Nitartha Digital Library
Tibetan
 
previousདྲང་ངེས་ལེགས་བཤད་སྙིང་པོའི་མཆན་འགྲེལ་རྩོམ་འཕྲོ།next

དྲང་ངེས་ལེགས་བཤད་སྙིང་པོའི་མཆན་འགྲེལ་རྩོམ་འཕྲོ།


GTD002_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོ་ལས་སེམས་ཙམ་སྐོར་གྱི་མཆན་འགྲེལ་རྩོམ་འཕྲོ་རྣམ་རིག་གཞུང་བརྒྱའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


GTD002_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ མཁྱེན་གཏེར་རྒྱལ་དབང་མཁྱེན་པའི་སྣང་བརྙན་མཆོག །རལ་གྲིའི་གདེངས་ཀ་རབ་རྨོངས་མུན་པའི་དགྲ། །ཕྱག་སོར་རྩེ་ན་རྩེན་པའི་ཟློས་གར་གྱིས། །བདག་ཡིད་འཆིང་བརྒྱའི་འཆིང་བ་ད་དགྲོལ་ཅིག །སྡེ་སྣོད་གསུམ་བསྒྱུར་བའི་ཚེ་མངོན་པའི་བརྗོད་བྱ་ལྷག་པའི་ཤེས་རབ་ཀྱི་ཡུལ་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་འབྱེད་པའི་ཤེས་རབ་ནི་འཇམ་པའི་དབྱངས་ལ་རག་ལས་པས་དེ་ལ་འགྱུར་ཕྱག་བྱ་བ་དང༌། འདུལ་བའི་བཅས་རྐྱང་ཕྲ་མོ་ཞིག་ཀྱང་སྟོན་པ་ཉག་གཅིག་མ་གཏོགས་བྱམས་འཇམ་དབྱངས་སོགས་ཀྱང་མི་དབང་བའི་ཕྱིར་རམ། བླང་དོར་གྱི་གནས་ཕྲ་མོ་རྣམས་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་དང༌། མདོ་སྡེ་ལས་སངས་རྒྱས་བྱང་སེམས་ཀྱི་མཛད་པ་དང༌། ཉམས་ལེན་རྣལ་


GTD002_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱི་རིམ་པ་གཙོ་བོར་སྟོན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་བར་བཀས་བཅད་ཅིང་ཕལ་ཆེར་དེ་དང་མཐུན་པར་འབྱུང་ངོ༌། །འདིར་ཡང་བརྗོད་བྱའི་ཆ་ནས་དེ་དང་མཐུན་ཞིང་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་དང༌། གཙོ་བོ་རང་གིས་གང་ལས་ལམ་འདི་རྙེད་པའི་རྩ་བའི་བླ་མ་ལ་བཀའ་དྲིན་ཆེ་བའི་སྒོ་ནས་སྒེར་གྱི་ཕྱག་འཚལ་བའོ། །དེར་མ་ཟད་ལྟ་བ་འཚོལ་བ་ལ་བླ་མ་འཇམ་པའི་དབྱངས་ངེས་པར་བསྟེན་དགོས་པར་གོ་བའི་ཆེད་ཀྱང་ཡིན་ཏེ། གཞུང་འདིར་ཡང༌། གྲུབ་མཐའ་གོང་འོག་གི་ལྟ་བའི་གནད་ཡོངས་སུ་རྫོགས་པར་སྟོན་པའི་མདོ་སྔགས་གང་ཉམས་སུ་ལེན་ཀྱང་ལྟ་བའི་གནད་འདིར་བཤད་པ་ལས་ལོག་ན་གང་ཡང་མེད་ཅིང༌། སུས་ལྟ་བ་རྙེད་ན་གང་ཟག་དེ་ཉིད་ཐར་པའི་སྒོར་ཚུད་པ་ཡིན་པས། དེ་ལ་སངས་རྒྱས་


GTD002_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པའི་དགོས་པ་ཡང་གྲུབ་པ་ཡིན་གྱི་དེའི་བར་དུ་ནི་མ་ཡིན་ཏེ། བསྟན་པ་གཞན་ཐམས་ཅད་ནི་འདི་ལ་བརྩམས་ཏེ་འཇུག་པའི་སྨིན་བྱེད་སྦྱོར་བ་ཙམ་ཡིན་ལ། དངོས་གཞིའི་སྙིང་པོའི་དོན་ནི་ཡང་དག་པའི་ལྟ་བ་ཡིན་པས། འདི་ཡང་མདོ་དང་སྔགས་ཀྱི་ལེགས་པར་བཤད་པ་ཐམས་ཅད་ཀྱི་སྙིང་པོར་བཤད་པ་མིང་དོན་མཐུན་པ་ཡིན་ཞིང༌། ཕྱག་འདི་ཡང་མངོན་པ་གཞན་ལས་ཀྱང་ལྷག་པར་བརྗོད་བྱ་དང་མཐུན་པའི་ཕྱག་ཡིན་ནོ། །དེ་ལྟར་བསྟན་པ་ཡོངས་ཀྱི་སྙིང་པོར་འགྱུར་བ་ལ་དགོངས་ནས་འདིའི་མཇུག་ཏུ། རྒྱལ་བའི་དགོངས་ཟབ་ཟབ་མོའི་མདོ་ཡིས་རབ་བསྟན་བསྟན་པའི་སྙིང་པོ་འཛིན། །ཞེས་གསུངས་ཤིང༌། ལེགས་བཤད་སྙིང་པོ་ཆུང་བར། བསྟན་པའི་སྙིང་པོ་སྟོང་པ་ཉིད། །ཅེས་འདོམས་པར་མཛད་དོ། ། ༼ཁ༽འདི་དག་གི་དོན་བསྡུ་ན་རྗེ་ཉིད་ཀྱིས། གང་ཞིག་གཟིགས་ཤིང་གསུངས་པ་ཡི། །མཁྱེན་དང་སྟོན་པ་བླ་ན་མེད། །ཅེས་གསུངས་པ་ལྟར། འཇིག་རྟེན་ཐམས་ཅད་ཀྱི་གཙུག་རྒྱན་བླ་ན་མེད་པའི་སྟོན་པར་གྱུར་པ་ནི། འོག་ཏུ་འཆད་པར་འགྱུར་བས་གཞུང་གི་དོན་རྟེན་འབྱུང་སྟོང་པ་དང༌། སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་བ་འདི་ཉིད་རང་གི་ཐུགས་སུ་ཆུད་ཅིང༌། གཞན་ལ་འདོམས་པའི་སྒོ་ནས་ཡིན་པར་གོ་བའི་ཆེད་དེ། དེ་ལྟར་བྱས་ན་ལེགས་བཤད་སྙིང་པོ་ཆེ་ཆུང་གི་མིང་བཏགས་པ་ཡང་ཤེས་སོ། །ཚིག་རིས་གཞན་གྲགས་ཆེ་ལ།


GTD002_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མེད་བདག་པོ་ཞེས་པ་མངོན་བརྗོད་ཀྱི་གཞུང་ལས། འདོད་ཁམས་པ་རྣམས་གོང་མ་ལ་ལྟོས་ན་ལུས་ཆུང་བས་མེད་པ་དང་འདྲ་ལ། འདི་དེའི་བདག་པོ་ཡིན་པའི་ཕྱིར་རམ། ཡང་ན་དབང་ཕྱུག་ཆེན་པོ་དཀའ་ཐུབ་ལ་གནས་པའི་ཚེ་འདིས། རྨོངས་བྱེད་བརྒྱལ་བྱེད་སྨྱོ་བྱེད་དང༌། །གསོད་བྱེད་བརྗེད་བྱེད་མདའ་ལྔ་འོ། །ཞེས་པ་ལྟར་རམ། ཚིག་གཏེར་འགྲེལ་པར་བཤད་པ་ལྟར། མྱོས་བྱེད། འདར་བྱེད། དྲེགས་བྱེད། རྨོངས་བྱེད། འཆིང་བྱེད་ཀྱི་མདའ་ལྔ་འཕངས་པའི་ཚེ། དཀའ་ཐུབ་ཉམས་པས་ཁྲོས་ཏེ་ཉི་མ་ཟླ་བ་མེའི་མིག་གསུམ་གྱི་དབུས་མ་མེའི་མིག་གིས་བསྲེགས་ཏེ་ལུས་མེད་པར་བྱས་པར་བཤད་དེ། འདི་དག་དེའི་བྱེད་པ་ཡིད་ལ་ཞུགས་པར་མདའ་ཞེས་བཏགས་སོ། ། ༼ག༽རྒྱ་མཚོ་དང་ཆོས་མཐུན་གསུམ་གྱིས་སྦྱར་བས། གཉིས་པ་འདི་ནི་སྤྱིར་སྤྱོད་པ་ཕྱིན་དྲུག་སོགས་དུ་མ་དང༌། ཁྱད་པར་མདོ་སྡེ་རྒྱན་ལས། སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །ཞེས་གསུངས་པ་ལྟར། མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་གྱིས་རྒྱལ་བའི་མཛད་པ་ཐམས་ཅད་རང་གི་ཁུར་དུ་བླངས་པའི་བློན་པོ་ཆེན་པོ་ལྟ་བུ་སྟེ། དགེ་འདུན་ཉི་ཤུའི་མདོར་བྱང་ཆུབ་


GTD002_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས། ཞེས་སོགས་དང༌། བྱང་ཆེན་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་ཏུ་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཞེས་སོགས་ལྟ་བུའོ། །འདི་ཡང་དེ་གཉིས་བྱང་སེམས་ཡིན་པས་དབང་དུ་བྱས་པའོ། ། ༼ང༽གཞུང་ལུགས་མང་ཐོས་ཞེས་པ་མན་ཆད་དགོས་སོགས་བཞི་ལ་སྦྱར་རུང་དུ་སྣང་ཞིང༌། ཚིག་དོན་ནི། ཇོ་ནང་པ་སོགས་སྤྱིར་གཞུང་ལུགས་མང་དུ་ཐོས་ཤིང༌། ཁྱད་པར་ལྟ་བའི་གནད་དོན་ཚོལ་བར་འདོད་ནས། རིགས་པའི་ལམ་ལ་སྐྱོ་ངལ་གྱི་འདུ་ཤེས་མེད་པར་འབད་པ་བསྟེན་པ། སྤྱོད་པའི་ཕྱོགས་ཀྱི་ཡོན་ཏན་དུ་མ་ཡང་མངའ་བ་དེ་དག་གིས་ཀྱང་མ་རྟོགས་པའི་ལམ་སྲོལ་བཟང་པོ་འདི་ཉིད། འོལ་ཁ་སོགས་སུ་དཀའ་བ་དུ་མའི་སྒོ་ནས་བཙལ་ཞིང་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུངས་པའི་བཀའ་དྲིན་ལས་རྙེད་ཚུལ་དང་སྣོད་ལྡན་ལ་ཉན་པར་སྐུལ་བ་སོགས་སོ། །འདིས་མཚོན་སྐབས་དུ་མར་སྔ་མ་མང་པོའི་ལུགས་བཀག་ཀྱང༌། མིང་བཟུང་མ་མཛད་པ་དེ་དག་གི་ལྟ་བ་ལ་ནོར་བ་བྱུང་ཡང་སྤྱོད་ཕྱོགས་མི་ནུབ་པར་བསྐྱངས་པའི་བཀའ་དྲིན་ཆེ་བའི་གནད་ཀྱིས་ཡིན་ལ། རྐང་པ་གཉིས་པར་ངལ་བ་མང་བསྟེན་ཞེས་ཀྱང་དཔེ་ཁ་ཅིག་ཏུ་འབྱུང་སྟེ་དོན་ལ་ཁྱད་པར་ཆེར་མེད་དོ། །དེ་ནས་གཞུང་དངོས་ཀྱི་དོན་ལ་གཉིས་ལས། དང་པོ་དྲང་ངེས་འབྱེད་དགོས་པའི་རྒྱུ་མཚན་ནི། སྟོང་པ་སྟེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། ཞི་བ་སྟེ་མཚན་


GTD002_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་དང༌། སྐྱེ་བ་མེད་པ་སྟེ་སྨོན་མེད་གསུམ་མ་རྟོགས་པར་འཁོར་བ་ལས་མི་གྲོལ་ཚུལ་སྟོན་པ་ལ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལུང་ནི། བོད་དུ་འགྱུར་བའི་མདོ་འདིར་མེད་ཀྱང༌། དབུ་མ་སྣང་བ་སོགས་སུ་ཡུལ་འཁོར་སྐྱོང་གིས་ཞུས་པ་དྲངས་པ་ལས་འབྱུང་བ་འདིར་བཀོད་པའོ། །ཞེས་འགའ་ཞིག་གསུངས་ཀྱང་དཀོན་བརྩེགས་ཀྱི་ཡུལ་འཁོར་སྐྱོང་ཞུས་ན་འགྱུར་ཙམ་མ་གཏོགས་ཇི་བཞིན་པར་སྣང༌། དེ་ལ་རྣམ་ཐར་སྒོ་གསུམ་ནི། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་ཅན། །ཞེས་སྟོང་བདག་མེད་གཉིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། སྡུག་བདེན་གྱི་ལྷག་མ་གཉིས་དང༌། ཀུན་འབྱུང་གི་ཁྱད་ཆོས་བཞི། ལམ་གྱི་བཞི་རྣམས་སྨོན་མེད་དང༌། འགོག་པའི་བཞི་མཚན་མེད་དེ། གཟུགས་སོགས་ཡུལ་ལྔ། སྐྱེ་རྒ་མི་རྟག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ། ཕོ་མོའི་མཚན་མ་གཉིས་ཏེ་མཚན་མ་བཅུ་དང་བྲལ་བའི་ཕྱིར་རོ། །ལམ་གྱི་བཞི་ལ་དེ་མ་ཚང་ཞིང་མྱ་ངན་ལས་འདའ་བའི་ཚེ། ལམ་སུན་འབྱིན་པའི་ལམ་གསུམ་གྱི་སྒོ་ནས་རྒྱུན་བཅད་དེ། ངེས་པར་འབྱུང་བའི་གནས་ཡིན་པའི་ཕྱིར་སྨོན་མེད་དུ་བཤད་དོ། །ཐེག་ཆེན་ཐུན་མོང་བའི་ལུགས་ནི། མདོ་སྡེ་རྒྱན་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང༌། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཞེས་བྱ། །ཞེས་དང༌། འགྲེལ་པ་དོན་གསལ་སྐབས་


GTD002_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པར་བདེན་བཞིའི་ཁྱད་ཆོས་བཅུ་དྲུག་ལ་སྦྱར་བ་གཅིག་དང་གཉིས་ཡོད་པ་ཅུང་མི་འདྲ་སྟེ། རྒྱན་གྱི་བདག་མེད་གཉིས་ཞེས་པ། དབྱིག་འགྲེལ་ལས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །ཞེས་བདག་མེད་གཉིས་གསུང་ཞིང༌། འགྲེལ་པ་དོན་གསལ་ལས། ཆོས་ཀྱི་བདག་མེད་མ་བཤད་ལ་དེས་མཚན་མེད་ལ་ལམ་གྱི་བཞི་ཡང་སྦྱར་ཀྱང༌། རྒྱན་ལས། ལམ་གྱི་བཞི་གང་ལ་ཡང་མ་སྦྱར་ཏེ། བདག་འཛིན་གཉིས་ཤེས་པ་དང༌། སྤོང་བ་དང༌། སྤངས་པ་མངོན་དུ་བྱེད་ཚུལ་ཙམ་ལས་ཁྱད་ཆོས་བཅུ་དྲུག་སོགས་ལ་མ་སྦྱར་བའི་ཕྱིར། བསྡུ་བ་ལས། ཀུན་བཏགས་ཀྱི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་དང་པོ་བཞག་གོ །གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་རྣམ་པར་ཐར་པའི་སྒོ་གཉིས་པ་བཞག་གོ །ཞེས་སོགས་ཀྱིས་ངོ་བོ་ཉིད་གསུམ་ལ་སྦྱར་བ་ཡང་འདི་དང་དོན་གཅིག་སྟེ། བདག་གཉིས་སུ་ཀུན་བཏགས་པ་འགོག་པ་དང༌། བདག་ཏུ་འཛིན་པའི་རྟེན་མ་དག་པའི་གཞན་དབང་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། དེ་རྟག་ཏུ་ཞི་བའི་ཆོས་ཀྱི་དབྱིངས་ཀྱི་འགོག་པ་མངོན་དུ་བྱས་པའི་ཟག་མེད་ཀྱི་དགའ་བདེ་འགྲུབ་པ་སྟེ། རྒྱན་ལས། རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པ་འོ། །ཞེས་སོགས་གསུངས་པའི་ཕྱིར། འདིར་རྒྱུ་ཆོས་ཀྱི་སྡོམ་བཞི་ལ་སྦྱོར་ཚུལ་སོགས་མང་སྟེ། རྒྱན་གྱི་ཊཱིཀྐ་རྣམས་ལ་ལྟོས། མཆིམས་མཛོད་ལས། རྣམ་པར་གཏན་ལ་དབབ་པ་བསྡུ་བས། འདི་གསུམ་ངོ་བོ་ཉིད་གསུམ་གྱི་ཡུལ་ཅན་དུ་གསུངས་ཞེས་པ་དང༌། ཐོས་བསམ་ལས་


GTD002_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང༌། འཇིག་རྟེན་པའི་སྒོམ་བྱུང་དང༌། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གསུམ་རིམ་བཞིན་སྟོང་པ་ཉིད་སོགས་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སོགས་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སོགས་སུ་གསུངས་ཞེས་བཤད་ཀྱང༌། ཀུན་བཏགས་དང་པོའི་ཡུལ་དུ་གསུངས་པ་ཡིན་མིན་དཔྱད་དགོས་ལ། སྟོང་པ་ཉིད་སོགས་ཀྱི་སྒྲས་གསུངས་པ་དེར་སྒོམ་བྱུང་དང༌། ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་དེར་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་དོར་ནས་བཤད་པ་འཐད་དཀའ་སྟེ། སྔ་མ་སྔ་མ་སྤྱི་དང་ཕྱི་མ་བྱེ་བྲག་གི་ཚུལ་ཡིན་གྱི་ནང་ཕན་ཚུན་འགལ་བ་མ་ཡིན་པའི་ཕྱིར། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྣམ་ཐར་སྒོ་གསུམ་ལ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དང། བྱ་བྱེད་ལས་གསུམ་ལ་སྦྱར་བ་སོགས་ལས། དང་པོ་ནི། རྣམ་སྣང་མངོན་བྱང་ལས། སེམས་ནི་རང་ངོས་མེད་ཕྱིར་དང༌། །རྒྱུ་དང་འབྲས་བུ་སྤངས་པའི་ཕྱིར། །ཞེས་དང༌། ཤུ་ནྱ་ཏཱའི་སྔགས་དོན་བཤད་པའི་ཐད་ཀྱི་སྒྲུབ་ཐབས་ཀུན་བཟང་ལས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་ཕྱིར་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུངས་ཏེ། ལམ་དོན་དམ་པར་རྒྱུ་ལས་མ་སྐྱེས་པ་དང༌། དོན་དམ་པར་མ་གྲུབ་པ་དང༌། དོན་དམ་པར་འབྲས་བུ་མི་འབྱིན་པ་ཞེས་སྦྱར་ན། ལམ་གྱི་དེ་གསུམ་ལམ་རང་ཉིད་ཀྱི་སྟེང་དུ་བཞག་ནུས་ལ། དེའི་རྒྱུ་དོན་དམ་པར་མ་གྲུབ་པ་ཞེས་སོགས་སུ་སྦྱར་ན་མི་ནུས་སོ། །འོན་ཀྱང་རང་ཉིད་ཀྱི་སྟེང་གི་སྟོང་


GTD002_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དགོས་མི་དགོས་དཔྱད་པར་བྱའོ། །འོ་ན་དབུ་མའི་མཐའ་དཔྱོད་ལས། མྱུ་གུ་གཞན་སྐྱེ་མེད་པ་སྟོང་ཉིད་མ་ཡིན་པར་ཐལ། མྱུ་གུའི་སྟོང་ཉིད་མ་ཡིན་པའི་ཕྱིར་ན་མ་ཁྱབ། མྱུ་གུ་སྐྱེ་བའི་སྟོང་ཉིད་ཡིན་ཀྱང་མྱུ་གུའི་སྟོང་ཉིད་མ་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པ་ཅི་ཞེ་ན། གཞན་སྐྱེ་འཇོག་ཚུལ་ནི། སྐྱེ་བ་འཇོག་མཚམས་བཏགས་ཡོད་ཙམ་གྱིས་མ་ཚིམ་པར་དཔྱད་ནས་རྒྱུ་རང་མཚན་གྱིས་གྲུབ་པ་ཞིག་ལས་འབྲས་བུ་རང་མཚན་གྱིས་གྲུབ་པ་ཞིག་སྐྱེ་བ་གཞན་སྐྱེའི་དོན་དུ་འདོད་ལ། དེ་ལྟར་སྐྱེ་བ་དཔྱད་བཟོད་དུ་མ་གྲུབ་པ་སྐྱེ་བའི་སྟོང་ཉིད་ཡིན་པ་ལ་དགོངས་སོ། །བྱ་བྱེད་ལས་གསུམ་ལ་སྦྱར་བ་དེ་གང་གིས་བཤད་ཅེ་ན། སྤྱིར་འཁོར་གསུམ་མི་དམིགས་པར་བཤད་པ་ཐམས་ཅད་ཀྱང་འདི་ཡིན་ལ། ཁྱད་པར་གསང་འདུས་རྩ་རྒྱུད་ལེའུ་གཉིས་པར། དངོས་པོ་མེད་པས་བསྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པར་རོ། །ཞེས་པ་འདི་ལ་ཚུལ་བཞིའི་བཤད་པ་འབྱུང་བ་ལས། སྤྱི་དོན་གྱི་སྐབས་སུ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དེ་ཉིད་བཤད་ཀྱང༌། ཡིག་དོན་སྐབས་སུ་འདི་ཉིད་བཤད་དོ། །དེ་ཡང་ལས་སམ་བསྒོམ་བྱའི་ཡུལ་གྱི་དངོས་པོ་དང༌། བྱེད་པ་སྟེ་སྒོམ་བྱེད་ལམ་གཉིས་དོན་དམ་པར་མ་གྲུབ་པས། དེས་དེ་བསྒོམ་པ་ཡང་དོན་དམ་པར་མ་གྲུབ་པར་འགྱུར་ཏེ། རྩ་ཤེས་ལས། ལམ་ལ་རང་བཞིན་ཡོད་ན་ནི། བསྒོམ་པ་འཐད་པར་མི་འགྱུར་རོ། །ཞེས་དོན་དམ་པར་གྲུབ་ན་བསྒྱུར་དུ་མེད་པ་ལ། བསྒོམ་པ་དོན་མེད་པའི་ཕྱིར། དེ་ལྟར་གསུམ་བཤད་ཀྱང༌། རྣམ་པར་


GTD002_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་སྒོ་སྟོང་པ་ཉིད་དུ་འདུས་ཏེ། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་པའི་སྟོང་ལ་སྟོང་པ་ནི། །ཡིན་དང་མཚན་མའི་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་གྱུར་པའི་ཕྱིར། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིན་དང་ཞེས་པ་རྒྱུ་མཚན་སྟོན་པའི་ཚིག་ཡིན་པའི་ཕྱིར། སྔགས་རིམ་ལས། སྟོང་པ་ཁོ་ནར་དངོས་པོ་ཉིད་གཞན་གཉིས་འདུས་པར་གསུངས་པ་ནི། བྱང་ཆུབ་ཀྱི་ཚོགས་ལས་ཞེས་སོགས་གསུངས་པའི་ཕྱིར། འདི་ཡང་ཞི་སྒོ་གཉིས་པར་ཐལ་བའི་སྐྱོན་སྤོང་བཞེད་པ་ཡིན་ནོ། །འདི་དག་ལས་འཕྲོས་ཏེ། རང་རྒྱུད་པས་ཞི་སྒོ་གཉིས་པ་དང༌། འཁོར་རྩ་གསུམ་པ་སོགས་འདོད་མི་འདོད་དང༌། བྱེ་སྨྲས་སྟོང་ཉིད་ཀྱི་ཐ་སྙད་འདོད་མི་འདོད་སོགས་ཀྱང་དཔྱད་པར་བྱའོ། །༈ རེ་ཞིག་རགས་པའི་བདག་མེད་ཙམ་སྟོན་པར་མཛད་པ་སོགས། ༈ རྟེན་འབྱུང་སོགས། ༼ཅ༽རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པས། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཞེས་གསུངས་པ་ལྟར། རྒྱལ་བ་ཉིད་ཚད་མར་བྱེད་དགོས་སོ། །འོན་ཀྱང་རྒྱལ་བའི་གསུང་ལ་རིགས་པས་དཔྱད་པ་བྱེད་པ་ལ། དེ་ཚད་མར་མ་བཟུང་བ་འདྲ་བ་ཞིག་ཏུ་གོ་ནས། གང་གསུངས་སྒྲ་ཇི་བཞིན་དུ་འཛིན་པ་ནི། རྟོན་པ་དང་པོ་གཉིས་མ་གོ་བའི་བླུན་ཚིག་ཡིན་


GTD002_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཐའ་དཔྱོད་མྱུ་གུ་ལས། གཞུང་ལུགས་རྣམས་སུ་རིགས་པས་སྒྲུབ་པ་ལྟར། རིགས་པས་གྲུབ་པ་དགོས་ཀྱི། དེ་དག་ཚུར་མཐོང་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས། སྒྲུབ་བྱེད་ལུང་ཙམ་དུ་ཟད་དོ། །ཞེས་སྨྲས་པ་ནི། བདག་ནི་སྟོན་པ་གཞན་སྤངས་ནས་བཅོམ་ལྡན་ཁྱོད་ལ་སྐྱབས་སུ་སོང་བ་འདི་ནི་བདག་རང་གི་འདོད་པ་ཙམ་དུ་ཟད་ཀྱི་སྒྲུབ་བྱེད་ཅི་ཡང་མེད་ཅེས་རང་གི་སྐྱབས་འགྲོའི་མཚང་སྒྲོག་པ་སྟེ་ཞེས་དང༌། དེའི་ཚེ་ལུང་གཉིས་ནི་བདེན་པའི་དོན་ཅན་ཡིན་མིན་དཔྱོད་པའི་གཞི་ཡིན་པས་རྩོད་གཞི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར། རིགས་པ་ཉིད་ཀྱིས་བདེན་པའི་དོན་ཅན་ཡིན་མིན་དབྱེ་བར་བྱའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཚད་མར་བྱེད་ཀྱང་བྱེད་ཚུལ་ཤེས་དགོས་པས། དང་པོ་ནས་མོས་མནོ་ཙམ་མ་ཡིན་པར། རྒྱལ་བའི་བཀའ་ཉིད་ལས་འབྱུང་བའི་དྲི་མ་མེད་པའི་རིགས་པའི་ལམ་ནས་དོན་དངོས་པོའི་སྡོད་ལུགས་ལ་དཔྱོད་པའི་རིགས་པ་དྲི་མ་མེད་པ་ཞིག་གི་སྒོ་ནས། ༼ཆ༽དེ་ལྟར་ཚད་མར་གྱུར་པ་རྒྱལ་བའི་བཀའ་ཡིན་ཡང་དེའི་དགོངས་པ་འགྲེལ་པ་ལ། ཚད་མར་གྱུར་པའི་ཤིང་རྟ་ཆེན་པོ་ཞིག་གི་རྗེས་སུ་མ་འབྲང་བར་མདོར་དྲང་ངེས་ཀྱི་ཚུལ་དུ་མ་གསུངས་པ་རང་སྟོབས་ཀྱིས་དབྱེ་མི་ནུས་པས། ༼ཇ༽དོན་བསྡུ་ན་བཀའ་ལ་བརྟེན་དགོས་ཞེས་པ་དང༌། ཤིང་རྟ་ཆེན་པོའི་རྗེས་སུ་འབྲང་དགོས་ཞེས་པ་ཐམས་ཅད་ཀྱང་ཕུགས་ཀྱི་གཏད་སོ་རིགས་པས་དབྱེ་དགོས་ཞེས་པ་འདི་ལ་ཐུག་སྟེ་གང་གི་རྗེས་སུ་འབྲང་བའི་ཡུལ་དེ་ཡང་ཆེས་མཆོག་ཏུ་གྲགས་པ་ཞིག་ཡིན་ཡང༌། དེའི་བཤད་པ་དོན་གྱི་སྡོད་ལུགས་དང་མི་མཐུན་ན། བཤད་པ་དེ་ཉིད་བརྗོད་དོན་ལ་བསླུ་བ་ཡིན་པས་འདོར་བའི་སྤྲུས་དེ་


GTD002_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོས་ཀྱི་དངོས་པོའི་རང་བཞིན་ལོག་པར་འཛིན་མི་འོས་ཏེ། སྔ་མ་ལ་རྒྱབ་རྟེན་ཚད་མ་མེད་ལ། ཕྱི་མ་ལྐོག་གྱུར་རྣམས་ཀྱང་འཐད་སྒྲུབ་ཀྱི་རྒྱབ་རྟེན་དང་བཅས་པའི་ཕྱིར་ཞེས་སྟོན་པར། ༼ཉ༽བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །མཁས་པ་དག་གིས་བླང་བྱ་ཡི། །དགེ་སློང་དག་གིས་གུས་ཕྱིར་མིན། །ཞེས་ཀྱང་འགྲེལ་ཆེན་དྲི་མེད་འོད་དུ་འབྱུང་བ་ནི་འགྱུར་ཁྱད་ཙམ་མོ། །འདིས་ནི་ལུང་དཔྱད་པ་གསུམ་གྱིས་དག་པའི་ཚུལ་ཡང་བསྟན་ཏེ། ཀ་མ་ལ་ཤཱི་ལས། དེ་ལ་བསྲེག་པ་ནི་མངོན་སུམ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །བཅད་པ་ནི་རྗེས་སུ་དཔག་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །བརྡར་བ་ནི་ཡིད་ཆེས་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །ཞེས་རིགས་ཐིག་གི་ཕྱོགས་སྔ་མ་མདོར་བསྡུས་སུ་གསུངས། རྟོན་བཞིའི་རྣམ་གཞག་འདི་ལས་འཕྲོས་པ་གྲགས་ཆེ་ཡང་གོང་གི་རྩ་ཚིག་རྣམས་ཀྱིས་རྟོན་བཞི་བཤད་སྙམ་པ་སུ་ལ་མི་འདུག་པས་ཟུར་ཙམ་གོང་དུ་བྲིས་ཟིན་ཅིང་རྟོན་བཞི་རྒྱས་པར་ནི། བཻ་ཌཱུརྱ་དཀར་པོའི་གན་མཛོད་སྐལ་བཟང་རེ་སྐོང་ལས་ཤེས་དགོས་ལ། དེའི་ནང་ནས་བརྡ་ཁྱད་ཅུང་རྟོགས་དཀའ་བ་ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་ཞེས་པ་ནི། འཁོར་བ་དང་ངན་སོང་གི་རྒྱུ་ཙམ་ཞིག་ལ་བླང་བྱར་སྟོན་པ་ཕྱི་བའི་བསྟན་པ་དང། འཁོར་བ་སྤོང་བྱེད་ཀྱི་གཉེན་པོ་དང་དམིགས་པ་ཡིད་ལ་བྱས་ནས་སྒོམ་ཚུལ་སྟོན་པས་ཆེན་པོ་བསྟན་པ་ནང་བའི་བསྟན་ཆོས་རྣམས་ཡིན་ཏེ། མདོ་སྡེ་རྒྱན་གྱི་ཆ་ཊཱིཀ་ལས། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །


GTD002_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དྲང་སྲོང་གསུངས་ཡིན་ལྡོག་པ་གཞན། །ཞེས་པ་ལྟར། ནག་པོ་བསྟན་པ་ལ་གཉེན་པོའི་དམིགས་པ་སྟོན་པ་མེད་པས། གཉེན་པོའི་དམིགས་པ་སྟོན་པ་ལ་ཆེན་པོ་སྟོན་པས་ཁྱབ་བོ། །ཞེས་གསུངས་པའི་ཕྱིར། ས་སྡེའི་མཆན་ལས་ཀྱང་འབྱུང༌། རྣམ་པར་ཤེས་པ་གནས་པ་བཞི་ནི། མདོ་ཉིད་ལས། རྣམ་པར་ཤེས་པ་གནས་པ་བཞི་སྟེ། བཞི་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་སོ། །རྣམ་པར་ཤེས་པ་གནས་པ་ན་ཚོར་བ་ལ་ཉེ་བར་འགྲོ་བ་དང༌། རྣམ་པར་ཤེས་པ་གནས་པ་ན་འདུ་ཤེས་ལ་ཉེ་བར་འགྲོ་བ་དང༌། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ། འདི་ནི་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཀུན་ཤེས་པ་སྟེ་འདི་ནི་ཡེ་ཤེས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འདིས་མཚོན་ཏེ་མདོ་དང་བརྗོད་བྱ་སོ་སོ་ལ་ལྟོས་པའི་རྟོན་བཞིའི་རྣམ་གཞག་བྱ་དགོས་པས། མི་རྟག་པ་གཙོ་བོར་སྟོན་པའི་མདོ་ལ་དྲང་ངེས་ཕྱེ་ན་འཇུག་པའི་ཚེ་མི་རྟག་པ་ངེས་དོན་དང༌། དེ་རྟོགས་ཀྱི་མངོན་སུམ་ཡེ་ཤེས་ཡིན་པ་སོགས་ཤེས་དགོས་ཏེ། གྲུབ་མཐའ་ཆེན་མོར་འཁོར་བས་བསྡུས་པའི་སྒོམ་བྱུང་ཡང་རྣམ་ཤེས་དང༌། བདེན་བཞི་ཤེས་པ་ཡེ་ཤེས་སུ་སའི་དངོས་གཞིའི་ལུང་གིས་སྒྲུབས་པའི་ཕྱིར། ༼ཏ༽རྟོག་གེ་འབར་བའི་ཡོད་སྨྲའི་ནང་ཚན་འགའ་ཞིག་གི་དམ་ཚིག་བརྗོད་པའི་སྐབས་ལས། མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ། །ཞེས་གསུངས་པས་དྲང་ངེས་ཀྱི་དབྱེ་བ་མི་འབྱེད་པ་ཡང་ཡོད་ལ། དྲང་ངེས་འདོད་ཀྱང་ཐེག་ཆེན་བཀར་མི་འདོད་པ་ཡང་སྟོང་ཐུན་ལས་


GTD002_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཐེག་ཆེན་པ་རྣམས་ཤིང་རྟ་ཆེན་པོ་གཉིས་ཀྱིས་བྱམས་འཇམ་དབྱངས་གཉིས་ལ་བརྟེན་ནས་མདོ་འདི་གཉིས་ཀྱི་དོན་བཞིན་དུ་དྲང་ངེས་འབྱེད་ཚུལ་གསུངས་པ་གཉིས་ཅི་རིགས་ལ་ངེས་པར་བརྟེན་ཏེ་མདོའི་དོན་ལ་འཇུག་གོ །དེ་ཡང་ཚིག་གི་དྲང་ངེས་ཕྱེ་བ་ནི་སྒྲ་སྤྱིའི་གོ་བ་ལེགས་པར་ཆགས་ཏེ་མདོ་གཉིས་སོ་སོར་ཕྱེ་བ་ནས་ཡིན་ལ། བརྗོད་བྱ་དོན་གྱི་དྲང་ངེས་ཕྱེ་བ་ནི་ལྟ་བའི་དཔྱད་པ་རྫོགས་པ་ནས་ཡིན་ནོ། །དེ་ཁོ་ན་ཉིད་རྟོགས་པ་ལ་སྔོན་དུ་འགྲོ་དགོས་རྒྱུ་ནི་ཚིག་གི་དྲང་ངེས་དབྱེ་བ་ཡིན་ལ་དེ་ཙམ་གྱིས་གསུང་རབ་ལ་དྲང་ངེས་ཕྱེ་བར་མི་འགྱུར་ཏེ། གང་ལ་དྲང་ངེས་འབྱེད་པའི་གཞི་ནི་གསུང་རབ་ཡིན་པས། དེ་ལ་དྲང་ངེས་ཕྱེ་ན་དོན་གྱི་དྲང་ངེས་མ་ཕྱེ་བར་འགལ་བའི་ཕྱིར། ཁ་ཅིག་སེམས་ཙམ་དང་མཐུན་པའི་དྲང་ངེས་ཕྱེ་བ་ཡང་དྲང་ངེས་ཕྱེ་བ་མ་ཡིན་ན། ས་སྡེ་སོགས་སུ་དྲང་ངེས་མ་ཕྱེ་བར་འགྱུར་ཞིང༌། འཕགས་པ་ཐོགས་མེད་དྲང་ངེས་འབྱེད་པ་པོར་ལུང་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། གཞུང་དེས་ཕྱེ་མ་ཕྱེ་ནི་འདི་དྲང་དོན་ནོ། །འདི་ངེས་དོན་ནོ་ཞེས་བཤད་མ་བཤད་ཙམ་ཡིན་ལ་བཤད་པར་ནི་འདོད་དགོས་ཏེ། གཞན་དུ་ན་མཚན་ཉིད་གསུམ་ཡང་མ་བཤད་པར་འགྱུར་ལ། བརྒྱད་སྟོང་དོན་བསྡུས་ལས་ཀྱང་སྟོང་ཉིད་བཅུ་དྲུག་བཤད་པར་གྲགས་པའི་ཕྱིར། ༼ཐ༽འདི་དག་ལས་ཅུང་རྟོགས་དཀའ་བ་འདི་ཡོད་དེ། ཕུང་བོ་ལྔ་ལ་རང་གི་ངོ་བོ་དང༌། སྐྱེ་འཇིག་གཉིས་དང༌། སྤངས་པ་དང༌། ཡོངས་སུ་ཤེས་པ་གཉིས་སྦྱར་བའི་ཕྱི་མ་སྦྱོར་ཚུལ་ཇི་ལྟར་ཞེ་ན། རྒྱ་ནག་འགྲེལ་ཆེན་ལས། ཀུན་ནས་ཉོན་


GTD002_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་གཏན་དུ་སྤང་བར་བྱའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་པའི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱའོ། །ཡང་ན་ཀུན་འབྱུང་བའི་དོན་གྱི་མཐའ་གང་ཡིན་པ་དེ་ནི་གཏན་དུ་སྤང་བར་བྱའོ། །སྡུག་བསྔལ་གྱི་བདེན་པའི་དོན་གྱི་མཐའ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱའོ། །ཞེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་སྤོང་བ་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་ཡོངས་སུ་ཤེས་པ་ལ་སྦྱོར་ཚུལ་གཅིག་དང༌། ཟག་བཅས་ཀྱི་ཕུང་བོ་ལྔའི་རྒྱུ་ལས་དང་ཉོན་མོངས་སྤོང་བ་དང༌། ཕུང་པོ་དེ་ལྔ་རང་གི་ངོ་བོ་ནད་དང་འདྲ་བར་ཡོངས་སུ་ཤེས་པར་བྱ་བ་ལ་སྦྱོར་ཚུལ་གཅིག་སྟེ་གཉིས་གསུངས་སོ། །བྱང་ཕྱོགས་སོ་བདུན་ལ་ཁྱད་པར་བརྒྱད་སྦྱར་བའི་ཕྱི་མ་གཉིས་ལ་ཕྱིར་ཞིང་འབྱུང་བ་དང༌། འཕེལ་ཞིང་རྒྱས་པ་ཞེས་ཀྱང་ཝེན་ཚེག་གིས་བཤད་པའི་དོན་ནི་གཉེན་པོ་སྐྱེས་པ་དེ་ཉིད་མི་བསྐྱུད་པ་སྟེ་མ་བརྗེད་པ་ཙམ་མ་ཡིན་པར་ཡང་དང་ཡང་དུ་མངོན་དུ་བྱས་ཏེ་གོམས་པར་བྱེད་པ་དང༌། དེ་ལྟར་གོམས་པའི་སྟོབས་ཀྱིས་གོང་ནས་གོང་དུ་འཕེལ་ཞིང༌། འཕེལ་བ་དེ་ཡང་མཆོང་དང་ཆུའི་དྲོད་བཞིན་མཐའི་ཚད་བཟུང་དུ་ཡོད་པ་དེ་ལྟར་མ་ཡིན་པར་མཐའ་མེད་དུ་རྒྱས་པའི་དོན་ནོ། །འདིར་བཤད་པའི་ཕུང་པོ་ལྔ་ལ་བརྩམས་པའི་མདོ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ་སོགས་ཡིན་ལ། དེ་ཡང་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་གདམས་པ་ཞེས་ཀྱང་འབྱུང་སྟེ། རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌། དམག་ལྡན་གཟུགས་ཅན་སྙིང་པོ་དང༌། བཟོ་སྦྱངས་གཟུགས་ཅན་སྙིང་པོ་གསུམ་གནས་སྐབས་སོ་སོའི་


GTD002_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

མིང་འདོགས་ཚུལ་ཙམ་ལས། དོན་རྣམ་གྲངས་པ་ཡིན་པར་འདུལ་བ་ལུང་དང་གླེང་འབུམ་ལས་འབྱུང་ངོ༌། །བདེན་བཞི་ལ་བརྩམས་པ་ནི་བདེན་བཞིའི་ཆོས་འཁོར་ལྟ་བུ་ཡིན་ལ། དེར་སྡུག་བསྔལ་ཤེས་པར་བྱའོ། །ཞེས་པ་ཙམ་གསུངས་པ་ཡང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་བསྟན་པ་ལ་འགྲོ་བ་ནི་གདུལ་བྱའི་གོ་ཚོད་དང༌། སྟོན་པས་ཀྱང་དེ་མ་ཐག་གང་ཟག་གི་བདག་མེད་སྟོན་བཞེད་ཅིང༌། བློ་ཞན་པའི་སྟོབས་ཀྱིས་ཆད་མཐར་ལྟུང་བའི་ཉེན་ཡོད་པ་བཀག་སྟེ། བདག་མེད་དེ་ལ་ལྟོས་པའི་དབུ་མ་བསྒྲུབ་པའི་གཞི་བློ་ངོར་བསྟན་པར་བྱ་བའི་དོན་དུ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་སྟོན་བཞེད་པའི་ཐུགས་དགོངས་གཉིས་ཚོགས་ཀྱི་དབང་གིས་ཡིན་པས། ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པ་ལྟ་བུ་ཡང་དེ་ལྟར་བསྟན་པར་ཐལ་བར་མི་འགྱུར་རོ། ། ༼ད༽འདིར་བར་བའི་དགོངས་གཞི་དངོས་སུ་དྲིས་པའི་ཤུགས་ལ་དང་པོའི་དགོངས་གཞི་ཡང་དྲིས་པར་འགྲོ་བ་ནི། བར་བའི་སྐབས་སུ་ཆ་མ་ཕྱེ་བར་ངོ་བོ་ཉིད་མེད་མཉམ་དུ་གསུངས་པ་སྒྲ་ཇི་བཞིན་དུ་མི་རུང་བས་ཅི་ལ་དགོངས་ཞེས་པའི་ཚིག་གི་ནུས་པས། དང་པོར་ཆ་མ་ཕྱེ་བར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་བཀའ་བསྩལ་བ་ཡང་དྲང་དོན་དུ་གོ་ནུས་ལ། སྔ་ལོགས་དེ་མ་ཐག་བཤད་པའི་གཞིར་ཡང་དྲངས་ཡོད་པས། དེ་ཡང་དྲིས་པར་འགྲོའོ། །ཁ་ཅིག་ངོ་བོ་ཉིད་མེད་ཚུལ་དྲིས་པ་ཡིན་ན། ལན་དུ་ཡང་ངོ་བོ་ཉིད་མེད་ཚུལ་གསུངས་དགོས་ཤིང༌། དེ་ལྟ་ན་ངོ་བོ་


GTD002_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མེད་པར་གསུངས་པར་ཐལ་བའི་ཕྱིར། བར་བ་བཞིན་དྲང་དོན་དུ་འགྲོ་བའི་ལུགས་སོ་ཞེ་ན། ངོ་བོ་ཉིད་མེད་པའི་དབང་དུ་བྱས་ནས་མེད་ཚུལ་སྟོན་པ་མིན་གྱི། ངོ་བོ་ཉིད་མེད་ཅེས་པ་དེ་གཏན་མེད་པ་མིན་གྱི་མེད་ཚུལ་གཞན་ཞིག་ཡིན་ནོ་ཞེས་སྟོན་པ་ཡིན་པས་སྐྱོན་མེད་དོ། །འོ་ན་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་ཚུལ་ཡང་སྟོན་པར་ཁས་ལེན་ནམ་ཞེ་ན་ཐ་སྙད་ཤུགས་ཆེ་བས་མི་མཚུངས་སོ། ། ༼ན༽དེ་ཉིད་ལས་རང་གི་མཚན་ཉིད་ཅེས་བྱ་བ་ནི་བྱེ་བྲག་གི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ། གཟུགས་ནི་ཐོགས་པ་དང་བཅས་པའོ། །ཞེས་བྱ་བ་ནས། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའོ། །ཞེས་བྱ་བའི་བར་དུ་བཤད་པ་ལྟ་བུའོ། །ཞེས་འབྱུང་བ། ༼པ༽རྒྱ་ནག་འགྲེལ་ཆེན་ལས། ཁམས་བཅོ་བརྒྱད་པོ་དག་གཅིག་ལ་གཅིག་ཐ་དད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཁམས་སྣ་ཚོགས་པ་ཞེས་བྱའོ། །ཁམས་བཅོ་བརྒྱད་པོ་དེ་དག་ཉིད་སེམས་ཅན་ཚད་མེད་པ་རྣམས་ཀྱི་བྱེ་བྲག་ཏུ་གྱུར་པ་ནི་ཁམས་དུ་མ་ཉིད་ཅེས་བྱའོ། །ཞེས་ཁམས་བཅོ་བརྒྱད་པོ་དེ་དག་ལ་ནང་ཚན་མི་འདྲ་བའི་ཁྱད་པར་ཡོད་པ་དང༌། གདགས་གཞིའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ལྡོག་ཆ་ནས་མིང་གཉིས་བཏགས་པ་ཙམ་ཡིན་པར་བཤད་པ་སོགས། ༼ཕ༽ལས་ཟས་རེ་རེ་ལ་ཡང་དེ་བཞིན་ལགས་སོ། །ཁམས་དྲུག་དང༌། བཅོ་བརྒྱད་དག་གི་ཁམས་རེ་རེ་ལ་ཡང་དེ་བཞིན་ལགས་སོ་ཞེས་པ། ༼བ༽འོན་ཀྱང་རབ་འབྱོར་གྱི་ལེའུ་ལས་ཁམས་སྣ་ཚོགས་དང༌། ཁམས་དུ་མ་ཞེས་པ་དེ་


GTD002_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གཅིག་ལ་ཡང་ཁྱད་ཆོས་མང་བོ་སྦྱར་ནས་བཤད་པའི་དཀྱུས་ལ་འབྱུང་བས་འགྲེལ་ཆེན་གྱི་དེ་ལྟར་བཤད་དགོས་སམ་སྙམ། ༼མ༽འདིར་ཆོས་རྣམས་ཞེས་འབྱུང་བ་ཡང་མཚན་ཉིད་གསུམ་པོ་དེ་རང་རང་གི་སྟེང་གི་གཞན་དབང་དང་དེ་ལ་བཏགས་པའི་ཀུན་བཏགས་ཞེས་སོགས་སུ་སྦྱར་ན་ཆ་མ་ཕྱེ་བར་ཆོས་ཐམས་ཅད་མཚན་གཞིར་བཟུང་བའི་དོན་དུ་འགྲོ་ཡང་ཆ་འབྱེད་དགོས་པར་ལེགས་ཕྱེའི་མིང་གིས་ཀྱང་ཤེས་པའི་ཕྱིར་དང༌། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་འབྱུང་ཡང༌། དེའི་དོན་གཞན་ལས་སྐྱེ་ཡང༌། བདག་སྐྱེ་མེད་པ་ལ་གསུངས་ཤིང་བསྡུ་བས་ཀྱང༌། དེ་རྟེན་འབྱུང་ཁོ་ན་ལ་སྦྱར་བའི་ཕྱིར། འོ་ན་ཆོས་རྣམས་ཞེས་པ་ཅི་ཞེ་ན། དེ་ལ་ཉན་ཐོས་རྣམས་ཀྱི་ལམ་ནི་རྣམ་པ་ལྔ་སྟེ། ཞེས་འབྱུང་ཡང་ཉན་ཐོས་ཀྱི་ལམ་ལྔ་ཀ་ཉན་ཐོས་ཐམས་ཅད་ལ་ཡོད་མི་དགོས་པ་བཞིན་འདིར་ཡང་ཆོས་རྣམས་ཆ་གསུམ་དུ་ཕྱེ་ནས་སྦྱོར་དགོས་པའི་དོན་ནོ། །འདིའི་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་དོན་དམ་པ་ཡིན་པར་འདོད་ན། གང་ཟག་གི་བདག་མེད་ཀྱང་དོན་དམ་ཡིན་པས་འདིར་བསྟན་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་དོན་དམ་དུ་འདོད་དགོས་ལ། དེ་ལྟ་ན་ཆེས་གོ་ལོག་པར་འགྱུར་ཏེ། འདིར་བསྟན་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་དོན་དམ་མ་ཡིན་ལ། མཚན་ཉིད་ངོ་བོ་ཉིད་མེད་པ་དོན་དམ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱས་བཤད་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དོན་དམ་ཡིན་མིན་གཉིས་ཡོད་པ་གང་ཞིག །རྒྱས་བཤད་ཀྱི་རྒྱས་པར་བཤད་རྒྱུ་ལ་མདོར་བསྟན་


GTD002_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མདོར་བསྟན་པས་ཁྱབ་པའི་ཕྱིར། བྱས་པ་ལ་འཇོག་ཚུལ་དང་པོའི་དོན་དམ་པ་ངོ་བོ་ཉིད་མེད་པ་ཡང་སྟོང་ཉིད་ཡིན་པར་ཐལ། གཞན་དབང་བར་ཆད་མེད་ལམ་གྱི་གཟིགས་ངོར་མ་གྲུབ་པ་སྟོང་པ་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། དམིགས་པ་མཐར་ཐུག་ཏུ་མ་གྲུབ་པ་དེའི་དོན་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། འོ་ན་གཞན་དབང་དོན་དམ་བདེན་པར་མ་གྲུབ་པ་སྟོང་ཉིད་ཡིན་པར་ཐལ། ཡེ་ཤེས་དམ་པའི་དོན་ཞེས་པ་དེ་ཡིན་པའི་ཕྱིར། ཁྱབ་པ་འགྲིག །འདོད་མི་ནུས་ཏེ། གཞན་དབང་དོན་དམ་བདེན་པ་དང༌། སྟོང་ཉིད་དུ་འཛིན་པའི་བདག་འཛིན་མི་སྲིད་ཅིེང༌། དེ་མ་ཡིན་པར་རྟོགས་པ་ལ་སྟོང་ཉིད་རྟོགས་མི་དགོས་ལ། གཞན་དབང་ཕྱི་རོལ་དོན་དུ་གྲུབ་མ་གྲུབ་དཔྱོད་པའི་དཔྱད་བཟོད་དུ་མདོ་སྡེ་པས་ཀྱང་འཛིན་ཅིང༌། དེས་སྟོང་པ་རྟོགས་པ་ལ་ཡང་སྟོང་ཉིད་རྟོགས་དགོས་པས་མི་མཚུངས་སོ། །གཞན་ཡང་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་ན། མདོར་བསྟན་དངོས་བསྟན་གྱི་དོན་དམ་པ་ངོ་བོ་ཉིད་མེད་པ་དང༌། གཉིས་ཀའི་དགག་བྱ་དང་ངོ་བོ་དང་གསལ་བར་བསྟན་མ་བསྟན་སོགས་ཁྱད་པར་གང་ཡང་མེད་པས་ཟློས་པར་འགྱུར་རོ། །གལ་ཏེ་འདི་དགག་བྱ་ངོས་བཟུང་བའི་ལྡོག་ཆ་ནས་ཡིན་ལ། ཕྱི་མ་དེ་བཀག་པའི་ལྡོག་ཆ་ནས་ཡིན་ནོ་ཞེ་ན། འདིའི་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པའི་མཚན་ཉིད་དང༌། ཕྱི་མའི་ཚིག་ཟུར་གྱི་དོན་དམ་པ་ངོ་བོ་ཉིད་གཉིས་ཀ་ཡང་འདྲ་བས་ཚིག་ཙམ་སྙིང་བོར་ཟད་དོ། །འོ་ན་ཡིག་ཆར། འདིར་དངོས་སུ་བསྟན་པའི་དེ་ཆོས་ཀྱི་བདག་མེད་ཕྲ་མོ་ལ་འཇོག་ཅེས་དང༌། སྔ་མའི་མེད་རྒྱུ་དེ་ཤེས་བྱ་ལ་མི་སྲིད་ཅེས་དང༌།


GTD002_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་ཡིན་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང༌། དེར་རང་ངོས་ནས་གྲུབ་པ་རྣམས་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པ་ཅི་ཡིན་ཞེ་ན། སྔ་མའི་གོང་འོག་གཉིས་ཀར་མཚན་ཉིད་ངོ་བོ་ཉིད་མེད་པ་ཙམ་མ་གསུངས་པར་དེའི་དོན་ཞེས་གསུངས་ཤིང་དོན་སྟོང་ཉིད་དུ་འགྲོ་ཚུལ་འདིའི་ངོ་བོ་ཉིད་ལ་བདག་ཏུ་སྒྲོ་བཏགས་པ་ཡང་ཡོད་པས་ཚིག་ལ་དེ་བཀག་པ་ལྟར་བརྗོད་ཀྱང༌། དོན་འཆད་པའི་ཚེ་དེ་ལ་སྒྲོ་བཏགས་པ་ལྟར་དུ་མེད་པ་ཞེས་བཤད་དགོས་ཤིང༌། དེ་ལྟར་བྱས་ན་སྟོང་ཉིད་དུ་འགྲོ་བའི་དོན་ནོ། །ལུང་ཕྱི་མ་གཉིས་ཀྱིས་མི་གནོད་དེ། དེ་ཡང་ཀུན་མཁྱེན་ཆོས་འབྱུང་གི་གསུངས་ཟིན་གཞིར་བཞག་པར་སྣང་ལ། དེར་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པའི་ཕྱིར་དང༌། ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ལྟར་མ་གྲུབ་པས་ཁྱབ་པའི་ཕྱིར། ཞེས་གཉིས་ཀ་སྨོས་པས་མཚན་ཉིད་ངོ་བོ་ཉིད་ལ་སྒྲོ་བཏགས་པ་ཡང་བཞག་ནས་དེ་ལྟར་གྲུབ་པ་ཤེས་བྱ་ལ་མི་སྲིད་པ་དང༌། དེ་ལྟར་གྲུབ་པ་ལ་ཆོས་བདག་གིས་ཁྱབ་པའི་དོན་ཡིན་པ་སོགས་སྔར་དང་འདྲ་བའི་ཕྱིར་དངོས་ཤུགས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གཉིས་འགལ་ཡང༌། ཆོས་སོ་སོའི་སྟེང་གི་དངོས་ཤུགས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་འགལ་མི་རུང་སྟེ། བུམ་པ་ལྟ་བུའི་སྟེང་གི་བདག་མེད་གཉིས་ཀྱི་དབང་དུ་བྱས་པའི་གཞན་དབང་དོན་གཅིག་པའི་ཕྱིར་ཏེ། དེ་གང་རུང་ལ་བུམ་པ་དང་གཅིག་གིས་ཁྱབ་པའི་ཕྱིར། དེ་ལྟ་མ་ཡིན་


GTD002_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུམ་པའི་སྟེང་གི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་གཞན་དབང་ལ་བུམ་པའི་སྟེང་གི་ཆོས་ཀྱི་བདག་མེད་ཀྱི་སྟོང་གཞི་མ་ཡིན་དགོས་པས་ཆེས་འབྲེལ་མེད་པར་འགྱུར་རོ། ། ༼ཙ༽ཞེས་སྔ་མའི་ངོ་བོ་ཉིད་གསུམ་ཕྱི་མའི་ངོ་བོ་ཉིད་མེད་པ་གསུམ་གྱི་མཚན་གཞིར་བསྟན་པར་ཡིག་ཆར་གསུངས་པ་ལེགས་ཏེ། བློ་བརྟན་གྱི་ཕུང་པོ་ལྔའི་འགྲེལ་བཤད་ལས་གསུངས་པ་དང༌། གང་སྤེལ་ལས་ཀྱང་གཟུགས་ཉིད་ཕུང་པོ་ཡིན་པས། གཟུགས་ཀྱི་ཕུང་པོ་ཡིན་ན་ཞེས་པ་ལྟར་འདིར་ཡང་གྱི་སྒྲ་གཞི་མཐུན་སྟོན་པའི་དྲུག་སྒྲ་ཡིན་པའི་ཕྱིར་ཏེ། སྒྲུབ་ཕྱོགས་ནས་རྐྱེན་གཞན་ལས་སྐྱེས་པ་སོགས་རང་རང་གི་ཁྱད་ཆོས་དང་ལྡན་པས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་སོགས་པར་བཞག་པ་དེ་ཉིད་ཀྱིས་བདག་ཉིད་ལ་དགག་ཕྱོགས་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་སོགས་པར་བཞག་པ་དེ་གསུམ་འདིའི་དགོངས་གཞིར་བསྟན་ཏེ། ངོ་བོ་ཉིད་གསུམ་ལས་དོན་གཞན་པའི་ངོ་བོ་ཉིད་མེད་པ་གསུམ་མ་ཡིན་པར་གོ་བའི་ཆེད་དང་ངོ་བོ་ཉིད་མེད་པ་གསུམ་གྱི་སོ་སོའི་མེད་ཚུལ་ལ་མ་སྦྱར་བར་བར་བའི་སྒྲས་ཟིན་ལྟར་འདོད་མི་རུང་བ་གོ་བའི་ཆེད་ཡིན་ཏེ། འདིའི་འགྲེལ་པ་བློ་བརྟན་གྱིས་མཛད་པ་ལས། རང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལྟར་གྱུར་པའི་ངོ་བོ་ཉིད་དོ། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱི་ནི་ཊ་དེ་བའི་འགྲེལ་བཤད་ལས། གཞན་གྱི་དབང་ལ་སོགས་པའི་ངོ་བོ་ཉིད་རྣམ་པ་གསུམ་གྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ཞེས་གསུངས་པ་གང་ཞིག །སྔ་མས་དགག་བྱའི་ངོ་བོ་ཉིད་


GTD002_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྟན་ནས་དེའི་ངོ་བོར་མེད་ཅེས་བཤད་པ་འགྲེལ་པ་འགྲེལ་བཤད་གཉིས་དང་མི་མཐུན་པའི་ཕྱིར། ༸ ཀུན་མཁྱེན་ཇོ་ནང་པ་སོགས། ༸ རང་བཞིན་མེད་པ། ༸ རང་བཞིན་མེད་པ། ༼ཚ༽འདི་སྨྲ་བ་པོ་ཇོ་ནང་པ་ཡིན་ལ་དེའི་འདོད་པ་ནི། རང་ཉིད་ཀྱི་ངེས་དོན་རྒྱ་མཚོར། དག་པ་ཡེ་ཤེས་ཀྱི་ཀུན་གཞི་ནི་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པས་གཞན་སྟོང་རྟག་བརྟན་གཡུང་དྲུང་ཐེར་ཟུག་དང་ཞེས་དང༌། ཡང་དེས་བརྩམས་པའི་བཀའ་བསྡུ་བཞི་པར། ཆོས་འཁོར་གསུམ་པར་གསུངས་པའི་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །མི་རྟག་མ་ཡིན་རྟག་བརྟན་ཐེར་ཟུག་ཡིན། །ཀུན་བཏགས་མ་ཡིན་ཡོངས་གྲུབ་ཡེ་ཤེས་ཡིན། །དངོས་མེད་མ་ཡིན་དབུ་མ་ཆེན་པོ་ཡིན། །ཞེས་དང༌། རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །རྟག་པ་འདུས་མ་བྱས་ཀྱི་རྒྱལ་བ་ལྔ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་རིག་མ་ལྔ། །ཞེས་དང༌། ཡང་ངེས་དོན་རྒྱ་མཚོར། གང་གིས་དག་པ་ནི་ཀུན་བཏགས་དང་གཞན་དབང་གང་ཡིན་པ་ཀུན་རྫོབ་ཀྱི་ཆོས་གཟུགས་ལ་སོགས་པས་དག་པ་སྟེ། ཞེས་སྙིང་པོའི་མདོ་བཅུར་གྲགས་པ་རྣམས་ཀྱི་ཚིག་རིས་ལ་འཁྲུལ་ནས་བདེ་གཤེགས་སྙིང་པོ་དེ་ཉིད་ཟག་མེད་ཡེ་ཤེས་དང༌། ཡོངས་གྲུབ་རྟག་བརྟན་ཐེར་ཟུག་པ་མཚན་དཔེ་སོགས་སངས་རྒྱས་ཀྱི་ཆོས་རྣམས་དང་ཡང་རང་ཆས་སུ་ལྡན་པར་འདོད་དེ། རྒྱུད་བླ་མར། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་པ་ཟག་མེད་ཡེ་ཤེས་དངོས་སུ་འཁྲུལ་བ་ཡིན་ཞིང༌། དེ་ཉིད་


GTD002_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུ་རྒྱལ་བ་ལྔ་སོགས་ཀྱི་བདག་ཉིད་དུ་སྨྲ་བ་ནི། འདིས་དག་པའི་བདག་ཅེས་བཏགས་པ་སྔར་གྱི་ཡེ་ཤེས་དེའི་སྟེང་དུ་ཀུན་རྫོབ་རྣམས་བཀག་པ་ནི་མེད་དགག་ཙམ་མ་ཡིན་པར་ཡེ་ཤེས་དེ་ཉིད་ཡིན་པ་ལ་མཚན་དཔེས་བཀྲ་བའི་སྟོང་གཟུགས་ཀྱི་སྐུ་ཞིག་འཛིན་སྟངས་སུ་འདོད་པས། དུས་འཁོར་གྱི་ཆོས་སྐད་ཅུང་ཞིག་བསྲེས་པ་ཡིན་ཏེ། འདི་ལ་བསམ་ནས། རིན་ཆེན་ཏོག་གི་དབང་བོའི་རྡོ་རྗེར། མཚན་ཉིད་ཐེག་པར་ཐུན་མོང༌མ་ཡིན་པའི་སྔགས་སྦྱར་ནས་བཤད་པ་དེ་འདྲ་དོལ་བོ་བ་མ་ཡིན་པ་སྔོན་ཆད་མ་བྱུང་ཞེས་བཤད་དོ། །འདིས་ཁོ་རང་གི་ལུགས་ཀྱི་གཞན་སྟོང་ཆེན་མོ་དེ་འཁོར་ལོ་ཐ་མར་གསུངས་ཀྱང། བར་བར་ཆད་སྟོང་མེད་དགག་ཙམ་གྱི་རང་སྟོང་ཞིག་ལས་མ་གསུངས་ལ། རང་སྟོང་དེ་སྟོང་ཉིད་དངོས་མ་ཡིན་པར་འདོད་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། ངེས་དོན་རྒྱ་མཚོར་ཤེར་མདོ་དྲང་དོན་དུ་བསྒྲུབ་པར་ཐོག་ཏོག་ལས་བཤད་ཅིང་ཀར་ལན་ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་པ་ཐམས་ཅད་ཀྱང་འདི་དང་ཀརྨ་པ་གཉིས་ལ་ཐུན་མོང་ཡིན་པས་དེ་ཉིད་ལས་ཡུམ་རྒྱས་འབྲིང་བསྡུས་གསུམ་ལས་ཆད་སྟོང་མེད་དགག་ཙམ་ཞིག་བསྟན་གྱི་སྔར་བཤད་པའི་གཞན་སྟོང་ཆེན་མོ་བདེན་གྲུབ་དེ་མ་བསྟན་པར་བཞེད་པ་དང༌། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཀར་ལན་ལས། སྟོང་ཉིད་ཡིན་ན་གཞན་སྟོང་ཆེན་མོ་ཡིན་པས་ཁྱབ། གཞན་སྟོང་ཆེན་མོའི་སྟོང་གཞི་ཆོས་ཅན་ཡིན་ན་དོན་དམ་བདེན་པ་ཡིན་དགོས་པའི་ཕྱིར། རྟགས་ཐམས་ཅད་སོང་ཞེས་དང༌། ནང་སྟོང་པ་ཉིད་ཀྱི་སྟོང་གཞི་


GTD002_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ཞེས་སོགས་དྲིས་པའི་མཐར། ཀུན་མཁྱེན་ཇོ་ནང་པ་ལན་ཅི་གསུངས། ཞེས་གསུངས་པའི་ཕྱིར་དང༌། འདུ་བྱེད་ཀྱི་སྟེང་དུ་ཆོས་བདག་བཀག་པའི་སྟོང་ཉིད་ཅིག་མེད་པ་དགོངས་འགྲེལ་དང་འགལ་བར་གསུངས་པས་ཀྱང་ཤེས་ཤིང༌། དེའི་ལུགས་ལ་རང་སྟོང་ནི་ཆད་སྟོང་མེད་དགག་ཡིན་ལ། ཆོས་ཉིད་ལ་སྒྲུབ་པ་རང་དབང་བ་དགོས་པར་བཤད་པའི་ཕྱིར། དེ་ལྟར་བྱས་ནས་འཁོར་ལོ་བར་བའི་སྐབས་ནས་ཁོ་རང་འདོད་པའི་སྟོང་ཉིད་དེ་དངོས་སུ་མ་བསྟན་ལ། ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་ཀྱིས་སྨོས་པ་ནི། རང་སྟོང་ཙམ་ཞིག་གཞིར་བཟུང་བ་ཡིན་ཏེ། རྒྱུད་བླ་མར། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཞེས་སོགས་ཀྱིས་བར་བར་བཤད་པའི་སྟོང་ཉིད་དྲང་དོན་དུ་བཀྲལ་བའི་ཕྱིར་ཟེར་རོ། །དེར་དོན་དམ་མ་བཟུང་ན་ཀུན་རྫོབ་རྣམས་ངོ་བོ་ཉིད་མེད་པ་སྒྲ་སོར་བཞག་རུང་བས་དགོངས་གཞི་འཇོག་མི་དགོས་སོ། །ཞེ་ན་མ་ཡིན་ཏེ། དེར་ཆོས་རྣམས་ཁྱད་མེད་དུ་ཆ་མ་ཕྱེ་བར་གསུངས་པའི་ཆ་ནས་ཀྱང་དྲང་དོན་དུ་འགྱུར་ལ། གཟུགས་སོགས་བདེན་གྲུབ་བཀག་ཙམ་དོན་དམ་པའི་བདེན་པར་བཤད་པའི་ཆ་ནས་ཀྱང་དྲང་དོན་དུ་འགྱུར་མོད། འདིར་ཀུན་རྫོབ་རྣམས་ལ་དགོངས་པར་བཤད་པ་སྔ་མའི་དབང་དུ་བྱས་སོ། །དེ་ལྟར་བྱས་ན་སྟོང་ཐུན་ལས། དོན་དམ་མ་ཆུད་པར་ཀུན་རྫོབ་འབའ་ཞིག་རང་བཞིན་མེད་པར་བསྟན་པའོ། །ཞེས་སྨྲ་བ་ནི་ཞེས་གསུངས་པ་ལྟར། ཕྱོགས་སྔ་མས་དངོས་སུ་ཁས་བླངས་པས་རིགས་པའི་ཕུལ་ཙམ་ཡང་


GTD002_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །༼ཛ༽འདིའི་དོན་སྦྱོར་ལ། ཀུན་བཏགས་ཆོས་ཅན། ཁྱོད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲུབ་ཕྱོགས་ནས་མིང་བརྡས་བཞག་ཙམ་ཡིན་ཀྱང་དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། ཞེས་པ་བཀག་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་གཞིར་བཟུང་ནས་རྟགས་ཆོས་སྔར་ལྟར་བཀོད་པ་མི་འགལ་ཏེ། ཀུན་བཏགས་སྤྱི་ཙམ་མཚན་ཉིད་ངོ་བོ་ཉིད་མེད་པའི་མཚན་གཞིར་འབྲེལ་མེད་ཅིང་འདིར་ཡང་མ་གསུངས་པས་དེ་འགོད་པ་པོའི་བསམ་པ་སྐབས་འདིའི་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་རང་ལྡོག་སྒྲུབ་བྱེད་དུ་སྦྱོར་བ་དེ་བཀོད་པ་ཡིན་ན་དེའི་དོན་དོན་སྨྲས་རྟོགས་པ་མི་རུང་བས་བཀག་པ་ཡིན་ལ། ཕྱི་མ་ནི་དེ་མཚན་ཉིད་ངོ་བོ་ཉིད་མེད་པའི་གཞི་ལྡོག་སྒྲུབ་འདོད་པ་ཡིན་པས། རྟགས་ཆོས་དོན་སྨྲས་རྟོགས་ཀྱང་མི་འགལ་ལོ། །དེས་ན་འདི་ལྟར་དེ་ནི་མིང་དང་བརྡས་ཞེས་སོགས་མཚན་ཉིད་ངོ་བོ་ཉིད་མེད་པའི་གཞི་ལྡོག་སྒྲུབ་པའི་གཞུང་ཡིན་གྱི། དེའི་དོན་གྱི་རང་ལྡོག་སྒྲུབ་བྱེད་བཤད་པ་ཡིན་ན་སྟོང་པ་ཉིད་ཀྱི་དོན་བསྒྲུབས་པས་དོན་དམ་པ་ངོ་བོ་ཉིད་མེད་པ་རྒྱས་པར་བཤད་པའི་གཞུང་དུ་འགྱུར་རོ། །ཀུན་བཏགས་སྤྱི་ལྡོག་རྩོད་གཞིར་བཟུང་བ་བཀག་པ་ནི། ཆོས་འབྱུང་གི་གསུང་གཞིར་བཞག་ཡིན་ལ། དཀའ་འགྲེལ་ལས། ཀུན་བཏགས་ཆོས་ཅན། ཁྱོད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཁྱོད་མིང་དང་བརྡས་བཞག་ཙམ་ཡིན་གྱི་རང་མཚན་གྱིས་མ་གྲུབ་པའི་ཕྱིར། ཞེས་གསུངས་སོ། ། ༼ཝ༽འདི་ལ་ཁ་ཅིག་


GTD002_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་ཆེན་མོ་ལས། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་རང་གི་མཚན་ཉིད་དམ་རང་བཞིན་ཡིན་ལ། སེམས་ཙམ་པས་དེ་མེད་པ་ཀུན་བཏགས་ལ་འདོད་ཀྱང༌། གཞན་དབང་ལ་མཚན་ཉིད་དེ་ཡོད་པས་རང་བཞིན་ཡོད་ལ། ཞེས་གསུངས་པས། འདི་པ་དང་ཐལ་འགྱུར་བ་གཉིས་ཀའི་ལུགས་ཀྱི་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་འཛིན་པ་གཉིས་འཛིན་སྟངས་མཚུངས་ཏེ། གཉིས་ཀས་ཀྱང་རང་བཞིན་གྱིས་མ་གྲུབ་པར་བཟུང་བའི་ཕྱིར་ཏེ། ལུགས་འདིར་ཡང་ཀུན་བཏགས་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་པ་ལུང་འདིས་གྲུབ་པའི་ཕྱིར་ཞེ་ན་མ་གྲུབ་སྟེ། དེ་ནི་རང་མཚན་གྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་ལ་ཁྱད་མི་འབྱེད་པའི་ཐལ་འགྱུར་བའི་ལུགས་བཤད་སྐབས་ཡིན་པ་དེའི་དབང་དུ་བྱས་པའི་ཕྱིར། དེ་ལྟ་མ་ཡིན་པར་རང་བཞིན་གྱིས་མེད་ན་མེད་དགོས་ཤིང་ཀུན་བཏགས་ཡེ་མེད་ན་ཤེས་བྱ་ཐམས་ཅད་རྫས་ཡོད་དུ་ཐལ་བ་སྟོང་ཐུན་ནས་འཕངས་པའི་འབྲེལ་ནི་ཡིག་ཆར་བདེན་གྲུབ་ཀྱི་རྫས་ཡོད་ཅེས་བཀྲལ་བ་ཡོངས་གྲུབ་མེད་དགག་ཏུ་འདོད་དགོས་པའི་མན་ངག་ཡིན་ལ། འོག་ཏུ་ཊཱིཀ་ཆེན་གྱི་བཤད་པ་མཆན་དུ་འགོད་པར་འགྱུར་བ་ལྟར་ཡོངས་གྲུབ་ཡེ་ཤེས་དང༌། རྫས་ཡོད་ཀྱང་དོན་བྱེད་པའི་རྫས་ཡོད་དངོས་ལ་བྱས་ནའང་བཤད་པའི་རྣམ་གྲངས་སུ་རུང་སྟེ། ཕྱོགས་སྔ་མས་ཡོངས་གྲུབ་ཡེ་ཤེས་སུ་འདོད་ཅིང་ཀུན་བཏགས་རང་མཚན་གྱིས་མ་གྲུབ་ཚུལ་མ་ཤེས་པའི་དབང་ཡིན་པའི་ཕྱིར་རོ། །འོན་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་


GTD002_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ན་འདི་བས་ཀྱང་རང་མཚན་གྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་ལ་ཁྱད་མི་འབྱེད་ཀྱང༌། དོན་སྨྲས་འབྱེད་ལ་དེའི་ཕྱིར་དོན་སྨྲས་ཆོས་གང་ཡང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་དོན་ཁེགས་ན་ཡོད་པར་འཇོག་མི་ཤེས་ཀྱང༌། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་སོགས་རང་རང་གི་ལུགས་ཀྱི་རང་མཚན་ཁེགས་པས་ཆོས་དེ་ཡོད་པར་འཇོག་མི་ཤེས་པ་མ་ཡིན་ནོ། །ཚིག་ཙམ་ལ་འཆེལ་བ་ཁ་ཅིག །ཀུན་བཏགས་ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་དེར་མ་གྲུབ་པར་འཛིན་པ་ལོག་ཤེས་ཡིན་ཀྱང༌། ཐལ་འགྱུར་བའི་འདོད་པ་ལྟར་གྱི་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་འཛིན་པ་ལོག་ཤེས་མ་ཡིན་ཏེ། དེ་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཞེ་ན་སེམས་ཙམ་པའི་འདོད་པ་ལྟར་གྱི་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པ་དང༌། གཉིས་ཀའི་མ་གྲུབ་ཚད་མཚུངས་ཤིང༌། གཉིས་ཀས་ཀྱང་དམིགས་པ་ལ་ཀུན་བཏགས་སྤྱི་ཙམ་མི་ཡོང་བར་ཐལ་ལོ། །འདོད་ན། སེམས་ཙམ་པ་ལྟར་གྱི་བུམ་པའི་སྟོང་ཉིད་ཀྱང༌། བུམ་པའི་སྟོང་ཉིད་དུ་མ་སོང་བར་ཐལ་ལོ། ། ༼ཞ༽ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ། སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། སྤྱིར་གཞན་དབང་གི་སྒྲ་དོན་ནི་ཐེག་བསྡུས་ལས། ཅིའི་ཕྱིར་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་པ་ཡིན་པས། དེ་ལྟ་བས་ན་རྐྱེན་གྱི་གཞན་དབང་ཡིན་ནོ། །སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་པས་ན་གཞན་གྱི་དབང་ཞེས་བྱའོ་ཞེས་སོགས་


GTD002_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་འདུས་མ་བྱས་རྣམས་ཀྱང་ནང་གི་བག་ཆགས་སྨིན་པའི་དབང་གིས་ཤར་བའི་སྣང་ཆ་ཙམ་དུ་འདོད་དགོས་ལ། སྤྲིན་དང་ནམ་མཁའ་བཞིན་རང་གི་ཆོས་ཉིད་དེ་ལ་བརྟེན་ནས་གནས་དགོས་ཤིང༌། ཆོས་ཉིད་ཀྱང་དེའི་རྟེན་དུ་འགྱུར་བ་མེད་པའི་ཡོངས་གྲུབ་དང༌། ཆོས་རང་ཉིད་རང་གི་གཞན་དབང་དུ་བཞག་པ་ཡིན་ཏེ། སྒྲའི་སྟེང་གི་མི་རྟག་པ་ལ་སྒྲ་དང་གཅིག་མི་དགོས་ཀྱང༌། དེའི་སྟེང་གི་གཞན་དབང་ལ་དེ་དང་གཅིག་ཡིན་དགོས་པའང་དེ་ཡིན་ནོ། །དེ་ལྟར་སྒྲུབ་ཕྱོགས་ནས་གཞན་དབང་གི་སྒྲ་དོན་ཤེས་ན་དེའི་འགལ་ཟླའི་ངོ་བོར་མེད་པ་ཆོས་དེའི་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་ཡིན་པས། འདུས་མ་བྱས་རྣམས་ཀྱང་བག་ཆགས་སྨིན་པ་ལ་མ་ལྟོས་པར་གྲུབ་པ་དང༌། གནས་ལུགས་ལ་མ་ལྟོས་པར་རང་དབང་དུ་སྡོད་པའི་མཐུ་མེད་པ་སོགས་ལ་བྱ་སྟེ་དོན་ཆོས་ཀྱི་བདག་མེད་པ་ལ་ཐུག་གོ །བདག་སྐྱེ་ཡང་བུམ་པ་བུམ་པ་ལས་སྐྱེས་པ་ལ་མི་ཟེར་གྱི་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེས་པ་ལ་ཟེར་རོ། །འོན་ཀྱང་བྱེ་སྨྲས་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེས་པ་ཁས་ལེན་པ་ནི་དུས་མཉམ་ལ་བསམ་གྱི་ས་བོན་གྱི་དུས་ན་མྱུ་གུ་ཡང་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པ་དེ་འདྲ་མི་འདོད་པས་བདག་སྐྱེའི་དོན་མེད་དོ། །རྒྱུ་འབྲས་གཅིག་གཅིག་གི་དུས་ན་དེ་དང་དེའི་ངོ་བོར་མེད་ན་སེམས་ཅན་སུ་ཡང་སངས་རྒྱས་ཀྱི་ངོ་བོར་གྲུབ་དུས་མེད་དགོས་པས། དེ་ལྟར་ཡོད་ཀྱང་གྲངས་ཅན་དང་མི་མཚུངས་ཏེ། འདིར་དེའི་ཚེ་དེ་ཡིན་པ་ཙམ་ལ་བསམས་ཤིང་གྲངས་ཅན་གྱིས་མྱུ་གུའི་དུས་ན་ཡོད་པའི་མྱུ་གུའི་རང་བཞིན་དེ་ཀ་མྱུ་


GTD002_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གུའི་རྒྱུ་དུས་ན་ཡང་ཡོད་དགོས་ཀྱི་གཞན་དུ་ན་འབྲེལ་མེད་པ་ལས་འབྱུང་བས། བྱེ་མ་ལས་ཀྱང་སྣུམ་འབྱུང་བར་ཐལ་བ་འཕེན་པ་སོགས། རྣམ་འགྲེལ་ལེའུ་དང་པོར། གལ་ཏེ་ལྡོག་པ་སྤངས་པ་ཡི། །ཞེས་སོགས་ལྟར་ཡིན་པས། འདི་དང་ཆེས་མི་མཚུངས་སོ། །འདིར་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་འབྱུང་བས་འདུས་མ་བྱས་རྣམས་ཀྱང་ཆོས་རྣམས་ཞེས་པའི་དངོས་བསྟན་ཙམ་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་ཚང་མི་དགོས་ཞེས་ཡིག་ཆའི་སྒྲས་ཟིན་ལ་གསུངས་ཀྱང༌། དགོངས་པ་ཡིན་མིན་བརྟག་པར་བྱ། ༼ཟ༽འདིར་གཞན་དབང་ལ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་ཞེས་པའི་དོན། ཁ་ཅིག་དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་པ་ལྟ་བུ་སེམས་ཙམ་གྱི་གཞུང་རྣམས་སུ་གཞན་དབང་འཆད་པའི་ཚེ་སེམས་གཙོ་བོར་བཤད་པས་འདིར་ཡང་སེམས་དེ་དོན་དམ་དུ་འགྱུར་སྙམ་པ་ཡིན་ཏེ། ཕྱི་རོལ་ཡུལ་སྣང་རྒྱང་ཆད་ཚུགས་ཐུབ་འདྲ་བ་འདི་བཀག་སྟེ་དཔེར་ན་ཆུ་ནང་དུ་ཉི་འོད་ཕོག་པའི་ཚེ། དེའི་མདངས་ཤིག་རྩིག་ངོས་ལ་ཐོལ་གྱིས་བྱུང་བ་ན་ངོས་དེར་གདོད་ནས་གྲུབ་པ་ལྟར་སྣང་ཡང༌། དོན་ལ་ཆུའི་མདངས་དེ་ནས་ཚུར་ཤར་བ་ཙམ་ཡིན་པ་ལྟར། ཕྱི་རོལ་ལྟར་སྣང་བ་འདི་ཡང༌། སེམས་ཀྱི་རང་མདངས་ཙམ་དུ་གོམས་པས་རིམ་གྱིས་སྣང་བ་རགས་པ་ལོག་པའི་མཐར་ཕྱིའི་སྣང་བ་བཀག་ནས་སེམས་ཀྱི་ངོ་བོ་གསལ་རིག་ཙམ་ཞིག་ཤར་བ་ལ་སེམས་ཙམ་གྱི་ལྟ་བ་རྙེད་པར་རློམ་ནས། བོད་སྔ་མ་མང་པོས་ཀྱང་དེ་ཙམ་ལ་ལྟ་བའི་ངོ་སྤྲོད་མཐར་ཐུག་ཏུ་བྱས་


GTD002_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་སོགས་དགག་ཆེད་ཡིན་ཟེར། སྤྱིར་དེ་འདྲ་བའི་དོགས་པ་སྐྱེ་བ་བདེན་ཡང་ཕྱོགས་སྔའི་ཁས་བླངས་ཡོད་མེད་མི་ཤེས་པའི་དོགས་པ་གཅིག་མདོ་ལས་བཀོད་ཀྱང་ཕལ་ཆེར་མི་ཡོང་ལ་འོག་ཏུ་རྗེས་སྐྱོན་སྤོང་མཛད་པ་རྣམས་དང་ཡང་མི་འབྲེལ་ལོ། །སེམས་ཙམ་ལ་ཁས་བླངས་དེ་མེད་པ་འོག་ཏུ་དགོངས་འགྲེལ་ལས། ཆོས་ཉིད་དགག་བྱ་བཅད་ཙམ་ལ་འཇོག་པར་གསུངས་པ་སོགས་ཀྱིས་འགྲུབ་ཅིང་རྗེས་བཟོད་བཞི་དང་རྗེས་ཤེས་བཞི་འཛིན་པའི་ཡུལ་ཅན་དུ་བཤད་པ་ལྟར་ནའང་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ཡུལ་གྱི་ཐ་སྙད་ཕྲ་མོ་ལ་རུང་ཡང་ལྟ་བ་དངོས་ཀྱི་འཛིན་སྟངས་སུ་མི་འགྱུར་ལ། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་དེ་དོན་དམ་སྒྲུབ་བྱེད་ཀྱི་སྦྱོར་བའི་བསྒྲུབ་བྱ་དང༌། དོན་དམ་དཔྱོད་པའི་རིག་པའི་རྙེད་དོན་དུ་གསུངས་པ་ཡང༌། སྔ་མ་མང་པོའི་ཕྱོགས་མཐུན་ཙམ་མཛད་པ་ཡིན་ནམ་བརྟག་པར་བྱ་དགོས་ཏེ། ཉན་ས་ལས། དེའི་ཚེ་ན་སེམས་འགག་པ་ལྟ་བུར་སྣང་མོད་ཀྱི་ཞེས་སྦྱོར་ལམ་ལ་བཤད་ན་མཐོང་ལམ་ལྟ་ཅི་སྨོས་པའི་ཕྱིར་དང་ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། ཞེས་པའི་དེར་འཇུག་ཚུལ་ལ་དྲོད་རྩེ་གཉིས། བཟོད་མཆོག་གཉིས་མཐོང་ལམ་དང་གསུམ་དུ་འཇུག་ཚུལ་བཤད་པའི་ཕྱིར་དང་ཐེག་བསྡུས་ལས། མི་ཞིག་མིག་ནི་བཙུམ་པ་ལྟར། །རྣམ་རྟོག་མེད་པའི་ཤེས་དེ་འདྲ། །ཞེས་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་དགག་བྱའི་སྟོང་པ་ཙམ་ལས་མི་འཆར་བས་སྣང་མེད་དུ་བཤད་པའི་ཕྱིར། ཀུན་


GTD002_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆོས་འབྱུང་གི་གསུང་ལྟར་ན་འདིའི་དོགས་པ་ཐལ་རང་གཉིས་ལ་འབྱུང་བ་སྟེ། དེ་ཡང་སེམས་ཙམ་པར་གཞན་དབང་རྣམ་དག་ལམ་གྱི་དམིགས་པར་ཁས་བླང་བའི་སྟེང་ནས་བདེན་གྲུབ་ཀྱི་ཁས་ལེན་ཡོད་པས། དེའི་དམིགས་པར་བདེན་པར་གྲུབ་ན་དེའི་དམིགས་པར་གྲུབ་པའི་གྲུབ་ལུགས་དེ་དོན་གྱི་སྡོད་ལུགས་མཐར་ཐུག་ཏུ་འགྲོ་དགོས་པས། དམིགས་པ་མཐར་ཐུག་ལས་འོས་མེད་ཅིང༌། ཀུན་བཏགས་དམིགས་པ་ཙམ་ཡིན་ཀྱང་རྫུན་པར་གྲུབ་པས་སྐྱོན་མེད་སྙམ་པ་ཡིན་ལ། ལན་དུ་དེ་གཉིས་བདེན་གྲུབ་ཏུ་མཚུངས་ཀྱང༌། བསྒོམ་ན་བདག་འཛིན་དང་འཛིན་སྟངས་འགལ་བའི་སྒོ་ནས་སྤོང་མི་སྤོང་གི་ཁྱད་ཡོད་དེ་སྒྲ་དང་སྒྲ་མི་རྟག་པ་སྒྲ་འཛིན་མངོན་སུམ་གྱི་སྣང་ཡུལ་དུ་མཚུངས་ཀྱང་རང་ལ་དམིགས་ན་རྟག་འཛིན་ཟློག་མི་ཟློག་གི་ཁྱད་ཡོད་པ་དང་འདྲ་བར་གསུངས་ཏེ་ལེགས་པར་བཤད་པའོ། །སྣང་ཡུལ་ལ་ཞིབ་ཆ་དགོས། ཤར་བ་ནམ་མཁའ་རྒྱལ་མཚན་གྱི་དྲང་ངེས་རྣམ་འབྱེད་སོགས་འགའ་ཞིག་ལས། དགོངས་འགྲེལ་དུ་འདུས་བྱས་དང་འདུས་མ་བྱས་རྣམས་ཀྱི་ཆོས་ཉིད་གཏན་ལ་འབེབས་པའི་ཚེ། དེ་དག་གི་གཞན་དབང་སྟོང་གཞིར་དངོས་སུ་བཟུང་ཡང་འདུས་མ་བྱས་རྣམས་སྟོང་གཞིར་དངོས་སུ་མ་བཟུང་བའི་རྒྱུ་མཚན་གྱིས་ཡིན་ཟེར། དགོངས་འགྲེལ་ལས་ཁམས་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལ་ཡང་དེ་བཞིན་ལགས་སོ། །ཞེས་པ་འདིས། དེའི་སྟེང་གི་ངོ་བོ་ཉིད་གསུམ་འཇོག་ཚུལ་སྔ་མ་དང་འདྲ་བར་དངོས་སུ་མ་བསྟན་ན་ཅི་ཞིག་དངོས་སུ་བསྟན། གལ་ཏེ་དེའི་སྟེང་གི་གཞན་དབང་དང་ཀུན་བཏགས་དངོས་སུ་མ་བསྟན་ལ་


GTD002_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲུབ་དངོས་སུ་བསྟན་པ་དེའི་གཞན་དབང་གི་སྟེང་གི་ཡིན་ཟེར་ན། མཚན་ཉིད་གསུམ་སྟོན་པ་ཐམས་ཅད་ལས་དེ་དང་དེའི་གཞན་དབང་སྟོང་གཞིའི་དབང་དུ་བྱས་ཏེ་འཆད་པ་ཤ་སྟག་ཡིན་པས། རང་གི་སྟེང་གི་སྟོང་ཉིད་དངོས་སུ་བསྟན་པ་མི་སྲིད་པར་འགྱུར་ཏེ་ཞིབ་པར་འོག་ཏུ་འཆད་དོ། །རིན་ཆེན་དོན་འགྲུབ་ཀྱི་དྲང་ངེས་རྣམ་འབྱེད་ལས། ཆོས་ཐམས་ཅད་ཀྱི་སྟེང་གི་གཞན་དབང་ཆོས་ཅན། ཁྱོད་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་རྣམས་ཀྱི་སྟེང་གི་སྒྲིབ་པ་ཟད་པར་བྱེད་པའི་དམིགས་པ་མཐར་ཐུག་པ་དེ་རྣམས་དོན་དམ་ཡིན་ལ། ཁྱོད་དམིགས་པ་དེར་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཞེས་བཤད་པ་ཡིག་ཆ་དང་ཡང་མི་མཐུན་པ་མེད་པས་དེ་ལྟར་ན་འདིའི་དོགས་པ་ཆེ་ཆུང་ཞེས་པ་དེ་ཀུན་བཏགས་སྤྱི་ཙམ་ལ་མ་བྱས་པར་གཞི་དེ་དང་དེའི་སྟེང་གི་སྟོང་ཉིད་གཏན་ལ་འབེབ་པའི་ཚེ་གཞི་དེའི་སྟེང་གི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ལ་དོགས་པ་ཆུང་ཞིང་སྟོང་གཞི་དེ་དང་དེར་དོགས་པ་ཆེ་བའི་དོན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་འདིའི་དོན་དམ་ལ་ཡོང་ངོ༌། །ཁོ་ན་རེ། གཞན་དབང་ཡོང་ཡང་སྟོང་ཉིད་ཡོང་དོན་མེད་དེ། ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། རང་གི་ཆོས་ཉིད་བཙལ་བའི་ཚེ་དེ་ཡང་དམིགས་པ་མཐར་ཐུག་ཏུ་མི་རུང་བའི་ཕྱིར་ཏེ། བུམ་པ་ཕྱི་དོན་དུ་གྲུབ་མ་གྲུབ་དཔྱད་པའི་མཐར་བུམ་པའི་སྟེང་གི་དོན་སྟོང་རྙེད་ཀྱང་དོན་དམ་དཔྱོད་པའི་དཔྱད་


GTD002_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་དུ་མི་འགྲོ་ལ། དོན་སྟོང་རང་ཉིད་ཕྱི་རོལ་དོན་དུ་གྲུབ་མ་གྲུབ་དཔྱད་པའི་མཐར་རང་ཉིད་རྙེད་ན་དོན་དམ་དཔྱོད་པའི་དཔྱད་བཟོད་དུ་འགྱུར་བའི་ཕྱིར། ཁོ་ན་རེ། དོན་སྟོང་དོན་སྟོང་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། དོན་སྟོང་ཁྱོད་ཀྱི་རྙེད་དོན་ཡིན་པར་ཐལ། ཁྱོད་དོན་སྟོང་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་འདིར་མ་ཁྱབ། འདོད་ན། དོན་སྟོང་ཆོས་ཅན། རང་གི་སྟེང་གི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པར་ཐལ། ཁྱོད་ཀྱི་སྟེང་གི་དོན་སྟོང་རྟོགས་པའི་བློ་དེས་ཁྱོད་འཛིན་སྟངས་སུ་བྱས་པའི་ཕྱིར་ཏེ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཡིན་ན་ཁྱོད་རྙེད་པས་ཁྱབ་པའི་ཕྱིར། རྟགས་དོན་གྱིས་སོང༌། འདོད་ན། དེ་ཆོས་ཅན། རང་སྟེང་གི་ཡོངས་གྲུབ་མ་ཡིན་པར་ཐལ། རང་སྟེང་གི་གཞན་དབང་ཡིན་པའི་ཕྱིར། ༼འ༽ཁ་ཅིག་འདིའི་དོན་དུ་བསམ་ནས་འཇོག་ཚུལ་གཉིས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་ཆོས་ཀྱི་བདག་མེད་ཕྲ་མོས་ཁྱབ་པར་འདོད་པ་མི་འཐད་པར་ཐལ། རྒྱས་བཤད་ཀྱི་ཤུགས་བསྟན་ལ་གང་ཟག་གི་བདག་མེད་ཕྲ་མོ་ཡོང་ཞིང༌། དེ་ཡང་དོན་དམ་ཡིན་པའི་ཕྱིར། དབུས་མཐའ་ལས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁ་ཅིག །འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་བདག་མེད་དེ་ལ་གཉིས་ཡོད་ཀྱང༌། ཡོངས་གྲུབ་ནི་དེའི་ནང་ནས་ཆོས་ཀྱི་བདག་མེད་གཅིག་པུ་ཡིན་ཞེས་པའི་དོན་ཟེར་བ་མི་འཐད་དེ། བློ་བརྟན་གྱི་འགྲེལ་བཤད་ལས། རྣམ་པར་དག་པའི་སྤྱོད་ཡུལ་འདི་རྣམ་པ་གཉིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་


GTD002_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཅིག་པུས་བརྗོད་དེ། ཞེས་གསུངས་པའི་ཕྱིར། གོང་གི་དབུས་མཐའ་རྩ་བར་ཡང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་གསུངས་ཤིང༌། འགྲེལ་བཤད་ལས། ཡེ་ཤེས་རྣམ་པ་གཉིས་ཀྱི་ཡུལ་ནི་ཆོས་ཉིད་ཡིན་པས་ཞེས་གསུངས་པའི་ཕྱིར། ཉན་རང་གི་མཐོང་ལམ་བར་ཆད་མེད་ལམ་ཆོས་བཟོད་དུ་སོང་བའི་ཡུལ་ཡང་མེད་པར་འགྱུར་ཏེ། དེ་གང་ལ་ཆོས་བཟོད་དུ་སོང་བའི་ཡུལ་དེའི་ངོ་བོར་མཐོང་སྤང་ཟད་པ་འགོག་བདེན་དུ་འདོད་དགོས་ལ། འགོག་བདེན་དོན་དམ་པར་མ་གྲུབ་ན་ཐར་པ་དོན་དམ་པར་མ་གྲུབ་དགོས་ལ། འཁོར་འདས་དོན་དམ་པར་ཡོད་མཉམ་ཡིན་དགོས་པར་གསུངས་པའི་ཕྱིར། ཁྱབ་སྟེ། ཉན་རང་ཆོས་ཀྱི་བདག་མེད་མི་སྒོམ་པས་དེའི་ངོ་བོར་སྒྲིབ་པ་ཟད་དོན་མེད་ཅིང༌། དེའི་ཕྱིར་ཉན་རང་གི་འགོག་བདེན་ལ་གང་ཟག་གི་བདག་མེད་ཕྲ་མོས་ཁྱབ་པའི་ཕྱིར། འདི་ལ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་སྟོང་ཐུན་ལྟར་ན་བདག་མེད་ཡོངས་གྲུབ་ཡིན་ཏེ། དེ་ཉིད་ལས། ཡོངས་གྲུབ་ནི་གཞན་དབང་གི་སྟེང་དུ་བདག་འཛིན་གཉིས་ཀྱིས་ཀུན་བཏགས་པ་ལྟར་གྲུབ་པའི་སྟོང་པའི་དེ་བཞིན་ཉིད་དེ་ཞེས་གསུངས་པའི་ཕྱིར། འོན་ཀྱང་དོན་དམ་བདེན་པ་མིན་ཏེ། དེ་ཉིད་ལས། སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་དག་གང་ཟག་གི་བདག་མེད་དོན་དམ་བདེན་པར་མི་འདོད་ཅིང་ཞེས་གསུངས་པའི་ཕྱིར། དོན་དམ་བདེན་པ་མིན་ཀྱང་ལུང་སྔ་མ་དང་མི་འགལ་ཏེ། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་བཞིན་


GTD002_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པ་ལ་དགོངས་པའི་ཕྱིར་ཟེར། ཡིག་ཆར་གང་ཟག་གི་བདག་མེད་དོན་དམ་བདེན་པ་ཡང་ཡིན་མོད་སྟོང་ཐུན་ལས་དེ་དོན་དམ་མ་ཡིན་ལ། གང་ཟག་གི་བདག་འགོག་པའི་རིགས་པ་ཀུན་རྫོབ་དཔྱོད་བྱེད་དུ་གསུངས་པ་གང་ཟག་གི་བདག་མེད་སྤྱི་ལྡོག་ལ་དགོངས་གསུངས་པའི་དོན་གང་ཞེ་ན། གང་ཟག་གི་བདག་མེད་རང་ལྡོག་ལ་དགོངས་ཟེར་བ་མི་རིགས་ཏེ། རང་ལྡོག་ཀུན་རྫོབ་ཡིན་ན་དགོངས་པ་འགྲེལ་མི་དགོས་པའི་ཕྱིར། ཁ་ཅིག་བདག་མེད་ཕྲ་རགས་གཉིས་སུ་མ་ཕྱེ་བའི་གང་ཟག་གི་བདག་མེད་སྤྱི་ཙམ་པ་ཡིན་ཟེར། དེ་ལ་བདག་མེད་གཉིས་སུ་དབྱེར་ཡོད་པར་ཐལ། སྐབས་དོན་འཐད་པའི་ཕྱིར། འདོད་ན། བདག་མེད་ཕྲ་རགས་གང་རུང་ཡིན་ན་ཁྱོད་ཡིན་དགོས་པར་ཐལ་ལོ། །དེས་ན་སྟག་ཚང་བ་ཁྱོད་ཀྱིས། མ་བརྟགས་མ་དཔྱད་པའི་ཤེས་བྱ་ཆོས་ཅན་ཟེར་བཞིན་དུ་འདི་འདྲ་སྨྲས་ན་མི་མཛེས་སོ། །གཞན་ཡང་ཕྲ་རགས་གཉིས་སུ་མ་ཕྱེ་བའི་སྡུག་བདེན་དེ་སྡུག་བདེན་མ་ཡིན་པར་ཐལ། ཕྲ་རགས་གཉིས་སུ་མ་ཕྱེ་བར་བདག་བཀག་ཙམ་གྱི་སྟོང་པ་དེ་བདག་བཀག་ཙམ་གྱི་སྟོང་པ་མ་ཡིན་པའི་ཕྱིར། འདོད་ན། ལྷག་མེད་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སྡུག་བདེན་སྤྱི་ཙམ་པ་ཡོད་པར་ཐལ། ཕྲ་རགས་གཉིས་སུ་ཕྱེ་བའི་དེ་མེད་ཀྱང་མ་ཕྱེ་བའི་དེ་ཡོད་པའི་ཕྱིར། ཁྱབ་སྟེ། སྤྱི་ཙམ་གྱི་དོན་ཁྱོད་ལ་འཐད་པའི་ཕྱིར། རང་ལུགས་ལ་སྟོང་ཐུན་གྱི་ལུང་དོན་ཡོད་དེ། གྲུབ་མཐའ་བཞི་པོ་གང་རུང་གིས་བདག་བཀག་པའི་སྟོང་པར་འདོད་རྒྱུའི་བདག་མེད་ཕྱག་རྒྱ་བཞིའི་ཡ་གྱལ་གྱི་བདག་མེད་ཙམ་ལ་བྱ་བའི་ཕྱིར། རྟགས་ཡིག་ཆ་དང་སྟོང་ཐུན་གཉིས་ཀའི་འབྲེལ་གྱིས་


GTD002_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། སྐབས་འདིར་དྲངས་པའི་སྟོང་ཐུན་ནས་རང་སྡེ་ཁ་ཅིག་རྟག་གཅིག་རང་དབང་ཅན་གྱི་གང་ཟག་ཏུ་འཛིན་པ་གང་ཟག་གི་བདག་ལྟ་ལྷན་སྐྱེས་སུ་འདོད་གསུངས་པ་ལྟར་ན། གནས་མ་བུ་བས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་པ་ཁས་མ་བླངས་པ་འདྲ་སྟེ། དེ་འདོད་ན་འདི་བདག་མེད་རགས་པར་འགྲོ་དགོས་པས་སོ། །འོན་ཀྱང་རང་སྐྱ་ཐུབ་པའི་རྫས་ཡོད་དུ་མི་འདོད་དེ། བདག་རང་སྐྱ་བའི་རྫས་སུ་ཡོད་ན་ཕུང་པོ་ལས་ངོ་བོ་ཐ་དད་པར་བརྗོད་དུ་མེད་ཟེར་དོན་མེད་པའི་ཕྱིར། དེ་དང༌ཐ་དད་དུ་བརྗོད་པའི་ཕྱིར། འོན་ཀྱང་ཆེན་པོ་རྣམས་ཀྱི་དོགས་པའི་གནས་ཡིན་པས་ཁ་ཚོན་གཅོད་དཀའོ། །དེ་དག་གི་དོན་ལ་ཁ་ཅིག་ན་རེ། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་དབུ་མའི་ལྟ་བ་ཡིན་པར་ཐལ། གང་ཟག་གི་བདག་མེད་དེ་དབུ་མ་ཡིན་པའི་ཕྱིར་ན་འདིར་མ་ཁྱབ་ཡང་དེ་ཆོས་ཅན། དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་རྟོགས་པའི་རིགས་ཤེས་དེ་དོན་དམ་དཔྱོད་པའི་རིགས་ཤེས་ཡིན་པར་ཐལ། འདོད་ན། ཉན་ཐོས་སྡེ་བའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རིགས་ཤེས་ཆོས་ཅན། དོན་དམ་དཔྱད་ནས་རྙེད་པའི་རིགས་ཤེས་ཡིན་པར་ཐལ། དོམ་དམ་དཔྱོད་པའི་རིགས་ཤེས་གང་ཞིག །ཁྱོད་གང་ལ་རིགས་ཤེས་སུ་སོང་བའི་ཡུལ་དེ་ཁྱོད་ཀྱིས་རྙེད་པ་ཡང་ཡིན་པའི་ཕྱིར་ན། རྣམ་པ་གཅིག་ཏུ་མ་ཁྱབ། འདོད་མི་ནུས་ཏེ། ཉན་ཐོས་སྡེ་བས་གནས་ལུགས་ཀྱི་དོན་མ་རྙེད་པའི་ཕྱིར་ཏེ། གནས་ལུགས་རྟོགས་པའི་ལྟ་བ་མ་རྙེད་པའི་ཕྱིར།


GTD002_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཧ་ཅང་བློར་བདེ་བ་ཞིག་མི་འདུག་ཀྱང༌། སྟོང་ཐུན་ལས། འགོག་བདེན་ཡིན་ན་དེ་བཞིན་ཉིད་ཡིན་པས་ཁྱབ་པར་འདོད་པ་ལ་དབུ་སེམས་ཀྱི་མཁས་པ་སུ་ཡང་མི་མཐུན་པ་མེད་དོ། །དེ་ལྟར་ན་ཉན་ཐོས་འཕགས་པ་ཆོས་ཅན། ཁྱོད་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། ཁྱོད་ཀྱིས་འགོག་བདེན་མངོན་སུམ་དུ་རྟོགས་པའི་ཕྱིར། རྟགས་གསལ་དངོས་སུ་ཁས་བླངས་ཤིང༌། ཁྱབ་པ་ཡང་དོན་གྱིས་ཁས་བླངས་པས། ཞེས་པ་ནས། གྲུབ་མཐའི་ནང་འགལ་ཆེན་པོའོ། །ཞེས་གསུངས་པས། དེ་ཙམ་ལས་བཤད་མི་བདེ་བས་དེས་འགྲིག་པར་བྱ་དགོས་སོ། །དབུ་མའི་མཐའ་དཔྱོད་ལས། འདི་བའི་ལྷན་སྐྱེས་རགས་པའི་རྫས་ཡོད་དང༌། རང་སྡེ་གཞན་གྱི་ལྷན་སྐྱེས་རྫས་ཡོད་དང༌། རང་སྡེ་ཀུན་གྱིས་ཀུན་བཏགས་སུ་འདོད་པའི་ཁྱད་པར་གསུམ་ཡོད་དེ་ཞེས་པ་ནས། མི་འཇིག་པའི་རྟག་པ་དང་ཆ་མེད་པའི་གཅིག་པུར་འཛིན་པ་དེ་གསུམ་པ་ཡིན་པའི་ཕྱིར་གསུངས་པ་ཡང་ཕལ་ཆེ་བ་ལ་དགོངས་ཏེ། མང་བཀུར་སྡེ་ལྔས་བདག་རང་སྐྱ་བའི་རྫས་སུ་མེད་པར་འདོད་ན། བརྗོད་མེད་ཟེར་དོན་མེད་དེ། ཕུང་པོ་ལས་ངོ་བོ་ཐ་དད་དུ་གནས་པའི་ནུས་པས་སྟོང་བར་ཁས་བླངས་ཡོད་པའི་ཕྱིར། ༼ཡ༽འདིའི་སྒྲུབ་པ་རང་དབང་བ་ནི་སྔར་བཤད་པའི་ངེས་དོན་རྒྱ་མཚོ་ལྟར་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཟག་མེད་ཡེ་ཤེས་ཡིན་ཏེ། ཀརྨ་བའི་ཕར་ཕྱིན་ལས། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་གནས་ལུགས་མཐར་ཐུག་ཏུ་འཇོག་པའི་དབུ་མ་ཆེན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང༌། སློབ་དཔོན་འཕགས་པ་ལྷའི་


GTD002_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་པ་སོགས་སུ་བསྟན་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར། ཁ་ཅིག་འདིའི་ཕྱོགས་སྔ་ཆོས་ཉིད་ཀྱི་ངོ་བོ་ཡེ་ཤེས་སུ་འདོད་མཁན་ཞིག་མིན་ཏེ། ཡིག་ཆར་དེས་སྒྲུབ་པ་རང་དབང་བའི་རྟག་པར་འདོད། ཅེས་གསུངས་པའི་ཕྱིར་ན་མ་ཁྱབ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱི་བདེ་གཤེགས་སྙིང་པོའི་མཛེས་རྒྱན་ལས། ཡེ་ཤེས་ཀྱི་ངོ་བོ་རྟག་པ་ཡིན་ཀྱང་རྐྱེན་ལ་ལྟོས་ནས་དོན་བྱེད་ན། འདི་ནི་གྲངས་ཅན་པ་དང་དཔྱོད་པ་གཉིས་ཀྱི་གཞུང་བཙུགས་པ་ཡིན་པས། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱིས་རྒྱས་པར་བཀག་ཟིན་ཏོ་ཞེས་དང༌། སྡོམ་གསུམ་རབ་དབྱེར། ཁ་ཅིག་གྲངས་ཅན་ལུགས་བཞིན་དུ། །ཡོད་པའི་དགེ་བ་ཞེས་བྱ་བ། །རང་བྱུང་དུ་ནི་གྲུབ་པར་འདོད། །དེ་ལ་བདེ་གཤེགས་སྙིང་པོ་ཟེར། །ཞེས་དང༌། ཀར་ལན་ཀླུ་སྒྲུབ་དགོངས་རྒྱན་ལས། རྣམ་འགྲེལ་ལས་བཤད་པའི་ལྟ་བ་དེ་ཐོགས་མེད་སྐུ་མཆེད་བཞེད་པའི་དབུ་མ་ཆེན་པོའི་ལྟ་བ་ཡིན་ན། རྣམ་འགྲེལ་དབུ་མ་ཆེན་པོའི་བསྟན་བཅོས་སུ་བཞེད་དགོས་ཤིང༌། དེ་ལྟར་བཞེད་པར་ཡང་འདུག་པས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རྟག་དངོས་སུ་བཞེད་པ་དང་འགལ་ཏེ། ཞེས་སོགས་དང༌། རང་རིག་པའི་ཡེ་ཤེས་ཀྱི་དངོས་ཡུལ་ལ་ཤེས་པ་གཅིག་ལས་འོས་མེད་སྙམ་དུ་དགོངས་པར་འདུག་ནའང༌། ཞེས་པ་ནས། རང་རིག་འཛིན་རྣམ་ཁྱད་པར་གསུམ་ལྡན་ལྟ་བུ་གཏན་མ་ཡིན་པས་འབྲེལ་མེད་ལ། ཞེས་སོགས་ལྟར་ཡོངས་གྲུབ་རྟག་དངོས་ཀྱི་ཡེ་ཤེས་གཅིག་ལ་འདོད་པའི་ཕྱིར། སེམས་ཙམ་


GTD002_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞུང་ལ་དཔྱོད་པ་རྣམས་ལ་ཡོངས་གྲུབ་ཡེ་ཤེས་སུ་འགྱུར་སྙམ་པ་འབྱུང་ཉེ་བས། དྲངས་མ་ཐག་པ་ལྟར་འོག་ཏུ་ཡེ་ཤེས་རང་རིག་གི་དོགས་གཅོད་ཀྱང་མཛད་དགོས་བྱུང་བ་ཡིན་ལ། ཊཱིཀ་ཆེན་ལེའུ་གསུམ་པའི་ཤོག་གྲངས་དོན་གསུམ་པར་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་གཉིས་མེད་ཀྱི་ངོ་བོ་ལས་གཡོ་བ་མེད་པའི་ཆ་ནས་འགྱུར་མེད་ཡོངས་གྲུབ་ཡིན་ཀྱང༌། ཡེ་ཤེས་མིན་ན་རྫས་སུ་མེད་པས་བཏགས་ཡོད་དུ་འགྱུར་བའི་ཕྱིར། བདེན་གྲུབ་ཏུ་འདོད་པ་དང་འགལ་བར་གསུངས་པ་དང། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་སེམས་ཙམ་པ་འགོག་བདེན་རྫས་སུ་འདོད་པར་གསུངས་པ་ཡང་དོགས་པ་དེས་བྱས་སོ། །ཡང་ཁ་ཅིག །དེས་ཡོངས་གྲུབ་དངོས་པོར་མི་འདོད་དེ། སྟོང་ཐུན་ལས། སྟོང་གཞི་བདེ་གཤེགས་སྙིང་པོ་དངོས་མེད་དེ་ཉིད་གཞན་དབང་དངོས་པོ་འདུས་བྱས་ཀྱི་ཚོགས་ཀྱིས་སྟོང་པའི་གཞན་སྟོང་གཞུང་དེ་དག་གིས་བསྟན་ནོ་སྙམ་དུ་བཟུང་ནས་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དངོས་པོར་འདོད་ཀྱང་འདུས་མ་བྱས་སུ་སྨྲས་པས་དངོས་པོའི་དོན་མེད་པ་ལ་དགོངས་པའམ་ཡང་ན་བདེ་གཤེགས་སྙིང་པོ་དོན་དུ་དངོས་མེད་ཡིན་པ་ལ་དགོངས་སོ། །༼ར༽ངོ་བོ་ཉིད་མེད་པ་གསུམ་གའི་མཐར་དབུ་མ་པའི་འཇོག་ལུགས་དང་མི་མཚུངས་ཚུལ་རེ་རེ་གསུངས་པས། ཀུན་བཏགས་རང་མཚན་གྱིས་མེད་པས་མཚན་ཉིད་ངོ་བོ་ཉིད་མེད་པར་འདོད་པ་འདྲ་ཡང་མེད་རྒྱུའི་རང་མཚན་མི་འདྲ་བ་དང༌། གཉིས་པར་སེམས་ཙམ་པས་བདག་སྐྱེས་ལ་སྦྱར་ཞིང༌། དབུ་མ་པས་རང་ལུགས་ཀྱི་ཆོས་བདག་དེའི་སྐྱེ་བ་མེད་པ་ལ་


GTD002_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་དང༌། རྩ་ཤེས་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །ཞེས་སོགས་ཀྱི་དོན་དུ་འཆད་དོ། །གསུམ་པ་སེམས་ཙམ་པས་འདིའི་དངོས་བསྟན་གཟུང་འཛིན་རྫས་གཞན་མེད་པའི་རབ་ཏུ་ཕྱེ་བ་ཙམ་ཡིན་པས། དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་ཚིག་ཟུར་གྱི་དོམ་དམ་དེ་མེད་རྒྱུའི་དགག་བྱ་ལ་སྦྱར་ཞིང། དབུ་མ་པས་ཆོས་ཉིད་མེད་དགག་རང་གི་ངོ་བོ་ལ་སྟེ་རང་གི་སྟེང་དུ་རང་མཚན་མ་གྲུབ་པས་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་ཚིག་ཟུར་གྱི་དོན་དམ་དེ་དོན་དམ་དངོས་ལ་བྱས་ནས་གསུངས་ལ། ཡང་དོན་དམ་དེ་དོན་དམ་དངོས་ལ་བྱས་ཀྱང་ངོ་བོ་ཉིད་མེད་ཅེས་པ་དེ་དོན་དམ་རང་ཉིད་དོན་དམ་པར་མ་གྲུབ་པ་ལ་མ་སྦྱར་བར་དོན་དམ་དེ་ཆོས་གཞན་དོན་དམ་པར་གྲུབ་པ་བཀག་པས་རབ་ཏུ་ཕྱེ་བ་ཙམ་ཡིན་པས། ངོ་བོ་ཉིད་མེད་པར་བཤད་ལུགས་གཅིག་ཀྱང་ཡོད་དེ། དང་པོ་ནི། འདིར་བཀོད་པ་འདི་ཉིད་ཡིན་ཏེ། ཀུན་མཁྱེན་ཆོས་འབྱུང་གིས། དགག་བྱ་བཅད་ཙམ་ཡིན་པས་དོན་དམ་པ་ངོ་བོ་ཉིད་མེད་པ་འཆད་པའི་ལུགས་དང༌། དགག་བྱ་བཅད་ཙམ་གྱི་མེད་དགག་དེ་ཉིད་དོན་དམ་པར་རང་མཚན་གྱིས་གྲུབ་པ་མེད་པས། དོན་དམ་པར་ངོ་བོ་ཉིད་མེད་པར་འཆད་པའི་ལུགས་གཉིས་ཡོད་པས། དང་པོ་ནི་སེམས་ཙམ་པས་བཞེད། གཉིས་པ་ངོ་བོ་ཉིད་མེད་པར་སྨྲ་བས་བཞེད། ཅེས་གསུངས། ལུགས་གཉིས་པ་ནི། དབུ་མ་སྣང་བ་ལས། དེ་ཡང་ཚད་མས་ཡང་དག་


GTD002_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་པའི་བདག་ཉིད་ཀྱི་དོན་དམ་པ་ཞེས་ཀྱང་བྱ་ལ། ངོ་བོ་ཉིད་མེད་པའི་རབ་ཏུ་ཕྱེ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་འདི་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་གསུངས། ༼ལ༽དེ་ཡང་དཔེར་ན་ཐག་ཁྲ་སྦྲུལ་དུ་གྲུབ་པ་མེད་ཀྱང་ཐག་ཁྲ་སྦྲུལ་སྣང་མེད་མི་དགོས་ལ། རྩ་བའི་ཐག་ཁྲ་མེད་ན་ཐག་ཁྲ་སྦྲུལ་སྣང་ཡང་གཏན་མེད་དགོས་པ་བཞིན་ཏེ། སྔ་མ་ནི་བློ་འཁྲུལ་བའི་སྣང་ཆ་ཙམ་ཡིན་པས། འཇོག་བྱེད་གཞན་མེད་ཀྱི། བློ་ལ་སྣང་ཙམ་མམ་རྟོག་པའི་བཏགས་ཙམ་གྱིས་འཇོག་ནུས་པ་ལྟར་ཀུན་བཏགས་རྟོག་པས་བཏགས་ཙམ་གྱིས་འཇོག་ནུས་ལ། ཐག་ཁྲ་ནི་དོན་རང་གི་ངོས་ནས་ཐག་ཁྲར་གྲུབ་པ་བློའི་སྣང་བ་ཙམ་གྱི་དབང་གིས་བཞག་པ་མིན་པ་ཞིག་དགོས་པ་ལྟར། གཞན་དབང་ངེས་པར་རང་མཚན་གྱིས་གྲུབ་པ་ཞིག་དགོས་ཏེ། དེ་མིན་ན་ཐག་ཁྲ་སྦྲུལ་དུ་རློམ་པ་དང་འདྲ་བར་བློའི་རློམ་པ་ཙམ་ཡིན་པས། ཐག་པའི་སྦྲུལ་དེར་གཞན་ལ་འཚེ་བ་སོགས་ཀྱི་ནུས་པ་མེད་པ་ལྟར། གཞན་དབང་ལ་ཡང་འབྲས་བུ་སྐྱེད་པ་སོགས་ཀྱི་ནུས་པ་མེད་དགོས་ཏེ། རྣམ་འགྲེལ་ལས། གལ་ཏེ་ཀུན་ལ་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། །ཞེས་དང༌། རྣམ་འགྲེལ་ཊཱིཀ་ཆེན་དུ་རྩ་བའི་འགྱུར་བཅོས་ནས་དྲངས་པ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་སྟེ། །ཞེས་པ་ལྟར། ངོ་བོ་ཉིད་མེད་པར་སྨྲ་བས་འདུས་བྱས་ཐམས་ཅད་དོན་དམ་པར་མེད་པར་སྨྲ་བ་ནི་དོན་གྱིས་འབྲས་བུ་སྐྱེད་པའི་ནུས་པ་ཡང་མེད་པར་ཁས་བླངས་སོང་


GTD002_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བས། ས་བོན་གྱིས་མྱུ་གུ་སྐྱེད་པ་ལྟ་བུ་འཇིག་རྟེན་གྱིས་མཐོང་བ་དང་འགལ་ལ། དེ་བསྐྱེད་ཀྱང་སྐྱེད་པ་ཀུན་རྫོབ་ཏུ་ཡིན་ནོ་ཞེ་ན། དེ་སྐྱེད་ན་དོན་དམ་པར་སྐྱེད་པ་ལས་མ་འདས་པས། དེ་སྐྱེད་པར་འདོད་བཞིན་དུ་དེ་སྐྱེད་པ་ཀུན་རྫོབ་ཏུ་ཡིན་ནོ་ཞེས་སྨྲ་མི་རིགས་པར་གསུངས་ཏེ། ངས་མི་དེ་མཐོང་ཡང་མཐོང་བ་རྫུན་ཡིན་ཟེར་བ་ལྟ་བུ་ཞིག་ཏུ་སོང་བར་དགོངས་སོ། །དེ་ལྟར་རང་བཞིན་གྱིས་སྐྱེ་བ་མེད་ན་སྐྱེ་བ་སྔོན་དུ་འགྲོ་བའི་འགག་པ་ཡང་མེད་དགོས་ལ། དེར་མ་ཟད་རང་བཞིན་གྱིས་མེད་ན་དེ་ལས་ལྷག་པའི་འགག་ལུགས་མེད་པར་བཞེད་ཅིང༌། དབུ་མ་པ་དག་ནི། འགྲེལ་པ་དོན་གསལ་ལས། དངོས་པོ་ཐམས་ཅད་བྱུང་བ་ཉིད་ནས་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ལ་ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བ་འགག་པ་དང༌། ཞེས་འགག་པ་ཟབ་པ་ཡིན་པས་དངོས་སྨྲ་བའི་བློར་མ་ཤོང་བར་འཆད་དོ། །གཞན་དབང་བདེན་གྲུབ་ཏུ་སྒྲུབ་པའི་རིགས་པའི་གནད་བསྡུས་པ་ནི། སྟོང་ཐུན་ལས། གཞན་དབང་གི་ངོ་བོ་བདེན་པར་མེད་ན་འབྲས་བུ་སྐྱེད་ནུས་ཀྱི་རྫས་སུ་མེད་དགོས་པས་གཏན་ནས་མེད་དགོས་ལ། ཞེས་གསུངས་ཏེ། འདིར་རྫས་ནི་རང་གི་ངོས་ནས་འབྲས་བུ་སྐྱེད་པའི་མཐུ་དང་ལྡན་པ་ཞིག་ལ་འདོད་པས་རྒྱུ་འབྲས་འཇོག་པ་ལ་དེ་ངེས་པར་དགོས་པར་འདོད་པས། འཇུག་པར་ཡང༌། གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཅེས་གསུང་སྟེ། ཐལ་འགྱུར་བས་རྫས་ཡོད་བཀག་པ་ཡང་འདི་ཡིན་གྱི། རྫས་


GTD002_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐ་དད་ཀྱི་རྫས་ཉེར་ལེན་སོགས་ལ་བྱེད་པས་མི་འགོག་གོ །དེའི་ཕྱིར་རྫས་གཅིག་ཡོད་ཀྱང་རྫས་གྲུབ་ཡོད་མི་དགོས་ཏེ། བདེན་པའི་གཅིག་ཡོད་ཀྱང་བདེན་གྲུབ་ཡོད་མི་དགོས་པ་བཞིན་ནོ། །དེ་ལྟར་མ་ཕྱེ་ན། རྣམ་བཤད་དགོངས་པ་རབ་གསལ་ལས། བུམ་པ་ནི་རྫས་མིན་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་བུམ་པ་བཞིན་ནོ། །ཞེས་སུན་འབྱིན་པ་དེ་ལྟ་བུ་ལ་སོགས་པའི་ཡུལ་ལ་འཇིག་རྟེན་གྱིས་གནོད་ཀྱི། ཞེས་འཇིག་རྟེན་གྱི་དངོས་པོ་འཇིག་རྟེན་ན་གྲགས་པའི་སེལ་བ་ཡིན་པས་མི་རུང་བར་གསུངས་པའི་ཕྱིར་དང༌། རྫས་རིན་ཐང་ཚང་བ་མེད་ན་ཕམ་པ་གཉིས་པ་ཡང་མེད་པར་འགྱུར་བའི་ཕྱིར། ཞེས་སྨྲའོ། །གཞན་དབང་དེ་ལྟར་ཡིན་དུ་ཆུག་ཀྱང་ཀུན་བཏགས་དང་ཡོངས་གྲུབ་འདུས་མ་བྱས་སུ་འདྲ་བ་ལ་བདེན་པར་ཡོད་མེད་གང་གིས་དབྱེ་ཞེ་ན། སྔར་གྱི་དཔེ་དེས་འགྲུབ་སྟེ། ཐག་ཁྲའི་སྦྲུལ་སྣང་དེ་འཁྲུལ་བ་ཙམ་གྱིས་བཞག་པ་ཡིན་ཀྱང༌། སྦྲུལ་གྱིས་སྟོང་པ་དེ་རློམ་པ་ཙམ་གྱིས་མི་འགྲུབ་པར་དོན་སྟེང་དུ་གནས་པ་ཞིག་དགོས་ཏེ། རློམ་པ་ཙམ་གྱིས་འགྲུབ་ན་ཐག་ཁྲས་ཀྱང་སྟོང་པར་རློམ་པས། དེ་སྟོང་པར་འགྱུར་དགོས་པ་ལ་མི་འགྱུར་བ་ནི། སྔ་མ་དངོས་པོའི་གཤིས་སུ་གྲུབ་པའི་རྟགས་ཡིན་པས། འདིར་ཡང་ཡོངས་གྲུབ་དེ་ཉིད་དངོས་པོའི་གཤིས་སུ་འགྱུར་བ་ལ་རློམ་ཙམ་མ་ཡིན་པ་ཞིག་དགོས་པར་གསུངས་སོ། །གཞན་དག་ན་རེ། དེ་ལྟ་ན་ཐག་ཁྲ་སྦྲུལ་གྱིས་སྟོང་པ་དང༌། ཤེས་བྱ་དང༌། ནམ་མཁའ་སོགས་དོན་དམ་དུ་འགྱུར་རོ་ཞེ་ན། རློམ་པ་ཙམ་གྱིས་འཇོག་མི་ནུས་ཀྱང་རློམ་པས་བཞག་ཙམ་ཡིན་པ་མི་


GTD002_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཚུལ་འཆད་པར་འགྱུར་རོ། །ཆོས་ཉིད་ལ་མི་མཚུངས་ཏེ། དེ་འཇོག་བྱེད་གཙོ་བོ་འཕགས་པའི་མཉམ་གཞག་སོ་སོ་རིག་པའི་ཡེ་ཤེས་ཡིན་ལ། ཐག་ཁྲ་སྦྲུལ་གྱིས་སྟོང་པ་སོགས་འཇོག་བྱེད་གཙོ་བོ་ཚུར་མཐོང་གི་གཉིས་སྣང་འཁྲུལ་བའི་རྟོག་པ་ཡིན་པ་ངོ་བོ་ཉིད་མེད་པར་སྨྲ་བ་ཁྱོད་ཀྱང་འདོད་པའི་ཕྱིར། ཁྱབ་སྟེ། སྔ་མ་གང་གི་ངོར་འཇོག་པ་དེའི་ངོར་གཞི་དེ་ཁེགས་དགོས་ལ། ཕྱི་མའི་སྦྲུལ་གྱིས་སྟོང་པའི་ཐག་ཁྲ་ངེས་པའི་ཤུགས་ཀྱིས་སྟོང་པ་དེ་ཡང་ངེས་དགོས་ཤིང༌། དེའི་སྣང་ཆ་ཙམ་ལས་ཟུར་ན་སྟོང་པ་གཏན་ལ་དབབ་རྒྱུ་མེད་པའི་ཕྱིར་ཏེ། སྟོང་ཉིད་ལ་སྤྲོས་བྲལ་ཞེས་བཤད་ཀྱང་མེད་དགག་ཐམས་ཅད་ལ་མ་བཤད་པའི་ཕྱིར། ༼ཤ༽དེ་ཡང་མདོ་སྡེ་རྒྱན་ལས། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིས་སྐྲག་མི་འགྱུར། །ཞེས་པ་ལྟར། ཤེར་མདོར་རང་བཞིན་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་ཞེན་མི་རུང་བའི་ལུགས་ཡིན་པས། ལུགས་འདིར་དེ་ལྟར་ཞེན་ན་མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བ་ཅན་དུ་འགྱུར་བར་གསུངས་ལ། དེ་གཉིས་ཀྱི་དོན་གང་ཞེ་ན། རྒྱ་ནག་འགྲེལ་ཆེན་ལས། མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བའོ། །ལྟ་བ་གཉིས་པོ་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེད་པར་ལྟ་བ་ཞེས་བྱ་བ་ནི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་མེད་པར་སྐུར་བའོ། །མཚན་ཉིད་མེད་པར་ལྟ་བ་ཞེས་བྱ་བ་ནི་ཀུན་བཏགས་མེད་པར་སྐུར་


GTD002_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཞེའོ། །ཞེས་སོགས་ཀྱིས་མཚན་ཉིད་གསུམ་ལ་ཆ་ཕྱེ་ནས་སྦྱོར་ཚུལ་གསུངས་པ་ཡང༌། འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང༌། ཞེས་སོགས་ལ་འགྲིག་པ་ལྟར་སྣང་ཡང། ཀུན་བཏུས་ལེའུ་གསུམ་པར་བཅོམ་ལྡན་འདས་ཀྱི་ཆོས་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམས་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། མཚན་མར་ལྟ་བ་དང༌། བཏགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་རྟོག་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཞེས་སོགས་དྲངས་པ་འདི་གཉིས་ལ་དངོས་སུ་མ་སྦྱར་ཀྱང་དོན་གྱིས་སྦྱོར་དགོས་པ་གོང་འོག་གི་འབྲེལ་གྱིས་ཤེས་ཏེ། ཀུན་བཏུས་དར་ཊཱིཀ་ལས། མེད་ལྟ་རང་གི་ངོ་བོའི་སྒོ་ནས་བསྟན་པ་གཅིག །དེ་ལ་ཡུལ་གྱི་སྒོ་ནས་ཕྱེ་བ་གསུམ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་བཏགས་པ་ཀུན་བཏགས་དང༌། ཀུན་རྟོག་གཞན་དབང་དང༌། དེ་ཁོ་ན་ཡོངས་གྲུབ་ཡིན་པས། འདི་གསུམ་བྱེ་བྲག་ལ་སྦྱར་ནས་མེད་ལྟ་ཞེས་པ་སྤྱི་ལ་སྦྱར་བ་གོང་དུ་ཆོས་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་ཞེས་སོགས་དང་ཆེས་འགྲིགས་ཤིང་ལྟ་བ་གཉིས་ཀྱི་རྒྱས་བཤད་འདི་ཡིན་གྱི་འདི་ལྟར་ཞེས་སོགས། དེའི་སྒྲུབ་བྱེད་སྟོན་པ་ཙམ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཞན་དབང་དེ་ལྟར་ཡིན་ཀྱང་ཀུན་བཏགས་ལུགས་འདིར་ཡང་འཁོར་ལོ་བར་བས་རང་མཚན་གྱིས་མེད་པར་གསུངས་པ་ལྟར་བཟུང་དུ་རུང་སྟེ།


GTD002_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། འཁོར་ལོ་བར་པར་གསུངས་པ་ལྟར་གྱི་རང་མཚན་གྱིས་མ་གྲུབ་པ་དང། ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་གྱིས་མ་གྲུབ་པ་གཉིས་ཁྱད་པར་མེད་པས་ཀུན་བཏགས་དེ་གཉིས་གང་དུའང་འཛིན་མི་རུང་བའི་ཕྱིར་ཏེ། ཡོད་ན་རང་ངོས་ནས་ཡོད་དགོས་པ་གང་ཞིག །དེ་གཉིས་ཀས་རང་ངོས་ནས་མེད་པར་བཟུང་བའི་ཕྱིར། ཡང་ཁོ་ན་རེ། ཤེར་མདོས་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་མ་བསྟན་པར་ཐལ། དེས་བསྟན་པ་ལྟར་གྱི་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་འཛིན་པ་དེ་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་འཛིན་པ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རང་ངོས་ནས་མ་གྲུབ་པར་བསྟན་ན་རྟོག་པས་ཕར་བཏགས་ཙམ་དུ་སྟོན་དགོས་ལ། དེ་བསྟན་ན་རྟོག་བཏགས་ཙམ་མ་ཡིན་པར་གྲུབ་པ་ཁེགས་དགོས་པའི་རྒྱུ་མཚན་གྱིས་འདིའི་ཞར་ལ་བསྟན་པར་བཤད་པ་ཡིན་པའི་ཕྱིར། ཁོ་ན་རེ། དེ་དེའི་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ཞེ་ན། འདོད་པ་ཁོ་ན་སྟེ། དེའི་སྒྲས་ཟིན་ཚད་མས་བསལ་བ་གང་ཞིག །འདི་ཚད་མས་གྲུབ་པའི་ཕྱིར། ཁོ་ན་རེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་རང་མཚན་གྱིས་མེད་པ་འདིའི་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ། དེའི་ཕྱིར་ན་མ་ཁྱབ་སྟེ། ཆོས་ཐམས་ཅད་ལ་ཆ་མ་ཕྱེ་བར་གསུངས་པའི་གནད་ཀྱིས་དེ་སྒྲ་ཇི་བཞིན་པར་མི་འགྱུར་བའི་ཕྱིར། ཁ་ཅིག་གོང་དུ་འདོད་རིགས་ཏེ། ཆོས་ཐམས་ཅད་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཏེ་


GTD002_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀུན་བཏགས་ཡིན་པའི་ཕྱིར་ཟེར་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་མེད་དུ་བཤད་པའི་བཤད་སྲོལ་ཆེན་པོ་དེ་ངོ་བོ་ཉིད་མེད་པར་སྨྲ་བའི་ཤིང་རྟའི་སྲོལ་མ་ཡིན་པར་ཐལ་བ་དང༌། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་རུང་བར་ཐལ་བ་དང༌། སེམས་ཙམ་པ་ཡང་ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་པར་ཐལ་བ་སོགས་སྤྲོ་སླའོ། །༼ས༽དགོངས་འགྲེལ་ལས། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་དེ་དག་ལ་དགོངས་ནས། དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་མེད་པ། མ་སྐྱེས་པ། མ་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་ཆོས་སྟོན་ཏོ། །ཞེས་ངོ་བོ་ཉིད་མེད་པ་གསུམ་ག་ལ་དགོངས་པར་དངོས་སུ་གསུངས་ཀྱང༌། འདིར་གཉིས་སྨོས་པ་མཚན་གཞིའི་དབང་དུ་བྱས་ཏེ། ཀུན་བཏགས་དང་ཡོངས་གྲུབ་དགོངས་གཞིར་དངོས་སུ་གསུངས་ཀྱང༌། གཞན་དབང་དངོས་སུ་མ་གསུངས་པའི་དོན་ནོ། ། ༼ཧ༽ཁ་ཅིག་དགོངས་འགྲེལ་གྱི་ལུང་འདིེས་ཀྱང་མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཀུན་བཏགས་ཡིན་པར་འགྲུབ་སྟེ། དེ་དང་འདིར་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིའི་མཚན་ཉིད་ངོ་བོ་ཉིད་མེད་པ་འདྲ་བ་གང་ཞིག །འདི་ཀུན་བཏགས་ཡིན་པའི་ཕྱིར། དེར་ཐལ། འདི་སྐྱེ་འགག་དང་བྲལ་བས་དེའི་དགོངས་གཞིར་གསུངས་ལ། སྐྱེ་འགག་མེད་པའི་རྒྱུ་མཚན་དུ་རང་མཚན་གྱིས་མ་གྲུབ་པ་བཀོད་པས་མཚན་ཉིད་གཞན་གཉིས་སུ་མི་རུང་བའི་ཕྱིར་ཟེར་ན། འདིར་མཚན་


GTD002_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ངོ་བོ་ཉིད་མེད་པ་དེས་དངོས་སུ་མ་བསྟན་པར་སྨྲ་མི་ནུས་ལ། དེ་ལྟ་ན་དེ་སྐྱེ་འགག་མེད་པར་གསུངས་པའི་རྒྱུ་མཚན་ཡང་དངོས་སུ་སྟོན་དགོས་པས། དེའི་ཤེས་བྱེད་ལ་འོལ་སྤྱི་ཙམ་དུ་རུང་ཡང་གཙོ་བོའི་དོན་མིན་ཏེ། འདིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པ་གཞི་ལྡོག་གི་ཀུན་བཏགས་གཙོ་ཆེ་ཡི། རང་ལྡོག་གཙོ་མི་ཆེ་བའི་ཕྱིར་ཏེ། རང་ལྡོག་གི་དབང་དུ་བྱས་པ་ཡིན་ན་སྐྱེ་བ་ངོ་བོ་ཉིད་མེད་པ་དངོས་སུ་མི་གསུང་བའི་རྒྱུ་མཚན་མེད་པའི་ཕྱིར། འདི་ལ་ཡང་རིགས་སྨྲ་རློམ་པ་ཁ་ཅིག་ན་རེ། འདིར་བསྟན་འཁོར་ལོ་བར་བས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མ་སྐྱེས་པར་གསུང་བར་ཐལ། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་འཆད་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། རང་གི་མཚན་ཉིད་ཀྱིས་མ་སྐྱེས་པར་གསུངས་པའི་དགོངས་གཞི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་གཟུགས་སོགས་མ་སྐྱེས་པར་མ་གསུངས་པའི་ཕྱིར་ཏེ། ཐལ་འགྱུར་བ་ལ་གཟུགས་སྐྱེ་བ་མེད་པར་སྟོན་མི་དགོས་པའི་ཕྱིར། མ་གྲུབ་ན། དེས་ཐལ་འགྱུར་བ་ལ་ལས་འབྲས་དང་ཐར་པ་སོགས་མེད་པར་བསྟན་པར་ཐལ། ལས་དགེ་བའི་འབྲས་བུ་བདེ་བ་སོགས་སྐྱེ་བ་མེད་པར་བསྟན་པ་གང་ཞིག །ལས་དང་ཉོན་མོངས་སོགས་འགག་པ་མེད་པར་བསྟན་པའི་ཕྱིར། ༼ཨ༽ཁ་ཅིག་འདིར་མྱ་ངན་ཀུན་ཉོན་དུ་གསུངས་པ་སེམས་ཙམ་པའི་ལུགས་བྱས་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ་དགག་བྱ་བདེན་གྲུབ་ཏུ་འདོད་ཅེས་ཁྱད་འབྱེད་པ་མི་རིགས་ཏེ། གཉིས་ཀའི་ལུགས་ལ་ཀུན་ཉོན་ཡིན་པའི་


GTD002_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁོ་ན་རེ། དེའི་ལུགས་ལ་མྱ་ངན་ལ་ཀུན་ཉོན་མི་ཡོང་བར་ཐལ། རང་བཞིན་གྱི་མྱང་འདས་དེ་སྟོང་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བཞི་བརྒྱ་བར། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་དང༌། དེའི་དར་ཊཱིཀ་ལས། དེས་ན་མཐོ་རིས་ཐོབ་བྱེད་ཀྱི་ཆོས་ནི་མདོར་ན་མི་འཚེ་བར་དེ་བཞིན་གཤེགས་པས་གསུངས་སོ། །ཐར་པ་ཐོབ་པར་བྱེད་པའི་ཆོས་ནི། ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཉིད་རང་བཞིན་གྱི་མྱང་འདས་དང་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། མྱ་ངན་ལ་ཀུན་ཉོན་བཞག་ནས་མྱང་འདས་སྟོང་ཉིད་དུ་བཤད་ཚུལ་ཇི་ལྟར་ཡིན་ཞེ་ན། འདི་ནི་ཆེས་འགྲིག་པ་ཞིག་ཡིན་ཏེ། རྩ་ཤེས་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང༌། ཟླ་བའི་འགྲེལ་པ་ཚིག་གསལ་ལས། ལས་དང་ཉོན་མོངས་པ་ལོག་པས་སྐྱེ་བ་ལྡོག་པ་དེའི་ཕྱིར་སྟོང་པ་ཉིད་ཁོ་ན་སྤྲོས་པ་ཐམས་ཅད་ལོག་པའི་མཚན་ཉིད་ཅན་ཡིན་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་པ་ལྟར་ཡིན་ཏེ། དཔེར་ན་ནམ་མཁའ་གཟུགས་ཅན་གཞན་གྱིས་སྒྲིབ་པའི་ཚེ་དེའི་བདག་ཉིད་དུ་སོང་ན་ནམ་མཁའ་ཡང་གདོས་བཅས་སུ་འགྲོ་བ་ལ། དེར་མ་སོང་བར་ཐོགས་རེག་བཅད་ཙམ་དུ་གནས་པ་དེ་ཀ་ནམ་མཁའ་ཡིན་པ་ལྟར། སེམས་ཀྱི་ངོ་བོ་དྲི་མས་སྒྲིབ་ཀྱང་རང་བཞིན་ལ་མ་ཞུགས་པར་རང་བཞིན་ལས་ཉོན་གྱི་སྤྲོས་པ་དེ་དག་གིས་དབེན་ཞིང་རྣམ་པར་དག་པའི་ཆ་


GTD002_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་བཞིན་གྱི་མྱང་འདས་ཡིན་ཏེ། སློབ་པའི་ཚེ་མྱ་ངན་དེ་རང་བཞིན་ལ་མ་ཞུགས་པའི་ཆ་ནས་རང་བཞིན་གྱི་མྱང་འདས་ཞེས་གསུངས་ལ། མི་སློབ་པའི་ཚེ་མྱ་ངན་དེས་རང་གི་ངོ་བོ་ཙམ་ཡང་སྒྲིབ་མི་ནུས་པས་མྱང་འདས་དངོས་ཀྱི་སྒྲ་ཐོབ་བོ། །དེས་ན་རང་བཞིན་གྱི་མྱ་ངན་དང་དེའི་ཚིག་ཟུར་གྱི་མྱ་ངན་དོན་མི་གཅིག་སྟེ། རང་བཞིན་སྨོས་པའི་དགོས་པ་ཡོད་པའི་ཕྱིར་དང༌། དཔེར་ན་གསེར་གྱི་རང་བཞིན་ལ་ཞུགས་པའི་བཙའ་མེད་ཅེས་པས་དེའི་རང་བཞིན་ལ་ཞུགས་པའི་བཙའ་ཡོད་པ་བཀག་ཀྱང༌། སྤྱིར་བཙའ་ཡོད་པ་མི་འགོག་པ་ལྟར་ཡིན་པའི་ཕྱིར། སེམས་ཙམ་པ་ཡང་རང་བཞིན་དྲི་མས་མ་བསླད་པའི་འོད་གསལ་བ་ཙམ་འདོད་ཀྱང༌། རྟོག་བཏགས་ཙམ་མ་ཡིན་པར་དྲི་མ་ཁོ་རང་གི་ངོས་ནས་སེམས་ཀྱི་ངོ་བོ་སྒྲིབ་པ་དེ་དབུ་མ་པས་རང་བཞིན་བསླད་པའི་དོན་དུ་འདོད་དེ། དེ་ལྟར་སྒྲིབ་པ་ཡིན་ན་འབྲལ་མི་རུང་དུ་འདོད་པའི་ཕྱིར། སེམས་ཙམ་པས་དེ་ངོ་བོ་སྒྲིབ་པ་ཙམ་དུ་འདོད་དེ། དེ་འདྲ་ཞིག་མ་བྱུང་ན་སྒྲིབ་པར་རློམ་ཙམ་ཡིན་པས་སྒྲིབ་པ་དངོས་སུ་མི་འགྱུར་ལ། དེའི་ཕྱིར་གང་ཟག་ཐམས་ཅད་སངས་རྒྱས་སུ་འགྱུར་ཞིང་ཀུན་ཉོན་གྱི་ཆོས་རྣམས་ཡེ་མེད་དུ་འགྲོ་བར་འདོད་དོ། །གནད་འདི་མ་གོ་བར་རང་བཞིན་ཞེས་པའི་ཚིག་ཙམ་ལ་རེ་བས་གྲུབ་མཐའི་གཏིང་དཔོག་ག་ལ་ནུས་ཏེ། མཐར་ཐུག་ཐེག་པ་གཅིག་དང་ཐེག་གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། །རལ་གྲིའི་རྩེ་ན་རྣོ་བའི་རྡུལ་ཆགས་པ། །བརྡར་བ་ཙམ་གྱིས་ཟད་པའི་ལྕགས་ནག་མིན། །སྐྱེས་སྦྱངས་བློ་གྲོས་རྡོ་རྗེའི་གར་བུ་ནི། །བཅད་ཅིང་བརྡར་


GTD002_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྣོན་པོའི་རང་འོད་འཆར། ། ༼ཀི༽འདི་ལ་ཁ་ཅིག་སེམས་ཀྱི་རང་བཞིན་དྲི་མས་བསླད་པ་དང་བྲལ་བ་དེ་སྐབས་འདིའི་མྱང་འདས་ཀྱི་དོན་ཡིན་པར་ཐལ། གོང་འོག་གི་འཆད་ཚུལ་འཐད་པའི་ཕྱིར། འདོད་ན་དེ་སྟོང་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཉིད་གཞན་དབང་གིས་སྟོང་པ་སྟོང་ཉིད་དུ་འཆད་པ་དོལ་བོ་པ་སོགས་ཀྱི་ལུགས་ཡིན་པའི་ཕྱིར་ཟེར་ན། བློའི་ཤེད་མ་ཕྱེ་བ་རྣམས་ལ་དོགས་པ་འདི་སྐྱེ་བ་ཤིན་ཏུ་བདེན་པས་བཤད་པར་བྱ་སྟེ། ཕ་རོལ་བོས་ཡོངས་གྲུབ་གཞན་དབང་གིས་སྟོང་བར་བཤད་པ་ནི། ལང་གཤེགས་ལས་སྟོང་ཚུལ་བདུན་གསུངས་པའི་ཐ་མ་ས་ཕྱོགས་བུམ་པས་སྟོང་པ་ལྟ་བུ་དོན་གཞན་གྱི་རྟེན་བརྟེན་པའི་ཚུལ་དུ་གྲུབ་པའི་སྟོང་པ་ཡིན་ལ། སྟོང་གཞི་ཡང་ཡོངས་གྲུབ་ཀྱི་སྟེང་གི་ཡིན་ནོ། །འདིར་བཤད་པ་ནི་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སེམས་ཀྱི་རང་བཞིན་དང་དེ་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཏེ་དབྱེ་མི་རུང་ཡིན་དགོས་པས་སེམས་ཀྱི་རང་བཞིན་མཐོང་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོར་ཡང་དྲི་མ་ལས་ཉོན་བག་ཆགས་དང་བཅས་པ་དེ་དག་གི་སྤྲོས་པ་ཁེགས་མི་ནུས་ལ། རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིགས་ངོས་དགག་བྱར་དོལ་བོ་བ་མིན་པ་དག་གིས་ཀྱང་འདོད་དགོས་སོ། །དེས་ན་དེའི་སྟོང་གཞིར་ཡང་སེམས་དེ་ཉིད་ཡོང་སྟེ། སེམས་སྟེང་དུ་ཆོས་བདག་བཙལ་མཐར་སྒྲུབ་ཕྱོགས་ནས་རྙེད་རྒྱུ་ཞིག་བྱུང་ན་སེམས་སྟེང་གི་ཆོས་བདག་ཡིན་དགོས་ཀྱི་མ་བཙལ་བ་ཞིག་རྙེད་དོན་མེད་པའི་ཕྱིར། འོ་ན་དེའི་མཐར་ཆོས་ཉིད་ཀྱང་མི་རྙེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། མི་


GTD002_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་ནོར་བསླང་བའི་ཚེ་ནོར་མེད་ཅེས་སྨྲ་བ་ན་མེད་ཙམ་བློ་ངོར་འཕེན་གྱི་ནོར་མེད་པ་དེ་ཡོད་པར་འཕེན་དོན་ཡང་མེད་ལ། དེ་ལས་གཞན་པའི་ཡོད་པ་བློར་འཕེན་རྒྱུ་ཡང་མེད་པ་ལྟར་རམ། གཟུགས་ཅན་གཞན་མ་མཐོང་བ་ལ་ནམ་མཁའ་མཐོང་ཞེས་བཏགས་ཙམ་ལྟ་བུ་ཡིན་པའི་ཕྱིར། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཡིན་དོན་འདི་རྟོགས་པར་གྱིས། །ཞེས་གསུངས་པའི་ཕྱིར་དང༌། །ལྕང་སྐྱ་རིན་པོ་ཆེའི་ལྟ་མགུར་དུ། །ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ། །མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས། །ཞེས་གསུངས་པའི་ཕྱིར། དེ་ལྟ་མ་ཡིན་ན་གནས་ལུགས་ཀྱི་ངོ་བོ་སྒྲིབ་པའི་དྲི་མ་ལམ་གྱི་སྟོབས་ཀྱིས་ཟད་ཆའི་འགོག་བདེན་དེ་སྟོང་ཉིད་མ་ཡིན་པར་ཐལ། གནས་ལུགས་ཁོ་རང་གི་བདག་ཉིད་བསླད་བྱེད་ཀྱི་དྲི་མ་གདོད་ནས་ཟད་པ་དེ་ཆོས་ཉིད་མ་ཡིན་པའི་ཕྱིར། རྟགས་ཁས་ཁྱབ་སྟེ། དེ་གཉིས་ལས་ཕྱི་མ་ཆོས་ཉིད་དུ་འཇོག་པ་ལ་དོགས་པ་ཡང་ཆེར་མེད་ལ། སྔ་མ་ནི་ལམ་གྱི་སྟོབས་ཀྱིས་ཡིན་ཞིང༌། ཆོས་ཉིད་ནི་བཅོས་མ་མ་ཡིན་པ་ཞིག་དགོས་སྙམ་ནས་རང་རྒྱུད་པ་སོགས་འགོག་བདེན་ཆོས་ཉིད་མ་ཡིན་པར་བཞེད་ལ། སེམས་ཙམ་པས་དྲི་མ་ཟད་པ་ལམ་གྱི་སྟོབས་ཀྱིས་ཡིན་ཀྱང་གང་གི་ངོར་ཟད་པའི་ཆོས་དབྱིངས་ནི་ནམ་ཡང་འགྱུར་ལྡོག་མེད་པས་སེམས་ཀྱི་རང་བཞིན་གདོད་ནས་གནས་པ་དེ་ཡིན་པའི་སྐྱོན་མེད་པར་སྨྲ་སྟེ། འདིར་ཡང་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པའི་རྒྱུ་མཚན་གྱིས་སྐྱེ་འགག་


GTD002_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཀུན་ཉོན་ཐམས་ཅད་དང་བྲལ་བའི་རང་བཞིན་གྱི་མྱང་འདས་སུ་གསུངས་པ་ཡང། རྒྱུད་བླ་མར། རྣམ་གཞག་རྣམ་པ་བཅུའི་ནང་ནས་གནས་སྐབས་ཀྱི་དོན་ངོ་བོ་སྒྲིབ་བྱེད་ཡོད་མེད་ཀྱི་མིང་འདོགས་སོ་སོ་བར་བྱས་ཀྱང་རང་བཞིན་ནམ་ཡང་དྲི་མས་བསླད་པ་མེད་པས་སྔ་ཕྱིས་དུས་ཀུན་ཏུ་མི་འགྱུར་བར་གནས་པ་འགྱུར་བ་མེད་པའི་དོན་དུ་བཤད་པ་དང༌། རྒྱན་ལས། ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ཞེས་པ་ལྟར་དཀྱུས་གཅིག་ཏུ་སོང་བ་དགོས་ཀྱི་སྐྱེ་འགག་མེད་པ་ཙམ་གྱི་རྒྱུ་མཚན་དུ་སྔ་ཕྱིས་དུས་ཀུན་ཏུ་རྣམ་པར་གནས་པའི་ཕྱིར་ཞེས་བཀོད་པས་མདོའི་དོན་མི་རྫོགས་སོ། །གཞན་ཡང་སེམས་ཀྱི་རང་བཞིན་དྲི་མས་བསླད་པ་མ་ཞུགས་པ་ཆོས་ཉིད་ཡིན་པར་ཐལ། སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཉིད་ཡིན་པའི་ཕྱིར། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་དེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་རང་བཞིན་འོད་གསལ་བ་དེ་ཆོས་ཉིད་ལ་བྱས་ནས་ནམ་མཁའ་དང་དཔེ་སྦྱར། དྲི་མ་གློ་བུར་བ་སྤྲིན་དང་དཔེ་སྦྱར་ནས་དེ་ནམ་མཁའི་ངོ་བོར་ཟད་པ་ལྟར་དྲི་མ་ཆོས་དབྱིངས་སུ་ཟད་པར་འདོད་པའི་ཕྱིར། ཕར་ཕྱིན་མཐའ་དཔྱོད་དུ་རང་བཞིན་དྲི་མས་མ་བསླད་པའི་ཤེས་བྱེད་ལ། ཐེག་བསྡུས་ཀྱི་ཆུ་ཁམས་གསེར་དང་ནམ་མཁའ་ཞེས་སོགས་དྲངས་པ་ལེའུ་དང་པོའི་ཆོས་ཉིད་རྒྱས་བཤད་ཀྱི་སྐབས་ཡིན་པ་གང་ཞིག །ལེའུ་བཞི་པར་ཡང༌། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །གཉིས་ནི་གློ་བུར་བྱུང་བ་སྟེ། །ཞེས་གསུངས་པའི་ཕྱིར། འདིའི་གཉིས་ཞེས་པ་དག་མ་དག་


GTD002_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡིན་ལ། ཞིབ་ཆ་འགྲེལ་བཤད་དུ་གསལ། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་དེ་ཆོས་ཉིད་དུ་འཆད་ཚུལ་གཞན་ཡང་ཡོད་དེ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སེམས་ལ་བདག་འཛིན་གྱི་མུན་པ་བབ་པ་དེའི་རང་བཞིན་ལ་མ་ཞུགས་པའི་དོན་ཏེ། ཞུགས་ན་བདག་འཛིན་གྱི་འཛིན་སྟངས་སེམས་ཀྱི་གནས་ལུགས་ལ་ཇི་ལྟར་ཡོད་པ་དེ་དང་མཐུན་པར་འགྱུར་ལ། དེ་ལྟར་ན་བདག་མེད་མེད་ཅིང་བདག་ཡོད་པར་འགྱུར་རོ་ཞེས་བདག་འཛིན་དེའི་ཞེན་ཚུལ་དོན་གྱི་སྡོད་ལུགས་སུ་སོང་མ་སོང་ལ་གསུངས་པས། དེས་བཟུང་བ་ལྟར་མ་གྲུབ་པ་དྲི་མ་རང་བཞིན་ལ་མ་ཞུགས་པའི་དོན་དུ་གསལ་བར་བསྟན་པའི་ཕྱིར། དེ་ལྟར་མ་གོ་བར་ཆོས་ཉིད་དྲི་མས་བསླད་མ་བསླད་ཀྱི་དོགས་པ་འབྲེལ་མེད་སྙམ་ནས་རང་བཞིན་དེ་ལྡན་མིན་ཞིག་ཏུ་སྨྲ་བ་སོགས་མཐོང་རྒྱ་ཆུང་བས་བློ་གུ་དོག་པར་ཟད་དོ། ། ༼ཁི༽འདི་ལ་ཡིག་ཆར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ན་ཇོ་ནང་བ་ལ་སྐྱོན་བསྟན་པ་དག་གིས་ཀྱང་གནོད་པར་གསུངས་པའི་ཚུལ་ནི། དོན་དམ་པ་ངོ་བོ་ཉིད་མེད་པ་བར་བའི་དགོངས་གཞིར་དངོས་སུ་མ་བསྟན་ན་བར་བའི་ཡོངས་གྲུབ་རང་མཚན་གྱིས་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་མ་བསྟན་པར་འགྱུར་བས། འདིར་དྲང་དོན་དུ་དངོས་སུ་བཀྲལ་བའི་འཁོར་ལོ་བར་བ་དེར་ཡོངས་གྲུབ་རང་མཚན་གྱིས་མེད་པར་མ་བསྟན་པར་འགྱུར་ཞེས་བཀག་པ་ཡིན་ལ། རང་ལུགས་ལ་ཡང་སྐྱེ་བ་ངོ་བོ་ཉིད་མེད་པ་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་


GTD002_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོངས་གཞིར་དངོས་སུ་མ་བསྟན་ན། གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་དངོས་སུ་མ་བསྟན་པར་འགྱུར་ཏེ། ཀུན་བཏགས་རང་མཚན་གྱིས་མེད་པ་ལ་དགོངས་ནས་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་ཟེར་དོན་མེད་ཅིང༌། གཞན་དབང་རང་སྟེང་ན་དེའི་དགོངས་གཞིར་དངོས་སུ་བསྟན་པའི་སྐྱེ་མེད་ཅིག་མེད་པའི་ཕྱིར། འདོད་ན། འདིར་དངོས་སུ་དྲང་དོན་དུ་བཀྲལ་བའི་འཁོར་ལོ་བར་བ་དེར་མ་སྐྱེས་པ་སོགས་སུ་གསུངས་པའི་ཆོས་ཀྱི་ནང་ན་གཞན་དབང་མེད་ཅེས་སྨྲ་དགོས་པར་འགྱུར་བའི་དོན་ནོ། །འདི་དག་ལ་དཔག་ན་ཡང་སྐྱེ་བ་ངོ་བོ་ཉིད་མེད་པ་གཞན་དབང་ཁོ་ན་རང་ངོས་ནས་མ་གྲུབ་པར་གསུངས་པའི་དགོངས་གཞི་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཡོངས་གྲུབ་ཁོ་ན་རང་ངོས་ནས་མ་གྲུབ་པར་གསུངས་པའི་དགོངས་གཞི་ཡིན་ཚོད་དུ་སྣང་སྟེ། དེ་མིན་ན་སྐྱེ་བ་ངོ་བོ་ཉིད་མེད་པ་གཞན་དབང་མ་སྐྱེས་པར་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པ་དེར་དངོས་སུ་བསྟན་བྱས་ཆོག་པས། ཇོ་ནང་བར་བརྗོད་པའི་སྐྱོན་འཇུག་དོན་མེད་པའི་ཕྱིར། གོང་དུ་ཡིག་ཆའི་གསུངས་ཟིན་དགོངས་པ་ཡིན་མིན་བརྟག་དགོས་ཞེས་པའི་རྒྱུ་མཚན་གཅིག་འདི་ཡིན་ནོ། །དེ་ལ་ཁོ་ན་རེ། དོན་དམ་པ་ངོ་བོ་ཉིད་མེད་པ་དེ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་མ་ཡིན་པར་ཐལ། དེ་གཞན་དབང་མ་སྐྱེས་པར་གསུངས་པའི་དགོངས་གཞི་མ་ཡིན་པ་གང་ཞིག །ཡོངས་གྲུབ་དོན་ལ་ཡང་སྐྱེ་བ་མེད་པའི་ཕྱིར། རྟགས་དང་པོ་ཁས་ཟེར་ན་མ་ཁྱབ་སྟེ། མདོ་ལས་ཆོས་ཐམས་ཅད་སྐྱེ་བ་མེད་མཉམ་དུ་གསུངས་


GTD002_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེར་མཚན་ཉིད་གསུམ་གའི་སྟེང་ན་གོ་རྒྱུ་ཐུན་མོང་མ་ཡིན་པ་རེ་ཡོད་པས། དེ་དགོངས་གཞིར་བཀྲལ་བ་ཡིན་པའི་ཕྱིར། ཁྱོད་ལྟར་ན་བུམ་པ་རང་མཚན་གྱིས་སྐྱེ་བ་མེད་པར་གསུངས་པ་དེ་ཆོས་སྐུའི་ངོ་བོ་གོང་འཕེལ་དུ་འགྲོ་རྒྱུ་མེད་པ་ལ་དགོངས་པར་ཐལ། སྐྱེ་མེད་བརྒྱད་ཀ་ཐམས་ཅད་ཀྱི་དགོངས་གཞིར་སྦྱོར་འདོད་འདུག་པའི་ཕྱིར། ཡང་ཁ་ཅིག་ན་རེ། དགོངས་འགྲེལ་གྱིས་གཞན་དབང་མ་སྐྱེས་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པར་ཐལ། གཞན་དབང་རང་མཚན་གྱིས་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པའི་ཕྱིར་བྱས་པ་ལ། འོ་ན་འདུས་བྱས་ཡིན་ན་ཁྱོད་ཀྱི་གཞན་དབང་ཁྱོད་རང་མཚན་གྱིས་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པའི་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞན་དབང་སྐྱེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཞན་དབང་སྐྱེ་མེད་འགག་མེད་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པར་ཐལ། སྐྱེ་སོགས་རང་མཚན་གྱིས་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པ་གང་ཞིག་སྐྱེ་མེད་ཀྱི་དོན་དེ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གཞན་དབང་དོན་དམ་པར་སྐྱེ་བ་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ཀྱང༌། གཞན་དབང་སྐྱེ་བ་དོན་དམ་པར་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པ་མི་འགལ་བའི་ཕྱིར་ཏེ། གཞན་དབང་དོན་དམ་པར་མི་སྐྱེ་བ་གཞན་དབང་གི་སྟེང་


GTD002_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཀུན་བཏགས་ཡིན་ལ། ཕྱི་མ་གཞན་དབང་སྐྱེ་བའི་སྟེང་གི་ཀུན་བཏགས་ཡིན་པའི་ཕྱིར། ༼གི༽དེ་ལ་སྤྱོད་ཡུལ་ནི། རྣམ་པ་རྣམ་པ་སྤྱོད་ཡུལ་དང༌། །ཞེས་དམིགས་ཡུལ་གྱི་མིང་ལ་སྤྱོད་ཡུལ་དུ་བཏགས་པ་སྐབས་དུ་མར་འབྱུང་ཞིང། འདིར་ཡང་རྒྱ་ནག་འགྲེལ་ཆེན་ལས། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི་རྣམ་པར་རྟོག་པ་དེའི་དམིགས་པའི་རྐྱེན་ཡིན་པའི་ཕྱིར། དེའི་སྤྱོད་ཡུལ་ཞེས་བྱའོ། །ཞེས་གསུངས་ཏེ། འདིའི་དམིགས་རྐྱེན་ཞེས་པ་སྣང་བའི་དམིགས་རྐྱེན་ནམ། དམིགས་རྐྱེན་བཏགས་པ་ལ་འཆད་དགོས་པས་རྣམ་པར་རྟོག་པ་ཡང་གཙོ་བོར་རང་རང་འཛིན་པའི་རྟོག་པ་ལ་བྱ་སྟེ། དེ་བྱས་ན་དམིགས་པ་དང་ཞེན་གཞི་དང་ཞེན་ཡུལ་སོ་སོར་དབྱེ་མི་དགོས་པས་སྤྱོད་ཡུལ་དངོས་སུ་ཡང་རུང་ལ། དེ་དག་གི་སྟེང་གི་བདག་འཛིན་ལྟ་བུ་ཞེན་གཞི་དང་ཞེན་ཡུལ་ཐ་དད་པ་རྣམས་ཀྱི་དམིགས་པ་རྐྱང་བ་ནི་སྤྱོད་ཡུལ་དུ་མི་རུང་སྟེ། རྣམ་མཁྱེན་ཡང་བར་ཆད་མེད་ལམ་གྱི་སྤྱོད་ཡུལ་དུ་འདོད་ན། སེམས་ཅན་གྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་མི་འགྱུར་བར་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་བ་ཞིག་མེད་པར་འགྱུར་རོ། །ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་ཞེས་པ་དེ་འདོགས་པའི་གཞི་ཡིན་ཏེ་གོ་སླ་ལ། གདགས་གཞི་བཏགས་ཆོས་སུ་ཐལ་བ་སོགས་ཚིག་སྐྱོན་མ་བཀག་ན་གདགས་གཞི་ཕུང་པོ་ལ་བཏགས་པའི་ཆོས་བདག་སོགས་སྨྲ་དགོས་པར་འགྱུར་རོ། །འདུ་བྱེད་ཀྱི་མཚན་མ་ནི། རྒྱ་ནག་འགྲེལ་ཆེན་ལས། འདུ་བྱེད་ནི་ལྟ་བའི་རྣམ་པ་སྟེ། འདུ་བྱེད་ལ་བྱེ་བྲག་ཏུ་དམིགས་པའི་ཤེས་པའོ། །མཚན་མ་ནི་རྒྱུ་མཚན་གྱི་རྣམ་པ་སྟེ། དམིགས་པར་བྱ་བའི་མཚན་


GTD002_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

མའོ་ཞེས་དང༌། འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་བྱས་ཀྱི་རྣམ་པ་སྟེ། ཐམས་ཅད་ཀྱང་གཞན་གྱི་དབང་གི་རྣམ་པའི་མཚན་ཉིད་དོ་ཞེའོ། །ཞེས་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་སྒོ་ནས་ངེས་དགོས་པ་ལ་འཆད་ཚུལ་གཅིག་དང༌། མཚན་མ་ཞེས་པ་མཚན་ཉིད་ལ་བྱས་ནས་འདུས་བྱས་ཀྱི་མཚན་ཉིད་དམ་འདུས་བྱས་ཀྱི་ངོ་བོར་གྲུབ་པ་ཙམ་ལ་བྱ་ཚུལ་གཅིག་སྟེ་གཉིས་བཀོད་ནས་ཕྱི་མ་བཟང་བར་བཤད་ཀྱང་སྔ་མ་གནད་ཆེ་སྟེ། འདུས་བྱས་ཀྱི་ཆོས་རྣམས་བློ་ཡུལ་དུ་བྱེད་པའི་ཚེ་རང་རང་གི་ཐུན་མོང་མ་ཡིན་པའི་མཚན་མ་སྟེ། མི་འདྲ་བའི་ཁྱད་པར་གྱི་རྒྱུ་མཚན་རེ་རེ་ཤར་བའི་སྒོ་ནས་ངེས་དགོས་ལ། འདུས་མ་བྱས་རྣམས་སྤྱིའི་རྣམ་པ་ཡིད་ལ་བྱ་དགོས་པ་ནི་མྱོང་བས་འགྲུབ་པས་ལུགས་འདིར་ཡང་དེ་རང་སྤྱིའི་དོན་དུ་མི་འདོད་ཀྱང་སྣང་ཚུལ་དེ་ལྟར་འདོད་དགོས་པའི་ཕྱིར། འདྲ་དང་མི་འདྲ་ཉིད་ཕྱིར་དང༌། །ཞེས་པའི་ཐད་ཀྱི་རྣམ་འགྲེལ་ཊཱིཀ་ཆེན་ལས། འདྲ་བ་སྟེ་རང་སྣང་ཡུལ་དུ་བྱེད་པའི་ཤེས་པ་ལ་ཐུན་མོང་བར་སྣང་བ་དང༌། མི་འདྲ་བ་སྟེ་རང་སྣང་ཡུལ་དུ་བྱེད་པའི་ཤེས་པ་ལ་ཐུན་མོང་མ་ཡིན་པར་སྣང་བ་གཉིས་སུ་ངེས་པའི་ཕྱིར། ཞེས་སོགས་དང༌། རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། །ཞེས་སོགས་རྩ་འགྲེལ་རྣམས་ཀྱིས་ཀྱང་འགྲུབ་པའི་ཕྱིར་རོ། །༼ངི༽སྐབས་འདིར་ཊཱིཀ་བྱེད་ཕལ་མོ་ཆེས་འདིའི་དངོས་བསྟན་གྱི་གཞན་དབང་ལ་ཆོས་ཐམས་ཅད་ཀྱི་སྟེང་གི་གཞན་དབང་ཡོང་བར་འདོད་དེ། ནམ་མཁའི་གཞན་དབང་ལ་ནམ་མཁའ་འཛིན་པའི་ཚད་མ་བཞག་པའི་ཕྱིར།


GTD002_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་མཚན་ཡང་ཆོས་ཉིད་གཏན་ལ་འབེབ་པ་ལ་དཔྱོད་པའི་གཞིར་རང་མཚན་གྱིས་གྲུབ་པ་ཞིག་དགོས་པའི་ཕྱིར་དང༌། སྟོང་གཞི་བདེན་གྲུབ་ཅིག་མེད་ན་ཡོངས་གྲུབ་ཀྱང་བདེན་མེད་དུ་འགྲོ་བར་སེམས་ཙམ་པ་ཡང་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། །དོན་བྱ་དེ་ལས་འགྲུབ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དབུ་མ་པའི་ཐད་དུའང་འདི་ཉིད་ལས། ཆོས་རྣམས་རང་གི་མཚན་ཉིད་ཀྱི་གནས་ཚུལ་ཇི་ལྟར་ཡོད་དཔྱོད་པའི་དོན་དམ་དུ་ཡོད་པ་ལ་ཆོས་ཅན་མེད་ན་ཆོས་ཉིད་ཡན་གར་བར་གནས་པའི་མཐུ་མེད་པས། གཞན་དབང་གི་རྟེན་འབྲེལ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་ན་ཡོངས་གྲུབ་ཀྱང་རང་བཞིན་གྱིས་མ་གྲུབ་པར་འགྱུར་ཞེས་ལུགས་སྔ་མས་ཀྱང་སྨྲ་ལ་ཞེས་དང༌། རྩ་ཤེས་ཊཱིཀ་ཆེན་ལས། བདེན་པར་གྲུབ་པའི་རྟེན་རྫུན་པས་བྱེད་པ་འགལ་བའི་ཕྱིར། ཚུལ་འདི་ལ་དབུ་སེམས་གཉིས་ཀ་མཐུན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་གཟུགས་དང་གཟུགས་འཛིན་ཚད་མ་དང༌། དེ་མྱོང་བའི་རང་རིག་རྣམས་ཀྱི་ཆོས་ཉིད་ཡིན་ཁྱབ་མཉམ་ཡིན་པས། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་འགལ་ལ། ལྷས་སྦྱིན་འཛིན་པའི་རྣམ་མཁྱེན་གྱི་སྟོང་ཉིད་ལྷས་སྦྱིན་གྱི་སྟོང་ཉིད་ཡིན་པས། ལུགས་འདིར་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡང་བཞག་དཀའ་ཞེས་བསོད་གྲགས་ཀྱི་དྲང་ངེས་རྣམ་འབྱེད་དུ་བཤད་ལ། ཤར་བ་ནམ་མཁའ་རྒྱལ་མཚན་གྱིས་དེ་འཛིན་པའི་རྣམ་མཁྱེན་གྱི་ཆོས་ཉིད་ལྷས་སྦྱིན་གྱི་


GTD002_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མིན་ཡང༌། དེའི་གཞི་མཐུན་ཡོད་པར་འདོད་དེ་ལྷས་སྦྱིན་དང་དེ་འཛིན་རྣམ་མཁྱེན་རྫས་གཞན་གྱིས་སྟོང་པ་གཉིས་ཀའི་ཆོས་ཉིད་ཡིན་པའི་ཕྱིར་ཟེར་ཏེ། གཉིས་ཀས་དེའི་རྒྱུ་མཚན་དུ། རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་དང༌། འང་སྒྲའི་དོན་ཡོད་པའི་ཕྱིར་ཟེར། ལན་རིམ་བཞིན་བཤད་ན། རྣམ་འགྲེལ་གྱི་ལུང་དོན་ཁྱོད་ལྟར་མིན་ཏེ། དེའི་དོན་ནི་སྤྱིར་གཞལ་བྱ་ཙམ་ལ་རང་མཚན་གྱིས་གྲུབ་མི་དགོས་ཀྱང༌། རྟོག་བཏགས་ཙམ་མ་ཡིན་པའི་གཞལ་བྱ་ལ་རང་མཚན་གྱིས་གྲུབ་པ་དགོས་ཞེས་པ་ཡིན་པས། དེའི་རིགས་པ་ཆོས་ཉིད་གཏན་ལ་འབེབས་པའི་དམིགས་པ་ལ་སྦྱོར་ནའང༌། ཆོས་ཉིད་གཏན་ལ་འབེབས་པ་ལ་དམིགས་པ་རང་མཚན་གྱིས་གྲུབ་པ་མི་དགོས་ཀྱང༌། རྟོག་བཏགས་ཙམ་མ་ཡིན་པར་རང་ངོས་ནས་དེའི་དམིགས་པར་འགྲོ་བ་ལ་རང་མཚན་གྱིས་གྲུབ་པ་ཞིག་དགོས་ཞེས་པ་ཡིན་ལ། ཁྱོད་ཀྱིས་གཞལ་བྱ་ལ་རང་མཚན་ཞིག་དགོས་པ་ལྟར་དམིགས་པ་ལ་རང་མཚན་ཞིག་དགོས་ཞེས་སྦྱར་བ་རྒྱབ་འགལ་ཡིན་པའི་ཕྱིར། ཊཱིཀ་ཆེན་ལས། བློས་བཏགས་མ་ཡིན་པའི་གཞལ་བྱ་ནི་རང་མཚན་གཅིག་པུའོ། །ཞེས་སྟོན་པ་ནི། ཤེས་བྱ་ཆོས་ཅན། རང་སྤྱི་གཉིས་ཀྱི་ནང་ནས་དོན་རང་ངོས་ནས་གྲུབ་པའི་གཞལ་བྱ་རང་གི་མཚན་ཉིད་གཅིག་པུ་ཡིན་ཏེ། མངོན་པར་འདོད་པའི་དོན་བྱེད་པའི་ནུས་པ་ཡོད་མེད་ཉིད་དུ་དཔྱོད་པ་རྣམས་ཀྱིས་མངོན་པར་འདོད་པའི་དོན་བྱ་བའི་ནུས་པ་རང་སྤྱི་གཉིས་ཀྱི་ནང་ནས་རང་མཚན་དེ་ཁོ་


GTD002_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལ་གྲུབ་པའི་ཕྱིར། ཞེས་དང། ཐར་ལམ་གསལ་བྱེད་ལས། དོན་དུ་གཉེར་བར་བྱ་བའི་འབྲས་བུ་ཡོད་མེད་རྣམ་པར་དཔྱོད་པའི་རྟོགས་ལྡན་རྣམས་ཀྱི་དོན་བྱ་བ་ནི་རང་མཚན་གཅིག་པུ་དེ་ལས་གྲུབ་པས་ཞེས་དང༌། གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ་པ་གཞུང་འདིས་བསྟན་པར་འདོད་པ་ནི་ཞིབ་ཏུ་མ་བརྟགས་པ་སྟེ། ཞེས་གསུངས་པའི་ཕྱིར། རྩ་འགྲེལ་གུང་མ་བསྒྲིགས་པར་དྲངས་ན་འདི་འདྲ་ཡོང་ངོ༌། །འདི་ཉིད་ཀྱི་ལུང་དྲངས་པ་ཡང་རིགས་ཤེས་ཀྱི་དཔྱད་བཟོད་ཀྱི་དོན་དམ་དེར་ཆོས་ཅན་དང་ཆོས་ཉིད་ཡོད་མེད་མཚུངས་དགོས་པའི་དོན་དུ་གནས་ཚུལ་ཇི་ལྟར་ཡོད་དཔྱོད་པའི་དོན་དམ་དུ་ཞེས་གསལ་བར་གསུངས་པས། ཁྱོད་ལྟར་དོན་དམ་པར་ཡོད་མེད་ཙམ་མིན་ཞིང༌། ལུང་གསུམ་པའི་དོན་ཡང༌། ཆོས་ཉིད་རང་ངོས་ནས་གྲུབ་ན་དེའི་རྟེན་ཡང་རང་ངོས་ནས་གྲུབ་པ་ཞིག་དགོས་ཀྱི། རང་ངོས་ནས་གྲུབ་གྲུབ་ལྟར་སྣང་ཡང་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཞིག་གིས་མི་ཆོག་པའི་དོན་ཡིན་པའི་ཕྱིར། ཡིག་ཆར་ལུང་འདིའི་དོན་དམ་ཡང་ལུགས་རང་རང་གི་དགག་བྱའི་དོན་དམ་ལ་སྦྱར་བ་མཁས་པ་སྔ་མའི་བཤད་པ་བཀོད་ཙམ་ཡིན་ཏེ། ལུང་དེའི་འཕྲོར། རྣལ་འབྱོར་སྤྱོད་པའི་མཁས་པ་རྣམས་ཀྱང་ཡོངས་གྲུབ་བདེན་པར་གྲུབ་པ་ལ་དེའི་རྟེན་གཞན་དབང་བདེན་པར་གྲུབ་དགོས་པར་མཐོང་ནས། གཞན་དབང་བདེན་པར་གྲུབ་སྟེ་ཞེས་གསུངས་པ་གང་ཞིག །སེམས་ཙམ་པ་ཡང་རང་ལུགས་ཀྱི་དགག་བྱའི་དོན་དམ་དེར་གྲུབ་པ་མི་འདོད་པའི་ཕྱིར། རྣམ་འགྲེལ་གྱི་ལུང་ཕྱི་མ་འདི་དཔྱད་གཞི་ཆེ་སྟེ། ཊཱིཀ་ཆེན་ལས། གཟུང་འཛིན་གཉིས་ཀྱིས་སྟོང་པའི་


GTD002_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་གང་ཡིན་པ་དེ་ནི་ཤེས་པ་དེའི་དེ་ཁོ་ན་ཉིད་ཡིན་ནོ། །ཞེས་པ་འདི་ཁྱོད་ཀྱང་སྒྲ་ཇི་བཞིན་པར་མི་འདོད་ལས་ཆེ་ཡང༌། ཐར་ལམ་གསལ་བྱེད་ལས། གཟུང་འཛིན་རྫས་ཐ་དད་གཉིས་ཀྱིས་སྟོང་པའི་སྟོང་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། གཉིས་མེད་ཀྱི་ཤེས་པར་མ་ཟད། གཉིས་སྣང་དེ་ཡི་ཡང་དེ་ཁོ་ན་ཉིད་ཡིན་ཏེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་དཔྱད་བཟོད་ཡིན་པ་དེའི་ཕྱིར་ཞེས་པའི་གཉིས་སྣང་ཞེས་པ་གཟུང་བྱ་ལ་བྱེད་སྙམ་པ་སྣང་མོད། དེ་ནི་གཟུང་བྱ་ལ་བྱ་དགོས་ཀྱང༌། གཉིས་ཀའི་ཆོས་ཉིད་ཀྱི་གཞི་མཐུན་བཞག་པར་མི་འགྲོ་བ་འདིས་འཆད་ཚུལ་ཞིག་ཤེས་དགོས་པ་ཡིན་ཏེ། དཔེར་ན་རྩ་ཤེས་རབ་བྱེད་ཉེར་ལྔ་བར། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །ཞེས་པའི་དོན་འཆད་པའི་ཚེ། རིགས་པའི་རྒྱ་མཚོ་ལས། མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་སྟོང་ཚུལ་གང་ཡིན་པ་དེ་ནི། འཁོར་བའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་སྟོང་ཚུལ་ཡིན་ཏེ། ཞེས་དེའི་སྟོང་ཉིད་ཡིན་པ་འདྲ་བ་ཞིག་ཚིག་ལ་ཡོད་ཀྱང་སྟོང་ཚུལ་གཅིག་པའི་དོན་དུ་གསུངས་པ་ལྟར་འདིར་ཡང་ཕྱིའི་ཡུལ་དང་ནང་གི་ཤེས་པ་གཉིས་ཀ་གཟུང་འཛིན་རྫས་གཞན་གྱིས་སྟོང་མཉམ་ཡིན་པས། གཉིས་སྟོང་གི་དེ་ཁོ་ན་ཉིད་དེ་གཉིས་ཀའི་སྟེང་དུ་གནས་ཚུལ་དབྱེར་མེད་པའི་དོན་ཡིན་ཏེ། གོང་དུ། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་ཀྱིས་གཟུང་བྱ་དང༌། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །ཞེས་སོགས་ཀྱིས་འཛིན་པ་རྫས་གཞན་བཀག་ནས། དེའི་དོན་བསྡུར།


GTD002_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་འབྱུང་བའི་ཕྱིར། གཞན་ཡང་ལྷས་སྦྱིན་དང་དེ་འཛིན་པའི་རྣམ་མཁྱེན་རྫས་གཞན་གྱིས་སྟོང་པ་གཉིས་ཀའི་སྟོང་ཉིད་དུ་སྒྲུབ་པ་ནི་རྩོད་པ་གཞི་མེད་ཡིན་ཏེ། དེ་འདྲའི་སྟོང་པ་གཞི་མ་གྲུབ་པའི་ཕྱིར། སེམས་ཙམ་པ་ལྟར་ན་ཡང་རྒྱུད་ཐ་དད་པའི་གང་ཟག་གི་སེམས་དང་རྫས་གཅིག་ཏུ་མི་འགྲོ་བར་སྒྲུབ་པ་ལ་རྒྱུད་གཞན་སྒྲུབ་པ་ཟུར་དུ་གསུངས་པའི་ཕྱིར། རྒྱས་པར་འོག་ཏུ་འཆད་དོ། ། ༼ཅི༽འདི་ལ་ཁ་ཅིག་ཡིག་ཆར་ཀུན་བཏགས་ཁོ་ནའི་མེད་རྒྱུའི་ངོ་བོ་ཉིད་ལ་བྱ་ལ། ངོ་བོ་ཉིད་མེད་པ་གཞན་གཉིས་ཀྱི་མེད་རྒྱུའི་ངོ་བོ་ཉིད་ལ་མི་བྱེད་ཅེས་སྟོན་པ་ལ་ངོ་བོ་ཉིད་དེ་ཁོ་ནའི་ཞེས་གསུངས་པའི་ཕྱིར། ཞེས་པའི་དོན་དུ་བསམས་ནས་འདིར་མེད་རྒྱུའི་ངོ་བོ་ཉིད་དེ་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་མཚན་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་ཅེས་པའི་དོན་དམ་པ་ངོ་བོ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་སྐྱེ་བ་ངོ་བོ་ཉིད་གསུམ་གྱི་དང་པོ་ཁོ་ན་ལ་བྱེད་ཟེར། ཡིག་ཆའི་མདོར་བསྟན་རྒྱས་བཤད་དུ་ཡང༌། སྐབས་འདིར་དངོས་བསྟན་གྱི་ངོ་བོ་ཉིད་མེད་པ་གསུམ་པོ་གང་གི་ཡང་ངོ་བོ་ཉིད་མེད་པ་གཅིག་ཡོངས་གྲུབ་ཏུ་འཇོག་མི་རིགས་པར་ཐལ། མཚན་ཉིད་ངོ་བོ་མེད་པ་དེ་མ་ཡིན་པ་གང་ཞིག །གཞན་གཉིས་མ་ཡིན་པའི་ཕྱིར་ན་རྟགས་དང་པོ་མ་གྲུབ་ཅེས་དེ་ཡིན་རྒྱུ་འདྲ་བ་ཞིག་གསུངས་འདུག་ཀྱང་དགོངས་པ་བཙལ་ན་འདིའི་མེད་རྒྱུ་ལ་དོན་དམ་པར་ངོ་བོ་ཉིད་མེད་པའི་མེད་རྒྱུ་དེ་ཡང་ཡོང་ཡང་དེ་ནི་ཡོངས་


GTD002_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ངོས་བཟུང་བའི་ཞར་བྱུང་ཙམ་ཡིན་ལ། དགག་བྱ་ངོས་བཟུང་བའི་ཆེད་དུ་གསུངས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པས། སྟོན་པ་པོའི་བརྗོད་འདོད་ཀྱི་ཆ་ནས་འདི་གཙོ་ཆེ་བ་ལ་དགོངས་ཏེ། དེ་ལྟ་མིན་ན་དོན་དམ་པ་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་ལ་ཆོས་བདག་མི་ཡོང་བར་ཐལ། ཁོ་ནའི་སྒྲས་དེ་བཀག་པའི་ཕྱིར། རྟགས་ཁས། འདོད་ན། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མི་ཡོང་བར་ཐལ་ལོ། །ཁྱོད་ལྟར་ན་ཇོ་ནང་བ་ལ་སྐྱོན་སྟོན་མཚམས་ཡང་མི་འགྲིགས་པས་གསུང་འདི་དག་དཀྲུགས་མི་རུང་ངོ༌། །ཇོ་ནང་བ་ལ་སྐྱོན་སྟོན་མཚམས་ཀྱི་གནད་ཀྱང་འདི་ན་ཡོད་དེ། སྔར་བཤད་པ་ལྟར་ཆོས་ཉིད་སྒྲུབ་པ་རང་དབང་བ་ཞིག་བཞག་པ་དེ་ཤེར་མདོའི་སྐབས་སུ་སྟོང་གཞིར་བཟུང་ནས་བདེན་མེད་དུ་གསུངས་ཟེར་མི་རུང་བས། དེ་ལ་ཤེར་མདོས་སྟོང་ཉིད་བདེན་མེད་དུ་བསྟན་པར་སྒྲུབ་པའི་ཚེ་འདི་ལྟར་ཤེར་མདོ་ཆོས་ཅན། ཁྱོད་ཀྱིས་སྟོང་ཉིད་བདེན་མེད་དུ་བཤད་པར་ཐལ། ཁྱོད་ཀྱིས་དགག་བྱའི་བདག་བཅད་ཙམ་གྱི་མེད་དགག་དེ་བདེན་མེད་དུ་བཤད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། སྟོང་ཉིད་ལ་དགག་བྱ་དེ་བཅད་ཙམ་གྱི་མེད་དགག་ཅིག་དགོས་པའི་ཕྱིར་ཏེ། དེ་ལྟར་དགོས་པ་ཇོ་ནང་བ་ཁྱོད་ཀྱིས་ངེས་དོན་མཐར་ཐུག་ཏུ་འདོད་རྒྱུའི་མདོ་སྡེ་དགོངས་འགྲེལ་གྱི་སྐབས་སུ་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་ཞེས་སོགས་ཀྱིས་གསལ་བར་གསུངས་པའི་ཕྱིར། ཞེས་འགོག་དགོས་སོ། །གཞན་ཡང་དོན་དམ་པ་ངོ་བོ་ཉིད་མེད་


GTD002_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་དོན་དམ་དེ་གཙོ་བོ་ཆོས་བདག་ལ་བྱེད་པར་ཐལ། དེ་དོན་དམ་དངོས་ལ་བཤད་པ་མི་འདོད་པའི་ལུགས་ཡིན་པར་གོང་དུ་བསྟན་པའི་ཕྱིར་དང༌། འཇོག་ཚུལ་གཅིག་ཤོས་ཀྱང་འདིའི་དོགས་གཅོད་ཙམ་ཡིན་པའི་ཕྱིར། ༼ཆི༽འདིར་མཚན་ཉིད་གསུམ་གསུམ་སྦྱར་བར་གསུངས་སོ་ཞེས་འབྱུང་བས། གསུངས་སོ་ཟེར་བ་དེ་མདོ་རང་ཉིད་མིན་ནམ། དེ་ཡིན་ན་དེ་ལྟར་སྦྱར་བ་ཡང་མདོ་ཡིན་པས་ཚིག་མ་འབྲེལ་ཞེ་ན། དེ་གཉིས་ཀ་ཡང་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་ཚིག་ཡིན་མོད། འོན་ཀྱང་མདོ་མི་གཅིག་སྟེ། སྦྱར་ཞེས་པ་དྲི་ཞུས་ཀྱི་ལན་དུ་ངོ་བོ་ཉིད་མེད་པ་གསུམ་གསུངས་པའི་ཚེ། དོན་གྱིས་ཆོས་ཐམས་ཅད་ལ་རང་སྟེང་གི་མཚན་ཉིད་གསུམ་གྱི་འཇོག་ཚུལ་རེ་སྦྱར་ཡོད་པས་ལན་གྱི་ཚིག་དེ་ལ་བྱེད་ཅིང་གསུངས་སོ་ཞེས་པ་དོན་དམ་ཡང་དག་འཕགས་ཀྱིས་སྟོན་པས་དེ་ལྟར་སྦྱར་བ་བདག་གིས་གོ་ལགས་ཞེས་ཞུས་པའི་ཚིག་འདིས་གསུངས་པ་ལ་བྱེད་པའི་ཕྱིར། ཕུང་པོ་ལྷག་མ་བཞི་ནས། ཁམས་བཅོ་བརྒྱད་ཀྱི་བར་ལ་རང་རང་སྨོས་ཏེ་མཇུག་ཏུ་དེ་བཞིན་ལགས་སོ་ཞེས་པ་ཙམ་ལས་མ་བྱུང་ལ། སྡུག་བདེན་ལ་གཟུགས་ཕུང་གི་སྐབས་སུ་གསུངས་པ་བཞིན་མཚན་ཉིད་གསུམ་སྦྱོར་བྱེད་ཀྱི་ཚིག་མདོ་ལས་རྒྱས་པར་བཀོད་ཡོད་པས་འདིར་ཡང་ཟུར་དུ་སྨོས་པ་ཡིན་གྱི། དེ་ལ་སྦྱོར་ཚུལ་མི་འདྲ་བ་ཞིག་ཡོད་ནས་མ་ཡིན་ནོ། །འདི་དང་གོང་དུ་ཡོངས་གྲུབ་སྟོན་པའི་མདོ་གཉིས་ལ་ཚིག་ཟུར་ཙམ་ཡང་མི་འདྲ་བ་མེད་པས་ཡོངས་གྲུབ་ཀྱང་སྔར་དང་འདྲ་ཞེས་པ་ཆོག་པ་ལ་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཞེས་གསུངས་ཤིང་ཞེས་སྨོས་


GTD002_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོས་པ་ཅི་ཡོད་ཅེ་ན། འདི་ལ་ལོག་རྟོག་འགོག་པའི་དགོས་པ་ཆེན་པོ་ཞིག་ཡོད་དེ། ཇོ་ནང་བ་སོགས་ཀྱིས་ཆོས་ལ་ཆ་ཕྱེ་ནས་ཀུན་རྫོབ་པ་རྣམས་རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པ་དང༌། ཆོས་ཉིད་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པ་ཞེས་བཤད་ཀྱང༌། མདོ་ལས་གོང་འོག་གང་དུ་ཡང་ཁྱད་མ་ཕྱེ་བར་གཟུགས་ཕུང་ནས་འདིའི་བར་ཐམས་ཅད་ལ་རང་གི་ངོ་བོ་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པ་དང༌། ཁྱད་པར་འདིའི་མཇུག་དེ་མ་ཐག་འགོག་ལམ་གཉིས་ཀྱང་སྨོས་པར་འགྱུར་བས་ཀུན་བྱང་གང་ལ་ཡང་ཆོས་ཉིད་ཀྱིས་འཇོག་ཚུལ་ཁྱད་མེད་པར་གོ་བའི་ཆེད་དུ་མི་འཆུག་པའི་གཟེར་བཏབ་པ་ཡིན་པར་དགོངས་ནས་རྗེ་བླ་མས་རྡོ་རྗེའི་ཚིག་འདི་གསུངས་པ་ཡིན་པའི་ཕྱིར། ༼ཇི༽འདིའི་ཚིག་གི་ནུས་པ་འདོན་ཚུལ་ཡང་ཀུན་མཁྱེན་ཆོས་འབྱུང་གིས། གཞན་ཡང་མཚན་ཉིད་གསུམ་གསུམ་གྱི་འཇོག་ལུགས་བྱས་ནས་ཞེས་སྨོས་པ་ལ་དགོས་པ་མེད་པར་ཐལ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་བཤད་དུ་མེད་ཀྱང་དེ་རྣམས་ཀྱི་གཞན་དབང་གི་འཇོག་ལུགས་ཤིག་ཡོད་པའི་ཁྱད་པར་མེད་པའི་ཕྱིར། ཞེས་བཀག་པས་རང་ལུགས་ཚུལ་དང་ལུགས་ཞེས་པ་དེ་དངོས་མིན་ཀྱང་ཕྱོགས་ཙམ་འདྲ་བའི་ཆ་ནས་དེར་བཏགས་པ་ཞིག་ལ་འཇུག་པས། འདིར་ཡང་གཞན་དབང་དངོས་མིན་ཀྱང་རང་གི་སྟེང་གི་སྟོང་ཉིད་དེའི་སྟོང་གཞི་ཡིན་པའི་ཆ་ནས་དེར་བཏགས་ཏེ་བཞག་པའི་དོན་ཡིན་པས། ནམ་མཁའ་ནམ་མཁའི་གཞན་དབང་ཡིན་པར་འགྲུབ་ཅིང་དེར་མ་ཟད། གོང་དུ་དེ་ལྟར་གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཞེས་པ་


GTD002_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་གཞན་དབང་དང༌། བདག་ཏུ་སྒྲོ་བཏགས་པ་ཀུན་བཏགས་སུ་འཇོག་ལུགས་སོགས་ཁམས་བཅོ་བརྒྱད་སོགས་ཀྱང་གཟུགས་ཕུང་དང་འདྲ་བར་གསུངས་པ་དང། འོག་ཏུ་གནོད་འཇོམས་མཁན་པོ་འགོག་པའི་སྐབས་སུ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་རེ་རེ་ལ་མཚན་ཉིད་གསུམ་གསུམ་གྱི་རྣམ་གཞག་བྱས་ནས། སྟོང་གཞི་རྣམ་བརྟགས་དགག་བྱ་ཀུན་བཏགས་ཀྱིས་སྟོང་པ་ཆོས་ཉིད་ཡོངས་གྲུབ་ཏུ་བཤད་པས། ཞེས་སོགས་ཀྱིས་ཆོས་ཉིད་ཀྱི་གཟུགས་ཀྱི་སྟོང་གཞི་ལ་རྣམ་བརྟགས་ཀྱི་གཟུགས་དགོས་པ་ཆོས་ཐམས་ཅད་ལ་འདྲ་བར་བསྟན་པས་ཀྱང་ནམ་མཁའ་རྣམ་བརྟགས་ཀྱི་ནམ་མཁའ་ཡིན་པར་གྲུབ་ཅིང༌། དེ་གྲུབ་ན་ནམ་མཁའ་ནམ་མཁའི་གཞན་དབང་ཡིན་པར་གྲུབ་སྟེ། དབྱིག་གཉེན་གྱི་དབུས་མཐའི་འགྲེལ་པ་ལས། རྣམ་པར་བརྟགས་པའི་གཟུགས་ནི། གང་གཟུགས་ཀྱི་གཞན་དབང་གི་ངོ་བོ་ཉིད་དེ། དེ་ལ་གཟུགས་སུ་རྣམ་པར་རྟོགས་པར་བྱེད་དོ་ཞེས་པ་ནས། གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་གཟུགས་སུ་རྣམ་པར་རྟོགས་པར་བྱེད་དོ། །ཞེས་པ་འདིས་རྣམ་བརྟགས་ཀྱི་གཟུགས་ཀྱི་སྒྲ་དོན་བསྟན་པར་བློ་བརྟན་གྱིས་བཤད་པས། ཡི་གེ་ཡང་བའི་སྔོན་འཇུག་དང་ར་མགོ་ཡོད་པ་འདི་བྱེད་དགོས་ལ། ནམ་མཁའ་ཡང་རྣམ་བརྟགས་ཀྱི་ནམ་མཁའ་ཡིན་པར་འདིས་གསལ་བར་བསྟན་ཏེ། གང་ལ་འདིར་ནི་ནམ་མཁའོ་སྙམ་དུ་འཛིན་པའི་གཞི་ཡིན་པ་དེ་རྣམ་བརྟགས་ཀྱི་དོན་དུ་གསུངས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ། ནམ་མཁའི་སྟེང་གི་གཞན་དབང་ལ་སྐྱེ་བ་


GTD002_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་ཚུལ་བཤད་དུ་མེད་ཀྱང༌། དེའི་སྟེང་གི་གཞན་དབང་འཇོག་ཚུལ་ཡོད་པའི་ཁྱད་པར་འཐད་པར་ཐལ། ཁྱོད་ཀྱིས་ཆོས་འབྱུང་གི་ལུང་དྲངས་པ་དེའི་ཕྱིར། འདོད་ན་ནམ་མཁའ་ལ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་གཅིག་བཤད་དུ་མེད་པར་ཐལ། ནམ་མཁའི་སྟེང་གི་གཞན་དབང་ལ་དེ་མེད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ནམ་མཁའ་གཞན་དབང་དུ་བྱས་ནས་དེའི་ཡོངས་གྲུབ་གཏན་ལ་འབེབ་ཚུལ་གཅིག་མེད་པར་ཐལ། ནམ་མཁའ་ལ་གཞན་དབང་དུ་འཇོག་ཚུལ་མེད་པའི་ཕྱིར་ཏེ། དེ་ལ་སྐྱེ་བ་ངོ་བོ་ཉིད་མེད་པར་བཤད་ཚུལ་གཅིག་མེད་པའི་ཕྱིར་ཏེ། དེ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་གཅིག་བཤད་དུ་མེད་པའི་ཕྱིར་ན་མ་ཁྱབ། བྲམ་ཟེ་བུ་སྣ་ཉག་ཆོས་ཅན། ཁྱོད་སེང་གེ་ཡིན་ཚུལ་བཤད་དུ་ཡོད་པར་ཐལ། ཁྱོད་ལ་སེང་གེར་བཤད་ཚུལ་ཞིག་ཡོད་པའི་ཕྱིར། ཁྱབ་པ་འགྲིག །གོང་དུ་འདོད་མི་ནུས་ཏེ། དེར་བཤད་ཚུལ་ཞིག་ཡོད་ན་དེ་ཡིན་མི་དགོས་པའི་ཕྱིར་ཏེ། དོན་དམ་པ་ངོ་བོ་ཉིད་མེད་པར་བཤད་ཚུལ་ཡོད་ཀྱང་དེ་མ་ཡིན་པ་གཞན་དབང་ལྟ་བུ་ཡོད་པའི་ཕྱིར། ༼ཉི༽འདིར་ཤུགས་ལ་གནས་པའི་དོན་ཞེས་པ་དགོངས་འགྲེལ་གྱི་ཤུགས་བསྟན་དུ་མི་རུང་སྟེ། གྲུབ་དོན་གྱི་དངོས་བསྟན་ཡིན་པའི་ཕྱིར། དྲང་ངེས་ཀྱི་ཁྱད་པར་འདི་ཡན་ཆད་ཀྱི་ཤུགས་བསྟན་ཡིན་པའང་མི་རུང་སྟེ། དྲང་བའི་དོན་གྱི་མདོ་སྒྲ་ཇི་བཞིན་པར་ཞེན་ན་རྟག་ཆད་ཀྱི་ལྟ་བ་ཐོབ་པར་གསུངས་ཤིང༌། དགོངས་གཞིའི་ངོ་བོ་ཉིད་མེད་པ་གསལ་བར་བཤད་པ་ལས་ལྷག་པའི་དྲང་དོན་དུ་སྒྲུབ་ཚུལ་གྲུབ་དོན་ལ་མེད་པའི་ཕྱིར།


GTD002_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དྲང་བའི་དོན་ཞེས་པའི་ཚིག་ཙམ་བྱུང་ཡང་དྲང་དོན་ཡིན་མིན་སྒྲུབ་པའི་སྐབས་མ་ཡིན་པའི་ཕྱིར། དེས་ན་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་གྲུབ་དོན་ཡན་ལ་མ་བྱུང་བས། འདིར་ཤུགས་ལ་གནས་པའི་དོན་ཡིན་ཏེ། འདི་དང་འདི་ལྟར་བཀའ་སྩལ་ཅེས་མདོ་སྡེ་སོ་སོར་བཟུང་ནས་དྲང་ངེས་ཕྱེ་སྟེ་བཤད་པའི་ཤུགས་ཀྱིས་འཁོར་ལོ་གསུམ་གྱི་མིང་སྦྱར་ཏེ་དྲང་ངེས་སུ་འཇོག་ཚུལ་ཡང་ཤེས་མོད། འོན་ཀྱང་ཚིག་ལ་མི་གསལ་བས་གྲུབ་དོན་འདིར་འཁོར་ལོ་སོ་སོའི་ཐ་སྙད་དང༌། དྲང་ངེས་སུ་འཇོག་ཚུལ་སྦྱར་ནས་གསུངས་པ་ཡིན་ལ། འཁོར་ལོ་གསུམ་གྱི་ཐ་སྙད་གང་གི་སྒོ་ནས་སྦྱར་བ་ཡིན་ན། དུས་ཀྱི་རིམ་པའི་སྒོ་ནས་སྦྱར་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། ཁ་ཅིག་ཚིག་གི་གཅོད་མཚམས་འདི་ལས་ལྡོག་སྟེ་གཉིས་དྲང་དོན་དང༌། གཅིག་ངེས་དོན་ཡིན་པ་དེ་སྔར་བཤད་པའི་ཤུགས་ཀྱིས་ཤེས་ཟེར། དེ་མི་འཐད་པར་ཐལ། གཉིས་དྲང་དོན་གཅིག་ངེས་དོན་ཡིན་པར་སྔར་བཤད་པའི་ཤུགས་ཀྱིས་གཞན་ཞིག་ཤེས་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། འཁོར་ལོ་དང་པོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་སྔར་བཤད་པའི་ཤུགས་ཀྱིས་ཤེས་མ་གསུངས་པར་མདོ་སྡེ་གཉིས་ཞེས་སྨོས་པ་ལ་དགོས་པ་མེད་པར་ཐལ། མདོ་དེ་གཉིས་ཀྱི་ངོ་བོ་བརྗོད་བྱ་དྲང་ངེས་སོགས་དངོས་སུ་གསུངས་ཀྱང་འཁོར་ལོ་སོ་སོའི་ཐ་སྙད་སྔར་དངོས་སུ་བཤད་པ་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པའི་ཕྱིར། ལུང་ཙམ་སྐྱབས་སུ་མ་བྱས་པར་རིགས་པས་ལེགས་པར་དཔྱད་པ་ཡིན་ཡང་ད་དུང་གཟུར་གནས་རྣམས་ཀྱིས་དཔྱད་པར་བྱའོ། །ཆོས་འཁོར་དངོས་ལ་གསུང་བ་པོ་དང༌། དུས་དང། ཡུལ་དང༌།


GTD002_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་དང༌། བརྗོད་བྱ་གང་ལ་བརྩམས་པ་དང༌། ཆོས་འཁོར་གྱི་ཆེ་བ་དང་དྲང་ངེས་ཀྱི་ཁྱད་པར་རྣམས་རིམ་བཞིན་དཀྱུས་ན་གསལ། ༼ཏི༽གཉིས་པ་དང་གསུམ་པར་ངོ་མཚར་རྨད་དུ་བྱུང་བ་སྨོས་པ་དང༌། སྔོན་ལྷར་གྱུར་ཞེས་པ་ནས་བསྐོར་ཏེ་ཞེས་མ་གསུངས་པའི་རྒྱུ་མཚན་གྱིས། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དཀའ་འགྲེལ་ལས། མ་བསྐོར་བ་ཞིག་བསྐོར་ཞེས་པའི་འཁོར་ལོ་དང་པོ་བསྟན་ཞེས་བཤད་ཀྱང་འཐད་པར་མ་མཐོང་སྟེ། འདིར་སྔོན་ཞེས་པ་སྟོན་པ་འཇིག་རྟེན་དུ་མ་བྱོན་གོང་ལ་བྱེད་ཀྱི། མདོ་དེ་གསུངས་པའི་སྔོན་ཙམ་ལ་མི་བྱེད་ཀྱང༌། མ་བསྐོར་བ་ཡང་ཚངས་པ་སོགས་གཞན་གྱིས་མ་བསྐོར་བ་ལ་བྱ་ཡི་སྟོན་པས་སྔར་མ་བསྐོར་བ་ལ་མི་བྱེད་པའི་ཕྱིར་ན། འཁོར་ལོ་ཕྱི་མ་གཉིས་ལ་ཡང་སྦྱོར་དགོས་པ་དོན་གྱིས་བསྡུས་པའི་ཕྱིར། ཉི་ཁྲི་ལས། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ་བྲམ་ཟེའམ་ཞེས་པ་ནས། གཞན་སུ་ཡང་རུང་བས་ཆོས་དང་ལྡན་པར་འཇིག་རྟེན་ན་བསྐོར་བར་མི་ནུས་ལ། ཞེས་གསུངས་པའི་ཕྱིར། ཁྱོད་ལྟར་ན་འཁོར་ལོ་བར་བ་ཡང་འཁོར་ལོ་དང་པོར་ཐལ། སྟོན་པས་བྱ་རྒོད་ཕུང་པོར་གསུངས་པའི་སྔོན་ལ་མ་བསྐོར་བའི་ཕྱིར་ཏེ། འདི་ཐུན་མོང་གི་བཤད་པའི་སྐབས་ཡིན་པའི་ཕྱིར། འདིར་གང་ལ་བརྩམས་པའི་ངོ་བོ་ཉིད་མེད་པ་དང༌། གོང་དུ་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་དྲི་བའི་སྐབས་ཀྱི་ངོ་བོ་ཉིད་མེད་པ་གཉིས་མི་གཅིག་སྟེ། ཕྱི་མ་ནི་ཆོས་ཐམས་ཅད་ལ་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་མེད་པ་ལ་སྔར་བཤད་ཟིན་ཅིང༌། སྔ་མ་ནི་


GTD002_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཐ་མའི་དགོངས་པ་མཐར་ཐུག་གི་ངོ་བོ་ཉིད་མེད་པ་ལྔ་ལ་བྱེད་དགོས་པའི་ཕྱིར། འོན་ཀྱང་དེའི་ངོ་བོ་ཉིད་མེད་པ་ལྔ་ཡང་ཡོངས་གྲུབ་མ་ཡིན་ཏེ། འདིར་མེད་རྒྱུའི་ངོ་བོ་ཉིད་དང་སྐྱེ་བ་སོགས་མཚན་ཉིད་གསུམ་ལ་རང་རང་གི་སྐབས་ཀྱི་མེད་རྒྱུ་རེ་སོ་སོར་སྦྱོར་བ་མ་གཏོགས་དགག་བྱའི་བདག་གཅིག་པུ་ཐམས་ཅད་ལ་ཐུན་མོང་དུ་སྦྱོར་བའི་ལུགས་མ་ཡིན་པར་བཤད་ཟིན་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། ངོ་བོ་ཉིད་མེད་པ་སོགས་ལྔ་འཁོར་ལོ་ཐ་མའི་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པར་ཐལ། དེའི་མེད་ཚུལ་ལ་དབུ་སེམས་ཀྱི་ལུགས་གཉིས་ཡོད་ཀྱང་འདིར་སེམས་ཙམ་གྱི་རང་ལུགས་གཙོ་ཆེ་བའི་ཕྱིར། འདོད་མི་ནུས་ཏེ། བར་བའི་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར། དེར་ཐལ། བར་བའི་སྒྲས་ཟིན་ལ་ངོ་བོ་ཉིད་མེད་པར་གསུངས་པའི་ཕྱིར་ན་མ་ཁྱབ། ༼ཐི༽འདིར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་དོན་ནི། ཁ་ཅིག །ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ག་ཡོད་པ་ལ་འཆད་པ་དང༌། རྟོག་གེ་སྣང་བར་འདིའི་གདུལ་བྱ་ཐེག་ཆེན་རིགས་ཅན་ཡིན་ཀྱང་དབང་པོ་རྟུལ་བས་ཐེག་པ་གཞན་དུ་ཡང་དཀྲི་ནུས་ལ། བར་བའི་གདུལ་བྱ་དབང་པོ་རྣོ་བས་དཀྲི་མི་ནུས་པ་ལ་བཤད་པ་སོགས་ཡོད་ལ། དང་པོ་ནི་ཡང་དག་བདེན་པ་དང་ཡང་ཕྱོགས་མཐུན་ཏེ་འོག་ཏུ་འཆད་པར་འགྱུར་རོ། །རང་གི་ལུགས་ནི་འདིའི་སྒོ་ནས་འཁོར་ལོ་གསུམ་གའི་དྲང་ངེས་ཀྱི་ཁྱད་པར་ཐམས་ཅད་གོ་བར་ནུས་པས་རྗོད་བྱེད་ཚིག་གི་ཐེག་པ་ཐམས་ཅད་ལ་ཞུགས་པ་སྟེ། དེ་ཡང་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་འཁོར་ལོ་དང་པོ་དྲང་དོན་དུ་བསྟན། རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་ཞེས་པ་དང༌། རྣམ་པར་


GTD002_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པ་ཞེས་པས་འཁོར་ལོ་བར་བ་དྲང་དོན་དུ་བསྟན། དེ་ལྟར་ཆ་མ་ཕྱེ་བ་རྣམས་དྲང་དོན་དུ་བསྟན་པས་ཐ་མ་རང་ཉིད་ངེས་དོན་དུ་གོ་བའི་ཕྱིར། འདི་ནི་ཞེས་པའི་ཉེ་ཚིག་འཇུག་ཚུལ་ལ་ཡིག་ཆར་བརྗོད་བྱ་རྗོད་བྱེད་ལ་སྦྱར་བ་གཉིས་གསུངས་པ་ལེགས་ཏེ། རྗོད་བྱེད་ཀྱི་ཆ་ནས་ཉེ་ཚིག་སྨོས་པའི་ཚེ་སྐོར་བཞིན་པ་འདི་ནི་ཟེར་དགོས་པས། ལང་གཤེགས་སོགས་ཡོང་དོན་མེད་ཀྱང༌། བརྗོད་བྱའི་ཆ་ནས་ཉེ་ཚིག་སྨོས་པའི་ཚེ་མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཕྱེ་བའི་འཁོར་ལོ་ཐ་མ་འདི་ནི་ཟེར་དགོས་པས་རང་དང་སྟོན་ཚུལ་མཚུངས་པའི་མདོ་ལང་གཤེགས་སོགས་ཐམས་ཅད་ཡོང་སྟེ། གྲུབ་དོན་འདི་འཁོར་ལོ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཐམས་ཅད་ཀྱི་གྲུབ་དོན་ཡིན་པར་ཡིག་ཆ་ལས་སོ། །༼དི༽ཝེན་ཚེག་གིས་སྐབས་མཆིས་པའི་དོན་བཤད་པ་འདི་ནི་འོག་ཏུ་སྐབས་མ་མཆིས་པ་ལ་བཤད་པ་གཉིས་བྱས་པའི་སྔ་མའི་ལྡོག་ཕྱོགས་སུ་སྣང་བས་རང་ལུགས་སུ་མི་རུང་སྟེ། བླ་ན་མཆིས་པའི་དོན་དང་ཟློས་པའི་ཕྱིར། ལྷག་མ་གསུམ་ནི་བླ་ན་མ་མཆིས་པ་སོགས་ཀྱི་ལྡོག་ཕྱོགས་སུ་སྣང་ལ། བླ་ན་མ་མཆིས་པ་སོགས་གསུམ་གྱི་དོན་དང༌། སྐབས་མ་མཆིས་པའི་བཤད་པ་ཕྱི་མ་རྗེས་ཀྱང་རང་ལུགས་སུ་མཛད་པས་འདི་གསུམ་ཡང་བླ་ན་མཆིས་པ་སོགས་ཀྱི་དོན་དུ་རུང་སྟེ། རྗེས་བཤད་པ་ཟུར་དུ་མཛད་པ་ཡང་འདི་ཉིད་གོ་བདེ་བར་བྱས་པའོ། །འདི་ལ་ཁ་ཅིག་ན་རེ། ཝེན་ཚེག་གིས་རྩོད་པའི་གཞིའི་གནས་སུ་གྱུར་པའི་དོན་བཤད་པ་ཡང་མི་འཐད་པར་ཐལ། འཁོར་


GTD002_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་པོའི་སྒྲས་ཟིན་གྱི་དོན་ལ་རྩོད་པ་སྨྲ་བ་པོར་ཉན་ཐོས་སྡེ་བ་མི་ཡོང་བའི་ཕྱིར། དེར་ཐལ། འདི་སྒྲས་ཟིན་སྒྲ་ཇི་བཞིན་པར་མི་རུང་ཞེས་རྩོད་པ་འགོད་པ་པོར་ཉན་ཐོས་སྡེ་པ་མི་ཡོང་བའི་ཕྱིར་ན་མ་ཁྱབ་སྟེ། འདིར་ཉན་ཐོས་སྡེ་པ་རྣམས་ཀྱིས་རྩོད་ཅེས་པ་དེ་མི་འཐད་ཅེས་རྩོད་པ་མིན་གྱི། དེ་རང་ལུགས་སུ་འཐད་པ་གཞིར་བཞག་གི་སྟེང་ནས་དེའི་དགོངས་པ་འགྲེལ་ཚུལ་ལ་སྡེ་བ་བཅོ་བརྒྱད་དང༌། མདོ་སྡེ་པ་སྔ་ཕྱི་གཉིས་སོགས་ནང་ཕན་ཚུན་རྩོད་པ་འབྱུང་བའི་དོན་ཡིན་པའི་ཕྱིར། རྒྱ་ནག་འགྲེལ་ཆེན་ལས། སྡེ་བ་ཉི་ཤུ་བོ་རྩོད་པར་སྨྲ་བ་དག་གི་གནས་སུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་འདིས་སྟོང་པ་ཉིད་མི་སྟོན་ཞིང་ཡོད་པ་བསྟན་པས་དྲང་དོན་དུ་བཤད་པའང་མི་རུང་བར་ཐལ། ཡོད་པ་བསྟན་པས་དྲང་དོན་དུ་འགྲོ་དོན་མེད་ལ། སྟོང་ཉིད་མ་བསྟན་པས་དྲང་དོན་དུ་བཤད་ན་སྐབས་འཆོལ་བའི་ཕྱིར་ཟེར་ན་མ་ཡིན་ཏེ། འཁོར་ལོ་དང་པོར་སྟོང་པ་ཉིད་མཁྱུད་ཅིང་ཡོད་པ་སྟོན་པ་དང༌། བར་བ་ལ་ཡོད་པ་མཁྱུད་ཅིང་སྟོང་ཉིད་སྟོན་པ་ཞེས་བྱུང་བས། སྔ་མའི་དོན་ཡང་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པ་མཁྱུད་པ་སྟེ་སྦས་ནས་ཆོས་ཐམས་ཅད་ལ་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་ཚིག་མཉམ་པར་བཀའ་སྩལ་པའི་དོན་ཡིན་པའི་ཕྱིར། སྟོང་ཉིད་ཀྱང་འོག་ཏུ་ཆོས་ཀྱི་བདག་མེད་ཕྲ་མོར་བཤད་པའི་ལུགས་ལས་ལོགས་སུ་བྱས་པས་རང་མཚན་གྱིས་གྲུབ་པའི་སྟོང་པ་ཙམ་ལ་བྱའམ་དཔྱད། ༼ནི༽སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། བར་བ་འདི་ནི་ཐེག་པ་ཆེན་པོ་ཐེག་པ་ཆུང་ངུ་ལས་ཐ་དད་པར་སྟོན་པའི་ཕྱིར་ངེས་པའི་དོན་མ་


GTD002_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའོ། །ད་དུང་ཐེག་པ་གཅིག་ཡོད་པའི་ཕྱིར་གོང་མ་དང་བཅས་པའོ། །ཐེག་པ་ཆུང་ངུ་བ་དག་དང་ཐ་དད་པའི་ཕྱིར་ཐེག་པ་ཆུང་ངུ་བ་དག་དང་འཐབ་ཅིང་རྩོད་པར་གྱུར་པའོ། །ཐེག་པ་གཅིག་གིས་རྣམ་པར་འཇིག་པའི་ཕྱིར་རྒོལ་བ་དང་བཅས་པའོ། །ཞེས་དང༌། འཁོར་ལོ་ཐ་མའི་ཐད་དུ་དེ་ཉིད་ལས། འདིས་ནི་ཐེག་པ་ཆུང་ངུ་བ་དང་ཐེག་པ་ཆེན་པོ་བ་དག་རྒྱུ་རྐྱེན་མཚུངས་ཤིང་འབྲས་བུ་མཚུངས་པར་སྟོན་པའི་ཕྱིར་རྣམ་པར་མི་རྟོག་པ་དོན་དམ་པ་བསྟན་པ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་དེ་མཆོག་ཏུ་རྨད་དུ་བྱུང་བ་དོན་དེ་ལས་ལྷག་པ་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །གཞན་ཡང་ཐེག་པ་ཆུང་ངུ་བ་ཀུན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར་རྩོད་པ་མེད་པའོ། །རྩོད་པ་མེད་པའི་ཕྱིར་གཞིག་ཏུ་མེད་པའོ། །གཞིག་ཏུ་མེད་པའི་ཕྱིར་རྒོལ་བ་མེད་པའོ། །ཞེས་བྱུང་སྟེ། དོན་ནི་བར་བས་མཐར་ཐུག་ཐེག་ཆེན་གྱི་ཐེག་པ་གཅིག་པུ་ལས་མ་བཤད་པས་དྲང་དོན་སོགས་སུ་སྒྲུབ་པ་སྟེ། ཐེག་པ་གསུམ་པོ་རང་ལམ་གྱི་སྡུག་ཀུན་མ་ལུས་པར་ཟད་པའི་རྣམ་གྲོལ་མི་མཚུངས་པར་ཐེག་དམན་གྱི་ཞི་བ་ཉི་ཚེ་བར་བཤད་པའི་དྲང་བའི་དོན་དང༌། མཐར་ཐུག་ཐེག་པ་གསུམ་ཆར་སྟོན་པའི་མདོ་དགོངས་འགྲེལ་སོགས་བརྗོད་བྱ་རྫོགས་པའི་མདོ་གཞན་རང་གི་གོང་ནའམ་བླ་ན་ཡོད་པ་དང༌། ཐེག་དམན་གྱི་སྡེ་སྣོད་སོགས་ལས་ཉན་རང་དགྲ་བཅོམ་ཐོབ་ནས་ཐེག་ཆེན་དུ་མི་འཇུག་པར་བཤད་པ་དང་ཕྱོགས་ཙམ་ཡང་མི་མཐུན་པས་རྩོད་པའི་གནས་དང༌། མཐར་ཐུག་ཐེག་གསུམ་སྟོན་པའི་


GTD002_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འགྲེལ་སོགས་ལུང་རིགས་ཀྱིས་འཇིག་པས་སྐབས་མཆིས་པ་དང༌། ཐ་མའི་བཤད་པ་ཕལ་ཆེར་སྔ་མ་ལས་ལྡོག་པར་སྣང་ལ་ཐེག་པ་ཆུང་ངུ་བ་ཀུན་གྱིས་བགྲོད་བར་བྱ་བ་ཞེས་པ་འདིས་རིགས་ཅན་གསུམ་གས་འདི་ལ་ཆེད་དུ་བརྟེན་ནས་རང་གི་ཐར་པ་ཐོབ་པ་དང༌། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་དོན་ཀྱང་དེ་ལྟར་འགྲེལ་པའི་ཚོད་དུ་སྣང་ངོ༌། །༼པི༽སྐབས་མེད་པའི་སྔ་མ་ནི་སྐབས་མེད་ཅེས་པ་ལ་བཤད་ཚུལ་གཉིས་བྱས་པའི་སྔ་མ་ཕྱིས་མཆོག་ཏུ་འགྱུར་བའི་སྐབས་མེད་ཅེས་པ་དེ་ཡིན་ཞིང༌། དེའི་དོན་མདོ་འདི་ལས་མཆོག་ཏུ་གྱུར་པ་གཞན་ལ་འཇུག་ཏུ་མེད་པ་ལ་བྱེད་ན་བླ་ན་མ་མཆིས་པ་དང་ཟློས་པས་རང་ལུགས་མ་མཛད་དོ། །ཡོད་མེད་རྫོགས་པར་བསྟན་ཞེས་པའི་ཡོད་མེད་ནི་རང་མཚན་གྱིས་གྲུབ་མ་གྲུབ་ཡིན་ལ། འཁོར་ལོ་དང་པོ་གཉིས་ཀྱིས་དེ་ལས་རེ་རེ་སྦས་ནས་རེ་རེ་ཙམ་བསྟན་ཀྱང༌། འདིར་མཚན་ཉིད་གསུམ་གྱི་སྟེང་དུ་ཆ་ཕྱེ་ནས་ཕྱོགས་གཉིས་ཀ་རྫོགས་པར་བསྟན་པའོ། །དེ་ལྟར་རྫོགས་པར་སྟོན་པའི་ཚིག་ཀྱང་བྱེ་བྲག་ཏུ་ཕྱེ་ན་དགོངས་འགྲེལ་གྱི་ཚིག་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་སོགས་སྔར་དྲངས་པ་རྣམས་ཡིན་ལ། ལང་གཤེགས་ལས། བརྟགས་པའི་དངོས་པོ་མེད་པ་ཉིེད། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་རྣམ་པར་བརླག། །ཅེས་པ་ལྟ་བུ་ཡིན་ཞིང༌། དབུ་མ་པས་འདིའི་ཀུན་བཏགས་དགག་བྱའི་དོན་དམ་ལ་བྱས་ནས་དོན་དམ་པར་མེད་ཀྱང་སྟོང་གཞི་གཞན་དབང་དེ་ཉིད་ཐ་སྙད་ཙམ་དུ་ཡོད་པ་ལ་བྱེད་དེ། དེའི་ཕྱིར་ཡང་ཆ་ཕྱེ་ནས་མདོའི་དོན་


GTD002_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇོག་ཅེས་པ་དོན་ལ་ཆ་འབྱེད་པར་མངོན་ནོ། །འདི་ལ་ཁ་ཅིག་ལེགས་ཕྱེའི་ཆོས་འཁོར་ལ་རང་ལས་མཆོག་ཏུ་གྱུར་པའི་ངེས་དོན་གྱི་མདོ་མེད་མི་དགོས་པར་ཐལ། སློབ་པའི་ལུང་གི་ཆོས་རྣམས་ངོ་བོ་གོང་འཕེལ་དུ་འགྲོ་བའི་ཕྱིར་སོགས་སྨྲ་སྟེ་བྱིས་པའི་རོལ་རྩེད་ཡིན་པས་མ་སྤྲོས་སོ། །༼ཕི༽འདི་ལ་དོགས་པ་འདི་ཡོད་དེ། མདོ་དེའི་སྒྲ་ཇི་བཞིན་པ་ལ་གནོད་བྱེད་མཐོང་བ་ན། དེ་ལས་གཞན་དུ་འདྲེན་དགོས་པར་མཐོང་ནས་དགོངས་གཞི་ཚོལ་བ་ལ་འཇུག་པ་ཡིན་གྱི། དགོངས་གཞི་གཞན་དུ་འདྲེན་དགོས་པར་མཐོང་ནས་དེའི་རྟགས་ཀྱིས་སྒྲ་ཇི་བཞིན་པར་མི་རུང་བ་སྒྲུབ་མི་རིགས་པས། འདིར་དེའི་རྒྱུ་མཚན་དུ་བཀོད་པ་མི་འཐད་དེ། དཔེར་ན་དོན་སྨྲའི་གྲུབ་མཐའ་ལ་གནོད་བྱེད་མཐོང་ནས་སེམས་ཙམ་དུ་འཇུག་པ་ཡིན་གྱི་སེམས་ཙམ་པའི་གྲུབ་མཐའ་འཐད་ལྡན་དུ་གོ་ནས་དེའི་རྗེས་དོན་སྨྲའི་གྲུབ་མཐའ་ལ་གནོད་བྱེད་མཐོང་བ་མིན་པ་དང༌། ཐར་པ་དོན་གཉེར་བཅོས་མིན་སྐྱེས་ནས། གཟོད་འཁོར་བ་ལ་ཞེན་ལོག་སྐྱེས་པ་མ་ཡིན་པ་བཞིན་ནོ་ཞེ་ན་འདིར་བཤད་པའི་རིམ་པ་ནི། དོགས་པ་སྐྱེ་ཚུལ་གྱི་ཁྱད་ཅིག་ཡིན་ཏེ། ཕ་རོལ་པོ་ཁ་ཅིག་འདི་སྙམ་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་གསུང་བ་པོ་དང༌། ཆ་ཕྱེ་ནས་གསུང་བ་པོ་གཅིག་ཡིན་པས། གཅིག་གི་སྒྲས་ཟིན་ཁས་ལེན་ལ། གཅིག་ཁས་མི་ལེན་པ་ནང་འགལ་ཏེ། ཕྱི་མ་ཤེས་བྱེད་དུ་རུང་ན་སྔ་མ་ཡང་ཤེས་བྱེད་དུ་རུང་དགོས་སོ་ཞེ་ན། གསུངས་པ་ཕྱོགས་གཅིག་ནས་འཁྲུལ་བ་བྱུང་བ་ཡིན་ན། ཁྱོད་བདེན་


GTD002_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོན་པས་ནི་མཁྱེན་བཞིན་དུ་གསུངས་པ་ཡིན་པས། དེ་ལ་རང་ལུགས་གཅིག་དང་གདུལ་བྱའི་དབང་གིས་ཡིན་པ་གཅིག་སྟེ་གཉིས་འབྱེད་དགོས་ལ། དེ་ལྟར་འབྱེད་པ་ཡང་རིགས་པས་འབྱེད་དགོས་པས་མཁས་པས་མཐའ་ཆོད་པར་དཔྱད་ན་རྩོད་པ་མི་འཇུག་པ་ནི་འཁོར་ལོ་ཐ་མ་ཡིན་པས། མདོ་དེ་གཉིས་ཀྱི་སྒྲས་ཟིན་ལ་ཡང་འཐད་མི་འཐད་ཀྱི་དབྱེ་བ་བྱེད་རུང་ངོ༌། །འདི་ལ་ཁ་ཅིག་གིས། ཐལ་འགྱུར་བ་ལ་མཁས་པ་མེད་པར་ཐལ། མདོ་དགོངས་འགྲེལ་ངེས་དོན་དུ་མི་རུང་ཞེས་རྩོད་པའི་ཕྱིར་ན་མ་ཁྱབ་སྟེ། མཁས་པ་ཡོད་ཀྱང་བརྟགས་པ་མཐའ་ཆོད་པར་བྱས་པ་མེད་པར་ཉི་ཚེ་བ་ཙམ་དུ་སོང་བ་ཡིན་པའི་ཕྱིར། འདིར་མཁས་པས་བརྟགས་ན་ཞེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། གྲུབ་མཐའ་ཆེན་མོར་ཡང་དེ་ལྟར་བཤད་མ་བཤད་ཁ་མི་གསལ་བའི་དབང་གིས་རྩོད་པ་མེད་པས་རྩོད་པའི་གཞིའི་གནས་མིན་པ་ལགས་ཀྱི། དེ་ལྟར་བཤད་ཀྱང་དབུ་མ་པ་ལྟ་བུས་མི་འཐད་ཅེས་རྩོད་པ་མེད་པ་ནི་མ་ཡིན་ནོ་ཞེས་ཞིབ་ཆ་ལེགས་པར་ཕྱེ་ནས་གསུངས་སོ། ། ༼བི༽འདི་དག་གི་དོན་དུ་བསམ་ནས་དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་དོན་དུ་འཇོག་པ་ཆེས་ལེགས་པ་ཡིན་ཏེ། འདིའི་གོང་དུ་འཁོར་ལོ་དང་པོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་ཞེས་པའི་ཚིག་ཡང་ཡང་བྱུང་བ་ལ། འོ་ན་འཁོར་ལོ་དང་པོ་ཐམས་ཅད་དྲང་དོན་ཡིན་ནམ་ཞེ་ན། དེའི་ནང་ནས་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་དྲང་དོན་ཡིན་གྱི་འཁོར་ལོ་དང་པོ་ཐམས་ཅད་མིན་ཏེ། ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་གསུངས་པ་ལྟ་བུ་དུས་དང་


GTD002_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཡང་གདུལ་བྱའི་དབང་གིས་སྣ་ཚོགས་ཤིག་གསུངས་པས། དེ་ཐམས་ཅད་ལ་དོགས་པ་གཅོད་དོན་མེད་པའི་ཕྱིར་ཞེས་པའི་དོན་ཡིན་པས་སོ། །དེ་ལྟར་དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་དོན་མིན་ན་འཁོར་ལོ་དང་པོ་ཐམས་ཅད་དྲང་དོན་མ་ཡིན་ཏེ། དུས་དང་པོར་གསུངས་པའི་མདོ་ལ་བསླབ་བྱ་ཙམ་སྟོན་པའང་ཡོད་པའི་ཕྱིར་ཞེས་པའི་རྟགས་ཆོས་ལ་འབྲེལ་ཅི་འདུག ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་རྗེ་བླ་མས་དུས་དང་པོར་གསུངས་པའི་མདོ་ཡིན་ན་འཁོར་ལོ་དང་པོ་ཡིན་པས་ཁྱབ་པར་བཟུང་གིས་དོགས་ནས་གསུངས་ཞེས་ལུང་འདིས་དུས་དང་པོར་གསུངས་པའི་མདོ་ལ་འཁོར་ལོ་དང་པོས་མ་ཁྱབ་པར་བསྟན་གསུངས་པ་ཡང་མཁས་པའི་བཤད་པའི་རྣམ་གྲངས་ཙམ་ཡིན་ཏེ། ཐམས་ཅད་ལ་མིན་གསུངས་པ་འཁོར་ལོ་དང་པོ་ཙམ་ཡང་མིན་པ་ལ་བྱེད་ན་འཁོར་ལོ་དང་པོ་ཙམ་ལ་ཡང་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཞིག་དགོས་པར་འགྱུར་བ་ལ་འདིར་དེ་ལྟར་གསུངས་པའི་འཁོར་ལོ་དང་པོ་ཞེས་སྨོས་པས་དེ་ལྟར་མ་གསུངས་པ་ཞིག་ཀྱང་བསྟན་ཅིང༌། རྗེ་བཙུན་དམ་པ་དེ་ཡང་འཁོར་ལོ་དང་པོ་ལ་འདིར་བསྟན་གྱི་དེས་ཁྱབ་པར་མི་བཞེད་པའི་ཕྱིར། ༼མི༽ཞེས་པར་མཐའ་གཉིས་ལས་ཀྱང་ངོ་བོ་ཉིད་མེད་པ་སོགས་ལས་བརྩམས་པ་རྣམས་དྲང་ངེས་དཔྱོད་པའི་གཞི་ཡིན་གྱི་གྲུབ་མཐའི་འདོད་པ་ཐུན་མོང་མ་ཡིན་པ་རེ་སྟོན་ཚད་ལ་སྐབས་འདིར་དྲང་ངེས་དངོས་སུ་འབྱེད་པ་མིན་པའི་རྒྱུ་མཚན་གྱིས་སློབ་དཔོན་ཡང་དག་བདེན་པས་ཐེག་པ་གསུམ་དང་གཅིག་བསྟན་པའི་ཆ་ནས་ཕྱེ་བ་ཡང་མི་


GTD002_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་ལ། ཁ་ཅིག་གིས་ཚིག་ལ་ཆ་འབྱེད་དོ་ཟེར་ནས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཞེས་སོགས་ཀུན་གཞི་སྟོན་པའི་ལུང་རྣམས་སེམས་ཙམ་པའི་ལུགས་ཀྱི་ལེགས་ཕྱེའི་ཆོས་འཁོར་དུ་སྨྲ་བ་ཡང་ཁེགས་སོ། །དེར་མ་ཟད་ལུང་འདི་བློ་གྲོས་ཡངས་པའི་ལེའུ་ལས་འབྱུང་ཞིང༌། ལེའུ་དེ་ལེགས་ཕྱེའི་ཆོས་འཁོར་དུ་བཤད་པ་ཡང་མེད་དོ། །ལུང་འདི་ལེའུའི་ནང་ནས་ཟུར་དུ་བཀོད་པ་ཡང་མི་རིགས་ཏེ། ལེའུ་རིལ་པོ་བརྗོད་བྱ་ཀུན་གཞི་སྟོན་པར་མཚུངས་པས་སོ། །དེས་ན་ཆ་འབྱེད་པར་འདོད་པའི་རང་རྒྱུད་པ་སྟེ་འཕགས་སེང་དང་ལེགས་ལྡན་མ་གཏོགས་པ་ཞི་བ་འཚོ་ལ་སོགས་པ་རྣམས་འཁོར་ལོ་ཐ་མ་ལ་ཆ་འབྱེད་པར་གསུངས་པ་དོན་ལ་ཡིན་ཏེ། གྲུབ་མཐའི་རྣམ་གཞག་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ལས། ལང་གཤེགས་དགོངས་འགྲེལ་རྒྱན་སྟུག་མདོ་སོགས་དོན། །གཙོ་ཕལ་ཆ་གཉིས་རིམ་བཞིན་དབུ་སེམས་ལུགས། །ཞེས་གསུངས་པའི་ཕྱིར།༼ཙི༽དེ་ལ་གཞན་ལུགས་གཉིས་བཀོད་པའི་སྔ་མ་ནི་དོལ་བོ་ཤེས་རབ་རྒྱལ་མཚན་དང༌། ཉ་ཕྲུག་ཀུན་དགའ་དཔལ་སོགས་སྙིང་པོ་རྟག་བརྟན་སྟོན་པའི་མདོ་ཡང་སྒྲ་ཇི་བཞིན་པར་འདོད་མཁན་རྣམས་ཡིན་ལ། གཉིས་པ་ལྟར་འདོད་མཁན་ཡང་བོད་སྔ་མ་མང་པོ་བྱུང་ཞིང༌། ཡར་འབྲོག་པ་རིན་ཆེན་ཏོག་གིས་ཀྱང༌། ཆོས་ཀྱི་འཁོར་ལོ་གསུམ་པ་ནི། །ཤེར་ཕྱིན་ཕལ་ཆེན་ཆོས་པད་དཀར། །དེ་སོགས་ཁྱབ་བྱེད་དབུ་མ་ཆེ། །ཟབ་ཡང་རྩོད་དང་བྲལ་བ་འོ། །ཞེས་དང༌། ཡུམ་ལས། ཆོས་འཁོར་ལན་གཉིས་ཞེས་དང༌། འབྱུང་ཕྱིར་འཁོར་ལོ་


GTD002_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བར་བར་འདོད། །ཅེ་ན་བདེན་མོད། གཞུང་འདིའི་དོན། ཐེག་ཆུང་གཅིག་ཤོས་གཉིས་སུ་འདོད། །དཔེར་ན་སྡེ་སྣོད་གསུམ་གཉིས་བཞིན། །ཞེས་འཁོར་ལོ་གསུམ་སྐས་ཀྱི་གདང་བུ་ལྟར་ཕྱི་མ་ཕྱི་མ་མཐོ་སྟེ། དེའི་ཕྱིར་ཤེར་མདོ་འཁོར་ལོ་ཐ་མ་ཡིན་ལ། དགོངས་འགྲེལ་སོགས་སྙིང་པོ་རྟག་བརྟན་སྟོན་པའི་མདོ་རྣམས་འཁོར་ལོ་ཐ་མ་མིན་ཏེ། རྟག་བརྟན་བཤད་པ་དྲང་དོན་ཡིན་ཞིང༌། འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་པའི་ཕྱིར། ཤེར་མདོ་རང་ཉིད་ལས། ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ༌། །ཞེས་གསུངས་པས་ཀྱང༌། དེ་འཁོར་ལོ་བར་བ་ཡིན་པར་མི་འགྲུབ་སྟེ། འདིའི་གཉིས་པ་ཞེས་པ་འཁོར་ལོ་གསུམ་གྱི་གཉིས་པ་མིན་གྱི། ཐེག་པ་དམན་པའི་ཆོས་འཁོར་དང་ཐེག་ཆེན་པའི་ཆོས་འཁོར་གཉིས་སུ་ཕྱེ་བའི་གཉིས་པ་ཡིན་ཏེ། དཔེར་ན་མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་པའི་སྡེ་སྣོད་གཉིས་པ་ལ་སྡེ་སྣོད་གསུམ་དུ་ཕྱེ་བའི་གཉིས་པ་མི་དགོས་པ་བཞིན་ཡིན་པར་འདོད་ཅིང༌། དོལ་པོ་བ་ཚིག་ངན་གྱིས་ཚར་བཅད་མོད། དགོངས་འགྲེལ་སྙིང་པོ་རྟག་བརྟན་སྟོན་པའི་མདོར་རང་གིས་ཀྱང་ཁས་བླངས་ནས་ཐོག་ཏོག་དང་དབང་པོ་རྡོ་རྗེ་སོགས་བྲིས་པའི་ངལ་བ་བྱས་པ་ནི་རལ་གྲི་དགྲ་ལ་ཤོར་ཏེ་ཤུབས་ཀྱི་སྟེང་ནས་དཔའ་སྐད་འདོན་པ་དང་འདྲ་བས་སྙིང་པོ་ཅི་ཡང་མེད་དོ། །འདིའི་འཁྲུལ་གཞི་ཡང་སྙིང་པོ་རྟག་བརྟན་དང་བདེ་གཤེགས་སྙིང་པོ་མ་ཕྱེ་བས་ནོངས་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། སྙིང་པོ་རྟག་བརྟན་སྟོན་པའི་མདོ་ཡང་སྔ་མ་


GTD002_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་གྱིས་གཅིག་ཏུ་བྱས་མོད། སྙིང་པོ་རྟག་བརྟན་སྟོན་པའི་ཚིག་རྣམས་དེ་ན་མི་འདུག་ཅིང༌། ལང་གཤེགས་སུ་མདོ་དེའི་གསུངས་ཚུལ་བཀོད་པ་དྲངས་པ་མ་གཏོགས་མདོ་རང་ཉིད་བོད་དུ་འགྱུར་བ་མི་སྣང་ངོ༌། །ཤེར་མདོ་འཁོར་ལོ་ཐ་མ་ཡིན་པའི་བཤད་ཚུལ་གཅིག་སློབ་དཔོན་ཡང་དག་བདེན་པས་ཀྱང་བྱས་ཏེ། དེའི་བརྗེད་བྱང་རྣམ་པ་གཉིས་ཡོད་པ་ལས། གཅིག་སྔར་དྲངས་པ་དེ་ཉིད་ཡིན་པས་མདོའི་ངོས་འཛིན་དཀྱུས་དང་མཐུན་ལ། སྡེ་བ་རྣམས་ཀྱི་ལྟ་བ་བསྟན་པའི་བརྗེད་བྱང་ལས། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི། ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་སྟེ་ཐེག་པ་ཆེ་ཆུང་གཉིས་ཀའི་ཆེད་དུ་གསུངས་པའོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི། ཆོས་ཀྱི་འཁོར་ལོ་གསུམ་པ་ཞེས་བྱ་སྟེ། ཆེན་པོ་ཁོ་ནའི་ཆེད་དུ་ཡིན་གྱི། ཆུང་ངུ་ནི་མིན་ནོ། །ཞེས་སྔ་མ་ལས་ལྡོག་སྟེ་བཤད་ལ། ཤེར་མདོ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ཞེས་པའི་དོན་དུས་གཉིས་པར་གསུངས་པའི་ཆོས་འཁོར་ཡིན་པ་ལ་བྱ་ཡི། འཁོར་ལོ་གཉིས་པ་ཡིན་པའི་དོན་མིན་ནོ་ཞེས་འདོད་པར་ཝེན་ཚེག་གིས་བཤད་དོ། །སློབ་དཔོན་འདིས་ཤེར་མདོ་འཁོར་ལོ་གསུམ་པར་བཤད་ཀྱང༌། དགོངས་འགྲེལ་ལས་གསུམ་པ་འདི་ནི་སྨོས་པའི་གསུམ་པ་དུས་གསུམ་པར་གསུངས་པ་ལ་བྱེད་ཅེས་དགོངས་པ་ལེན་གྱི། འདི་ནི་ཞེས་ཉེ་ཚིག་སྨོས་པའི་གསུམ་པ་དེར་སྔོན་གསུངས་པའི་མདོ་ཞིག་འཇོག་ཅེས་བསྙོན་མི་འདིང་ངོ༌། །དེ་དག་གི་དོན་བསྡུས་ན་མདོ་འདིའི་དགོངས་པ་ནི་རང་མཚན་གྱིས་གྲུབ་མ་


GTD002_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆ་ཕྱེ་མ་ཕྱེའི་སྒོ་ནས་དྲང་ངེས་སུ་འཇོག་པ་ཡིན་གྱི། དུས་འདི་དང་འདིའི་ཚེ་གསུངས་པ་དྲང་དོན་དང་ངེས་དོན་ནོ་ཞེས་འབྱེད་པ་མ་ཡིན་པ་དེའི་ཕྱིར། དོལ་པོ་པ་དང་ཡར་འབྲོག་པ་སོགས་ཀྱི་བཤད་ཚུལ་དེ་ནི་དྲི་ཞུས་སོགས་སུ་ཆོས་རྣམས་རང་མཚན་གྱིས་ཡོད་མཉམ་དུ་གསུངས་པ་དང་མེད་མཉམ་དུ་གསུངས་པ་ཅི་ལ་དགོངས་ཞེས་དྲི་བ་དང༌། ལན་ཡང་དེ་ལྟར་གསུངས་པའི་ཚུལ་ལ་ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན་ཏེ། ཁྱེད་ཅག་གིས་དུས་འདིའི་སྐབས་སུ་གསུངས་པ་དྲང་དོན་དང༌། འདིའི་སྐབས་སུ་གསུངས་པ་ངེས་དོན་ཡིན་ཞེས་པ་འདིའི་དོན་དུ་བསམ་ནས་ཐ་མའི་སྐབས་སུ་གསུངས་ཚད་ངེས་དོན་ཡིན་མིན་རྩོད་པའི་ཕྱིར། ཁྱབ་སྟེ། ཁྱེད་ཅག་ལྟར་ན་དུས་དང་པོར་གསུངས་པ་དང་བར་དུ་གསུངས་པ་རྣམས་ཅི་ལ་དགོངས་ཟེར་དགོས་པ་ལ། མདོ་ལས། དེའི་ནང་ནས་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བྱེ་བྲག་པ་རེ་དམིགས་ཀྱིས་བསལ་ནས་དྲིས་པའི་ཕྱིར་རོ། །གོང་དུ་དེའི་ཕྱིར་ཞེས་པ་ཡང་དེ་ལྟར་འགྲེལ་དགོས་སོ། །༼ཚི༽འདིར་དོན་དམ་པ་མཚན་ཉིད་ལྔ་ལྡན་ནི། བསྡུ་བ་ལས། དོན་དམ་པ་ནི་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང༌། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །དེ་ལ་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་ནི་དགོངས་པ་


GTD002_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་ཏུ་འདྲི་བས་ཞེས་པ་ནས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང༌། །བྱིས་པ་འདི་དག་གླེན་པ་རྣམ་པར་རྨོངས། །སྨྲ་བའི་སྤྲོས་ལ་དགའ་ཞིང་རྣམ་པར་རྨོངས། ཞེས་སོགས་ཀྱི་བར་དགོངས་པ་ངེས་འགྲེལ་གྱི་ལེའུའི་ཚིག་ཡོངས་རྫོགས་དྲངས་ཤིང༌། དེ་བཞིན་དུ་རྟོག་གེའི་སྤྱོད་ཡུལ་ལས་འདས་པའི་མཚན་ཉིད་འཆད་བྱེད་ལ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་པའི་བར་ཆོས་འཕགས་ཀྱི་ལེའུ་མཐར་ཆགས་སུ་དྲངས་ཤིང༌། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་འདས་པའི་མཚན་ཉིད་འཆད་བྱེད་ལ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་གིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །ཞེས་སོགས་ཀྱི་བར་ལེའུ་ཡོངས་རྫོགས་དང། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་སྟོན་པ་ལ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་བ་ཞེས་པ་ནས། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །ཞེས་སོགས་ཀྱི་བར་རབ་འབྱོར་གྱི་ལེའུ་རྫོགས་པར་དྲངས་སོ། །གཞུང་ལས་མཚན་ཉིད་


GTD002_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཉིས་མ་གཏོགས་པ་སོ་སོ་ནས་སྨོས་ཏེ་དགོངས་འགྲེལ་ལས་འབྱུང་བ་བཞིན་བལྟ་བར་བྱ་གསུངས་ཀྱང༌། འདིར་དོན་དམ་པ་མཚན་ཉིད་ལྔ་དང་ལྡན་པ་ཡང་དགོངས་འགྲེལ་ལས་ཞེས་སོགས་གསུངས་པ་དེའི་དོན་བསྡུས་པ་ཡིན་གྱི། བསྡུ་བའི་ཚིག་དངོས་ལ་དེ་ལྟར་མི་འབྱུང་ངོ༌། །དོན་དམ་པའི་ལེའུ་རྣམས་ཞེས་མང་ཚིག་གིས་སྨོས་པ་ཡང་ལེའུ་འདི་བཞི་ཡོངས་རྫོགས་ཀྱིས་དོན་དམ་པའི་མཚན་ཉིད་ལྔ་བཤད་པས། བཞི་ཀར་དོན་དམ་པའི་ལེའུ་ཞེས་གསུངས་པ་ཡིན་ཏེ། ལེའུ་སོ་སོའི་མཇུག་ཏུ་ཚིགས་བཅད་རྐང་པ་བཞིའམ་བརྒྱད་རེ་འབྱུང་བ་ལེའུ་དེ་དང་དེའི་དོན་བསྡུ་ཡིན་པས། འདིར་ཡང་བཀོད་ཡོད་དོ། །ཆོས་རྣམས་ཀྱི་མཚན་ཉིད་ནི། དགོངས་འགྲེལ་ལས་ཞེས་འདིར་བསྡུས་ནས་གསུངས་ཀྱང་བསྡུ་བ་རང་ལས་སེམས་ཀྱི་མཚན་ཉིད་དང་ཆོས་ཀྱི་མཚན་ཉིད་གཉིས་སུ་ཕྱེ་ནས་དང་པོ་སྟོན་པ་ལ། བཅོམ་ལྡན་འདས་ལ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ་ཞེས་པ་ནས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་སོགས་ཀྱི་བར་བློ་གྲོས་ཡངས་པའི་ལེའུ་དང༌། གཉིས་པ་སྟོན་པ་ལ། བཅོམ་ལྡན་འདས་ལ་ཡོན་ཏན་འབྱུང་གནས་ཀྱིས་ཞུ་བ་ཞུས་པ་ཞེས་པ་ནས། མཚན་ཉིད་མེད་པའི་ཆོས་ནི་རབ་ཤེས་ན། །ཀུན་ནས་ཉོན་མོངས་ཆོས་ནི་རབ་སྤོང་འགྱུར། །ཀུན་ནས་ཉོན་མོངས་ཆོས་ནི་རབ་སྤངས་ན། །ཤིན་ཏུ་རྣམ་དག་མཚན་ཉིད་རབ་ཐོབ་འགྱུར། །ཞེས་པའི་བར་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ཡོངས་རྫོགས་དྲངས་པ་གཉིས་ཀ་བཀོད་པ་ཡིན་ཏེ། མཚན་ཉིད་ཀྱི་ལེའུ་རྣམས་ཞེས་གསུངས་


GTD002_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང༌། དགོངས་འགྲེལ་གྱི་མགོ་ནས་མཐར་ཆགས་སུ་དྲངས་པ་ལ་བློ་གྲོས་ཡངས་པའི་ལེའུ་འདོར་དོན་མེད་པའི་ཕྱིར། ཐ་མ་འདིས་མཚན་ཉིད་མེད་ཅེས་པ་དང༌། ཀུན་ནས་ཉོན་མོངས་ཞེས་པ་དང༌། ཤིན་ཏུ་རྣམ་དག་ཅེས་པས་མཚན་ཉིད་གསུམ་བསྟན་པ་ཡིན་ནོ། །ངོ་བོ་ཉིད་མེད་པའི་མཚན་ཉིད་སྟོན་པར་དོན་དམ་ཡང་དག་འཕགས་ཞུས་ཡོངས་རྫོགས་དྲངས་ལ་བྱམས་ཞུས་དྲངས་པའི་མཚམས་སྦྱོར་དུ་ཆོས་རྣམ་པར་འགོད་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་ནི་དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་འབྱུང་བ་བཞིན་རིགས་པར་བྱ་སྟེ་ཞེས་གསུངས་ཀྱང༌། ལེའུ་འདིས་ཕྱི་དོན་གསུངས་པ་དྲང་དོན་དུ་འགྲེལ་པའི་གནད་ཀྱིས་ངོ་བོ་ཉིད་མེད་པའི་ལེའུར་སྡུད་པ་རྣམས་ཀྱི་སྒྲའི་དོན་ཡིན་ནམ་དཔྱད། མཐར་ཐུག་རིགས་ངེས་པ་དང༌། རྣམ་ཤེས་ཚོགས་བརྒྱད་སོགས་ནི་སྤྱན་རས་གཟིགས་ཀྱི་ལེའུ་སོགས་ལས་ཐོར་བུར་གསུངས་པ་མ་གཏོགས་སྔ་མ་རྣམས་དང་འདྲ་བར་ལེའུ་རིལ་པོས་སྟོན་པ་མེད་པས་ལེའུ་རྣམས་ཞེས་མ་སྨོས་པར་དགོངས་འགྲེལ་ལས་གསུངས་པ་རྣམས་ཞེས་སྨོས་ལ་བྱང་ས་སོགས་ལས་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་སྒྲུབ་ཚུལ་འོག་ཏུ་འཆད་པར་འགྱུར་བས། འདིར་ཟུར་ཙམ་ལས་མ་སྨོས་སོ། །སྐབས་འདིར་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་དོན་དམ་པ་མཚན་ཉིད་ལྔ་ལྡན་ཞེས་པ་དང་མདོ་སྡེ་རྒྱན་དྲངས་ནས་དེ་ལྟར་དུ་བཤད་པ་ནི་འོལ་ཚོད་ཀྱིས་ཉ་དང་ཉུང་མ་བསྲེས་པའོ། །ཡང་དེས་འཕགས་པ་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ནས་ཞེས་གཙོ་


GTD002_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བོར་སྨོས་པ། རྒྱུད་བླ་མའི་འགྲེལ་པར་སེམས་བདེན་སྟོང་གཏན་ལ་འབེབ་པའི་ཚེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་སོགས་ལ་བརྟེན་ཀྱང་དེ་གཙོ་བོ་ཡིན་པ་འགོག་ཆེད་དུ་བཤད་པ་ཡང་མ་འབྲེལ་ཏེ། འཕགས་པ་ཐོགས་མེད་ཀྱིས་གསུངས་ཚད་མདོ་གང་ལ་བརྟེན་འཆད་པ་མིན་གྱི། སེམས་ཙམ་དང་མཐུན་པའི་དྲང་ངེས་ཀྱི་ཚུལ་འདི་གང་ལ་བརྟེན་འཆད་པ་འོག་ཏུ་ཀླུ་སྒྲུབ་ཀྱིས་གང་ལ་བརྟེན་འཆད་པའི་སྐབས་ཀྱིས་ཤེས་ལ། དེ་ཡང་ལེགས་ཕྱེའི་ནང་ནས་ལང་གཤེགས་སོགས་ལས་འདི་གཙོ་བོའི་དོན་ཡིན་གྱི། སྐབས་འདིར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོར་བརྟེན་པ་ཙམ་ཡང་མ་ཡིན་པས་གཙོ་བོ་སྨོས་དོན་མེད་ལ། དེའི་ཚེ་དེ་གཙོ་བའི་ཕྱིར། ༼ཛི༽དེ་ལ་དང་པོ་ཇི་ལྟར་ཡོད་ཅེ་ན་ཞེས་པའི་དོན་ལ་པྲ་སྟིས་སྒྲོ་སྐུར་བྱེད་ཚུལ་ཇི་ལྟར་ཡོད་ཅེ་ན་ཞེས་བཤད་ཀྱང༌། འོག་ཏུ་སྒྲོ་སྐུར་སྤང་བའི་ཚུལ་གྱིས་ཡོད་དེ་ཞེས་གསུངས་ཀྱི་ཞེས་པ་དང་མ་འབྲེལ་བས། རང་ལུགས་དཀའ་འགྲེལ་ལས། གནས་ལུགས་ཀྱི་དོན་ཇི་ལྟར་ཡོད་ཅེ་ན་ཞེས་པ་ལྟར་གནས་ལུགས་སམ་མཐའ་གཉིས་སྤང་བའི་དབུ་མའི་ལམ་དེ་ཇི་ལྟར་ཡོད་ཅེས་དྲིས་པ་ཡིན་ནོ། །འདི་ལ་བསམ་ནས་གཞི་གྲུབ་ན་སྒྲོ་སྐུར་སྤང་བའི་ཚུལ་གྱིས་ཡོད་པས་ཁྱབ་པར་སྨྲ་བ་ཡིག་ཆ་གསར་རྙིང་གཉིས་ཀས་བཀག་ལ། གཞུང་གི་དོན་ཡང་མ་ཡིན་ཏེ། གཞུང་འདིའི་དོན་བློ་དམན་པ་རྣམས་ཀྱིས་གནས་ལུགས་ཇི་ལྟར་ཡོད་བཙལ་བའི་ཚེ་ཁ་ཅིག་མེད་བཞིན་དུ་ལྷག་པར་སྒྲོ་བཏགས་ཏེ་སྒྲུབ་ཚོད་མ་ཟིན་པར་དབུས་ནས་ཐལ་སོང་བས་རྟག་མཐའ་དང༌། ཁ་ཅིག་ཡོད་པ་དེ་ལ་


GTD002_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་དོ་ཞེས་དགག་ཚོད་མ་ཟིན་པར་དབུས་ནས་ཐལ་སོང་བས་ཆད་མཐའ་སྟེ་མཐའ་གཉིས་སྤང་བའི་ཚུལ་གྱིས་ཡོད་ཅེས་པ་མ་ཟིན་པ་སྨོས་པའི་དོན་ཡིན་པའི་ཕྱིར། གཞན་དུ་ན་སྒྲོ་འདོགས་སྤངས་པ་དང་ཞེས་སྨོས་པའི་ཆོག་པའི་ཕྱིར། སྒྲོ་འདོགས་སྒྲོ་འདོགས་ཀྱི་མཐའ་མིན་ལ། སྒྲོ་འདོགས་ཀྱི་མཐའ་དང༌། རྟག་མཐའ་ཡོད་མཐའ་སོགས་བརྟགས་པ་མཐའ་བཟུང་གི་དོན་གཅིག་ཀྱང་སྤྱིར་མེད་པ་དང༌། འོན་ཀྱང་དེར་གནས་པ་དང་ལྷུང་བ་ཡོད་པ་མི་འགལ་བ་སོགས་དང། ཆོས་ཐམས་ཅད་གཞི་དབུ་མ་ཡིན་ཀྱང་རང་སྟོན་པའི་གཞུང་དང་རྟོགས་པའི་བློ་དེ་གཞུང་དང་ལམ་གྱི་དབུ་མ་ཡིན་མི་དགོས་པ་སོགས་ཞིབ་ཆ་ཕྲན་ཚེགས་རྣམས་མཐའ་དཔྱོད་ལས་ཤེས་པར་བྱའོ། །ཁ་ཅིག་གཟུགས་ལ་སོགས་པའི་ཆོས་རྣམས་དང༌། གཟུགས་ལ་སོགས་པའི་ངོ་བོ་ཞེས་སྨོས་པ་ཁྱད་པར་དང་ངོ་བོའི་དབང་དུ་བྱས་ཟེར་ཡང༌། སྔ་མས་ཆོས་རྣམས་སྤྱིར་བསྟན་པ། ཕྱི་མས་སྒྲོ་འདོགས་ཀྱི་གཞིའི་གཙོ་བོ་གཞན་དབང་ཡིན་པས་དེ་ཉིད་དམིགས་ཀྱིས་བསལ་བའོ། །ཁ་ཅིག་འོ་ན་འདིར་དངོས་སུ་བསྟན་པའི་སྒྲོ་འདོགས་ཀྱི་གཞི་ཀུན་བཏགས་མིན་ནམ་ཞེ་ན་འོག་ཏུ་འཆད་དོ། །དེ་ནས་སྐུར་འདེབས་ཀྱི་གཞི་གཞན་དབང་ཁྱད་ཆོས་གསུམ་ལྡན་དུ་བཤད་པའི་གཉིས་པ་བརྗོད་དུ་མེད་པའི་དངོས་པོའི་དོན། དཀའ་འགྲེལ་ལས་བརྡའ་སྦྱོར་དགོས་ཀྱི་དངོས་པོ་ཞིག་ལ་གསུངས་པའི་དགོངས་པ་ཡིག་ཆར་བརྡ་སྦྱོར་དགོས་ཀྱི་གང་ཟག་གི་ངོ་ལ་སྦྱར་ཏེ། སྤྱིར་རང་གྲུབ་ཙམ་ནས་ཐ་སྙད་དང་ལྡན་དགོས་པར་དགོངས་སོ། །རིན་ཆེན་བྱང་ཆུབ་ཀྱིས་ཀྱང་བུམ་བརྡ་མ་སྦྱར་བ་དེས་ལྟོ་ལྡིར་བ་མཐོང་བའི་ཚེ་


GTD002_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་ཙམ་བརྗོད་དུ་ཡོད་ཀྱང་བུམ་པའི་ཐ་སྙད་བརྗོད་དུ་མེད་པས། མཚོན་བྱས་བསྡུས་པའི་འདུས་བྱས་རྣམས་བརྗོད་དུ་མེད་པའི་དངོས་པོ་མིན་ལ། མཚན་ཉིད་ཀྱིས་བསྡུས་པ་རྣམས་དེ་ཡིན་ནོ་ཞེས་བཤད་དེ། མཚོན་བྱ་ལ་རང་གི་ངོ་བོ་ངེས་པ་ལས་ལོགས་སུ་ཐ་སྙད་ཚོལ་རྒྱུ་མེད་པ་ལ་བསམ་པའོ། །འོན་ཀྱང་ཀུན་མཁྱེན་འཇམ་དབྱངས་བཞད་པ་རང་ཉིད་ཀྱི་དགོངས་པ་ནི་བརྗོད་དུ་མེད་པའི་དངོས་པོའི་དོན། དོན་དམ་པར་སྒྲ་རྟོག་གི་ཡུལ་མ་ཡིན་པ་ལ་བྱེད་པར་མངོན་ཏེ། བྱང་སར། བཏགས་པའི་ཚིག་གི་མཚན་མའི་གཞི་ཞེས་སོགས་ཀྱིས་བཤད་པའི་ཁྱད་ཆོས་གསུམ་དང༌། འཇུག་པར་སེམས་ཙམ་པའི་འདོད་པ་བརྗོད་པའི་སྐབས་སུ། ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་ཁྱད་ཆོས་གསུམ་གསུངས་པ་སྦྱར་ཏེ། གཉིས་ཀའི་ཐད་དུ། དོན་དམ་པར་སྒྲ་རྟོག་གི་སྤྲོས་པའི་ཡུལ་མ་ཡིན་པའམ། བརྗོད་དུ་མེད་པ་དང༌། ཞེས་གསུངས་པའི་ཕྱིར། དོན་དམ་པར་དེའི་ཡུལ་མིན་ཚུལ་ཡང༌། གནས་ཀྱི་བཀོད་པ་ལྟ་བུ་ཞིག་གཞན་གྱིས་བརྗོད་པའི་ཚེ་བློར་ལམ་གྱིས་འཆར་རྒྱུ་ཞིག་ཡོད་པ་དེ་སྒྲ་སྤྱི་ཡིན་གྱི་དོན་དངོས་མ་ཡིན་ཏེ། དེ་ཡིན་ན་མིག་གིས་མཐོང་བ་ལྟར་རྩི་ཤིང་སོགས་ཀྱང་འཆར་དགོས་པ་ལ། དེ་དག་འཆར་བ་སོ་སོ་ནས་བརྗོད་དགོས་ཀྱི། བརྡ་གཅིག་གིས་ཁྱད་པར་ཀུན་བློར་འཕེན་མི་ནུས་པའི་ཕྱིར། སེལ་བའི་རྣམ་པའི་འཇུག་ཚུལ་ཡང་དེ་ཡིན་ཏེ། རྣམ་འགྲེལ་ལས། ཁྱད་པར་རྣམས་ལ་བརྡ་དག་ནི། །འཇུག་པ་སྲིད་པ་ཡོད་མ་ཡིན། །ཞེས་དང༌། དགོངས་པ་རབ་གསལ་ལས།


GTD002_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ན་བཏགས་པའི་རྣམ་པ་འཛིན་པའི་ཞེས་གསུངས་པའི་ཕྱིར། དེར་མ་ཟད་ཞིབ་ཏུ་ཕྱེ་ན་བརྗོད་པ་པོའི་རྟོགས་དུས་ཀྱི་དེ་ཁོ་ནའི་དོན་སྤྱི་ཡིན་གྱི། སྐབས་དེར་ཡོད་པ་དེའི་སྒྲ་སྤྱི་ཡིན་པར་མ་ངེས་ཏེ། སྐབས་དེར་ཡུལ་ཇི་ལྟར་ཡོད་ཀྱང༌། བློ་ལ་དེའི་བཤད་པ་ལྟར་གྱི་རྣམ་པ་ཞིག་འཆར་བའི་ཕྱིར། འོན་ཀྱང་སངས་རྒྱས་ཀྱི་གསུང་གི་ཁྱད་པར་ཡང་བརྗོད་པས། སེལ་འཇུག་མ་ཡིན་པར་བླ་མ་དག་འཆད་ཀྱང༌། གཅིག་གིས་བློར་མཉམ་དུ་མི་འཕེན་པས་དཔྱད་དགོས། དེ་ལ་འོ་ན་ཡོད་དང་ཞེས་པས་ཀུན་བཏགས་ཀྱི་གཞི་ཡིན་པར་ཇི་ལྟར་བསྟན་ཞེ་ན། གཞུང་དེའི་ཕྱོགས་སྔར་དབུས་མཐའི་འགྲེལ་པ་སོགས་ཡོང་ཞིང༌། དེར་ལྷག་མ་ཡོད་པར་གསུངས་པ་ཀུན་བཏགས་བཀག་ཤུལ་ན་དེས་སྟོང་རྒྱུའི་གཞི་དང་སྟོང་པ་དོན་དམ་པར་ཡོད་པ་ལ་འོག་ཏུ་འཆད་པར་འགྱུར་བས་འདིར་སྨོས་པ་ཡང་དེར་མ་གྲུབ་བཞིན་དུ་དེར་ཀུན་བཏགས་པའི་གཞི་དོན་དམ་པར་ཡོད་པ་ལ་བྱ་ཡི། སྤྱིར་ཡོད་ཙམ་ལ་མི་བྱ་སྟེ། དབུ་མ་སྙིང་པོར་ཡང༌། བཏགས་པ་རྒྱུ་མཚན་བཅས་ཕྱིར་དང༌། །ཞེས་སྨོས་སོ། །པྲ་སྟིའི་དྲང་ངེས་རྣམ་འབྱེད་རྒྱས་པར་གཞན་དབང་གི་གཙོ་བོ་ཀུན་རྟོག་དང་ཡོངས་གྲུབ་གཉིས་རང་རིག་དང་མི་རྟོག་ཡེ་ཤེས་ཀྱི་ངོར་གཉིས་སྣང་ནུབ་པའི་ཕྱིར་སྤྲོས་པའི་རྣམ་པར་བརྗོད་དུ་མེད་པ་ལ་བཤད་པ་ཡང་བབ་ལེགས་ཀྱང་སྔ་མ་གཞུང་སྤྱི་དང་མཐུན་ནོ། །འདིར་འདུལ་བ་ལས་ཉམས་པར་གསུངས་པའི་འདུལ་བ་ནི། སྒྲིབ་པ་ཟད་བྱེད་ཀྱི་དམིགས་པ་ཆོས་ཉིད་སྟོན་པའི་མདོ་དགོངས་འགྲེལ་སོགས་ལ་བྱ་ཡི། དེའི་བྱེད་པ་ལུས་ངག་གི་ལྟུང་བ་འགོག་པའི་སོ་ཐར་གྱི་


GTD002_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་སོགས་ལ་མི་བྱའོ། །དེ་ལྟར་འདུལ་བ་གཉིས་སུ་དབྱེ་བ་ཡང༌། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། འདུལ་བ་ནི་དེ་བཞིན་གཤེགས་པས་གཉིས་འཐད་གསུངས་ཏེ། གཉིས་གང་ཞེ་ན། ལྟུང་བ་འདུལ་བ་དང། ཉོན་མོངས་པ་འདུལ་བའོ། །ཞེས་གསུངས་པའི་ཕྱིར། ༼ཝི༽འདིར་ཐམས་ཅད་ཀྱི་ཐམས་ཅད་ཅེས་སྨོས་པའི་དོན་ལ་ཁ་ཅིག་དབུ་མ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་བདེན་པར་མེད་དོ་ཞེས་སྐུར་བ་འདེབས་པ་ལ་འདོད་ཀྱང༌། འདི་ལྟར་བཤད་ན་ལེགས་སམ་སྙམ་སྟེ། རྩ་ཤེས་ལས། དངོས་པོ་གང་དང་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གུར་གུམ་དང་ལོ་ཏོག་ལྟ་བུ་ཡུལ་དུས་འགའ་ཞིག་ཏུ་མི་སྐྱེ་བ་ལྟ་བུ་མ་ཡིན་པར། ཡུལ་དུས་གྲུབ་པའི་མཐའ་གང་གི་དབང་གིས་ཡང་རང་མཚན་གྱིས་སྐྱེ་བ་མེད་པར་གསུངས་པ་ལྟ་བུ་རང་མཚན་ཆ་ཐམས་ཅད་ནས་མེད་པར་སྒྲུབ་པ་ལ་ལུགས་འདིས་སྐུར་འདེབས་སུ་བཤད་པའོ། །བཤད་ཚུལ་འདི་ལྟར་འཐད་པ་ནི། འོག་ཏུ་དོན་དམ་པར་ཡོད་པའི་དངོས་པོ་ཡེ་མེད་དམ། ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་ཅེས་པ་འགོག་པ་ཡིན་གྱི་ཞེས་པས་ཀྱང་ཤེས་སོ། །འདི་ལ་དཔར་གསར་རྙིང་གཉིས་ཀས་ཐམས་ཅད་དུ་མེད་ཅེས་འགོག་པ་ཞེས་འདུག་ཀྱང༌། གོང་དུ་ཡེ་མེད་མིན་གསུངས་པ་ནི་ཞེས་པ་དང་སྦྱར་ན་པ་ཆད་པ་ཡིན་ཚོད་དུ་འདུག་པས་བརྟག་དགོས། འདི་ལ་ཁ་ཅིག་བརྗོད་དུ་མེད་པའི་དོན་དོན་དམ་པར་སྒྲ་རྟོག་གི་ཡུལ་མ་ཡིན་པ་ལ་བཤད་པ་མི་རིགས་པར་ཐལ། འདུས་མ་བྱས་རྣམས་ཀྱང་དོན་དམ་པར་སྒྲ་རྟོག་གི་ཡུལ་མ་


GTD002_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་གང་ཞིག །འདི་འདུས་བྱས་ལ་སྦྱར་བའི་ཕྱིར་ན་མ་ཁྱབ་སྟེ། འདུས་བྱས་རྣམས་དོན་དམ་པར་ཡང་གྲུབ་ལ་སྒྲ་རྟོག་གི་ཡུལ་ཡང་ཡིན་པས་དེའི་ཡུལ་དུ་དོན་དམ་པར་གྲུབ་སྙམ་པའི་དོགས་པ་ཆེ་བ་འགོག་ཆེད་ཡིན་པའི་ཕྱིར། གཞན་དུ་ན་ཀུན་བཏགས་འདོགས་པའི་གཞི་ཡིན་པའང་འདིར་སྦྱར་མི་རིགས་པར་ཐལ། འདུས་མ་བྱས་རྣམས་ཀྱང་དེ་ཡིན་པའི་ཕྱིར། ཡང་ཁ་ཅིག་གཞན་དབང་རང་མཚན་གྱིས་མེད་པ་དེ་སྒྲོ་འདོགས་ཀྱི་མཐའ་ཡིན་པར་ཐལ། དེ་ལྟར་འཛིན་པའི་བློ་དེ་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། གཞན་དབང་རང་མཚན་གྱིས་གྲུབ་པར་རྟོགས་པའི་ཡིད་དཔྱོད་ཀྱིས་གཅོད་རྒྱུའི་མཐའ་གཅིག་འཛིན་གྱི་སྒྲོ་འདོགས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཡིན་ཀྱང་སྒྲོ་འདོགས་ཡིན་མི་དགོས་པའི་ཕྱིར། ཁྱོད་རང་ལ་དེ་ཆོས་ཅན། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་པར་ཐལ། བཏགས་པའི་ཚིག་གི་མཚན་མའི་གཞི་ཞེས་སོགས་ཀྱི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། གཞུང་འདིས་དངོས་སུ་འགོག་རྒྱུ་ལ་སྒྲོ་འདོགས་གཅིག་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲོ་སྐུར་མི་འགལ་བར་ཐལ། གཞན་དབང་རྟོག་པས་བཏགས་ཙམ་དུ་གྲུབ་པར་འཛིན་པ་དེ་དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར་ཏེ། དེ་རྟོག་བཏགས་ཙམ་དུ་བཟུང་ན་མཚན་ཉིད་གསུམ་ག་ལ་སྐུར་འདེབས་སུ་བཤད་པའི་ཕྱིར་ཟེར་ན། དང་པོ་མ་གྲུབ་བྱས་པ་ལ་ཁོ་ན་རེ། དེར་ཐལ། རྟོག་བཏགས་ཙམ་དུ་མ་གྲུབ་བཞིན་དུ་གྲུབ་པར་བཟུང་བའི་ཕྱིར་ན་མ་ཁྱབ་སྟེ། བདག་དང་འཇིག་རྟེན་མཐའ་དང་ལྡན་པར་ལྟ་བ་དེས་མི་ལྡན་བཞིན་དུ་ལྡན་པར་བལྟས་ཀྱང༌། རྣམ་བཤད་ལས། མཐའ་དང་ལྡན་པ་སྐྱེ་བ་


GTD002_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མར་མི་འཇུག་པར་ལྟ་བ་ཞེས་གསུངས་ལ། གསེར་ཕྲེང་ལས་ཀྱང༌། མཐའི་དོན་དེ་ལྟར་འཆད་པའི་དབང་དུ་བྱས་ན་འདུ་བའི་ལྟ་བར་གསུངས་ཀྱི་གཡོ་བའི་ལྟ་བར་མ་གསུངས་པའི་ཕྱིར་རོ། །༼ཞི༽འདི་ལ་དཔྱོད་ལྡན་ཁ་ཅིག་ན་རེ། མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པའི་སྐབས་ཀྱི་སྒྲོ་འདོགས་ཀྱི་མཐའ་དང༌། སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་འགོག་བའི་སྐབས་ཀྱི་སྒྲོ་འདོགས་ཀྱི་མཐའ་གཅིག་གམ་མི་གཅིག མི་གཅིག་ན་དེ་གཉིས་འགོག་བྱེད་སོ་སོ་བ་དགོས་པ་ལ། འོག་ཏུ་ངོ་བོ་དང༌། ཁྱད་པར་དུ་བཏགས་པ་དེས་དེ་དོན་དམ་པར་སྟོང་པར་བསྟན་པས་འགོག་སྟེ། ཞིབ་ཏུ་འཆད་པར་འགྱུར་རོ། །ཞེས་ཐུན་མོང་དུ་གསུངས་པ་དང་འགལ་ལོ། །གཅིག་ན་ནི། འོག་མར་ཆོས་བདག་དགོས་པས། འདིར་ཡང་དེ་དགོས་སམ། དགོས་ན་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཡང་དེར་འགྱུར་ཏེ། ཀུན་བཏགས་རང་མཚན་གྱིས་གྲུབ་པར་འཛིན་པ་སྒྲོ་འདོགས་སུ་དངོས་སུ་བསྟན་ནས་དོན་དམ་པར་ཡོད་པར་འཛིན་པ་སྒྲོ་འདོགས་སུ་ཤུགས་ལ་བསྟན་པའི་ཕྱིར་ཟེར་ན། སྔོན་གྱི་མཁས་པ་མང་པོ་ཞིག་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཆོས་བདག་ཏུ་འདོད་དེ། འདིར་བྱང་སའི་དོན་འཆད་པའི་ཚེ་གོང་དུ་ཚིག་གིས་བཏགས་པའི་ངོ་བོ་ཉིད་གཟུགས་ལ་སོགས་པ་ཚིག་གིས་བཏགས་པའི་གཞི་དེ་ཉིད་རང་མཚན་གྱིས་ཡོད་པར་ཞེན་པ་ལ་བྱས་ནས། དོན་བསྡུས་ཚེ། སྤྱིར་ཀུན་བཏགས་དོན་དམ་དུ་ཡོད་པར་ཞེན་པ་ལ་གསུངས་ཀྱི། དེ་གཉིས་ཁྱད་མ་ཕྱེ་བའི་ཕྱིར་ཟེར།


GTD002_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གཉིས་སྤྱིར་བསྟན་པའི་དེ་ལ་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཡོང་ཞིང༌། སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པའི་སྐབས་ཀྱི་སྒྲོ་འདོགས་ཀྱི་མཐའ་ལ་ཡང་ཡོང་ཆོག་མོད་འོན་ཀྱང་ཆོས་བདག་དངོས་ཡིན་མི་དགོས་ཏེ། འདིར་བཤད་པའི་ཀུན་བཏགས་ནི་ཐག་ཁྲ་སྦྲུལ་དུ་སྣང་བའི་སྣང་ཆ་དང་དཔེ་དོན་སྦྱོར་བ་གོང་དུ་བཤད་ཟིན་པས་དེའི་སྟེང་ནས་བཤད་ན་དེ་འདྲའི་སྣང་ཆ་དེ་བློས་བཏགས་ཙམ་མ་ཡིན་པར་གྲུབ་ན་རང་ངོས་ནས་སྦྲུལ་གྱི་རྣམ་པར་སྐྱེ་དགོས་ལ། དེ་སྐྱེས་ན་དེ་འདྲའི་སྣང་ཆ་དེ་གཞི་ཐག་ཁྲ་དེ་དང་འབྲེལ་ཞིང༌། སྦྲུལ་གྱི་རྣམ་པར་སྐྱེས་པ་དེ་ཡང་དོན་བདེན་པ་ཡིན་པས་ཐག་ཁྲའི་གཤིས་སུ་སོང་སྟེ། ཐག་ཁྲ་དེ་ཉིད་སྦྲུལ་དུ་གྲུབ་དགོས་ཀྱི་ལོག་ན་སྦྲུལ་དུ་གྲུབ་རྒྱུ་གཞན་མེད་དོ། །འོན་ཀྱང་སྣང་ཆ་སྦྲུལ་གྱིས་སྟོང་པ་དེ་ཐག་ཁྲ་སྦྲུལ་དུ་གྲུབ་པ་བཀག་ཙམ་ཡང་མིན་ལ། སྣང་ཆ་སྦྲུལ་དུ་མ་གྲུབ་པར་བཟུང་བས་ཐག་ཁྲ་སྦྲུལ་འཇིགས་ཡང་དངོས་སུ་མི་སེལ་ལོ། །དེ་བཞིན་དུ་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དོན་དམ་པར་གྲུབ་ན་ཡོངས་གྲུབ་ལྟར་གཞི་གཞན་དབང་དེའི་སྡོད་ལུགས་སུ་མི་བསླུ་དགོས་པས། ཆོས་བདག་ཏུ་ཀུན་བཏགས་པ་དོན་ལ་གནས་དགོས་ཀྱང་ཀུན་བཏགས་དོན་དམ་པར་མ་གྲུབ་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་མི་དགོས་སོ། །འདིར་ཐུན་མོང་དུ་བཀག་པ་ནི་སྔར་བཤད་པ་ལྟར་ཀུན་བཏགས་རང་མཚན་གྱིས་གྲུབ་པ་དང་ཆོས་བདག་ཡོད་ན་ཡོད་མཉམ་དང༌། མེད་ན་མེད་མཉམ་ཡིན་དགོས་པའི་རིགས་པའི་འཕུལ་ཡིན་པས་རིགས་པའི་འཕུལ་དང་དངོས་ཀྱི་ཁས་བླངས་གཉིས་ཁྱད་ཕྱེད་པ་གལ་ཆེའོ། ། ༼ཟི༽བྱང་སའི་ལུང་འདིས་དེ་གཉིས་ཀ་


GTD002_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་རིགས་སོ་ཞེས་པ་ཡོངས་གྲུབ་ཀུན་བཏགས་གཉིས་ལ་བྱེད་ཀྱང་གོང་དུ་གཉིས་ཀ་ལ་བཤད་པ་ལ་སྐྱོན་མེད་ཅེས་པ། གཞན་དབང་ཡོངས་གྲུབ་གཉིས་ལ་བྱེད་དེ། དགོངས་འགྲེལ་ལས། བཏགས་པའི་ཚིག་གིས་མཚན་མའི་གཞི་གཞན་དབང་ལ་སྦྱར་བའི་དོན་བཞིན། བྱང་སའི་ཡང་དངོས་སུ་གཞན་དབང་གཅིག་པུ་དོན་དམ་པར་མ་གྲུབ་པར་ལྟ་བ་སྐུར་འདེབས་སུ་བཤད་མོད་ཀྱང༌། བཤད་ཚུལ་དེ་གཞན་དབང་ཡོངས་གྲུབ་གཉིས་ཀ་ལ་སྦྱར་ཏེ་དོན་དམ་པར་མ་གྲུབ་པར་ལྟ་བ་སྐུར་འདེབས་སུ་བཤད་ཆོག་པའི་ཕྱིར། ཞེས་པའི་དོན་ཡིན་པས་སོ། །འདི་ལ་ཁ་ཅིག་གཞན་དབང་དོན་དམ་པར་མ་གྲུབ་པར་ལྟ་བ་སྐུར་འདེབས་སུ་དངོས་སུ་མ་བཤད་པར་ཐལ། གཞན་དབང་རང་མཚན་གྱིས་མ་གྲུབ་པར་ལྟ་བ་སྐུར་འདེབས་སུ་དངོས་སུ་བཤད་ནས་དོན་དམ་པར་མ་གྲུབ་པར་ལྟ་བ་སྐུར་འདེབས་སུ་ཤུགས་ལ་བཤད་པའི་ཕྱིར། དེར་ཐལ། ཀུན་བཏགས་རང་མཚན་གྱིས་གྲུབ་པར་ལྟ་བ་སྒྲོ་འདོགས་སུ་དངོས་སུ་བཤད་ནས་དོན་དམ་པར་གྲུབ་པར་ལྟ་བ་སྒྲོ་འདོགས་སུ་ཤུགས་ལ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སའི་གཞུང་རང་ཉིད་ལས་སྔ་མ་ལ་རང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པ་ལ་ཞེས་གསུངས་ཤིང༌། ཕྱི་མ་ལ་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཞེས་གསུངས་པས་ཁྱད་ཡོད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། སྤྱིར་དོན་དམ་པར་གྲུབ་པ་དང་རང་མཚན་གྱིས་གྲུབ་པ་ལ་ཁྱད་མེད་ཀྱང༌། འདིར་དེ་ལྟར་གསུངས་པའི་རྒྱུ་མཚན་ཡོད་དེ། ཀུན་བཏགས་བདེན་པར་མ་གྲུབ་ཀྱང་དེ་ལ་བདེན་


GTD002_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་ངོ་བོ་ཉིད་མེད་པ་ཞེས་མ་གྲགས་པར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་གྲགས་པའི་ཟླས་དྲངས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་སྒྲོ་འདོགས་སུ་བཤད་ཅིང༌། དབུ་མ་པ་རྣམས་དོན་དམ་དུ་ཡོད་པའི་ཡོད་མཐའ་དང༌། ཐ་སྙད་དུ་མེད་པའི་མེད་མཐའ་ཞེས་ཟེར་གྱི་རང་མཚན་གྱིས་གྲུབ་པའི་ཡོད་མཐའ་ཞེས་ཆེར་མ་གྲགས་པས། སྔ་མ་དེའི་ཟླས་དྲངས་ནས་དོན་དམ་དུ་མེད་པར་འཛིན་པ་སྐུར་འདེབས་སུ་དངོས་སུ་བཤད་པ་ཡིན་པའི་ཕྱིར། གཞན་དབང་རང་མཚན་གྱིས་མ་གྲུབ་པར་འཛིན་པ་དེ་གཞན་དབང་དོན་དམ་པར་མ་གྲུབ་པར་འཛིན་པ་ཡིན་པས། བྱང་སའི་དངོས་བསྟན་གྱི་སྐུར་འདེབས་ཡིན་ཀྱང༌། བྱང་སའི་དེ་དངོས་སུ་སྐུར་འདེབས་སུ་བཤད་མི་དགོས་སམ་སྙམ་སྟེ་བརྟག་པར་བྱའོ། །༼འི༽འདི་ནི་ཕྱོགས་སྔ་མས་ཁོ་བོ་ཅག་ཆོས་རྣམས་མེད་དོ་ཞེས་མི་སྨྲ་ཡི། དོན་དམ་པར་མེད་ཅེས་སྨྲ་བ་ཡིན་པས། གང་ཟག་ལྟ་བུ་ཡང་རང་གི་གདགས་གཞིའི་ཕུང་པོ་ལྔ་ལ་བཏགས་ཙམ་དུ་ཡོད་དོ་ཞེས་པའི་ལན་ཁོང་ནས་བསུས་ཏེ་འགོག་པ་ཡིན་ལ། འགོག་ཚུལ་ནི་གང་ཟག་རྟོག་བཏགས་ཙམ་དུ་ཡང་མེད་པར་ཐལ། དེ་གང་ལ་འདོགས་པའི་གཞི་ཁོ་རང་མེད་པའི་ཕྱིར། དེར་ཐལ། ཐོ་ཡོར་ལ་མིར་འཁྲུལ་པའི་ཚེ་དེའི་ཆ་ཤས་སོགས་ལ་མགོ་དང་ལུས་སོགས་སུ་རློམ་པ་སྐྱེ་ཡང༌། དེ་ཙམ་གྱིས་ཐོ་ཡོར་གྱི་མིའི་གདགས་གཞིར་གྱུར་པའི་ལུས་སོགས་དོན་དུ་ཡོད་མི་དགོས་པ་དང་འདྲ་བར་འདིར་གང་ཟག་དངོས་ཀྱི་གདགས་གཞི་དེ་ཡང་རློམ་ཙམ་ལས་དོན་དུ་མེད་པའི་ཕྱིར་ཞེས་པ་སྟེ་དོན་བསྡུས་ན། གདགས་གཞི་མེད་པའི་གདགས་ཆོས་མི་རུང་ངོ་ཞེས་པ་ཡིན་ལ།


GTD002_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་པས་དེ་ལ་ལན་འདེབས་ཚུལ་ནི། ཐོ་ཡོར་གྱི་མི་དང་མི་དངོས་གཉིས་སེམས་ཀྱི་སྣང་ཆ་ཙམ་དུ་མཚུངས་མོད་ཀྱང༌། མིར་གྲུབ་མ་གྲུབ་ཀྱི་ཁྱད་པར་འབྱེད་ཚུལ་ཡོད་དེ། སྔ་མ་ནི་རང་གིས་ཀྱང་མི་མ་ཡིན་པར་སླར་ངེས་པའི་ཚེ་ཐ་སྙད་པའི་ཚད་མས་ཁེགས་པར་འགྱུར་ལ། གཞན་གྱིས་ཀྱང་དེ་མི་མ་ཡིན་ནོ་ཞེས་གྲགས་པས་འགོག་པར་འགྱུར་ཞིང༌། མི་དངོས་ལ་ནི་དེ་ལྟར་ཐ་སྙད་པའི་ཚད་མས་གནོད་པ་མི་འཇུག་པའི་ཕྱིར་ཞེས་སྨྲ་སྟེ། ལྷག་མཐོང་ཆེན་མོར་ཐ་སྙད་པའི་ཚད་མས་མི་གནོད་པ་དགོས་ཏེ། དེ་ལྟ་མ་ཡིན་ན་དབང་ཕྱུག་ལ་སོགས་པ་ཐ་སྙད་དུ་ཁས་མི་ལེན་ལ། གཟུགས་སྒྲ་སོགས་ཐ་སྙད་དུ་ཁས་ལེན་པའི་ཁྱད་པར་གཏན་མི་རུང་བས། ཞེས་གསུངས་པའི་ཕྱིར། ཁ་ཅིག་འདི་ལ་ཡང་རྟོན་པ་ཕྱི་མ་གཉིས་གོ་ལྡོག་པར་ཐལ་བའི་སྐྱོན་བརྗོད་མོད་ཀྱང་འགོག་ཚུལ་སྟོང་ཐུན་ལས་ཤེས་པར་བྱ་ཡི། སྐབས་མིན་པས་འདིར་མ་སྤྲོས་སོ། །ཐལ་འགྱུར་བ་ཕྱི་དོན་ཁས་ལེན་པའི་རྒྱུ་མཚན་ཡང༌། དེ་ལ་བློ་ལ་སྣང་རྒྱུ་ཙམ་ཞིག་ཡོད་ལ། སྣང་ཙམ་པོ་དེར་ཐ་སྙད་པའི་ཚད་མས་གནོད་པ་འདི་བས་ཀྱང་མ་བརྗོད་ཅིང་དོན་དུ་ཡང་མི་འཇུག་པ་དེའི་གནད་ཀྱིས་ཡིན་ཏེ། གྲུབ་མཐའ་རྩ་བར། ཐ་སྙད་དཔྱོད་བློས་མི་ཁེགས་མི་འགྲུབ་ཕྱིར། །ཕྱི་དོན་ཡོད་དང་ཞེས་གསུངས་པའི་ཕྱིར། ༼ཡི༽འདི་དག་ལ་དབུ་མ་པས་ལན་འདེབས་ཚུལ་ནི། རྩ་ཤེས་རབ་བྱེད་ཉེར་བཞི་པར། ཁྱོད་ཀྱིས་རང་གི་སྐྱོན་རྣམས་ནི། །ང་ལ་སྐྱོན་དུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཞེས་པ་ནས། གལ་ཏེ་འདི་ཀུན་མི་


GTD002_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་སོགས་ཏེ། ཁོ་བོ་ཅག་རང་ངོས་ནས་མེད་པར་སྨྲ་བ་ལ་རྒྱུ་རྐྱེན་གཞན་གྱིས་བཅོས་པ་ལྷག་པར་འཐད་པ་ཡིན་གྱི། རང་བཞིན་དང་བཅོས་མ་རྒྱབ་འགལ་ཡིན་པས་སེམས་ཙམ་པ་ཁྱེད་ཅག་ལ་རྒྱུ་འབྲས་མེད་པར་ཐལ་བ་འབྱུང་བ་ལ་ད་དུང་ངེད་འགོག་པ་མི་རིགས་ཏེ། དེ་ནི་རྟ་ལ་ཞོན་བཞིན་དུ་བརྗེད་ནས་གཞན་ལ་རྐུན་ཁེག་འགེལ་བ་དང་འདྲ་བའི་ཕྱིར་ཏེ། རྟེན་འབྱུང་ཁས་ལེན་ལ་གནས་བཞིན་དུ་རྟེན་པའི་དོན་བརྗེད་དེ། ཕར་བཏགས་ཙམ་གྱིས་ཡོད་པ་དེ་མ་ཤེས་པར་ཁོ་བོ་ཅག་གིས་རྟེན་འབྱུང་གི་ཆོས་ལ་སྐུར་བ་བཏབས་སོ་ཞེས་སྨྲ་བའི་ཕྱིར་ཞེས་པའི་དོན་ནོ། །འདི་ལྟར་དབུ་མ་པས་ལན་འདེབས་ཚུལ་དང་སྦྲགས་པ་འདི་ཡང་བཤད་པ་རྒྱ་སྐྱེད་བྱེད་ཙམ་མ་ཡིན་གྱི། རྗེ་བླ་མས་ལུགས་འདིས་བསམས་སོ་གསུངས་པས། རང་ལུགས་ཀྱི་ལན་འདེབས་ཚུལ་དེ་ཤུགས་ན་འདོན་རྒྱུ་ཡོད་པ་ཡིན་ཀྱང༌། དགོངས་པ་ཁོང་ན་ཡོད་པ་ལྟ་ཅི། ཚིག་རིས་དཀའ་བ་རྣམས་ལ་སླེབ་པའི་ཚེ་ན་ཡང་ལེགས་བཤད་སྙིང་པོ་འདི་ལ་འགྲེལ་པ་མང་ཡང་བཀྲལ་བ་ཉུང་བར་སྣང་བས་ཟུར་ཙམ་བྲིས་པའོ། །༼རི༽འདིར་གཞན་དབང་ཁོ་རང་ཞེས་སྨོས་པའི་ཚིག་གི་ནུས་པ་འདོན་ཚུལ་ནི། སེམས་ཙམ་པ་རྣམས་གཞན་དབང་རང་ངོས་ནས་སམ། རང་བཞིན་གྱིས་མེད་ཅེས་པ་ལ་གཞན་དབང་ཁོ་རང་མེད་ཟེར་བ་ཞིག་ཏུ་གོ་བའི་དོན་ཏེ། རང་རྒྱུད་པ་མན་ཆད་གཞན་དབང་རང་ངོས་ནས་གྲུབ་པ་དང༌། གཞན་དབང་སོ་སོར་འབྱེད་མི་ནུས་པས་ཆོས་ཅན་མཐུན་སྣང་བ་དང༌། རང་རྒྱུད་པའི་ལུགས་ཀྱི་བློ་གནོད་མེད་ཀྱང་མེད་པར་འགྱུར་ཏེ། འདིར་མ་སྤྲོས་སོ། ། ༼༡༽ཐལ་


GTD002_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཁྱེད་ཅག །༼༢༽བཏགས་ཙམ་མ་ཡིན་པར་གྲུབ་པས་སྟོང་པ་༼༣༽ཐ་སྙད་བཏགས་ཡོད་ཙམ་དུ་ཡོད་ཅེས་པ་དེ་ཡང་ཚིག་ཙམ་དུ་སོང་སྟེ་དོན་ལ་ཅི་ཡང་མེད་པས། ༼ལི༽འདིར་གང་ཟག་ཏུ་ལྟ་བ་ནི་སླ་ཡི་ཞེས་སོགས་དྲངས་པ་ནི། དཀོན་བརྩེགས་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་པ་འདི་ཉིད་ཡིན་པས། སེམས་ཙམ་པ་རྣམས་གང་ཟག་ཏུ་ལྟ་བ་འཇིག་ལྟས་ནི་བསོད་ནམས་ཀྱི་ལས་ཀྱང་སློང་བས། དངོས་སུ་ངན་འགྲོར་སྒྱུར་བྱེད་ཡིན་པར་མ་ངེས་ལ། ཆད་པར་ལྟ་བས་བསླབ་པ་སོགས་ལས་གཡེལ་བར་བྱས་པས་མཐའ་གཅིག་ཏུ་ངན་འགྲོར་བསྒྱུར་བར་འདོད་དེ། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང༌། །དེ་ན་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རྒྱུ་འཇུག །ཅེས་པ་ལྟར་རོ། །འདི་ལ་དབུ་མ་པ་རྣམས་ཀྱིས་ལན་འདེབས་ཚུལ་ནི། མདོ་དེའི་དོན་དེ་ལྟར་མིན་གྱི། རྩ་ཤེས་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་པ་ལྟར། དུས་སྔ་མར་ཆགས་སོགས་རང་བཞིན་གྱིས་སྐྱེས་པ་ཕྱིས་འགག་པར་ཁས་བླངས་ན་རང་བཞིན་གྱིས་སྐྱེས་པས་རྟག་ལྟར་འགྱུར་ལ། དེ་འགག་པས་ཆད་ལྟར་འགྱུར་བ་སྟེ། སྤྱིར་སྐྱེས་པ་འགག་པས་ཆད་ལྟར་མི་འགྱུར་ཀྱང་རང་བཞིན་གྱིས་ཡོད་ན་གཏན་དུ་ཡོད་དགོས་པ་ལ་དེ་འགག་པས་ཆད་ལྟར་འགྲོ་བའི་དོན་ཡིན་ཏེ།


GTD002_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གཤེགས་ལས། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་གཡར་གྱི་ཁས་བླངས་ནས། ཕྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་སྨྲ་བ་དེ་ནི་མེད་པར་གྱུར་པ་ལགས་སོ། །ཞེས་པ་ནས། བློ་གྲོས་ཆེན་པོ་ངས་འདི་ལ་དགོངས་ཏེ་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། ཡོད་པ་དང་མེད་པ་ཉིད་དུ་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འདིའི་མེད་པ་དེ་ལ་སྟག་ལོ་སོགས་དཔྱད་པ་རིམ་པ་གསུམ་བྱས་ནས་དང་པོར་ཆོས་རྣམས་ཡོད་པ་དང་ཕྱིས་མེད་པར་འདོད་མཁན་དེ་འདྲ་ཞིག་དགོས་སམ་སྙམ་ན་འདིར་ཕྱིས་མེད་པར་སྨྲ་ཞེས་པ་སྔར་ཆོས་ཐམས་ཅད་དོན་དམ་པར་ཡོད་པར་ཁས་བླངས་ལ། ཕྱིས་ཁས་བླངས་དེ་དོར་ནས་ཆོས་ཐམསཅད་མེད་པར་སྨྲ་བ་དེ་འདྲ་མ་ཡིན་གྱི། འདུས་བྱས་རང་བཞིན་གྱིས་སྐྱེས་ནས་རང་བཞིན་གྱིས་འཇིག་པར་འདོད་མཁན་ཐམས་ཅད་ཡོང་སྟེ། དབུ་མ་སྣང་བ་ལས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དངོས་པོར་སྨྲ་བ་རྣམས་ཁོ་ན་མངོན་པའི་ང་རྒྱལ་ཅན་ཉིད་དུ་བསྟན་པ་ཡིན་ནོ། །ཞེས་དང༌། ཟླ་བའི་ཚིག་གསལ་ལས། སྔར་དངོས་པོའི་རང་བཞིན་ཁས་བླངས་ནས་ཕྱིས་དེ་ལྡོག་པ་ལ་བརྟེན་པར་བྱེད་པ་དེ་ནི་དངོས་པོའི་རང་བཞིན་སྔར་དམིགས་པ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བར་འགྱུར་གྱི་ཞེས་པ་ནས་ཀུན་བཏགས་པའི་ངོ་བོ་ཉིད་མེད་པས་ཡོད་པར་ལྟ་བ་ཉིད་སྤོང་ཞིང༌། གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་གྱུར་པ་ཙམ་ཞིག་ཡོད་པས་མེད་པར་ལྟ་བ་ཉིད་སྤོང་བར་


GTD002_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་ལྟར་ན་ཀུན་ཏུ་བཏགས་པ་ཡོད་པ་མ་ཡིན་པའི་ཕྱིར་དང༌། གཞན་གྱི་དབང་ཡོད་པའི་ཕྱིར་ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་གཉིས་ཀར་ཡང་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་དབུ་མ་པ་རྣམས་འདི་ལྟར་འཆད་དེ། དེ་ལྟར་རང་བཞིན་མེད་པར་མཐོང་ན་བསླབ་པའི་གཞི་ལས་མི་གཡེལ་བར་མ་ཟད་ཆེས་བརྩོན་པར་འགྱུར་བ་ཡིན་ཏེ། འཇུག་པ་ལས། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང༌། །རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། །སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་བསྟེན་པར་བྱེད། །ཞེས་སོགས་ལྟར་ལྟ་བ་དེ་ཉམས་སུ་ལེན་པའི་རྟེན་གྱི་རྒྱུ་ལ་ཚུལ་ཁྲིམས་དང༌། མཐུན་རྐྱེན་གྱི་ཕྱིར་སྦྱིན་སོགས་ལ་ཤིན་ཏུ་གུས་པར་བྱེད་པ་ཡིན་ནོ། །བོད་སྔ་མ་ཁ་ཅིག་ལྟ་བ་རྙེད་ཁུལ་གྱིས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་མཚན་འཛིན་གྱི་སྤྱོད་པའོ། །ཞེས་འདོད་པ་ནི། སེམས་ཙམ་པས་བརྗོད་པའི་སྐྱོན་འདི་དག་ཐམས་ཅད་སྤྱི་བོ་ནས་ནོད་པ་ཡིན་ཏེ། དོན་འདི་ལ་དགོངས་ནས་གངས་ལྗོངས་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོའི་བསྒྱུར་བ་རྗེ་བཙུན་མི་ལ་རས་པས། སྟོང་ཉིད་ལ་ཡིད་ཆེས་སྟེང་སྟོང་ཉིད་ཁོ་རང་རྒྱུ་འབྲས་སུ་ཤར་བ་གོ་ནས་རྒྱུ་འབྲས་ཀྱི་འདོར་ལེན་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་དུ་རང་འགྲོ་བ་ཡིན་གསུངས་པ་དང༌། ཡང་ཁོང་ལ་གཞན་གྱིས་ཆད་ལྟ་བ་ཡིན་ཞེས་སྐུར་བ་ཞུས་ཚེ། ཆད་མ་ཆད་ངའི་སྤྱོད་པ་ལ་ལྟོས་གསུངས་སོ། ། ༼ཤི༽དེ་ལྟར་སློབ་དཔོན་ཐོགས་མེད་ཀྱིས་བྱང་སའི་སྐབས་འདིར་གཞན་དབང་ཀུན་བཏགས་ཀྱིས་སྟོང་ཞིང༌། དེའི་ཤུལ་དུ་གཞན་དབང་


GTD002_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་བདེན་གྲུབ་ཙམ་ཞིག་ལྷག་མར་ལུས་རྒྱུ་ཡོད་པས་སྒྲོ་སྐུར་གཉིས་ཀ་བསལ་བར་གསུངས་ཀྱང་རྒྱུད་བླ་མར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལའང་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པའི་དོན་འགྲེལ་པའི་ཚེ། ཐོགས་འགྲེལ་ལས། དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་སོ། །ཞེས་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རྣམ་པར་དབྱེ་རུང་ཡིན་པས་རང་བཞིན་ལ་མ་ཞུགས་པ་དེའི་ཕྱིར་རང་བཞིན་གྱི་མྱ་ངན་གྱིས་སྟོང་ཞིང༌། དེའི་ཤུལ་ན་བླ་མེད་བྱང་ཆུབ་འགྲུབ་རུང་གི་ཡོན་ཏན་རང་བཞིན་རྣམ་པར་དག་པའི་ཆ་དེ་ནི་རྟག་པར་ཡོད་པ་ལ་གསུངས་སོ། །གོང་དུ་བཤད་པ་ལྟར་སེམས་ཙམ་པས་སེམས་ཀྱི་རང་བཞིན་སྒྲིབ་པ་ཙམ་གྱི་དོན་དུ་འདོད་རྒྱུ་དེ་ཡང་དབུ་མ་པའི་ལུགས་ཀྱི་རང་བཞིན་ལ་བསླད་པ་ཞུགས་པའི་དོན་དུ་འགྲོ་ཞིང་དེ་ནི་རང་བཞིན་གྱི་མྱ་ངན་ཡིན་པས། རང་བཞིན་ལ་དྲི་མས་བསླད་པ་མ་ཞུགས་པ་དེ་རང་བཞིན་གྱིས་མྱང་འདས་དང༌། ཆོས་ཉིད་དུ་བཤད་པ་དེ་ལྟར་མ་ཡིན་ན་ལུང་འདིའི་གོང་གི་རྒྱས་བཤད་དུ། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་དང་བྲལ་བའི་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་


GTD002_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེས་རང་བཞིན་དྲི་མས་སྟོང་པ་ཙམ་ལ་གསུངས་པ་དང༌། དར་ཊཱིཀ་ལས། དེ་ལྟར་ན་རང་བཞིན་གྱིས་གྲུབ་པའི་ཆོས་གང་ཞིག་གཞི་གང་ན་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེ་ལ་ལྷག་མར་གྱུར་པ་རང་བཞིན་གྱིས་སྟོང་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་རྗེས་ཀྱི་སྐབས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་དགག་བྱའི་བདག་གི་སྟོང་པ་ལ་གསུངས་པ་གཉིས་གནད་གཅིག་ཏུ་མི་འགྲོ་བས་གཅིག་རྩ་བའི་དགོངས་པ་མ་ཡིན་པར་འགྱུར་ལ། དེར་མ་ཟད་འདིར་སྟོང་ཞེས་པ་སྟོང་རྒྱུའི་དགག་བྱའི་ཁྱད་ཙམ་ལས་སྟོང་ཚུལ་སོགས་ལ་ཁྱད་མེད་ན། རྣམ་བཤད་དགོངས་པ་རབ་གསལ་ལས། བྱང་ས་དང་དབུས་མཐའི་འགྲེལ་པ་ལས། གང་ལ་གང་མེད་པ་ཞེས་སོགས་ཀྱི་དོན་སྔར་བཤད་པ་དེ་ཡིན་ལ། རྒྱུད་བླ་མའི་འགྲེལ་པར། གང་ཞིག་གང་ན་མེད་པ་དེ་ནི་ཞེས་སོགས་ཀྱི་དོན་བཀྲལ་བ་ནི། སྔ་མ་གཉིས་དང་གཏན་མི་འདྲ་བར་དབུ་མའི་འགྲེལ་ཚུལ་དུ་ཡོད་དེ་མང་བས་འཇིགས་ནས་མ་བྲིས་ཞེས་གཏན་མི་འདྲ་གསུངས་མི་དགོས་པར་དབུ་མའི་འགྲེལ་ཚུལ་དུ་ཡོད་གསུངས་པས་ཆོག་པའི་ཕྱིར། ༼སི༽གནས་ཚུལ་དེ་ལས་ལྡོག་སྟེ་བདེན་པར་ཡོད་ཡོད་ལྟར་འཛིན་དུ་འཇུག་པས། ༼ཧི༽དེ་ལ་བདེན་པར་གྲུབ་བོ་ཞེས་དང་པོར་བརྡ་འདོགས་ཤིང་བརྡ་དེ་ཡང་ཡང་ཡིད་ཀྱི་མངོན་པར་བརྗོད་པས་གོམས་པར་བྱས་པ་ལས་ཐ་སྙད་འཇོག་པ་ན་ཕར་བརྡ་བྱས་པའི་ཉམས་མེད་པར་ཡུལ་སྟེང་ནས་གྲུབ་པ་འདྲ་བ་ཞིག་འཆར་བས་རིམ་བཞིན། ༼ཨི༽འདིར་བྱང་སའི་


GTD002_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཐོག་ཏུ་བསྡུ་བའི་བཤད་པ་བཀོད་པ་ནི་བྱང་སར་བདག་བཀག་ཤུལ་དུ་སྟོང་གཞི་དོན་དམ་པར་གྲུབ་པ་སྒྲུབ་ཏུ་ཡོད་པ་མཐའ་གཉིས་བསལ་ཏེ་དབུ་མའི་ལམ་དུ་བཞག་པ་དེ་ཉིད་གཞན་དུ་དྲང་མི་རུང་བར་སྒྲུབ་པའི་རྒྱབ་རྟེན་ཡིན་ཏེ། དེ་ཡང་དབུ་མ་པ་རྣམས་བློ་འཁྲུལ་བའི་སྣང་ཆ་ཙམ་ལས་ལོགས་སུ་རང་ངོས་ནས་གྲུབ་པ་ཡོད་པ་བཀག་སྟེ། དེའི་ཤུལ་ན་རང་བཞིན་གྱིས་གྲུབ་པས་སྟོང་བའི་སྟོང་ཉིད་ཙམ་ཞིག་ལྷག་མར་ཡོད་པར་བཤད་པ་ནི་ཚུལ་འདི་ལས་གཞན་དུ་འདྲེན་པའི་གོལ་ས་ཆེ་ཤོས་ཡིན་པར་འདི་བ་འདོད་པས་དེ་དག་དགག་པར་འདོད་ནས་བློ་འཁྲུལ་བའི་སྣང་ཆ་ཙམ་ཞེས་པས་འཁྲུལ་པ་དང་ལྷག་མ་ལུས་རྒྱུའི་དོན་དམ་གཉིས་པོ་དྲིས་པ་ཡིན་ལ། འོག་ཏུ་དོན་དམ་བདེན་པ་མཚན་ཉིད་ལྔ་ལྡན་དུ་བཤད་པ་དང། བསྡུ་བ་འགལ་བར་རྩོད་པ་པོ་དེ་དག་ནི་དོན་དམ་པར་ཡོད་པ་དང་དོན་དམ་ཡིན་པ་མ་ཕྱེད་པས། འདིར་ཡང་དོན་དམ་པར་ཡོད་པའི་ཡོད་ས་དྲིས་པ་ལ་འདོད་མོད་ཀྱང༌། དེ་འདྲའི་དོན་དམ་དེར་ནི་ཆོས་ཉིད་ཀྱང་ཡོད་པར་དབུ་མ་པས་འདོད་པའི་ཕྱིར། དབུ་སེམས་གཉིས་ཀས་ཡོད་མེད་རྩོད་པའི་དོན་དམ་དེ་མ་ཡིན་པར་སྒྲུབ་ཚུལ་གཞུང་འདི་ཉིད་ན་གསལ། ༼ཀུ༽དེར་གྲུབ་བོ་ཟེར་དོན་མེད་ཀྱི་དེའི་ཞེན་ཡུལ་དུ་གྲུབ་བོ་ཞེས་སྨྲ་དགོས་ན། དེ་ཡང་འཐད་པ་མ་ཡིན་ཏེ། བདེན་འཛིན་༼ཁུ༽འདིར་མངོན་པར་བརྗོད་པ་ནི་ངོ་བོ་ཉིད་མེད་པ་ལ་ངོ་བོ་ཉིད་དུ་འཁྲུལ་པའི་བློ་ཀུན་རྫོབ་པ་དེ་ཡིན་ལ། དཀའ་འགྲེལ་ལས། འོན་ཏེ་མངོན་པར་བརྗོད་པས་རྟོག་པས་བཏགས་ཙམ་དང༌། མིང་གིས་བཞག་ཙམ་གྱི་ཀུན་རྫོབ་ཙམ་ཞིག་ཡིན་ཞེས་འབྲུ་བསྣན་ཞིང༌། རྩ་བའི་དཔར་གསར་རྙིང་གཉིས་ཀར་


GTD002_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་དང་མངོན་པར་བརྗོད་པའི་རྣམ་རྟོག་གིས་ཞེས་གསུངས་པ་ལྟར་ན་དྲི་བ་འདིའི་བདེན་འཛིན་དེ་རྟོག་བཏགས་ཙམ་ཡང་ཡིན་ལ་རྒྱུ་ལས་ཀྱང་འབྱུང་བ་ཞིག་ཡིན་ནམ། རྟོག་པས་བཏགས་ཙམ་དང་མིང་གིས་བཏགས་ཙམ་ཁོ་ན་ཞིག་ཡིན་ཞེས་པར་སྣང་ལ། རིན་ཆེན་དོན་གྲུབ་ཀྱིས། བློ་ཀུན་རྫོབ་པ་དང་རྟོག་པའི་རྒྱུ་ལས་བྱུང་བ་ཡིན་ནམ། བློ་ཀུན་རྫོབ་པ་དང་རྟོག་པས་བཏགས་པ་ཙམ་ཞིག་ཡིན་ཞེས་བཤད་པ་དང༌། འོག་གི་རྩ་བར། མངོན་པར་བརྗོད་པ་རྟོག་པས་བཏགས་ཙམ་ཡིན་ན་གཞན་རྣམས་ཀྱང་དེ་ཙམ་དུ་འགྱུར་ཞེས་པ་ལྟར་ན་དྲི་བ་ཡང་བདེན་འཛིན་དེ་རྒྱུ་ལས་འབྱུང་བའི་མངོན་པར་བརྗོད་པ་ཞིག་ཡིན་ནམ། རྟོག་བཏགས་ཙམ་གྱི་མངོན་པར་བརྗོད་པ་ཞིག་ཡིན་ཞེས་མངོན་པར་བརྗོད་པ་དེའི་བཏགས་དོན་བཙལ་བར་འགྲོ་ལ། དཀའ་འགྲེལ་རང་ལས་ཀྱང༌། མངོན་པར་བརྗོད་པའི་རྣམ་རྟོག་དང་བློ་ཀུན་རྫོབ་པ་ཡིན་ལ་ཞེས་སྔ་མའི་འབྲུ་སྣོན་སྐབས་སུ་མངོན་པར་བརྗོད་པ་རྣམ་རྟོག་ཙམ་ལ་གསུངས་པ་དང། རྩ་བ་སྔར་དྲངས་པ་ལས། གཞན་རྣམས་ཀྱང་ཞེས་པ་ལྟར་ནའང་མངོན་པར་བརྗོད་པ་ཞེས་དེ་ཉིད་དངོས་སུ་རྩོད་གཞིར་བཟུང་བ་འབྲེལ་ཆེ་བས། གོང་དུ་མངོན་པར་བརྗོད་པའི་ཞེས་འབྲེལ་སྒྲ་སྨོས་པ་ཡི་གེ་དག་མ་དག་དཔྱད་པར་བྱའོ། །༈ རང་མཚན་གྱིས་གྲུབ་པར། ༈ དེས་བཟུང་བའི་དོན། ༈ དབུ་མ་བ། ༈ རང་མཚན་གྱིས་གྲུབ་པར་དམིགས་པའི་བློ་དེ་ནི་དོན་དང་མི་མཐུན་པས། ༼གུ༽འདི་ནི་རྩ་ཤེས་ལས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་པ་ལྟར། བྱ་བ་ཅི་རིགས་པ་


GTD002_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱེད་པར་ཁས་བླངས་ཕྱིན་རང་བཞིན་གྱིས་གྲུབ་པར་ཁས་བླངས་སོང་བས། འདིར་ཡང་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་ཡོད་ན་རང་བཞིན་གྱིས་གྲུབ་དགོས་པས། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་མ་གྲུབ་པར་ཁས་བླངས་པ་དང་འགལ་བར་བརྗོད་པ་སྟེ། དཔེར་ན་ངག་བཅད་ཀྱི་ཚེ་ཅང་མ་སྨྲ་ཞེས་བརྗོད་ན་ཡང་ངག་བཏང་བར་འགྲོ་བ་དང་འདྲ་སྙམ་དུ་བསམ་པར་སྣང་ངོ༌། །དབུ་མ་པ་རྣམས་ནི་དེ་གཉིས་ཀ་རྫུན་པ་ཡིན་ཀྱང་གཅིག་གིས་གཅིག་ཤོས་བཟློག་པ་མི་འགལ་བ་སྤྲུལ་བའི་དམག་གིས་སྤྲུལ་བའི་དམག་གཞན་བཟློག་པ་དང་འདྲ་བར་རྩོད་ཟློག་ལས། ལོག་འཛིན་འབྱུང་སྟེ་སྤྲུལ་པ་ཡི། །འགོག་བྱེད་འདི་ནི་དེ་ལྟ་ཡིན། །ཞེས་གསུངས་སོ། །༈ བློ་རང་ཉིད། ༈ བློ་དེ་ནི་འཛིན་སྟངས་ལ། ༈ དེ་དོན་ལ། ༈ ཡོངས་གྲུབ། ༼ངུ༽ཀུན་བཏགས་དོན་དམ་པར་མ་གྲུབ་པ་ལ་སྐྱོན་བསྟན་དུ་མེད་ཀྱང༌། རང་ངོས་ནས་མ་གྲུབ་པ་ལ་སྐྱོན་བསྟན་དུ་ཡོད་པས། དེའི་དབང་དུ་བྱས་ཏེ་ཀུན་བཏགས་དང་ཡོངས་གྲུབ་གཉིས་ཞེས་སོགས་གསུངས་ལ། འདིར་དོན་དམ་གྱི་དངོས་འཛིན་འགོག་པའི་ཚེ་ཡང་ཡོངས་གྲུབ་དོན་དམ་པར་མེད་པ་དངོས་སུ་མ་བཀག་པར། བློ་འཁྲུལ་བ་དོན་དམ་པར་མེད་པ་བཀག་པའི་རྒྱུ་མཚན་དེ་ཉིད་དོན་དམ་པ་ཡོད་མེད་རྩོད་པའི་གཞིའི་གཙོ་བོ་ཡིན་པར་གསུངས་ཤིང༌། དེར་མ་ཟད་དབུ་མ་པའི་མཁས་པ་ཆེན་པོ་རྣམས་ནི། བོད་ཀྱི་དབུ་མར་རློམ་པ་ཁ་ཅིག་ལྟར་མཐའ་བཞི་གང་དུ་ཡང་མེད་པས་མེད་དགོས་མི་ཟེར་གྱི། དེ་ལྟར་མེད་ཀྱང་རང་གི་ཚོགས་པ་ལ་རྟོག་པས་ཕར་བཏགས་ཙམ་དུ་ཡོད་པས་གཏན་མེད་དུ་མི་འགྲོ་ཞེས་མཐའ་བཞི་སྐྱེ་འགོག་སོགས་ཀྱང་བློས་བཏགས་ཙམ་གྱི་རྟེན་


GTD002_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ལ་གཏུགས་པས་རྟོག་བཏགས་ཙམ་དུ་སྨྲ་བ་ནི་དེའི་གྲུབ་མཐའི་རྫོང་ལྟ་བུ་ཡིན་ལ། དེ་བཤིག་སྟེ་མེད་པ་དང་རང་བཞིན་མེད་པ་ཁྱད་མེད་དུ་སོང་ན་རང་བཞིན་གྱིས་གྲུབ་པ་དང་གཏན་མེད་གང་རུང་ལས་འགྲོ་ས་མེད་ཅིང༌། གཏན་མེད་པར་མི་འདོད་པས་རང་བཞིན་ཡོད་པའི་ཕྱོགས་སུ་འཁྲིད་ནུས་སོ་སྙམ་ནས་ཁྱོད་ཀྱིས་རྟོག་བཏགས་ཙམ་པོ་དེ་ཡང་མེད་པར་ཐལ། འདོགས་བྱེད་རྟོག་པ་མེད་པའི་ཕྱིར་ཞེས་སོགས་སྒོ་དུ་མ་ནས་སྒྲུབ་པར་སྣང་ངོ༌། ། ༼ཅུ༽དེ་ལ་མངོན་པར་རྟོག་པ་ནི་རྣམ་རྟོག་སྟེ་གཞན་དབང་ཡིན་ལ། དེ་ཉིད་སྒྲ་རྟོག་གི་ཡུལ་དུ་གྲུབ་བམ་མ་གྲུབ་ཅེས་དྲིས་པར་དེའི་ཡུལ་དུ་གྲུབ་ཀྱང་ཐ་སྙད་བཏགས་ཙམ་ལས་དོན་དམ་པར་མ་གྲུབ་བོ། །ཞེས་ལན་བཏབ་པ་ཡིན་ནོ། །འདིས་ཀུན་བཏགས་དོན་དམ་པར་མ་གྲུབ་ལ་ཐ་སྙད་ཙམ་དུ་ཡོད་པ་ཡང་བསྟན་པ་ཡིན་ཏེ། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་ལ་བལྟས་པའི་ཚེ་ཕ་རོལ་ནས་ཚུར་སྔོན་པོའི་སྣང་བ་ཤར་བ་དེ་སྔོན་པོ་དངོས་མ་ཡིན་གྱི། ཐོག་མེད་ནས་བག་ཆགས་གོམས་པའི་དབང་གིས་ཤར་བའི་སྣང་ཆ་ཀུན་བཏགས་ཙམ་ཞིག་ཡིན་ཏེ། དེ་ཉིད་དོན་དམ་པར་གྲུབ་ན་འཁྲུལ་བའི་སྣང་ཆ་གཞན་མེད་པས། སེམས་ལས་དོན་གཞན་དུ་རྒྱང་ཆད་ལ་འགྲོ་སྟེ། ཀུན་བཏགས་དོན་དམ་པར་གྲུབ་པ་དང༌། ཆོས་བདག་གཉིས་རྩ་བ་གཅིག་ཏུ་ཡོད་ཚུལ་བཤད་ཟིན་ཏོ། །འོན་ཀྱང་དེ་ཉིད་སྣང་བ་ལས་སྔོན་པོ་སྣང་བར་འཇོག་པ་དྲན་པའི་ངོ་བོར་འདས་པའི་མི་སོགས་གྲོང་དེ་ཡོད་པ་མི་དེ་ཉིད་མིན་ཀྱང༌། དེ་ལས་མི་དེ་ངེས་པར་འཇོག་པ་དང་འདྲ་བས། སྔོན་པོ་དངོས་


GTD002_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཕ་རོལ་ནས་ཚུར་འཆར་རྒྱུ་ཡང་མེད་ལ། ཚུར་ངོས་ཀྱི་སེམས་ཀྱང་མིན། ཡེ་མེད་ཀྱང་མ་ཡིན་པ་རྨི་ལམ་གྱི་གླང་པོ་དང་འདྲ་བའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཡིན་ནོ། །དེ་ལྟར་ཕ་རོལ་ནས་ཚུར་ཧྲིང་ངེ་ཤར་བའི་སྔོན་པོ་དེ་ནི་འཛིན་སྟངས་ཀྱི་སྔོན་པོ་དངོས་མ་ཡིན་པ་བཞིན་དུ་དེར་སྣང་བའི་རྫུན་པ་ཀུན་བཏགས་ཡིན་ལ། དེ་དོན་དམ་པར་མ་གྲུབ་པ་འདིའི་དོན་ཏེ་འོག་ཏུ་སྔོན་པོ་ཞེས་བརྗོད་པའི་དོན་དེའི་ངོ་བོ་ཉིད་གང་ཡིན་ཞེས་སོགས་ཀྱི་དྲི་ལན་ཡང་འདིར་འདྲ་སྟེ་འཆད་པར་འགྱུར་རོ། ། ༼ཆུ༽ལུང་ཕྱི་མ་འདིས་ཀྱང་སྔར་བཤད་པའི་དོན་དེ་ཉིད་ཆེས་གསལ་བར་མཛད་པ་ཡིན་ཏེ། འདིའི་རྣམ་པར་ཤེས་པའི་དམིགས་པ་ཞེས་པ་འཇིག་རྟེན་རང་དགའ་བ་ལ་སྣང་ཚོད་ལྟར་གྱི་སྔོན་པོ་དེ་ཡིན་པས། དེ་ནི་སྐབས་འདིའི་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པར་གསུངས་ཏེ། རང་དགའ་བ་ལ་སྣང་བའི་ཚེ་སྔར་བཤད་པ་ལྟར་ཕ་རོལ་ནས་ཚུར་ཧྲིང་ངེ་ཤར་བའི་ཉམས་ཤིག་ལས་མེད་པ་རྗེས་ཀྱི་རྟོག་པས་དྲངས་པའི་ཐ་སྙད་ལ་ཕ་གི་ན་སྔོན་པོ་ཞིག་འདུག་པ་མཐོང༌། ཕ་གི་ན་དམར་པོ་ཞིག་འདུག་པ་མཐོང་ཞེས་པ་ཙམ་ལས་ཀུན་བཏགས་པའི་སྣང་ཆ་ཙམ་པོ་དེ་ཤར་བའི་སྒོ་ནས་བརྗོད་མེད་ཀྱི་སྔོན་པོ་མཐོང་ཞེས་སྨྲ་རྒྱུ་མེད་པས་ཤེས་སོ། །དེ་ལྟར་ཕལ་པ་རྣམས་འདི་མཐོང་དེ་མཐོང་ཞེས་བརྗོད་རྒྱུ་ཐམས་ཅད་ནི་སྣང་ཆ་རང་ལ་ཤར་ཚོད་ཙམ་དེ་ཡིན་པས། དེ་ནི་ཤེས་པའི་དམིགས་པ་དངོས་ལ་མ་སོང་ཡང༌། མ་བརྟགས་མ་དཔྱད་པའི་སྐབས་ཀྱི་འཆར་ཚོད་གཙོ་བོར་བྱས་ཏེ་རྣམ་པར་ཤེས་པའི་དམིགས་པ་ཞེས་གསུངས་ལ། བརྗོད་མེད་ཀྱི་སྔོན་པོ་དངོས་མ་ཡིན་པ་གོ་བའི་ཆེད་དུ་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་ཞེས་གཞི་མཐུན་དུ་


GTD002_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་གསུངས་སོ། །དེ་དམིགས་པ་དངོས་མ་ཡིན་བཞིན་དུ་དེ་ཇི་ལྟར་སྣང་བ་ཅི་ཡིན་སྙམ་དུ་དོགས་པའི་ཕྱིར། མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་ཞེས་བག་ཆགས་ཀྱི་དབང་ཡིན་པར་གསུངས་སོ། །སྣང་ཆའི་ཀུན་བཏགས་དེ་དོན་སྤྱི་ཡིན་ནམ་སྙམ་ན་འདིར་གོལ་ས་ཆེ་ཞིང༌། དེ་ལས་ཆེས་ཕྲ་བའི་ཚུལ་འགངས་ཆེ་སྟེ་འཆད་པར་འགྱུར་རོ། ། ༼ཇུ༽འདི་དང་མཐུན་པར་སྟོང་ཐུན་ལས་ཀྱང་གསུངས་ལ། དགོངས་འགྲེལ་ལེའུ་བཅུ་ཞེས་ཡོངས་སུ་གྲགས་ཤིང༌། དཀའ་འགྲེལ་ལས་རབ་འབྱོར་གྱི་ལེའུ་དོར་ཏེ་གླེང་གཞི་བསྣན་ནས་བཅུར་མཛད་མོད་ཀྱང་རྒྱུ་མཚན་ཆེ་བ་མ་མཐོང་ལ། བསྡུ་བ་ལས། རབ་འབྱོར་གྱི་ལེའུ་ལོགས་སུ་བྱེད་པའི་དབང་དུ་བྱས་ནས་གསུངས་པ་དང་ཡང་མི་མཐུན་ནོ། །རྣམ་བཤད་ལས་བྱང་ཆུབ་སེམས་དཔའ་བཅུས་དྲི་ལན་གྱི་ཚུལ་དུ་གསུངས་པར་བཤད་ལ། རབ་འབྱོར་བྱང་སེམས་མ་ཡིན་པས་གནོད་དོ་སྙམ་ན། དེ་ཡང་དོན་མ་ཡིན་ཏེ། ཚུལ་བཞིན་ཀུན་ཏུ་དྲི་བ་དང༌། བྱང་ཆུབ་སེམས་དཔའ་དགོངས་པ་ངེས་འགྲེལ་གཉིས་ལ་དྲི་ལན་གྱི་ལེའུ་ཐུན་མོང་དུ་གཅིག་ཡིན་གྱི། ལེའུ་རེ་དང་བྱང་སེམས་རེ་སྦྱོར་ན་གླེང་གཞི་ལ་ཡང་སྦྱར་དུ་མེད་པས་སྐྱོན་མཚུངས་སོ། །འོན་ཀྱང་ལེའུ་དེ་དང་གླེང་གཞི་གཉིས་ཀ་བགྲང་ན་ལེའུ་བཅུ་གཅིག་ཏུ་འགྱུར་ལ་རྟག་བརྟན་གྱི་དཔར་མ་སོགས་སུ་གླེང་གཞི་ལ་ཟུར་དུ་ལེའུ་མ་བྱས་པར་སྣང་བས་འདིར་གཞུང་གི་དགོངས་པ་གཞུང་གཞན་ཁ་ཅིག་ལ་གླེང་གཞིའི་ལེའུ་ཟུར་དུ་བྱས་སྣང་བ་ལྟར་འདིར་ཡང་གླེང་གཞི་ལས་ལེའུ་འོག་མ་དག་དང་མི་འདྲ་བའི་བརྗོད་བྱ་ཚན་གཅིག་སྟོན་པས་ཟུར་དུ་


GTD002_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུར་བྱེད་པ་དོན་གྱིས་འཐོབ་པས་དེ་ལྟར་གསུངས་ཀྱི་གྲངས་ཕན་གྱི་དབང་དུ་བྱས་པ་མ་ཡིན་ནོ། །ཡང་འདིར་འཕགས་པ་ཐོགས་མེད་ཀྱིས་དགོངས་འགྲེལ་གྱི་འགྲེལ་པ་ཟུར་དུ་མཛད་དགོས་པ་མི་སྣང་ཞེས་དེས་མཛད་པའི་འགྲེལ་པ་དེ་འདྲ་མེད་པར་བཞེད་འདུག་ཀྱང༌། བསྟན་འགྱུར་གྱི་གྲངས་སུ་འཕགས་པ་ཐོགས་མེད་ཀྱིས་མཛད་ཅེས་བཅུག་འདུག་པ་བླ་མ་བྱམས་པའི་དཀར་ཆག་ཏུ་ཡང་དེ་སོར་བཞག་བྱས་སྣང་བས། བླ་མ་རང་གིས་ཡོངས་རྫོགས་བསྒྲིགས་པ་མིན་ནམ་བརྟགས་ཏེ། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མ་ཡིན་པར་འདི་དང་གསེར་འཕྲེང་གཉིས་ཀར་བསྒྲུབས་པ་ཡང་ལྡོག་སྟེ་བཤད་ཅིང༌། རིགས་པ་དྲུག་ཅུ་པའི་རང་འགྲེལ་རྙེད་ན་བྲི་ཞེས་རྩ་ཤེས་ཊཱིཀ་ཆེན་དང་འགལ་བ་སོགས་ནོར་བ་མང་དུ་སྣང་ངོ༌། །༼ཉུ༽འདིར་ཡང་མིང་མ་སྨོས་ལ། བཤད་ཚུལ་དེ་ནི་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་མཛད་དེ། དེ་ཉིད་ཀྱི་ཆོས་འབྱུང་ལས། འདིའི་ཀུན་བཏགས་མེད། གཞན་དབང་ཀུན་རྫོབ་ཏུ་ཡོད། ཡོངས་གྲུབ་གཉིས་དོན་དམ་དུ་ཡོད་པར་བསྟན་པས་མཐའ་གཉིས་སུ་འཛིན་པ་ལོག་པས་ངེས་དོན་རྩོད་མེད་ཡིན་ཞེས་ལེགས་ཕྱེའི་དོན་དུ་བཤད་པས། དེའི་ཕྱོགས་སྔ་དེ་ཉིད་ཡིན་པ་འདྲའོ། །དབུ་མ་པ་ནི་ཐ་སྙད་དུ་ཡོད་པའི་ལྡོག་ཟླའི་ཡོད་པ་དོན་དམ་དུ་གྲུབ་ཚད་ལ་འདོད་ཀྱང༌། ལུགས་འདིར་སྒྲ་རྟོག་གི་ཡུལ་དུ་ཡོད་པ་ཙམ་ལ་ཐ་སྙད་དུ་ཡོད་པར་འདོད་པས། དེ་ལ་རྫུན་པར་གྲུབ་པ་མི་དགོས་ཏེ། དཀའ་འགྲེལ་དུ་ཡང་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་མཉམ་ཡིན་པར་གསུངས་སོ། །དེར་མ་ཟད་ལུང་འདིས་ཀྱང་འགྲུབ་སྟེ། ཕྱོགས་སྔ་མས་ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་མེད་པར་


GTD002_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལ་ཁྱོད་ལྟར་ན་ཐ་སྙད་དུ་ཡོད་པའི་དོན་སྒྲ་རྟོག་གི་ཡུལ་དུ་ཡོད་པ་ཙམ་ལ་མི་བྱེད་པར་ངོ་བོ་ཉིད་མེད་པར་སྨྲ་བ་བཞིན་དོན་དམ་པར་ཡོད་པའི་ལྡོག་ཕྱོགས་ཤིག་ལ་བྱེད་དགོས་ལ། དེ་ལྟར་ན་ལུགས་འདིའི་སྐུར་འདེབས་མཐར་ཐུག་ཏུ་འགྲོ་ཞེས་ཐ་སྙད་དུ་ཡོད་ལུགས་ལ་དྲི་བ་མཛད་ནས། ལན་དུ་བཤད་པ་དེ་གཉིས་བཀག་གི །སྤྱིར་ཐ་སྙད་དུ་ཡོད་པ་མ་བཀག་པའི་ཕྱིར་རོ། །རང་རྒྱུད་པ་ཕལ་ཆེར་དེ་ལྟར་འདོད་ལ། དགོངས་འགྲེལ་ངེས་དོན་དུ་ཡང་འདོད་མོད་ཀྱི་ལུགས་འདིར་དེ་ཡང་འགལ་བ་ཡིན་ནོ། །བུ་སྟོན་གྱི་ཐུགས་རྩེ་གཏད་སོ་ནི། དབུས་མཐའ་ལས། ངོ་བོ་ཉིད་གསུམ་རྟག་མེད་དང༌། །ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཡོད་དང་མེད་དེ་ཁོ་ན་སྟེ། །ཞེས་དང། དེའི་འགྲེལ་པར། ཀུན་བཏགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པའོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཡང་དག་པར་ནི་མིན་ཏེ། འཁྲུལ་བའི་ཕྱིར་རོ། །ཞེས་པ་འདི་ཉིད་ཡིན་ནམ་སྙམ་ཡང་དེའི་གསུང་དུ་དེ་ལྟར་དྲངས་པ་དང་ཚད་ལྡན་རྣམས་ཀྱིས་བཤད་པ་མ་མཐོང་བས་དཔྱད་དགོས་ལ། དེ་ལྟར་ཡིན་ན་འོག་ཏུ་དོན་དམ་པར་གྲུབ་ཀྱང་དོན་དམ་ཡིན་མི་དགོས་པར་གསུངས་པའི་ཞར་ལ་ཁེགས་པར་འགྱུར་རོ། ། ༈ དོན་དམ་པར་ཡོད་པ་དང་དོན་དམ་ཡིན་པ་གཉིས་སོ་སོར་མ་ཕྱེད་པའི་རྒོལ་བ་ཁ་ཅིག་དོན་དམ་པར་ཡོད་གསུངས་པ་དང། དོན་དམ་པ་མིན་གསུངས་པ་གཉིས་འགལ་སྙམ་ནས་འདི་སྐད་ཅེས། ༈ རབ་འབྱོར་གྱི་ལེའུ་༼ཏུ༽དགོངས་འགྲེལ་གྱི་ལུང་དོན་ནི། འཕགས་ལམ་ཡན་ལག་བརྒྱད་ནང་ཕན་ཚུན་ངོ་བོ་དང་བྱེད་ལས་སོགས་མི་འདྲ་བ་སོ་སོར་


GTD002_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང། དེ་དག་ཐམས་ཅད་ཀྱི་ཆོས་ཉིད་ནི་དགག་བྱ་བཅད་ཙམ་དུ་གཅིག་པའི་དོན་ཏེ། དཔེར་ན་གཟུགས་ཆེ་ཆུང་མི་འདྲ་བ་ཁ་དོག་ཀྱང་མི་འདྲ་བ་སྣ་ཚོགས་པ་ལ་གྲིབ་མ་ཁ་དོག་གཅིག་ཏུ་འབྱུང་བ་སོགས་འགྲེལ་པ་རྣམས་ལས་བཤད་པ་དུ་མ་འབྱུང་ཡང་ཉེ་བར་མི་མཁོ་བས་མ་བྲིས་སོ། ། ༼ཐུ༽དེ་ལ་མདོ་སྡེ་རྒྱན་ལས་གསུངས་པའི་དོན་དམ་པའི་མཚན་ཉིད་ལྔ་ནི་ཡིག་ཆ་གསར་རྙིང་གཉིས་ཀ་ལས། ཡོད་མེད་ཀྱི་མཐའ་དང༌། གཅིག་ཐ་དད་ཀྱི་མཐའ་དང༌། སྐྱེ་འཇིག་མི་བྱེད་ཅིང་སློབ་པའི་དུས་ན་དྲི་མས་མ་དག སངས་རྒྱས་པའི་ཚེ་དྲི་མས་དག་པའི་ཁྱད་པར་ལྔ་ཞེས་འདྲེན་ཚུལ་ཡང་དེ་འདྲ་ཞིག་བྱས་ཏེ། བྲི་བར་མི་འགྱུར་ཏེ། འཕེལ་བ་མེད་ཅིང་ཞེས་པའི་ཐད་གཉིས་ཀར་ཡང་ཆད་སྣང་ངོ༌། །དབྱིག་འགྲེལ་ལས། ཡོད་མིན་མེད་མིན་ཞེས་པ་ཡོད་མེད་ཀྱི་མཐའ་གཉིས་ལ་མ་སྦྱར་བར་མངོན་ཏེ། འདིར་དྲངས་པའི་དབྱིག་འགྲེལ་གྱི་དོན་འཆད་པར་བློ་བརྟན་གྱི་འགྲེལ་བཤད་ལས་ཀུན་བཏགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ལྟ་བུར་ཡོད་པ་མ་ཡིན་པས་ན་ཡོད་མིན་ཞེས་བྱའོ། །ཞེས་གཉིས་ཆོས་ཀྱི་རྣམ་པར་མེད་ཅིང་དགག་བྱ་བཅད་ཙམ་དུ་ཡོད་པ་ལ་གསལ་བར་གསུངས་སོ། །གཅིག་ཐ་དད་ནི་ལྡོག་པ་གཅིག་དང་ངོ་བོ་ཐ་དད་ཡིན་ལ། མཚན་ཉིད་ཐ་མ་གཉིས་ནི་དབྱིག་གཉེན་གྱི་འགྲེལ་པ་ལས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་འགག་པ་དང༌། སྐྱེ་བ་ན་དེ་བཞིན་ཉིད་གནས་པའི་ཕྱིར་བྲི་བར་ཡང་མི་འགྱུར་འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་


GTD002_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འདག་པ་ཡང་མ་ཡིན་ཏེ་ཞེས་ཀུན་ཉོན་ཟད་པས་ཟད་ཅིང་རྣམ་བྱང་འཕེལ་བས་འཕེལ་བ་མེད་པ་དང། རང་བཞིན་གྱིས་དྲི་མ་གཟོད་ནས་དག་པས་སླར་འདག་རྒྱུ་ཡང་མེད་ལ། གློ་བུར་གྱི་དྲི་མ་དག་པར་མི་འགྱུར་བ་ཡང་མ་ཡིན་པ་སྟེ། འགྲེལ་བཤད་གཉིས་ཀྱང་དེ་ཁོ་ནར་བཤད་དོ། །བསྡུ་བའི་མཚན་ཉིད་ལྔ་ཆོས་ཐམས་ཅད་ལ་རུང་ཡང་འདི་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཀྱི་སྟེང་དུ་འཇོག་དཀའ་བས་དོན་དམ་བདེན་པ་མཚན་ཉིད་ལྔ་ལྡན་དུ་མ་བཤད་པར་ཐལ་བ་སོགས་ལ་ཞིབ་ཆ་ཅུང་ཟད་དགོས། རྒྱུ་མཚན་ནི་དབུས་མཐའི་འགྲེལ་པར་གཞན་དབང་ལ་གསུངས་ཤིང༌། བསྡུ་བ་ལས། རྒྱུ་མཚན་གང་ཞེ་ན་མངོན་པར་བརྗོད་པའི་ཚིག་གི་གནས་སུ་གྱུར་པའི་དངོས་པོ་གང་ཡིན་པའོ་ཞེས་འབྱུང་སྟེ། འདིས་འདུས་མ་བྱས་ཀྱང་བཤད་པར་རང་རྒྱུད་པའི་ཐད་དུ་འདི་ཉིད་ལས་གསུངས་སོ། །རྣམ་པར་རྟོག་པ་ནི་བསྡུ་བ་ལས། རྣམ་པར་རྟོག་པ་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་གསུངས་པའི་ཕྱིར་ཏེ་མི་མཐུན་པ་མེད་དོ། །༈ དེའི་དབང་བྱས་པའི་༼དུ༽ལུང་འདིའི་དོན་གོ་ན་སེམས་ཙམ་གྱི་གྲུབ་མཐའི་གཏིང་ཚུགས་པར་སྣང་བས་ཅུང་ཟད་བཤད་ན་ལུང་ཚན་པ་སྔ་ཕྱིས་རྣམ་ཤེས་མི་འདྲ་བ་གཉིས་བཤད་པའི་སྔ་མ་ནི་ཚུར་མཐོང་གི་ཤེས་པ་རང་དགའ་བ་ཐོག་མེད་ནས་གོམས་པའི་བག་ཆགས་ཁོ་ནའི་དབང་གིས་འཁྲུལ་སྣང་སྣ་ཚོགས་སུ་འཆར་བ་འདི་ཡིན་ལ། དེའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་ཞེས་པ་དེའི་སྣང་ཚོད་ལྟར་གྱི་གཟུགས་རང་ལས་རྒྱང་


GTD002_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དུ་ཡོད་ཡོད་འདྲ་བ་དེ་ཡིན་ཞིང། དེ་ནི་གཟུགས་འཛིན་རྟོག་པའི་སྣང་ཆ་ཙམ་གྱི་ཀུན་བཏགས་ཤིག་ཡིན་པས་གཟུགས་ལ་སོགས་པའི་བདག་ཉིད་གང་གི་ཡོད་པ་ཞེས་ཁོ་རང་གི་ངོས་ནས་རང་མཚན་གྱིས་མ་གྲུབ་པར་གཟུགས་གཟུགས་འཛིན་རྟོག་པའི་ཡུལ་དུ་སོང་བའི་ཆ་ཙམ་ལ་བཏགས་ནས་བཞག་པ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པའི་མིང་ཅན་ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མིང་གིས་བཏགས་ཙམ་དུ་སྟོན་འདོད་པ་མ་ཡིན་གྱི། སོ་སྐྱེས་གཟུགས་ལ་བལྟས་པའི་ཚེ་ཁོ་རང་གི་སྣང་ཚོད་ཙམ་པོ་ནི་སྣང་ཆ་དེ་ཁོ་ན་ཡིན་ཞིང༌། ངས་གཟུགས་མཐོང་ཞེས་དངོས་སུ་བརྡ་སྦྱོར་བའང་དེ་ཉིད་ཡིན་པས། དེ་ལ་གཟུགས་ཀྱི་མིང་ཅན་ཞེས་བཏགས་སོ། །དེ་ལ་འོ་ན་རང་རེའི་ཤར་ཚོད་འདི་ཀུན་བཏགས་ཡིན་ན་འདི་ལ་ཐོགས་རེག་སོགས་འབྱུང་བ་མི་རིགས་ཤིང༌། བརྡ་ཡང་འདི་ལ་སྦྱར་བ་ཡིན་པས་བརྡ་ཐམས་ཅད་ཀྱང་དོན་མི་མཐུན་དུ་འགྱུར་རོ་སྙམ་ན་བཤད་པར་བྱ་སྟེ། མཁྲིས་ནད་ཅན་ལ་དུང་དང་ཞོ་འོ་མ་སོགས་ཀྱང་སེར་པོར་སྣང་ལ། དེ་ནད་ཀྱི་དབང་ཡིན་པར་མ་ཤེས་ན་དེ་ལྟར་འཛིན་པར་བྱེད་དོ། །དེ་འདྲ་བ་དེས་བདག་གིས་དུང་ལ་རེག་གོ །ཞོ་ལ་ལོངས་སྤྱད་དོ། །ཞེས་བརྗོད་པ་ཐམས་ཅད་ཀྱང་ཁོ་རང་གི་སྣང་ངོའི་དུང་སེར་པོ་དེ་ཉིད་གཞིར་བཟུང་ནས་དེ་ལ་དུང་གི་བརྡ་སྦྱར་བ་ཙམ་ཡིན་པར་སླར་དྲིས་པས་ཤེས་སོ། །འོན་ཀྱང་ཁོ་རང་ལ་དུང་སེར་པོ་སྣང་བ་དེའི་སྒོ་ནས་དུང་དཀར་པོ་དེ་ལ་རེག་པ་སོགས་ཀྱི་བྱ་བ་བསྙོན་མེད་དུ་བྱེད་ནུས་ལ། དེ་ལྟར་བྱས་ཞེས་པའི་བརྡ་ཡང་དོན་མི་མཐུན་དུ་མི་འགྱུར་མོད། གཞན་ཞིག་གིས་ཁྱོད་ཀྱིས་རེག་པའི་དུང་ནི་དུང་དཀར་པོ་ཡིན་གྱི་དུང་སེར་པོ་མི་སྲིད་དོ་ཞེས་སྨྲས་ན་ཡང་དེ་


GTD002_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མངོན་སུམ་དུ་ཡིན་ཏེ། ད་ལྟ་བདག་གིས་རེག་ཅིང་ཐོགས་རྒྱུ་ཡོད་པ་འདི་ཡིན་ནོ་ཞེས་ལན་འདེབས་ཏེ། དེའི་ཚེ་དེ་ལ་དུང་དཀར་པོ་དཔྱིས་ཕྱིན་པར་མ་སྣང་བཞིན་དུ་ལོངས་སྤྱོད་དུ་ཡོད་པས་ན་དུང་དཀར་པོ་དེ་དེ་ལ་བརྗོད་དུ་མེད་པའི་དངོས་པོར་སོང་བ་ཡིན་ནོ། །གལ་ཏེ་དེའི་སྣང་ངོའི་དུང་སེར་པོ་དེ་སྣང་ཆ་ཙམ་མ་ཡིན་པར་དོན་དུ་བདེན་པ་ཡིན་ན་རྩ་བའི་དུང་དེའི་གཤིས་སུ་འགྱུར་བས། རྩ་བའི་དེ་ཡང་སེར་པོ་འགྱུར་ལ། དེ་བཞིན་དུ་རང་རེའི་སྣང་ཆ་གཟུགས་སོགས་ཀྱི་མིང་འདོགས་པ་འདི་རང་མཚན་གྱིས་གྲུབ་ན་རྒྱངས་ཆད་དུ་ཧྲེང་ཡོད་ཡོད་འདྲ་བ་འདི་དངོས་པོའི་སྡོད་ལུགས་སུ་འགྲོ་དགོས་ཏེ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་དང༌། དེའི་རྣམ་རིག་ཙམ་ལ་འཇུག་པའི་གོ་དོན་ཡིན་ནོ། །དེའི་ཕྱིར་དེ་ནི་རྫས་དང་དོན་དམ་གཉིས་ཀར་མེད་དེ། དེ་ཕྱི་དོན་གྱི་སྣང་བ་ཙམ་ཡིན་པའི་ཕྱིར། ཐལ་འགྱུར་བ་དེ་འདྲའི་སྣང་ཙམ་པོ་དེ་ཉིད་གཟུགས་སུ་འདོད་ཅིང༌། དེ་ཙམ་གྱིས་ཕྱི་དོན་ཡོད་པའི་གོ་ཆོད་ཀྱི། དེ་ལས་ལྷག་པའི་སྡོད་ལུགས་ཤིག་བཙལ་ན་བཏགས་དོན་བཙལ་བར་འགྲོ་ཞེས་འདོད་དེ། དེའི་ཕྱིར་ཕྱི་དོན་ཡོད་པར་འདོད་པའི་རྩ་བ་ཡང་རང་ངོས་ནས་མ་གྲུབ་པ་ལ་ཐུག་གོ །ལུང་ཕྱི་མའི་དོན་ནི་དོན་སྣང་གི་བག་ཆགས་ཀྱིས་མ་བསླད་པའི་ཤེས་པའི་དམིགས་པ་བརྗོད་མེད་ཀྱི་གཟུགས་དངོས་ནི་རྫས་སུ་ཡང་ཡོད་ལ་དོན་དམ་པར་ཡོད་པ་སྟེ་སྔ་མའི་ལྡོག་དོན་དུ་སྣང་བས་དེའི་ཤུགས་ཀྱིས་ཤེས་སོ། །དེ་ལྟ་བུའི་འཁྲུལ་སྣང་དང་མ་འདྲེས་པའི་ཤེས་པ་རང་རིག་ལྟ་བུས་རང་མཚན་བརྗོད་མེད་དེ་ཉིད་ཇི་ལྟ་བ་


GTD002_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡུལ་དུ་བྱེད་པས། དེའི་ཡུལ་དུ་རང་མཚན་གྱིས་གྲུབ་ཀྱང་སྐྱོན་མེད་དེ། དེའི་བར་ན་ཡུལ་དེ་ཇི་འདྲ་བའི་ཕྱི་དོན་གྱི་སྣང་བ་དེ་འདྲ་བ་མེད་པས། དེའི་སྣང་ཚོད་ཙམ་པོ་དེ་བརྗོད་མེད་ཀྱི་རང་མཚན་དངོས་གནས་པ་དེ་ཡིན་པའི་ཕྱིར། དེས་ན་ཀུན་མཁྱེན་བླ་མའི་ལེགས་བཤད་བཻ་ཌཱུརྱ་དཀར་པོའི་གན་མཛོད་ལས་རྟོག་པའི་ཡུལ་དུ་དོན་དམ་པར་གྲུབ་པའི་ཕྱིར་ཏེ། ཚད་མའི་ཡུལ་དུ་དོན་དམ་པར་གྲུབ་པའི་ཕྱིར་ན་མ་ཁྱབ། དེར་ཐལ། གཞལ་བྱར་དོན་དམ་པར་གྲུབ་པའི་ཕྱིར་ཞེས་གསུངས་པ་ཡང་ལེགས་བཤད་དྲི་མ་མེད་པ་ཡིན་པས། མི་ཤེས་པ་ཁ་ཅིག་རྩོད་པའི་ཚེ་ཁ་སྒོ་གཅོད་བྱེད་ཙམ་མོ་ཞེས་ཁ་བདུད་ཀྱིས་ཕྱེ་བའི་འཆོལ་གཏམ་སྨྲ་བ་རྣམས་བག་ཡོད་པར་བྱོས་ཤིག །དེ་དག་གི་དོན་ལ་ཁ་ཅིག་ཡུལ་ཤེས་གཉིས་ཀྱི་བར་ན་དེ་འདྲའི་རྣམ་པ་ཞིག་ཡོད་ན་དོན་སྤྱིར་འགྲོ་བས། དེ་རང་མཚན་གྱིས་མེད་པ་མདོ་སྡེ་པས་ཀྱང་ཤེས་ལ། དེའི་ཕྱིར་དེའི་རྣམ་རིག་ཙམ་ལ་འཇུག་པར་ཡང་མི་ནུས་སོ་ཞེ་ན། དོན་སྤྱི་བྱ་བ་ཡུལ་དེ་དེ་ན་མེད་བཞིན་དུ་ཡང་ཡིད་ངོར་ལམ་ལམ་འཆར་རྒྱུ་དེ་ཡིན་ལ། འདི་ནི་མིག་གིས་ཕར་བལྟས་ན་ཡང་མདུན་དུ་ཡོ་རེ་ཡོད་པ་འདི་ཀ་ཡིན་པས་འདྲ་བ་གཏན་ནས་མེད་དོ། །འདི་དག་ལ་ལེགས་པར་དཔྱད་ན་བརྗོད་དུ་མེད་པའི་དངོས་པོ་དེ་ཡང་རྩོད་དུས་ཀྱི་ཡམ་ཡམ་དེ་མ་ཡིན་པར་ངེས་པ་དོན་དུ་རང་བརྗོད་དུ་མེད་པ་ཞིག་ཏུ་འདུག་སྟེ། མདོར་བསྡུས་ཤིག་གོ་སླ་བའི་ངག་གིས་བཤད་ཟིན་ཏོ། །སྨྲས་པ། འཇམ་མགོན་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་རྗེས། །ཡབ་རྗེའི་གཞུང་འདི་ཁོ་བོས་འགྲེལ་དགོས་ཀྱང༌། །ས་ངན་བདུད་ཀྱིས་གང་ཕྱིར་འཁྲུག་པ་སྐྱེ། །དེ་སླད་ཁྱོད་ཀྱིས་དགྲོལ་ཞེས་དབང་བསྐུར་


GTD002_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཞེས་ཀྱང་གཏམ་དུ་བྱས་སོ། ། ༼ནུ༽ནམ་མཁའ་སོགས་དགག་བྱ་ཐོགས་རེག་གི་སྤྱི་བློར་འཆར་བ་དང༌། གང་ཟག་སོགས་ཕུང་སོགས་བློར་འཆར་བ་ལ་ལྟོས་ཤིང༌། སྒྲ་དོན་གྱི་སྤྱི་སོགས་ལ་མ་བརྟེན་པར་མངོན་སུམ་དུ་རྟོགས་བྱར་མེད་པ་རྣམས་བཏགས་ཡོད་ཡིན་ལ། དབང་པོའི་གཟུང་བྱའི་གཟུགས་དང་རྣམ་ཤེས་གཉིས་དབང་ཤེས་དང་རང་རིག་ལ་ལྟོས་ཏེ་རྒྱུ་མཚན་སྔ་མ་ལས་ལྡོག་པས་རྫས་ཡོད་ཡིན་ནོ། །ཡིག་ཆར་གཉིས་སྟོང་གི་གཟུགས་སྣང་བ་དགག་བྱའི་སྤྱི་འཆར་བ་ལ་མི་ལྟོས་པར་གསུངས་པ་སྒྲ་སོར་བཞག་རུང་ཡང༌། འོག་ཏུ་རྡུལ་ཕྲ་རབ་དེ་རྫས་ཡོད་དང་དབྱིབས་ཟླུམ་པོ་ཅན་ཡིན་པའི་ཕྱིར་གསུངས་པ་ཆ་དུ་མ་འདུས་པ་ལ་བཏགས་པ་རྣམས་བཅོམ་པའི་བློ་འདོར་རུང་བ་ལ་བཏགས་ཡོད་དང༌། ལྡོག་པ་རྫས་ཡོད་དུ་འཆད་པའི་ལུགས་སུ་དགོངས་པ་འགྲེལ་དགོས་སོ། །པྲ་སྟིེའི་དྲང་ངེས་རྣམ་འབྱེད་རྒྱས་པར། འདི་བས་རྫས་ཡོད་ཀྱང་གང་ཟག་གི་སྟེང་དུ་བཞག་ན་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་གྲུབ་ཚད་ལས་མ་འདས་པས་མི་འཇོག་ཅིང༌། ཤེས་པ་དང་གཟུགས་ཀྱི་སྟེང་དུ་འཇོག་ཚུལ་ཡང་སྔར་ལྟར་རོ། །ཞེས་བཤད་དོ། །དེ་ལ་འོ་ན། སེམས་ཙམ་པ་འདི་བས་ཀྱང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་རིགས་ངེས་དེས་སྡུག་བདེན་གྱི་ཁྱད་ཆོས་བཞི་མ་རྟོགས་པར་ཐལ། དེའི་སྟེང་གི་བདག་མེད་ཕྲ་མོ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་དགོས་པའི་ཕྱིར། གཞན་ཡང་སྒྲ་བ་ཤེས་རབ་རིན་ཆེན་གྱིས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང༌། །རྣམ་ཤེས་བདག་སྨྲས་


GTD002_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སེམས་ཡོད་པ་འགལ། །ཞེས་རྗེ་བླ་མ་བཀག་པ་དེ་དོན་དུ་སོང་བར་ཐལ། གང་ཟག་སྤྱི་ལྡོག་བཏགས་ཡོད་ཡིན་ཀྱང། གཞི་ལྡོག་ཀུན་གཞིའམ་དེ་མེད་པའི་ལུགས་ལའང་མཚན་གཞིའི་རྣམ་ཤེས་རྫས་ཡོད་དུ་འདོད་པར་རྣམ་བཤད་དགོངས་པ་རབ་གསལ་ལས་གསུངས་པ་གང་ཞིག །ཉོན་ཡིད་འཁོར་གྱི་འཇིག་ལྟ་གང་ཟག་གི་བདག་འཛིན་ཡིན་པར་སེམས་ཙམ་པས་འདོད་དགོས་པའི་ཕྱིར་རོ། །དེས་ན་རང་ལུགས་འདིར་བཤད་པའི་རྫས་ཡོད་ནི་རིགས་པའི་གྲུབ་པའི་རྫས་ཡོད། བརྟན་པ་མི་འགྱུར་བའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད་གསུམ་མ་ཡིན་པས་རང་སྐྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་ལ། རང་སྐྱ་འཛིན་ཐུབ་ཚུལ་སྔར་ལྟར་ཡིན་ཞིང༌། རང་སྐྱ་ཐུབ་པའི་རྫས་ཡོད་ནི་ཕུང་སོགས་ལ་ལྟོས་མེད་ངོ་བོ་ཐ་དད་དུ་དེ་ལ་དབང་སྒྱུར་བ་པོའི་ཚུལ་གྱིས་ཡོད་པ་ལ་བྱ་བ་སྔ་མ་དང་མི་འདྲའོ། །ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་ཁ་ཅིག་རང་སྐྱ་འཛིན་ཐུབ་པའི་རྫས་ཡོད་དང༌། རང་སྐྱ་ཐུབ་པའི་རྫས་ཡོད་གཉིས་ཀྱི་ཞིབ་ཆ་འབྱེད་པ་ཡང༌། རྒྱ་གཞུང་ཚད་ཐུབ་རྣམས་དང༌། རྗེ་ཡབ་སྲས་ཀྱི་གསུང་གང་ལས་ཀྱང་མི་འབྱུང་བས་འཐད་རྒྱུ་ཞིག་མི་འདུག་ཅེས་སོགས་མང་དུ་གསུངས་པ་ཡང་མཁས་པ་སྔ་མའི་ཁས་ལེན་གྱི་རྒྱུན་བསྐྱངས་པ་ཙམ་ལས་དགོངས་པ་དངོས་མིན་འགྲོ། ཁ་ཅིག་གང་ཟག་དང་སྐྱེས་བུར་རྫས་བཏགས་འབྱེད་པ་ནི་འགྲེལ་པ་དོན་གསལ་སོགས་ལས་གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཞེས་པའི་ཚིག་ལ་འཁྲུལ་བར་སྣང་ཡང་དེ་ནི་རྒྱ་སྐད་ལ་ཚིག་གི་ནུས་པ་འདོན་ལུགས་ཀྱི་ཁྱད་ཙམ་ཞིག་ཡིན་ཏེ། ཉི་སྣང་ལས། པུ་ནི་ལུས་ལ་བྱ་བར་


GTD002_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལ། དེ་ལ་བརྟེན་པས་ན་པུ་རུ་ཥ་སྟེ་སྐྱེས་བུའོ། ཞེས་གསུངས་པ་ལྟར། གདགས་གཞི་ཕུང་བོར་བརྟེན་པ་ཚིག་ཟུར་དུ་ཐོན་པའི་དབང་གིས་ཡིན་ནོ། །ལྷས་སྦྱིན་སྣང་བ་གདགས་གཞི་སྣང་བར་ལྟོས་ཀྱང༌། རྟོགས་པ་ལ་དེ་རྟོགས་དགོས་ན་ཐམས་ཅད་ཀྱང་གདགས་གཞིའི་ཕུང་པོར་ལྟོས་མེད་ཀྱི་ང་མེད་པར་རྟོགས་པར་འགྱུར་ལ། འོན་ཀྱང་ལྷས་སྦྱིན་མངོན་སུམ་དུ་རྟོགས་པའི་བློ་གང་ཡིན་དཔྱད། ༼པུ༽དེ་ལ་བཏགས་ཡོད་དུ་འཇོག་ཚུལ་ཡང་དུ་མ་ཡོད་དེ། ཚད་མ་རིགས་རྒྱན་ལས། བཏགས་ཡོད་ལ་ཡང་ཆ་ལ་བཏགས་པ་དང༌། གནས་སྐབས་ལ་བཏགས་པ་དང༌། མེད་བཞིན་དུ་བཏགས་པ་དང༌། དེ་ལས་གཞན་པའི་བཏགས་ཡོད་བཞི་ཞེས་གསུངས་པ་དང༌། གཞུང་གཞན་ཁ་ཅིག་ལས། བརྟེན་ནས་བཏགས་པའི་བཏགས་ཡོད། ཆ་ལ་བཏགས་པའི་བཏགས་ཡོད། རྟོག་པས་བཏགས་པའི་བཏགས་ཡོད་ཅེས་ཀྱང་འབྱུང་བས་བཏགས་ཡོད་བྱས་ཚད་གཅིག་ཏུ་འཁྲུལ་མི་རུང་སྟེ། ཀུན་གཞིའི་བག་ཆགས་ལྟ་བུ་བརྟེན་ནས་བཏགས་པ་དང༌། འཇིག་ལྟ་ལྟ་བུ་ཆ་ལ་བཏགས་པ་དང༌། ནམ་མཁའ་ལྟ་བུ་རྟོག་པས་བཏགས་པ་སོགས་ཡོད་ཀྱང་འདིར་གཙོ་བོ་གནས་སྐབས་ལ་བཏགས་པ་དེར་བྱའོ། །དེ་ཡང་དགེ་སོགས་འཕེལ་འགྲིབ་ཀྱི་གནས་སྐབས་ལ་རྙེད་ཐོབ་དང༌། དེའི་རྒྱུན་གྱི་ལྡན་ཐོབ་རྣམས་བཏགས། སེམས་མེད་པའི་གནས་སྐབས་ལ་འགོག་སྙོམས། འདུ་ཤེས་མེད་པའི་སྙོམས་འཇུག འདུ་ཤེས་མེད་པ་གསུམ་བཏགས་ལ། དང་པོ་ནི། སྲིད་རྩེ་ལས་


GTD002_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བསྐྱོད་པར་གསུངས་པས། འཕགས་པ་ཁོ་ནར་ཡོད་ཅིང་ལུགས་འདིའི་ཡུལ་ཚོར་འདུ་རགས་པ་འགག་པའི་ཆ་ཁོ་ན་དང། རང་རྒྱུད་པའི་ཡུལ་ཤེས་གཉིས་ཀ་དང༌། ཐལ་འགྱུར་བས་ཤེས་པ་ཁོ་ནར་འདོད་པ་སྐབས་བཞི་པའི་མཐའ་དཔྱོད་དུ་གསུངས་ལ། ཁ་ཅིག །དབུ་མའི་མཐའ་དཔྱོད་དུ་དྲངས་པའི་སྡུད་པའི་ལུང་ལ་བརྟེན་ནས་སྟོང་ཉིད་རྟོགས་པ་ཁོ་ནར་འདོད་ཀྱང༌། དེའི་དཀྱུས་ལ་རྣམ་ཐར་བརྒྱད་ཀ་གསུངས་པས་ཐུན་མོང་མ་ཡིན་པའི་དེ་ཡིན་པར་མངོན་ནོ། །འགོག་སྙོམས་ཐོབ་པ་ལ་སྙོམས་འཇུག་གི་སྒྲིབ་པ་སྤོང་དགོས་ཤིང༌། མཐོང་ལམ་དུ་དེ་ཐོབ་པ་ཡོད་པས་སྙོམས་འཇུག་གི་སྒྲིབ་པ་གང་ཞིག་ངོས་སྐལ་གྱི་གཞོམ་བྱ་ཡིན་ན་མཐོང་སྤང་ཡིན་དགོས་སོ་ཞེས་ཁ་ཅིག་འདོད་ཀྱང༌། དེ་སྤང་དགོས་པར་གསུངས་པ་ས་བོན་སྤོང་བ་ཡིན་མིན་དཔྱད་པར་བྱའོ། །འདུ་ཤེས་མེད་པའི་སྙོམས་འཇུག་བསམ་གཏན་བཞི་པར་བརྟེན་པས་དེ་ཡན་ཆད་ཀྱི་ཚོར་འདུ་རགས་པ་སོགས་དགག་བྱར་འོང་དོན་མེད་ཅིང་སོ་སྐྱེ་ཁོ་ནར་ཡོད་པས་འགོག་སྙོམས་དང་གཏན་མི་མཐུན་ནོ། །འདུ་ཤེས་མེད་པ་བ་ནི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་དོ། །གནས་པའི་གནས་སྐབས་ལ་སྲོག་ཅེས་བཏགས་ཤིང་དྲོད་དང་རྣམ་ཤེས་བརྟེན་པའི་ཆ་ལ་ཚེའམ་སྲོག་ཏུ་འཇོག་པ་དང༌། སྡེ་པ་ཁ་ཅིག་སྔ་མའི་ལས་ཀྱི་མཐུས་རིས་མཐུན་གནས་པ་ཚེ་དང༌། ད་ལྟའི་མཐུན་རྐྱེན་སོགས་ཀྱི་མཐུས་འཚོ་བ་སྲོག་ཏུ་འདོད་པ་ཡང་ཡོད་དོ། །འདྲ་བའི་གནས་སྐབས་ལ་རིས་མཐུན་ནམ་སྐལ་མཉམ་བཏགས་ཤིང༌། མཚན་ཉིད་ཀྱི་གནས་སྐབས་ལ་སྐྱེ་རྒ་གནས་པ་མི་རྟག་


GTD002_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་བཏགས་སོ། །ཐ་སྙད་ཀྱི་གནས་སྐབས་ལ་མིང་ཚིག་ཡི་གེའི་ཚོགས་གསུམ་བཏགས་ཏེ། བསྟན་བཅོས་སོགས་མིང་ཚིག་དུ་མ་ཚོགས་པ་ཡིན་ཀྱང་ཚོགས་པའི་རང་ལྡོག་བཏགས་ཡོད་དུ་བཤད་པ་ལས་ཁྱབ་པ་བསྟན་པ་མིན་ནོ། །འཕགས་ཆོས་མ་རྙེད་པ་ལ་སོ་སྐྱེས་ཞེས་བཏགས་ཤིང༌། དེ་དག་ལས་སོ་སྐྱེས་ཚབ་ཏུ་མ་ཐོབ་པ་བགྲངས་ནས་བྱེ་སྨྲ་རྣམས་བཅུ་བཞིར་བཤད་ཅིང་ལྷག་མ་དགུ་མ་བཤད་དོ། །ལྷག་མ་དགུ་ལས་སོ་སོར་ངེས་པ་ལ་རང་སྤྱི་དང༌། དགེ་སྡིག །བདེ་སྡུག་སྟེ་མཚན་ཉིད་དང་རྒྱུ་འབྲས་སོ་སོར་ངེས་པ་གསུམ་དང༌། འབྱོར་འབྲེལ་ལ་བཟོ་བོའི་ལག་ཆ་ཚོགས་པ་དང༌། རྒྱུ་ཚོགས་དང༌། དངོས་པོ་རང་རང་གི་བྱ་བ་དང་ལྡན་པ་སྟེ། ཐབས་དང་འདུས་པ་དང་རིགས་པའི་ཚུལ་གྱིས་བྱ་བ་བྱེད་པའི་འབྱོར་འབྲེལ་གསུམ་དང༌། མགྱོགས་པ་ལ་རྒྱུ་འགག་མ་ཐག་འབྲས་བུ་འབྱུང་བ་དང༌། འཕྱོང་བ་དང༌། འཕུར་བ་སྟེ་འདུ་བྱེད་ཀྱི་དང༌། སྐྱེས་བུ་བྱེད་པའི་དང༌། རྫུ་འཕྲུལ་གྱི་མགྱོགས་པ་དང་གསུམ་དང༌། དམན་མཆོག་སྔ་ཕྱི་སོགས་ཀྱི་གོ་རིམ་དང༌། དུས་གསུམ་དང༌། གནས་དང་གང་ཟག་ཚོགས་སྟེང་ནས་རྒྱ་གར་ལྟ་བུའི་ཡུལ་དང༌། ཚོད་གཞལ་བར་བྱེད་པའི་གྲངས་དང༌། རྒྱུ་ཚོགས་ཚང་བའི་ཚོགས་པའོ། །འབྱོར་འབྲེལ་དུ་རྒྱུ་ཚོགས་བཤད་པ་ནི། དེ་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་ལྡོག་ཆ་ནས་ཡིན་ལ། འདིར་གྲངས་ཚང་བར་ཡོད་པའི་ལྡོག་ཆ་ནས་ཡིན་པས་མི་མཚུངས་སོ། །བཏགས་ཡོད་འཇོག་ཚུལ་དུ་མར་གསུངས་པའི་དགོས་པ་ཡང་ཆོས་ཐམས་ཅད་བཏགས་ཡོད་


GTD002_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་གསུངས་པའི་དགོངས་པ་འགྲེལ་ཆེད་ཡིན་ལ། ཀུན་བཏུས་ལས་ཐམས་ཅད་ཀྱང་བཏགས་པར་ཡོད་པའོ་ཞེས་གསུངས་པས་ཆོས་ཐམས་ཅད་རྣམ་གྲངས་པའི་བཏགས་ཡོད་ཀྱང་ཡིན་ལ། རྣམ་གྲངས་པའི་རྫས་ཡོད་ཀྱང་ཡིན་ཏེ། བྷ་བ་རྫས་དང་ཡོད་པ་གཉིས་ཀ་ལ་འཇུག་པས་དེ་ལྟར་བཤད་དོ། །མཐའ་དཔྱོད་ལས། ཤེར་མདོར་རྫས་གྲུབ་ཏུ་གསུངས་ཞེས་པ་དཔྱད། ༼ཕུ༽འདི་དག་གི་དོན་མཐའ་དཔྱོད་ལས། ཡེ་ཤེས་རང་ཉིད་མི་རིག་ན་སོ་སོར་རང་རིག་ཅེས་པ་འབྲེལ་མེད་ཅེས་རྩོད་པ་དང༌། སོ་སོ་རང་རིག་ཅེས་པ་ཆོས་ཉིད་གཟིགས་ཚུལ་གྱིས་བཏགས་པ་ཡིན་ཏེ། སྒྲ་སྤྱི་སོགས་དང་མ་འདྲེས་པས་སོ་སོ་དང༌། འཕགས་པ་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའམ། རང་སྟོབས་ཀྱིས་རིག་པས་རང་རིག་པར་བཞག་གི རང་ཉིད་རིག་པས་ནི་མ་ཡིན་ནོ་ཞེས་པ་ལན་དུ་མཛད་ལ། ཀར་ལན་ཀླུ་སྒྲུབ་དགོངས་རྒྱན་དུ་ཡང་རང་ཡུལ་གཉིས་མེད་ཀྱི་ཤེས་པ་རིག་པ་མིན་ན་སོ་སོ་རང་རིག་ཅེས་པ་འབྲེལ་མེད་ཅེས་ཕྱོགས་སྔའི་རྩོད་པ་བཀོད་ནས། དབུ་མ་སྣང་བ་སོགས་གྲུབ་མཐའ་བཞི་ཀའི་གཞུང་ཐམས་ཅད་ལས་སོ་སོར་རང་རིག་ཅེས་འབྱུང་བས་ཐམས་ཅད་ཀྱང་གཉིས་མེད་ཀྱི་ཤེས་པ་དོན་དམ་བདེན་པར་ཁས་ལེན་པར་ཐལ་ལོ་ཞེས་མགོ་མཚུངས་མཛད་པར་གསུངས་ཏེ། ཡིག་ཆར། དབུ་མ་སྣང་བར་ཞེས་པ་ནས། གསུངས་པ་ལྟར་མདོ་བསྟན་བཅོས་ནས་འབྱུང་བ་འདིར་ཡང་འདོད་དགོས་ལ་ཞེས་པ་དང་དགོངས་པ་གཅིག་ཅིང༌། འདི་ལྟར་ན་ལུགས་འདིའི་ཞེས་པ་དམིགས་ཀྱིས་བསལ་བ་མ་ཡིན་པར་ལུགས་འདིས་ཀྱང་ཞེས་བཤད་དགོས་སོ། །


GTD002_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་སོ་སོར་རང་རིག་པའི་དོན་རང་ཉིད་ཀྱིས་རང་ཉིད་འཇལ་བ་ལ་འདོད་པའི་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ཡང་མེད་པས། དེ་འདྲའི་རྩོད་པའི་ལན་དུ་སྦྱར་བ་རྗེའི་དགོངས་པར་མ་སོན་གསུངས་ཀྱང༌། དེ་འདྲ་ཇོ་ནང་བས་འདོད་ཡོད་པ་འདྲ། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར། རང་ལུགས་ནི་ཟག་མེད་ཀྱི་ཡེ་ཤེས་དམ་པའི་དོན་ལ་དོན་དམ་དུ་འཆད་དགོས་ན་མཉམ་གཞག་ཡེ་ཤེས་མྱོང་བའི་རང་རིག་ཀྱང་ཟག་མེད་མ་འཁྲུལ་བའི་ཤེས་པ་ཡིན་ཞིང༌། ཡེ་ཤེས་དེ་དེའི་རྙེད་དོན་ཡིན་པའི་ཕྱིར་དོན་དམ་བདེན་པར་འགྱུར་རོ། །ཞེས་རྩོད་པ་དང༌། ལན་དུ་ཟག་མེད་ཀྱི་ཤེས་པ་གཅིག་གི་ཡུལ་ཡིན་ཙམ་གྱིས་དོན་དམ་བདེན་པར་འཇོག་ན་བདེན་ཡང༌། དོན་དམ་བདེན་པར་འཇོག་པ་ལ་ཡུལ་གྱི་གནས་ལུགས་དཔྱད་པའི་དཔྱད་མཐར་རྙེད་ཅིང༌། ཡུལ་ཅན་ཤེས་པ་དེ་ཡང་ཡུལ་དེ་ལ་དོན་དམ་དཔྱོད་བྱེད་དུ་སོང་བ་ཞིག་དགོས་ཞེས་ལན་མཛད་ཅིང༌། དེ་ལྟར་མིན་ན་ལུགས་འདིའི་ཞེས་དམིགས་ཀྱིས་བཀར་བ་དོན་མེད་དུ་འགྱུར་བར་གསུངས་སོ། །རེ་ཞིག་ཨ་པའི་ཁ་ཕོར་གཙོ་ཆེ་བས། དེའི་ཕྱོགས་བཟུང་ནས་འདི་སྐད་བྱ་སྟེ། སེམས་ཙམ་པས་ནི་མཉམ་གཞག་ཡེ་ཤེས་སུ་མ་ཟད། སྐྱེ་འཕགས་ཀྱི་ཤེས་པ་ཐམས་ཅད་ལ་རང་མྱོང་རང་རིག་རེ་འདོད་ཅིང༌། སོ་སྐྱེས་རང་རིག་ལ་ཡང་ཉོན་མོངས་ལྟ་ཞོག་གཉིས་སྣང་འཁྲུལ་པའི་ཟག་པ་ཡང་མེད་པ་ནི་ཉིད་ཀྱི་གྲུབ་མཐར་གསུངས་པ་བཞིན་ཡིན་པས། རང་རིག་གི་དངོས་ཡུལ་ཡིན་ཙམ་གྱི་དོན་དམ་བདེན་པར་འགྱུར་ན་གངས་རི་


GTD002_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་པ་ལ། དེ་གནས་ལུགས་མཐར་ཐུག་ཀྱི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ། །གལ་ཏེ་ཕ་རོལ་པོ་དེས་རང་རིག་མི་འདོད་པའི་རྒྱུ་མཚན་གྱིས་རང་རིག་ཡོད་ན་དེ་ལྟར་འགྱུར་རོ་ཞེས་རིགས་པའི་འཕུལ་ཡིན་གྱི་ཡེ་ཤེས་དེ་དོན་དམ་པར་འགྱུར་སྙམ་པའི་དོགས་པ་སྐྱེས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཤེས་པ་ཐམས་ཅད་དོན་དམ་བདེན་པར་འགྱུར་ཞེས་རྩོད་རིགས་ཀྱི་མཉམ་གཞག་ཡེ་ཤེས་དམིགས་ཀྱིས་བཀར་བ་དོན་མེད་དུ་འགྱུར་རོ། །དེས་ན་སྔ་མ་རྗེའི་དགོངས་པར་སོན་ངེས་སོ། །དེ་དག་རིགས་པའི་རྣམ་འགྱུར་ཡིན་པས་ད་ནི་དམ་པ་གཉིས་ཀྱི་དགོངས་པ་གཅིག་ཏུ་དྲིལ་ན་འདི་སྐད་བྱ་སྟེ། སེམས་ཙམ་པའི་ལུགས་འདིར་ཤེས་པ་གཞན་ལ་ཡང་རང་མྱོང་རང་རིག་རེ་ཡོད་མོད་ཀྱང་སོ་སོར་རང་རིག་གི་དོན་དུ་འགྲོ་མི་དགོས་ལ། མཉམ་གཞག་ཟག་མེད་ཡེ་ཤེས་དེའི་སྟེང་དུ་དེ་གཉིས་དོན་གཅིག་དགོས་སོ། །དེའི་རྒྱུ་མཚན་ནི་རང་རིག་གི་སྣང་ཚོད་དེ་ནི་བརྗོད་མེད་ཀྱི་དངོས་པོ་སེམས་ཀྱི་རང་བཞིན་འཁྲུལ་མེད་དེ་ཡིན་ལ། སོ་སྐྱེས་གཞན་རིག་གི་ཤེས་པའི་སྣང་ཆ་ནི་ཀུན་བཏགས་པ་ཙམ་ཡིན་ཞིང༌། དེ་འདྲའི་སྣང་ཆ་ཀུན་བཏགས་པ་དེ་ནི་ཕྱི་རོལ་དོན་སྣང་ཡང་ཡིན་པས་གནས་ལུགས་དཔྱད་སྟོབས་ཀྱིས་རིམ་པས་ཕྲ་རུ་སོང་སྟེ། མཐར་གཟུང་རྣམ་དེ་ཡང་སྣང་ཚུལ་སོགས་འཛིན་རྣམ་ཇི་ལྟ་བར་ཕྱི་དོན་གྱི་སྣང་བ་ལོག་ནས་ཡེ་ཤེས་རང་གི་ངོ་བོ་རིག་པར་འགྱུར་ལ། དེའི་ཕྱིར་སོ་སོར་རང་རིག་པར་ཡང་བཤད་དོ། །དེའི་ཚེ་མར་མེ་བཞིན་གཟུང་རྣམ་དེས་རང་


GTD002_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རང་རིག་ཀྱང་དེ་རིག་པ་འཛིན་རྣམ་ཡིན་ལ། སྤྱིར་འཛིན་རྣམ་གྱིས་སེམས་ཀྱི་ངོ་བོ་དཔྱིས་ཕྱིན་པར་མཐོང་བ་དཔྱད་པ་ལ་མ་ལྟོས་ཀྱང་འདི་ནི་དཔྱད་སྟོབས་ཀྱིས་དེ་ལྟར་མཐོང་བའི་སེམས་ཀྱི་གསལ་ཆ་ཡིན་པས། འདིས་སེམས་ཉིད་རང་གི་ངོ་བོ་རྙེད་པ་ཡང་དོན་དམ་དཔྱད་པའི་དཔྱད་མཐར་རྙེད་པ་ལ་འགྲོ་བས་ཡུལ་ཡེ་ཤེས་དེ་ཡང་དོན་དམ་བདེན་པར་འགྱུར་ཞེས་རྩོད་པ་ཡིན་ལ། ལན་ནི་སོ་སོར་རང་རིག་ཅེས་པ་ཆོས་ཉིད་གཟིགས་ཚུལ་གྱི་སྒོ་ནས་ཡིན་གྱི་ཡེ་ཤེས་རང་ཉིད་རིག་པའི་ཆ་ནས་བཤད་པ་མ་ཡིན་ལ། གཟུང་རྣམ་མཉམ་གཞག་ཡེ་ཤེས་དེས་ཡེ་ཤེས་རང་གི་ངོ་བོ་མ་མཐོང་ན་འཛིན་རྣམ་རྐྱང་བ་ལ་དེ་ཤར་ཡང་དཔྱད་སྟོབས་ཀྱིས་ཤར་བར་འགྲོ་དོན་མེད་ཅིང༌། དེའི་ཕྱིར་འཛིན་རྣམ་རང་རིག་དེ་ཉིད་ཀྱིས་ཡེ་ཤེས་དེ་རྙེད་ཅིང༌། དེ་ཟག་མེད་མ་འཁྲུལ་བའི་ཤེས་པ་ཡང་ཡིན་མོད་ཀྱང་ཡུལ་དེ་གནས་ལུགས་དཔྱོད་པའི་དཔྱད་མཐར་རྙེད་པ་མ་ཡིན་པས་དེའི་སྒོ་ནས་དོན་དམ་བདེན་པར་འཇོག་མི་ནུས་སོ་ཞེས་ལན་མཛད་དོ། །ཕྱོགས་སྔ་དེས་གནས་ལུགས་རྟོགས་པའི་ངོར་གཉིས་མེད་ཀྱི་སེམས་ཡོད་པ་ཡེ་ཤེས་སྙིང་པོའི་ཀུན་ལས་བཏུས་ཀྱི་ལུང་འདིས་བསྒྲུབས་ཀྱང་རང་ལུགས་འཇོག་ཚུལ་དང་པོའི་དོན་དམ་དུ་ཡོད་པའི་དོན་དུ་གསུངས་པ་སྐབས་ཀྱིས་ཤེས་སོ། །གྲུབ་མཐའ་ཆེན་མོར་ལུགས་འདིའི་ཡེ་ཤེས་དེ་རང་རིག་ཏུ་བཞེད་ཅེས་སོགས་ཀྱི་ལུང་འདི་དང༌། འདི་གང་ལས་འཕྲོས་པའི་གཞུང་དབུ་མ་སྣང་བ་ལས། གང་འཕགས་པ་རྣམས་ཀྱིས་ཞེས་སོགས་དང༌། སོ་སོར་


GTD002_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་རིག་པར་བྱ་བ་དངོས་པོའི་ངོ་བོ་ཉིད་ཅེས་སོགས་ཀྱང་མདོ་སྡེ་པའི་རིགས་པར་བརྟེན་ནས་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་དངོས་པོ་ཁོ་ནར་འདོད་པའི་སེམས་ཙམ་པ་ཁ་ཅིག་གི་ལུགས་ཡིན་པར་གསུངས་ལ། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་དབུ་མ་སྣང་བའི་ལུང་དེ་དག་ཟག་མེད་ཀྱི་ཤེས་པའི་དངོས་ཡུལ་ཙམ་ལ་སྦྱར་སྣང་སྟེ་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །གོང་དུ་བཤད་པ་དེ་ལྟར་བྱས་ན་ལུགས་འདིའི་ཡེ་ཤེས་དེ་ཞེས་པ་སྒྲིབ་གཉིས་དག་བྱེད་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་གཉིས་བཤད་པ་ལས་གཟུང་འཛིན་གཉིས་སྟོང་རྟོགས་པའི་སོ་སོ་རང་རིག་དེ་ལ་སྒེར་དུ་དོགས་པ་བཅད་པར་བྱས་ཀྱང་རུང་ངམ་སྙམ། ༼བུ༽ཀུན་བཏུས་ལས། ཅིའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་བརྟགས་ཞེ་ན་ཀུན་ནས་ཉོན་མོངས་པར་གྱུར་པའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ། །ཅིའི་ཕྱིར་དོན་དམ་པར་ཡོད་པར་བརྟགས་ཞེ་ན་རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པའོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ་ཞེས་པ་འདི་ཉིད་ཡིན་ལ། འདིས་ཀྱང་དོན་དངོས་གནས་པ་རེ་རེ་དང་སྒྲ་ཡངས་པའི་དབང་དུ་བྱས་ཏེ་ཆོས་ཐམས་ཅད་རྣམ་གྲངས་པའི་ཀུན་རྫོབ་དང་དོན་དམ་གཉིས་ཀར་བཤད་ཚུལ་རེ་བྱས་པས་སྔ་མ་སྔ་མ་དང་མཐུན་པ་ཡིན་ལ། ཕྱི་མ་ནི་ཤེར་མདོའི་དགོངས་པ་འགྲེལ་ཕྱིར་དུ་ཀུན་རྫོབ་དང་དོན་དམ་དུ་བཤད་ལུགས་ཙམ་རེ་བྱས་པ་ཡིན་ལ། ཆོས་ཐམས་ཅད་དོན་དམ་དུ་འཆད་ཚུལ་རྒྱལ་སྲས་མ་ལས་ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་


GTD002_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་གཞན་མ་ཡིན་པའི་ཕྱིར་ཞེས་གསུངས་ལ། ཀུན་རྫོབ་ཏུ་འཆད་ཚུལ་དེར་དངོས་སུ་མེད་ཅིང་དར་ཊཱིཀ་ལས། འཁྲུལ་བའི་ཤེས་པ་ཡུལ་དང་བཅས་པ་ཐམས་ཅད་ཀྱང་རྣམ་གྲངས་ཀྱི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་གསུངས་ལ། གྲུབ་མཐའ་ཆེན་མོར་ཆོས་ཐམས་ཅད་རྣམ་གྲངས་པའི་རྫས་བཏགས་གཉིས་ཀར་གསུངས་པས། ཆོས་ཐམས་ཅད་རྣམ་གྲངས་པའི་ཀུན་རྫོབ་ཏུ་ཡང་བྱ་དགོས་ཏེ། རྩ་བར་ཁྱད་མ་ཕྱེ་བར་ཐམས་ཅད་ཅེས་གསུངས་པའི་ཕྱིར་རོ། །དེས་ན་དར་ཊཱིཀ་ལས་འཁྲུལ་ཤེས་དམིགས་ཀྱིས་བསལ་བ་ཡང༌། དེ་བཞིན་ཉིད་ལྟ་བུ་རྣམ་གྲངས་པའི་ཀུན་རྫོབ་ཏུ་བཤད་པ་རྗེས་ཐོབ་འཁྲུལ་སྣང་དང་བཅས་པའི་སྐབས་ཀྱི་ཤེས་པའི་ངོ་ལ་སྦྱར་ནས་འཇོག་དགོས་པ་ལ་དགོངས་སོ། །དེ་ལྟར་ཀུན་བཏུས་ཀྱི་བཤད་པ་སྔ་མ་དེ་དང༌། དགོངས་འགྲེལ་གྱི་བཤད་ཚུལ་དེ་གཉིས་ཀ་ཡང་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་ཡོད་ཚུལ་གཅིག་ཡིན་ཏེ། བསྡུ་བར་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་ཞེས་དང༌། གྲུབ་མཐར། གཉིས་པ་ཀུན་ཉོན་སློང་རུང་ཞེས་སོ། །བསྡུ་བ་ལས། གདགས་པའི་གཞི་ཡིན་པའི་ཕྱིར་ཞེས་དང། གྲུབ་མཐར་ཐ་སྙད་གཞི་ཞེས་པའི་སྐབས་ནས་བསྟན་པའི་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་བཤད་ཚུལ་གཞན་ཡང་ཡོད་དེ། ཀུན་རྫོབ་བདེན་པ་ཡིན་ན་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་ཡོད་པས་ཁྱབ་པ་གང་ཞིག །སྔ་མ་དེ་ནི་ཟག་མེད་འདུས་བྱས་སོགས་ལ་སྦྱར་མི་རུང་བའི་ཕྱིར། དེས་ན་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་ཡོད་པའི་དོན་གཙོ་


GTD002_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནི་ཕྱི་མ་འདི་ཡིན་ལ། དེའི་ཚུལ་ཡང་རྐང་པས་བརྒལ་བར་བྱ་བའི་འབབ་སྟེགས་ལ་རྐང་པའི་འབབ་སྟེགས་ཟེར་བ་བཞིན་གཉིས་སྣང་ཅན་གྱི་བློ་ཀུན་རྫོབ་པ་རྟོག་པ་སོགས་ཀྱིས་བཞག་པར་བྱ་བའི་ཆོས་ལ་ཀུན་རྫོབ་པའི་བདེན་པ་ཞེས་བཞག་པ་སྟེ། དོན་བསྡུ་ན། ཀུན་རྫོབ་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་དུ་ཡོད་པས་ཀུན་རྫོབ་ཏུ་འཇོག་ཚུལ་འཆད་པར། ༼མུ༽ཞར་བྱུང་བཤད་པའི་རྣམ་གྲངས་གཞན་ཡང༌། ༼ཙུ༽བསྡུ་བའི་བཤད་ཚུལ་ཕྱི་མ་འདི་ནི་སྔ་མ་དག་དང་མི་མཚུངས་ཏེ། འདིར་རང་ཉིད་བློ་ཇི་འདྲ་ཞིག་གིས་བཞག་པའི་དབང་དུ་མ་བྱས་པར་རང་གི་ཡུལ་ཀུན་རྫོབ་དང་དོན་དམ་གང་འཇོག་པའི་དབང་དུ་བྱས་སོ། །དེ་ལ་རྒྱུ་མཚན་སྔ་མ་གཉིས་མེད་པར་གསུངས་པ། གཉལ་སྟོན་གྱིས་ཐ་སྙད་ཀྱི་དབང་གིས་བཞག་པའི་ཡོད་པ་ཡང་མ་ཡིན། ཀུན་ནས་ཉོན་མོངས་ཀྱི་དམིགས་པ་ཡང་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པའི་རྒྱུ་མཚན་སྔ་མ་གཉིས་མེད་ཅེས་པའི་དོན་ནོ། །ཞེས་བཤད་པའི་དོན་ཐ་སྙད་ཀྱི་དབང་གིས་བཞག་པ་སྟེ། ཐ་སྙད་རྟོག་བཏགས་ཙམ་དུ་ཡོད་པ་དང༌། ཀུན་ཉོན་སློང་བའི་དམིགས་པ་གཉིས་ལ་བྱས་པ་ཡིན་ན་ལེགས་ཀྱང༌། ཐ་སྙད་པའི་ཤེས་པའི་རྙེད་དོན་ལ་བྱས་ཏེ་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་འཇོག་བྱེད་གཉིས་མེད་པ་ལ་བྱས་པ་ཡིན་ན་མི་ལེགས་ཏེ། འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཡིན་ན་དེར་འཇོག་བྱེད་ཡོད་དགོས་པའི་ཕྱིར་དང༌། ཀུན་རྫོབ་བདེན་པ་ཡིན་ན་དེའི་མཚན་ཉིད་ཚང་དགོས་པའི་ཕྱིར་རོ། །རྗེས་ཐོབ་ཡེ་ཤེས་དོན་དམ་དུ་བཤད་པའི་ངེས་ངོར་སྟོང་ཉིད་ཤར་བ་ལ་པྲ་སྟིས་བཤད་ཅིང༌། རང་མཚན་གྱིས་གྲུབ་


GTD002_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཉལ་སྟོན་གྱིས་བཤད་དོ། །དེའི་འཛིན་སྟངས་སུ་ཀུན་རྫོབ་བདེན་པ་གཙོ་ཆེ་བའི་ཕྱིར་དང༌། རང་མཚན་གྱིས་གྲུབ་པ་དོན་དམ་དུ་བྱས་པའི་བཤད་ཚུལ་འཆད་པའི་སྐབས་མིན་པས་གཉིས་ཀ་ཡང་འཐད་པར་མི་སེམས་ཀྱི། བདེན་པ་གཉིས་ཀ་རྟོགས་པས་གཉིས་ཀར་བཤད་པ་ཙམ་ཡིན་ནོ། །ཞར་བྱུང་རྫོགས་ནས་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་ཡོད་པ་ལ་གཞན་གྱི་རྩོད་པ་སྤོང་ཚུལ་སྟོན་པར། ༈ སྟེ་དབུ་མ་སྣང་བར་སྟོང་པ་ཉིད་ཆེན་པོའི་མདོ་ལས་ཞེས་དྲངས་སོ། །༼ཚུ༽དེ་དག་གི་དོན་བསྡུས་ན་འདིར་རྣམ་བཤད་རིགས་པ་དྲངས་པ་ནི་ཐ་སྙད་དུ་ཡོད། དོན་དམ་པར་ཡོད་ཅེས་པ་ལ་ཡང་ཡོད་ལུགས་སྣ་ཚོགས་ཡོད་པས། ཉན་ཐོས་སྡེ་པ་ཁྱོད་ཀྱིས་དོན་དམ་དང་ཀུན་རྫོབ་ཀྱི་འཇོག་ལུགས་གང་ཡིན་མ་ཕྱེ་བར་ཤེར་ཕྱིན་གྱི་མདོ་ལས། ལས་དང་རྣམ་སྨིན་ཡོད་པར་གསུངས་པ་དོན་དམ་པར་ཡིན་ན། ཆོས་ཐམས་ཅད་བདེན་པར་མེད་པ་མི་འཐད་ལ་ཀུན་རྫོབ་ཏུ་ཡིན་ན་དེར་བྱེད་པ་པོ་ཡོད་པས་མི་འཐད་ཅེས་ངོ་བོ་ཉིད་མེད་པར་སྨྲ་བའི་གཙོ་བྱས་པའི་ཐེག་ཆེན་པ་ལ་སྐྱོན་བརྗོད་པ་དེ་བརྗོད་ཚུལ་མི་ལེགས་པར་ཐལ། འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཀྱི་དོན་ཀུན་རྫོབ་པའི་མིང་དང་ཐ་སྙད་ཀྱི་གཞིར་ཡོད་པ་དང༌། འཇོག་ཚུལ་དང་པོའི་དོན་དམ་གྱི་དོན་རང་མཚན་གྱིས་གྲུབ་པ་ལ་བྱེད་པས་དེ་གཉིས་ཀར་ཡོད་པ་མི་འགལ་བའི་ཕྱིར་ཞེས་པ་སྟེ། འཇོག་ཚུལ་གཉིས་སུ་བསྡུ་བར་མ་ཟད་འདིས་ཀྱང་གསལ་བར་གསུངས་པའི་དཔེར་བཀོད་པ་ཡིན་ནོ། ། ༼ཛུ༽སེམས་ཙམ་པས་ཉན་ཐོས་སྡེ་བ་ལ་ལན་འདེབས་པའི་ཚེ་རྫས་བཏགས་


GTD002_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་ཕྱེ་ནས་ལས་ཀྱི་གཙོ་བོ་སེམས་པ་དང་རྣམ་སྨིན་གྱི་གཙོ་བོ་ལུས་དང་ཚོར་བ་སོགས་རྫས་སུ་ཡོད་ལ་གང་ཟག་རང་ལྡོག་འཇོག་ཚུལ་གཉིས་པའི་ཀུན་རྫོབ་ཏུ་ཡོད་ཀྱང་རྫས་སུ་མེད་པའི་དོན་ཡིན་པར་བཤད་དོ། །དབུ་མ་པ་རྣམས་ནི་ལན་འདེབས་ཚུལ་ཟླ་བའི་འཇུག་འགྲེལ་ལས་བྱེད་པ་པོ་བདེན་གྲུབ་ཏུ་བཀག་པ་ལ་གསུངས་ཤིང༌། དབུ་མ་སྣང་བ་ལས། འདི་ལྟར་ལས་དང་འབྲས་བུ་ནི་ཀུན་རྫོབ་ཁོ་ནར་ཡོད་པ་ཉིད་ལ། མུ་སྟེགས་ཅན་གྱིས་ཀུན་བཏགས་པའི་བྱེད་པ་པོ་ནི་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་དོ། །ཞེས་བསྟན་པའི་ཕྱིར། འགལ་བའི་གོ་སྐབས་སུ་ག་ལ་འགྱུར་ཞེས་གསུངས་སོ། །འཇུག་འགྲེལ་ལས་བྱེད་པ་པོ་རང་བཞིན་དུ་གྱུར་པ་བཀག་པར་ཤེས་པར་བྱ་ཡི། བརྟེན་ནས་གདགས་པར་བྱ་བ་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་ཡང་བཀག་གོ །ཞེས་བྱ་བར་ནི་ཤེས་པར་མི་བྱའོ། །ཞེས་ཀྱང་འགྲེལ་ཚུལ་གཅིག་གསུངས་པའི་ཚུལ་དེ་དག་མ་དགོངས་པའི་སེམས་ཙམ་པ་རྣམས་ངོ་བོ་ཉིད་མེད་པར་སྨྲ་བའི་ནི་ཀུན་རྫོབ་དང་དོན་དམ་པའི་ཁྱད་པར་འབྱེད་མི་རུང་ལ། ཆོས་ཐམས་ཅད་རང་མཚན་གྱིས་མ་གྲུབ་པའི་ཕྱིར་རྫས་བཏགས་ཀྱི་དབྱེ་བ་ཡང་མི་རུང་བས་སྐྱོན་འདི་འཇུག་གོ་སྙམ་ནས་ཉན་ཐོས་སྡེ་བའི་ཕྱོགས་བཟུང་སྟེ་དབུ་མ་པ་འགོག་པ་ཡིན་ཏེ། འདི་སྐད་དུ། ༈ ཕྲ་བའི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་ཡིན་པས་དེའི་ཟླས་དྲངས་ཏེ། ༼ཝུ༽དེ་ཡང་དབུས་མཐའི་དོན་བློ་བརྟན་གྱིས་ཀུན་བཏགས་མེད་བཞིན་དུ་རྟོག་པས་བཏགས་པས་བཏགས་པའི་ཀུན་རྫོབ་དང༌། གཞན་དབང་གི་གཙོ་བོ་ཡང་དག་མ་ཡིན་པའི་ཀུན་རྟོག་ནི་ཤེས་པའི་ཀུན་རྫོབ་དང༌། ཡོངས་གྲུབ་དོན་དམ་པར་སྒྲ་རྟོག་གི་ཡུལ་


GTD002_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱར་མེད་ཀྱང༌། དེ་བཞིན་ཉིད་ལ་སོགས་པའི་རྣམ་གྲངས་དུ་མས་བརྗོད་དུ་རུང་བས་བརྗོད་པའི་ཀུན་རྫོབ་ཡིན་པར་བཤད་ལ། ཕྱི་མའི་དོན་དེ་བཞིན་ཉིད་དང་ཆོས་དབྱིངས་སོགས་ཐ་སྙད་སྣ་ཚོགས་འཇུག་པའི་གཞིར་ཡོད་པས་ཐ་སྙད་དམ་ཀུན་རྫོབ་ཏུ་ཡོད་པར་བཏགས་པ་སྟེ། གོང་དུ་རྐང་པའི་འབབ་སྟེགས་ཀྱི་དཔེས་བཤད་པ་དང་སྦྱར་ཡང་བློ་བརྟན་གྱིས་གསུངས་པ་དང་འགལ་བར་མི་སྣང་ངོ་། །ཡོངས་གྲུབ་ནི་འཇོག་ཚུལ་དང་པོའི་དོན་དམ་དུ་ཡོད་པར་མ་ཟད། གཉིས་པའི་དོན་དམ་དུ་ཡང་ཡོད་པས་དེ་ཀུན་རྫོབ་ཏུ་ཡོད་པར་གསུངས་པ་དེ་སྒོ་གང་དུ་བཀྲལ་ཀྱང་མི་འགྲིག་གོ་སྙམ་པ་ལ་བརྗོད་པའི་ཀུན་རྫོབ་ཏུ་ཡོད་ཚུལ་འདི་ཤེས་ན་ཐ་སྙད་ཀྱི་གཞིར་ཡོད་པ་ཙམ་གྱིས་ཀུན་རྫོབ་ཏུ་ཡོད་པར་གསུངས་སོ། །ཞེས་བདེ་བླག་ཏུ་འགྲེལ་ནུས་པས་གལ་ཆེའོ། །གྲུབ་མཐའ་གཅིག་གི་དབང་དུ་བྱས་ན་ཡང༌། ཀུན་རྫོབ་དང་དོན་དམ་པར་ཡོད་ཚུལ་དང་དེ་གཉིས་ཀར་མི་འགལ་བའི་དབུ་མའི་ལམ་དུ་འཇོག་ཚུལ་དུ་མ་ཡོད་པ་ནི། རྒྱས་པར་གྲུབ་མཐའ་ཆེན་མོར། འོད་སྲུང་ལེའུ་ལས་དབུ་མའི་ལམ་བཅུ་གསུམ་གསུངས་པ་བཀོད་པ་དང༌། ལེའུ་དེའི་འགྲེལ་པ་བློ་བརྟན་གྱིས་མཛད་པ་སོགས་ལས་ཤེས་པར་བྱ་ལ། དབུས་མཐའི་ལེའུ་ལྔ་བར། ཐ་དད་པ་དང་གཅིག་མཐའ་དང༌། །ཞེས་སོགས་མང་དུ་གསུངས། །ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་ནས་བཤད་པའིཚུལ་ཞེས་ས་བཅད་ཕྱི་མ་འདི་འགྲེལ་པ་དག་གིས་བསྣན། ༼ཞུ༽མདོ་སྡེ་རྒྱན་གྱི་དོན་ནི། མ་འོངས་པ་རང་ལས་སྐྱེ་བ་མེད་པ་དང༌། འདས་པ་བསྐྱར་ནས་དེའི་བདག་ཉིད་དུ་གྲུབ་པ་མེད་པ་དང༌། ད་ལྟ་བ་རང་དུས་གཉིས་པར་མི་གནས་པ་དང༌། བྱིས་པས་ཞེན་པ་ལྟར་གཙང་བདེ་རྟག་བདག་ཏུ་མེད་པ་བཞི་ལ་དགོངས་ནས་ཤེར་མདོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་


GTD002_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །དུས་གསུམ་ལ་སྦྱོར་ཚུལ་འདི་འགྲེལ་བཤད་དུ་གསལ་བ་ལྟར། ཊཱིཀ་བྱེད་རྣམས་ཀྱང་མཐུན་ནོ། །འོན་ཀྱང་གཉལ་སྟོན་དང༌། དེའི་རྗེས་སུ་འབྲང་བའི་ཊཱིཀ་བྱེད་པ་པྲ་སྟི་རབ་འབྱམས་པ་བློ་བཟང་དགེ་ལེགས་སོགས། གཟུགས་གཟུགས་ཞེས་པའི་སྒྲ་འཇུག་གཞིར་རང་མཚན་གྱིས་མེད་པ་དང༌། གཟུགས་རང་དབང་དུ་སྐྱེ་བ་མེད་པ་དང༌། གཟུགས་ཀྱི་ཆོས་ཉིད་ཆོས་བདག་གི་ངོ་བོར་མེད་པ་དང༌། སྔར་བཤད་པ་ལྟར་དུས་གསུམ་དང་བྱིས་པས་ཞེན་པ་ལྟར་མེད་པ་བཞི་དང༌། ཕྱི་རོལ་དོན་དུ་མེད་པ་སྟེ་ངོ་བོ་ཉིད་མེད་པ་བཅུ་གཅིག་ཏུ་བཤད་ཀྱང༌། དང་པོ་གསུམ་དགོངས་འགྲེལ་དངོས་བསྟན་དང༌། ལྷག་མ་བརྒྱད་ཤུགས་བསྟན་ཡིན་པར་བཤད་ཅིང༌། དང་པོ་དང༌། གསུམ་པ་དང༌། བཅུ་གཅིག་པ་གསུམ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ཞིང༌། ལྷག་མ་ཉན་རང་གིས་ཀྱང་རྟོགས་པར་བཤད་དོ། །གཉིས་པ་དང་བཞི་པ་བདག་སྐྱེ་མེད་པར་མཚུངས་པས་གཅིག་དངོས་དང་གཅིག་ཤུགས་བསྟན་དུ་མི་རུང་ལ། ཕྱི་དོན་མེད་པ་དངོས་སུ་མ་བསྟན་ཟེར་ན་སྐབས་འབྱེད་དགོས་སོ། །མདོ་སྡེ་རྒྱན་གྱི་ལུང་འདི་དང༌། ཐོག་མ་དང་ནི་ཞེས་སོགས་དང༌། ཆོས་དང་བདག་མེད་རྣམ་གྲོལ་ཞེས་སོགས་ལུང་གསུམ་མཐར་ཆགས་སུ་འབྱུང་ལ། དེའི་དོན་སྟག་ལོའི་གྲུབ་མཐར། གཞི་ལ་ངོ་བོ་ཉིད་མེད་ལ་སོགས་དང༌། །ལམ་ལ་སྐྱེ་མེད་ཆོས་ལ་བཟོད་པ་དང༌། །འབྲས་བུ་མཐར་ཐུག་ཐེག་པ་གཅིག་གྲུབ་སོགས། །ཞེས་གཞི་ལམ་འབྲས་གསུམ་ལ་སྦྱར་བ་ཤིན་ཏུ་འབྲེལ་ཞིང༌། གྲུབ་མཐའི་འདོད་པ་བྱིངས་ལ་གོ་བ་སྟེར་ནུས་སུ་སྣང་ཡང༌། ཊཱིཀ་བྱེད་ཕལ་མོ་ཆེས་མ་ཐོན་འདུག་གོ །༼ཟུ༽


GTD002_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འགྲེལ་དགོས་པ་ཡང་ངོ་བོ་ཉིད་མེད་པའི་འགྲེལ་བཤད་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་གཉིས་སུ་མངོན་པར་ཞེན་པར་འཛིན་པ་དེ་ལྟར་མེད་པའི་ཕྱིར་ངོ་བོ་ཉིད་མེད་དེ་ཞེས་སོགས་གསུངས་པ་དང༌། དེ་ནས་མདོ་ལས། ཆོས་ཀུན་གལ་ཏེ་བྱིས་པ་ཡི། །ཇི་ལྟར་རྣམ་བརྟགས་མཐོང་བ་བཞིན། །དེ་དག་ཡོད་པར་གྱུར་ན་ནི། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། ཞེས་པ་དང་མཐུན་པས། འདིར་ཚད་མར་མཛད་པ་ཡིན་ལ། བློ་བརྟན་གྱིས་ཀུན་བཏགས་པའི་མཚན་ཉིད་གཞན་དུ་འཛིན་པ་དེ་ལྟར་ངོ་བོ་ཉིད་མེད་པ་ཞེས་པའི་ཐད་དུ་བདག་ཅེའམ། གཞན་ཞེའམ། གཟུགས་ཤེའམ། སྒྲ་ཞེས་ཀུན་ཏུ་བཏགས་ཏེ། ཞེས་རང་གཞན་སོགས་ཐ་དད་པའི་ཆ་ཅི་རིགས་ལ་སྦྱར་རོ། །དུས་གསུམ་ལ་སྦྱར་བ་ཡང་སྐྱེ་འགག་བྱེད་པ་པོ་འདུས་བྱས་རྣམས་དོན་དམ་པར་ཡོད་ཀྱང༌། སྐྱེ་སོགས་བྱ་བྱེད་ཀྱི་ཆ་བདེན་མེད་དུ་སྟོན་པ་ཡིན་པས་འོག་ཏུ། མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་ཡིན། །ཞེས་པ་དང་གནད་གཅིག་ཀྱང༌། དགོས་པ་ཡང་རང་དང་གཞན་ཞེས་ཐ་དད་དུ་ཕྱོགས་གཉིས་བཟུང་བ་འདི་ཡང་ལོག་པར་གོམས་པའི་བློ་འཁྲུལ་བས་བྱས་པ་ཙམ་ཡིན་གྱི། ཕྱོགས་ཕན་ཚུན་ཐ་དད་པ་དོན་དམ་པར་གྲུབ་པ་ཞིག་མེད་དོ་ཞེས་ཆགས་སྡང་མགོ་གནོན་པ་སྟེ། དེ་ལྟར་གོ་ན་སེམས་ཙམ་པས་ཀུན་བཏགས་རང་མཚན་གྱིས་མེད་ཅེས་པ་འདི་ཡང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་དུ་འཁྱེར་ཤེས་པ་ཞིག་ཡོང་ངོ་། ། ༼འུ༽འདིར་སྐྱེ་མེད་བརྒྱད་པོ་འདི་ཙམ་སྨོས་པ་ནི། དོན་སྨྲ་བ་རྣམས་ཀྱང་


GTD002_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་མདོ་བཀའ་མ་ཡིན་པར་སྒྲུབ་པའི་ཚེ་འཇུག་ལྡོག་བྱ་བའི་ཡུལ་གྱི་གཙོ་བོ་འཁོར་འདས་ཀྱི་རྣམ་གཞག་འདི་དག་ལ་སྐུར་བ་བཏབ་པར་བཤད་པའི་འགལ་སྤོང་དང༌། དབུ་མ་པ་རྣམས་དེ་སྒྲ་ཇི་བཞིན་པར་འདོད་པ་འགོག་བྱེད་དང༌། དབུ་མ་པས་སེམས་ཙམ་པ་ལ་རྩོད་པའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་གསུངས་པ་མི་འཐད་པར་ཐལ། གང་ལ་བཟོད་པ་ཐོབ་པའི་ཡུལ་གྱི་སྐྱེ་མེད་དེ་ཁྱོད་ཀྱིས་སྐུར་འདེབས་ཀྱི་མཐར་ཁས་བླང་བའི་ཕྱིར་ཞེས་རྩོད་པའི་ལན་གསུམ་ག་ཡིན་ལ། འདིར་དཔྱད་གཞི་འདི་ཡོད་དེ། ལུགས་འདིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཚེ་འདི་བརྒྱད་ལ་བཟོད་པ་ཐོབ་པ་ཡིན་ནམ་ཞེ་ན་ཀུན་མཁྱེན་ཆོས་འབྱུང་གིས། དོན་དམ་པར་སྐྱེ་བ་མེད་པ་དེ་མ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་མི་སྐྱེ་བ་མ་ཡིན་པའི་ཕྱིར། དེར་ཐལ། སྐྱེ་མེད་བརྒྱད་པོ་དེ་དེ་ཡིན་པའི་ཕྱིར་ཞེས་གསུངས་ལ། པྲ་སྟིའི་དྲང་ངེས་རྣམ་འབྱེད་ལས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་པའི་སྐབས་ཀྱི་བཟོད་པ་བརྒྱད་པོ་ཞེས་དང༌། ཐོག་མའི་མཐའ་མི་མངོན་པའི་དེ་ལ་བཟོད་པ་སྐྱེ་བར་བྱེད་དགོས་ཤིང་ཞེས་འདི་བརྒྱད་ལ་བཟོད་པ་ཐོབ་པ་ཡིན་པར་བཤད་དོ། །རིན་ཆེན་དོན་གྲུབ་ཀྱིས། སྐྱེ་བ་མེད་ཚུལ་བརྒྱད་པོ་དེ་རྒྱུ་མཚན་དུ་བྱས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་གསུངས་པས་ཆོས་རྣམས་ལ་སྐྱེ་བ་མེད་ཅེས་བཤད་དོ། །ཞེས་སྐྱེ་མེད་བརྒྱད་པོ་དེ་བཟོད་པ་ཐོབ་པའི་ཡུལ་གྱི་ཆོས་རྣམས་ལ་སྐྱེ་བ་མེད་ཅེས་གསུངས་པའི་རྒྱུ་མཚན་ཙམ་དུ་བཤད་ལ། ཡིག་ཆར་ཡང་ཆོས་འབྱུང་གི་གསུང་དེ་སོར་བཞག་ཏུ་མ་བཀོད་པ་དང༌། བདག་སྐྱེ་མེད་པ་ལྟ་བུ་ལ་བཟོད་པ་ཆུང་འབྲིང་ཆེ་གསུམ་ཐོབ་པ་


GTD002_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྦྱོར་མཐོང་དག་ས་གསུམ་ཐོབ་དགོས་པ་སོགས་ཧ་ཅང་ཐལ་བས་བཟོད་པ་ཐོབ་པ་ནི་ལུགས་འདིར་ཡང་བདག་མེད་ཀྱི་དོན་ལ་ཡིན་ཞིང༌། དེའི་གཞིར་གྱུར་པའི་ཆོས་རྣམས་ལ་སྐྱེ་བ་མེད་ཅེས་པའི་མེད་ཚུལ་ནི་འདི་དག་ཡིན་ནོ་ཞེས་ཀྱང་བྱ་རུང་ངོ༌། །ལུགས་དང་པོ་ནི། བློ་བརྟན་གྱིས་འཁོར་བའི་ཐོག་མ་སྐྱེ་བ་མེད་དོ་ཞེས་བཟོད་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །ཞེས་སོགས་དང༌། བཙུན་པ་ངོ་བོ་ཉིད་མེད་པས་སྔོན་མེད་པ་སྐྱེ་བ་མེད་པ་བཟོད་པའི་ཕྱིར་བཟོད་པ་ཐོབ་ཅེས་བྱའོ། །གཞན་གྱི་དབང་ལ་ནི་རང་སྐྱེ་བ་མེད་པར་བཟོད་པའི་ཕྱིར་རོ། །ཞེས་པ་དང་མཐུན་ནོ། །ལུང་ཕྱི་མ་ཡང་སྐྱེ་མེད་བརྒྱད་བཤད་པའི་མཚམས་སྦྱོར་དུ་དབུ་མ་སྣང་བ་ལས་ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་བཤད་པ་འདི་ལ་ཡང་མ་སྐྱེས་པའི་དོན་འདི་གང་ཡིན་པར་འདོད་ཅེས་པ་དང་མཐུན་ཞིང༌། དབྱིག་འགྲེལ་ནི་གཉིས་ཀར་འགྲེལ་རུང་དུ་སྣང་ལ། རྩ་བར་འགྲེལ་བཤད་མ་བཀོད་པར་དབུ་མ་སྣང་བ་བཀོད་པ་དང༌། ཆོས་རྣམས་ཀྱི་སྐྱེ་བ་མེད་ཚུལ་བཤད་དོ། །ཞེས་གསུངས་པ། གུང་བསྒྲིག་ན་ཕྱི་མ་རྩ་བའི་དགོངས་པ་ཡིན་ནམ་དཔྱད། ༼ཡུ༽སྟོང་ཐུན་ལས། གཞན་ཉིད་ཅེས་པ་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་སྐྱེ་བ་དང༌། ཞེས་གསུངས་པ་ཡང་འདི་དང་གནད་གཅིག་སྟེ། རྒྱང་ཕན་ལྟ་བུ་སྐྱེ་བ་སྔ་མ་མེད་པར་གཟུགས་ཅན་གྱི་འབྱུང་བ་ལས་སེམས་འགྲུབ་པས་སྐྱེ་བ་ལེན་པ་ཞིག་ཁས་བླངས་ན་འཁོར་བའི་ཐོག་མའི་སྐྱེ་བར་ཡང་འགྱུར་ལ་རྒྱུ་མི་མཐུན་པ་ལས་འབྱུང་བར་ཡང་འགྲོ་སྟེ། རྣམ་འགྲེལ་ལས། རྣམ་ཤེས་


GTD002_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་དང༌། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་གསུངས་པ་ལྟར་རོ། །འདིར་འཁོར་བ་ནི་མཚན་གཞི་ཙམ་བཟུང་བ་ཡིན་ལ། དངོས་པོ་ཐམས་ཅད་ཀྱང་ཐོག་མའི་མཐའ་མེད་པར་མཚུངས་པ་ནི། རྩ་ཤེས་ལས། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །དངོས་པོ་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་གསུངས་ཤིང༌། དབུ་མ་སྣང་བར་ཡང༌། དངོས་པོ་སྤྱི་ལྡོག་གཞིར་བཟུང་ངོ༌། །དེ་ལ་ས་དང་པོ་པས་སྤྲུལ་མ་ཐག་པ་དེས་སྔར་འཁོར་བ་སྐྱེ་བ་ལེན་མྱོང་ངམ་མ་མྱོང༌། མྱོང་ན་དེའི་ཚེ་དེའི་རྒྱུད་ལ་སྐྱེ་བ་ཡོད་མེད་གང་ཟག་ཡིན་མིན། ཡན་ལག་བཅུ་གཉིས་སོགས་དང་ལམ་གྱི་ཐོག་མ་ཡོད་མེད་སོགས་ཀྱང་ཤེས་བྱ་ཡིན་མོད་ཀྱང་དགོས་པ་ཆུང་བས་འདིར་མ་སྤྲོས་སོ། །༼རུ༽དེ་ལ་ཡང་ནང་གསེས་ཀྱི་གནས་མ་བུ་བ་སོགས་འདུས་བྱས་ལ་སྐད་ཅིག་མས་མ་ཁྱབ་པར་འདོད་ལ། མང་སྟོན་པ་སོགས་དེ་ལྟར་མི་འདོད་པ་ཡང་ཡོད་དེ། སྔ་མའི་དམ་ཚིག་བརྗོད་པའི་རྟོག་གེ་འབར་བ་ལས། འདུས་བྱས་ནི་སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པ་ཡང་ཡོད་དོ་ཞེས་དང༌། མཛོད་ལས། སྐད་ཅིག་མ་ཡིན་འཇིག་ཕྱིར་རོ། །ཞེས་པའི་སྐབས་སུ་དེ་ལ་འཇིག་པའི་ངང་ཅན་ཡིན་པའི་རྟགས་ཀྱིས་སྐད་ཅིག་དེ་མ་ཐག་འཇིག་པར་སྒྲུབ་པ་སྟེ། དོན་ནི། དང་པོར་སྐྱེས། གཉིས་པར་གནས་ན་གཉིས་པ་དེ་ཡང་དེ་ལས་དུས་གཉིས་པར་གནས་དགོས་ཤིང༌། དེའི་གནས་པ་དེ་ཡང་དེའི་གཉིས་པར་གནས་


GTD002_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཞེས་རྟག་པར་ཐལ་བ་འཕང་བ་ཡིན་ལ། ལན་དུ། དེ་ཆོས་བརྒྱད་དང་གཅིག་ལ་འཇུག། །ཅེས་གནས་པས་གནས་པ་སྐྱེ་བའི་གནས་པ་ལས་ལོགས་སུ་མེད་པ་སོགས་ཀྱི་རྒྱུ་མཚན་གྱིས་སྐྱོན་མེད་པར་བཤད་དོ། །མང་སྟོན་པའི་དམ་ཚིག་ནི། རྟོག་གེ་འབར་བ་ལས། འདུས་བྱས་ཐམས་ཅད་ནི་སྐད་ཅིག་མའོ། །ཞེས་གསུངས་པའི་ཕྱིར། དེ་དག་གི་དོན་ལ་ཁ་ཅིག་ན་རེ། གནས་མ་བུ་བས་འདུས་བྱས་ཐམས་ཅད་སྐད་ཅིག་མར་འདོད་པར་ཐལ། དེས་སྐད་ཅིག་མ་ཡིན་ཀྱང་སྐད་ཅིག་གིས་འཇིག་མི་དགོས་པར་འདོད་པའི་ཕྱིར། མཛོད་ཀྱི་མཐའ་དཔྱོད་ལས། སྐད་ཅིག་གི་དོན་འཇིག་པ་ཁོ་ནར་བཤད་མི་དགོས་པར་ཐལ། སྣོད་སྐད་ཅིག་མ་ཞེས་པ་ལྟ་བུ་སྣོད་སྟོང་པར་འཇུག །ལྷས་སྦྱིན་སྐད་ཅིག་མ་ཞེས་པ་ལྟ་བུ་བྱ་བ་མེད་པར་འཇུག །དུས་སྐད་ཅིག་མ་ཞེས་པ་ལྟ་བུ་དུས་མཐའ་ལ་འཇུག་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་ལ་སྐད་ཅིག་མའི་སྒྲ་བཤད་དུ་ཡོད་པར་འདོད་ཀྱང་སྐད་ཅིག་མ་ཡིན་པར་འདོད་མི་དགོས་པའི་ཕྱིར་ཏེ། དེས་བུམ་པ་སོགས་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པར་འདོད་ཅིང༌། སྒྲ་བློ་སོགས་སྐད་ཅིག་མར་འདོད་པ་མཛོད་འགྲེལ་ལས་བཤད་པའི་ཕྱིར། ཡང་ཁ་ཅིག་གིས་གྲུབ་མཐའ་གོང་མ་ལྟར་ན་བྱ་བ་དེ་གསུམ་ཅིག་ཅར་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེ་བ་གྲུབ་པ་དང་གནས་པ་གྲུབ་པ་དང་འཇིག་པ་གྲུབ་པ་དུས་མཉམ་པར་ཐལ། འདོད་པའི་ཕྱིར། འདོད་ན་སྐྱེ་གནས་འཇིག་གསུམ་དུས་མཉམ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཡང་ཁ་ཅིག །ཚེས་གཅིག་གི་དུས་དེ་རང་གྲུབ་དུས་ལས་སྐད་ཅིག་


GTD002_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པར་མི་གནས་པར་ཐལ། དེ་སྐད་ཅིག་མ་ཡིན་པའི་ཕྱིར། འདོད་ན་དེ་གྲུབ་མ་ཐག་པའི་སྐད་ཅིག་གཉིས་པའི་ཚེ་ཞིག་ཟིན་པར་ཐལ། འཇིག་ཁ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཚེས་གཅིག་གི་སྔ་དྲོ་ནས་ཚེས་གཅིག་གི་མགོ་ཟུག་པའི་ཕྱིར། ཚེས་གཅིག་ཡོད་ཀྱང་ཚེས་གཅིག་རྫོགས་པར་གྲུབ་པ་མ་ཡིན་ལ། ཚེས་གཉིས་ཀྱི་སྔ་དྲོའི་སྔ་ལོགས་ཙམ་དུ་ཚེས་གཅིག་རྫོགས་པར་གྲུབ་ཀྱང་དེའི་སྐད་ཅིག་གཉིས་པར་ཚེས་གཅིག་ཞིག་པའི་ཕྱིར་དང༌། རང་གྲུབ་དུས་ལས་སྐད་ཅིག་གཉིས་པར་མི་སྡོད་པ་ཉིད་སྐད་ཅིག་མའི་དོན་ཡིན་པའི་ཕྱིར། ཞེས་སོ། །དེ་བཞིན་དུ་སྐྱེ་བ་འདི་ཕྱི་མའི་དངོས་རྒྱུ་ཡིན་ཀྱང་དེར་འགྱུར་ཁ་མ་མ་ཡིན་པ་སོགས་ཚིག་ལ་ཡང་གཟབ་བོ། །༼ལུ༽དེ་ལྟར་ཕྱི་དོན་མེད་ཅིང་སེམས་ཀྱི་སྣང་ཆ་ཙམ་ཡོད་པ་སྒྱུ་མའི་དཔེས་མཚོན་པར་མ་ཟད་གང་ཟག་གི་བདག་མེད་ལ་སྦྱར་ཏེ་སྒྱུ་མའི་དཔེ་འཆད་ཚུལ་ཡང་ཡོད་པས་དེ་སྟོན་པར། ༼ཤུ༽དེ་ཡང་མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས་འདུས་བྱས་དག། །གསུངས་པ་སྒྱུ་མ་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡོར་དང༌། །བྲག་ཆ་ལྟ་བུ་དང་ནི་ཆུ་ཟླའི་གཟུགས་འདྲ་སྤྲུལ་དང་འདྲར་ཤེས་བྱ། །དྲུག་དང་དྲུག་དང་གཉིས་དང་དྲུག་ཚན་གཉིས་དང་གསུམ་པོ་རེ་རེ་འདོད། །ཅེས་དྲུག་ཚན་སོགས་དཔེ་རེ་རེ་དང་སྦྱར་ཏེ་རིམ་བཞིན་ནང་གི་སྐྱེ་མཆེད་དྲུག་གདགས་གཞིར་བྱས་ཏེ་བདག་གོ་སྙམ་དུ་རློམ་པ་སྐྱེ་བས་སྒྱུ་མ་དང༌། ཕྱིའི་སྐྱེ་མཆེད་དྲུག་ཕྱི་དོན་གྱི་ངོས་ནས་མྱོང་རྒྱུ་མེད་ཀྱང༌། སེམས་རང་ཉིད་ཀྱི་སྣང་ཆ་ཙམ་པོ་དེ་ལ་རང་གིས་ལོངས་སྤྱོད་དུ་ཡོད་པས་རྨི་ལམ་ལྟ་བུ་


GTD002_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྨིག་རྒྱུས་ཆུར་འཁྲུལ་བ་བསྐྱེད་པ་ལྟར་སེམས་སེམས་བྱུང་གཉིས་ཀྱིས་རང་གི་རྫས་ལ་དོན་དུ་འཁྲུལ་བ་བསྐྱེད་པ་སྨིག་རྒྱུ་ལྟ་བུ་དང༌། ཡང་ནང་གི་སྐྱེ་མཆེད་དྲུག་ནི་ལས་ཀྱི་གཟུགས་བརྙན་ལྟ་བུ་དང༌། ནང་གི་སྐྱེ་མཆེད་དྲུག་གི་གདུགས་ཕུབ་པས་དེའི་སྣང་ཆ་ཕྱིའི་སྐྱེ་མཆེད་དྲུག་གྲིབ་མ་ལྟ་བུ་འབྱུང་བས་ཕྱིའི་སྐྱེ་མཆེད་དྲུག་ནི་གྲིབ་མའམ་མིག་ཡོར་ལྟ་བུ་དང༌། ཐ་མ་གསུམ་ནི་དཔེ་རེ་རེ་དང་དོན་ཡང་རེ་རེ་སྦྱར་བ་སྟེ་བཤད་པའི་ཆོས་ནི་བྲག་ཆ་ལྟ་བུ་དང༌། དེའི་དོན་གོམས་པའི་ཏིང་ངེ་འཛིན་གྱི་རྣམ་པ་གསལ་བར་འཆར་བ་ནི་ཆུ་ཟླ་ལྟ་བུ་དང༌། དེ་ནས་གཞན་དོན་དུ་བསམ་བཞིན་སྲིད་པ་འཛིན་པ་ནི་སྤྲུལ་པ་ལྟ་བུའོ། །དཔེ་གཉིས་པར་འདི་ཉིད་ལས་གང་ཟག་གི་བདག་གིས་ཉེ་བར་སྤྱད་བྱར་མེད་པ་ཞེས་གསུངས་ལ། དབྱིག་འགྲེལ་ལས་རྨི་ལམ་ལྟ་བུ་ནི། ཕྱིའི་སྐྱེ་མཆེད་དྲུག་སྟེ་ཉེ་བར་སྤྱད་པའི་ངོར་མེད་པའི་ཕྱིར། ཞེས་པ་ཙམ་ལས་གསལ་ཁ་མ་བྱས་ཤིང༌། བཙུན་པས་ཐད་འདིར་བཤད་པ་མ་བྱས་ལ་བློ་བརྟན་གྱིས་གཟུགས་དང་སྒྲ་ལ་སོགས་པ་རྣམ་པར་ཤེས་པའི་ཡུལ་དུ་ཡོད་པ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུའོ། །ཞེས་ཕྱི་དོན་མེད་པའི་དཔེ་ལ་སྦྱར་བ་ལྟར་བོད་ཀྱི་ཊཱིཀ་བྱེད་དག་གིས་ཀྱང་བྲིས་སོ། །འདི་ཉིད་ཀྱི་དགོངས་པ་ནི་ཕྱི་ནང་གི་སྐྱེ་མཆེད་དྲུག་ཚན་གཉིས་ལ་དཔེ་ལན་གཉིས་གཉིས་འབྱུང་ཞིང༌། དང་པོ་གང་ཟག་གི་བདག་མེད་པའི་དཔེར་གསལ་བས། གཉིས་པ་བདག་གི་བ་མེད་པ་ལ་སྦྱར་ན་དཔེ་ཕྱི་མ་གཉིས་དང་མི་ཟློས་ཤིང་བདག་མེད་གཉིས་ཀ་རྫོགས་པར་སྟོན་ནུས་པར་འདུག་དགོངས་པར་སྣང་བས་སྔོན་མེད་ལེགས་བཤད་དུ་ཤེས་པར་གྱིས།


GTD002_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

༼སུ༽ཐེག་བསྡུས་ཀྱི་སྒྱུ་མ་ཡང་ཕྱི་དོན་མེད་པའི་དཔེར་མཛད་ལ། ལྷག་མ་ཕལ་ཆེར་མདོ་སྡེ་རྒྱན་གྱི་བཤད་པ་ཕྱི་མ་དང་གཅིག་གོ། དོན་མེད་ན་ཇི་ལྟར་རྣམ་པར་ཤེས་པ་སྣ་ཚོགས་འབྱུང་སྙམ་པ་ཟློག་པའི་ཕྱིར་མིག་ཡོར་ལྟ་བུ་ཉིད་དོ་ཞེས་གསུངས་པ་ཡང་རྣམ་ཤེས་ཚོགས་དྲུག་མི་འདྲ་བ་སོ་སོའི་སྣང་ཆ་ལས་ཕྱིའི་སྐྱེ་མཆེད་དྲུག་མི་འདྲ་བ་སོ་སོར་འབྱུང་བ་གྲིབ་མ་དབྱིབས་སྣ་ཚོགས་སུ་འབྱུང་བ་ལྟ་བུ་ཡིན་པས་སྔ་མ་དང་མི་མཐུན་པ་མེད་དོ། །༈ མདོ་ལས་༼ཧུ༽འཇུག་པ་ཕྱིན་ཅི་མ་ལོག་པར་གསུངས་ལ་ཞེས་པའི་ཐད་དུ་སྟོང་ཐུན་ལས། ཕྱིན་ཅི་མ་ལོག་པར་འགྲེལ་པར་གསུངས་ལ། ཞེས་གསུངས་པ་ནི་འགྲེལ་པར་དྲངས་པའི་མདོར་གང་ན་གང་མེད་པ་ཞེས་སོགས་ལས་གསུངས་པའམ། ཡང་ན་མདོ་འདིའི་དོན་དུ་འགྲེལ་པར་གསུངས་པ་ལ་བྱ་ཡི། འགྲེལ་པ་རང་ཉིད་ཀྱིས་གསུངས་པ་ཙམ་ལ་བྱས་ན་མི་འབྲེལ་ཏེ། འདིེས་ཀྱང་དེ་སྟོན་ཞེས་པའི་འདི་སྒྲ་དབུས་མཐའི་རྩ་བ་ལ་འཇུག་དགོས་པས་འགྲེལ་པར་གསུངས་པའི་དོན་བཞིན་དུ་རྩ་བས་ཀྱང་དེ་ལྟར་དུ་གསུངས་ཞེས་བཤད་ན་གོ་ལོག་པ་ཡིན་པའི་ཕྱིར། རང་ལུགས་མདོ་ལས་གསུངས་ལ། དབུས་མཐས་ཀྱང་མདོའི་དོན་བཞིན་བསྟན་ཏོ། །ཞེས་བཟུང་ངོ༌། །འདིར་ཀྱང་སྒྲ་སྨོས་པ་ནི། མདོ་སྡེ་རྒྱན་ལས། མདོའི་དོན་བཞིན་དེ་ལྟར་གསུངས་པར་མ་ཟད་ཅེས་པ་གཅིག་ཀྱང་འཐོབ་སྟེ། མདོ་སྡེ་རྒྱན་ལས། དེ་བཞིན་གཉིས་སྣང་དེ་ལ་ཡོད། །དེ་ཡི་ངོ་བོ་ཡོད་མ་ཡིན། །ཞེས་དང༌། དེའི་འགྲེལ་པར། གཉིས་སུ་སྣང་བ་ནི་ཡོད་དོ། །གཉིས་ཀྱི་ངོ་བོ་ནི་མེད་དོ། །ཞེས་སོགས་འདི་དང་ཤིན་ཏུ་འདྲ་བར་འབྱུང་ངོ༌། །འོན་ཀྱང་མདོ་སྡེ་རྒྱན་གྱི་


GTD002_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལས་འདི་ཟུར་དུ་བཀོད་པ་ནི་སྟོང་ཉིད་དོན་དམ་པར་ཡོད་པ་ཤུལ་དུ་སྒྲུབ་ཚུལ་རྒྱན་གྱི་ལུང་དེར་མི་གསལ་ཞིང༌། འདིའི་འཁོར་ལོ་གསུམ་ལ་དྲང་ངེས་འབྱེད་ཚུལ་སོགས་འགྲེལ་བཤད་ལས་གསུངས་པ་ཞར་ལ་འཆད་བཞེད་ནས་བཀོད་པ་ཡིན་ནོ། །སྟོང་ཐུན་གྱི་ལུང་དོན། དེ་ལྟར་འགྲེལ་དགོས་པར་སྟོང་ཐུན་རང་ལས་ཀྱང་ཤེས་ཏེ། སྐབས་གཞན་དུ་ཀུན་བཏུས་ལས་གང་ན་གང་མེད་པ་ཞེས་སོགས་དྲངས་ཤིང༌། དེ་ཡང་ཁྱད་ཆོས་བཅུ་དྲུག་གིས་སྟོང་པ་བཤད་པའི་སྐབས་སུ་མདོ་ཚིག་འདི་ཉིད་སོར་བཞག་ཏུ་བཀོད་པ་རྣམས་དྲངས་པའི་ཕྱིར། འདི་ལ་གཉལ་སྟོན་གྱི་བཤད་པ་དོན་དུ་སོང་སྣང་ངོ༌། ། ༼ཨུ༽འདི་ལ་ཁ་ཅིག་གཞན་དབང་གི་སྟེང་དུ་ཀུན་བཏགས་བཀག་ཤུལ་དུ་ལྷག་མར་ལུས་པའི་ཡོད་པ་ཞིག་སྒྲུབ་རྒྱུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དགག་བྱའི་ཀུན་བཏགས་བཀག་ཤུལ་དུ་གཞན་དབང་ཡོངས་གྲུབ་གཉིས་བདེན་པར་གྲུབ་པ་སྒྲུབ་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཤུལ་དུ་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཞིག་སྒྲུབ་རྒྱུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་ན་ཆོས་ཉིད་མ་ཡིན་དགག་ཏུ་འགྱུར་བའི་ཕྱིར། དེར་ཐལ། ཆོས་ཉིད་བརྗོད་པའི་སྒྲ་དེས་དགག་བྱ་བཀག་ཤུལ་དུ་སྒྲུབ་པའམ་མ་ཡིན་དགག་སོགས་བསྒྲུབ་ན་དེ་སྒྲུབ་པར་འགྲོ་བའི་ཕྱིར་ན་མ་ཁྱབ་བྱས་པ་ལས། འོ་ན་ཡང་སྟོང་ཉིད་མ་ཡིན་དགག་ཏུ་ཐལ། གཞན་དབང་ལ་ཀུན་བཏགས་མེད་པར་གསུངས་པའི་ལུང་འདིས་དགག་བྱ་བཀག་ཤུལ་དུ་སྟོང་གཞི་བདེན་གྲུབ་བསྒྲུབ་པའི་


GTD002_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་མ་གྲུབ་སྟེ། འདིར་དེའི་ཤུལ་དུ་སྒྲུབ་ཅེས་པ་རྐང་པ་ཕྱི་མས་བསྒྲུབ་པ་དང༌། སྤྱིར་སྒྲུབ་རྒྱུ་ཡོད་པ་ལ་བྱ་ཡི། གཞུང་ཚིག་གཅིག་པོ་དེས་སྒྲུབ་པ་ལ་མི་བྱ་བའི་ཕྱིར། དེས་ན་བསྒྲུབ་བྱ་མ་ཡིན་དགག་ཏུ་ཐལ་བའི་སྐྱོན་མི་ཡོང་ལ། ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་ལུགས་འདིའི་དགག་བྱ་མ་ཡིན་དགག་ཏུ་སོང་ཡང་སྐྱོན་མེད་པར་གསུངས་སོ། ། ༼ཀེ༽དེ་ལྟར་རྐང་པ་གཉིས་པས་འཁོར་ལོ་བར་བའི་དགོངས་གཞིའི་ངོ་བོ་ཉིད་མེད་པ་དངོས་སུ་བསྟན་ཅིང༌། དང་པོའི་སྒྲས་ཟིན་ཡང་དངོས་སུ་བཀག་གོ །དེ་བཞིན་དུ་རྐང་པ་དང་པོས་བར་བའི་སྒྲས་ཟིན་བཀག་ཅིང། དང་པོའི་དགོངས་གཞི་བསྟན་པ་ཡིན་ཏེ། གཞན་དབང་རང་མཚན་གྱིས་གྲུབ་པར་དངོས་སུ་བསྟན་པའི་ཕྱིར་དང༌། ཡང་དག་མ་ཡིན་ཞེས་དོན་དུ་མ་གྲུབ་བཞིན་དུ་དོན་དུ་འཁྲུལ་བའི་སྣང་ཆ་གསུངས་པ་དེ་ཉིད་འཁོར་ལོ་དང་པོའི་དགོངས་གཞི་ཡིན་པ། རྣམ་འགྲེལ་ལས། མ་རིག་གིས་བསླད་བདག་ཉིད་ནི། །ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཞེས་དང༌། འོག་གི་ཉི་ཤུ་པ་སོགས་ཀྱིས་འགྲུབ་པའི་ཕྱིར་དང༌། རྐང་པ་དང་པོས་ཡུམ་གྱི་སྒྲས་ཟིན་ལ་ཞེན་ནས་སྐུར་འདེབས་ཀྱི་མཐའ་ལ་ལྟུང་བའི་ཐལ་འགྱུར་བ་འགོག་པ་དང༌། རྐང་པ་གཉིས་པས་འཁོར་ལོ་དང་པོའི་སྒྲས་ཟིན་ལ་ཞེན་པ་རྣམས་ཀྱི་སྒྲོ་འདོགས་ཀྱི་མཐའ་འགོག་པར་འགྲེལ་བཤད་ལས་བཤད་པས་ཀྱང་ཤེས་པའི་ཕྱིར། དེ་ལ་རྐང་པ་དང་པོའི་ཡོད་ཅེས་པ་ཡང་འགྲེལ་བཤད་ལས། རང་བཞིན་གྱི་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཞེས་རང་བཞིན་གྱིས་ཡོད་པ་ལ་གསལ་བར་གསུངས་པས། བུ་སྟོན་སོགས་ཀྱིས་


GTD002_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་ཐ་སྙད་ཙམ་དུ་ཡོད་པ་དང༌། ཡོངས་གྲུབ་དོན་དམ་པར་ཡོད་པར་གསུངས་པ་ཁེགས་ཤིང༌། རྐང་པ་གཉིས་པས་གཞི་གཞན་དབང་དེའི་སྟེང་དུ་དགག་བྱ་ཆོས་བདག་འགོག་པར་གསུངས་པས། ཇོ་ནང་བ་སོགས་གཞི་ཡོངས་གྲུབ་ཀྱི་སྟེང་དུ་དགག་བྱ་གཞན་དབང་འགོག་པར་བཤད་པ་ཡང་གསལ་བར་བཀག་གོ ། ༼ཁེ༽འདིའི་དོགས་པ་སྐྱེ་ཚུལ་ནི། འོག་ཏུ་ཡོད་པ་སྔ་མ་དང་མེད་པ་ཕྱི་མ་ཡིན་པར་བསྟན་པས་སྟོང་ཉིད་མེད་སྙམ་པའི་དོགས་པ་འབྱུང་བར་གསལ་ཞེས། ཆ་ཕྱེ་ནས་སྟོན་པའི་སྐབས་སུ། བདེན་པར་ཡོད་པ་གང་ཡིན་པ་དེ་སྔར་བསྟན་ཟིན་ནས། དེ་རྗེས་བདེན་པར་མེད་པ་དེ་ཉིད་འཆད་དགོས་པས་ཡོངས་གྲུབ་ཀྱང་བདེན་པར་ཡོད་ན་ཀུན་བཏགས་བདེན་མེད་དུ་བཤད་པ་འདིའི་གོང་དུ་བཤད་དགོས་པ་ལ་དེར་མ་བཤད་ཅིང་གཞན་དུ་བཤད་ན་སྐབས་འཆོལ་བའི་སྐྱོན་འབྱུང་བས་ཕྱི་མར་བདེན་མེད་བཤད་པ་འདིའི་ཁུངས་སུ་བསྡུ་དགོས་ཏེ། འདུས་མ་བྱས་སུ་ཡང་མཚུངས་པའི་ཕྱིར་སྙམ་དུ་དོགས་པའོ། །དོགས་པ་སྐྱེ་ཚུལ་འདི་ལ་བློ་གྲོས་རྒྱ་མཚོའི་དབུས་མཐའི་འགྲེལ་པ་རིན་ཆེན་ཕྲེང་བར། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་པའི་ཚུལ་གྱིས་སྟོང་ཉིད་བདེན་པར་མེད་དོ་སྙམ་ན་མ་ཡིན་ཏེ། སྟོང་པ་ཉིད་ནི་གཞན་དབང་འདི་ལ་དཔྱད་བཟོད་དུ་ཡོད་པའི་ཕྱིར། ཞེས་རྩ་ཤེས་ཀྱི་ལུང་འདྲ་བོ་ཞིག་དྲངས་ནས་གཞན་དབང་བདེན་པར་གྲུབ་ན་སྟོང་ཉིད་མེད་པར་འགྱུར་ཏེ། འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་པའི་ཕྱིར། ཞེས་དོགས་པ་བསླང་བར་བསམ་མོ། །རང་ལུགས་ཀྱི་ལན་ནི། གཞན་དབང་གི་


GTD002_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་གཟུང་འཛིན་ཐ་དད་དུ་གྲུབ་པ་དོན་དམ་དཔྱོད་པའི་རིགས་པས་ཁེགས་པར་བསྟན་པ་ན། སྟོང་པ་དེ་ཉིད་དོན་དམ་དཔྱོད་པའི་རིགས་པས་རྙེད་དོན་མཐར་ཐུག་ཏུ་གོ་ཞིང༌། དེ་ནི་ལུགས་འདིའི་སྟོང་ཉིད་དོན་དམ་པར་སྒྲུབ་པའི་རྒྱུ་མཚན་མཐར་ཐུག་ཡིན་པས་སྔར་སྨོས་ནས་བསྒྲུབ་བྱ་རྗེས་སུ་བསྟན་པ་ཡིན་ནོ། །༼གེ༽འདིས་ནི་ཀུན་རྟོག་སྟེ་འཛིན་པ་རང་བཞིན་གྱིས་ཡོད་ན་བཟུང་བ་རང་བཞིན་གྱིས་ཡོད་དགོས་པས་གཟུང་འཛིན་གཉིས་ཀ་རང་བཞིན་གྱིས་ཡོད་ན་གཟུང་འཛིན་གཉིས་སྟོང་མེད་པར་འགྱུར་ཞེས་རྩོད་པ་གཅིག་དང༌། ལན་དུ་གཟུང་འཛིན་གཉིས་ལ་ཆ་ཕྱེ་ནས་གསུངས་ཤིང་སྟོང་ཉིད་ཀྱང་མེད་པར་མི་འགྱུར་ཚུལ་གཅིག་བློ་བརྟན་གྱིས་སུམ་ཅུ་པའི་འགྲེལ་པར་གསུངས་པ་འདི་ཉིད་དབུས་མཐའི་ལུང་དེའི་དོན་དུ་ཡང་སྦྱར་རུང་བར་གོ་བའི་ཆེད་ཡིན་ལ། འདིར་མཐའ་གཅིག་ཏུ་སྨྲ་བ་འདི་རྣམ་པ་གཉིས་ཞེས་པ་ནི་དོན་སྨྲ་བ་དང་ངོ་བོ་ཉིད་མེད་པར་སྨྲ་བ་ལ་བྱིན་ཊ་དེ་བས་བཤད་དོ། །དེ་ཉིད་དབུས་མཐའི་དགོངས་པར་འགྲེལ་ཚུལ་ནི། རྐང་པ་དང་པོས་འཛིན་པ་རྫས་གྲུབ་དང༌། གཉིས་པས་དེ་ལས་དོན་གཞན་པའི་བཟུང་བ་མེད་པར་བཤད་པ་སྟེ། སྔར་བཤད་པ་དང་ཕལ་ཆེར་འདྲ་ལ། དེ་ལྟར་བཟུང་བ་ཕྱི་དོན་བཀག་པའི་ལན་དུ། འོ་ན་ཐར་པ་མེད་པར་ཐལ། ཐར་པའི་ལམ་མི་རྟོག་ཡེ་ཤེས་ཀྱི་བསྒོམ་བྱའི་ཡུལ་མེད་པའི་ཕྱིར་ཏེ། ཕྱི་དོན་མེད་པའི་ཕྱིར་ཞེས་ཕྱི་དོན་བཀག་པ་ལ་གཟུང་བྱ་ཙམ་བཀག་པར་འཁྲུལ་བའི་རྩོད་པ་དང༌། གཉིས་སྟོང་དེ་ཉིད་རྣམ་དག་ལམ་གྱི་འཛིན་སྟངས་ཡིན་པས་ཐར་ལམ་མེད་པར་མི་འགྱུར་ཞེས་ལན་མཛད་པར་ཡང་འགྲེལ་བཤད་ལས་གསུངས་སོ། །ཁ་ཅིག་ཡང་དག་ཅེས་པའི་སྟོང་ཉིད་དང༌། མ་


GTD002_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀུན་རྟོག་ཅེས་པའི་གཞན་དབང་སྟེ་རྐང་པ་དང་པོས་གཉིས་ཀ་བདེན་གྲུབ་ཏུ་བསྟན་ཟེར་བ་ནི་ཡིག་དོན་ལ་ཡང་མ་ཞུགས་ཤིང༌། རྐང་པ་གསུམ་པའི་ཐད་ཀྱི་འགྲེལ་བཤད་ལས། ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་ཞེས་སོགས་སྔར་དྲངས་པ་དང་འགལ་བས་མི་འཐད་དེ། དང་པོར་རང་བཞིན་ཡོད་པར་གསུངས་པའི་ལོག་རྟོག་མི་སེལ་ན་འདིས་ཀྱང་མི་སེལ་བར་མཚུངས་པའི་ཕྱིར་རོ། །༼ངེ༽ཞེས་རྐང་པ་གསུམ་པས་གཉིས་སྟོང་དེ་ཉིད་གཞན་དབང་གི་གནས་ལུགས་སུ་གཏན་དུ་གནས་པར་བཤད་པ་ལ་གཞི་གཟུགས་སོགས་མཐོང་བའི་ཚེ་གནས་ལུགས་ཀྱང་མཐོང་བར་འགྱུར་རོ་སྙམ་དུ་རྩོད་པའི་ལན་དུ། ཡོངས་གྲུབ་དེ་མེད་ནས་མ་མཐོང་བ་མ་ཡིན་གྱི་སྒྲིབ་བྱེད་གཉིས་སྣང་འཁྲུལ་བའི་ཀུན་རྟོག་ཡོད་པས་མ་མཐོང་བ་ཡིན་ཞེས་སྟོན་པར་རྐང་པ་བཞི་པ་བྱུང་བར་གསུངས་སོ། །ཁ་ཅིག་སྟོང་ཉིད་དེ་གཏན་དུ་ཡོད་ན་སོ་སྐྱེས་ཐམས་ཅད་ཀྱིས་ཀྱང་ཅིའི་ཕྱིར་མ་མཐོང་སྙམ་པའི་ལན་དུ་སོ་སྐྱེས་དེ་ལ་གཉིས་སྣང་འཁྲུལ་བ་དེ་ཡོད་ཅེས་དེ་སྒྲ་སོ་སྐྱེས་ལ་བཤད་པ་གོང་དུ་འདི་དང་འདིར་དེ་ཞེས་པའི་ཚིག་གི་ནུས་པས་སྟོང་ཉིད་ཁོ་ན་ལ་སྦྱོར་དགོས་པ་མ་ཤེས་པས་ནོངས་པའོ། །རོང་སྟོན་གྱི་དབུས་མཐའི་འགྲེལ་པ་མི་ཕམ་དགོངས་རྒྱན་ལས། སྟོང་པ་ཉིད་ནི་ཀུན་ཏུ་རྟོག་པ་འདི་ལ་ཆོས་ཉིད་དུ་ཡོད་ཅེས་བྱའོ། །སྟོང་པ་ཉིད་དེ་ལ་ཡང་ནི་ཀུན་ཏུ་རྟོག་པ་འདི་ཆོས་ཅན་གྱི་ཚུལ་དུ་ཡོད་ཅེས། ཆོས་དང་ཆོས་ཅན་ཡ་མ་བྲལ་བ་བདེན་གཉིས་ཟུང་འཇུག་གི་ཚུལ་དུ་བཤད་པ་ཡང་སྐབས་འདིའི་འགྲེལ་བཤད་ཀྱི་ཚུལ་གོང་འོག་གང་དང་ཡང་མི་མཐུན་


GTD002_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འགྲེལ་བཤད་ལས་སྔར་བཤད་པ་དེ་དག་ཏུ་མ་ཟད་བཤད་པའི་རྣམ་གྲངས་གཞན་ཡང་མཛད་དེ། འདི་ལྟར་རྐང་པ་དང་པོས་ཀུན་ཉོན་གྱི་ངོ་བོ་འཁྲུལ་བའི་མཚན་ཉིད་ཅན་གྱི་ཀུན་རྟོག་དང༌། གཉིས་པས་དེ་འཁྲུལ་བར་འཇོག་བྱེད་བསྟན་ཏེ། དེ་ལྟར་གཟུང་འཛིན་གཉིས་སུ་མ་གྲུབ་བཞིན་དུ་གྲུབ་པར་འཁྲུལ་བའི་བློ་དེས་རྩ་བ་བྱས་ནས་ཆགས་སོགས་བསྐྱེད་ཅིང༌། དེའི་དབང་གིས་ལས་བསགས་ཏེ་ཐོག་མེད་ནས་ད་ལྟའི་བར་དུ་འཁོར་བར་འཁོར་ཚུལ་བཤད་པ་ན། འོ་ན་ད་དུང་ཡང་འཁོར་བའི་རྩ་བ་དེ་ཉིད་རྒྱུད་ལ་ཡོད་པས་ཐར་མི་ནུས་སམ་སྙམ་ན། དེ་ལྟ་མ་ཡིན་གྱི་ཐར་པ་ངེས་པར་འཐོབ་ནུས་ཏེ། རྣམ་བྱང་གི་ངོ་བོ་འགོག་ལམ་སོགས་ཡོན་ཏན་ཐམས་ཅད་འབྱུང་རུང་གི་སེམས་ཀྱི་ཆོས་ཉིད་ནི་གང་གིས་ཀྱང་མ་བསླད་པས་འོད་གསལ་བར་ཡོད་དོ་ཞེས་འགོག་པ་ཐོབ་ནུས་སུ་བསྟན་པ་ལ། དེ་ལྟ་བུའི་ཆོས་ཉིད་དེ་ཐོག་མེད་ནས་ཡོད་བཞིན་དུ་སེམས་ཅན་རྣམས་ཅིའི་ཕྱིར་མ་གྲོལ་སྙམ་ན། རང་བཞིན་དྲི་མས་དག་མོད་ཀྱང་གློ་བུར་གྱི་དྲི་མ་མ་ཟད་པས་དབང་གིས་མ་གྲོལ་བ་ཡིན་ལ། དེ་ཟད་པ་ལམ་གྱི་རྩོལ་བ་ལ་ལྟོས་པས་ལམ་བསླབ་པ་གསུམ་ལ་སློབས་ཤིག་ཅེས་འདོམས་པ་སྟེ། རྩ་འགྲེལ་གྱི་དགོངས་པ་རྫོགས་པར་ཕྱེ་སྟེ་བཤད་ཡོད་དོ། །༼ཅེ༽འདིའི་དོན་ཡང་རིན་ཆེན་བྱང་ཆུབ་ཀྱི་དྲང་ངེས་རྣམ་འབྱེད་ལས། དབུ་མ་པ་གཞན་ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན་གཟུགས་སོགས་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ལས་ཕྱི་མ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མཆོག་ཏུ་བཞེད་ཀྱང༌། རྣམ་རིག་པ་སེམས་ཙམ་པའི་ལུགས་


GTD002_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

འདིས། དེ་འདྲའི་སྟོང་ཉིད་གཉིས་ཀ་དབུ་མའི་དོན་དུ་འགྲེལ་ཚུལ་གཅིག་ཏུ་འགྲེལ་པས། དེ་འདྲའི་སྟོང་ཉིད་གཉིས་པོ་དེ་སྟོང་ཉིད་རྣམ་དག་ཏུ་དོན་གཅིག་ཏུ་མཛད་པའི་ཕྱིར་ཞེས་གསུངས་པ་ནི། ཡ་མཚན་པ་ཞིག་སྟེ། སྟོང་ཉིད་ཕྱི་མ་དེ་ཐལ་འགྱུར་བ་དང་མདོ་སྡེ་སྤྱོད་པས་གཏན་དུ་རང་མི་བཞེད་ཅིང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་གཉིས་ཀ་ཡང་ཆོས་ཀྱི་བདག་མེད་རགས་པ་དང༌། རང་རྒྱལ་བར་ཆད་མེད་ལམ་གྱི་འཛིན་སྟངས་སུ་མཚུངས་པར་འདོད་པས་མཆོག་དམན་འབྱེད་མཁན་གྱི་དབུ་མ་པ་དེ་ངོས་བཟུང་མེད་པར་འགྱུར་རོ། །དེས་ན་གཞུང་གི་དོན་ནི། སེམས་ཙམ་པའི་སྐབས་འདིར་རྣམ་རིག་ཙམ་གྱི་ཚུལ་འདི་དབུ་མའི་དོན་དུ་འགྲེལ་དགོས་པའི་རྒྱུ་མཚན་གྱིས། དབུས་མཐའ་ལས། ཡོད་པའི་མེད་པའི་ཞེས་སོགས་དང༌། འོད་སྲུང་ལེའུ་གཉིས་ཀྱི་དོན་འགྲེལ་ཚུལ་ཡང་ངོ་བོ་ཉིད་མེད་པར་སྨྲ་བ་དང་མི་འདྲ་བ་ཞིག་བྱ་དགོས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ཀྱི་སྔ་མ་དབུས་མཐས་བཤད་པའི་དབུ་མའི་ལམ་དེ་ལས་འོད་སྲུང་ལེའུར་བཤད་པའི་དབུ་མའི་ལམ་དེ་མཆོག་ཏུ་བཞེད་དེ། སྔ་མ་སེམས་ཙམ་དང་ཕྱི་མ་ངོ་བོ་ཉིད་མེད་པ་རང་གི་ལུགས་སུ་འདོད་པའི་ཕྱིར་དང༌། སེམས་ཙམ་པས་ནི་སྔར་བཤད་པའི་ཚུལ་འདིས་དེ་གཉིས་ཀ་སེམས་ཙམ་རང་གི་ལུགས་སུ་བཀྲལ་ཏེ་དོན་གཅིག་ཏུ་མཛད་པའི་ཕྱིར་ཞེས་པའི་དོན་ནོ། །པྲ་སྟིའི་དྲང་ངེས་རྣམ་འབྱེད་ལས། ཐལ་རང་གཉིས་དང་མི་འདྲ་བར་རྣམ་པར་རིག་པ་ཙམ་གྱི་ཚུལ་འདི་ཉིད་དབུ་མའི་དོན་དུ་འགྲེལ་པས་ན་ཡུལ་སྟོང་པ་དང་ཡུལ་ཅན་ཡེ་ཤེས་


GTD002_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་དབུ་མའི་དོན་དུ་འཇོག་པར་འདྲ་ཞེས་གསུངས་སོ་ཞེས་བཤད་པ་ཡང་ལེགས་པར་མ་མཐོང་སྟེ། རྣམ་པར་རིག་པ་ཙམ་ཞེས་པས་ཡུལ་ཅན་དང༌། དབུ་མ་ཞེས་པས་ཡུལ་བཤད་པར་བཟུང་སྟེ། དེ་གཉིས་ལ་མཆོག་དམན་འབྱེད་མི་འབྱེད་ལ་འདོད་པར་སྣང་ཡང༌། དེས་ན་ཞེས་རྒྱུ་མཚན་བསྟན་པ་དང་མི་འབྲེལ་ཞིང༌། མི་རྟོག་ཡེ་ཤེས་ལམ་དབུ་མར་ནི་ཐལ་རང་གཉིས་ཀྱང་འདོད་ལ། ལུགས་འདིས་ཀྱང་གཉིས་མེད་ཀྱི་ཡེ་ཤེས་དབུ་མ་དངོས་སུ་འདོད་པ་མ་ཡིན་པ་དང༌། སེམས་ཙམ་གྱི་གཞུང་རྣམས་ལས་རྣམ་པར་རིག་པ་ཙམ་གྱི་ཚུལ་ཞེས་འབྱུང་བ་ཕལ་ཆེར་ཡུལ་གཟུང་འཛིན་གཉིས་སྟོང་ལ་བྱ་དགོས་ཀྱི། ཡུལ་ཅན་རྣམ་པར་རིག་པ་ཙམ་ལ་མ་བཤད་ཅིང༌། དེ་གཉིས་དོན་གཅིག་ཏུ་མཛད་ཅེས་པ་དང་མི་འགྲིག་པའི་ཕྱིར།༼ཆེ༽དེ་ཡང་བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །མཚན་ཉིད་གསུམ་ལ་ཡང་དག་བརྟེན། །བཏགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ༌། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་ཡིན། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་བསྟན་པ་ཡིན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཞེས་གསུངས། འདིར་རྣམ་བྱང་བཞི་ཞེས་པ་ཡིག་ཆར་མ་སྐྱེས་པ་སོགས་བཞི་ལ་བྱས་པ་འདྲ་བ་ཞིག་སྣང་བ་ནི་གོང་མའི་གསུང་རྒྱུན་སོར་བཞག་ཙམ་དུ་སྣང་ལ། རང་ལུགས་འདི་ལྟར་བཟུང་སྟེ། ཐེག་བསྡུས་ལས། འབྱུང་རྟེན་སྒྱུ་མ་ལ་སོགས་བསྟན། །བཏགས་ལ་བརྟེན་ནས་མེད་པ་བསྟན། །རྣམ་པར་བྱང་བ་བཞི་བརྟེན་ནས། །ཡོངས་སུ་གྲུབ་པ་


GTD002_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན། །དག་པ་དེ་ནི་རང་བཞིན་དང༌། །དྲི་མ་མེད་དང་ལམ་དང་དམིགས། །རྣམ་པར་དག་པའི་ཆོས་ཀྱི་རྣམས། །རྣམ་པ་བཞི་པོ་བསྡུས་པ་ཡིན། །ཞེས་རང་བཞིན་གྱི་རྣམ་བྱང་སྟོང་ཉིད་དང་དྲི་མ་མེད་པའི་རྣམ་བྱང་འགོག་བདེན་དང༌། ལམ་རྣམ་པར་བྱང་བ་ལམ་བདེན་དང༌། དམིགས་པ་རྣམ་པར་བྱང་བ་ཐེག་ཆེན་གྱི་སྡེ་སྣོད་དེ་བཞི་ལ་ཟུར་དུ་གསུངས་ཤིང༌། མེད་ཅེས་བྱ་ལ་སོགས་ཞེས་པས་ཀྱང་སོགས་སྒྲས་མ་སྐྱེས་པ་སོགས་བསྡུས་ཟིན་པའི་ཕྱིར་རོ། །ཚིགས་བཅད་འདི་གཉིས་དབུས་མཐའི་འགྲེལ་བཤད་དུ་དྲངས་པ་ལས། ཆོས་མངོན་པའི་མདོའི་ནང་ནས་ཚིགས་སུ་བཅད་པ་གཉིས་ལས། ཞེས་གསུངས་པ་ལུང་དེ་མངོན་པ་ལས་བསྡུས་པའི་དོན་ནམ་ཡི་གེ་མ་དག་པ་ཡིན་དཔྱད་པར་བྱའོ། །༼ཇེ༽སྐྱེ་སོགས་འབྱེད་པའི་ཡུལ་ཅན་དེ་འཁྲུལ་བར་བསྒྲུབ་པས་ཡུལ་དེ་དེ་ལ་སྣང་བ་ལྟར་རྒྱངས་ཆད་དུ་མེད་པ་ཤོ་ལོ་ཀ་དང་པོའི་དོན་ཡིན་ལ། གཉིས་པའི་དོན་ནི་མཚན་ཉིད་འཛིན་པའི་ཕྱོགས་སུ་ཆད་པ་ལྟར་སྣང་བ་དེ་ཉིད་ཀྱིས་མཚོན་བྱ་བཟུང་བའི་ཕྱོགས་སུ་ཆད་པ་ལྟར་སྣང་བ་དེ་ཉིད་ཕར་མཚོན་པས། མཚན་མཚོན་གྱི་ཚུལ་ཡང་བློའི་སྣང་ཆ་ཙམ་ལས་ལོགས་ན་དོན་གྱི་ངོས་ནས་དབྱེ་རྒྱུ་མེད་ལ། སྣང་ཆ་ཙམ་ཞེས་གང་གི་ངོར་འཇོག་པའི་བློ་དེ་ལ་གཟུང་འཛིན་ཕྱོགས་གཉིས་སུ་ཡོད་ཡོད་ལྟར་སྣང་བའི་སྣང་ཚུལ་དེ་ཡང་གོང་དུ་སྐྱེ་འགག་སོ་སོར་


GTD002_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་བློ་ལ་གསུངས་པ་བཞིན་འཁྲུལ་ཆ་ཙམ་ཡིན་པས། དོན་དུ་རང་མཚན་གྱིས་གྲུབ་པ་མེད་ཅེས་ཡིད་ཤེས་རྟོག་པ་ལ་ལྟོས་པའི་རྣམ་རིག་པའི་ལྟ་བ་གསུངས་ཤིང༌། ཐེག་བསྡུས་སུ་གཟུང་འཛིན་རྫས་ཐ་དད་དུ་གྲུབ་པ་མེད་ཀྱང་ཡུལ་དུ་བྱར་རུང་བ་དང༌། བདེ་སྡུག་མྱོང་རུང་བ་སོགས་རྟོག་མེད་དབང་ཤེས་ལ་ལྟོས་པའི་རྣམ་རིག་པའི་ལྟ་བ་དཔེ་དང་ལུང་རིགས་དུ་མས་སྒྲུབ་པའི་ཕྱིར། བོད་སྔ་མ་མང་བོས་གཟུང་འཛིན་གཉིས་སྟོང༌། ཕྱོགས་གླང་ཆོས་གྲགས་ཀྱི་ལུགས་དང༌། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་སོ་ཞེས་སྨྲ་བ་མི་འཐད་པར་མངོན་ཞིང༌། སྟག་ལོའི་གྲུབ་མཐའ་རྩ་བར། རྣམ་རིག་སྨྲ་བའི་གཙུག་རྒྱན་སྐུ་མཆེད་གཉིས། །ཞེས་པ་ནས། ཆོས་བདག་འདི་གཉིས་འགོག་ལ་སོ་སོར་བརྩོན། །ཞེས་དང༌། དེའི་འགྲེལ་བར། གཅེན་གྱིས་རྟོག་པ་ལ་དང༌། གཅུང་གིས་རྟོག་མེད་ལ་སྣང་བའི་ཆོས་བདག་འགོག་ཚུལ་ལོ། །ཞེས་ལུགས་ཐ་དད་དུ་བྱས་པ་ཡང་སྙིང་པོ་མེད་པར་གསལ་ལོ། ། ༼ཉེ༽འདིའི་དོན་ཊཱིཀ་ཆེན་དང་སྡེ་བདུན་ཡིད་ཀྱི་མུན་སེལ་གཉིས་ཀ་ལས། ཁ་ཅིག་ཤོ་ལོ་ཀ་ཕྱི་མ་འདི་མདོ་སྡེ་པའི་ལུགས་ལ་སྦྱོར་བ་ནི་མི་འཐད་དེ། མདོ་སྡེ་པ་སོགས་ཉན་ཐོས་སྡེ་པ་ཕལ་ཆེར་ཐེག་ཆེན་བཀར་མི་འདོད་པས། དེ་དག་གིས་བཀའ་བར་བའི་དགོངས་པ་འཆད་དགོས་པའི་ངེས་པ་མེད་པའི་ཕྱིར་དང༌། དེས་ཀྱང་ཞེས་ཀྱང་སྒྲས་སྔ་མ་སྡུད་པའི་ཕྱིར་རོ། །དེས་ན་སྔ་ཕྱི་གཉིས་ཀ་རྣམ་རིག་པ་རང་གིས་བཤད་པའི་རྣམ་གྲངས་ཡིན་ནོ་ཞེས་གསུངས་པ། འདིའི་སྒོ་ནས་དཔྱད་ན་རྒྱུད་སྡེ་སྤྱི་རྣམ་ལས།


GTD002_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་དེ་ལས་གཞན་བསྐོར་བར་མི་འདོད་ཅིང་ཐེག་པ་ཆེན་པོ་བཀར་མི་འདོད་དོ། །ཞེས་པའི་གོང་དུ་ཡང་ཉན་ཐོས་སྡེ་གཉིས་ཀྱི་ལུགས་ཞེས་པ་ཙམ་ལས་ཐམས་ཅད་ཅེས་མི་འབྱུང་བས། གསུམ་གའི་དགོངས་པ་ཉན་ཐོས་སྡེ་པ་སྤྱི་ཙམ་གྱི་ལུགས་བྱས་ན་ལུང་གི་རྗེས་འབྲང་གཙོ་ཆེ་བས། དེ་ལྟར་ན་ཤེར་མདོ་ཡང་བཀའ་མ་ཡིན་པས་དགོངས་པ་འགྲེལ་དོན་མེད་ལ། འོན་ཀྱང་ཉན་ཐོས་སྡེ་པ་ཁ་ཅིག་གི་ལུགས་ལ་དེ་དྲང་དོན་དུ་འགྲེལ་རུང་བ་ཡིན་ནམ་དཔྱད་དགོས་ཏེ། གོང་དུ་ཕལ་ཆེར་ཞེས་སྨོས་པའི་དགོས་པ་ཡོད་པའི་ཕྱིར། སྟོང་ཐུན་གྱི་གསུང་ཟིན་དེའི་ནང་ཚན་ལ་ཡང་ཐེག་ཆེན་བཀར་འདོད་མཁན་མེད་པ་འདྲ་ཞིག་སྣང་ཡང༌། དགོངས་པ་སྔ་མའི་ལུང་གསུམ་ལྟར་བྱས་ཏེ་ཡབ་སྲས་གསུམ་གས་རྣམ་འགྲེལ་གྱི་ལུང་དེ་དོན་སྨྲ་བ་ཁ་ཅིག་གི་མདོ་དོན་འགྲེལ་ཚུལ་དུ་བཞེད་པ་ནི། མཐའ་དཔྱོད་ལས། རྗེ་ཡབ་སྲས་དགོངས་པ་གཅིག་མི་གཅིག་སོགས་དཔྱད་དགོས་མང་པོ་འདུག་ཅེས་དཀའ་འགྲེལ་ལས་ཐ་དད་དུ་མཛད་ཀྱང་དཔྱད་དགོས་པར་གསུངས་པའི་དཔྱད་ཚུལ་དེ་ཡིན་ནོ། །ལུང་དེ་ཉན་ཐོས་སྡེ་པ་ཁ་ཅིག་ལ་སྦྱོར་དགོས་པ་ནི། ལྷ་དབང་བློའི་འགྲེལ་པར་ཡང༌། ཕྱི་རོལ་གྱི་དོན་ཁས་བླངས་ན་ཡང་ཆོས་ཐམས་ཅད་མཚན་ཉིད་མེད་པ་ཅན་ཡིན་ཏེ། ཕུང་པོ་ལ་སོགས་བྱེ་བྲག་གི །ཞེས་སོགས་དང༌། ཛ་མ་རིས་ཞར་ལ་ཐེག་པ་ཐ་ཤལ་གྱི་རྣམ་གཞག་སྟོན་པའི་ཕྱིར་བཤད་པ་ཞེས་གསུངས་སོ། །འོ་ན་རང་ལུགས་ཀྱང་སྒྲའི་དོན་ཇི་ལྟར་འཆད་ཅེ་ན། གྲུབ་མཐའ་ཆེན་མོར་ཀྱང་སྒྲས་དགོངས་གཞི་སྔ་མར་མ་ཟད་འདི་ཡང་རུང་བ་


GTD002_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སེམས་ཙམ་པར་མ་ཟད་ཉན་ཐོས་སྡེ་པའང་འདོད་པ་བསྡུའོ། །ཞེས་གསུངས་པ་ལྟར་རོ། །འདིར་ཡང་ཁ་ཅིག་འདོད་པ་བསྡུའོ། །ཞེས་ཞིབ་ཆ་འབྱེད་དགོས་སོ། །ཚིག་དོན་ནི་མཚན་མཚོན་བྱ་བྱེད་ཀྱི་ཆ་བདེན་པར་གྲུབ་ན་སྣང་བ་ལྟར་གནས་དགོས་ལ། དེ་འདོད་ན་མཚན་ཉིད་སྔར་ཡོད་ལ་ཐ་སྙད་ཕྱིས་སུ་གྲུབ་དགོས་པས་མཚན་མཚོན་རྒྱུ་འབྲས་སུ་ཐལ་བར་འགྱུར་བའི་ཕྱིར། དེ་འདྲའི་ཆ་བདེན་པར་མེད་པ་ལ་དགོངས་པར་ཐར་ལམ་གསལ་བྱེད་དུ་གསུངས་པས་ཚིགས་བཅད་སྔ་མས་མཚན་མཚོན་གྱི་ཆ་ལ་སྦྱོར་ཚུལ་དང་གཏན་མི་འདྲའོ། ། སརྦ་མངྒ་ལཾ།།


previousདྲང་ངེས་ལེགས་བཤད་སྙིང་པོའི་མཆན་འགྲེལ་རྩོམ་འཕྲོ།next