས་ནས་དེང་སང་བར་དུ་བཀའ་ལུང་རྒྱུན་མ་ཆད་པར་ས་ངོར་རྣམས་སུ་བཞུགས་སོ། གཏེར་སྟོན་འབྲོམ་ཆོས་སྙིང་ནི། གཙང་རོང་དུ་འཁྲུངས། པུ་རི་རྫའི་སྙིང་པོ་བྱ་བ་ནས་རྫོགས་ཆེན་སེམས་ཕྱོགས་སྐོར་དང་། གཡུ་གདང་སྐས་དགུ་མ་དང་བི་མ་སྙིང་ཐིག་འབྲིང་པོ་སོགས་སྤྱན་དྲངས། ཡང་ལོ་རྒྱུས་(སྟོད་ཆ།༧༩༣)གཅིག་ན། ཡེར་པ་ནས་དྲག་སྔགས་རྒྱས་བསྡེབས་ཆེན་མོ་སྤྱན་དྲངས་ཟེར་བའང་སྣང་། སུམ་པ་བྱང་ཆུབ་བློ་གྲོས་ནི། མདོ་ཁམས་སྒང་རྒྱུད་རྣམ་གསུམ་ལས་སྨར་ཁམས་ལྷོ་རྒྱུ་གསུམ་པ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས་པས་ཡུལ་ལ་བཏགས་པས་སུམ་པ་དང་། མཚན་དངོས་བྱང་ཆུབ་བློ་གྲོས། བསྙེན་པར་རྫོགས་པའི་མཚན་བསོད་ནམས་རྒྱལ་མཚན་དུ་འབོད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་སྤྲུལ་ཟབ་གཏེར་གྱི་བདག་པོར་བཀའ་བབས་པ་འདིས། ཨོ་རྒྱན་ཆེན་པོ་རྒྱ་གར་དུ་འབྱོན་ཁར་མངའ་བདག་རྒྱལ་པོའི་གསེར་གྱི་ལྷུང་བཟེད་བདུད་རྩིས་བཀང་ནས་ཞུས་ཞེས་པ་དང་། གསེར་གྱི་མནྡལ་ཕུབ་ཙམ་གྱི་སྟེང་དུ་གཡུ་ཕུག་ཏོན་ཙམ་བརྒྱད་ཀྱི་ཚོམ་བུ་བཀོད་ནས་ཞུས་ཞེས་པ་འབྱུང་བ་རླུང་ལས་བཅོས་ནས་ཉམས་པ་ཚར་གཅོད་པའི་གདམས་པ་དྲེགས་པ་ཉི་ཤུའི་རླུང་འཁོར་ཆ་ལག་དང་བཅས་པ་རྣམས་དཔལ་བསམ་ཡས་ཀྱི་གསང་བའི་བདག་པོའི་ཞབས་ཀྱི་མཐེ་བོང་འོག་དང་ཡིག་ཕྲན་འགའ་ཞིག་གནས་དེའི་དབང་ཕྱུག་ཆེན་པོའི་སྐུའི་དཔྲལ་བ་དང་ཐུགས་ཀ་སོགས་ནས་ཟངས་སྦུབ་སོར་བཞིའི་སྣོད་དང་བཅས་སྤྱན་དྲངས་པར། དེང་སང་དྲེགས་པ་ཁམས་བྱོན་མར་གྲགས་ཏེ་ཁམས་དབུས་ལྷོ་བྱང་ཀུན་ཏུ་རྒྱ་ཆེར་འཕེལ་བ་འདིའོ། གཏེར་ཆོས་གཞན་ཡོད་པར་མ་ངེས་སོ། དྲག་སྔགས་མཁན་པོ་སེ་སྟོན་རིང་མོ་འདིས་གཏེར་གྱི་ཁ་བྱང་ལྷ་བཙུན་སྔོན་མོ་ལས་བྱུང་སྟེ་ལྷ་བཙུན་གྱི་པ་གཉིས་ལ་གཏེར་གྱི་ཁ་བྱང་བསྐུལ་ནས་གཏེར་འདོན་དུ་བཏང་བས། ལྷོ་སྤ་གྲོ་བཅལ་གྱི་བྲག་རྩར་བཙུན་པ་(སྟོད་ཆ།༧༩༤)གཉིས་ལྷོ་ཧས་པས་བསད། ཁ་བྱང་འཁྱར་བ་སེ་སྟོན་རིང་མོའི་ཕྱག་ཏུ་བྱུང་བས། སྤ་གྲོ་བཅལ་གྱི་བྲག་དམག་གཏིང་རིང་ཕུག་པ་ནས། མུ་སྟེགས་པར་བུ་ལས་བདུན་བརྒྱུད་མན་ངག་དང་བཅས་པ། ཨོ་རྒྱན་ཆེན་པོའི་བསྟན་པའི་བཙས་སུ་བཞག་པའི་དྲག་སྔགས་ཐུན་མོང་མ་ཡིན་པའི་སྐོར་རྣམས་སྤྱན་དྲངས་པར་གྲགས་སོ། ཁམས་སྟོན་ཁ་ལ་མེ་འབར་གྱིས། བལ་པོའི་ཡུལ་གྱི་ཚོང་འདུས་ནས་ཟངས་ཀྱི་གའུ་ཞིག་སྤྱན་དྲངས་པའི་ནང་ནས་རྒྱལ་པོ་སྒོ་གཅོད་ཀྱི་སྲུང་བ་རཱ་ཛ་རྒྱུད་མི་ནུས་པའི་གདམས་པ་ཟབ་མོསཉིང་ནང་གི་ཁྲག་ལྟ་བུའི་ཟབ་ཁྱད་ཅན་དེ་བཏོན་པ་ཡིན་འདུག །དེ་ལས་གཞན་པའི་གཏེར་ཆོས་ཅི་ཡོད་མ་འཚལ། རྒྱ་ཁ་ལ་མེ་འབར་ཡང་ཟེར་ཏེ་རུས་པ་རྒྱ་ཡིན་པར་མངོན། གཏེར་སྟོན་འོད་ཟེར་སྟོན་པ་ཞེས་པ་འདིས། མགོན་པོ་དྲག་ཤད་ཀྱི་གཡུལ་ཟློག་སོགས་བཏོན་པ་ཡིན་ཟེར། མངའ་བདག་མོ་མི་འཁྱིལ་ནི། ལྷོ་རྒྱུད་དུ་བྱོན། སྤ་གྲོ་སྟག་ཚང་ནས། རྟ་མགྲིན་དཔའ་བོ་གཅིག་སྒྲུབ་ཀྱི་སྐོར་དང་རྒྱལ་པོ་སྲོག་གི་འཁོར་ལོ། བེ་དཀར་རང་གནད་འབེབ་པའི་གདམས་པ་དང་། དྲེགས་པ་གནད་ལ་འབེབ་པའི་གདམས་སྐོར་རྣམས་སྤྱན་དྲངས། གཏེར་སྟོན་དུ་གུ་རིན་ཆེང་ནི། ཡུལ་དབུས་པ། འདིས་བྱང་པྲ་དུན་རྩེའི་མཆོད་རྟེན་ནས་དྲག་སྒགས་རྡོ་རྗེ་གཙུག་ལག་གི་སྐོར་རྣམས་སྤྱན་དྲངས་ཏེ། དེ་ཡང་དྲག་སྔགས་འདི་ནི་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་འབྱོན་ཁར་གདམས་པ་འདི་ཉིད་རྗེ་འབངས་ལྔ་ལ་གཏད་ནས་མ་འོངས་བསྟན་པའི་བཙས་སུ་གཏེར་དུ་སྦོས་ཤིག་གསུངས་པ་བཞིན་དུ་མངའ་བདག་(སྟོད་ཆ།༧༩༥)རྒྱལ་པོས་བྱང་ཕྲ་དུན་རྩེའི་གཙུག་ལག་ཁང་གི་བྱང་ཤར་ན་ལོ་པཎ་མཁས་པའི་མཆོད་རྟེན་ཡོད་པའི་བུམ་པར་སྦས་པ། ཇི་སྐད་དུ། ནམ་ཞིག་ལས་ལྡན་ད་ལྟའི་བག་ཆགས་ཀྱིས༔ འདི་དང་འཕྲད་དེ་བསྟན་པ་སྲུང་བར་ངེས༔ འདི་དོན་ཁོང་ཆུད་སྔོན་ལས་སད་པའོ༔ དེ་ཕྱིར་ནན་ཏན་སྤྱོད་པར་སྨོན་ལམ་གདབ༔ ཅེས་པ་ལྟར་གཏེར་དུ་སྦས་ནས་ལོ་ཉིས་བརྒྱ་སྐོར་འདས་ནས་དབུས་པ་དུ་གུ་རིན་ཆེན་སེང་གེས་བསམ་ཡས་ནས་ཁ་བྱང་རྙེད་དེ་སྟག་ལོ་ལ་གནམ་ལྕགས་རྔུར་མོའི་ཡིག་ཆུང་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་བཅས་པ་བྱང་པྲ་དུན་རྩེའི་མཆོད་རྟེན་གྱི་བུམ་པ་དང་། རྒྱུད་སྔ་ཕྱི་བདུན་དང་དེའི་སྒྲུབ་ཡིག་དང་བཅས་པ་མཆོད་རྟེན་གྱི་རྨང་ནས་སྤྱན་དྲངས། འོན་ཀྱང་རང་སྲུང་དང་། གཟའ་བདུན་ཁ་འཆིང་གི་འཁོར་ལོ་དགོས་པ་རྣམས་མ་བྱས་ཤིང་། གཏེར་སྲུང་ལ་མཆོད་པ་ཞན་པས་འཚུབ་ལྷངས་ཀྱིས་གཙང་གི་ལུམ་ཚོ་གྲུ་ཁར། སློབ་བུ་གཙང་པ་རིན་ཆེན་ཤེས་རབ་དང་། གཏེར་སྟོན་གཉིས་མ་མཐུན་པར་གཅིག་གིས་གཅིག་གྲི་ཁར་བཀྲོངས། གཡས་རུ་ཤངས་ཀྱི་ཟླ་གྲགས་ཞེས་པ་གནས་པོ་ཡིན་པས་གཏེར་སྟོན་དཔོན་སློབ་གནིས་གྲོངས་པའི་ཤུལ་དུ་ཤོག་སེར་རྣམས་འདི་ལ་བྱུང་། དེས་གཏེར་སྟོན་གྱི་སྲས་མོ་འོད་ལྡེ་ལ་གཏད། ཇོ་སྲས་མ་འདི་སྔོན་གྱི་ལས་འཕྲོ་སང་ཅིང་སྙིང་རུས་ཆེ་བས་གྲུབ་པ་ཐོབ་སྟེ་ཆོས་འདི་སྤེལ་ལོ། ཞེས་ལྔ་པ་རིན་པོ་ཆེའི་གསན་ཡིག་ལས་བྱུང་སྟེ། ཇི་སྐད་དུ། ཨོ་རྒྱན་ཆེན་པོའི་བཀའ་ལས། གཏེར་ཆོས་འདི་ནི་ཤིན་ཏུ་གཉེན་པས་ན༔ དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ༔ ཐབས་ལ་མཁས་ན་ནོར་བུ་ལོན་ཏེ་འཚེངས༔ ཐབས་མ་མཁས་ན་དུག་གིས་འཆི་བར་བྱེད༔ དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུང་༔༧༩༦)ཕུང་འཚེངས་ནུས་པ་རིན་ཆེན་ས་ཡི་གཏེར༔ ཞེས་དང་། རབ་ཏུ་འཚོ་མ་ཤེས་པས་ཕུང་བར་འགྱུར༔ དེ་བས་ང་ཡི་གཏེར་ཆོས་ཤིན་ཏུ་གཉན༔ དུག་གི་ལྷོ་ཡང་རྨ་བྱ་ཙམ་ལས་མེད༔ ཚོད་ཡོད་ཅད་ཆུད་ཅུང་ཟད་བྱར་མི་བཏུབ༔ ཅེས་དང་། སངས་རྒྱས་གླིང་པའི་གཏེར་སྒྲུབ་ལས་ཀྱང་། དུས་ལ་མ་སླེབས་ཐོ་ཆོར་སྤྱད་གྱུར་ན༔ སྐྱེས་བུའི་སྲོག་ལ་བར་ཆད་འབྱུང་ངོ་ཨང་༔ དེའི་ཕྱིར་པདྨ་ང་ཡི་ངག་ལ་ཉོན༔ ཞེས་གསུངས་པ་བཞིན་བབ་ཆོལ་གྱི་སྤྱོད་པ་ཅུང་ཟད་ཀྱང་བྱར་མི་གཏུབས་པ་ལ། སློབ་དཔོན་ཆེན་པོའི་བཀའ་དང་གཏེར་ལུང་ལས་བྱུང་བ་བཞིན་མ་གྲུབ་པའི་ཐུགས་སྤྱོད་ཅིང་སྐྱོན་གྱིས་བར་ཆད་ཀྱི་དབང་དུ་སོང་ཀྱང་། ཆོས་བརྒྱུད་ཕྱོགས་ཀུན་ཅིང་སྐྱོན་གྱིས་བར་ཆད་ཀྱི་དབང་དུ་སོང་ཀྱང་། ཆོས་བརྒྱུད་པྱོགས་ཀུན་ཏུ་འཕེལ་ཏེ་དྲག་སྔགས་བདག་པོ་ཀུན་གྱི་སྤྱི་ནོར་དུ་གྱུར་ནས་དེང་སང་གི་བར་དུ་ནུབ་པ་མེད་པར་དར་རྒྱས་ཆེ་བར་བྱུང་སྣང་ངོ་། དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་ཤཱཀྱ་བཟང་པོར་གྲགས་པས། ར་ས་འཕྲུལ་སྣང་གི་གནོད་སྦྱིན་ཁང་ནས་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་གབ་པ་མངོན་ཕྱུང་སོགས་མདོ་སྐོར་རྣམས་དང་། གཡུ་འོང་བྲག་ནས་བླ་མ་སྐུ་གསུམ་རོལ་པི་ལས་ཕྲ་གྲིབ་སྲུང་ཟབ་མོ་དང་། འགོ་བའི་ལྷ་སྲུང་རྣམས་མི་དགྱེས་པར་དགྱེས་པར་བྱེད་པའི་ཐབས་དང་། འཁོན་གྲིབ་མི་གཙང་སེལ་བྱེད་སོགས་སྤྱན་དྲངས། ར་ས་འཕྲུལ་སྣང་ནས་འཁྲུངས་བྱེད་རྒྱལ་པོའི་རྒྱུད་ལས་བཏུས་པའི་སྲོག་གི་མཆན་པ་ནག་པོའི་རླུང་འཁོར་སོགས་སྤྱན་དྲངས་ཏེ། རླུང་འཁོར་འདི་ལ། ཀུན་གཟིགས་ལྔ་པ་ཆེན་པོས། རྗེ་བླ་མ་ཟུར་ཆེན་གྱིས་རླུང་འཁོར་འདི་ལ་བརྟེན་ནས་ཟླ་བ་གཅིག་ཚུན་ལ་ཧོར་སྟོད་རྟའི་དོན་རྣམ་སྲས་དང་ལོ་ཁོངས་སུ་མི་གཅེས་དྲུག་ཅུ་ཙམ་འཇིག་(སྟོད་ཆ།༧༩༧)རྟེན་ཕ་རོལ་ཏུ་སོང་བའི་རལ་གྲི་ཕྱུང་རྒྱག་མ་ཡིན་ནོ། །ཅེས་བསྔགས་བརྗོད་ཀྱང་མཛད་དོ། གཏེར་སྟོན་གཙང་པ་ལ་རིང་མོའམ་གཙང་རིང་ཤེས་རབ་ཀྱིས། གཏད་ཁྲམ་གྱི་སྲུང་བ་བཟང་མོ་རྡོ་རྗེའི་གོ་ཁྲབ་ཞེས་བྱ་བ། རང་སྲུང་། གླུ་རིགས་ལྔའི་སྒྲིབ་ཤིང་། ཀླུ་ནད་སྲུང་བ། མཛེ་འཕྲོ་གཅོད་ཐབས། གཏད་འདྲེ་ཀླུ་གདུན་སྲུང་བ་སོགས་དང་། ལྷ་འདྲེའི་གནོད་པ་ཡག་མི་སྲིད་པའི་ཐབས། ཀླུ་དང་ས་བདག་ཉེ་མི་ནུས་པའི་ཐབས། གཏདཀཡི་རྗེས་གཅོད་ཆོས་ཚནའགའ་ཞིག་བཏོན་པར་སྣང་ངོ་། སྤྲུལ་སྐུ་ལ་སྟོད་དམར་པོའམ་དམ་པ་དམར་པོ་ཞེས་པས་སྤ་གྲོ་བཅལ་གྱི་བྲག་སེང་གེའི་ཁོག་པ་འདྲ་བའི་ཕ་ཝང་སྡིག་རུ་ཅན་ཞེས་པ་ནས་བདུད་རྩི་ཆེན་པོའི་བཅུད་ལེན་གྱི་སྐོར་དང་། བསམ་ཡས་མཅོད་རྟེན་ནག་པོ་ནས་ཨ་ཙརྱ་ཧེ་ཝ་ནག་པོའི་ངན་སྒགས་རི་མ་ལ་ཡའི་ནུབ་དབང་པྱུག་གི་ལྡེར་བཟོ་ནས་ཨ་ཙརྱ་པྲ་བ་རིང་མོས་རྙེད་དེ་སློབ་དཔོན་པདྨ་ལ་ཕུལ་བས་བསམ་ཡས་མཆོད་རྟེན་ནག་པོའི་འོག་ཏུ་སྦས་པས་མཆོད་རྟེན་འདི་པས་གཞན་ལ་གནོད་པ་འོང་བའི་རྒྱུ་མཚན་ཡང་འདིའི་དོན་གྱིས་ཡིན་པར་གསུངས་ཏེ་འཇིག་རྟེན་ཕུང་བྱེད་ནག་པོ་གྲི་ཐལ་མར་གྲགས་པའི་མུ་སྟེགས་ཀྱི་ངན་ངག་ཟབ་མོའི་སྐོར་རྣམས་དང་། ཡེར་པ་བྱ་ར་པ་ནས་ཡེར་པའི་དཀར་ཆག་ལྷ་གཅིག་ཀོང་ཇོའི་ཕྱག་བྲིས་མ་དང་། མང་མཁར་མུ་གུ་ལུང་ནས་རྫས་བདུན་ལ་བརྟེན་ནས་བགེགས་འཇོམས་པ་སྲ་བའི་བྲག་ཀྱང་འགས་ནུས་པ་སོགས་གཏེར་ཁ་ཟབ་ཁྱད་ཅན་མང་དུ་སྤྱན་དྲངས་སོ། གཏེར་སྟོན་གསུམ་ཚོགས་ནི། རྐྱང་པོ་གྲགས་པ་དབང་ཕྱུག །སུམ་(སྟོད་ཆ།༧༩༨)པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྣམས་སྤྱན་དྲངས་ནས་འབྲུ་ཚང་གི་གཉགས་སྟོན་ལྷ་འབར་ལ་ཤོག་སེར་སྟེང་ནས་ཆོས་རྒྱུན་ལན་གཅིག་ཙམ་ལས་སྤེལ་བ་མ་བྱུང་བར་གཏེར་རྔུར་གྱིས། རྐྱང་པོ་ལ་མཛེ་བྱུང་། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུས་པ་རྩད་མ་ཅོད་པས་ལས་འཕྲོ་གཏེར་བརྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པ་ཡུན་རིང་འབྱམས། རིང་ཞིག་ན་གྲུབ་པའི་དབང་ཕྱུག་ཆེན་པོ་འདར་རུ་ཕྱར་པ་གཙང་ཇོ་མོ་ནགས་རྒྱལ་ན་བཞུགས་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞང་ཚེས་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང་སྔགས་ཀྱི་ༀ་དེ་ཧཱི༔ རུ་བསྒྱུར་ལ་སྒྲུབས་ཤིག་གསུངས། དེ་ཡང་གཏེར་སྟོན་དེ་དག་གིས་གཏེར་ཐོན་ཀྱང་རྔུར་གྱིས་བར་ཆད་བྱུང་བའང་ཁོང་རྣམས་ཀྱི་གཏེར་སྐལ་མ་ཡིན་ལ། དོན་གྱི་ཆོས་བདག་གྲུབ་ཆེན་འདི་ཡིན་ཅིང་། དེའི་ཕྱིར་སློབ་དཔོན་རིན་པོ་ཆེའི་དངོས་སུ་ཆོས་གནང་ཡང་། བསྟན་རྒྱུན་ལ་དགོངས་ནས། རྟ་ནག་གི་བླ་མ་རྒྱ་ལ་གཏེར་བརྒྱུད་ཀྱང་རྩད་ཆོད་ནས་གསན་པར་མཛད་པར་བཀའ་གཏེར་གཉིས་ཀའི་བདག་པོར་གྱུར། ཡང་གྲུབ་ཆེན་འདི་གཙང་གི་ངོ་མོ་ནགས་རྒྱལ་གྱི་ཕུག་པ་གོང་མར་སྒྲུབ་པ་མཛད་པས་སློབ་དཔོན་ཆེན་པོ་དང་དངོས་སུ་མཇལ། ཡེར་པ་ཟླ་བ་ཕུག་ཏུ་སློབ་དཔོན་ཆེན་པོ་ཉི་ཟེར་ལ་ཆིབས་ནས་ཕེབས་ཏེ་ཆོས་གསུངས། ནུབ་རེ་བཞིན་སྲིན་པོ་འདུལ་དུ་འགྲོ་ཞེས་ཉི་(སྟོད་ཆ།༧༩༩)ཟེར་ལ་བཅིབས་ནས་བཞུད། དེའི་ཚེ་ཡེར་པ་སེ་བ་ལུང་ནས་མཚན་མ་རྫས་ཀྱི་ཕུར་པའང་གཏེར་ནས་ཕྱུང་། ལྷ་སའི་ཆོང་དུས་སུ་ཕེབས་པ་ན། རླུང་འཚུབས་ཆེན་པོས་ཁྲོམ་འཐོར་བ་བྱུང་། དེ་ནས་གཙང་དུ་བྱོན་ཙ་ན། ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་བྱོན་པ་དང་གནས་ཁང་གཅིག་ཏུ་འཛོམས། འདར་ཕྱར་ཞལ་འཆེས་པས་ༀ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་བགྲངས་པས། ས་པཎ་གྱིས། དེ་མ་དག བཛྲ་ཀཱི་ལི་ཀཱི་ལ་ཡ་ཟེར་བ་ཡིན་གསུངས། དེར་འདར་ཕྱར་ཐུགས་ཡུས་ནས། སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་པ་ཐམ་ཐམ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་སོང་། སླར་ཕུར་པ་ཚུར་ལ་བརྩུས་ཀྱིན་འཐེན་པས་དབལ་ནས་ཅུང་ཟད་གས། དེར་ས་པཎ་གྱིས་གྲུབ་ཐོག་ཏུ་ཤེས་ནས། ང་མུ་སྟེགས་པ་དང་རྩོད་དུ་འགྲོ་བས་དེའི་རིམ་གྲོར་འབྱོན་དགོས་གསུངས་དེ་རུང་གསུངས་ནས་ལྷན་ཅིག་ཏུ་བྱོན། སྐྱིད་གྲོང་དུ་ཕེབས་པ་ན། རྒྱ་གར་གྱི་ལུགས་བཞིན་བསྟན་པ་གང་རྒྱལ་རུ་མཚོན་དུ་བཙུགས། ས་པཎ་འཕྲོག་བྱེད་དགའ་བོ་གཉིས་ཉི་མ་བཅུ་གསུམ་གྱི་བར་རྩོང་པས། མཐར་ས་པཎ་རྒྱལ་ཡང་། གྲུབ་རྟགས་འགྲན་ཟེར་འཕྲོག་བྱེད་དགའ་བོ་ནང་པའི་བསྟན་པར་འཇུག་ཏུ་མ་ཉན། དེར་མུ་སྟེགས་དེས་རལ་པ་རྒྱབ་ཏུ་བསྐྱུར། ལག་པ་གཤོག་པ་ལྟར་བརྐྱངས་ཏེ་ནམ་མཁའ་ལ་འཕུར་བས། ས་པཎ་རྡུགས་པ་ལྟར་གྱུར་ཏེ་བཛྲ་ཀཱི་ལི་ཀཱིལ་རྒྱུག་ཤོག་ཅེས་འདར་ཕྱར་བོས། དེར་རྣལ་འབྱོར་དབང་ཕྱུག་ཆེན་པོ་དེས་མུ་སྟེགས་ཀྱི་གྲིབ་མའི་སྙིང་གར། ༀ་ཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕགས། ཞེས་ཕུར་པ་བཏབ་པས། མུ་སྟེགས་པ་བྱ་ལ་རྡོ་བཏགས་པ་བཞིན་དུ་ས་ལ་ལྷུང་། དེ་ནས་ས་པཎ་གྱིས་རྩོད་པ་ལ་རྒྱལ་བའི་དཔའ་རྟགས་སུ་འཕྲོག་(སྟོད་ཆ།༨༠༠)བྱེད་དགའ་བོ་རབ་ཏུ་མ་བྱུང་བར་ཁྲིད་བྱོན་པ་ན་སློབ་དཔོན་ཆེན་པོས་བོད་ལ་མུ་སྟེགས་སྲུང་བར་བཀའ་བསྒོས་པས། བསྟན་མ་བཅུ་གཉིས་ཀྱིས་ཆད་པས་བཅད་དེ་སྐྱིད་གྲོང་དང་བོད་ཀྱི་མཚམས་སུ་མུ་སྟེགས་དེ་ཁོ་ནས་ཁྲག་སྐྱུགས་ནས་ལྔ་པའི་ལམ་དུ་བཏང་། གཞན་ཡང་གྲུབ་ཆེན་འདིས་བོན་པོ་དང་ནུས་པ་འགྲན་པས། བོན་དགོན་ཤིན་ཏུ་ཆེ་བ་ཞིག་རྗེས་མེད་དུ་བཏང་བའི་ཤུལ་དིང་སང་བོ་དོང་བོ་གནས་ཟེར་བའང་ཡོད། མུ་སྟེགས་བརྟུལ་བའི་ཕུར་པ་དེ་མུས་སྲད་དུ་རྟེན་གཙོར་བཞུགས་པ་ལ། རྗེ་རིན་པོ་ཆེའི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ལ། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས། ཕུར་པ་འདི་དང་ཡི་དམ་འདི་གཉིས་དང་མ་བྲལ་གྱིས་གསུངས་ནས། ཕུར་པ་དང་རྟ་མགྲིན་གྱི་ཆོས་སྐོར་ཕུལ་བ་རྣམས་ཉམས་བཞེས་འབྲལ་སྤོང་མཛད་པས། སེ་ར་ཐེག་ཆེན་གླིང་གི་རྟེན་གཙོར་གྱུར་ཅིང་། དེང་སང་སེ་རའི་ཕུར་མཇལ་ཡོངས་གྲགས་འདི་ཡིན་ལ། དེ་བཞིན་དུ་ཀུན་མཁྱེན་དེ་ཉིད་རྟ་མགྲིན་གྱི་གྲུབ་ཐོབ་ཏུ་མངོན་ཞིང་། བྱ་རོག་དམར་པོ་ཞིག་སེ་ཕུང་ཞིག་ལ་ཐིམ་པར་གཟིགས་ནས་སེ་ཕུང་སྐུ་ཆོས་ཀྱིས་དཀྲིས་པའི་ཕྱི་འཇིམ་པ་གཡོགས་ནས་ལྡེར་སྐུ་བཞེངས་པ་ད་ལྟ་སེ་ར་བྱེས་པ་གྲྭ་ཚང་གིས་རྟེན་གཙོ་རྟ་མགྲིན་སེ་ཕུང་མར་གྲགས་པ། དུས་བདེ་གཟར་སོགས་ཀྱི་སྐབས་འགར་ར་སྐད་ས་འོག་ཡོག་བ་ཙམ་ཀུན་གྱིས་ཐོས་པ་ལན་མང་དུ་བྱུང་བར་གྲགས་ཤིང་། ཆོས་བརྒྱུད་ནི། དུ་དོང་པ་ཆོས་རྒྱལ་བརྩོན་འགྲུབ་རྡོ་རྗེ་དང་། ཉན་ཆེན་བསོད་རྣམས་བརྟན་པ། མས་སྲང་བ་དཔལ་ལྡན་སེང་གེ་སོགས་ནས་རིམ་པར་ཀུན་མཁྱེན་རིན་ཆེན་སེང་གེ་ནས། སེ་ར་བྱེས་པ་གྲྭ་ཚང་གི་དེང་སང་ཡང་ཡི་དམ་གྱི་གཙོ་བོར་སྒྲུབ་ཅིང་མཆོད་པའི་སྲོལ་(སྟོད་ཆ།༨༠༡)ཤིན་ཏུ་དར་རྒྱས་ཆེ་བ་འདིའོ། །གཞན་ཡང་གྲུབ་ཆེན་འདར་ཕྱར་པ་རིན་ཆེན་བཟང་པོར་རཱ་ཧུ་ལ་དངོས་ཀྱིས་ཕུལ་བའི་གདམས་པ། ནད་བཅོས། བསྲུང་བ་རྒྱས་འབྲིང་བསྡུས་གསུམ་སོགས་ཡོད་ཅིང་གཞན་གཏེར་ཆོས་རྒྱ་ཆེར་བཞུགས་པ་མ་མཐོང་ངོ་། །མེ་ཉག་གྲགས་འབྱུང་ཞེས་པ་ཞིག་གིས་བུམ་ཐང་གཙུག་ལག་ཁང་ནས་ཐོག་སྲུང་ཞིག་བཏོན་ཚུལ་ཙམ་ལས་གཞན་པའི་ལོ་རྒྱུས་མཐོང་ཐོས་སུ་མ་གྱུར། གཏེར་སྟོན་སྒོམ་ཆེན་འབྲུག་པ་དང་། གཉན་སྟོན་ཛམ་བྷ་ལ་དང་། དོན་གྲུབ་སེང་གེ་དང་། པདྨ་གྲགས་པ་སྟེ། གཏེར་སྟོན་འདི་རྣམས་རིག་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་གཡོག་ཡིན་ཏེ། རིག་འཛིན་དེ་ཉིད་ཀྱིས་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི། གཏེར་ཁ་བཅུ་པ་ཆོས་དྲུག་སྲས་མཁར་མ། སྒོམ་ཆེན་འབྲུག་པ་མངགས་ཏེ་སྤྱན་དྲངས་པ་ཡིན་ལ་དེ་བཞིན་དུ་གཉན་སྟོན་ཛམ་བྷ་ལས་ལྷོ་བྲག་མཁོ་བཏིག་ལྷ་ཁང་ནང་གི་གཤིན་རྗེ་དམར་པོའི་ཐུགས་ཀ་ནས་འཇམ་དཔལ་རྫོགས་ཆེན་སྐོར་སོགས་བཏོན་པ་ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུན་པར་བགྲངས་ཏེ། དོན་གྲུབ་སེང་གེ་དང་པདྨ་གྲགས་པ་གཉིས་ནི་ཐ་དད་གཉིས་འཇོམ་ཞེས་གོང་མ་གཉིས་ཀྱི་གཏེར་འདོན་གྲོགས་ཡིན་པར་བཞེད་དོ། པདྨ་ལས་འབྲེལ་རྩལ་གྱི་གཏེར་སློབ་ཤོ་བན་རྒྱལ་སྲས་ལེགས་ལྡན་ནི། སྒོས་ཀྱི་ལུང་བསྟན་ལས། དྲི་མེད་ཤེལ་དཀར་མགོན་སྐྱིད་ཁྱེད༔ འཁྲུལ་སྣང་བཟང་ངན་རྟོག་དཔྱོད་ཀྱང་༔ ཞེས་སོགས་མཐར། འདི་ནས་སྐྱེ་བ་བཅུ་བདུན་ན༔ ཚེ་ལོ་ལྔ་བཅུ་ཁ་རལ་དུས༔ ཁ་བ་ཅན་གྱི་དབུས་ཀྱི་ཆ༔ དཀར་པོའི་གླིང་ཕྲན་གཉལ་གྱི་ཡུལ༔ གསེར་གྱི་སྡིག་པ་གབ་འདྲ་(སྟོད་ཆ།༨༠༢)དེའི༔ ལུང་པ་ཆུ་དཀར་ཤར་ལྷོར་ལྟ༔ བསང་གསོ་སྔགས་ཀྱི་བརྒྱུད་འཛིན་པ༔ རྡོ་རྗེའི་མིང་ལྡན་ཡུམ་ལས་འཁྲུངས༔ པདྨའི་རིགས་ཡིན་དོན་བློར་ལྡན༔ ཞེས་སོགས་ལུང་གིས་བསྟན་ཅིང་། ཁྱད་པར་དུ་གྲུབ་ ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གཉལ་དུ་ཕེབས་དུས། ཡབ་བླ་མ་དབང་ཕྱུག་རྒྱལ་པོའི་ཕྱག་ནས་བཟུང་སྟེ། ད་སྟེ་ལོ་བཅོ་ལྔ་ན་ཁྱོད་ལ་བུ་ཁྱད་པར་ཅན་ཞིག་སྐྱེ། དེས་བསྟན་པ་ལ་བྱ་བ་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར། གཉལ་གྱི་སེ་བ་ལུང་གི་མདར། གདུང་རུས་ཤོ་བོ། ཡབ་འཚོ་བྱེད་དབང་ཕྱུག་རྒྱལ་པོ་དང་། ཡུམ་རྡོ་རྗེ་དགོས་ཞེས་པའི་སྲས་སུ་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། སྐུ་གཞོན་ནུའི་དུས་བློ་ཤིན་ཏུ་རྒོད་ཅིང་། ཤེས་རབ་དང་བློ་རྩལ་གཉིས་ཀ་ཆེ། སྐུ་གཞོན་ནུའི་དུས་བློ་ཤིན་ཏུ་རྒོད་ཅིང་། ཤེས་རབ་དང་བློ་རྩལ་གཉིས་ཀ་ཆེ། སྐབས་ཤིག་མཁའ་འགྲོས་ལུང་བསྟན་པ་ལྟར། གྲོལ་བའི་མཆོད་རྟེན་ཆེན་མོའི་ནང་ནས། ཧོར་དམག་གི་འཇིགས་པ་བྱུང་བའི་དུས་གླེགས་བམ་མང་པོ་མཆོད་རྟེན་ནང་དུ་སྐྱེལ་བ་རྣམས་ཕྱིས་ཤོག་ལོ་རུ་སོང་བ་རྣམས་ལེགས་པར་བསྒྲིགས་པས། གསུང་སྟི་ཁ་ཐུང་བཅུ་གསུམ་ཙམ་མཁའ་འགྲོ་རྣམས་ཀྱི་བསྒྲིགས་ནས་ཕྱག་ཏུ་བྱུང་བ། ཡབ་ལ་བསྟན་པས། ཤོག་རལ་ལོ་ཙཱ་ཆེན་པོས་བོད་ལན་གསུམ་བསྐོར་བའི་ཆོས། པཎ་གྲུབ་ཕྱོགས་བཞིའི་གདམས་པ་རྣམས་རྙེད་པ་ངོ་མཚར་ཆེ། གསེར་སྲང་བརྒྱ་བས་དགའ་ཟེར་སྐད། དེ་ནས་རང་གི་ཕ་ཇོའི་དྲུང་དུ་སྒྲ་དང་དག་ཡིག །སྐྱེ་བོ་གསོ་ཐིག་སོགས་ལུགས་ཀྱི་བསྟན་བཅོས་མང་པོ་དང་། རྣམ་འཇོམ་དང་འཇམ་དཔལ་མཚན་བརྗོད་སོགས་གསན། རང་གི་ཁུ་བོ་ཤོ་ཐམས་ཅད་མཁྱེན་པ་དང་། རྒྱལ་སྲས་བརྩོན་འགྲུས་གཉིས་(སྟོད་ཆ།༨༠༣)ལ། ཞི་བྱེད་སྐོར་དང་གསར་རྙིང་གི་ཆོས་མང་པོ་གསན། གཞན་ཡང་བླ་མ་ཆོས་རྒྱལ་བ་དང་། བླ་མ་བཤེན་ཆེན། བོན་སྒོམ་སྣང་བ་རྒྱ་ཡན་སོགས་བླ་མ་མང་པོ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད་པས་སྐུ་གཞོན་ནུ་ནས་མཁྱེན་རྟོགས་ཕུན་སུམ་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པ་མངའ། ཁྱད་པར་དུ་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་དཔའ་བོ་རིན་ཆེན་སྒག་བ་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེའམ། གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་ཞབས་ལ་གཏུགས་ནས། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་གསན་པས། གཏེར་སྟོན་གྱིས་རང་གི་ཆོས་བདག་ཏུ་ལུང་བསྟན། མེ་མོ་སྦྲུལ་གྱི་ལོར་བྱར་སྐྲག་ཆུང་རྡོ་རྗེ་བྲག་ནས་གཏེར་གྱི ་ཁ་བྱང་རྙེད། དེ་ནས་ལོ་དྲུག་པ་ཆུ་ཕོ་ཁྱིའི་ལོ་ལ་གཏེར་སྒོ་ཕྱེས་ནས། རྫོགས་ཆེན་འཁོར་བ་ཆིག་ཆོད་དང་། ཕྱག་ཆེན་སགས་རྒྱས་གསལ་འདེབས འཁོར་བདེ་ཆེན་ལམ་བྱེད། སྙིང་ཐིག་འདས་རྗེས་རྣམ་གསུམ། ཐུགས་སྒྲུབ་ཐོད་འཕྲེང་རྩ་གསུམ་དྲིལ་སྒྲུབ་སོགས་གཏེར་ནས་གདན་དྲངས། དགུང་ལོ་ཞེ་གསུམ་པ་ཆུ་ཕོ་སྤྲེའུའི་ལོ་ལ། ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་དབང་ཁྲིད་ལུང་གསུམ་ཚང་བར་ཕུལ། འདི་ཤོག་སེར་སྟེང་ནས་ཕུལ་བ་ཡིན་ཟེར་བ་འང་སྣང་། གཞན་ཡང་ཆོས་བཀའ་མང་དུ་ཕུལ། ཚུལ་ཡང་ཆོས་རྗེའི་དྲུང་ནས། ཐུབ་པའི་སྐྱེས་རབ་ཟབ་མོ་ནང་དོན། རྒྱལ་བ་རྒྱ་མཚོ་སོགས་ཆོས་མང་དུ་གསན། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ཅེས་སྙིང་ཐིག་བདག་པོར་མངའ་(སྟོད་ཆ།༨༠༤)གསོལ་བའི་ལུང་བསྟན་པར་མཛད། དེ་ནས་འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་དོན་བདུན་པ། མེ་ཕོ་རྟའི་ལོ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། གཏེར་སྟོན་ཟངས་རི་རས་པ་ནི། ལ་སྟོད་ཅུང་པའི་སར་སྔགས་པ་མང་པོས་སྦྱིན་སྲེག་བྱེད་ཅིང་ཡོད་པར་རྗེ་བཙུན་རས་ཆུང་པས་དེ་ལ་བསྟན་པའི་གནས་ལུགས་ཀྱི་མགུར་བཞེངས་པས་སྔགས་པ་གཞོན་པ་ཞིག་དང་དེ་ཕྱག་ཕྱིར་འབྲང་བ་འདི་ཡིན་ཏེ། འཁྲུངས་ཡུལ་ལ་སྟོད་པ་ཡིན། རྗེ་བཙུན་རས་ཆུང་པའི་སློབ་མ་ཡིན་ཏེ། མགོ་སྟོན་དབང་ཕྱུག་རྡོ་རྗེ་ཡང་ཟེར། ཟངས་རིར་སྒྲུབ་པ་མཛད་པས་མཚན་དེ་སྐད་གྲགས། འདིས་རྗེ་བཙུན་རས་ཆུང་བ་ཟངས་རིར་ཡང་གདན་དྲངས། རྗེ་དུས་གསུམ་མཁྱེན་པས་ཀྱང་འདི་ལ་ཆོས་གསན་ཅིང་བླ་མར་འཛིན། འདིས་ཡེར་པ་ཞིག་གསོས་བྱེད་པའི་དུས་སུ་རྙེད་པར་གྲགས་པའི་ཡེར་པའི་དཀར་ཆག་ལྷ་ལུང་དང་ལ་རྡོར་མར་གྲགས་པ་བླ་མ་ཟངས་རི་བས་ཡེར་པ་གསོ་བའི་དུས་དུར་ཁྲོད་ནག་པོའི་སྤྲེའུ་སེར་པོའི་བར་ཁང་གི་རྩ་བ་ནས་རྙེད་པའི་རྒྱ་ཡིག་དང་བོད་ཡིག་སྤེལ་མ་ཅན་ཞིག་ཡོད་ཚུལ་ཀུན་མཁྱེན་ལྔ་བའི་གསན་ཡིག་ལས་འབྱུང་། དེ་ལས་གཞན་པའི་གཏེར་ཆོས་ཅི་ཡོད་མ་ངེས། འོན་ཀྱང་མགོན་པོ་ཏྲག་ཤད་ཀྱི་སྐོར་དང་། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་སོགས་མངའ་བདག་སྟག་ཤམ་པ་དཔོན་སློབ་ལས་བརྒྱུད་ནས་སྟོད་ཕྱོགས་སུ་དར་བ་ཡོད་ཅེས་ཤ་གཟུགས་པས་གསུངས་ཀྱང་ངེས་པ་མེད་པ་འདྲ། གཉལ་པ་ཉི་མ་ཤེས་རབ་ནི། གཉལ་དུ་སྐུ་འཁྲུངས། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་སློབ་མ་ཡིན། རྣལ་འབྱོར་གྱི་རྒྱུད་ལ་(སྟོད་ཆ།༨༠༥)སྦྱངས་པས་ཡོ་ག་ལ་ཤིན་ཏུ་མཁས། གཉལ་སྟོད་སྨད་རྣམས་སུ་ཆོས་གཞི་བཙུགས་ཤིང་། ལྷ་ཁང་མང་པོར་རྣམ་སྣང་སྐུ་བཞེངས་པ་དང་། ཡོ་ག་ལ་ཉན་བཤད་སོགས་ཀྱིས་ཆོས་འཁོར་བསྐོར་ནས། འདིའི་རིང་ལ་ཡོ་གའི་སྐོར་རྣམས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་སྟེ་ཡོ་གའི་བསྟན་པ་ལ་ཕན་ཐོགས་དང་སྐུ་དྲིན་ཆེ། བཞུགས་ས་དངོས་གཙང་བོ་དོང་དུ་མཛད། འདིའི་བྱ་རྒོད་གཤོང་གི་ལྷ་ཁང་གི་བློ་འབུར་ནས། སྔར་བློན་ཆེན་ལྷ་བཟང་ཀླུ་དཔལ་གྱིས་སྦས་པའི་སྐུ་འབག་དང་ལྷན་ཅིག་ཏུ་རྣམ་སྲས་ཀྱི་ཕྱར་དར་ལྗང་ཡུལ་མར་གྲགས་པ་དང་རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་སྐོར་རྣམས་སྤྱན་དྲངས་ཏེ། སྐུ་འབག་ནི། སྔོན་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ཉིད་དུ། རྒྱལ་པོ་རྣམ་ཐོས་སྲས་ཉིད་ཀྱིས་སྦྱིན་བདག་བྱས་ནས་བཞེངས་ཤིང་། དེ་ལ་དཔལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རབ་ཏུ་གནས་པར་མཛད། ལྕང་ལོ་ཅན་དུ་ལོ་མང་པོར་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་པ་ན་སྐབས་ཤིག་ནམ་མཁའ་ནས་འཕུར་སྟེ། རྒྱ་ནག་གི་ཡུལ་བྱེ་བྲག་པ་ཞིག་ཏུ་ནམ་མཁའ་ནས་བྱ་རྒོད་བབས་པ་བཞིན་དུ་བབས་ནས་བཞུགས་པས་གནས་དེར་ཡང་བྱ་རྒོད་གཤོངས་སུ་མིང་ཐོགས་པ་བྱུང་ཟེར། དེ་ནས་ལོ་མང་པོར་རྒྱ་ནག་གི་ཡུལ་དུ་བཞུགས་ནས་མ་ཧཱ་ཙི་ནའི་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་བཞུགས། དེ་ནས་བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས། ཞལ་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ནག་ལ་དམག་དྲངས་ནས་རྒྱ་ནག་བཅོམ་པའི་སྐབས་སྐུ་སྟོད་བོད་དུ་ཁྱེར། དེར་ཁོ་རང་གི་ཡུལ་གཙང་བོ་དོང་དུ་སྤྱན་དྲངས་ནས་གནས་གཞི་རྒྱ་ཆེར་བཏིང་། དེ་ཉིད་ཀྱི་སྲུང་མར་མངའ་གསོལ་ནས་བཞུགས་སུ་གསོལ་བས་(སྟོད་ཆ།༨༠༦)གནས་གཞི་དེ་ལའང་བྱ་རྒོད་གཤོངས་སུ་གྲགས། སྐུ་སྨད་ད་ལྟའང་རྒྱ་ནག་གི་ཡུལ་དེར་བཞུགས། ནམ་ཞིག་མ་འོངས་པ་ན་སྐུ་སྟོད་སྨད་འགྲིགས་ནས་སླར་ནམ་མཁའ་ལ་འཕུར་ནས་ལྕང་ལོ་ཅན་དུ་བྱོན་པར་གྲགས། དོན་དུ་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་དངོས་ཡིན་པར་བྱེད། ཕྱར་དར་ནི། ལྷ་སྲས་མུ་རུབ་བཙན་པོ་བྱང་གི་ཁ་བསྲུང་བར་ཕེབས་དུས་སུ་སློབ་དཔོན་རིན་པོ་ཆེའི་རྣམ་སྲས་རྟ་བདག་བརྒྱད་དངོས་སུ་བཀུག་ནས་རྒྱལ་བློན་རྣམས་ལ་བསྟན་ཅིང་བཀའ་བསྒོས་ཞལ་གཟིགས་པ་ལྟར་མཐའ་མི་མགོན་བརྩོན་གྱིས་ཕྱར་དར་ལ་བྲིས་ཤིང་། དེ་ལ་རྣམ་སྲས་འཁོར་བཅས་དངོས་སུ་བསྟིམ་རྒྱལ་བུ་འཁོར་བཅས་ཀྱིས་ཁམས་ཀྱི་གཡར་མོ་ཐང་དུ་བྱོན། ཞང་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ཟམ་ལ་དམག་རྣམས་བཤར་ནས་བགྲངས་པས་ཤར་བྱ་ཁྲའི་གདོང་ཅན་ཁྲི་ཚོ་དགུ། གྲུལ་བུ་མ་རྐང་རྩེའི་དམག་རྟ་བབོང་གི་རྐང་པ་ཅན་འབུམ་ཚོ་གཅིག མི་ལུས་བྱི་བའི་མཇུག་མ་ཅན་ཁྲི་ཚོ་བཅུ་གཉིས། མི་ལུས་བོང་བུའི་རྣ་བ་ཅན་ཁྲི་ཚོ་བཅུ་གསུམ་སོགས་དམག་བགྲང་ཡས་པ་བྱུང་བས་རྒྱ་ཧོར་ཡུ་གུའི་ཡུལ་རྣམས་བཅོམ། རྒྱལ་པོ་པེ་དཀར་སྐྲག་སེ་བྱ་རྒོད་དུ་སྤྲུལ་ནས་བྲོས་པ་གནོད་སྦྱིན་ཞིག་གིས་མདའ་འཕངས་པ་གཤོག་པ་ལ་ཐེབས་ནས་ས་ལ་ལྷུངས་བ་རྣམ་སྲས་འཁོར་བཅས་ཀྱིས་བཟུང་སྟེ་བསམ་ཡས་སུ་བསྐྱལ། འདིའི་དུས་རྣམ་སྲས་ཀྱི་སྤྲུལ་པའི་ཕོ་ཉ་མགོ་བརྙན་གྲངས་མེད་པ་ལྷ་སྲས་ཀྱིས་གཟིགས་ནས་དཔེ་བྱས་ཏེ་རི་མོར་བཀོད་པ་ལ་རྣམ་སྲས་ལྗངས་འདྲ་མར་གྲགས། གོང་དུ་སློབ་དཔོན་གྱིས་གནང་བའི་ཕྱར་དར་འཁོར་ཉུང་བ་དེ་ལྗགས་ཡུལ་མ་དངོས་དེ་ཡིན་གསུངས། ཕྱར་དར་དེང་སང་ཆོས་ལུང་ཚོགས་པར་བཞུགས་པར་གྲགས་ཏེ། དེ་ཡང་དང་པོ་བྱ་རྒོད་(སྟོད་ཆ།༨༠༧)གཤོངས་སུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་མདུང་དམར་ཅན་གྱི་སྒྲུབ་སྐོར་དང་ལྷན་ཅིག་དུ་སྤྱན་དྲངས་རིང་ཞིག་ལོན་པ་ན་ཕྱར་དར་ཀརྨ་པའི་ཕྱག་ཏུ་བྱུང་བ་སྣེའུ་རྫོང་པས་སྒར་པར་ཞབས་འདྲེན་ཞུས་དུས་གཞིས་ཀ་སྣེའུར་གདན་དྲངས། སྣེའུ་པར་དུས་འགྱུར་བྱུང་སྐབས་རིན་སྤུངས་དོན་ཡོད་རྡོ་རྗེས་གཙང་དུ་བསྣམས་ནས། ཆོས་ལུང་ཚོགས་པར་ཕུལ་བར་ཡིན་ཅེས་ལྔ་པ་རིན་པོ་ཆེའི་གསུང་ལས་བྱུང་ངོ་། མདུང་དམར་ཅན་འདིའི་རྒྱུད་ནི་ཁྲོ་ལོའི་གཏེར་མ་ཡིན་ཏེ། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པ་དཔལ་ནི། སྔགས་རྙིང་མའི་སྔགས་འཆང་རོ་ཟན་ནག་པོ་ཞེས་པའི་ནུས་ལྡན་ཞིག་གི་སྲས་སུ་འཁྲུངས། ཆོས་ལུགས་ཕག་གྲུ་བཀའ་བརྒྱུད་ཟུང་བཞིའི་ཁྲོ་གླིང་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། མཁས་པ་དང་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། པཎ་ཆེན་ཤཀ་ཤྲི། བུདྡྷ་དཔལ། མི་ཏྲ་ཛོ་ཀི་སྟེ་པ ཎ་གྲུབ་གསུམ་སྤྱན་དྲངས། རྒྱབ་འདོམ་ཉེར་བརྒྱད་ཡོད་པའི་བྱམས་སྐུ་མཐོང་གྲོལ་ཆེན་མོ་བཞེངས། བོད་ཀྱི་མཁས་གྲུབ་གཅིག་ལ་བསྟན་པ་ལ་ཕྱག་རྗེས་འདི་རང་ཆེ། ལོ་ཆེན་འདིས་བྱ་རྒོད་གཤོངས་ནས་གནོད་སྦྱིན་དབྱུག་ཐོ་ཅན་གྱི་རྒྱུད་ལེའུ་བདུན་པ་གཉག་ཛྙཱ་ན་ཀུ་མ་རས་བསྒྱུར་བ་དང་། དེའི་ལེའུ་མཐའ་མའི་ཚེ་སྒྲུབ་གསལ་བྱེད་པཎ་ཆེན་བི་མ་ལས་མཛད་པ་སོགས་གཏེར་ནས་གདན་དྲངས་པར་མཛད་པ་ཡིན་ནོ། སུམ་སྟོན་ཡེ་ཤེས་བཟུང་ནི། གཙང་རུ་མཚམས་སུ་འཁྲུངས། རུས་སུམ་པ། གཡུ་ཐོག་པའི་སློབ་མ་གཡུ་ཐོག་སྙིང་ཐིག་སོགས་ཀྱི་ཆོས་བདག་དེ་ཡིན་ཏེ། ཁོང་གི་གསུང་ལས། ཁོ་བོ་རུ་མཚམས་སུམ་པའི་བུ། །ཛྙཱ་ན་(སྟོད་ཆ།༨༠༨)དྷ་ན་བདག་འདྲ་ཡིས། །དཔོན་ཁོང་གི་སྙན་པ་རྒྱང་ནས་ཐོས། །མཚན་ཐོས་པ་ཙམ་གྱིས་མོས་པ་སྐྱེས། །ལམ་དཀའ་བ་སྤྱད་ནས་སྤྱད་སྔར་ཕྱིན། ཞལ་མཐོང་བ་ཙམ་གྱིས་བྱིན་རླབས་ཕོག །ལོངས་སྤྱོད་འབུལ་ནོད་མི་ཆེ་ཡང་། །ཕ་ཞིང་རྟ་རུ་བཙང་ནས་ཕུལ། །ལུས་ཀྱིས་ཞབས་ཏོག་མ་གྲུབ་ཀྱང་། །བླ་མས་ཅི་གསུང་བཀའ་མ་བཅག །ཚིག་དོན་སྤྱོད་ཁམས་མི་ཆེ་ཡང་། །གཡེལ་མེད་འཁྲུལ་མེད་ལོ་གསུམ་བསླབས། །ཞེས་དང་མཁས་པ་གགཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་སེས་ལག་པ་འདྲ། །དངོས་རང་ཡིད་ལས་སྐྱེས་སམ་སྙམ། །ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །བསམ་ཀྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་བརྗེ་དུས་གསུམ་གཙུག་ཏུ་ཁུར། ཞེས་དང་། མཁས་པ་གཡུ་ཐོག་མགོན་པོ་ཡི། གདམས་པ་ཐོབ་པ་ཨ་ཕོ་ཙམ། །གཡུ་ཐོག་བཀའ་བབས་བདག་ལ་བབས། འཚོ་བྱེད་གཞོན་ནུ་བྱོན་ལགས་ཀྱང་། །སྨན་དཔྱད་ཞུ་རྒྱུ་མེད་དམ་སྙམ། །ཞེས་སོགས་གདམས་པའི་རྩད་ཆོད་ནས་སྨན་དཔྱད་ལ་ཐུགས་ལེགས་པར་བྱང་ཞིང་ཉམས་འོག་ཏུ་ཆུད་པས་གདེང་དང་ལྡན་པའི་གསུང་མང་དུ་བྱོན་པར་སྣང་ལ། ཁྱད་པར་གཡུ་ཏོག་སྙིང་ཐུག་ཞུས་དུས་སུ་ཕ་གཞིས་ཐམས་ཅད་གསེར་དུ་བསྒྲིལ་ནས་གསེར་སྲས་ཕྱེད་གཉིས་བརྒྱ་བྱུང་བ་ཕུལ་ནས་ཞུས་པར་གྲགས། ཁོང་ལ་སྨན་དཔྱད་ཀྱི་གཏེར་འགའ་ཡང་ཡོད་པ་ཡིན་འདུག་ཀྱང་དེང་སང་རྒྱུན་མི་སྣང་ངོ་། བྲང་ཏི་མཁར་བུའི་ལོ་རྒྱུས་རྒྱས་པ་ཞིག་ནི་མ་མཐོང་ཡང་། བྲང་ཏི་རྒྱལ་མཉེ་མཁར་བུ་ཞེས་པ་བོད་སྨན་མཁས་པ་མི་དགུའི་གྲས་བྲང་ཏིའི་བརྒྱུད་དུ་འཁྲུངས། འདིས་སློབ་དཔོན་རིན་པོ་ཆེ་ཁྲི་སྲོང་ལྡེའུ་བཙན་གྱིས་(སྟོད་ཆ།༨༠༩)སྦས་པའི་རྩ་སྒྲུབ་དང་གསོ་དཔྱད་སྐོར་འགའ་ཞིག་བསམཡས་གནམ་སྟེང་བཅུ་གསུམ་གྱི་ཀ་ཞུའི་ནང་ནས་གཏེར་བཏོན་ཅིང་བསྒྲུབས་པས་གྲུབ་རྟགས་ཐོན་པར་གྲགས་ཤིང་། དེ་ནས་བྲང་ཏི་འཇམ་དཔལ་བཟང་པོ་སོགས་ལས་རིམ་པར་བརྒྱུད་པ་ཡོད་དེ། ཇི་སྐད་དུ། ཀླུ་སྒྲུབས་སྙིང་པོ་གདམས་པ་འདི། །ཨོ་རྒྱན་པདྨ་སམ་བྷ་བས། །མངའ་བདག་རྒྱལ་པོ་ཉིད་ལ་གདམས། །བསམ་ཡས་གནམ་སྟེང་ཀ་ཞུའི་ནང་། །མ་འོངས་དོན་དུ་གཏེར་དུ་སྦས། །ཉང་རིང་ཤེས་རབ་གྲགས་སམ་ཉང་སྟོན་དུ་གྲགས་པ་འདིས་ཁུ་བྱུག་འབུམ་ཐང་གི་སྲིན་ཕུག་ལྟོག་པ་ནས་དགྲ་བོ་དམ་ཉམས་གཟའ་བདུད་ལ་གཏོད་པའི་གཟའི་གདོག་གཏད་ཟབ་མོ་ཞིག་གཏེར་ནས་གདན་དྲངས་པ་ཡིན་འདུག །དེ་ལས་གཞན་པའི་གཏེར་ཆོས་ཅི་ཡོད་སོགས་ལོ་རྒྱུས་ཞིབ་པར་མ་འཚལ། གཙང་སྟོན་ཆོས་འབར་གྱིས། མཆོད་རྟེན་སྔོན་པོ་ལ་བརྟེན་པའི་སེར་སྲུང་སྐོར་འགའ་ཞིག་གཏེར་བཏོན་པ་ཡིན་འདུག་གོ །སྟག་སྡེའི་བོན་སྟོན་ཧཱུྃ་འབར་གྱིས། གུ་རུ་པདྨ་འབྱུང་གནས་ཀྱིས་མངའ་རིས་ཐོ་ལིང་གཙུག་ལག་ཁང་གི་དཔལ་རྟ་མགྲིན་གྱི་ཐུགས་ཀར་གཏེར་དུ་སྦས་པའི་གཟའ་མོན་པ་ཀེ་ཏེའི་གདམས་སྐོར་ཤིན་ཏུ་ཟབ་ཅིང་རྣོ་མྱུར་ཚན་ཆེའི་དྲག་སྔགས་རྣམས་གདན་དྲངས་ནས་སྟག་སྟེ་གྲགས་པ་རྒྱལ་མཚན་ལ་གནང་། དེས་པུ་རང་གི་རྩད་པོ་ལྷ་བླ་མ་ཡེ་ཤེས་འོད་ལ་ཕུལ་བས་མཉེས་དེས་གཙང་སྒྱེར་ཕུའི་ཀློག་སྐྱ་སྟོན་པ་ལ་གནང་བ་ཡིན་འདུག་གོ །སྐལ་ལྡན་བྱིས་པ་ནི། སྔོན་མངའ་རིས་ཡུལ་གུ་གེ་འདམ་གྲོགས་ཞེས་(སྟོད་ཆ།༨༡༠)པར། བྱིས་པ་མང་པོས་བྱེ་མའི་སྤོ་ཆེན་པོ་ཞིག་བྲུས་པས། རྡོའི་སྒོམ་བུ་ཁ་འགེབས་དང་བཅས་པ་ཞེས་བྱུང་བ། བྱིས་པ་གཞན་རྣམས་ཤི། བྱིས་པ་འཛང་པ་ཞིག་གིས་ཡ་ཁེབས་ཁྱེར་ནས་བྲོས་པའི་སྐྱོན་མ་བྱུང་། དེར་ཡུལ་དེར་ནད་ཡམས་ཆེན་པོ་བྱུང་སྟེ་གཉན་རིམ་གྱི་རིགས་མི་འདྲ་བ་དུ་མས་མི་ཕྱུགས་མང་པོ་ཤི་བ་ན། ཡ་ཁེབས་དེ་ལས་རིམ་སྲུང་ཆིག་དྲིལ་གྱི་གདམས་སྐོར་རྣམས་བྱུང་སྟེ། འཁོར་ལོ་དང་རྫས་སྔགས་རྣམས་བྱིན་པས་ནད་རིམས་ཐམས་ཅད་ཆུ་བཅད་པ་བཞིན་དུ་སོང་བས་ཟབ་པར་ཤེས་ཏེ་རིམ་པར་སྤེལ་བ་དང་དེང་སང་གི་བར་དུ་དར་རྒྱས་སུ་བཞུགས་ལ། གཏེར་སྟོན་གྱི་མཚན་ལའང་བྱིས་པ་ལས་མཚན་གཞན་མ་ཐོགས་པས་སྐལ་ལྡན་བྱིས་པར་མིང་ཆགས་པར་སྣང་ངོ་། གཉལ་པ་ཉི་མ་སེང་གེའི་བཟོ་པ་ཏྲ་ཀ་རིགས་བཅུ་གསུམ་ཙམ་གདན་དྲངས་པ་ཡིན་ཅེས་ཟབ་ལུང་པའི་ཡིག་ཆ་ལས་འབྱུང་། གཞན་ལོ་རྒྱུས་ཞིབ་པར་མ་མཐོང་། གཉལ་པ་ཇོ་སས་སམ་གཉལ་སྟོན་ནག་པོར་གྲགས་པས། བྲམ་ཟེའི་སྔགས་རྒོད་མ་སྟེགས་སྟོན་པ་ཨ་མོ་ལི་ཀོར་གྱི་གདམས་པ་ཨོ་རྒྱན་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོའི་འགུལ་བུམ་དུ་གཏེར་དུ་སྦས་པའི་རྟེན་གསུམ་དྲིལ་སྒྲུབ་བམ་གཙང་ཤུག་མར་གྲགས་པའི་གདམས་སྐོར་རྣམས་གདན་དྲངས་པ་ཡིན་འདུག་ཅིང་། དེ་ལས་གཞན་པའི་གཏེར་ཆོས་ཡོད་པ་མ་མཐོང་། གཏེར་སྟོན་ཤེས་རབ་མེ་འབར་ནི་འཁྲུངས་ཡུལ་ཁམས་པ་ཡིན་པར་གྲགས། དེ་ཡང་། ལོ་རྒྱུས་རིན་ཆེན་ལྡེ་མིག་ལས། ཨོ་རྒྱན་ང་ཡི་བྱིན་(སྟོད་ཆ།༨༡༡)རླབས་ཀྱིས༔ བུ་གཅིག་ལྔ་བཅུ་ཁ་རལ་དུས༔ དབུས་གཙང་མཐའ་དབུས་གཙང་ལྷོ་བྱང་༔ འཁྲུག་ཅིང་རྒྱལ་ཁམས་ཆུ་ལྟར་འཁོལ༔ ལས་སུ་མི་དགེ་བ་ལ་སྤྱོད༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར་ཞིང་༔ བདུད་སྤྲུལ་བཅུ་གསུམ་དུས་གཅིག་འཛོམས༔ སེམས་ཅན་གྱི་བདེ་སྐྱིད་འཇའ་ལྟར་ཡལ༔ གཏི་མུག་གི་ངོ་བོ་ནད་ཡངས་དར༔ ཞེ་སྡང་གི་ངོ་བོ་འཁྲུག་རྩོད་དར༔ འདོད་ཆགས་ཀྱི་ངོ་བོ་མུ་གེ་དར་བའི་དུས༔ སྐྱེས་བུ་ཤེས་རབ་མིང་ཅན་ཕྱག་ཞབས་ལ་འཁོར་ལོ་དང་པདྨ་འདབ་མ་བརྒྱད་པས་བརྒྱན་བ༔ སྙིང་གར་ཕག་མོ་རང་བྱུང་དུ་བཞུགས་པ༔ རྩའི་རྩེ་ནས་ཡེ་ཤེས་ཀྱི་རྩ་སོར་གནིས་སུ་ནར་རེ་ཡོད་པ༔ དམ་ཚིག་ཚུལ་བཞིན་བསྲུང་བ༔ མཁའ་འགྲོ་སྡེ་ལྔས་ཉེ་གནས་བྱེད་པ་ཞིག་སྐྱེ་བར་འགྱུར་རོ༔ དེས་འདི་ཉིད་འདོན༔ ཞེས་ལུང་དུ་བསྟན་པ་ལྟར། །སྤྲུལ་སྐུ་ཤེས་རབ་མེ་འབར་གྱིས་ཀོང་པོ་རྒྱ་ལའི་རྦ་དོང་ནས་རྫོགས་པ་ཆེན་པོ་འཁོར་འདས་རག་གྲོལ་ཆོས་སྐོར་རྣམས་དང་། རྫོགས་ཆེན་དྲག་པོ་གསུམ་དྲིལ་གྱི་སྐོར་དང་། སྟག་རྩེ་བྲག་ནས་གཟའ་དང་ལྷ་མོའི་ཆོ་འཕྲུལ་སོགས་གདམས་ཟབ་མང་དུ་གདན་དྲངས། འོན་ཀྱང་རྫོགས་ཆེན་འཁོར་འདས་རང་གྲོལ་སྒྲ་རིགས་མི་འདྲ་བ་དང་ཡིག་རིགས་གི་འགོར་བོད་ཡིག་ཏུ་སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་འཕྲད་པར་ཤོག༔ དེ་མིན་སྙིགས་དུས་གཞན་གྱིས་ཁྲོལ་རེ་སྐན༔ ཞེས་པ་ཡོད་ཅིང་གཏེར་སྟོན་ཉིད་ཀྱིས་ཀྱང་ཤོག་སེར་མ་ཁྲོལ་བས། གཏེར་སྟོན་གྱི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་ཀརྨ་པ་རང་བྱུང་མཁས་གྲུབ་མང་པོ་ལ་བསྟན་ཀྱང་འགྲོལ་མ་ཐུབ། ཡིག་རིགས་བཅུ་དྲུག་དང་སྒྲ་རིགས་སུམ་ཅུ་(སྟོད་ཆ།༨༡༢)ཙམ་མཁྱེན་པའི་བླ་མ་ཀུན་དགའ་བྱ་བ་ལ་བསྟན་ཀྱང་མ་ཁྲོལ། དེའི་ཚེ་གཏེར་སྟོན་རྡོ་རྗེ་གླིང་པ་བཻ་རོའི་བག་ཆགས་སད་ནས་སྒྲ་རིགས་དང་ཡིག་རིགས་གང་ལའང་ཐོགས་པ་མེད་པར་མཁྱེན་པར་གྲགས་པས་ཀོང་པོར་གདན་དྲངས་ནས་ཤོག་སེར་རྣམས་སྤྱན་སྔར་ཕབ་པ་ཙམ་གྱིས་ཚེགས་མེད་པར་མཁྱེན་པའི་ངོ་མཚར་དང་ཡ་མཚན་རྨད་དུ་བྱུང་བས་རྡོ་རྗེ་གླིང་པའི་ཆེ་བ་བཏོན་བྱེད་དུ་གྱུར་ཅིང་། ཆོས་བརྒྱུད་ལའང་འདྲེན་པར་སྣང་ངོ་། ཕྱིས་གཏེར་སྟོན་འདི་ཉིད་མོན་ཡུལ་དུ་བྱོན་དུས། ཡུལ་དེའི་དཔོན་པོས་གཏེར་རྟགས་ཡོད་པའི་བྲག་ཅིག་བསྟན་ནས། ཁྱེད་རང་གཏེར་སྟོན་ཡིན་ན་གཏེར་འདི་ད་ལྟ་ཐོན། མིན་ན་ངའི་ལུང་པ་འདི་ཟོག་པོས་གང་འགྲོ་བར་འདུག་པས་ཁྲིམས་ཀྱིས་བསྒྲལ་ལོ་ཟེར་བར་གཏེར་སྟོན་གྱིས་འདི་གཞན་གྱི་གཏེར་སྐལ་རེད་པས་འདོན་མི་རུང་དེས་རང་གཉིས་ཀར་གནོད་གསུངས་ཀྱང་མ་ཉན་པར་དབང་མེད་དུ་གཏེར་འདོན་བཅུག་པས་རྟེན་འབྲེལ་ལོག་ནས་དཔོན་པོའང་ཤིང་། གཏེར་སྟོན་ཀྱང་རིང་པོར་མ་ལོན་པར་སྐུ་གཤེགས། ཤོག་སེར་རྣམས་ཡང་གཏེར་དུ་སྦས་པ་ཕྱིས་གཏེར་སྟོན་པདྨ་གླིང་པས་བཏོན་པ་ཡིན་ཅེས་འབྱུང་ངོ་། གཏེར་སྟོན་ཁམས་པ་མེ་ཟོར་གྱིས། གཙང་གི་བྲག་རྒྱ་བོ་ནས་ཕྱུགས་ནད་བསྲུང་བཅོས་ཀྱི་སྐོར་འགའ་ཞིག་གཏེར་བཏོན་པར་ཡིན་འདུག །འབྲོག་པ་སྣ་ནམས་ཐུབ་རྒྱལ་གྱིས་འཕགས་པ་འཇམ་དཔལ་གྱིས་གསུངས་པའི་གཙུག་ལག་གི་འཁོར་ལོ་སྲུང་འབུམ་གྱི་སྐོར་རྣམས་གདན་དྲངས་ཏེ། གཏེར་སྟོན་འདི་ཐང་ཡིག་ཏུ་བྱུང་བའི་སྣ་ནམས་པ་དེ་ཡིན་པར་ཤྭ་ཟུག པས་བཞེད་དོ། གཞན་ཡངདེ་དག་གུ་མ་མཐུས་པའི་གཏེར་ཕྲན་འགའ་ཞིག་བྱོན་པར་སོག་ཟློག་པའི་གཏེར་བྱུང་དང་ཐམས་ཅད་མཁྱེན་(སྟོད་ཆ།༨༡༣)པ་ལྔ་པ་རིན་པོ་ཆེའི་གསན་ཡིག་ལས་བྱུང་བ་རྣམས་ཅུང་ཟད་བརྗོད་པར་བྱེ་སྟེ། ༨ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་བསྡུས་དང་ཟབ་གཏེར་བཞེས་ཚུལ། གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོ་ནི། པདྨ་གླིང་པའི་གཏེར་ལུང་ལས། པདྨའི་སྤྲུལ་པ་ཐང་སྟོང་པ་ཞེས་འབྱུང་། དེ་དུས་བོད་འབངས་སེམས་ཅན་ཅུང་ཟད་བདེ། ཞེས་དང་། རང་གཏེར་ལུང་བསྟན་གསལ་བའི་སྒྲོན་མེ་ལས། འོལ་བ་ཞེས་བྱའི་ཤར་མདུན་དུ། །བརྩོན་འགྲུས་ཞེས་བྱའི་མིང་ཅན་འབྱུང་། །དེ་ཉིད་ང་ཡི་ཐུགས་སྤྲུལ་ཡིན། །ཞེས་གསུངས་པ་ལྟར། ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད། རྩོད་དུས་ལྔ་བརྒྱ་ཐ་མའི་འགྲོ་བ་སྡུག་བསྔལ་གྱི་ཚོར་བ་རྩུབ་མོས་ཉམས་ཐག་པ་རྣམས་ལ་ཐུགས་བརྩེ་བས་སླར་ཡང་གངས་ཅན་གྱི་ལྗོངས་འདིར་བྱོན་པ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ཉིད་ཡིན་ཏེ། དེ་ཡང་འཁྲུངས་ཡུལ་ནི། ཨོ་རྒྱན་ཆེན་པོའི་འོལ་བ་ཞེས་བྱའི་ལུང་བ་ན། ཕོ་བྲང་ལྷ་རྩེ་བྱ་བ་ཡོད། ཞེས་སོགས་གསུངས་པའི་གཙང་སྟོད་གནས་ཆེན་འོལ་བ་ལྷ་རྩེའི་ཤར་མདུན་དུ། ཡབ་དཔོན་རྡོ་རྗེ་རྒྱལ་མཚན་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེ་ཡང་རང་གཏེར་ལས། ཞི་བ་ཐུགས་རྗེ་ཆེན་པོ་དང་། དྲག་པོ་ཁྲོ་བོ་རྟ་མགྲིན་གཉིས། དབྱེར་མེད་གཅིག་ཏུ་སྤྲུལ་པ་ལས། །སྐུ་ཡི་ཆ་ལུགས་ཞི་མ་ཁྲོ། །མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན། །ངང་བརྒྱུད་དལ་ཞིང་རིག་(སྟོད་ཆ།༨༡༤)རྩལ་ཆེ། །མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང་། །ནངས་རྟགས་རྨི་ལམ་མཚན་ལྟས་འབྱུང་། །ཞེས་གསུངས་པ་དང་མཐུན་པར་ཡུམ་ལ་རྨི་ལམ་བཟང་པོ་དང་ངོ་མཙར་བའི་ལྟས་དུ་མ་དང་བཅས་ལྕགས་མོ་གླང་གི་ལོ་ལ་འཁྲུངས། མཚན་ཁྲོ་བོ་དཔལ་ལྡན་དུ་གསོལ། བྱིས་པའི་དུས་ནས་གྲུབ་པའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་མངའ། གསང་སྔགས་གསར་རྙིང་མང་པོར་གསན་བསམ་མཛད། ཁྱད་པར་དུ་ཀུན་སྤངས་རི་ཁྲོད་པ་དོན་ཡོད་རྒྱལ་མཚན་དྲུང་དུ་ཆོས་ཞུ་བར་བྱོན་པའི་དུས། ཀུན་སྤངས་ཆེན་པོ་ལ་གཏེར་བདག་སོ་སོས་མངོན་སུམ་དུ་བསྐུལ་བ་བྱུང་ཞིང་། ཁྱད་པར་ཨོ་རྒྱན་ཆེན་པོ་འཁོར་མཁའ་འགྲོ་དང་བཅས་བྱོན་ནས། ཁྱོད་ལ་ཡོད་པའི་ཆོས་རྣམས་གཏེར་དུ་སྦེད་མཁན་ང་རང་ཡིན། ང་བོད་ཡུལ་འདིར་ལོ་གྲགས་བརྒྱ་དང་བབརྒྱད་ཅུ་ཚུན་གདུལ་བྱ་སྐྱོང་བ་ལ་སྡོད་རྒྱུ་ཡིན་པས་གཏེར་ཆོས་རྣམས་ང་རང་ལ་ཐོད་གསུངས་པ་བྱུང་ནས། ཀུན་སྤངས་ཆེན་པོས་གྲྭ་བ་རྣམས་ལ་དགེ་སློང་བརྩོན་འགྲུས་འདིར་བྱོན་པ་འདུག །ཁོང་གཏེར་ཁ་འདིའི་ཚེ་སྒྲུབ་ལྕགས་སྡོང་མ་ལ་བརྟེན་ནས་ཚེ་ཡི་རིག་འཛིན་བརྙེས་པ་ཞིག་འོང་བར་འདུག །འོ་སྐོལ་གྱིས་སྣེ་ལེན་བཟང་པོ་དགོས་གསུངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། ཀུན་སྤངས་དེ་ལས་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་གཏེར་ཆོས་ཐམས་ཅད་གསན། གཞན་ཡང་རྒྱུད་འཛིན་བསོད་ནམས་ཆོས་བཟང་ལས་ཀྱང་བྱང་གཏེར་གཙོ་བོར་གྱུར་པའི་གཏེར་ཆོས་མང་དུ་གསན། དེ་དུས་དགེ་སློང་ཀུན་སྤྱོད་ཤིན་ཏུ་གཙང་བར་བཞུགས་ལ་ཨོ་རྒྱན་ཆེན་པོ་དྲག་པོའི་ཆོས་ཅན་གྱིས་བརྟུལ་ཞུགས་སྤྱོད་པར་བརྡས་བསྐུལ། དེ་ནས་བཟུང་སྟེ་རྟུལ་ཞུགས་ལ་མངའ་དབང་འབྱོར་བས།(སྟོད་ཆ།༨༡༥) བལ་ཡུལ་དང་། རྒྱ་གར་རྡོ་རྗེ་གདན་དང་། ཟངས་གླིང་ལ་སོགས་པར་ཕེབས། གྲུབ་ཐོབ་མང་པོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ། སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས་ཤིང་། སྒྲོལ་མས་ལུང་བསྟན་པ་ལྟར་མཐའ་དམག་གི་བླ་རི་སྡིག་པ་རྭ་ཅན་འདྲ་བའི་སྟེང་དུ་སྒྲུབ་ཁང་དང་མཆོད་རྟེན་བརྩེགས་པས་མནན་ནས་དཔལ་རི་བོ་ཆེ་བཏབ། འདི་ཡན་རྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བས་ཀུན་གྱི་སྨྱོན་པར་འཛིན། བཙོན་འགྲུས་སྨྱོན་པར་ཞུ་བ་ལས་གྲུབ་ཐོབ་ཏུ་འཛིན་པ་འགའ་ཡང་མེད་པ་ལ། གཙང་རྒྱས་སྡེའི་ཐང་ཁར་གསང་སྤྱོད་ལ་བཞུགས་སྐབས། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་མགྲིན་གཅིག་ཏུ་གླུ་དབྱངས་སྙན་པོས་མཚན་ལྔ་གསོལ་ཏེ། རྒྱས་སྡེ་ཐང་ན་བཞུགས་པ་ཡིས། །ཡ་མཚན་ཆེ་བའི་མི་འདི་ལ། །འདིར་ཚོགས་བུ་མོ་སྤུན་ལྔ་ཡིས། །དོན་དང་མཐུན་པའི་མིང་རེ་འདོགས། ཞེས་སོགས་གླུར་བླངས་ནས། ཐང་སྟོང་རྒྱལ་པོ། ལུང་སྟོང་སྨྱོན་པ། ཕྱོགས་མེད་བྱ་བྲལ། ཟས་རྣམས་བཅུད་ལེན་མཁན། རྐྱེན་རྣམས་རོ་སྐོམ་མཁན་ཞེས་པའི་མཚན་ལྔ་གསོལ་བས། དེ་ཕྱིན་ཆད་གྲུབ་པའི་ཕྱུང་ཐང་སྟོང་རྒྱལ་པོ་ཞེས་གྲུབ་ཐོབ་ཆེན་པོར་རྩོད་མེད་དུ་ཡོགས་ལ་གྲགས་སོ། ཡང་བོད་གངས་ཅན་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ནས། ཨོ་རྒྱན་ཆེན་པོས་བྱིན་གིས་བརླབས་པའི་ཐུག་ལ་སྤྲུལ་པ། སེམས་ཅན་གྱི་དོན་ལ་སྐྱོ་ངལ་མེད་པ་སྤྱན་རས་གཟིགས་དང་མཚུངས་པའི་རྣལ་འབྱོར་པ། ཞེས་(སྟོད་ཆ།༨༡༦)སོགས་ཆེད་དུ་བརྗོད་པས་བསྟོད་ཅིང་དགེ་ལས་ཀྱི་བར་ཆད་སེལ་ཞིང་མཐུན་རྐྱེན་བསྒྲུབ་པའི་དམ་བཅའ་ཕུལ། སྐབས་ཤིང་རྒྱ་མཚོར་བགྲོད་པའི་ཚོང་པ་རྣམས་དང་སྡོངས་ནས། སྐུ་དངོས་ཀྱིས་ཨོ་རྒྱན་ཟངས་མདོག་དཔལ་རིར་ཕེབས། ཨོ་རྒྱན་ཆེན་པོ་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ། ཁྱད་པར་དུ་ཨོ་རྒྱན་ཆེན་པོའི་ཞུ་བ་པོ་མཛད་ནས། སྟོན་པ་རྡོ་རྗེ་སེམས་དཔའ་ལས་རྫོགས་པ་ཆེན་པོའི་ཆོས་ཚུལ་མ་ཚང་བ་མེད་པར་གསན། ཨོ་རྒྱན་རིན་པོ་ཆེས་ཧོར་དམག་ཟློག་ཐབས་ལུང་བསྟན་དང་བཅས་གནང་ནས་བོད་དུ་ཕེབས་པར་བསྐུལ་ཏེ། རིག་འཛིན་བོད་ཀྱི་སྐྱེས་བུ་ཁྱོད། རྫུ་འཕྲུལ་སྟོབས་ཀྱིས་འདིར་ཡོང་ཀྱང་། ཆོས་སྐལ་གཏེར་ལྔ་བོད་ན་ཡོད། ལུང་བསྟན་རྣམ་ཐར་བོད་དུ་བཞག །དུས་གསུམ་མཁྱེན་པ་པད་བྱུང་ངའི། ཐུགས་སྤྲུལ་ད་ནི་ལྕགས་ཟམ་ཚུགས། རྟེན་འབྲེལ་འགྲོ་བ་འདུལ་བའི་ཕྱིར། མྱུར་དུ་ཁ་བ་ཅན་དུ་བཞུད། ཞེས་དང་། ས་འབྲུག་དབྱར་ཟླ་དང་པོའི་ཚེས་བཅུ་ལ། སའི་མེ་བཙའ་རྟེན་འབྲེལ་བསྒྲིགས་དགོས་ཡོད། འགྱངས་ན་ཆུ་ཤོར་ཟིན་པའི་རགས་དང་འདྲ། སྔས་ན་རི་དྭགས་མི་ཚུད་རྒྱ་དང་འདྲ། རིག་པ་འཛིན་པའི་སྐྱེས་བུ་ཕན་སེམས་ཅན། སླར་ཡང་བོད་ཡུལ་ཁ་བ་ཅན་དུ་བཞུད། སྔོན་ཨོ་རྒྱན་ཆེན་པོས་བོད་ཡུལ་དུ་བྱོན་ནས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། བསྟན་པའི་སྲོལ་བཏོད། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། བསྟན་པའི་སྲོལ་བཏོད། རྒྱལ་སྲིད་ལ་མངའ་དབང་བསྒྱུར་ཏེ། དགེ་བ་བཅུའི་ཁྲིམས་བཙུགས། གཏེར་ཆེན་དང་གཏེར་ཕྲན་བསམ་གྱིས་མི་ཁྱབ་(སྟོད་ཆ།༨༡༧)པ་སྦས་ཏེ་བྱོན། བར་སྐབས་སུ་ཨོ་རྒྱན་གསུང་གི་སྤྲུལ་པ་གྲངས་མེད་དུ་མས་རང་རང་གི་ཆོས་སྐལ་གཏེར་ཁ་དུ་མ་ཕྱེ་ནས། བོད་ཀྱི་རྒྱལ་པོ་ནས་དམངས་ཕལ་པ་ཀུན་ལ་ཆོས་ཀྱི་དཔལ་འབྱོར་རྒྱས་པར་མཛད། ད་ནི་ལྔ་བརྒྱ་ཐ་མ་ཤལ་བའི་དུས་འདིར། ལྷ་སྲིན་གདུག་རྩུབ་ཆེ། མི་རྣམས་ཚེ་ཐུང་ལོག་ལྟ་ཆེ་བས། དུས་གསུམ་རྒྱལ་ཕྲིན་ལས་པ་ཆེན་པོ་ཁྱེད་ཀྱིས་ཐབས་སྣ་ཚོགས་ཀྱི་སྒོ་ནས། ཁ་བ་ཅན་གྱི་གདུལ་བྱ་རྣམས་ཡལ་བར་མི་འདོར་བ་ད་ལྟ་ཉིད་དུ་འབྱོན་པར་ཞུ་ཞེས་གྲུབ་ཐོབ་ཆེན་པོ་ལ་མཁའ་འགྲོ་རྣམས་ཀྱིས་ཕྱག་འཚལ་ཞིག་ཞབས་སྤྱི་བོར་བླངས་སོ། །དེ་ནས་གྲུབ་ཐོབ་ཆེན་པོས་ཨོ་རྒྱན་མཁའ་འགྲོ་དང་བཅས་པའི་བཀའ་བཞིན་དུ་བོད་དུ་བྱོན། བོད་ཡུལ་བསྟན་འགྲོའི་བདེ་ཐབས་སློབ་དཔོན་རིན་པོ་ཆེའི་ལུང་བསྟན་བཞིན་པའི་མེ་བཙའ་མཆོད་རྟེན་རྩེགས་པ་ལྷ་ཁང་བཞེངས་པ་སོགས་མཐའ་དམག་ཟློག་ཐབས་མཛད་ཅིང་། གཞན་ཡག་སེམས་ཅན་ལ་ཕན་ཐབས་དུ་མ་མཛད། གྲམ་པ་རྒྱང་ནས་ཐུགས་སྒྲུབ་ཡང་གསང་བླ་མེད་ཅེས་པའི་སྐོར་རྣམས་གཏེར་ནས་བཞེས། གཞན་ཡང་ལྷོ་བྲག་སྒྲུབ་མཚོ་པདྨ་གླིང་དུ་བྲག་འཕྲང་རྒྱས་འདྲ་བ་ནས་མན་ངག་རིན་པོ་ཆེ་གཏེར་སྤུངས་ཞེས་པ་དང་། བསམ་ཡས་མཆིམས་ཕུ་ནས། རྩ་གསུམ་སྐོར་གྱི་ཚེ་སྒྲུབ་འཆི་མེད་དཔལ་གཏེར་སོགས་ཤོག་དྲིལ་ལྔ་ཙམ་དང་། མོན་སྤ་གྲོ་སྟག་ཚང་ནས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་ཕྱོགས་གཅིག་ཏུ་དྲིལ་བའི་ཤོག་དྲིལ་འདུམ་བཅུ་ཡོད་བ་ཞིག་དང་། ཙཱ་རི་གསང་སྔགས་ཕོ་བྲང་ནས་ཟབ་ཆོས་ཐུགས་གཏེར་སྐོར་རྣམས་དང་། ཙཱ་རི་ཟིལ་ཆེན་ཕུག་ནས་གྲུབ་ཆེན་ཉིད་ཀྱི་ལུང་བསྟན་བསྟན་གསལ་བའི་སྒྲོན་མེ་དང་། ཞིང་སྐྱོངས་ཀྱི་སྒྲུབ་ཐབས་རྣམས་གཏེར་(སྟོད་ཆ།༨༡༨)ནས་བཞེས་ཏེ་གཏེར་ཁ་ཡང་མང་དུ་སྤྱན་དྲངས། ཁྱད་པར་དུ་རྫུ་འཕྲུལ་དང་གྲུབ་རྟགས་མངོན་པར་ཤེས་པ་ལ་སོགས་པའི་ངོ་མཚར་བའི་མཛད་པ་ནི་མཐའ་ཡས་ཤིང་བློ་དཔོག་པར་མི་ནུས་པ་མངའ་ཞིང་། རྫུ་འཕྲུལ་སྣ་ཚོགས་ཀྱིས་ཧོར་དམག་ཟློག་པ་དང་། གྲུ་ཤན་ལྕགས་ཟམ་མང་པོ་འཛུགས་པ་དང་། སྐུའི་བཀོད་པ་མང་པོ་དུས་གཅིག་ཏུ་ཅིག་ཆར་སྟོན་པ་དང་། མོན་ཡུལ་དུ་རི་ཆེན་པོ་ཉིལ་བའི་འོག་ཏུ་ཚུད་པའི་འགྲོ་བ་རྣམས་སྐད་ཅིག་ལ་འཇིགས་པ་ལས་སྐྱོབ་པར་མཛད་པ་དང་། རྒྱ་གར་ཀ་མ་ཏར་སྡིག་སྤྱོད་མུ་སྟེགས་ཀྱི་རྒྱལ་པོ་རྫུ་འཕྲུལ་གྱིས་བརྡུལ་ནས་ཆོས་ལ་བཙུད་པ་དང་། གློང་ཡུལ་དུ་ཕེབས་ནས་སྡིག་སྤྱོད་ཀླ་ཀློ་བླུན་པོ་དུད་འགྲོ་དང་འདྲ་བ་རྣམས་རྫུ་འཕྲུལ་གྱིས་བཏུལ་ནས་ཆོས་ལ་བཙུད་དེ། ཁ་བ་ཅན་དུ་སྲོང་བཙན་སྒམ་པོ་བཞིན། ཀླ་ཀློའི་ཡུལ་དུ་ཐང་སྟོང་རྒྱལ་པོ་གྲགས་ཞེས་པ་ལྟར་དང་། བོད་ལ་ཀླ་ཀློའི་གནོད་པ་བསྲུང་ཕྱིར་ཙ་གང་གི་གནས་སྒོ་ཕྱེས་ནས་གཙུག་ལག་ཁང་དག་དགོན་གནས་བཏབ་ནས། གྲུབ་ཐོབ་ཆེན་པོའི་འཛམ་གླིང་ལན་གསུམ་སྐོར་ཡང་ཀོ་བའི་རྩི་མ་ཉམས་པའི་ཞབས་ཕྱག་དང་། ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱག་འཁར། ན་བཟའ་སླེ་བེ་མ་སོགས་དེང་སང་ཡང་མཇལ་རྒྱུ་ཡོད་ལ། གཞན་ཡང་ལྕགས་ཟམ་ལྔ་བཅུ་རྩ་བརྒྱད། གྲུ་ཤན་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ། སྐུ་རྟེན་རྒྱབ་མཐོ་སུམ་ཅུ་སོ་བདུན་ནས། མཁྱིད་གང་པ་ཡན་ཆད་གསེར་དངུལ་གཡུ་བྱུ་རུ་མུ་མེན་སྤོས་ཤེལ་སོགས་ལས་གྲུབ་པ་བརྒྱ་ཕྲག་དུ་མ། ལྡེར་ཟོ་རྒྱབ་མཐོ་ལྔ་བཅུ་རྩ་ལྔ་པ་ནས་ཁྲུ་གག་ཡན་ཆད་ཆེ་ཆུང་སྟོང་ཕྲག་ལྔ། གྱང་རིས་ནས་བཟུག་རིས་སྐུ་བསམ་གྱིས་མི་ཁྱབ་པ་དང་། གསུང་རྟེན་གསེར་གྱི་བཀའ་འགྱུར་གཅིག་(སྟོད་ཆ།༨༡༩)གིས་གཙོས་བཀའ་འགྱུར་ཚར་བཅོ་བརྒྱད། བསྟན་གྱུར་ཚར་བཅོ་ལྔ། ཐུགས་རྟེན་རི་བོ་ཆེར་ལོགས་རེ་ལ་འདོམ་བཞི་བཅུ་རེ་ཡོད་པ་ཞིག་གི་གཙོས་པའི་མཆོད་རྟེན་ཆེ་ཆུང་བརྒྱ་དང་བཅུ་གཅིག་སྒྲུབ་སྡེ་དང་སྦས་ཡུལ་མང་པོ་གནས་སྒོ་འབྱེད་པ་སོགས། ཨོ་རྒྱན་གུ་རུའི་གསུང་བཞིན་བོད་སྤྱི་ཁྱབ་པའི་མེ་བཙའ་བཏབས་པས་སྤྲིན་བར་ཉི་མ་ལྟར་བདེ་ཞིང་སྐྱིད་པ་འདི་ང་ཐང་སྟོང་རྒྱལ་པོའི་དྲིན་ཡིན་གསུངས་སོ། །སྐུ་དངོས་ཀྱིས་ལྷོ་ཀོང་མངའ་རིས་མོད་ཁམས་ཐམས་ཅད་དང་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ཡན་ཞབས་ཀྱིས་བཅགས་ཤིང་། ཁྱད་པར་དུ་སྡེ་དགེ་ཆོས་ཀྱི་རྒྱལ་པོས་ཟུང་རྒྱུད་དུས་བཟུང་ཐོག་མར་མཛད་སྐབས་དེར་མཆོད་ཡོན་དུ་འབྲེལ་ནས། ཀླུང་མདའ་ལྷུན་གྲུབ་སྟེང་གི་དགོན་འདེབས་པའི་གཞི་ཐོག་མར་འདིང་བ་མཛད་དེ། མཚོ་བསུབས་པའི་སྟེང་དུ་ལྷ་ཁང་བཏབ་པར་དེང་སང་་ཡང་ཐང་སྡོང་ལྷ་ཁང་དུ་གྲགས། གཞན་ཡང་ཕྱོགས་འདིར་གཙང་ཕྱར་ཐུལ་ཅན་དུ་གྲགས་པའི་གནས་ངེས་མེད་དུ་གཤེགས་པའི་གྲུབ་ཆེན་ཞིག་བྱུང་བའང་། གྲུབ་ཐོབ་ཆེན་པོ་འདི་ཉིད་ཡིན་པར་བདག་གི་བླ་མ་རྫོགས་ཆེན་དབོན་རིན་པོ་ཆེས་བཞེད་པར་སྣང་ངོ་། དེ་ལྟར་ཕྲིན་ལས་རྣམ་པ་བཞིའི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་བསྒྲུབས་ནས་མཏར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པར་བཞེད་ནས། དགུང་ལོ་བརྒྱ་དང་ཉེར་བརྒྱད་བཞེས་པའི་ཤིང་སྦྲུལ་ཆོ་འཕྲུལ་ཆེན་པོའི་ཚེས་བཞི་ཉིན། སྐྱེ་མེད་ངང་ནས་འགག་མེད་རྩལ་རྫོགས་ཏེ། །བརྗོད་མེད་སེམས་དེ་མ་རིག་རིག་པ་ཡིན། །སྤྲོས་པ་ཐམས་ཅད་སྤྲོས་མེད་ངང་དུ་ཐལ། །བློ་འདས་ཡིན་ན་འཁོར་འདས་དགོད་རེ་བྲོ། །ཞེས་གསུངས་ནས་མཁའ་སྤྱོད་དུ་ཕེབས་པར་བཞེད་ནས་ཇེ་མཐོར་ཇེ་མཐོར་(སྟོད་ཆ།༨༢༠)ནམ་མཁའ་ལ་གཤེགས་པའི་སྐབས། ཐུགས་སྲས་ནི་མ་བཟང་པོས་གདུང་དབྱངས་མཛད་པས། འོ་དོད་ལྷང་ལྷང་ཙེར་ཙེར་འབོད་པ་ཁྱོད། རྣལ་འབྱོར་ཆོས་ཀྱི་དབྱིངས་སུ་འགྲོ་བ་ལ། འཆི་བ་ཞེས་བྱ་བྱིས་པས་སེམས་སྡུག་བྱེད། ཞེས་སོགས་གསུང་འགུར་དང་བཅས་ཕྱིར་ཕེབས་ནས་ཞལ་ཆེམས་སོགས་རྒྱས་པར་སྩལ་ནས། དཔལ་རི་བོ་ཆེ་རུ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །འོན་ཀྱང་ལས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྐུས་ནམ་དུའང་རྗེས་སུ་འཛིན་པར་མཛད་དེ། དུས་ཕྱིས་ཀྱང་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་ཞལ་དངོས་སུ་བསྟན་གྲུ་ཤན་ཆུར་མི་བྱིང་བའི་གདམས་གནང་བ་སོགས་ཀྱིས་མཚོན་ནོ། ལས་ཅན་གྱི་སློབ་མའི་གྲགས་ལས་ཀྱང་ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། ལས་ཅན་ལྔ་བཅུ་རྩ་བརྒྱད་དེ༔ སྐྱེས་བུ་དེ་རྣམས་གང་བསྟོད་དང་། ཟབ་ཆོས་འདི་ཉིད་སུསྶ་སྤྱོད་པ༔ བདེ་བ་ཅན་དུ་དངོས་སུ་འགྲོ༔ ལྔ་བརྒྱད་ཕྲག་གཅིག་ཕྱིར་མི་ཟློག༔ ཆོས་ཀྱི་འབྲེལ་བ་ཁྲི་ཕྲག་བརྒྱ༔ འབུམ་ཕྲག་གཅིག་ལ་འབྲེལ་ཐོགས་ནས༔ བདེ་བ་ཅན་དུ་ངེས་པར་འགྲོ༔ ཞེས་གསུངས་པ་ལྟར་སློབ་ཚོགས་མཐའ་ཡས་པ་བཞུགས་པའི་ནང་ནས་གཙོ་བོ་སྐུའི་སྲས་བསྟན་འཛིན་ཉི་མ་བཟང་པོ་དང་། ཐུགས་སྲས་སྐྱོབ་པ་བཟང་པོ་སོགས་སྐུའི་སྲས་དང་། ཐུགས་སྲས་ཤེས་རབ་དཔལ་ལྡན་སོགས་ལས་ཕལ་ཆེར་ཚེའི་རིགས་འཛིན་བརྙེས་པ་མང་སྟེ། ཆོས་རྗེ་མང་ཡུལ་བ་འཕགས་པ་བློ་གྲོས་ཀྱིས་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས། ཁམས་རྡེ་ཁོག་དང་ཉེ་བ་ན་བཞུགས་པའི་རང་བཞིན་གྱི་རྣལ་འབྱོར་མ་གྲུབ་ཆེན་གྱི་དངོས་སློབ་ཡིན་པ་ཞིག་གིས་ལོ་བརྒྱ་དང་སུམ་ཅུ་བཞུགས། འཚོ་སྒོ་བའི་བླ་མ་གཅིག་ལ་བརྒྱ་དང་བཅུ་གཉིས་སུ་བཞུགས།(སྟོད་ཆ།༨༢༡)ཡང་ཁམས་ན་གྲུབ་ཆེན་གྱི་དངོས་སློབབ་གཅིག་ལོ་བརྒྱ་ཕྲག་ཁ་ཡར་བརྒལ་བར་བཞུགས་པ་སོགས། གྲུབ་ཆེན་ཉིད་སྐུ་ཚེ་ལ་མངའ་དབང་འབྱོར་བའི་རྟེན་འབྲེལ་གྱིས་སློབ་མ་ཡང་སྐུ་ཚེ་ལ་དབང་འབྱོར་བ་མང་དུ་བྱོན་པར་ཡིན་འདུག་གོ།


previousསྤྱི་དོན་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་བ་རིམ་བྱོན་སྐྱེས་ཆེན་རྣམས་ཀྱི་མཛད་བསྡུས། next