Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
རྟེན་འབྲེལ་གྱི་རྣམ་བཞག་ལུང་རིགས་བང་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟེན་འབྲེལ་གྱི་རྣམ་བཞག་ལུང་རིགས་བང་མཛོད།next

རྟེན་འབྲེལ་གྱི་རྣམ་བཞག་ལུང་རིགས་བང་མཛོད།


GTD003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་གྱི་རྣམ་བཞག་ལུང་རིགས་བང་མཛོད་ཅེས་བྱ་བ་བཞུགས་སོ། །


GTD003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་གྷོ་ཥཱ་ཡ། སྲིད་གསུམ་འཛིན་མའི་ཁྱོན་ལས་རབ་འཕགས་ཀྱང། །ཞི་བའི་མཁའ་ལ་ཞེན་པའི་གནས་མེད་པ། །སྐྱེ་དགུའི་མགོན་དུ་བརྩེ་བའི་ལྡིང་འཁོར་མཁན། །མི་བསྐྱོད་དགྱེས་བཞད་རྡོ་རྗེ་གཙུག་གིས་མཆོད། །གཏི་མུག་མུན་སེལ་གློག་འཕྲེང་དྲ་བ་ཅན། །མཐར་འཛིན་འཆིང་བརྒྱ་གཅོད་པའི་རལ་གྲི་ཆེ། །རྟེན་འབྱུང་སྟོང་པར་གཟིགས་པའི་མཉམ་ཉིད་བློ། །དམར་སེར་འོད་དུ་འབར་བ་དེ་ལ་འདུད། །འཇམ་དབྱངས་མཁྱེན་པ་ཟླ་ཤེལ་བདུད་རྩིའི་གཉེན། །གཞུང་ལུགས་གདེངས་ཅན་བྱེ་བ་རོལ་པའི་གནས། །རིགས་ལམ་ཆུ་བོའི་འཁྲི་ཤིང་རོལ་གར་ཅན། །ལེགས་བཤད་རྒྱ་ཚོའི་དགའ་སྟོན་དེང་འདིར་སྤེལ། །སྨག་རུམ་གློག་ལྟར་གཡོ་བའི་ཚེ་འདི་སླ། །འབྱོར་ཡང་མི་རིང་དྲན་པའི་ཡུལ་དུ་འགྱུར། །བརྣག་


GTD003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཕྱི་མའི་མཐའ་དེ་རྒྱང་རིང་བས། །རྣམ་གྲོལ་ཕྱིར་ནི་ཐོས་པས་འདིར་ཞུགས་ཤིག། །འདིར་ཞི་བ་མཆོག་གི་སྒོ་གཅིག་པུ་སྟོང་པའི་དེ་ཉིད་མཐའ་བྲལ་རྟེན་འབྱུང་གི་དཀའ་གནད་བསྡུས་ཏེ་འཆད་པ་ལ། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་ཞེས་སོགས་རྐང་པ་གཉིས་ལས་འཕྲོས། འཕྲོས་ཚུལ་ནི་སྤྱིར་སེང་གེ་རྣམ་བསྒྱིངས་ལ་མཐོང་རྩེ་ལ་དབང་བའི་ཕྱིར་བསྒོམ་པ་དང་། ཐོད་རྒལ་སྦྱོར་བའི་དེ་གཉིས་ཡོད་ཅིང། དེའི་ཐོད་རྒལ་ལ་ས་གཉིས་པ་ནས་འཇུག་པར་གསེར་འཕྲེང་དང། དྲུག་པ་ནས་འཇུག་པར་རྣམ་བཤད་གསུངས་སོ། །དྲུག་ཚན་དྲུག་གི་མཐོང་རྩེ་ཡང་དང་པོའི་སེང་གེ་རྣམ་བསྒྱིངས་ཡིན་མོད་ཀྱི། འདིར་མཐོང་སྤང་གི་འཇིགས་པ་ཟད་པར་སྤང་བའི་དབང་དུ་བྱས་ཏེ་བར་ཆད་མེད་ལམ་


GTD003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ནས། སེང་གེ་རྣམ་བསྒྱིངས་ཞེས་བྱ་བ་མཐོང་ལམ་རྣམ་གྲོལ་ལམ་ལ་འཇུག་ཅིང་། དེའི་རྗེས་ཐོབ་ཏུ་ཀུན་བྱང་གི་རྟེན་འབྲེལ་ཕྲུགས་བཞིར་བསྒོམ་ཚུལ་འཆད་པར། རྟེན་ཅིང་འབྲེལ་འབྱུང་ཞེས་སོགས་ཀྱི་གཞུང་འདི་བྱུང་བའི་ཕྱིར། འདི་ལ་གསེར་འཕྲེང་ལས། འདིའི་རྗེས་ཐོབ་སྒོམ་ལམ་དུ་ཤེར་སྒྲོན་ལས་བཤད་པ་གཞུང་གཞན་དང་མཐུན་ནོ། །ཞེས་གསུངས་པ་ཡང་གཞན་དང་མཐུན་པར་བཤད་ཙམ་ཡིན་གྱི་རང་ལུགས་མཛད་པ་མིན་ཏེ། རྣམ་བཤད་ལས། འདིར་བཤད་པ་ནི་བྱང་ཆུབ་སེམས་དཔའི་རྒྱུད་ལ་བསྐྱེད་པར་བྱ་བ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མཐོང་ལམ་དེ་ཉིད་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འགྲེལ་པར། དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་དོ་ཞེས་པའི་དོན་ཡང་རྟེན་འབྲེལ་མཉམ་རྗེས་གཉིས་ཀར་བསྒོམ་བའི་དོན་མིན་གྱི། མཐོང་རྩེ་དེ་ཉིད་མཉམ་གཞག་ཏུ་དོན་དམ་ལ་རྟོག་པའི་སྒོ་ནས་བསྒོམ་པར་མ་ཟད། རྗེས་ཐོབ་ཏུ་རྟེན་འབྲེལ་ལ་རྟོག་པའི་སྒོ་ནས་བསྒོམ་པར་གསུངས་པ་ཡིན་པའི་ཕྱིར། གཉིས་པ་སྦྱོར་བ་ནི། བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱིས་རྟེན་འབྲེལ་སྒོམ་ཚུལ་ཡོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་སོགས་ལུགས་འབྱུང་དང་། རྒ་ཤི་སྐྱེ་བ་ལས་བྱུང་བ་སོགས་ལུགས་ལྡོག་སྟེ་ཀུན་ཉོན་


GTD003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཉིས་དང། གཉེན་པོ་འཕགས་ལམ་སྐྱེས་པ་ན་ཐོག་མའི་མ་རིག་པ་མི་འབྱུང་བས། དེས་བསྐྱེད་པའི་ལས་གསར་བསགས་མི་འབྱུང་ཞིང། དེ་ལ་བརྟེན་པའི་ཡན་ལག་ལྷག་མ་རྣམས་མི་འགྲུབ་པ་ལུགས་འབྱུང་དང། དེ་དག་གི་ཕྱི་མ་ཕྱི་མ་སྔ་མ་ལ་རག་ལས་པ་རྣམ་བྱང་གི་ལུགས་ལྡོག་སྟེ་བཞིར་བསྒོམ་པའི་ཕྱིར། བསྒོམ་ཚུལ་དེར་མ་ངེས་ཏེ། དྲི་བ་ལྷག་བསམ་རབ་དཀར་དང། ལམ་རིམ་ལྟར་ཆུང་ངུ་དངོས་སམ་ཐུན་མོང་བ་ལ་བློ་སྦྱོང་སྐབས་ངན་འགྲོའི་སྡུག་བསྔལ་སྤོང་བའི་ཕྱིར་དུ། ཡན་ལག་དང་པོ་ལས་འབྲས་ལ་རྨོངས་པའི་མ་རིག་པའི་དབང་གིས་བསོད་ནམས་མ་ཡིན་པ་གསོག་ཚུལ་སོགས་དེའི་ཡན་ལག་བཅུ་གཉིས། འབྲིང་གིས་བདག་ཏུ་ཞེན་པའི་མ་རིག་པའི་དབང་གིས་རང་འཁོར་བར་འཁོར་ཚུལ་དང། ཆེན་པོས་སེམས་ཅན་ཐམས་ཅད་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་ཚུལ་བསམ་སྟེ་སྙིང་རྗེ་བསྐྱེད་པ་འཇུག་པ་ལྟར་ཡིན་པའི་ཕྱིར། འདིས་ཐེག་པ་གསུམ་དང་འབྲེལ་བའི་སྒོམ་ཚུལ་ཡང་ཤེས་སླ། དོན་དམ་དང་ཀུན་རྫོབ་པའི་དབང་དུ་བྱས་པའི་སྒོམ་ཚུལ་ཡང་ས་ལུ་ལྗང་པའི་མདོ་ལས། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་པ་དང་། སྲོག་མེད་པ་ཞེས་སོགས་ཀྱིས་གསུངས་ཤིང། ཁ་ཅིག་སྔ་མ་ཐ་སྙད་


GTD003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ལ་སྦྱོར་བ་མི་རིགས་ཏེ། དེ་རྒྱས་པར་བསྒོམ་ན་ཆད་མཐར་འགྲོ་བས་མཐའ་གཉིས་སེལ་བ་ལ་གཉིས་ཀ་དགོས་པར་ཀ་ཤིས་བཤད་པས་སོ། །ཨ་བྷྱས་མ་རིག་པ་འགག་པས་འདུ་བྱེད་འགག་པ་སོགས་ཀུན་ཉོན་ལུགས་ལྡོག་ཏུ་བཤད་པ་ལ་དགོངས་ཚོད་རྣམ་བྱང་ལུགས་མཐུན་དུ་འགྲོ་བས་གསེར་འཕྲེང་ལས་བཀག་ཅིང། སྒྲས་ཟིན་ཡང་མི་རུང་སྟེ། རང་རྒྱུ་རང་འབྲས་ཀྱི་དབང་དུ་བྱས་ན་རྒྱུ་འགག་མ་ཐག་འབྲས་བུ་སྐྱེ་བར་བཤད་པ་དང་འགལ་ལ། འགག་པའི་དོན་སྤངས་པ་ལ་བྱེད་ན་མི་རིགས་ཏེ། འཕང་འབྲས་རྣམས་སྲིད་སོགས་ཀྱི་རྗེས་སུ་སྤང་དགོས་པའི་ཕྱིར། དེ་ལ་རྣམ་བྱང་གི་ཡན་ལག་བཅུ་གཉིས་མི་འགལ་ཏེ། འདི་སྔར་ཡོད་འགག་པ་ལ་མི་བྱེད་པའི་ཕྱིར། འཕགས་པ་ཐམས་ཅད་དེ་ཡིན་ནོ། །འོན་ཀྱང་རྣམ་བྱང་གི་རྟེན་འབྲེལ་དེའི་ཡན་ལག་བཅུ་གཉིས་གང་རུང་མི་དགོས་ཏེ། ཉན་ཐོས་ཚོགས་ལམ་དེ་ཡིན་པའི་ཕྱིར། ཀུན་ཉོན་ལ་ཡང་རིགས་འདྲ། དེ་ལྟར་སྒོམ་ཚུལ་བཞིར་ཕྱེ་བ་ཡང། སྐྱེ་རྒ་གཉིས་སྡུག་བདེན་གྱི་གཙོ་བོ་ཡིན་པས་འབྲས་བུའི་ཆ་ནས་ལུགས་ལྡོག་གཉིས་ཀྱིས་སྡུག་བདེན་དང་འགོག་བདེན། གཞན་གཉིས་ཀྱི་རྒྱུའི་ཆ་ནས་སེམས་པ་ཀུན་འབྱུང་དང་ལམ་ལ་མཁས་ཆེད་ཡིན་པའི་ཕྱིར། སའི་དངོས་གཞི་ལས། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྒ་ཤི་ནས་བཟུང་སྟེ་ལུགས་ལས་བཟློག་པའི་གོ་རིམ་དུ་བསྟན་ཅེ་ན། བདེན་པའི་ཚུལ་བསྟན་པའི་དབང་དུ་བྱས་ཏེ། འདི་ལྟར་སྐྱེ་བ་དང་རྒ་ཤི་ནི་སྡུག་བསྔལ་


GTD003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདེན་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལུང་འདིའི་དོན་དུ་བསམས་ཏེ། ཀུན་བཏུས་འགྲེལ་བར། རྒ་ཤི། རྒ་ཤི་ཀུན་འབྱུང། རྒ་ཤི་འགོག་པ། རྒ་ཤི་འགོག་པ་དེར་འགྲོ་བའི་ལམ། ཞེས་རྒ་ཤི་གཅིག་པུ་ཡང་བདེན་བཞིར་སྦྱར་བ་གཞུང་གི་དགོངས་པ་མིན་ནོ། །གསུམ་པ་མཐའ་དཔྱད་པ་ལ། རྟེན་འབྲེལ་གྱི་རྣམ་བཞག་སྤྱིར་བསྟན་པ་དང་། ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། འདོད་ཚུལ་གསུམ། དང་པོ་ནི། རང་གི་འདོགས་བྱེད་ལ་ལྟོས་ནས་གྲུབ་པ་རྟེན་འབྱུང་གི་མཚན་ཉིད་ཡིན་ཏེ། རྟེན་འབྱུང་གི་སྐད་དོད་པྲ་ཏཱི་ཏྱ་ས་མུདྤཱ་དཿ ཞེས་འབྱུང་བས་པྲ་ཏཱི་ཞེས་པ་ཉེར་བསྒྱུར་གྱི་དབང་གིས་དུ་མར་འཇུག་སྟེ། པྲ་ཏྲི་མོ་ཀྵ་ཞེས་པའི་སྐབས་སུ་ཟློས་པའམ་སོ་སོ་ལ་འཇུག་པས་སོ་སོ་ཐར་པར་བསྒྱུར་བ་དང་། དེ་བཞིན་དུ་ཧ་ར་དང་ཕྲད་ན་མཆོད་པ། བནྡྷ་དང་ཕྲད་ན་འབྲེལ་བ་ལ་འཇུག་ཅིང་། འདིར་ཨི་ཏི་དང་ཕྲད་པས་ཕྲད་ལྟོས་རྟེན་འབྲེལ་གསུམ་ལ་འཇུག་པའི་ཕྱིར། ས་མུདྤཱ་དཿ འབྱུང་བ་སྟེ་གྲུབ་པ་དང་འདུས་བྱས་ལ་སྦྱར་ན་སྐྱེ་བ་ལ་ཡང་འཇུག་ཅིང། དེ་མ་བསྣན་ན་རྟེན་འབྱུང་གི་དོན་མི་རྫོགས་པས། ཁ་ཅིག་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་རྟེན་འབྲེལ་གྱི་མཚན་ཉིད་དུ་འདོད་པ་ནི་འདུས་བྱས་ཀྱི་མཚན་ཉིད་འདུ་བའི་མཚན་ཉིད་དུ་བཞག་པ་དང་འདྲ་སྟེ། རྟེན་འབྲེལ་ཞེས་པ་རྟེན་འབྱུང་ཞེས་པའི་ཟུར་གཅིག་ཡིན་པའི་ཕྱིར།


GTD003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྤྱིའི་དོན་ཕྱོགས་རེ་ལ་སྦྱར་ཆོག་ན་ཕྲད་ལྟོས་གཉིས་ཀྱང་དེ་དང་འདྲ་བས་དེ་ལྟར་སྦྱོར་དགོས་ལ། དེ་ནི་སྣང་མུན་དང་ཚེ་སྔ་ཕྱི་དང་ལྷན་ཅིག་གནས་པའི་རྟ་གླང་སོགས་ཀྱིས་མ་ངེས་པས། རྣམ་གྲངས་ཡིན་ཀྱང་དོན་གཅིག་ཡིན་མི་དགོས་སོ། །སྔོན་གྱི་སློབ་དཔོན་ཁ་ཅིག །པྲ་ཏཱི་ཟློས་སྒྲར་བྱས་ནས་རྒྱུ་སོ་སོ་ལས་སོ་སོར་འབྱུང་བ་ལ་བཤད་ཀྱང་གཞི་གཅིག་ལ་སྦྱར་དུ་མེད་པས་རང་ལུགས་ནི་གཟུགས་སོགས་རྒྱུ་ལ་བརྟེན་ཅིང་སྐྱེ་འགག་མཉམ་པའི་ཚུལ་གྱིས་འབྲེལ་བར་འབྱུང་བ་ལ་གསུངས་ཏེ། ཞིབ་པར་ཀུན་མཁྱེན་བླ་མའི་གསུང་ལ་བལྟའོ། །གཉིས་པ་དབྱེ་བ་ལ། འདུས་མ་བྱས་དང། འདུས་བྱས་རྟེན་འབྱུང་གཉིས། རང་རྒྱུ་ལ་མ་བརྟེན་ཀྱང་འདོགས་བྱེད་ལ་ལྟོས་ནས་གྲུབ་པ་སྔ་མའི་མཚན་ཉིད། རྐྱེན་གསུམ་ལ་བརྟེན་ནས་བྱུང་བ་ཕྱི་མའི་མཚན་ཉིད། རྐྱེན་གསུམ་ནི། རྣམ་པར་འབྱེད་པའི་མདོ་ལས། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་སོགས་ཀྱིས་གསུངས་པའི་དོན་ཀུན་བཏུས་ལས། མཚན་ཉིད་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང། མི་རྟག་པའི་རྐྱེན་ལས་བྱུང་བ་དང། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་པའི་ཚིག་གསུམ་གྱིས་རིམ་པར་བཀྲལ་ཏེ། ཚངས་པ་དང་། དབང་ཕྱུག་དང། ཁྱབ་འཇུག་པ་ལྟར། ལྷ་དེ་དག་གི་བློའི་གཡོ་བ་ལས་བྱུང་བར་ལྟ་བ་བཟློག་པའི་ཕྱིར་དུ། སྤྱིར་རྒྱུ་རྐྱེན་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་བ་ཡིན་པས།


GTD003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྔོན་དུ་བཏང་ནས་རང་དགར་བྱེད་པ་པོ་གཞན་མེད་ཅེས་གཡོ་བ་མེད་པའི་རྐྱེན་བསྟན། དེ་དག་གིས་ལྷ་རྟག་པ་དང་། གྲངས་ཅན་གྱིས་རྩ་བའི་རང་བཞིན་ལས་སྐྱེ་བར་འདོད་པ་འགོག་པའི་ཕྱིར་མི་རྟག་པའི་རྐྱེན་བསྟན་ཏེ། རྐྱེན་ཡིན་ན་རང་ཉིད་ཀྱང་རྒྱུ་ལས་གློ་བུར་དུ་སྐྱེས་ཤིང་དུས་གཉིས་པར་འགག་ནས་འབྲས་བུ་འབྱིན་པ་དགོས་ཀྱི། རྟག་པ་ཡིན་ན་འབྲས་བུ་རྟག་ཏུ་སྐྱེད་པའམ་འབྲས་བུ་ལ་སྐབས་མི་འབྱེད་པའི་ཕྱིར་རོ། །རྒྱང་ཕན་གྱིས་རྒྱུ་མེད་དང་བྲམ་ཟེ་མང་པོས་རྒྱུ་འབྲས་འཆོལ་བར་སྨྲ་བ་དགག་པའི་དོན་དུ་རྒྱུ་གང་ཡིན་ལས་འབྲས་བུ་ཐམས་ཅད་མི་འབྱུང་སྟེ། འདུ་བྱེད་མ་རིག་པ་ལས་འབྱུང་བ་ལྟ་བུ་རང་སྐྱེད་པའི་ནུས་པ་དང་ལྡན་པའི་རྗེས་སུ་མཐུན་པའི་རྒྱུ་ཞིག་གིས་སྐྱེད་དགོས་ཞེས་ནུས་པའི་རྐྱེན་བསྟན་པའི་ཕྱིར། མདོ་འདིའི་དོན་མཛོད་འགྲེལ་ལས། མ་རིག་པ་ཡོད་ན་འདུ་བྱེད་འབྱུང་དེ་ལས་ལྷག་མ་རྣམས་སྐྱེ་བའི་ཡན་ལག་བརྒྱུད་པ་དང་། སྔོན་མཐའི་གཉིས་ལས་བར་གྱི་བརྒྱད་འབྱུང་ཞིང་དེ་ལས་ཕྱི་མཐའི་གཉིས་སྐྱེ་བ་ཚེ་བརྒྱུད་པ་དང་། མ་རིག་པ་ལས་འདུ་བྱེད་དངོས་སུ་འབྱུང་ཞིང་ལྷག་མ་བརྒྱུད་ནས་སྐྱེ་བ་རྐྱེན་བྱེད་ཚུལ་ལ་སྦྱར་བ་སྟེ་གསུམ་བཤད་ཀྱང་གསུམ་ག་མི་འཐད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་དང་ཟློས་ཤིང་ཕྱིའི་རྟེན་འབྱུང་ལ་སྦྱར་དུ་མེད་པའི་ཕྱིར་རོ། །སའི་དངོས་གཞིར་མ་རིག་པའི་ས་བོན་ཡོད་ན་མངོན་གྱུར་ཀྱང་འབྱུང་ལ། དེ་སྐྱེས་ན་ལས་ཀྱང་སྐྱེ་བ་ལ་སྦྱར་རོ། །ས་ལུ་ལྗང་བའི་མདོར་ཕྱི་ནང་གི་རྟེན་འབྲེལ་རྣམས་


GTD003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ལྔས་བཤད་དེ། རྒྱུ་མེད་པར་ལྟ་བ་བསལ་བའི་ཕྱིར་རྒྱུ་དང་བཅས་པ་ལས་འབྱུང་བའི་མཚན་ཉིད་དང། མི་མཐུན་པའི་རྒྱུ་རྟག་པ་རིལ་པོ་གཅིག་པུ་ལས་སྐྱེ་བ་འགོག་པའི་ཕྱིར་མི་རྟག་པ་དུ་མའི་རྒྱུ་ལས་འབྱུང་བའི་མཚན་ཉིད་དང་། བདག་ལྟ་འགོག་པའི་ཕྱིར་བདག་མེད་པར་འབྱུང་བའི་མཚན་ཉིད་དང། ནུས་མེད་རྟག་པ་ལས་སྐྱེ་བ་འགོག་པའི་ཕྱིར་ནུས་པའི་རྐྱེན་ལས་འབྱུང་བའི་མཚན་ཉིད་དང། དབང་ཕྱུག་སོགས་ཀྱི་གཡོ་བ་ལས་བྱུང་བ་འགོག་པའི་ཕྱིར་བྱ་བ་མེད་པའི་རྐྱེན་ལས་འབྱུང་བའི་མཚན་ཉིད་རྣམས་སུ་ཡོད་པའི་ཕྱིར། འོན་ཀྱང་དབང་ཕྱུག་གི་རྩོལ་བ་ལས་བྱུང་བ་ཡོད་པའི་ཞིབ་ཆ་དགོས་སོ། །དེ་དག་སྟོན་པར། ས་ལུ་ལྗང་བའི་མདོ་ལས། ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱ་ཡི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར། འདིར་ཡང་འདུས་བྱས་རྟེན་འབྱུང་གི་དབང་དུ་བྱས་པ་ཡིན་ཏེ། ལུགས་འདིར་གཞི་གྲུབ་ན་རྟེན་འབྱུང་ཡིན་པས་ཁྱབ་པའི་ཕྱིར། རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེའི་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་འདོད་ཚུལ་ནི། ལེགས་བཤད་སྙིང་པོ་ལས། ཕྱི་རོལ་པ་རྟེན་འབྲེལ་ཁས་མི་ལེན་པས་ཆོས་བདེན་གྲུབ་ཏུ་འདོད་པ་ཞེས་དང། རིགས་པ་དྲུག་ཅུ་པའི་འགྲེལ་པར། མུ་སྟེགས་ཅན་རྟེན་ཅིང་


GTD003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བ་མ་ཡིན་པར་སྨྲ་བ་ཞེས་སོགས་ལྟར་གཞན་སྡེ་རྣམས་རྟེན་འབྲེལ་གྱི་དོན་མི་འདོད་ལ། དེར་མ་ཟད་ཐ་སྙད་ཙམ་ཡང་མི་འདོད་དེ། ཕྱི་རོལ་བརྡ་སྤྲོད་པས་རྩོད་ཚུལ་མཛོད་འགྲེལ་གནས་གསུམ་པ་ལས། གལ་ཏེ་འབྱུང་བའི་སྔོན་རོལ་ན། །ཕྲད་ན་མེད་ཕྱིར་རུང་མ་ཡིན། །ཞེས་མེད་པ་ཕྲད་པར་མི་རུང་ཞིང། ཡོད་པ་ཕྲད་རྗེས་འབྱུང་བ་མི་དགོས་པར་སྨྲ་བའི་ཕྱིར་རོ། །རང་སྡེ་དངོས་སྨྲ་བ་ནི། མཛོད་འགྲེལ་ལས། སྡེ་པ་གཞན་དག་ན་རེ། དེ་གཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། ཆོས་འདི་ནི་གནས་པ་ཁོ་ནའོ། །ཞེས་པ་ལྟར་ཡོད་སྨྲ་བདུན་གྱི་ནང་ཚན་ས་སྟོན་སྡེ་པ་རྣམས་རྟེན་འབྲེལ་རྟག་པར་འདོད་ཀྱང། གཞན་ཐམས་ཅད་ཀྱིས་འདུས་བྱས་སུ་འདོད་པས་བདེན་མེད་སྒྲུབ་པ་ལ་འགལ་རྟགས་སུ་སྨྲའོ། །རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ཞེས་པའི་ཐ་སྙད་ཙམ་ཞིག་འདོད་ཀྱང། རྟེན་འབྲེལ་གང་ཡིན་འབྲེལ་པ་ཅན་གྱི་རྟེན་འབྲེལ་དུ་འདོད་དེ། རྒྱུ་དང་འབྲས་བུ་འབྲེལ་བར་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར། བྱེ་སྨྲས་སྐད་ཅིག་མའི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ་གསུམ་བསྣན་ནས་བཞིར་བཤད་ལ། ཆོས་མངོན་པ་ལས་དེའི་སྟེང་དུ་སེམས་ཅན་ལ་སྟོན་མི་སྟོན་གཉིས་ཏེ་དྲུག་བཤད་དོ། །དང་པོ་ནི། ཤེས་པ་སྐད་ཅིག་མ་གཅིག་གི་སྐྱེ་འགག་གནས་གསུམ་གྱི་ཆ་ལ་རྫོགས་པར་འདོད་དེ། དཔེར་ན། ཆགས་པའི་དབང་གིས་སྲོག་གཅོད་


GTD003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ཀྱི་རྨོངས་པ་ནི་མ་རིག་པ། ལས་དེ་དང་མཉམ་དུ་འཇུག་པའི་སེམས་པ་དེ་འདུ་བྱེད། དེ་འཁོར་དུ་ལྡན་པའི་སེམས་དེ་རྣམ་ཤེས། ཕུང་པོ་གཞན་བཞི་ནི་མིང་གཟུགས། དབང་པོ་དྲུག་ནི་སྐྱེ་མཆེད། དེ་ཡུལ་དང་ཕྲད་པ་རེག་པ། དེ་ཉམས་སུ་མྱོང་བ་ཚོར་བ། དེའི་སྐབས་ཀྱི་ཆགས་པ་ནི་སྲེད་པ། དེ་དང་མཚུངས་ལྡན་གྱི་ངོ་ཚ་མེད་པ་སོགས་ལེན་པ། ལུས་ལས་དངོས་གཞི་ནི་སྲིད་པ། དེ་སྐྱེས་པ་སྐྱེ་བ། སྨིན་པ་དང་ཞིག་པ་རྒ་ཤིར་འདོད་པ་མཛོད་འགྲེལ་སོགས་དུ་མར་གསུངས་པས། སྐྱེ་རྒ་མ་གཏོགས་དུས་མཉམ་མོ། །ཁ་ཅིག །སྲོག་གཅོད་པ་ནི་འདུ་བྱེད་ཅེས་དང་། དེས་ཀུན་ནས་བསླངས་པའི་ཆགས་པ་ནི་ལེན་པ། ལས་དེ་ནུས་པ་མཐུ་ཅན་དུ་གྱུར་པ་སྲིད་པ་ཞེས་བཤད་པ་ནི་གོང་མའི་ཤན་ཞུགས་པའི་གཏམ་མོ། །གནས་སྐབས་པ་ནི། ཡན་ལག་དེ་དང་དེའི་སྐབས་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོས་བསྡུས་པའི་གཟུགས་སོགས་ཕུང་པོ་ལྔ་ལ་འཇོག་སྟེ། འཁོར་ཡོད་ཀྱང་རྒྱལ་པོ་འབྱོན་ཞེས་གྲགས་པ་ལྟར་ཐོག་མའི་མ་རིག་པ་མངོན་དུ་གྱུར་དུས་ཀྱི་འཁོར་བས་བསྡུས་པའི་གཟུགས་སོགས་མ་རིག་པའི་རྟེན་འབྲེལ་དང་། གནས་སྐབས་ཀྱི་མ་རིག་པ་ལ་འཇོག་པའི་ཕྱིར། དེ་ཡང་དུས་གསུམ་ལ་རྨོངས་པ་བཟློག་པའི་ཕྱིར་དུ་ཚེ་གསུམ་ལ་སྦྱར་ཏེ། སྐྱེས་ནས་མྱོང་འགྱུར་གྱི་ལས་དབང་གིས་བླངས་པའི་མངལ་སྐྱེས་ཀྱི་ཚེ་ཡོངས་རྫོགས་གསུམ་ལ་འབྲས་བུ་གསུམ་རིམ་གྱིས་འཐོབ་པ་ལྟ་བུ་ལ་མཚོན་ན། རྒྱུན་ཞུགས་ཐོབ་པའི་རྟེན་ལ་རྒྱུན་ཞུགས་རང་ཉིད་སྐྱེ་བ་


GTD003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་བྱེད་དང་ཚར་གཅིག་པའི་སྲེད་ལེན་སྲིད་པའི་རྟེན་འབྲེལ་གསུམ་འགྲུབ་དགོས་ཤིང། དེའི་དང་པོ་གཉིས་ཕྱིར་འོང་སྐྱེ་བ་འཕེན་བྱེད་དང་ཚར་གཅིག་པའི་མ་རིག་པའི་རྟེན་འབྲེལ་ཡིན་པས་ལུགས་འདིར་དེ་ལ་འཛིན་ཚུལ་ཡོད་མི་དགོས་ཏེ། ས་དེའི་མ་རིག་པ་སྲེད་པ་དང་མཚུངས་ལྡན་ལྟ་བུས་ཀྱང་ཐོག་མའི་མ་རིག་པ་བྱེད་པའི་ཕྱིར་དང། འཛིན་ཚུལ་ཅན་གྱི་ཉོན་མོངས་ནི་མཐོང་སྤང་ཡིན་ཞིང། འཕགས་པ་ལ་ཡང་འཕེན་བྱེད་ལས་གསར་བསགས་ཡོད་པའི་ཕྱིར། གསེར་ཕྲེང་ལས། འདི་ལ་མཛོད་པ་རྣམས་དེའི་རྒྱུད་ལ་གོང་མའི་ཉོན་མོངས་ཡོད་པས། ས་གོང་མའི་ཉོན་མོངས་གང་ཡོད་དེས་ཀུན་ནས་བསླངས་པའི་ལས་གསོག་པར་འདོད་ཀྱང། ཞེས་དང་། མཛོད་པ་ལྟར་ན། ས་དེ་དང་དེར་སྐྱེ་བའི་ཉོན་མོངས་མ་སྤངས་ན་འཕགས་པས་ཀྱང་དེས་ཀུན་ནས་བསླངས་པའི་ལས་འཕེན་པར་འདོད་པ་འདྲའོ། །ཞེས་གསུངས་པའི་ཕྱིར། སྲེད་ལེན་འདི་གཉིས་ལས་གསར་གསོག་གི་ཀུན་སློང་ཡིན་པས། གྲུབ་མཐའ་གོང་མ་ལྟར་སྔར་བསགས་ལ་གསོས་འདེབས་བྱེད་མིན་ཏེ། རྒྱུན་ཞུགས་ཀྱི་སྐྱེ་བ་བྱུང་ཟིན་ཅིང། ཕྱི་མ་འཕེན་བྱེད་ཀྱི་ལས་དེ་དུས་མ་གྲུབ་པའི་ཕྱིར་ཏེ། ཕྱི་མའི་འདུ་བྱེད་དེ་སྔ་མའི་སྲིད་པ་ཡིན་པའི་ཕྱིར། མཛོད་ལས། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཚེ་དང་པོ་ལ་གཉིས་རྫོགས་ཤིང། བར་བ་ལ་བརྒྱད། ཕྱི་མ་ལ་གཉིས་འབྱུང་སྟེ། མཛོད་ལས།


GTD003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དང་ཕྱི་མཐར་གཉིས་གཉིས་དང། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལོ། །ཞེས་གསུངས་པས་སོ། །བར་བ་བརྒྱད་ཡོད་དེ། མཛོད་ལས། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱིས། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཞེས་པ་ལྟར་རོ། །ཚེ་གསུམ་པ་ཕྱིར་མི་འོང་གི་སྐྱེ་བ་དེར་ཉིང་མཚམས་སྦྱར་མ་ཐག་པའི་ཕུང་པོ་ལྔ་ཕྱིར་འོང་སྐྱེ་བ་འཕེན་བྱེད་དང་ཚར་གཅིག་ཀྱང་ཡིན། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ཡང་ཡིན་མོད་ཀྱི། དེ་དང་ཚར་གཅིག་པའི་གསུམ་པར་མི་རུང་སྟེ། བཅུ་གཅིག་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཕྱི་མའི་མིང་གཟུགས་ནས་ཚོར་བའི་བར་ཀྱང་ཚེ་བར་མའི་རྒ་ཤི་ཡིན་ཏེ། མཛོད་ལས། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་ལས་རང་རང་དང་ཚར་གཅིག་པའི་སྲེད་ལེན་སོགས་ལས་དེས་རྣམ་སྨིན་འབྱིན་པའི་གྲོགས་སུ་མི་འོང་ཞིང་། སྐྱེ་རྒ་གཉིས་ཀྱང་ལས་དེའི་རྣམ་སྨིན་མ་ཡིན་པས། ཚར་གཅིག་པའི་ཡན་ལག་བཅུ་གཉིས་ཀྱི་དང་པོ་གཉིས་རྒྱུ་དང་། དེ་ནས་ལྔ་འབྲས་བུ། སྲེད་སོགས་གསུམ་རྒྱུ་དང་། སྐྱེ་རྒ་གཉིས་འབྲས་བུར་


GTD003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་རྒྱུ་འབྲས་ཚར་རེ་རེས་ཀྱང་འཁོར་ཚུལ་ཆ་ཚང་རེ་རྫོགས་པར་འདོད་དོ། །རྒྱུན་ཆགས་པ་ནི། ཚེ་གསུམ་གྱི་ཕུང་པོའི་རྒྱུན་ལ་བཞག་པ་སྟེ་དོན་སྔ་མ་དང་འདྲའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད། དབྱེ་བསྡུ། རྐྱེན་དུ་འགྱུར་ཚུལ། བྱེད་ལས། ཚེ་དུ་ལ་རྫོགས། ས་མཚུངས། བསྒོམ་ཚུལ། སྒོམ་པའི་ཕན་ཡོན་དང་བརྒྱད། དང་པོ་ནི། རང་གི་རྒྱུ་རྐྱེན་ལ་ལྟོས་ནས་བྱུང་བ་དེ། སྐབས་འདིར་བསྟན་གྱི་རྟེན་འབྱུང་གི་མཚན་ཉིད། གཉིས་པ་ལ། ཡན་ལག་སོ་སོའི་དབྱེ་བ་དང། བསྡུ་བ་གཉིས། དང་པོ་ལ་འཕེན་བྱེད་ཀྱི་རྒྱུ། འཕངས་པའི་འབྲས་བུ། འགྲུབ་བྱེད་ཀྱི་རྒྱུ། གྲུབ་པའི་འབྲས་བུ་བཤད་པ་བཞི། དང་པོ་ལ་གསུམ་ལས། མ་རིག་པ་བཤད་པ་ལ་དགག་བཞག་སྤངས་གསུམ། དང་པོ་ནི། ཁ་ཅིག་མ་རིག་པ་ལ་ཉོན་མོངས་ཅན་གྱིས་ཁྱབ་པར་འདོད་པ་མི་འཐད་དེ། ལས་འབྲས་ཕྲ་མོ་མེད་པར་འཛིན་པ་ལྟ་བུ་མ་ཡིན་པར་དེ་ལ་རྨོངས་ཙམ་དང་། བདེན་འཛིན་གྱི་མ་རིག་པ་ལྟ་བུ་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་དུ་མ་དགྲ་བཅོམ་གཉིས་ལ་ཡང་ཡོད་པའི་ཕྱིར། མ་རིག་པ་ལ་དུག་གསུམ་ནང་ཚན་གྱི་གཏི་མུག་དགོས་པར་འདོད་པ་ཡང་འདིས་ཁེགས་ཏེ། དུག་གསུམ་རྩ་ཉོན་ཡིན་པའི་ཕྱིར། ཁ་ཅིག་གིས། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་པའི་ཕྱོགས་ལ་མ་རིག་པས་ཁྱབ་ཟེར་ན། འཇིག་ལྟ་དང་མཚུངས་ལྡན་གྱི་རྨུགས་རྒོད་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། བདག་འཛིན་ཡིན་པའི་ཕྱིར། འཇིག་ལྟ་ཆོས་ཅན།


GTD003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དང་མཚུངས་ལྡན་ལྔས་མཚུངས་པའི་རྨུགས་རྒོད་སོགས་ལྔ་ཡོད་པར་ཐལ། ཁྱོད་རྩ་ཉོན་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། རྨུགས་པ་དང་རྒོད་པ་དང་མ་དད་པ་དང་ལེ་ལོ་དང་བག་མེད་པ་ནི་ཉོན་མོངས་ཐམས་ཅད་དང་མཚུངས་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར། རྣམ་གཡེང་དང་རྒོད་པའི་རྒྱུའི་ཁྱད་པར་གྱི་ཞིབ་ཆ་ཤེས་དགོས། ཡང་སྟག་ལོ་ན་རེ། འཇིག་ལྟ་མ་རིག་པ་མ་ཡིན་པར་ཐལ། མངོན་པ་གོང་འོག་གཉིས་ཀའི་ལྟ་བ་དང་ལྟ་མིན་སོ་སོར་བཤད་པ་དེ་དཀྲུགས་མི་རིགས་པའི་ཕྱིར་ཟེར། འོ་ན། ས་ལུ་ལྗང་པའི་མདོ་ལས། དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་གཅིག་པུར་འདུ་ཤེས་པ་དང། རིལ་པོར་འདུ་ཤེས་པ་དང། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང། ཐེར་ཟུག་ཏུ་འདུ་ཤེས་པ་དང། ཞེས་པ་ནས། ང་ཞེས་བྱ་བ་དང། བདག་ཅེས་བྱ་བར་འདུ་ཤེས་པ་དེ་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བྱའོ། །ཞེས་པའི་དོན་མ་གྲུབ་པར་ཐལ། ཚིག་ཐ་མ་གཉིས་ཀྱིས་འཇིག་ལྟ་ངོས་བཟུང་ཞིང། དེ་ཡང་བདག་འཛིན་ཕྲ་མོ་ཡིན་པས། གསུམ་ལྡན་གྱི་བདག་འཛིན་སྟངས་སུ་མི་བྱེད་ཀྱང་དེས་བཟུང་ཚུལ་ལ་ཆ་མེད་པའི་གཅིག་པུ། རྫས་ཡོད་ཀྱི་རིལ་པོ། མི་འཇིག་པའི་རྟག་པ་གསུམ་དང། ཚེ་སྔ་མ་ནས་ཡོད་ཅིང་སླར་ཡང་མི་འགག་པར་ཕྱི་མར་འགྲོ་བའི་ཐེར་ཟུག་གི་འཛིན་ཚུལ་སོགས་ཚང་བའི་འཇིག་ལྟ་ཞིག་ཐོག་མའི་མ་རིག་པར་གསུངས་པ་མ་ཡིན་པའི་ཕྱིར། དེ་བཞིན་


GTD003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མདོ་སྡེ་ས་བཅུ་པ་ལས་ཀྱང་། འཇིག་རྟེན་ན་ཉེས་པར་སྤྱད་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་སྟེ། ཞེས་སོགས་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་གསུངས་པ་འབྲེལ་མེད་པར་ཐལ་ལོ། །དེ་སྐད་དུ་ཡང་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། དེས་ན་མདོ་དེས་འཇིག་ལྟ་མ་རིག་པར་མི་འགྲུབ་བོ་ཞེས་ཟེར་བ་ནི་འཐད་པ་མ་ཡིན་ཏེ། འདི་ལྟར་ཡན་ལག་བཅུ་གཉིས་ཀྱི་དང་པོ་སྟོན་པ་སྐབས་སུ་བབ་པའི་ས་བཅུ་པའི་མདོ་དང་། མ་རིག་པ་རང་གི་ངོ་བོ་ཡན་ལག་ཏུ་སྟོན་པ་བོར་ནས་དེ་ལས་དོན་གཞན་པའི་འཇིག་ལྟ་ནི་ཡན་ལག་ཏུ་སྟོན་པར་རིགས་པ་མ་ཡིན་པར་ཐལ། དེ་ལྟར་ན་བཅོམ་ལྡན་འདས་སྨྲ་བ་པོ་མི་མཁས་པར་འགྱུར་བའི་ཕྱིར། ཞེས་གསུངས་པས་སོ། །བྱས་པ་ལ་ཁོ་ན་རེ། འཇིག་ལྟ་ཆོས་ཅན། མ་རིག་པ་མ་ཡིན་པར་ཐལ། རང་གྲོགས་མ་རིག་པ་དང་མཚུངས་ལྡན་ཡིན་པའི་ཕྱིར་ན་མ་ཁྱབ། དེ་ཆོས་ཅན། ཉོན་མོངས་མ་ཡིན་པར་ཐལ། རང་གྲོགས་ཉོན་མོངས་དང་མཚུངས་ལྡན་ཡིན་པའི་ཕྱིར། ཁྱབ་པ་འགྲིགས། གོང་གི་རྟགས་གྲུབ་སྟེ། མཛོད་ལས། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཞེས་གསུངས་པའི་ཕྱིར། འདིའི་རྩ་བའི་མདོ་ལས་ཀྱང་མཚུངས་ལྡན་དུ་བཤད་མོད་ཀྱིས། མ་རིག་པ་ལས་ལོགས་སུ་སྟོན་པ་མ་ཡིན་ཏེ། པ་ལ་ཤ་དང་ལྡན་པའི་ནགས་ཞེས་པ་ལྟར་འཇིག་ལྟ་མ་རིག་པའི་ཕྱོགས་གཅིག་ཏུ་བསྡུས་ནས་བསྟན་པ་ཡིན་པའི་ཕྱིར། ཡང་ཁོ་ན་


GTD003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རེ། ལྟ་མིན་གྱི་མ་རིག་པ་ལ་འཇིག་ལྟ་དང་མཚུངས་ལྡན་གྱིས་ཁྱབ་པར་ཐལ། དེ་རང་དང་མཚུངས་པར་ལྡན་པའི་གྲོགས་ལྟ་མིན་གྱི་མ་རིག་པ་དང་མཚུངས་ལྡན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དགྲ་བཅོམ་པའི་རྒྱུད་ལ་ཡང་བདེན་འཛིན་དུ་གྱུར་པའི་ཤེས་འཆལ་ཡོད་ལ། དེ་ཤེས་རབ་ཀྱི་རྫས་ཡིན་ཀྱང་འོ་མ་རུལ་བ་ལྟར་གང་དང་མཚུངས་ལྡན་དུ་སོང་བའི་སྟོབས་ཀྱིས་འཆལ་བར་འགྱུར་བའི་ལྟ་མིན་གྱི་མ་རིག་པ་ཡོད་པའི་ཕྱིར་དང། གཞན་ཡང་ཐེ་ཚོམ་ཁོང་ཁྲོ་གཉིས་དང་། སྒྲ་རྟག་འཛིན་རྟོག་པ་དང་མཚུངས་ལྡན་གྱི་མ་རིག་པས་ཀྱང་མ་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། ལྟ་བ་ནི་ཁོང་ཁྲོ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། བདག་འཛིན་ཕྲ་མོ་མ་ཡིན་པའི་ཕྱིར་ཏེ། རྟག་འཛིན་དེ་དང་མཚུངས་ལྡན་ལྔ་མཚུངས་ཡིན་པའི་ཕྱིར། འདི་ལ་མཁས་པའི་དབང་པོ་འགའ་ཞིག་སེམས་སེམས་བྱུང་ལ་མཚུངས་ལྡན་ལྔ་མཚུངས་མི་དགོས་ཏེ། བསྡུ་བ་ལས། ཅིའི་ཕྱིར་མཚུངས་པར་ལྡན་པ་དག་ཅེས་བྱ་ཞེ་ན། སྨྲས་པ། རྫས་མཚུངས་པ་དང། ཡུལ་མཚུངས་པ་དང་། དུས་མཚུངས་པ་དང། བྱ་བ་བྱེད་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པ་དང་བཅས་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པ་དུ་མ་འཇུག་པའི་ཕྱིར་རོ་ཞེས་དང་། སའི་སྟོད་འགྲེལ་ལས། རྣམ་པ་དུ་མ་སྟེ་ཞེས་བྱ་བ་ནི་ཡུལ་གྱི་མཚན་ཉིད་ཐ་དད་པས་འཛིན་པ་ཐ་དད་པའི་ཕྱིར་རྣམ་པ་ཐ་དད་པ་ལ་བྱ་སྟེ་ཞེས་དང། བློ་བརྟན་


GTD003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབུས་མཐའི་འགྲེལ་བཤད་ལས། དེ་དག་ཀྱང་གནས་དང། དམིགས་པ་དང་། རྫས་དང་། དུས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི། རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་འཆད་དོ། །ཁ་ཅིག །མཚུངས་ལྡན་ལྔ་མཚུངས་ཡིན་ཀྱང་ཞེན་སྟངས་མཚུངས་མི་དགོས་ཏེ། ལྟ་མིན་གྱི་མ་རིག་པ་ལ་འཛིན་ཚུལ་མི་ཡོང་བའི་ཕྱིར། ལམ་རིམ་ལས། སློབ་དཔོན་ཐོགས་མེད་སྐུ་མཆེད་ནི། ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང། རྨོངས་ཙམ་གཉིས་ལས་ཕྱི་མར་བཞེད་དེ། མདོར་ན་ལོག་པར་རྟོག་པ་དང་མ་རྟོགས་པའི་བློ་གཉིས་ལས་མ་རྟོགས་པའི་བློའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུགས་དེར་ལྟ་བ་མ་རིག་པར་མི་བཞེད་པས་མ་རིག་པ་ལ་རང་སྟོབས་ཀྱིས་རྨོངས་ཙམ་མ་གཏོགས་ལོག་པར་རྟོག་པ་མེད་པའི་དོན་ཡིན་པའི་ཕྱིར། ཡང་ན་དམིགས་རྣམ་ངེས་ཅན་གྱི་བློ་དང་མཚུངས་ལྡན་རྣམས་ལ་འཛིན་ཚུལ་ཡོད་ཅིང། སྤྱིར་ལྟ་མིན་གྱི་མ་རིག་པ་ལ་ཞེན་ཚུལ་མེད་པའི་དོན་དུ་རུང་ངོ་། །ཡང་ཁ་ཅིག །མཐར་ལྟ་སོགས་བཞི་ཡང་མ་རིག་པ་ཡིན་པར་ཐལ། འཇིག་ལྟ་ལ་དེའི་ཕྱིར་ཟེར་ན་ཚད་ལྡན་གྱི་གཞུང་གང་ནས་ཀྱང་དེ་དག་མ་རིག་པར་མ་བཤད་པས་རེ་ཞིག་མ་ཁྱབ། དེས་ན་འཛིན་ཚུལ་ཅན་གྱི་ཉོན་མོངས་ལ་མ་རིག་པ་དང་མཚུངས་ལྡན་མི་དགོས་པ་རྟོགས་སླ། ཁ་ཅིག་ན་རེ། མ་རིག་པ་ལ་ལོག་རྟོག་གིས་ཁྱབ་པར་ཐལ།


GTD003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལོག་ཤེས་ཀྱིས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དགྲ་བཅོམ་པས་ལོག་རྟོག་སྤངས་པའི་ཕྱིར་དང། ཐེ་ཚོམ་དང་མཚུངས་ལྡན་གྱི་མ་རིག་པའང་ཡོད་པའི་ཕྱིར། ཁྱབ་སྟེ། ཐེ་ཚོམ་གྱིས་ལོག་པར་བཟུང་བ་མ་ཡིན་པས་ལོག་རྟོག་ཏུ་མི་འགྲོ་བའི་ཕྱིར། གཞན་དུ་བདེན་པར་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་དེ་བདེན་འཛིན་དུ་འདོད་དགོས་པས། ཐེ་ཚོམ་མཐོང་སྤང་ཉོན་མོངས་མ་ཡིན་པར་འགྱུར་རོ། །གོང་གི་རྟགས་གྲུབ་སྟེ། སྔོན་གྱི་མཐའ་མི་ཤེས་པ་སོགས་མ་རིག་པ་སུམ་ཅུ་ལ་ཐེ་ཚོམ་དང་མཚུངས་ལྡན་ཤས་ཆེ་བའི་ཕྱིར། རྣམ་པར་འབྱེད་པའི་མདོའི་འགྲེལ་བཤད་ལས། དེ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པ་གཉིས་ཐེ་ཚོམ་དང་མཚུངས་པར་ལྡན་པ་ཡིན་པར་གསུངས་པ། ཞེས་གསུངས་པའི་ཕྱིར། ལུང་འདིས་ཀྱང་ཁྱབ་པ་བསྟན་པ་མ་ཡིན་ཏེ། དེ་དག་རེ་རེ་ལ་ཡང་དོན་ལ་དཔྱད་པ་གཏན་མ་ཞུགས་པ་དང། ཞུགས་ཀྱང་དཔྱད་པ་མ་རྫོགས་པའི་སྐབས་དང་། བསམ་ངོར་དཔྱད་པ་རྫོགས་ཀྱང་གནས་དོན་མ་རྙེད་པའི་མ་རྟོགས་པ་གསུམ་དང་མཚུངས་ལྡན་རེ་ཡོད་པ་གང་ཞིག །མེད་པར་ལྟ་བའི་ལོག་ལྟ་དང་མཚུངས་ལྡན་རེ་ཡོད་པའི་ཕྱིར། ཡང་ཁ་ཅིག །ཐོག་མའི་མ་རིག་པ་དང་འཁོར་རྩ་དོན་གཅིག་ཟེར་ན། འཇིག་ལྟ་ཕྲ་མོར་གྱུར་པའི་འཐད་འཛིན་གྱི་ཐོག་མའི་མ་རིག་པ་ཆོས་ཅན། འཁོར་བའི་རྩ་བ་ཡིན་པར་ཐལ། ཐོག་མའི་མ་རིག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་རིམ་ལས། ཀུན་བཏགས་ཀྱི་མ་


GTD003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ནི་གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་པས་འཁོར་བའི་རྩ་་བར་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྩ་རྟགས་མ་གྲུབ་སྟེ། མཐོང་སྤང་དུ་གྱུར་པའི་ཐོག་མའི་མ་རིག་པ་མེད་པའི་ཕྱིར། དེར་ཐལ། ཐོག་མའི་མ་རིག་པ་བྱས་པ་ལས་ལྷག་པའི་འཁོར་རྩ་བྱེད་ལུགས་མེད་པའི་ཕྱིར་ཟེར་བ་མི་འཐད་པར་ཐལ། མཐོང་སྤང་དུ་གྱུར་པའི་ཡན་ལག་བཅུ་གཉིས་ཡོད་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱིས་སྤངས་པའི་དེ་བཅུ་གཉིས་དང་། རྒྱུན་ཞུགས་ཀྱི་རྒྱུད་ལ་དེའི་ནང་ཚན་ཅི་རིགས་འབྱུང་ཡང། ཕྱིར་མི་འོང་ལ་མི་འབྱུང་བའི་དེ་བཅུ་གཉིས་དང་། དགྲ་བཅོམ་ཁོ་ནས་སྤངས་པའི་ཡན་ལག་བཅུ་གཉིས་ཡོད་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རུང་བ་དང་། རིལ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤོང་ཞེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། འདིས་མཐོང་སྤང་དུ་གྱུར་པའི་ཡན་ལག་དང་པོ་ཡོད་པར་གསུངས་ཀྱང་ཐོག་མའི་མ་རིག་པ་ཡོད་པར་མ་གསུངས་ཞེས་བཤད་པ་ཀུན་མཁྱེན་བླ་མའི་དགོངས་པར་མི་སྣང་ངོ་། །དོན་གསང་མཁན་པོས་ཐོག་མའི་མ་རིག་པ་མཐོང་སྤང་ཁོ་ནར་འདོད་པའང་མི་འཐད་པར་འདིས་ཤེས་སླ། གཞན་ཡང་། བདེན་


GTD003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་གྱུར་པའི་མ་རིག་པ་ལྷན་སྐྱེས་ཆོས་ཅན། ཐོག་མའི་མ་རིག་པ་ཡིན་པར་ཐལ། འཁོར་བའི་རྩ་བ་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་སོགས་དང། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང། །ཞེས་གསུངས་པའི་ཕྱིར། གཞན་ཡང་འཕགས་རྒྱུད་ཀྱི་འཇིག་ལྟ་ལྷན་སྐྱེས་ཆོས་ཅན། ཐོག་མའི་མ་རིག་པ་ཡིན་པར་ཐལ། འཁོར་བའི་རྩ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རང་གི་རིགས་འདྲ་བརྒྱུད་མར་བྱུང་བའི་དབང་གིས་སྔོན་གང་ཟག་དེ་ཉིད་རང་དབང་མེད་པར་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁོར་བའི་ཕྱིར། ཁྱབ་སྟེ། དེ་ལྟར་རྒྱུན་ལ་བསམས་ནས་མ་བཞག་ན། རང་རྒྱུད་ཀྱི་མ་རིག་པ་དེ་དེའི་གནས་སྐབས་ཀྱི་འཁོར་བའི་རྩ་བར་མི་རིགས་ཤིང་། དེའི་དབང་གིས་སླར་འཁོར་བ་ལ་ཡང་བྱེད་མི་རུང་སྟེ། འཁོར་རྩ་རྒྱུད་ལ་མེད་པའི་སོ་སྐྱེ་ཡང་འཇོག་དགོས་པ་ཧ་ཅང་ཐལ་བའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རང་རྒྱུད་ལྡན་དེས་ཁྱོད་ཀྱི་ཞེན་ཡུལ་མེད་པར་མངོན་སུམ་དུ་མ་རྟོགས་པར་ཐལ། ཁྱོད་ཐོག་མའི་མ་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ཞེན་ཡུལ་མངོན་སུམ་གྱིས་སུན་མ་ཕྱུང་བར་དུ་ལས་འདུ་བྱེད་ཀྱང་དེ་ཕྱིན་ཆད་མི་ནུས་པ་གང་ཞིག །འཕེན་བྱེད་ལས་དངོས་སུ་ཀུན་ནས་སློང་བྱེད་མ་ཡིན་པ་ལ་དེའི་དོན་མ་ཚང་བའི་ཕྱིར། དང་པོ་


GTD003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྟེ། རིགས་ངེས་བྱང་སེམས་སྦྱོར་ལམ་ཆོས་མཆོག་ཆེན་པོ་བ་དེས་འཕེན་བྱེད་ཀྱི་ལས་གསོག་པ་མི་སྲིད་ཀྱང། འཕེན་བྱེད་ལས་གསོག་པ་པོར་འདོད་དགོས་ཤིང། དེ་ཕན་ཆད་མི་སྟོབས་ཅན་གྱིས་སྟོབས་ཆུང་བརྡུང་བ་ལྟར་བདག་འཛིན་གྱི་དབང་དུ་མི་འགྲོ་བའི་ཕྱིར། ལམ་རིམ་ལས། དེས་ན་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་པ་པོ་ནི། ཐེག་ཆེན་སྦྱོར་ལམ་ཆེན་པོ་ལ་གནས་པ་མན་ཆད་ཀྱི་སོ་སོ་སྐྱེ་བོ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ཡང་མཐོང་ལམ་གྱིས་མ་བཤིག་པས་དུམ་བུར་མ་བྱས་པ། སྒོམ་ལམ་གྱིས་མ་བཅོམ་པས་གསོད་ལྡོང་དུ་མ་བྱས་པ། ས་བོན་ཡོད་པས་བག་ལ་ཉལ་གྱི་རྗེས་སུ་འབྲེལ་བ་སྟེ་ཁྱད་པར་གསུམ་གྱིས་སོ་སྐྱེ་དང་རྗེས་སུ་འབྲེལ་པར་མདོ་ལས་གསུངས་སོ། །ཟུར་ཕྱི་མ་གྲུབ་སྟེ། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་འབྱུང་བ་མེད། །ཅེས་གསུངས་པའི་ཕྱིར། འདི་ལ་སྤེལ་སྒོམ་གྱིས་མི་གནོད་དེ། འབྲས་བུ་ཆེ་བར་འཕེན་བྱེད་དེ་ཟག་མེད་ཀྱི་བར་དུ་བཅུག་ནས་ཁ་བསྒྱུར་བ་ཙམ་ཡིན་པར་དོན་གསང་ལས་གསུངས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། མདོ་འགྲེལ་ལས། འདུ་བྱེད་རྣམས་ཀྱི་རྐྱེན་ཉིད་དུ། །མ་རིག་བསྟན་པ་རྣམ་གཉིས་ཏེ། །ཉོན་མོངས་གཞན་ལྡན་སྤྱི་ཡི་རྐྱེན། །དེ་མེད་པ་ནི་གཙོ་བོའི་རྐྱེན། །ཞེས་མི་དགེ་བ་རྣམས་ལ་སྤྱིའི་རྐྱེན་དང་། འཕེན་བྱེད་དགེ་བའི་ལས་ཀྱི་གཙོ་བོའི་རྐྱེན་བྱེད་དགོས་པར་གསུངས་


GTD003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེས་ན་རྩ་བའི་ཁྱབ་པ་སོ་སྐྱེ་ལ་ཡང་སྦྱོར་མི་རུང་སྟེ། དེ་ལ་འཇིག་ལྟ་ལྷན་སྐྱེས་ཤིན་ཏུ་ལྐོག་གྱུར་པ་ཡོད་པའི་ཕྱིར་དང། མངོན་གྱུར་གཞིར་བཞག་ཀྱང་ལས་གསོག་པའི་སྦྱོར་བ་ལ་མི་གནས་པ་ཡོད་པའི་ཕྱིར་རོ། །འདི་དག་གིས་ཐོག་མའི་མ་རིག་པ་དང། འཁོར་རྩ་ལ་མུ་བཞི་བརྩི་ཚུལ་ཡང་ཤེས་སླ། མདོ་འགྲེལ་གྱི་དོན་ལ་ཁ་ཅིག །དགེ་བའི་དུས་ཀྱི་ཀུན་སློང་ལ་མ་རིག་པ་མེད་པས། ཐོག་མའི་མ་རིག་པས་དེའི་རྒྱུ་ཉོན་མོངས་ཀྱི་ནང་ནས་གཙོ་བོའི་རྐྱེན་བྱེད། མི་དགེ་བ་ལ་སྤྱིའི་རྐྱེན་ཙམ་བྱེད་ཟེར་བ་མི་འཐད་དེ། དགེ་བའི་དུས་ཀྱི་ཀུན་སློང་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་མེད་ཀྱང་། སྲིད་འབྱོར་བདེ་བའི་རང་བཞིན་དུ་འཛིན་པ་དང་། དངོས་གཞི་ཐར་པར་འཛིན་པ་ལྟ་བུ་དེ་ཁོ་ན་ཉིད་བདེན་བཞི་ལ་རྨོངས་པའི་མ་རིག་པ་ཡོད་པའི་ཕྱིར། ཀུན་བཏུས་ལས། རྨོངས་པ་ནི་རྣམ་པ་གཉིས་ཏེ། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང་། དེ་ཁོ་ནའི་དོན་ལ་རྨོངས་པའོ། །ཞེས་པ་ནས་དེ་ཁོ་ནའི་དོན་ལ་རྨོངས་པས་ནི་བསོད་ནམས་དང་མི་གཡོ་བ་རྣམས་སོ། །ཞེས་དང་། རྒྱལ་སྲས་མ་ལས། དེ་ཁོ་ནའི་དོན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་པོ་དག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། དེ་ལྟར་གསུངས་པ་ཡང་དུས་ཀྱི་ཀུན་སློང་ལ་དགོངས་ཀྱི། རྒྱུའི་ཀུན་སློང་ནི་དེ་ཁོ་ན་ཉིད་ལ་རྨོངས་པ་གཅིག་པུ་སྟེ། ཞེས་གསུངས་པའི་ཕྱིར། དུས་ཀྱི་ཀུན་སློང་ལ་མཚུངས་ལྡན་གྱིས་ཁྱབ་པར་འདོད་པའང་


GTD003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཁེགས་ཏེ། དགེ་བ་ཉོན་མོངས་ཅན་མེད་པའི་ཕྱིར་རོ། །བྱས་པ་ལ་ཁོ་ན་རེ། རྒྱུའི་ཀུན་སློང་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་མེད་པར་ཐལ། གསེར་ཕྲེང་གི་ལུང་དེའི་ཕྱིར་ན་མ་ཁྱབ་སྟེ། རྒྱུའི་ཀུན་སློང་གི་ཐོག་མའི་མ་རིག་པ་ལ་དགོངས་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུ་ཡང་ཡིན་ཀུན་སློང་ཡང་ཡིན་པའི་དེ་ཡོད་པའི་ཕྱིར། ཁྱབ་སྟེ། གང་སྤེལ་ལས། རྒྱུ་ཡང་དེ་ཡིན་ཀུན་སློང་ཡང་དེ་ཡིན་པས་རྒྱུའི་ཀུན་ནས་སློང་བའོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྒྱུའི་ཀུན་སློང་ཞེས་པ་རྒྱུ་ཡིན་ཙམ་ལ་མི་བྱེད་པར་ཐལ། དེ་ལ་ཐོག་མའི་མ་རིག་པ་ཞེས་པའི་ཐོག་མའི་དོན་ཚང་དགོས་པའི་ཕྱིར། དེར་ཐལ། འཕེན་བྱེད་མི་དགེ་བའི་རྒྱུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་ཡང་དེའི་དུས་ཀྱི་ཀུན་སློང་ཡིན་པའི་ཕྱིར། ས་ལུ་ལྗང་པའི་འགྲེལ་པར། རྒྱུ་དང་འབྲས་བུ་ལ་རྨོངས་པའི་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་ནི་བསོད་ནམས་མ་ཡིན་པ་ཉིད་དུ་འདོད་དེ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་ཟེར། མདོ་འགྲེལ་གྱི་ལུང་དོན་འཐད་ལྡན་ཡོད་དེ། འདུ་བྱེད་ཀྱི་རྐྱེན་ཆགས་སོགས་ཀྱང་ཡོད་ན། མ་རིག་པ་ཉིད་བསྟན་མི་རིགས་སོ་སྙམ་ན་མ་ཡིན་ཏེ། གཙོ་བོའི་རྐྱེན་གྱི་དབང་དུ་བྱས་པའི་ཕྱིར་ཏེ། ཆགས་སོགས་ཀུན་འབྱུང་བ་ཡང་འདིའི་རྐྱེན་གྱིས་ཡིན་པས། དེས་བསྐྱེད་པའི་ལས་གཉིས་ཀྱི་གཙོ་བོའི་རྐྱེན་ཡང་འདིས་བྱེད་པ་མི་འགལ་བའི་ཕྱིར་ཏེ། བློན་པོའི་བྲན་ཡང་རྒྱལ་པོའི་དབང་དུ་འགྲོ་དགོས་པ་བཞིན་འདི་ལས་ཉོན་དེ་


GTD003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་སྤྱིའི་རྐྱེན་ཡིན་པས་གཉིས་ཀར་དབང་བྱེད་པའི་ཕྱིར། དེ་དང་མི་ལྡན་པའི་ཟག་བཅས་དགེ་བ་ལ་སྤྱིའི་མིང་མི་ཐོབ་ཀྱང་གཙོ་བོ་ཡིན་ཏེ། དེ་གསོགས་མི་གསོགས་འདི་ལ་རག་ལས་པས་སོ། །ཞེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག །དུས་ཀྱི་ཀུན་སློང་ལ་མ་རིག་པ་དགོས་ཟེར་ན། དེ་མི་འཐད་པར་ཐལ། མཛོད་ལས། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་འདོད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་པ་ལྟར། རྫོགས་བྱེད་དུས་ཀྱི་ཀུན་སློང་ངེས་ཅན་ཡིན་ཀྱང་། སྦྱོར་བྱེད་ཀུན་བཏུས་ལྟར་སྲོག་གཅོད་ལ་ཡང་ཤ་ལ་ཆགས་པ་དང། དགྲ་ཤ་གློན་པ་དང་། ཕྱུགས་ཀྱི་མཆོད་སྦྱིན་ལྟ་བུ་ཆགས་སྡང་རྨོངས་པ་གསུམ་གས་བྱེད་པ་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ལ། མ་རིག་པའི་ངོ་བོ་དང་། གྲུབ་མཐའ་སོ་སོའི་འདོད་ཚུལ་གཉིས། དང་པོ་ནི། རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་མ་རིག་པའི་མཚན་ཉིད། ཟུར་སོ་སོའི་དོན་ཡོད་དེ། མ་རིག་པའི་སྐད་དོད་ཨ་བིདྱ་ཞེས་པའི་བིདྱ་རིག་པ་ལ་འཇུག་ཅིང་། དེ་ཨས་བཀག་པ་ལ་དགག་ཚུལ་མདོ་འགྲེལ་ལས། ཡོད་པ་དག་ནི་འགོག་པ་དང། །གཞན་པ་ཉིད་དང་འདྲ་བ་དང། །སྨད་དང་ཉུང་དང་བྲལ་དོན་དང། །གཉེན་པོ་དག་ལ་འདི་ཡོད་དོ། །ཞེས་པའི་དགག་སྒྲ་བདུན་གྱི་གང་ལ་བྱེད་ཅེ་


GTD003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཤེས་རབ་མེད་པ་དང། མ་ཡིན་པ་དང། འདྲ་བ་དང། སྨད་པ་ཙམ་དང་། ཆུང་བ་དང། མ་སྐྱེས་པ་སྟེ་དགག་སྒྲ་དང་པོ་དྲུག་ལ་མི་བྱེད་པར། ཆགས་པ་དང་ཆགས་མེད་ལྟ་བུ་འགལ་ཟླའི་གཉེན་པོ་ལ་བྱེད་པར་གོ་ཆེད་དུ་རིག་པའི་འགལ་ཟླ་ཞེས་སྨོས་ཤིང་། ལྷག་མས་སེམས་སེམས་བྱུང་གཞན་མ་རིག་པ་ཡིན་པ་འགོག་པའི་ཕྱིར། བཞི་པའི་ཙམ་སྒྲ་དབུ་མ་པ་ལ་སྦྱོར་དགོས་པ་ཀུན་མཁྱེན་བླ་མའི་དགོངས་པ་སྟེ། དབུ་མ་པ་ཐག་ཁྲ་སྦྲུལ་འཛིན་དང་དཔེ་སྦྱར་ཞིང་སེམས་ཙམ་པས་མུན་པ་ཙམ་དང་སྦྱར་བ་ཡང་དེས་ཤེས་སོ། །དེ་ལ་དབྱེ་ན། ཤེས་སྒྲིབ་དང་། ཉོན་སྒྲིབ་ཏུ་གྱུར་པའི་མ་རིག་པ་གཉིས་ཡོད་ཅིང། ཕྱི་མ་ལ་གང་ཟག་གི་བདག་འཛིན་དང། དེ་མ་ཡིན་པ་གཉིས། གང་ཟག་གི་བདག་མེད་རྟོགས་པའི་རིག་པའི་འགལ་ཟླ་མི་མཐུན་ཕྱོགས་ཀྱི་གཙོ་བོར་གྱུར་པའི་སེམས་བྱུང་རྨོངས་པ་དེ། གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པའི་མཚན་ཉིད། གཙོ་བོ་སྨོས་པས་རྨོངས་ཙམ་འགོག །བདག་འཛིན་དེ་ལ་ཡང་། ལྟ་མིན་དང་ལྟ་བ་གཉིས་ཡོད་དེ། དང་པོ་ནི། འཇིག་ལྟ་དང་མཚུངས་ལྡན་གྱི་མ་རིག་པ་ལྟ་བུའོ། །འདི་ལ་རྟེན་འབྲེལ་ཆེན་མོར་གཞན་རྒྱུད་ཀྱི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་མ་རིག་པ་བཞག་པ་ཁས་བླངས་མི་ནུས་སམ་སྙམ་སྟེ་རང་སྟོབས་ཀྱིས་ལོག་པར་འཛིན་པ་ཤེས་འཆལ་ཁོ་ན་ལ་སྦྱར་བའི་ཕྱིར། ལྟ་བ་ལྔ་གང་རུང་མ་ཡིན་པའི་


GTD003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ངན་དུ་མ་ཞིག་འོང་བར་སྣང་ངོ་། །འཇིག་ལྟ་ལ་ཡང་གཟུགས་རང་རྐྱ་ཐུབ་པའི་བདག་ཏུ་ལྟ་བ་ནས་རྣམ་ཤེས་དེ་ལྟར་ལྟ་བའི་བར་བདག་ཏུ་ལྟ་བ་ལྔ་དང་། རང་རྐྱ་བའི་བདག་ལ་གཟུགས་ལྡན་པར་ལྟ་བ། གཟུགས་རང་རྐྱ་བའི་བདག་གིར་ལྟ་བ། གཟུགས་ལ་རང་རྐྱ་བའི་བདག་གནས་པར་ལྟ་བ་སོགས་བདག་གིར་ལྟ་བ་བཅོ་ལྔ་ཀུན་བཏུས་ལས་གསུངས་སོ། །ཞེ་སྡང་དང་མཚུངས་ལྡན་གྱི་མ་རིག་པ་མཐའ་གཅིག་ཏུ་བདག་འཛིན་མ་ཡིན་པ་ལ་བཤད་ཀྱང་། དབུ་མ་པ་ལྟར་ན་ཞིབ་ཆ་དགོས། ཡན་ལག་དང་པོ་ལ་ཡང་རྒྱུ་དང་དུས་ཀྱི་ཀུན་སློང་གཉིས་ཡོད་ཅིང་། རང་གིས་ཀུན་ནས་བསླང་བྱར་གྱུར་པའི་ཡན་ལག་གཉིས་པའི་ཀུན་སློང་གི་ཐོག་མར་བྱུང་བའི་འཇིག་ལྟའི་རིགས་གནས་ཀྱི་སེམས་བྱུང་རྨོངས་པ་དེ། ཐོག་མའི་མ་རིག་པའི་མཚན་ཉིད། རིགས་གནས་སྨོས་པས་ལྟ་མིན་སྡུད་ཅིང་། ཀུན་སློང་ཙམ་ལ་དུ་མ་ཡོད་པས་དེར་མ་ངེས་ཏེ། བདག་སྔོན་བྱུང་ངམ་མ་བྱུང་། སླར་འབྱུང་ངམ་མི་འབྱུང་སྙམ་དུ་ཐེ་ཚོམ་པ་དང། དབྱེ་བ་མེད་པར་དེ་གཉིས་ལ་རྨོངས་ཙམ་སྟེ། སྔོན་དང་ཕྱི་མཐའ་དང་གཉིས་ཀ་ལ་རྨོངས་པ་གསུམ་དང་། རང་གཞན་གྱི་རྒྱུད་ཀྱི་ང་ལ་བདག་ཏུ་ཞེན་པ་དང། གཉིས་ཀ་ལ་རྨོངས་ཙམ་གཅིག་སྟེ། ནང་དང་ཕྱི་དང་གཉིས་ཀ་ལ་རྨོངས་པ་གསུམ་དང་། ལས་དང་རྣམ་སྨིན་མི་འཆོལ་བར་འགྲུབ་པ་ལ་རྨོངས་པ་དང་། དབང་ཕྱུག་བྱེད་པོར་འཛིན་པ་ལྟ་བུ་ལས་དང་རྣམ་སྨིན་དང་གཉིས་ཀ་


GTD003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྨོངས་པ་སྟེ་གསུམ་དང་། དཀོན་མཆོག་གསུམ་ལ་རྨོངས་པའི་གསུམ་དང་། བདེན་བཞི་ལ་སོ་སོར་ལོག་ཞུགས་བཞི་བཞིའི་སྒོས་རྨོངས་པ་བཞི་དང་། ཀུན་ཉོན་གྱི་རྒྱུ་ཡན་ལག་སྔ་མས་ཕྱི་མ་སྐྱེད་ཅིང་ཕྱི་མ་སྔ་མ་ལས་འབྱུང་ཚུལ་དང་། རྣམ་བྱང་གི་རྒྱུ་དམ་པ་བསྟེན་པ། ཆོས་མཉན་པ། ཚུལ་བཞིན་ཡིད་ལ་བྱེད་པ། སྔོན་གོམས་པ་དང་བཞི་ལས་འབྲས་བུ་བྱང་ཕྱོགས་སོ་བདུན་འབྱུང་བ་ལ་རྨོངས་པ་དང་། དྲན་ཉེ་ཡང་དག་སྤོང་བ་རྫུ་འཕྲུལ་གྱི་རྐང་པ་དབང་པོ་སྟོབས་བྱང་ལག་འཕགས་ལམ་ཡན་ལག་སྟེ། བྱང་ཕྱོགས་སྡེ་ཚན་བདུན་ནི་དགེ་སོགས་ཡིན་ཅིང། དེའི་མི་མཐུན་ཕྱོགས་མི་ཤེས་པ་དང་། ལེ་ལོ་དང། གཡེང་བ་དང་། མི་མོས་པ་དང་། དྲན་ཤེས་བཞིན་ཉམས་པས་སྟོབས་ཆུང་བ་དང་། མཐོང་སྤང་དང་སྒོམ་སྤང་རྣམས་མི་དགེ་བ་དང་ཁ་ན་མ་ཐོ་བ་དང་བཅས་པ་སོགས་ལ་རྨོངས་པ་ནས་བྱང་ཕྱོགས་རྣམས་མ་དག་ས་བདུན་དུ་མི་མཐུན་ཕྱོགས་དང་འདྲེས་པར་འབྱུང་ཡང་། དག་ས་ལ་དེ་ལྟར་མ་ཡིན་པའི་རྣམ་དབྱེ་ལ་རྨོངས་པའི་བར་རྒྱུ་དང་ཡང་དག་པར་འབྱུང་བ་དང་དགེ་མི་དགེ་ཁ་ན་མ་ཐོ་བ་དང་བཅས་མ་བཅས་བསྟེན་བྱ་ཡིན་མིན་ངན་པ་དང་གྱ་ནོམ་ནག་པོ་དང་དཀར་པོ་དང་རྣམ་པར་དབྱེ་བ་དང་བཅས་པ་ལ་རྨོངས་པ་སྟེ་བཅུ་གསུམ་དང་། སྐྱེ་མཆེད་དྲུག་ཇི་ལྟ་བ་བཞིན་ཤེས་པར་རློམ་པའི་མངོན་པའི་ང་རྒྱལ་དང་མཚུངས་ལྡན་གྱི་མ་རིག་པ་སྐྱེ་མཆེད་དྲུག་ལ་རྨོངས་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། འདི་དག་


GTD003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདུན་དུ་འདུ་སྟེ། དུས་ལ་རྨོངས་པ་གསུམ་དང་། དངོས་པོ་ལ་གསུམ། འཕོ་བ་ལ་གསུམ། མཆོག་ལ་གསུམ། དེ་ཁོ་ན་ཉིད་ལ་བཞི། ཀུན་བྱང་ལ་བཅུ་གསུམ། མངོན་པའི་ང་རྒྱལ་ཅན་གྱི་ཀུན་རྨོངས་གཅིག་ཡོད་པའི་ཕྱིར། སའི་དངོས་གཞིར་ཀུན་བྱང་གི་བཅུ་གསུམ་བསྡོམས་ནས་ལྷག་མ་བཅུ་དགུ་འཁོར་བར་འཇུག་ལྡོག་ལ་སྦྱར་ཏེ་ངོས་འཛིན་ཡང་སྔར་དང་མི་འདྲ་བ་ཅུང་ཟད་ཡོད་དོ། །སུམ་ཅུ་པོ་དེ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དང་མཚུངས་ལྡན་རེ་དང་། དེ་ལ་ཆུང་འབྲིང་ཆེ་གསུམ་རེ། དེ་རེ་རེ་ལ་ཐོས་བསམ་སྒོམ་པའི་གེགས་གསུམ་རེ་སྟེ་བརྒྱད་བརྒྱ་དང་བཅུ་འབྱེད་ཚུལ་དང་དབྱེ་བའི་རྣམ་གྲངས་སྟོན་པར། མདོ་ལས། མི་ཤེས་པ་དང་མི་མཐོང་བ་དང་མངོན་པར་མི་རྟོགས་པ་དང་རྨོངས་པ་དང་ཀུན་ཏུ་རྨོངས་པ་དང་མུན་པའི་རྣམ་པ་ཞེས་བྱ་བ་འདི་ནི་མ་རིག་པ་ཞེས་བྱའོ། །ཞེས་གསུངས་ཏེ། དེ་ལ་དགོངས་ནས་འགྲེལ་པས་ཀྱང་། མི་ཤེས་པ་ལ་སོགས་པ་ནི་རྣམ་གྲངས་སོ། །ཞེས་བཤད་དོ། །མདོའི་དོན་ནི། དང་པོ་གསུམ་གྱིས་ཐོས་བསམ་སྒོམ་པ་ལ་གེགས་བྱེད་པའི་མ་རིག་པ་གསུམ་བྱེད་ལས་དང་མཐུན་པའི་མིང་གིས་བསྟན་ཅིང། ཕྱི་མ་གསུམ་ནི་ཐེ་ཚོམ་ལོག་རྟོག་མ་རྟོགས་པ་དང་མཚུངས་ལྡན་གསུམ་དང་། ཆུང་འབྲིང་ཆེ་གསུམ་དང་། གཟུགས་མེད་གཟུགས་དང་འདོད་པའི་སས་བསྡུས་གསུམ་ལ་ཡང་སྦྱར་བའི་སྦྱོར་ཚུལ་སོ་སོའི་དབང་དུ་མ་བྱས་ན་མི་འགལ་ལོ། །གཉིས་པ་གྲུབ་མཐའ་སོ་སོའི་འདོད་ཚུལ་ལ། སྤྱི་དང་། མ་


GTD003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་མ་རིག་པ་འདོད་ཚུལ་གཉིས། དང་པོ་ནི། བྱེ་སྨྲ་དང་སེམས་ཙམ་པ་གཉིས་ན་རེ། དབུ་མ་པ་ཁྱོད་ཀྱིས་མ་རིག་པ་ཞེས་པའི་དགག་སྒྲ་སྨད་པ་ལ་བྱས་ནས་ཤེས་རབ་ངན་པ་ཞིག་མ་རིག་པར་འདོད་པ་མི་འཐད་པར་ཐལ། དེ་ལྟ་མ་ཡིན་པའི་ཕྱིར་ཞེས་སྟོན་པར། མཛོད་ལས། ཤེས་རབ་ངན་པའོ་མིན་ལྟའི་ཕྱིར། །ཞེས་བྱུང་། གལ་ཏེ་ལྟ་བའི་ཀུན་སྦྱོར་དང་མ་རིག་པའི་ཀུན་སྦྱོར་འགལ་ཡང་འདིར་མ་རིག་པར་འདོད་པའི་ཤེས་རབ་ངན་པ་དེ་ལྟ་བ་ལས་གཞན་ཞིག་གོ་ཞེས་ཀྱང་སྨྲ་མི་ནུས་ཏེ། ལྟ་བ་ནི་མ་རིག་དེ་དང་མཚུངས་ལྡན་དུ་ཡོད་ལ། ཡང་དེ་ལས་ལོགས་སུ་ཤེས་རབ་ཀྱི་རྫས་ཤིག་བཞག་ན་རྫས་མཚུངས་ཉམས་པའི་ཕྱིར། མཛོད་ལས། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཞེས་བྱུང། རྟོག་དཔྱོད་སོགས་ལ་ཞིབ་ཆ་དགོས། གཞན་ཡང་། འཇིག་ལྟ་ཆོས་ཅན། མ་རིག་པ་མ་ཡིན་པར་ཐལ། མདོ་ལས་མ་རིག་པས་ཉེ་བར་ཉོན་མོངས་ཅན་དུ་གྱུར་པའི་ཤེས་རབ་ཅེས་མ་རིག་པས་ཉོན་མོངས་ཅན་དུ་བྱ་རྒྱུ་ལ་གསུངས་པའི་ཕྱིར། མཛོད་ལས། ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་བྱུང་། བསྡུ་བ་ཡང་དེ་དང་མཐུན་ཞིང་། ལུང་དེ་དག་རྟེན་འབྲེལ་ཆེན་མོར་འབྲུ་སྣོན་ཚུལ་དེ་ཉིད་ལ་བལྟའོ། །དཔལ་ལྡན་ཆོས་གྲགས་དང་ཟླ་བ་སོགས་ཀྱིས་དེ་བཀག་ཚུལ་ནི། ཐོག་མའི་མ་རིག་པ་དེས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ལོག་ཕྱོགས་མ་བཟུང་ན་དེ་གཉིས་འཛིན་སྟངས་དངོས་འགལ་དུ་མི་འགྲོ་བས་དྲུངས་འབྱིན་


GTD003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ཤིང་། རང་ཉིད་འདོད་པའི་དཔེ་དང་ཡང་འགལ་ཏེ། མཛའ་བའི་འགལ་ཟླ་ལ་དགྲ་ལྟ་བུ་དགོས་ཀྱི་བར་མ་ཞིག་མི་ཡོང་ལ། རྫུན་ཚིག་གི་འགལ་ཟླ་ལ་ཡང་བདེན་ཚིག་དགོས་པའི་ཕྱིར། དེས་ན་འཇིག་ལྟ་མ་རིག་པ་ཡིན་ཏེ། རིག་པ་ཡེ་ཤེས་དང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་དེའི་མི་མཐུན་ཕྱོགས་སུ་སོང་བའི་ཕྱིར། རྣམ་འགྲེལ་ལས། རིག་པའི་མི་མཐུན་ཕྱོགས་ཕྱིར་དང། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །ཞེས་གསུངས་པའི་ཕྱིར། རྐང་པ་གཉིས་པས་དགག་སྒྲའི་དོན་བསྟན་ཅིང་ཕྱི་མ་གཉིས་སྔར་བཤད་ཟིན་ཏོ། །གཉིས་པ་མ་འདྲེས་པའི་མ་རིག་པ་འདོད་ཚུལ་ལ། བྱེ་སྨྲ་རྣམས་ལྟ་བ་ལྔ་དང་། ལྟ་མིན་གཞན་བཞི། ཁྲོ་སོགས་བཅུ་གང་དང་ཡང་མཚུངས་ལྡན་མ་ཡིན་པའི་མ་རིག་པ་ཞིག་ལ་འདོད་དོ། །དེ་སྐད་དུ་ཡང་། མཛོད་ལས། མི་དགེ་ལ་ནི་མ་འདྲེས་དང། །ལྟ་དང་ལྡན་ལ་ཉི་ཤུ་འབྱུང། །ཞེས་བྱུང་། འབྱུང་ཚུལ་ནི། དེ་དང་མཚུངས་ལྡན་གྱི་སེམས་དེ་ཆོས་ཅན། ཁྱོད་ཀྱི་འཁོར་དུ་སེམས་བྱུང་ཉི་ཤུ་འབྱུང་སྟེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་པའི་ས་མང་དྲུག །མི་དགེ་བའི་ས་མང་གཉིས། རྟོག་དཔྱོད་གཉིས་དང་བཅས་པ་འབྱུང་བའི་ཕྱིར། མཛོད་ལས། ཚོར་དང་སེམས་པ་འདུ་ཤེས་དང། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་དང་།


GTD003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་དང་བག་མེད་ལེ་ལོ་དང། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང། །ཞེས་གསུངས་པའི་ཕྱིར། ཟུར་ཕྱི་མ་གཉིས་གྲུབ་སྟེ། འཇིག་ལྟ་མཐར་ལྟ་གཉིས་དང་མཚུངས་ལྡན་ཅི་རིགས་ལས་གཞན་པའི་འདོད་ཉོན་ཡིན་པའི་ཕྱིར། ཁམས་གོང་ན་དེའི་འཁོར་དུ་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་ཡང་འབྱུར་ངོ་། །སེམས་ཙམ་པས་གཙོ་བོར་ཉོན་ཡིད་འཁོར་ལ་འདོད་ཀྱང་མ་ངེས་ཏེ། ཀུན་བཏུས་ལས། མ་རིག་པ་མ་འདྲེས་པ་གང་ཡིན་པ་དེ་ནི་འདོད་པའི་ཁམས་ན་ཡིད་མི་བདེ་བ་དང་། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ཞེས་གསུངས་ཤིང་། ཉོན་ཡིད་འཁོར་ལ་ཡིད་མི་བདེ་མེད་པས་མཛོད་ལྟར་འཇུག་ཤེས་གཅིག་ཀྱང་འདོད་པར་མངོན་ནོ། །མ་འདྲེས་པའི་དོན་ཡང་མཛོད་ལས་མཚུངས་ལྡན་མ་འདྲེས་པ་ལ་བཤད་ཅིང། བཙུན་པ་ངོ་བོ་ཉིད་མེད་པས་སངས་རྒྱས་ཁོ་ནར་ཡོད་པ་ལ་དེའི་ཆོས་མ་འདྲེས་པར་བཤད་པ་ལྟར་ཉོན་ཡིད་ཁོ་ན་ལ་ཡོད་པས་རྟེན་མ་འདྲེས་པར་བཤད། དོན་གསང་མཁན་པོས་འདིས་རང་སྟོབས་ཀྱིས་ཆགས་སོགས་འདྲེན་ཀྱང་གཞན་གྱིས་འདི་འདྲེན་མི་ནུས་པའི་ཕྱིར་མཐུ་མ་འདྲེས་པའམ་རྫས་མ་འདྲེས་པ་ལ་བཤད་དོ། །ཕྱི་མ་མི་འཐད་དེ། དེ་དག་ཕན་ཚུན་བརྟེན་ནས་འཇུག་པས་འདི་ཁོ་ནས་དྲངས་ཞེས་བཞག་ཏུ་མེད་པའི་ཕྱིར། དེས་ན་ཉོན་ཡིད་འཁོར་གཞིར་བཞག་ལ་སྔ་མ་ཉིད་རྗེ་བླ་མས་འཐད་ཕྱོགས་སུ་མཛད་དོ། །རྩོད་སྤོང་ལ་ཁོ་ན་རེ། འཇིག་ལྟ་ལ་མཐོང་སྤང་མེད་པར་


GTD003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། དེ་ལ་ཉོན་ཡིད་འཁོར་གྱིས་ཁྱབ་པའི་ཕྱིར་ན་མ་གྲུབ་སྟེ། མཐོང་སྤང་ཀུན་སྦྱོར་གསུམ་ཡོད་པའི་ཕྱིར་དང་། འཇིག་ལྟ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་མི་འབྱེད་པ་བྱེ་སྨྲའི་ལུགས་སུ་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཐོག་མའི་མ་རིག་པའི་མཚན་ཉིད་དེ་མི་འཐད་པར་ཐལ། དེ་ལ་གཉིས་པ་འདུ་བྱེད་ཀྱི་དངོས་རྒྱུས་མ་ཁྱབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་བར་དུ་སྦྱོར་མཐའི་ཡིད་བྱེད་ཀྱིས་ཆོད་པ་ཡོད་ལ། མི་དགེ་བའི་རྩ་བ་གསུམ་ཅི་རིགས་ཀྱིས་ཆོད་པའང་ཡོད་པའི་ཕྱིར། ཡང་ཁོ་ན་རེ། འཇིག་ལྟ་ཆོས་ཅན། རྩ་ཉོན་དྲུག་གི་གྲངས་འདྲེན་གྱི་མ་རིག་པ་ཡིན་པར་ཐལ། དེའི་ནང་ཚན་གང་ཞིག །མ་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། མ་འདྲེས་པའི་མ་རིག་པ་ལ་ཉོན་ཡིད་འཁོར་དགོས་པར་ཐལ། ཉོན་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་མེད་པར་ཐལ་བ་འཕངས་ཚུལ་ཡོད་པའི་ཕྱིར་ན་མ་ཁྱབ། རྟག་ཏུ་མངོན་གྱུར་དུ་འཇུག་པའི་དེ་མེད་པར་ཐལ་བ་འཕངས་པ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རང་རྒྱུད་ཀྱི་མ་རིག་པའི་དབང་གིས་འཁོར་བར་འཁོར་བའི་གང་ཟག་མེད་པར་ཐལ། དེ་དེའི་རྒྱུད་ཀྱི་འཁོར་བའི་རྒྱུ་མ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། མ་རིག་པའི་རྒྱུ་མེད་པར་ཐལ། འདིར་དངོས་སུ་མ་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། འདིར་མ་རིག་པ་དང་པོར་བསྟན་པ་འཁོར་བའི་རྩ་བ་དེ་ལ་ཐུག་པར་ཤེས་ཆེད་ཡིན་པའི་ཕྱིར། དེ་བཞིན་དུ་སྨྲེ་སྔགས་སོགས་སློང་བའི་ཡིད་ཚོར་མྱ་ངན་དང། དེ་ལས་གཞན་པའི་ཡིད་


GTD003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མི་བདེ་སོགས་སྐྱོ་བ་སྐྱེད་པའི་ཆེད་ཙམ་དུ་གསུངས་ཀྱང་རྒ་ཤིའི་འོག་ཏུ་ཡན་ལག་གཞན་མ་གསུངས་པས་ཕྱི་མཐའ་བཟུང་བར་མི་འགྱུར་བ་ཤེས་སླ། དགྲ་བཅོམ་པའི་རྒྱུད་ལ་འཁོར་བ་ལྡན་མི་ལྡན་སོགས་ཀུན་མཁྱེན་བླ་མའི་གསུང་ལ་བལྟའོ། །གཉིས་པ་འདུ་བྱེད་བཤད་པ་ལ། དགག་བཞག་སྤངས་གསུམ། དང་པོ་ནི། མཛོད་ལྟར་ལུས་ངག་གི་ལས་གཟུགས་ཅན་ཁོ་ན་བསམ་པའི་ལས་དང། ཡིད་ལས་སེམས་པའི་ལུས་སུ་འདོད་ཟེར་ན། མི་འཐད་པར་ཐལ། ཡིད་ལས་ཀྱང་མཐར་ཐུག་གྲུབ་པའི་ཚེ་བསམ་པའི་ལས་སུ་འཇོག་པའི་ཕྱིར། ཀུན་བཏུས་ལས། བསམ་པའི་ལས་གང་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་ལས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། ལས་སྤྱི་ཙམ་གཟུགས་ཅན་དུ་སུས་ཀྱང་མི་འདོད་ལ། ལུས་ངག་གི་ལས་གཟུགས་ཅན་དུ་འདོད་པ་ཡང་བྱེ་སྨྲ་དང་ཐལ་འགྱུར་བ་གཉིས་ལས་མེད་པའི་ཕྱིར། རྩ་ཤེ་ཊཱིཀ་ཆེན་ལས། གཞུང་གཞན་ལས་བྱེ་བྲག་ཏུ་སྨྲ་བས་ལུས་ངག་གི་ལས་གཟུགས་ཅན་དུ་འདོད་པ་བཀག་ནས། ལུས་ངག་གི་བྱ་བ་ལ་འཇུག་པའི་དུས་ཀྱི་སེམས་པ་ལ་བཤད་མོད་ཀྱང་ཟླ་བས་གཟུགས་ཅན་དུ་བཞེད་དོ། །ཞེས་གསུངས་པའི་ཕྱིར། ལུང་འདིའི་དོན་དུ་བསམས་ནས་ལུས་ཀྱི་རྣམ་པར་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ཁོ་ན་ལུས་ལས་ཞེས་སོགས་སྨྲ་བའང་འཐད་དེ། རྣམ་འགྱུར་གྱིས་རྫུན་བྱས་པ་ངག་ལས་དང།


GTD003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྔགས་ཀྱིས་སྲོག་བཅད་པ་ལུས་ལས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱེ་སྨྲའི་ལུགས་ལ་ངག་ལས་སུ་གྱུར་པའི་བསྟན་བཅོས་ཡོད་པར་ཐལ། མཛོད་ལས། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་དེ་ལ་ངག་སྒྲ་ཞིག་བཞག་པའི་ཕྱིར་ན་དེའི་ལུགས་ལ་འགལ་ཁྱབ་བོ། །དཔེ་སྟོན་སྡེ་པ་ན་རེ། བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ལས་ཡིན་པར་ཐལ། མདོ་ལས། ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་ལ་ལ་བརྣབ་སེམས་དང་ལྡན་པ་ཡིན། ཞེས་སོགས་ཀྱིས་དེ་གསུམ་ལས་ལོགས་སུ་ཡིད་ལས་མ་བཤད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། ལས་ཉོན་གཉིས་འགལ་བའི་ཕྱིར་དང་། མཛོད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་མི་དགེ་བཅུ་སེམས་པ་འཇུག་པའི་གཞི་ཡིན་པས། ལས་ལམ་ཡིན་པར་མཚུངས་ཀྱང། ཕྱི་མ་གསུམ་ལས་མ་ཡིན་པར་གསུངས་པའི་ཕྱིར། ལས་གྲུབ་པ་ལས། ལས་ཀྱང་ཡིན་ལ་བདེ་འགྲོ་དང་ངན་འགྲོའི་ལམ་ཡང་ཡིན་པས་ལས་ལམ་དུ་འཇོག་ཚུལ་གཅིག་ཀྱང་གསུངས་སོ། །ཁོ་ན་རེ། སེམས་པ་ཡིན་ན་ལས་ལམ་མ་ཡིན་དགོས་པར་ཐལ། ལམ་རིམ་ལས། སེམས་པ་ནི་ལས་ཡིན་ལ་ལས་ཀྱི་ལམ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྲོག་གཅོད་པའི་ཀུན་སློང་གི་སེམས་པ་ལ་དགོངས་པའི་ཕྱིར། ཡང་གོ་ཤཱཀ་སོགས་ན་རེ། ལས་དཀར་དང་། དགེ་བའི་ལས་དོན་གཅིག །ལས་ནག་དང་།


GTD003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བའི་ལས་དོན་གཅིག་ཟེར་ན། ཞེ་སྡང་གིས་ཀུན་ནས་བསླངས་ཏེ་སྲོག་གཅོད་པའི་ཕྱིར་སྦྱིན་པ་བཏང་བའི་ལས་ཆོས་ཅན། དགེ་བ་ཡིན་པར་ཐལ། དཀར་པོའི་ལས་ཡིན་པའི་ཕྱིར་ཏེ། ངོ་བོ་སྦྱིན་པའི་ལས་ཡིན་པ་གང་ཞིག །སྦྱིན་པ་ངོ་བོ་ཉིད་ཀྱིས་དགེ་བར་བཤད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་སྨིན་ནག་པའི་ལས་ཡིན་པའི་ཕྱིར་ཏེ། རྣམ་སྨིན་དཀར་ནག་བསམ་པ་དཀར་ནག་ལ་རག་ལས་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པའི་ཕྱིར། འདིའི་དོན་འདོད་པའི་སས་བསྡུས་ཀྱི་དུག་གསུམ་བྱེ་བྲག་པ་གཅིག་ལ་དགོངས་པས་གཏི་མུག་ཐམས་ཅད་མ་ཡིན་ཏེ། བསོད་ནམས་དང་མི་གཡོ་བའི་ལས་ཀྱི་ཀུན་སློང་གི་འཇིག་ལྟ་ཡོད་ལ། དགྲ་བཅོམ་པའི་རྒྱུད་ཀྱི་བདག་འཛིན་ཡང་གཏི་མུག་ཏུ་བཤད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས་མ་ཡིན་པར་ཐལ། སྦྱོར་བ་ནག་པའི་ལས་ཡིན་པའི་ཕྱིར། དེར་ཐལ། སྦྱོར་བ་ནག་ལ་དངོས་གཞི་དཀར་བའི་ལས་ཡིན་པའི་ཕྱིར་ན་གྲགས་ཚོད་དང་མཐུན་ཆེད་མ་ཁྱབ་བོ། །འདོད་མི་ནུས་ཏེ། དཀར་ནག་འདྲེས་ཚུལ་དེ་ལྟར་ཡིན་པ་ཀུན་བཏུས་ལས། བསམ་པ་ནག་ལ་སྦྱོར་བ་དཀར་བའམ། སྦྱོར་བ་ནག་ལ་བསམ་པ་དཀར་བའོ། །ཞེས་གསུངས་པའི་ཕྱིར། ཕན་སེམས་ཀྱིས་བུ་


GTD003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ལ་མཐོ་འཚམས་པ་སོགས་ལས་ནག་ཡིན་ཀྱང་དགེ་བར་མི་འགལ་བ་འདིས་ཤེས་སོ། །དེ་ལ་ཁོ་ན་རེ། ཕན་སེམས་ཀྱིས་ཀུན་ནས་བསླངས་པའི་དེ་ཆོས་ཅན། དཀར་ཆོས་ཀྱང་མ་ཡིན་པར་ཐལ། དཀར་བའི་ལས་མ་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རིགས་རྒྱན་ལས། སྤྱད་པ་ལས་བདེ་བ་དཀར་ཆོས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདིར་ཁ་ཅིག །ལས་དཀར་དང་དཀར་བའི་ལས་ཀྱི་ཁྱད་འབྱེད་པ་ནི། སྔོན་གྱི་མཁས་པ་ཐམས་ཅད་ལས་མཛངས་པའི་གཏམ་མོ། །འདི་དང་མཛོད་ཀྱི་བཤད་པ་མི་མཐུན་ཏེ། མཛོད་ལས། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་རྣམས་ནི་རིམ་བཞིན་དུ། །ནག་དང་དཀར་དང་གཉིས་ཀའི་ལས། །ཞེས་ངོ་བོའི་སྒོས་མི་འཇོག་པར་རྒྱུད་ལ་སྦྱར་ཏེ་འདོད་པར་མི་དགེ་བ་ཤུགས་ཆེ་བས་མི་དགེ་བ་གང་ཡིན་གཅིག་ཏུ་ནག་པ་དང། འདོད་པའི་བདེ་འགྲོར་འཕེན་བྱེད་ཕལ་ཆེར་མི་དགེ་བ་དང་འདྲེས་པར་ལྡན་ཞིང། འབྲས་དུས་ཀྱང་བདེ་སྡུག་འདྲེས་མར་མྱོང་བས་དཀར་ནག་འདྲེས་མ་དང། གཟུགས་སུ་སྐྱེ་བ་འཕེན་བྱེད་རྣམས་གཅིག་ཏུ་དཀར་བར་འདོད་ཀྱང། གཟུགས་མེད་མ་བཤད་པ་ནི་འདིར་གང་ན་སྒོ་གསུམ་གྱི་ལས་དང། རྣམ་སྨིན་ཡང་བར་སྲིད་དང་སྐྱེ་སྲིད་གཉིས་ཀ་ཡོད་པའི་ལས་ཀྱི་དབྱེ་བ་འཆད་པའི་སྐབས་ཡིན་པའི་ཕྱིར། ལུང་དེའི་དཀར་ནག་འདྲེས་མ་ལ་དགེ་བས་ཁྱབ་ཀྱང། ཀུན་བཏུས་ཀྱི་དེ་ལ་མ་ཁྱབ་བོ། །ཁ་ཅིག་ན་རེ། ཀུན་སློང་ལ་ཕན་


GTD003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡོད་པའི་སྲོད་གཅོད་ཀྱི་ལས་ལ་བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས་ཀྱིས་ཁྱབ་པར་ཐལ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པའི་ལས་དེ་སྲོག་གཅོད་ཀྱི་ལས་ཡིན་ཀྱང་དགེ་བར་གསུངས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་རྟགས་མ་གྲུབ་སྟེ། དེ་སྲོག་གཅོད་ཀྱི་ལས་མ་ཡིན་པའི་ཕྱིར། གཞན་དུ་ན་སངས་རྒྱས་ལ་ཡང་ཡོད་པར་ཐལ་ལོ་ཞེས་ཟེར། འོ་ན། ས་མཐོན་པོ་ལ་ལུས་ངག་གི་བདུན་མ་གནང་བར་ཐལ། དེའི་ཚེ་དེ་དག་བྱེད་པ་མི་སྲིད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕན་སེམས་ཙམ་ཡོད་ཀྱང་དེ་བསད་པས་རང་གིས་བསོད་ནམས་འཐོབ་སྙམ་ན་ལས་འབྲས་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པས་མི་དགེ་བར་འགྲོ་བ་དཔེར་ན་དགེ་སློང་མ་སྐྱོང་མས་ཆོམ་རྐུན་དྲུག་ཅུ་བསད་པས་ཕམ་པ་བྱུང་བ་ལྟ་བུ་ཡིན་པའི་ཕྱིར། ཁ་ཅིག །མི་དགེ་བའི་ལས་གང་ཞིག །རྣམ་སྨིན་འབྱིན་ན་རྣམ་སྨིན་མྱོང་ངེས་ཀྱི་ལས་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། བྱས་ལ་མ་བསགས་པའི་མི་དགེ་བའི་ལས་ཀྱང་གཉེན་པོས་མ་བཅོམ་ན་རྣམ་སྨིན་ཆུད་མི་ཟ་བ་གང་ཞིག །དེ་མ་ངེས་པའི་ལས་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས་མ་ངེས་པའི་ལས་ནི་བསམས་བཞིན་དུ་བྱས་ལ། མ་བསགས་པ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ངེས་པའི་ལས་ཡིན་ན་རྣམ་སྨིན་མྱོང་ངེས་ཡིན་པས་ཁྱབ་ཟེར་ན། མ་སྐྱེས་དགྲས་ཕ་བསད་པའི་


GTD003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། མཚམས་མེད་ལས་ཡིན་པའི་ཕྱིར། ཁྱབ་སྟེ། མཚམས་མེད་དུ་འགྱུར་བ་ལ་ཕ་མ་གླིང་གསུམ་གྱི་སྐྱེས་པ་བུད་མེད་གང་རུང་ཡིན་ཞིང་། གསོད་མཁན་ཡང་ཟ་མ་སོགས་མ་ཡིན་པ་ཞིག་གིས་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་བསམས་བཞིན་དུ་བྱས་ཏེ་དངོས་གཞི་རྫོགས་དགོས་པའི་ཕྱིར་དང། ངེས་པའི་ལས་ཀྱི་དོན་དེ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས། ངེས་པའི་ལས་ནི་བསམས་བཞིན་དུ་བྱས་པ་དང་། བསགས་པ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟོག་གེ་འབར་བ་ལས། རྒྱུར་གྱུར་པའི་སེམས་པས་མངོན་པར་འདུ་བྱས་པ་ནི། སེམས་པའི་ཁྱད་པར་གཞན་ཐོབ་པ་ན་ཡོངས་སུ་ཟད་པར་འགྱུར་ཏེ། ཇི་ལྟར་སོར་མོའི་ཕྲེང་བ་དང་། མ་སྐྱེས་དགྲ། ཞེས་སོགས་དང། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་དག། །ཕྱིས་ནས་བག་དང་ལྡན་པ་ཉིད་གྱུར་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པའི་ཕྱིར། དེས་ན་དམྱལ་བར་དར་གྱི་ཕོ་ལོང་བརྡབ་པ་ཙམ་སྐྱེས་ཚུལ་བསྟན་པ་ནི་ལས་འབྲས་ལ་ཡིད་ཆེས་སྐྱེད་པའི་ཕྱིར་ཡིན་ལ། དེའི་རྣམ་སྨིན་གྱི་དམྱལ་བའི་སྡུག་བསྔལ་མ་མྱོང་ཡང་འབྲས་བུ་ཙམ་མ་ལུས་པར་དག་པ་མ་ཡིན་པའི་ཞིབ་ཆ་དགོས། འདི་ལ་ཁ་ཅིག །མ་སྐྱེས་དགྲ་ལ་མཚམས་མེད་མ་བྱུང་བར་ཐལ། ཡབ་མ་ཤི་


GTD003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གསོད་སེམས་ལོག་པའི་ཕྱིར། འོད་ལྡན་ལས། མ་སྐྱེས་དགྲས་གསོན་པའི་སྒྲ་ཞིག་ཡོད་ན་མགུ་བའི་རྫས་སྦྱིན་པར་དམ་བཅས་པ་དང་། གཟུགས་ཅན་སྙིང་པོ་ཤིན་ཏུ་མྱུར་བར་འོངས་པ་རྣམས་ཀྱི་སྒྲ་ཐོས་པས་ཤི་བར་གྱུར་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྙིང་རྗེ་སྐྱེས་ཀྱང་གསོད་སེམས་མ་ལོག་པའི་ཕྱིར། དེ་ཉིད་ལས། རབ་ཏུ་སྡང་བའི་གནས་སྐབས་ན་སྦྱོར་བ་བྱས་པ་ནི་སྙིང་བརྩེ་བའི་གནས་སྐབས་ན་ཡོངས་སུ་རྫོགས་ན་ཆུང་ངུ་ཉིད་ཡིན་པས་མ་སྐྱེས་དགྲ་ལ་མཚམས་མེད་པ་ཆུང་ངུ་ཉིད་བྱུང་བའི་འགལ་བ་མེད་དོ། །ཞེས་གསུས་པའི་ཕྱིར། ཡང་ཁ་ཅིག །གང་ཟག་གཅིག་བསད་པས་མཚམས་མེད་གཉིས་འབྱུང་བ་ཡོད་པར་ཐལ། གཙུག་ཕུད་ཅན་ལ་དགྲ་བཅོམ་བསད་པའི་དེ་བྱུང་བ་གང་ཞིག །ཕ་བསད་པའི་དེ་ཡང་བྱུང་བའི་ཕྱིར་ན་མ་ཁྱབ་སྟེ། མཛོད་འགྲེལ་ལས། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་བསད་ན་མཚམས་མེད་པར་འགྱུར་ཏེ། ཞེས་དང་། གང་གིས་ཕ་དགྲ་བཅོམ་པ་བསད་ན་ཡང་མཚམས་མེད་པ་ནི་གཅིག་ཁོ་ནར་འགྱུར་ཏེ། རྟེན་གཅིག་པའི་ཕྱིར། ཞེས་གསུངས་ཤིང། ལུང་ལས་གཉིས་སུ་གསུངས་པ་ཡང་སྒོ་གཉིས་ནས་སྤྱོས་པ་ཙམ་ཡིན་པར་བཤད་དོ། །འདུལ་བའི་རྗེས་འབྲང་གི་མངོན་པ་བ་རྣམས་གཙུག་ཕུད་ཅན་ལ་དགྲ་བཅོམ་བསད་པའི་མཚམས་མེད་མ་བྱུང་བར་འདོད་དེ། འོད་ལྡན་ལས། ལུས་གཅིག་ལ་


GTD003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པའི་ཆོས་མེད་པར་ནོར་བས་བསད་ན་མཚམས་མེད་པར་འགྱུར་ན་མི་རུང་གི །འོན་ཀྱང་ཕམ་པ་ནི་སུས་ཀྱང་བཟློག་པར་དཀའོ། །ཞེས་གསུངས་པའི་ཕྱིར། མཚམས་མེད་ལྷག་མ་རྣམས་འབྱུང་མི་འབྱུང་གི་ཁྱད་པར་ཡང། མཛོད་ལས། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །གང་གི་ཟླ་མཚན་ལས་བྱུང་མ། །སངས་རྒྱས་བརྡེག་པར་སེམས་ལ་མིན། །བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་གསུངས་ཏེ་གོ་སླའོ། །ཡང་ཁ་ཅིག །དགེ་འདུན་འཁོར་ལོའི་དབྱེན་ལ་མནར་མེད་དུ་སྐྱེ་བ་འཕེན་བྱེད་ཀྱིས་ཁྱབ་པར་ཐལ། དབྱེན་གྱི་མཚམས་མེད་ལ་དེས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར། དེ་ལ་ཁ་ཅིག །དབྱེན་གྱི་མཚམས་མེད་ལ་ཡང་འཕེན་བྱེད་ལས་ཀྱིས་མ་ཁྱབ་པར་ཐལ། ཚེ་གཅིག་ལ་མཚམས་མེད་དུ་མ་བསགས་ན་གཅིག་མ་གཏོགས་རྫོགས་བྱེད་ཡིན་པའི་ཕྱིར། མཛོད་ལས། ལྷག་པའི་གནོད་པ་ལྷག་པར་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་བྱེ་སྨྲའི་ལུགས་ཡིན་ཞིང་། དེའི་དབང་དུ་བྱས་ཀྱང་མི་གནོད་དེ། དབྱེན་གྱི་མཚམས་མེད་ལྕི་ཤོས་ཡིན་པའི་ཕྱིར། གོང་མ་ལྟར་ན་ཤིན་ཏུ་མི་འཐད་པར་ཐལ། མྱོང་འགྱུར་གསུམ་ཚེ་དེ་དང་དེ་ལ་འགོ་བརྩམས་པས་ཆོག་གི །རྣམ་སྨིན་རྫོགས་མི་དགོས་པས་མཚམས་མེད་གཞན་རྣམས་ཀྱང་འཕེན་བྱེད་དུ་བཞག་ཆོག་པའི་ཕྱིར། དེ་ལྟ་མ་ཡིན་ན། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་


GTD003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་སོགས་ཀྱིས་བཤད་པའི་ལས་སྟོབས་ཅན་དུ་མ་ལ་སྐུར་བ་བཏབ་པར་འགྱུར་ཏེ། མིའི་སྡུག་བསྔལ་ཐམས་ཅད་བསྡོམས་ཀྱང་དམྱལ་བའི་སྡུག་བསྔལ་གྱི་ཆར་མི་འགྲོ་བའི་ཕྱིར། མཛོད་འགྲེལ་ལས་སོ། །བྱེ་སྨྲ་ལྟར་ན་ཚེ་དེ་དང་དེར་རྫོགས་དགོས་པས་ལས་གཅིག་གིས་ལུས་དུ་མ་འཕེན་པ་མེད་དེ། སྐྱེས་ནས་མྱོང་འགྱུར་སོགས་འཆོལ་བར་འགྱུར་བའི་ཕྱིར། མཛོད་ལས། གཅིག་གིས་སྐྱེ་བ་གཅིག་འཕེན་བྱེད། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་གསུངས་པས་སོ། །དེས་ན་མཐོང་ཆོས་མྱོང་འགྱུར་ལ་འཕེན་བྱེད་ལས་མེད་དེ། མཛོད་ལས། གསུམ་གྱི་རིས་ནི་འཕེན་པར་བྱེད་ཅེས་མྱོང་འགྱུར་ཕྱི་མ་གཉིས། མ་ངེས་པའི་ལས་དང་གསུམ་དམིགས་ཀྱིས་བསལ་བའི་ཕྱིར། སྐྱེས་ནས་མྱོང་འགྱུར་འཇོག་ཚུལ་ཡང་བསགས་པའི་ཚེ་ལ་ལྟོས་ནས་འཇོག་པ་མི་འཐད་དེ། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་སྐྱེས་འདའ་བ་དེས་ཕྱིར་མི་འོང་མ་ཐོབ་གོང་དུ་དངོས་གཞི་མ་ཐོབ་པའི་ཕྱིར་གསུངས། དོན་གསང་ལས། བར་ཆད་མེད་ལམ་ཁོ་ནའི་གོང་དུ་ཡང་སྐྱེ་བ། ཞེས་གསུངས་པ་མཆིམས་ཊཱིཀ་ཏུ་རང་ལུགས་མཛད་ཅིང། ནོར་བཟང་བ་སོགས་ཀྱང་དེ་ལ་འཕེན་བྱེད་བཞག་ནས་རྫོགས་བྱེད་དངོས་གཞི་ལ་ལྟོས་པར་བཤད་པ་ལྟར་ན་མ་ངེས་ཀྱང་། ཀུན་མཁྱེན་བླ་མའི་གསུང་དང་བསྟུན་ན་དེ་ལ་འཕེན་


GTD003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མེད་དམ་སྙམ་སྟེ་དཔྱད། རང་ལུགས་ལ། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་པས་རབ་ཏུ་ཕྱེ་བ་དེ། ལས་ཀྱི་མཚན་ཉིད། ལས་ལ་བག་ཆགས་ཡོད་དེ། བཅུ་པ་སྲིད་པ་བག་ཆགས་ཡིན་པའི་ཕྱིར། རྟེན་འབྲེལ་མདོ་འགྲེལ་ལས། བག་ཆགས་ཀྱི་གནས་སྐབས་ལ་སྲིད་པའི་མིང་ཐོབ་པ་ཡིན་ནོ། །ཞེས་གསུངས་ཤིང། འདི་ཙམ་དབུ་སེམས་ཀུན་མཐུན་པར་དབུ་མའི་མཐའ་དཔྱོད་དུ་གསུངས་པའི་ཕྱིར་དང་། སོ་ཐར་གྱི་སྡོམ་པ་ལ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་བཞག་པའི་ཕྱིར་རོ། །རང་གི་རྒྱུའི་ཀུན་སློང་ཐོག་མའི་མ་རིག་པས་ཀུན་ནས་བསླངས་ཤིང་སྲིད་པར་འཕེན་བྱེད་ཀྱི་སེམས་པའི་རིགས་སུ་གནས་པ་དེ། གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། སྒོ་གསུམ་གྱི་གསུམ་དང། ངོ་བོའི་སྒོས་དཀར་བའི་ལས་སོགས་གསུམ་དང། རྣམ་སྨིན་གྱི་སྒོས་འདོད་པའི་བདེ་འགྲོ་དང་། ངན་འགྲོ་དང། ཁམས་གོང་མར་འཕེན་བྱེད་ཀྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང། མི་གཡོ་བའི་ལས་གསུམ་བཤད་ཀྱང་། བསོད་ནམས་མ་ཡིན་པ་ལ་འབྲས་གནས་དང་པོ་གཉིས་ཀྱིས་གསར་དུ་བསགས་པའི་མི་དགེ་བ་ལྟ་བུ་ཡོད་པས་འཕེན་བྱེད་ལས་སུ་མ་ངེས་ཤིང་། སྤྱིར་མི་གཡོ་བའི་ལས་ཀྱང་བསོད་ནམས་ཀྱི་ལས་ཡིན་པའི་ཞིབ་ཆ་དགོས། མི་གཡོ་བའི་དོན་ཡང། རྟེན་འབྲེལ་མདོ་འགྲེལ་ལས། བསམ་གཏན་དང་གཟུགས་མེད་དག་ལ་འདིས་གཡོ་བར་མི་


GTD003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པས་མི་གཡོ་བ་ཡིན་ཏེ། ས་འོག་མའི་ཉོན་མོངས་དེ་དག་གིས་མི་བསྒུལ་བའི་ཕྱིར་རོ། །ཞེས་པ་ལྟར་རམ། རྣམ་སྨིན་ཁམས་དང་འགྲོ་བ་གཞན་དུ་མི་གཡོ་བ་ལ་ཡང་བཤད་དོ། །སྐྱེ་བ་འགྲུབ་ཚུལ་གྱི་སྒོ་ནས་ལས་གཅིག་གིས་ལུས་དུ་མ་འཕེན་པ་མ་འགགས་པ་རྩྭ་ཐུན་དུ་གྱུར་པའི་ཚེ། རང་སངས་རྒྱས་སྟེང་གནས་བསམ་ཤེས་ལ་བསོད་སྙོམས་གཅིག་ཕུལ་བས་ལྷར་ལན་བདུན་དང་། འཁོར་བསྒྱུར་དུ་ལན་བདུན་སྐྱེས་ནས་མཐར་ཤཱཀྱའི་རིགས་སུ་སྐྱེས་པ་ལྟ་བུ་དང། ལས་དུ་མས་ལུས་གཅིག་འཕེན་པ། མི་ཕལ་བར་སྐྱེ་བ་འཕེན་བྱེད་དུ་མ་ལ་སྲིད་ལེན་ཚར་གཅིག་གིས་གསོས་བཏབ་ནས་འཁོར་བསྒྱུར་དུ་སྐྱེས་པ་ལྟ་བུ་ཡིན་ལ། གཅིག་གིས་གཅིག་འཕེན་པ་དང་། དུ་མས་དུ་མ་འཕེན་པ་གཉིས་ནི་གོ་བར་ཟད་དོ། །རྣམ་སྨིན་འགྲུབ་དུས་ཀྱི་སྒོ་ནས་མཐོང་ཆོས་མྱོང་འགྱུར་སོགས་གསུམ་ཡོད་ཅིང་། སྐྱེས་ནས་མྱོང་འགྱུར་ལ་ཡང་མཚམས་མེད་ལྔ་དང་། རིམ་བཞིན་དེའི་ཆར་གཏོགས་ཉེ་བའི་མཚམས་མེད་ལྔ་ཡོད། བསགས་ཚུལ་གྱི་སྒོ་ནས་བྱས་ལ་མ་བསགས་པ་སོགས་བཞི། དང་པོ་ལ་ཡང་། སའི་དངོས་གཞིར། རྨི་ལམ་དང་། མ་ཤེས་པ་དང། བསམས་བཞིན་མ་ཡིན་པ་དང། དྲག་པོ་མིན་ལ་རྒྱུན་ཆགས་མ་ཡིན་པ་དང། ནོར་བ་དང། བརྗེད་པ་དང་། མི་འདོད་བཞིན་དུ་བྱས་པ་དང། རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང། འགྱོད་པས་བསལ་བ་དང། གཉེན་པོས་


GTD003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་སྟེ་བཅུ་གསུངས་ལ། བསྡུ་བར། མི་མཁས་པས་བྱས་པ་དང། རྨི་ལམ་དུ་བྱས་པ་དང་། ཆེད་དུ་མ་བྱས་པ་དང་། མི་འདོད་བཞིན་དུ་བྱས་པ་དང་། ལན་གཅིག་ཁོ་ན་བྱས་ཤིང་སྟོབས་བཞིས་སྲབ་མོར་བྱས་པ་དང་། འཇིག་རྟེན་པའི་ཆགས་བྲལ་གྱིས་ས་བོན་ཉམས་སྨད་པ་དང་། འདས་ལམ་གྱིས་ཡང་དག་པར་བཅོམ་པ་སྟེ་བརྒྱད་གསུངས་སོ། །བསགས་ལ་མ་བྱས་པ་ནི། གསོད་སེམས་ཡུན་རིང་བརྩམས་ཀྱང་སྲོག་མ་བཅད་པ་དང། བྱས་བསགས་ཚང་བ་ནི། སྦྱོར་དངོས་མཇུག་གསུམ་ཚང་བའི་སྲོག་གཅོད་ཀྱི་ལས་ལྟ་བུ། མ་བྱས་མ་བསགས་པ་ནི། གསོད་སེམས་སྐད་ཅིག་བྱས་ཀྱང་འགྱོད་པས་བཅོམ་པ་ལྟ་བུའོ། །ཡིད་ལས་ལ་མུ་གཉིས་པ་མེད་ཅིང། དང་པོ་ལས་ཀྱང་ཆེད་དུ་མ་བྱས་པ་དང། མི་འདོད་བཞིན་དུ་བྱས་པ་གཉིས་མེད་པར་ལམ་རིམ་ལས་གསུངས་སོ། །ལས་སོ་སོའི་སྦྱོར་བས་རྣམ་སྨིན་དང་། དངོས་གཞིས་རྒྱུ་མཐུན། མཇུག་གིས་བདག་འབྲས་འབྱིན་པར་མཛོད་ལས་གསུངས་ཤིང་རྒྱུ་མཐུན་ལ་ཡང་བྱེད་པ་རྒྱུ་མཐུན་དང། མྱོང་བ་རྒྱུ་མཐུན་གཉིས་གསུངས་སོ། །རྩོད་སྤོང་ལ་ཁོ་ན་རེ། གསོད་སེམས་ཡུན་རིང་བརྩམས་ཀྱང་སྲོག་མ་བཅད་པའི་ལས་དེ་ཆོས་ཅན། བསགས་ལ་མ་བྱས་པའི་ལས་མ་ཡིན་པར་ཐལ། ཡིད་ལས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཡིད་ལས་བསགས་ལ་མ་བྱས་པ་མེད་པའི་དོན་ཡིན་པའི་ཕྱིར་དང་། འདི་གནོད་སེམས་བྱས་བསགས་ཚང་བའི་ལས་ཡིན་ཀྱང་སྲོག་གཅོད་བསགས་ལ་མ་བྱས་པའི་ལས་ཡིན་པའི་


GTD003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འདིས་མཚོན་ནས་རྨི་ལམ་ན་བྱས་པ་མངོན་ཞེན་གྱིས་གསོས་མ་བཏབ་པའི་བྱས་ལ་མ་བསགས་པ་དང་། གསོས་བཏབ་པའི་བྱས་བསགས་ཚང་བ་རྣམས་ཀྱང་ཡིད་ལས་སུ་འགྲོ་བ་ཤེས་པར་གྱིས། དེ་ལ་ཁོ་ན་རེ། རྨི་ལམ་གྱི་ལས་ལ་བྱས་བསགས་ཚང་བ་མེད་པར་ཐལ། བསྡུ་བས་དེ་བྱས་ལ་མ་བསགས་པར་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལས་མེད་ལ་སོགས་ཀླན་ཀ་ཡི། །ཞེས་སོགས་དབུ་སེམས་རྩོད་ཚུལ་ཡོད་པའི་ཕྱིར། ཡང་ཁ་ཅིག །མཚམས་མེད་སོགས་བཤགས་སྡོམ་གྱིས་དག་པ་མེད་པར་ཐལ། དེ་མེད་པར་བྱེ་སྨྲས་འདོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གྲུབ་མཐའ་གོང་མས་འདག་པར་བཤད་པ་ལས་འབྲས་ལ་སྐུར་འདེབས་སུ་འགྱུར་ཞེས་སྐྱོན་བརྗོད་པར་རྟོག་གེ་འབར་བ་ལས་གསུངས་པའི་ཕྱིར། ཡང་ཁ་ཅིག། །དགྲ་བཅོམ་པའི་རྒྱུད་ལ་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་གཉིས་ཡོད་པར་ཐལ། དེ་ལ་མི་དགེ་བའི་ལས་ཡོད་པ་གང་ཞིག །མཛོད་ལས། མི་དགེ་ལ་ནི་ཁྲེལ་མེད་དང། །ངོ་ཚ་མེད་པའོ། །ཞེས་དེ་གཉིས་མི་དགེ་བའི་ས་མང་དུ་བཤད་པ་ལྟར་ཀུན་བཏུས་ལས་ཀྱང་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། མི་དགེ་བ་ཡོད་ཀྱང་མི་དགེ་བའི་སེམས་ཡོད་མི་དགོས་པའི་ཕྱིར། གལ་ཏེ་ལས་སེམས་པ་ཡིན་བཞིན་པར་འགྲོ་ན་གྲུབ་མཐའ་སོ་སོས་ལས་འགགས་ཀྱང་འབྲས་བུ་འབྱིན་ནུས་པའི་སྐྱོན་སྤོང་སྣ་ཚོགས་མཛད་པ་འབྲེལ་མེད་པར་འགྱུར་རོ། །ཡང་ཁ་ཅིག །གོང་འཕོ་དང་རྒྱུད་གཅིག་པའི་


GTD003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཞུགས་ཆོས་ཅན། དངོས་གཞི་རྒྱུད་ལྡན་ཡིན་པར་ཐལ། གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་རྒྱུད་ལྡན་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྤེལ་སྒོམ་གྱི་ནང་ཚན་གནས་གཙང་གི་སྐྱེ་བ་འཕེན་བྱེད་ཀྱི་ལས་སུ་བསྒྱུར་རྒྱུའི་འབྲས་བུ་ཆེ་བར་འཕེན་བྱེད་ལས་རྒྱུད་ལྡན་ཡིན་པའི་ཕྱིར། དོན་གསང་ལས། མི་གཡོ་བའི་ལས་བསམ་གཏན་སྤེལ་མ་དང་མཚུངས་པར་ལྡན་པ། ཞེས་སོགས་གསུངས་པའི་ཕྱིར། འགའ་ཞིག་གནས་གཙང་དུ་སྐྱེ་བའི་རྒྱུ་ཙམ་དུ་བསྒྱུར་བ་ཡིན་གྱི་གནས་གཙང་སྐྱེ་བ་འཕེན་བྱེད་ཀྱི་ལས་མི་བཞག་གོ་གསུངས་པ་ནི། ཀུན་མཁྱེན་བླ་མའི་གསུང་དུ་མ་དང་འགལ་ཞིང། རིགས་པས་ཀྱང་མི་འགྲུབ་སྟེ། གཟུགས་ཀྱི་སྐྱེ་སྲིད་བཅུ་བདུན་ཡོད་པའི་ཕྱིར། ཡང་ཁ་ཅིག །ལས་གཅིག་གིས་འཁོར་བསྒྱུར་སྟོང་འཕངས་པའི་དང་པོ་དང། ཐ་མ་འཕེན་བྱེད་དོན་གཅིག་པར་ཐལ། དེའི་ཡིན་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། སྔ་མ་གང་དང་གང་འཕངས་པ་དེ་འཕེན་བྱེད་མ་ཡིན་པར་འགྱུར་བའི་ཕྱིར་ཏེ། འདུ་བྱེད་དང་བཅུ་པ་སྲིད་པ་ལ་མུ་བཞི་བརྩི་ཚུལ་ཡོད་པའི་ཕྱིར། ཡང་ཁ་ཅིག །ཚིག་རྩུབ་ཀྱི་རྣམ་སྨིན་ལ་བུད་མེད་ཀྱི་སྐྱེ་བ་ཡོད་པར་ཐལ། སྡེ་སྣོད་གསུམ་པ་ཞིག་ཚིག་རྩུབ་ཀྱི་དབང་གིས་སྐྱེ་བ་ལྔ་བརྒྱར་བུད་མེད་དུ་གྱུར་པར་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྐྱེས་པར་འཕེན་བྱེད་དེ་དེར་བསྒྱུར་བའི་དོན་ཡིན་པའི་ཕྱིར། འདིས་ཚེ་ཐུང་ངུར་གྱུར་པ་དང་ཚེ་ཐུང་ངུ་མི་གཅིག་པ་སོགས་འཕེན་རྫོགས་ཀྱི་ཞིབ་ཆ་ཤེས་སོ། །ཡང་ཁ་ཅིག། །


GTD003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་ལས་ཀྱི་སྦྱོར་དངོས་གཉིས་ཀའི་ཡིན་པ་ཡོད་པར་ཐལ། ཕ་བསད་པའི་མཚམས་མེད་ལས་ཀྱི་སྦྱོར་བ་ལ་དགྲ་བཅོམ་བསད་པའི་མཚམས་མེད་ཡོད་པའི་ཕྱིར་ན་མ་ཁྱབ། ཡང་ཁ་ཅིག །གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་མེད་པར་ཐལ། ལས་མ་བྱས་པ་དང་མི་འཕྲད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྣལ་འབྱོར་སྤྱོད་པའི་ས་དབུ་མའི་མཐའ་དཔྱོད་དུ་དྲངས་པ་ལས་དེ་འདྲ་ཡོད་པར་གསུངས་ཤིང། ལམ་རིམ་ལས་ཀྱང། སྟོན་པས་ཚོགས་གྲངས་མེད་པ་བསགས་པའི་འབྲས་བུ་ལ་ལོངས་སྤྱོད་པ་རྣམས་ཀྱིས་དེའི་རྒྱུ་ཐམས་ཅད་བསགས་མི་དགོས་ཀྱང་ཆ་གཅིག་བསགས་དགོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ལ་དགག་བཞག་སྤང་གསུམ། དང་པོ་ནི། ཁ་ཅིག་ན་རེ། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ལ་རྣམ་ཤེས་ཚོགས་དྲུག་ཡོད་པར་ཐལ། མདོ་སྡེ་འདི་ལས། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་ཙམ་པ་ལྟར་ན་ཀུན་གཞི་རྣམ་ཤེས་དྲུག་གི་གནས་ཡིན་པས་དེ་ལ་དགོངས་ཤིང། དབུ་མ་པ་ལྟར་ན་གསུམ་པ་རྣམ་ཤེས་སྨོས་པའི་ཟླ་ལ་རྣམ་ཤེས་སྤྱིའི་དབྱེ་བ་བཤད་པ་ཡིན་པའི་ཕྱིར། མཛོད་ཀྱི་རྗེས་འབྲང་ཁ་ཅིག། །འདི་སྒྲ་ཇི་བཞིན་དུ་འདོད་དེ། གང་སྤེལ་ལས། སྲིད་པ་བར་མ་ཡང་རྣམ་པར་ཤེས་པ་དྲུག་དང་ལྡན་པའི་ཕྱིར། དེ་ལྟར་བཤད་ན་རྣམ་པར་ཤེས་པ་


GTD003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ །ཞེས་བཤད་པ་དེ་འཐད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་བར་དོར་འབྲས་དུས་ཀྱི་རྣམ་ཤེས་བཞག་པ་མི་འཐད་པར་ཐལ། རྟེན་འབྲེལ་མདོ་འགྲེལ་ལས། ཅིའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་སྲིད་པ་བར་མའི་མིང་དང་གཟུགས་རྣམ་པར་མ་བཞག་ཅེ་ན། འདུ་བྱེད་ནི་སྐྱེས་པའི་དབང་དུ་བྱས་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །བྱེ་སྨྲས་རྒྱུ་དུས་ཀྱི་རྣམ་ཤེས་ཁས་མི་ལེན་ཀྱང་། ལས་ཀྱི་བག་ཆགས་བསྒོ་གཞིའི་རྣམ་ཤེས་ཁས་ལེན་ཟེར་ན། འོ་ན། མདོ་སྡེ་པས་ཆོས་ཉིད་ཀྱི་བསམ་གཏན་ཐོབ་ཅེས་པའི་དོན་ཐོས་བསམ་སོགས་ལ་མ་ལྟོས་པར་སྔོན་གོམས་པའི་བག་ཆགས་སྨིན་པར་བཤད་པའི་ཕྱོགས་སློབ་དཔོན་གྱིས་བཟུང་བ་ལ་བྱེ་སྨྲས་སྐྱོན་མ་བརྗོད་པར་ཐལ། དེས་བག་ཆགས་ཁས་ལེན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱལ་སྲས་མ་ལས། སློབ་དཔོན་གྱིས་ས་བོན་ནུས་པའི་ཁྱད་པར་གྱིས་མཚན་ཉིད་ཡིན་པར་བཤད་པ་དེས་སུན་འབྱིན་པར་བྱེད། ཅེས་གསུངས་པའི་ཕྱིར། ཁ་ཅིག་བག་ཆགས་མི་འདོད་ཀྱང་ས་བོན་འདོད་ཟེར་བ་ཡང་དཔྱད་དགོས་དེ། དགྲ་བཅོམ་པའི་རྒྱུད་ལ་ཉོན་མོངས་སྐྱེ་བ་ས་བོན་ལ་མི་ལྟོས་པར་འདོད་པའི་ཕྱིར་དང་། རྒྱལ་སྲས་མ་ལས། ནུས་པ་དང། ས་བོན་དང། བག་ཆགས་ཞེས་བྱ་བ་འདི་ནི་དོན་གཅིག་གོ །ཞེས་གསུངས་པའི་ཕྱིར། འདི་ཤེས་སྒྲིབ་ཁས་ལེན་པའི་ལུགས་ལ་མི་རུང་


GTD003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །གཞན་ཡང་། རྩ་ཤེ་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགག་ན་འགག་གྱུར་པས། །འབྲས་བུ་ཇི་ལྟར་སྐྱེད་པར་འགྱུར། །ཞེས་པ་ལྟར། གཞན་སྡེས་བརྩད་པའི་ལན་དུ་བྱེ་སྨྲ་ཁ་ཅིག་ཐོབ་པ་དང། ཁ་ཅིག་ཆུད་མི་ཟ་བ་ཁས་བླངས་ནས་སྐྱོན་སྤོང་བྱེད། ཁ་ཆེ་བ་དང་མདོ་སྡེ་པས་རྣམ་ཤེས་ཀྱི་རྒྱུན་དང་། སེམས་ཙམ་པས་ཀུན་གཞི། རང་རྒྱུད་པས་ཡིད་ཀྱི་རྣམ་ཤེས། ཐལ་འགྱུར་བས་ཞིག་པ་ཁས་བླངས་ནས་སྐྱོན་སྤོང་བྱས་པ་མ་ཡིན་པར་ཐལ། བྱེ་སྨྲས་དེ་ལྟར་འདོད་དགོས་པ་བག་ཆགས་ཁས་མ་བླངས་བའི་དབང་གིས་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །རྒྱུ་དུས་ཀྱི་རྣམ་ཤེས་བཅུ་པ་སྲིད་པའི་བར་དང། འབྲས་དུས་ཀྱི་རྣམ་ཤེས་ཉིང་མཚམས་སྦྱར་མ་ཐག་ཁོ་ནར་འཇོག་ཟེར་ན། རྒྱུ་དུས་ཀྱི་རྣམ་ཤེས་དེ་ཚར་གཅིག་པའི་མིང་གཟུགས་ཀྱི་བར་དུ་མི་འགྲོ་བར་ཐལ། གནས་སྐབས་པའི་བཤད་པ་གྲུབ་མཐའ་ཐམས་ཅད་ལ་སྦྱོར་རིགས་པ་དེའི་ཕྱིར། འདོད་ན། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་པའི་རྣམ་ཤེས་ལ་འབྲས་དུས་ཀྱི་རྣམ་ཤེས་གཅིག་ཀྱང་ཡོད་པར་ཐལ་ལོ། །འདོད་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས་པའི་རྣམ་ཤེས་ལ་ཡང་དེ་ཡོད་པར་ཐལ། དེ་དང་ཕྱི་མ་དོན་གཅིག་པའི་ཕྱིར། འདོད་མི་ནུས་ཏེ། རྟེན་འབྲེལ་མདོ་འགྲེལ་ལས། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་དེ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་


GTD003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། འབྲས་དུས་ཀྱི་རྣམ་ཤེས་དང། བཞི་པ་མིང་གཟུགས་དུས་མཉམ་དུ་གྲུབ་པ་གང་ཞིག །ཡ་མཐའ་ཡང་འཆི་སྲིད་བར་དུ་ཡོད་པའི་ཕྱིར། རྟེན་འབྲེལ་མདོ་འགྲེལ་ལས། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་བཞི་པ་མིང་གཟུགས་དུས་མཉམ་དུ་གྲུབ་ཅིང་། ཞེས་དང་། ཡང་དེ་ཉིད་ལས། རྣམ་པར་ཤེས་པ་གང་ཡིན་པ་དང། དེ་ལས་གཞན་པའི་མིང་གཟུགས་རྣམས་རྒྱུན་གྱིས་འཇུག་སྟེ། ནམ་མ་ཤིའི་བར་དུ་གཅིག་ལ་གཅིག་བརྟེན་པའི་རྒྱུན་རྗེས་སུ་འཇུག་པ་ཉིད་ཀྱི། ཞེས་གསུངས་པའི་ཕྱིར། འགའ་ཞིག་ལུང་སྔ་མ་ལ་བརྟེན་ནས་རྟེན་འབྲེལ་མདོ་འགྲེལ་ལྟར་ན། ཡན་ལག་གསུམ་པ་ལ་འབྲས་དུས་ཀྱི་རྣམ་ཤེས་མེད་གསུངས་པ་མི་འཐད་དེ། ཀླུ་སྒྲུབ་ཀྱི་ས་ལུ་ལྗང་པའི་འགྲེལ་པ་ལས། སྲིད་པ་བར་མའི་ཕུང་པོ་ལ་བརྟེན་ནས་དང་པོར་མིང་གཟུགས་མངོན་པར་འགྲུབ་པ་ཞེས་དང་། ཀ་ཤིའི་འགྲེལ་པར་ཡང་རྣམ་པར་ཤེས་པ་དང་དུས་མཉམ་དུ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། ཞེས་གསུངས་པའི་ཕྱིར། དེ་དག་ལྟར་ན་ཡང་མེད་ཅེས་བཤད་དགོས་པ་ལ། རང་ཉིད་ཀྱིས་ཁས་ལེན་བཞིན་དུ་ཚད་ལྡན་གྱི་གཞུང་ཐམས་ཅད་ལས་བཀག་པར་སྨྲ་བ་ནི་ལྷུན་གྱིས་གྲུབ་པའི་འགལ་འདུའོ། །ཡང་ཁ་ཅིག །རྒྱུ་དུས་དང་འབྲས་དུས་ཀྱི་རྣམ་ཤེས་གཉིས་རྫས་རྒྱུན་ཐ་དད་ཟེར་བ་མི་འཐད་པར་ཐལ། མདོ་འགྲེལ་


GTD003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ནི་སྲིད་པ་བར་མའི་རྒྱུན་གྱིས་མའི་མངལ་དུ་འཇུག་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་འབྲེལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདི་ལ་དཔགས་ན་སེམས་ཙམ་པས་འབྲས་དུས་ཀྱི་རྣམ་ཤེས་ལ་རྒྱུ་དུས་ཀྱི་དེས་ཁྱབ་པར་འདོད་དགོས་ལ། རང་རྒྱུད་པས་ཀྱང་མི་འགལ་བར་འདོད་དོ། །འོན་ཀྱང་རང་རྒྱུད་པ་ལྟར་ན་ལས་ཐམས་ཅད་ཀྱི་བག་ཆགས་བསྒོ་གཞི་གཅིག་ཁོ་ན་མ་ཡིན་ཏེ། ས་མཚུངས་ཀྱིས་གནོད་པའི་ཕྱིར། རང་ལུགས་ལ། རང་དང་ཚར་གཅིག་པའི་འཕེན་བྱེད་ལས་ཀྱི་བག་ཆགས་བསྒོ་གཞི་དང། འཕང་འབྲས་ཅི་རིགས་ཀྱིས་བསྡུས་པའི་རིགས་སུ་གནས་པའི་ཡིད་ཀྱི་རྣམ་ཤེས་དེ། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དེ་ཡང་ལམ་རིམ་ལས། འདིར་གཙོ་བོ་ནི་ཀུན་གཞི་ཁས་ལེན་པ་རྣམས་ལྟར་ན་ཀུན་གཞི་ཡིན་ལ། ཁས་མི་ལེན་པ་རྣམས་ལྟར་ན་ཡིད་ཀྱི་རྣམ་ཤེས་སོ། །ཞེས་གསུངས་པ་ལྟར་ངོས་འཛིན་མི་མཐུན་ཞིང་། དབྱེ་ན། རྒྱུ་དུས་དང་། འབྲས་དུས་ཀྱི་དེ་གཉིས། ས་མཚམས་གྲུབ་མཐའ་གོང་འོག་གི་ཁྱད་པར་སྔར་བཤད་ཟིན། རྩོད་སྤོང་ལ་ཁོ་ན་རེ། བྱེ་སྨྲས་བག་ཆགས་འདོད་པར་ཐལ། མཛོད་ལས། བསྒོམ་པའོ་སེམས་ལ་བསྒོ་ཕྱིར་རོ། །ཞེས་དང་། གནས་བརྒྱད་པར། དྲན་དང་ཤེས་བཞིན་བདག་ཉིད་གསུམ། །ཞེས་སོགས་ཀྱི་འགྲེལ་བར་བག་ཆགས་གསུངས་པའི་


GTD003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་མ་ཁྱབ་སྟེ། མདོ་སྡེ་པའི་ལུགས་ཡིན་པའི་ཕྱིར། ཡང་ཁ་ཅིག །འཕགས་སེང་སོགས་ཀྱང་ཡན་ལག་གསུམ་པ་ཀུན་གཞིར་བཞེད་པར་ཐལ། ཉི་སྣང་ལས། ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་ཞེས་སོགས་དང། སློབ་དཔོན་གྱི་སྡུད་འགྲེལ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ལ་ཆོས་ཐམས་ཅད་ཀྱི་བག་ཆགས་བརྟེན་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཡིད་ཤེས་ལ་དེའི་ཐ་སྙད་མཛད་ཙམ་ཡིན་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས་ཀྱང་དེའི་ཐ་སྙད་ཙམ་གསུངས་ཤིང། སྔགས་ལས་ཀྱང་དེ་འདྲ་གསུངས་པ་རྣམས་ཀུན་གཞི་དངོས་ལ་མི་བྱེད་པའི་ཕྱིར། མཁས་གྲུབ་ཀྱི་བརྟག་གཉིས་རྣམ་བཤད་ལས། ཀུན་གཞི་དང་ཉོན་ཡིད་ཀྱི་ཐ་སྙད་རྒྱུད་དང་གྲུབ་ཆེན་གྱི་གཞུང་དུ་མ་ལས་གསུངས་པ་ཡོད་ཅིང་། ཆོས་ཉིད་ལ་ཀུན་གཞི་དང། རླུང་ལ་ཉོན་ཡིད་ཀྱི་ཐ་སྙད་མཛད་པ་སོགས་དུ་མ་ཡོད་པས་ཚིག་ཙམ་གྱིས་འཁྲུལ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། །གཉིས་པ་འཕངས་པའི་འབྲས་བུ་བཤད་པ་ལ་སོ་སོའི་ངོ་བོ་ནི། རང་དང་ཚར་གཅིག་པའི་གསུམ་པ་རྣམ་ཤེས་ཀྱི་སྟེང་གི་ས་བོན་སྨིན་པའི་རྣམ་སྨིན་གྱི་གཙོ་བོ་གང་ཞིག །ལས་དེས་འཕངས་པའི་ཡན་ལག་བཞིའི་དང་པོའི་རིགས་གནས་ཀྱི་ཉེ་བར་ལེན་པའི་ཕུང་པོ་དེ། བཞི་པ་མིང་གཟུགས་ཅི་རིགས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན་ཁམས་གསུམ་གྱི་མིང་གི་རྟེན་འབྲེལ་གསུམ་ཡོད་ཅིང་། ཕྱི་


GTD003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདོད་གཟུགས་གཉིས་ན་ཡོད། དེ་ལ་ཡང་དབྱེ་བ་མངལ་གྱི་གནས་སྐབས་ལྔ་སོགས་དང། གཞན་ཡང་འབྱུང་བཞིའི་ཁམས་དང། སྒྲ་མ་གཏོགས་པའི་འབྱུང་འགྱུར་བཞི་སོགས་མདོ་ལས་གསུངས་སོ། །ས་མཚམས་ནི། སའི་དངོས་གཞིར། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་བྱ་ལ། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ད་ལྟར་གྱི་དུས་ན་ཚེ་ཇི་སྲིད་བར་མདུང་ཁྱིམ་གྱི་ཚུལ་དུ་འཇུག་གོ །ཞེས་པ་ལྟར་ཡིན་པས་མདོ་འགྲེལ་ལས། མིང་དང་གཟུགས་ནི་སྐྱེ་མཆེད་དྲུག་ལ་ཐུག་པའི་བར་དུ་ཡིན་གྱི། དེ་ཕན་ཆད་ནི་མ་ཡིན་ནོ། །ཞེས་གསུངས་པ་ཡང་སྐྱེ་མཆེད་ཀྱི་རྐྱེན་དུ་མདོ་ལས་དངོས་སུ་བསྟན་པའི་མིང་གཟུགས་ལ་དགོངས་སོ། །གལ་ཏེ་ལྔ་པའི་སྔོན་དུ་མ་གྲུབ་ན་བཞི་པར་མི་རུང་སྙམ་དུ་མི་སེམས་ཏེ། འདིའི་གྲངས་ནི་མདོ་ལས་བསྟན་རིམ་གྱི་དབང་དུ་བྱས་པའི་ཕྱིར། གཞན་དུ་ན་བཞི་པ་སྲེད་པ་ཞེས་བཤད་དགོས་པར་འགྱུར་རོ། །རང་དང་ཚར་གཅིག་པའི་གསུམ་པ་རྣམ་ཤེས་ཀྱི་སྟེང་གི་ས་བོན་སྨིན་པའི་སྐྱེ་སྲིད་ཀྱི་ཁྱད་པར་རྫོགས་པའི་ཕུང་པོ་གང་ཞིག །ལས་དེས་འཕངས་པའི་ཡན་ལག་བཞིའི་གཉིས་པའི་རིགས་གནས་ཀྱི་ཉེ་བར་ལེན་པའི་ཕུང་པོ་དེ། ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དེ་ལ་ལུས་དང་ཡིད་ནི་དང་པོ་ནས་ཡོད་པས་འདིའི་མཚམས་རྫུས་སྐྱེས་མ་གཏོགས་པ་གསུམ་ལ་སྐྱེ་མཆེད་དང་པོ་བཞི་ཅི་རིགས་གྲུབ་པའམ།


GTD003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚོད་དུ་སླེབ་པ་ནས་འཇོག་པར་སའི་དངོས་གཞིར་གསུངས་སོ། །འདི་ལ་བྱེ་སྨྲས་འདོད་ཚུལ་ནི། གང་སྤེལ་ལས། ཁ་ཅིག་དབང་པོ་ཚང་ལ་ཁ་ཅིག་དབང་པོ་མ་ཚང་སྟེ། ཡོངས་སུ་རྫོགས་པར་བྱེད་པའི་ལས་མང་བའི་ཕྱིར་དང་། འཕེན་པར་བྱེད་པའི་ལས་འདྲ་བའི་ཕྱིར། དེ་ལྟ་མ་ཡིན་ན་འགའ་ཡང་དབང་པོ་མ་ཚང་བར་མི་འགྱུར་རོ། །ཞེས་སྐྱེ་མཆེད་དང་པོ་བཞི་རྫོགས་འབྲས་ཁོ་ན་ཡིན་ལ་མི་དང་རིས་མཐུན་པའི་ལུས་དང་ཡིད་ཀྱི་སྐྱེ་མཆེད་སྤྱི་ཙམ་པ་འཕངས་འབྲས་སུ་འདོད་དོ། །ཡན་ལག་ལྔ་པའི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རྐྱེན་གྱིས་ཡུལ་ཡིད་འོང་སོགས་ཅི་རིགས་རང་སྟོབས་ཀྱིས་གཅོད་པའི་ཉེར་ལེན་གྱི་ཕུང་པོར་གྱུར་པའི་སེམས་བྱུང་དེ། དྲུག་པ་རེག་པའི་མཚན་ཉིད། འཕེན་བྱེད་བསོད་ནམས་ཀྱི་ལས་ཀྱི་འཕངས་འབྲས་རེག་པ་དྲུག་ཀ་ཡོད་ཀྱང་། ཁམས་གོང་ན་སས་བསྡུས་ཀྱི་དྲི་རོ་མེད་པའི་ཕྱིར། སྣ་དང་ལྕེའི་འདུས་ཏེ་རེག་པ་གཉིས་མེད་ལ། བསམ་གཏན་གཉིས་པ་ཡན་གྱི་མིག་རྣ་ལུས་ཀྱི་རེག་པ་གསུམ་ཡང་དང་པོའི་སས་བསྡུས་ཡིན་ཏེ། དེ་དག་རྟོག་དཔྱོད་དང་མཚུངས་ལྡན་དུ་འབྱུང་ཞིང། གཉིས་པ་ཡན་ལ་རྟོག་དཔྱོད་མེད་པའི་ཕྱིར། སྤྱིར་རེག་པ་ལ་སེམས་བྱུང་རེག་པ་དང་། རེག་བྱ་དང་། ཡུལ་དབང་རྣམ་ཤེས་གསུམ་རྒྱུ་དང་འབྲས་བུའི་ངོ་བོར་འདུས་པ་ལ་རེག་པར་བཤད་པ་གསུམ་ཡོད་པའི་རེག་པ་དངོས་ནི་དང་པོ་ཡིན་ཀྱང་། ས་ལུ་ལྗང་པས་གསུམ་པ་ལ་གསུངས་པ་ནི་རྒྱུ་མིང་འབྲས་ལ་བཏགས་པའོ། །རང་དང་ཚར་གཅིག་པའི་དྲུག་པ་རེག་


GTD003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་གྱིས་དེས་ཡོངས་སུ་བཅད་པའི་ཡུལ་གསུམ་ཅི་རིགས་རང་སྟོབས་ཀྱིས་མྱོང་བའི་མྱོང་བར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་དེ། བདུན་པ་ཚོར་བའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན་གསུམ་གང་སྐྱེས་ན་མི་འབྲལ་བར་འདོད་པ་སྐྱེ་བའི་རིགས་གནས་ཀྱི་སེམས་བྱུང་མྱོང་བ་དེ་ཚོར་བ་བདེ་བའི་མཚན་ཉིད། དེས་གཞན་གཉིས་ཀྱང་ཤེས་སླ། འདིར་སྡོམ་བརྩོན་ལ་ལ་འདོད་ཆགས་ཀྱིས་ཚོར་བདེ་མྱོང་ཚེ་འབྲལ་འདོད་སྐྱེ་བས་མ་ངེས་སོ་སྙམ་ན། འབྲལ་འདོད་དེ་ནི་དྲན་ཤེས་བཞིན་ལས་སྐྱེས་པ་ཡིན་གྱི་ཚོར་བ་དེ་ལས་མིན་པས་མི་གནོད་དོ། །ཚོར་བ་དེ་དག་ལས་བཏང་སྙོམས་ནི་དགེ་མི་དགེ་གཉིས་ཀའི་རྣམ་སྨིན་ལ་ཡོང་སྟེ། བསམ་གཏན་བཞི་པ་ཡན་གྱི་ཚོར་བ་ཐམས་ཅད་བཏང་སྙོམས་ཡིན་ཅིང་། མི་དགེ་བའི་དེ་ལ་ཡང་ཀུན་གཞི་འདོད་པ་རྣམས་དེའི་འཁོར་གྱི་ཚོར་བ་འཇོག་ཅིང་། འདིར་ཡང་དམྱལ་བར་སྐྱེས་ནས་དེའི་སྡུག་བསྔལ་མ་མྱོང་བ་གཅིག་བཤད་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ཡན་གྱི་རྣམ་སྨིན་གྱི་ཚོར་བ་ཡིད་ཚོར་ཁོ་ནར་འདོད་པ་སོགས་རེག་པ་དང་འདྲ་ལ། གོང་འོག་མི་མཐུན་པའི་ཆ་འདི་ཡོད་དེ། མཛོད་པས་ངན་འགྲོར་འཕེན་བྱེད་ཀྱི་འཕངས་འབྲས་ལ་རེག་ཚོར་དང་པོ་ལྔ་ལས་མ་བཤད་ཀྱང་འདིར་འབྲས་དུས་ཀྱི་རྣམ་ཤེས་ཡིད་ཤེས་ཁོ་ནར་འདོད་པས་འཕངས་འབྲས་ལ་ཚོགས་དྲུག་ཀ་ཡོད་དོ། །གསུམ་པ་འགྲུབ་བྱེད་ཀྱི་རྒྱུ་བཤད་པ་ལ། སོ་སོའི་ངོ་བོ་ནི། ཚོར་བ་གསུམ་


GTD003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་ལ་དམིགས་ནས་སྐྱེས་ཤིང། བདེ་བ་དང་མི་འབྲལ་བ་དང་སྡུག་བསྔལ་དང་འབྲལ་བ་དང་། བཏང་སྙོམས་ལས་མི་ཉམས་པ་ཅི་རིགས་སུ་སྲེད་པའི་རིགས་གནས་གང་ཞིག །ཚར་གཅིག་པའི་ལེན་པ་འདྲེན་བྱེད་ཀྱི་འདོད་ཆགས་དེ། བརྒྱད་པ་སྲེད་པའི་མཚན་ཉིད། འདིའི་ཚོར་བ་ལ་ཡན་ལག་འདུན་པ་ཞེས་སྦྱར་བ་མ་དག་པར་མངོན་ཏེ། དེ་ནི་ཚེ་སྔ་མའི་ལས་ཀྱི་འཕངས་འབྲས་ཡིན་པས་སྲེད་སོགས་ཉོན་མོངས་དང་མཚུངས་ལྡན་མི་རུང་ཞེས་འོག་ནས་ཀྱང་བཤད་ཅིང། སྲེད་པའི་རྐྱེན་གྱིས་ཚོར་བ་ནི་སྲེད་པ་ལྟར་སྐྱེ་བ་ཕྱི་མའི་སར་གཏོགས་དགོས་པ་ཁམས་སོ་སོའི་སྲེད་པའི་མཚན་ཉིད་ཀྱིས་ཀྱང་ཤེས་པའི་ཕྱིར་དང། རྟེན་འབྲེལ་མདོ་འགྲེལ་ལས། ས་གང་ཡིན་པའི་ཚོར་བ་གང་ཡིན་པ་དེ་ཡང་ས་དེ་ཉིད་ཀྱི་སྲེད་པའི་རྐྱེན་ཡིན་ནོ། །ཞེས་པ་ལྟར་འགྲེལ་བཤད་ལས་ཀྱང་གསུངས་པས་སོ། །དབྱེ་བ་དམིགས་ཡུལ་དང་། ཁམས་ཀྱིས་ཕྱེ་ན་གསུམ་གསུམ་དང། སྤྱིར་སྲེད་པ་ཙམ་ལ་འདོད་སྲེད་སོགས་གསུམ་ཀྱང་བཤད་དེ། དེ་ཡང་ཆོས་མངོན་པར། འདོད་པའི་སྲེད་པ་འདོད་སྲེད། གོང་མ་གཉིས་ཀྱི་སྲེད་པ་སྲིད་སྲེད། ཕུང་པོ་རྒྱུན་ཆད་པར་སྲེད་པ་འཇིག་སྲེད། ཅེས་འཆད་ཀྱང་ལུགས་འདིར་རྣམ་འགྲེལ་ལྟར་བདེ་བ་ཐོབ་འདོད་ཀྱི་འདོད་སྲེད། སྡུག་བསྔལ་དང་འབྲལ་འདོད་ཀྱི་འཇིག་སྲེད། སྐྱེ་གནས་ཀྱི་ལུས་སོགས་འདོད་པའི་སྲིད་སྲེད་ཅེས་འདོད་དོ། །དེ་ལས་དང་པོ་གཉིས་ལ་བརྒྱད་པ་སྲེད་པ་རེ་ཡོད་ཀྱང་ཕྱི་མ་ལ་མེད་དེ། བརྒྱད་པ་སྲེད་


GTD003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཚོར་བ་ཁོ་ན་ལ་དམིགས་ནས་འབྲལ་བའམ་མི་འབྲལ་བར་འདོད་ཙམ་ཡིན་ལ། དེའི་ཕྱིར་དུ་འདོད་ཡོན་དང། ལྟ་བ་སོགས་ལ་ཆགས་པ་དང་། མ་འོངས་པའི་སྲིད་པ་ལ་འདུན་པ་སོགས་ནི་སྲེད་པ་དེ་ཉིད་འཕེལ་ཏེ་ལེན་པར་འཕོས་པའི་སྐབས་ཡིན་པའི་ཕྱིར། ཀ་ཤིའི་མདོ་འགྲེལ་ལས། སྡུག་པའི་དངོས་པོ་ལ་སྨོན་པའི་རྣམ་པ་ནི་ལེན་པའོ། །ཞེས་དང་། རྣམ་འགྲེལ་ལས། སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །ཞེས་གསུངས་པའི་ཕྱིར། འདིས་དགུ་པ་ལེན་པ་སོགས་སྲེད་པ་གཞན་ལ་ཚོར་བར་དམིགས་པས་མ་ཁྱབ་པ་ཤེས་སོ། །འོན་ཀྱང་སྲེད་པ་ལ་ཚོར་བ་གསུམ་གང་རུང་གིས་དམིགས་རྐྱེན་བྱས་པ་དགོས་ལ། གདུང་བས་ཀྱང་དམིགས་རྐྱེན་བྱས་ནས་འབྲལ་འདོད་ཀྱི་སྲེད་པ་སྐྱེས་པ་ནི་དེ་ལ་སྲེད་པ་མིན་ནོ། །བཏང་སྙོམས་ཀྱིས་མི་འབྲལ་བར་སྲེད་པའི་རྐྱེན་བྱེད་པ་ཡང་བསམ་གཏན་བཞི་པ་ཡན་གྱི་དབང་དུ་བྱས་ཏེ། འདོད་པའི་བཏང་སྙོམས་ཀྱིས་ཀྱང་མངོན་པར་དགའ་བའི་སྲེད་པའི་རྐྱེན་ཁོ་ན་བྱེད་པར་མདོ་འགྲེལ་ལས་གསུངས་པའི་ཕྱིར། རང་དང་ཚར་གཅིག་པའི་བརྒྱད་པ་སྲེད་པའི་རྐྱེན་གྱིས་བྱུང་ཞིང་། ཚོར་བ་ཅི་རིགས་དང་ལྡན་པའམ་འབྲལ་བའམ་མི་འབྲལ་བའི་ཆེད་དུ་འདོད་ཡོན་སོགས་ཅི་རིགས་ལ་ལྷག་པར་ཆགས་པའི་སྒོ་ནས་རང་དང་ཚར་གཅིག་པའི་ལས་ལ་གསོས་འདེབས་བྱེད་ཀྱི་སྲེད་པ་དེ།


GTD003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ལེན་པའི་མཚན་ཉིད། དབྱེ་ན། ཚེ་འདི་ཙམ་གྱི་བདེ་བ་དོན་དུ་གཉེར་བའི་ཁྱིམ་པའི་དབང་དུ་བྱས་ཏེ་འདོད་པ་ཉེ་བར་ལེན་པ་དང། ཕྱི་རོལ་བའི་རབ་བྱུང་སོགས་ཕྱི་མའི་དོན་བསྒྲུབ་འདོད་ཀྱང་ལོག་པར་ཞུགས་པའི་དབང་དུ་བྱས་ཏེ་ལྟ་བ་དང་། ཚུལ་ཞུགས་དང་། བདག་སྨྲ་ཉེ་བར་ལེན་པ་གསུམ་གསུངས་སོ། །དེ་ལ་དམིགས་པའི་ཁྱད་པར་ནི། རྩ་ཤེ་ཊཱིཀ་ཆེན་ལས། འདོད་ཡོན་ལྔ་དང་། འཇིག་ལྟ་མ་གཏོགས་པའི་ལྟ་ངན་རྣམས་དང་། ལྟ་ངན་འབྲེལ་བའི་ཚུལ་ཁྲིམས་བརྟུལ་ཞུགས་ངན་པ་དང་། འཇིག་ཚོགས་ལྟ་བ་བཞི་ལ་དམིགས་ནས་འདུན་ཞིང་ཆགས་པ་ཞེས་ཚུལ་ཞུགས་ཀྱི་ལྟ་བ་གཉིས་པའི་དམིགས་པ་དང་། ཚུལ་ཞུགས་ངན་པ་གསུམ་པའི་དམིགས་པར་གསུངས་ལ། སའི་དངོས་གཞིར། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ལོག་པར་ཞུགས་པ་ལ་འདུན་པ་དང། འདོད་ཆགས་གང་ཡིན་པའོ། །ཞེས་གསུངས་པས་དེ་གཉིས་དམིགས་པ་མི་འགལ་ལམ་དཔྱད་པར་བྱའོ། །འཇིག་ལྟ་ལ་བདག་སྨྲ་ཞེས་བཏགས་པའི་དགོས་པ་ནི། མདོ་འགྲེལ་ལས། བདག་ཏུ་ལྟ་བ་ནི་གཞི་ཅན་མ་ཡིན་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གོ་ཞེས་སྨྲས་ཤིང་བཏགས་པ་ཡིན་ནོ། །ཞེས་ཞེན་པ་ཙམ་དུ་གོ་ཆེད་ཡིན་པར་གསུངས་སོ། །འདིས་འཁྲུལ་ནས་འཇིག་ལྟ་བདག་སྨྲ་ཉེ་བར་ལེན་པར་མི་བཟུང་སྟེ། བྱེ་སྨྲས་ཉོན་མོངས་ཐམས་ཅད་ལེན་


GTD003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་བཞིས་བསྡུས་པར་འདོད་ཀྱང་། ལུགས་འདིར་བདག་སྨྲ་ཉེ་བར་ལེན་པ་འདོད་པ་འདོད་ཆགས་ཡིན་པའི་ཕྱིར། དེས་ན་ཐུབ་བསྟན་བྱི་དོར་སོགས་ལས་འདུན་པ་ཉོན་མོངས་ཅན་དང། འདོད་ཆགས་གཉིས་སེམས་བྱུང་རིགས་ཐ་དད་པར་གསུངས་པ་ཡང་ཕྱི་མར་སྔ་མས་མ་ཁྱབ་པ་ལ་དགོངས་སོ། །རང་དང་ཚར་གཅིག་པའི་འཕེན་བྱེད་ལས་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ཡང་སྲིད་འགྲུབ་པའི་ནུས་པ་མཐུ་ཅན་དུ་སོང་བའི་རིགས་གནས་ཀྱི་ལས་དེ་བཅུ་པ་སྲིད་པའི་མཚན་ཉིད། རིགས་གནས་སྨོས་པས་མཚམས་མེད་སོགས་ལས་སྟོབས་ཅན་འགའ་ཞིག་གྲུབ་ཙམ་ནས་བཅུ་པ་སྲིད་པ་ཡིན་པ་སྡུད། དེས་ན་སྔར་བག་ཆགས་སུ་བཤད་པའང་སྲེད་ལེན་གྱིས་གསོས་པའི་སྲིད་པ་གཞིར་བཞག་པ་ཤེས་སླ། འདི་ལ་བར་སྲིད་དང་སྐྱེ་སྲིད་འགྲུབ་བྱེད་གཉིས་ཡོད་ཀྱང། བཅུ་པ་སྲིད་པ་ཐམས་ཅད་ལ་མ་ཡིན་ཏེ། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་སོགས་མངོན་པར་འགྲུབ་པའི་ཀུན་སྦྱོར་དང་། སྐྱེ་བའི་ཀུན་སྦྱོར་སྤངས་མ་སྤངས་ལ་མུ་བཞི་གསུངས་པའི་ཕྱིར། མཚམས་མེད་དེ་ཉིད་ཕྱིས་ཀྱི་སྲེད་ལེན་ལ་ལྟོས་ཀྱང་དང་པོ་ནས་འགྲུབ་བྱེད་ཀྱི་ངོ་བོར་སོང་ཟིན་ལ། དེ་དང་གྲུབ་འབྲས་ཀྱི་བར་དུ་སྐྱེ་སྲིད་གཞན་གྱིས་ཆོད་པར་འབྱུང་བ་འདིའི་དམིགས་བསལ་ཡིན་ཞིང། འགྲུབ་བྱེད་གསུམ་གྲུབ་ནས་གྲུབ་འབྲས་གཏན་མི་འབྱིན་པ་ནི་སྤྱིར་ཡང་སྲིད་དེ། བར་དོ་ནས་ལྡོག་པ་ཀུན་བཏུས་སུ་གསུངས་པ་ལྟར་གྲུབ་མཐའ་གོང་མ་རྣམས་འདོད་


GTD003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཁ་ཅིག །སྐྱེ་བ་འགྲུབ་པ་སྲེད་ལེན་ལ་ལྟོས་པར་མ་ངེས་ཏེ། དམྱལ་བའི་སྡུག་བསྔལ་ལ་སྨོན་པ་མེད་པའི་ཕྱིར་དང། སྡུག་བསྔལ་གྱིས་མནར་ཏེ་ལུས་འདོར་བར་འདོད་པ་དེ་དག་ཕུང་པོ་ལ་སྲེད་པ་མེད་ཀྱང་སྐྱེ་བ་འགྲུབ་པའི་ཕྱིར་དང་། ཁམས་གོང་མ་ནས་འདོད་པར་སྐྱེ་བའི་སྔ་རོལ་ཏུ་འདོད་ཉོན་མངོན་གྱུར་འབྱུང་ན། མཛོད་ལས། ས་འཕོས་ཉམས་པ་དག་གིས་གཏོང། །ཞེས་ས་འཕོས་པས་གཏོང་བར་བཤད་པ་དེ་བཞག་ཏུ་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། འཆི་ཚེ་གྲང་ཉམས་སྐྱེས་ནས་ཚ་བ་འདོད་པས་ཚ་དམྱལ་དུ་འཕེན་པའི་ལས་ལ་གསོས་འདེབས་པར་མཛངས་བླུན་ལས་གསུངས་ཤིང་། སྔར་བསགས་དུས་ཀྱི་སྲེད་པ་དང་ཆ་འདྲ་བའི་ཆགས་པས་གསོས་འདེབས་པ་འཇུག་ཊཱིཀ་ཆེན་མོར་གསུངས་པའི་ཕྱིར། གཉིས་པ་ཡང་མིན་ཏེ། དེ་ལ་འཇིགས་སྐྲག་སོགས་འབྱུང་བས་བདག་སྲེད་མ་ལོག་པར་ཤེས་ཤིང། དེའི་བར་དུ་ཕུང་པོ་ལ་སྲེད་པ་མི་ལྡོག་པའི་ཕྱིར། གསུམ་པ་ཡང་མིན་ཏེ། དེའི་ཚེ་སྲེད་ལེན་འབྱུང་བའི་ཕྱིར། མདོ་འགྲེལ་ལས། འཆི་བའི་གནས་སྐབས་ན་དེས་བག་ཆགས་དག་འཇུག་པ་རྙེད་པས། ཞེས་དང་། འགྲེལ་བཤད་ལས། ས་འོག་མའི་འདུན་པ་དང་འདོད་ཆགས་ཀྱིས་བག་ཆགས་ཀྱི་འཇུག་པ་རྙེད་པ་ནི་ལེན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འོན་ཀྱང་མཛོད་དང་མི་འགལ་ཏེ། སྐྱེས་ཐོབ་ཀྱི་བསམ་གཏན་དེ་ཤི་འཕོས་པ་ན་གཏོང་བའི་ཕྱིར་རོ། །བཞི་པ་གྲུབ་འབྲས་བཤད་པ་ལ། རང་དང་ཚར་གཅིག་པའི་སྲིད་པའི་རྟེན་


GTD003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱི་གྲུབ་འབྲས་གང་ཞིག །འགྲོ་བ་རིགས་དྲུག་ཅི་རིགས་ཀྱི་སྐྱེ་བའི་རིས་མཐུན་གྲུབ་ཟིན་མ་དོར་བའི་ཉེར་ལེན་གྱི་ཕུང་པོ་དེ་བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་གྱི་མཚན་ཉིད། ཟུར་ཕྱི་མས་བར་དོའི་ཕུང་པོ་གཅོད། དབྱེ་བ་མདོ་ལས། འདིར་གང་སྐྱེ་བ་དང་། ཤིན་ཏུ་སྐྱེ་བ་དང་། འཕོས་པ་དང་། མངོན་པར་འབྱུང་བ་དང། རབ་ཏུ་བྱུང་བ་ཞེས་ལྔ་གསུངས་ཤིང། དེར་མ་ཤི་ཚུན་གྱི་གནས་སྐབས་ཐམས་ཅད་འདུས་པའི་ཕྱིར་ས་མཚམས་མཛོད་དང་མི་མཐུན་ནོ། །མིར་ཆགས་པའི་རྒྱུད་ལ་ཡང་མིའི་སྐྱེ་བ་ཡོད་ཀྱང་མིའི་ལུས་རྟེན་མེད་དེ། དེ་མིའི་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར། སྐྱེ་སྲིད་འགྲུབ་པའི་ཕུང་པོའི་རིས་མཐུན་མ་དོར་བར་ན་ཚོད་གཞན་དུ་གྱུར་པའི་ཆ་ནས་བཞག་པའི་ཉེར་ལེན་གྱི་ཕུང་པོ་དེ་བཅུ་གཉིས་པ་རྒ་བའི་རྟེན་འབྲེལ་གྱི་མཚན་ཉིད། དེ་ལ་རྩ་བའི་དབྱེ་བ་བདུན་དང་། ཡན་ལག་གི་དབྱེ་བ་བཅོ་བརྒྱད་ཡོད། སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་ཕུང་པོའི་རིགས་མཐུན་འདོར་བཞིན་པའི་ཆ་དེ། ཡན་ལག་བཅུ་གཉིས་པ་ཤི་བའི་རྟེན་འབྲེལ་གྱི་མཚན་ཉིད། འདིར་རྒ་ཤི་གཉིས་གཅིག་ཏུ་བགྲང་བ་ནི་རིམ་གྱིས་འབྱུང་བར་མ་ངེས་པའི་རྒྱུ་མཚན་གྱིས་ཡིན་པར་གསེར་འཕྲེང་ལས་གསུངས་སོ། །གཉིས་པ་བསྡུ་ཚུལ་ལ་དུ་མ་ཡོད་དེ། འཕེན་བྱེད་ཀྱི་རྒྱུ་སོགས་བཞི་དང་། ཡང་རྟེན་འབྲེལ་མདོ་འགྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང། །དེ་སྒྲུབ་བྱེད་དང་དེ་ལ་ཡང། །ཉེས་དམིགས་གང་ཡིན་དེ་དག་རྣམས། །


GTD003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །ཞེས་བདུན་དུ་བསྡུ་ཚུལ་གསུངས་ཏེ། དང་པོ་གཉིས་ཀྱིས་རྣམ་ཤེས་ལ་བག་ཆགས་བསྒོས་པའི་ཚུལ་གྱིས་མིང་གཟུགས་སོགས་བཞི་འཕེན་ཞིང་། སྲེད་ལེན་གཉིས་ཀྱིས་ལས་ཀྱི་བག་ཆགས་སྲིད་པར་བྱས་ཏེ་གྲུབ་པའི་སྐྱེ་བ་ལ་ཉེས་དམིགས་ཀྱི་ཡན་ལག་རྒ་ཤི་འབྱུང་བའི་ཕྱིར། ཉོན་མོངས་གསུམ་མམ་ལམ་གསུམ་དུ་བསྡུ་ཚུལ་ཡང། དབུ་མ་རྟེན་འབྲེལ་སྙིང་པོ་ལས། བཅུ་གཉིས་ཆོས་ནི་གསུམ་དུ་འདུ། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཞིང། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་མཛོད་ལས་ཀྱང་བཤད་ལ། ཀུན་བཏུས་སུ། འདུ་བྱེད་གང་ཡིན་པ་དང། རྣམ་པར་ཤེས་པ་གང་ཡིན་པ་དང། སྲིད་པ་གང་ཡིན་པ་འདི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུའོ། །ཞེས་གསུངས་སོ། །གསུམ་པ་རྐྱེན་དུ་འགྱུར་ཚུལ་ནི། རིག་པས་རིག་པ་ལ་རྐྱེན་བཞི་བྱེད་ཅིང་། གཟུགས་ཅན་ལ་བདག་རྐྱེན་ཁོ་ན་དང། གཟུགས་ཅན་གྱིས་དེ་ལ་དམིགས་རྐྱེན་བདག་རྐྱེན་གཉིས་ཀ་དང་། གཟུགས་ཅན་ལ་རྒྱུ་བདག་གཉིས་བྱེད་དེ། གཟུགས་ཅན་ལ་དེ་མ་ཐག་རྐྱེན་ཐལ་འགྱུར་བ་མ་གཏོགས་པས་མི་འདོད་དོ། །སའི་དངོས་གཞིར། མ་རིག་པས་ཀྱང་འདུ་བྱེད་ཀྱི་རྒྱུ་རྐྱེན་མི་བྱེད་པར་གསུངས་


GTD003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོངས་པ་གསེར་འཕྲེང་ལས། དེ་ནི་དོན་དམ་པའི་རྒྱུ་རྐྱེན་ཀུན་གཞི་ཉིད་ཡིན་པ་ལ་དགོངས་ལ། ཀུན་བཏུས་སུ། ཐ་སྙད་པའི་རྒྱུ་རྐྱེན་གྱི་དབང་དུ་མཛད་པས་སོ། །ཞེས་རྐྱེན་བཞིར་ཕྱེ་བའི་རྒྱུ་རྐྱེན་ཉེར་ལེན་ལ་བྱེད་ཅིང་དེ་ནི་ཀུན་གཞིའི་སྟེང་གི་བག་ཆགས་སྨིན་པ་ལས་སྐྱེ་དགོས་པ་སའི་དངོས་གཞིའི་དགོངས་པ་དང། ཀུན་བཏུས་ལས་བཞི་ག་བྱེད་གསུངས་པ་སྤྱིའི་ཐ་སྙད་ཙམ་དུ་རྒྱུ་རྐྱེན་ཡིན་པ་ལ་དགོངས་པར་གསུངས་སོ། །བཞི་པ་བྱེད་ལས་ལ་འདྲ་བའི་བྱེད་ལས་ཡན་ལག་ཕྱི་མ་ཕྱི་མ་སྐྱེད་པ་དང་། མི་འདྲ་བའི་བྱེད་ལས་དབུས་མཐའ་ལས། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ནི་འགྲོ་ཉོན་མོངས། །ཞེས་ཡན་ལག་ཐ་མ་གཉིས་མ་གཏོགས་གྲངས་བཞིན་ནོ། །ལྔ་པ་ཚེ་དུ་ལ་རྫོགས་ཚུལ་ནི། འཕེན་བྱེད་གསུམ་དང་འགྲུབ་བྱེད་གསུམ་ཚེ་སོ་སོར་བྱུང་ན་ཚེ་གསུམ་འགྱངས་ཀྱང་དེ་ལས་བུལ་བ་མི་སྲིད་དེ། གསེར་ཕྲེང་ལས། འཕེན་འགྲུབ་ཀྱི་བར་དུ་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་ལ། འཕེན་བྱེད་དེའི་རྟེན་འབྲེལ་གྱི་ཚེ་མ་ཡིན་པས་ཉེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར།དྲུག་པ་ས་མཚུངས་ནི། ལུགས་འདིར་ཕལ་ཆེར་ས་མཚུངས་ཀྱང་ཀུན་གཞི་འདོད་པ་རྣམས་འདོད་པར་རྒྱུ་


GTD003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་བསྒྲུབ་པ་ན་ཉོན་ཡིད་འཁོར་གྱི་མ་རིག་པས་ཐོག་མའི་མ་རིག་པ་བྱས་ཚེ་ཡན་ལག་དང་པོ་འདོད་པའི་སས་བསྡུས་ཡིན་ལ། རྒྱུ་དུས་ཀྱི་རྣམ་ཤེས་ཀྱང་ཀུན་གཞི་ཡིན་པས་སྟོད་ཆ་འདོད་པའི་སས་བསྡུས་ཤིང། ལྷག་མ་ཐམས་ཅད་གོང་སས་བསྡུས་པར་འདོད་ལ། གོང་ས་ནས་འོག་སར་འཕེན་བྱེད་ལས་མི་གསོག་པ་གྲུབ་མཐའ་ཀུན་མཐུན་ནོ། །བདུན་པ་ལ་སྒོམ་ཚུལ་སྔར་ལྟར་ལ། བརྒྱད་པ་བསྒོམ་པའི་ཕན་ཡོན་ནི། སྤང་བླང་གི་འཇུག་ལྡོག་ཚུལ་བཞིན་དུ་བྱས་ཏེ་ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ་ཞུགས་ནས་ལུས་ཅན་ཡོངས་ལ་ཕན་བདེའི་སྒོ་བརྒྱ་འབྱེད་པ་ཡིན་ནོ། །སྨྲས་པ། རྟེན་འབྱུང་ཡངས་པའི་ཁོར་ཡུག་གསལ་བྱེད་ཅིང། །བློ་གསལ་བློ་ཡི་འདབ་བརྒྱ་རྒོད་པའི་གཉེན། །ལུང་རིགས་འོད་བརྒྱ་འབར་བའི་གཟི་བྱིན་ཅན། །ཐུབ་བསྟན་ནམ་མཁའི་རྒྱན་འདི་བསྐྲུན་པ་ཡི། །ལེགས་བྱས་སྙིང་པོ་མ་ཕམ་ཚ་ཟེར་གྱིས། །བཞད་པའི་གསུང་གི་རྗེས་འགྲོ་རྐང་དྲུག་ཚོགས། །བཤད་སྒྲུབ་སྦྲང་རྩིར་རྣམ་རོལ་ཟག་མེད་ཀྱིས། །དགའ་བའི་མྱོས་ལྡན་རྩེ་བས་གར་བསྒྱུར་ཤོག །དེ་ཚེ་རྣམ་ཀུན་མཆོག་ལྡན་སྟོང་པའི་མཁར། །རྟེན་འབྱུང་ཆུ་འཛིན་གླལ་བའི་སྒྲ་དབྱངས་ཀྱིས། །སྐལ་བཟང་བློ་གསལ་བྱེ་བའི་མདོངས་མཐའ་མ། །དོན་གཉིས་གཏོས་བཟང་འཛིན་པས་སྒེག་གྱུར་ཅིག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་མཆོག་སྤྲུལ་གྲགས་པ་རྒྱལ་མཚན་གྱི་འཛིན་ཆོས་སུ། ༸བཙུན་པ་དཀོན་མཆོག་བསྟན་པའི་


GTD003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེས་རང་ལོ་ཉེར་གསུམ་པ་ལ་དཔལ་ལྡན་འབྲས་སྤུངས་སུ་བྲིས་པའོ།། །།


previousརྟེན་འབྲེལ་གྱི་རྣམ་བཞག་ལུང་རིགས་བང་མཛོད།next