Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
དམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན།next

དམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན།


GTD003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །


GTD003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་གཟུང་འཛིན་དམིགས་པའི་རྒྱ། །རྣམ་གྲོལ་སངས་རྒྱས་ལ་བཏུད་ནས། །མཁས་པར་བརྟེན་ཏེ་མཁས་པའི་གཞུང། །མཁས་པའི་དགོངས་པ་བཞིན་བཤད་བྱ། །གང་བཤད་པར་བྱ་བའི་ཆོས་ནི་དམིགས་པ་བརྟག་པའོ། །མཚན་དང་འགྱུར་ཕྱག་ནི། རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་བ་རཱཀྵི། བོད་སྐད་དུ། དམིགས་པ་བརྟག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་ཏེ་སླའོ། །དོན་དངོས་ནི་འདི་ལྟར། གཞན་གྱི་དམིགས་པའི་མཚན་ཉིད་སྐྱེས་འདྲ་བ་འགོག་པར་དཔེའི་སྒོ་ནས་ཁྱབ་པ་འགོག་པ་ཆེན་པོ་གཉིས་སོགས་ཀྱིས་སྣ་ཚོགས་པར་གསུངས་ལ། ཕྱོགས་ཆོས་འགོག་པ་འདི་ལྟ་སྟེ། དམིགས་པ་འདི་ནི་ངེས་པར་འཛིན་པ་ཡིན་ན་ཕྲ་བ་དག་ཇི་ལྟར་འཛིན། རྣམ་པར་སྐྱེད་དམ། བུས་ཕའི་གཟུགས་འཛིན་པ་ལྟར་ཕྱི་མར་འདོད་དགོས་ཀྱང། དེ་ནི་སྐབས་འདིར་དོན་དུ་མི་ཕན་ཏེ། དེས་ནི། དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དེ་དག་ཡིན་པར་འགྲུབ་ཏུ་ཆུག་མོད་ཁྱོད་ཀྱི་ངོར་བདག་གིས་མི་འགོག་ཅིང། དེ་ལས་ཉེས་པ་ཆེས་མངོན་སུམ་པ་སྒྲུབ་སླ་བ་འདི་སོ་ན་འདུག་སྟེ། བརྟག་པའི་ཕྱོགས་སྔ་མ་མ་བླངས་པ་ཉིད་ཀྱིས་ཁྱོད་ལྟར་ཡང་། དེ་མི་སྣང་བའི་ཕྱིར་དབང་ཤེས་དེས། དམིགས་པའི་བདག་ཉིད་ངེས་པར་འཛིན་པའི་ཡུལ་ནི། །རྡུལ་ཕྲན་མ་ཡིན་ཏེ་དེ་རྒྱུ་ཙམ་ཡིན་ཡང་མི་སྣང་བའི་དངོས་སུ་ཚུལ་གཅིག་དང་དེའི་


GTD003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་རྣམ་པར་སྐྱེད་པའི་རྒྱུའང་མ་ཡིན་པས་དོན་གྱིས་རྟགས་གཉིས་ཀ་ཉམས་ཏེ་དམིགས་པར་མི་རུང་བ་དབང་པོ་བཞིན། ཞེས་གཞི་བསལ་ལོ། །འདུས་པའང་མིན་པར་གསུང་བ། རེ་རེ་བ་བསལ་ཞིང་མི་སྣང་བར་བཤད་པའི་འོས་མེད་ཀྱི་རིགས་པས་སྣང་ཞིང་ལྷག་མར་ལུས་པའི་སྤྱི་སྒྲ་གང་ནི་སྐབས་འདིར་འདུས་པ་སྟེ། དེའང་ཤེས་པ་ཚོགས་པ་ལས་ཕྱིའི་རྡུལ་ཚོགས་པ་མ་ཡིན་ཀྱང་། བག་ཆགས་ཀྱི་དབང་ལས་དེ་ལྟར་སྣང་བའི་ཕྱིར་ལྟར་ཞེས་སྨོས་སོ། །དེ་ལ་ནི་སྔ་མ་ལས་བཟློག་ནས་སྣང་བ་དེ་འཐད་དུ་ཆུག་ཀྱང་འདུས་པ་དེ་ལས་དབང་པོའི་ཤེས་པ་སྐྱེ་བ་མིན་པས་ཡང་ཚུལ་གཅིག་ཤོས་ཉམས་ཏེ་དམིགས་པ་མིན་ནོ། །མི་སྐྱེད་དེ་རྫས་སུ་མེད་པའི་ཕྱིར་ཟླ་གཉིས་བཞིན། འདིས་ཆོས་ཅན་ཕྱོགས་སྔའི་ཞེ་ལ་བཞག་པའི་སྟེང་ནས་ཡིན་པས་དཔེ་ལ་སྦྱོར་ཚུལ་ཡང། ཁ་ཅིག་ཏུ་ཟླ་གཉིས་སྣང་ལ་དེའང་ཟླ་བ་གཉིས་པས་སྐྱེད་དུ་མེད་པའི་ཕྱིར་དབང་པོ་ཉམས་པ་ཁོ་ནས་ཡིན་པ་ལྟར་ཕྱི་རོལ་བསགས་པའི་འདུས་པ་ལྟར་སྣང་བའང་དེ་ལ་དེ་བསྐྱེད་པའི་ནུས་པའི་རྫས་ཡོད་པ་མ་ཡིན་ཡང་ནང་དུ་ཡིད་བདག་ལྟའི་བག་ཆགས་ཀྱིས་ཉམས་པ་ལས་ཡིན་ཏེ་དཔེ་འདི་ནི་འགལ་བ་སྤོང་བ་ལའང་ནུས་པ་ཅན་ནོ། །དེ་ནས་དེ་ལྟར་ཕྱི་རོལ་ཕྲ་རགས་གཉིས་ཀ་ཡང་། །བློ་ཡི་དམིགས་རྐྱེན་ནམ་དམིགས་ཡུལ་དུ་མི་རུང་ངོ་ཞེས་བསྡུས་སོ། །རྒྱས་པར་སྐྱོན་སྤོང་དགག་པ་སོགས་


GTD003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་དོན་ནི་ཕ་ཁོལ་སོགས་ཁ་ཅིག་རྡུལ་ཕྲན་རང་གི་རྣམ་པས་མི་སྣང་ཡང་། ཇི་ལྟར་ཏིལ་ལ་སྣུམ་བཞིན་ཚོགས་པར་ཡོད་པའི་རྫས་དེ་ནི། རེ་རེ་བ་ལའང་ཅུང་ཟད་ཡོད་དགོས་པས་ན་དེ་ལའང་འདུས་པའི་རྣམ་པ་དག་ཡོད་ཅིང་དེ་ནི་ཤེས་པ་རང་གི་རྣམ་ལྡན་དུ་བསྒྲུབ་པར་རམ་སྐྱེད་པར་བྱེད་པ་ཡིན་པར་འདོད་དོ། །དེ་ལ་རགས་པའི་རྣམ་པ་སྣང་དུ་རུང་བ་ཅན་ཡོད་ན་གོ །དེའི་ཆོས་སུ་མཚུངས་པའི་ཕྱིར། ཕྲ་བའི་རྣམ་པ་དེའང་ཅིའི་ཕྱིར་བསྟན་དུ་མེད་ཅེས་བྱ་བའི་སྐྱོན་སྤོང་བར་འདོད་ནས། འགའ་ཞིག་ལ་མངོན་སུམ་དུ་ཡིན་པས་ཐམས་ཅད་དུ་ག་ལ་དགོས། དེས་ན་རྡུལ་ཕྲན་ཉིད་ཀྱི་རྣམ་པ་ནི་རྣམ་རིག་གི །དོན་མིན་ཀྱང་མཚུངས་པའི་ཉེས་པ་མེད་དེ་ས་ལ་ཡོད་པའི་ཁ་དོག་བསྟན་དུ་ཡོད་ལ། དེའི་བདག་ཉིད་སྲ་བ་ཉིད་ལ་སོགས་ས་དེར་ཡོད་པའི་ཆོས་སུ་མཚུངས་ཀྱང་དབང་པོའི་ནུས་པ་སོ་སོར་ངེས་པ་ཉིད་ཀྱིས་མཐོང་བ་མ་ཡིན་པ་བཞིན་དུ་རྣམ་པའང་ཆ་གཉིས་སུ་རུང་ངོ་། །ཞེས་བྱ་བ་ནི་ཕྱོགས་སྔ་མས་སོ། །འཐད་པ་མ་ཡིན་ཏེ། དེ་དག་ལྟར་ན་བུམ་པ་དང་། ཁམ་ཕོར་དང་ཀ་བ་སོགས་བློ་ལ་ཤར་བའི་ཚེ་རྣམ་པ་མཚུངས་པར་འགྱུར་རོ། །ཅིའི་ཕྱིར་ན་བློ་ནི་རང་དགར་མ་ཡིན་པའི་ཡུལ་ལ་རང་གི་ངོ་བོའི་རྗེས་སུ་བྱེད་ཅིང། ཡུལ་རྡུལ་ཕྲན་ནི་ངོ་བོ་མཚུངས་པ་ཁོ་ནར་དབྱེ་བ་མེད་པའི་ཕྱིར་བློ་སྣ་ཚོགས་པར་མི་རིགས་སོ། །མང་ཉུང་ཡོད་པས་མི་འགྲུབ་སྟེ། ངོ་བོ་ལ་དབྱེ་བ་མེད་ན་བུམ་པ་ཆེ་ཆུང་དུ་འགྱུར་གྱི་ཁམ་ཕོར་གྱི་བློར་མི་འགྱུར་རོ། །གལ་ཏེ་རྣམ་པའི་དབྱེ་བ་ཁ་ཞབས་སོགས་མི་འདྲ་བས་ཁྱད་པར་དབྱེའོ། །སྙམ་ན་དབྱིབས་ཀྱི་ཁྱད་པར་དེ་ལྟ་བུ་ནི་རྡུལ་ཕྲན་


GTD003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དབྱེ་བ་སོགས་ཀྱི་རྣམ་པ་བསྒྱུར་དུ་མེད་པའི་ཚུགས་ཅན་གྱི་རྫས་ཡོད་འདི་ལྟ་བུ་ལ། བཞག་ཏུ་མེད་དེ་ཚད་ཀྱི་དབྱེ་བ་མི་འདྲ་བ་མེད་པར་ཆུང་བའི་མཐར་གཏུགས་པར་མཚུངས་པའི་ཕྱིར་རོ། །གཟུགས་ཀྱི་ཆ་དབྱེར་མེད་པ་ལ་བཀོད་པའི་ཁྱད་པར་མི་རུང་བ། དེ་ཕྱིར་རྣམ་པའི་དབྱེ་བ་དེ་སྐབས་འདིའི་རྫས་སུ་མེད་པའི་ཀུན་རྫོབ་ཁོ་ན་ལ་ཡོད་དེ། །ཆ་དབྱེར་རུང་བའི་ཕྱིར། རྡུལ་ཕྲན་ལ་དེ་མི་རུང་སྟེ། རྡུལ་ཕྲན་གྱི་ཆ་སོ་སོར་ཡོངས་སུ་བསལ་ན་ནི། །དེར་སྣང་གི་ཤེས་པ་ཉམས་ཏེ་གཟུགས་སྣང་འགག་པར་འགྱུར་བའི་ཕྱིར། དེ་ལྟར་གཞན་གྱི་བ་བཀག་ནས་གྲགས་པའི་གནོད་པ་སྤངས་པའི་ཕྱིར། རང་ལ་འཐད་པའི་དམིགས་པ་སྟོན་པ་ནི། དམིགས་པ་གང་ཞེ་ན། ནང་གི་འཛིན་པའི་རང་མདངས་དེ་ཉིད་ཤེས་བྱའི་དངོས་པོ་ལ་བཞག་གི་གཞན་དུ་མེད་པ་ནི་ཞེས་པའི་ངེས་གཟུང་ངོ་། །རང་ལ་བྱ་བ་འགལ་བའི་ཕྱིར་ཇི་ལྟར་སྣང་ཞེ་ན། ཇི་ལྟར་གནས་པའི་རྣམ་པའི་སྣང་བ་མ་ཡིན་ཏེ། མེ་ལོང་ལ་ཟླ་གཟུགས་ཤར་བ་ན་ནམ་མཁའི་ཁམས་ཀྱང་ཤར་བས་བྱེད་པ་ལས་ཟླ་བ་རྒྱང་སྟེ་ཆད་པའི་རྣམ་པར་འབྱུང་བ་ཇི་ལྟར་བར་ཕྱི་རོལ་ལྟར་སྣང་བའི་ཚུལ་གྱིས་གཟུང་བར་གྱུར་ཀྱང་དངོས་པོ་ལ་ནང་དུ་གནས་པ་གང་ཡིན་པ་དེ་ནི། དོན་ཞེས་བྱ་བ་སྟེ་ཡུལ་དུ་མར་འཇུག་ཀྱང་འདིར་སྐབས་ཀྱི་དབང་ལས་དམིགས་རྐྱེན་ཡིན་ནོ། །དེའང་རྒྱུ་མཚན་གང་གི་ཕྱིར་ན། མངོན་པར་བརྗོད་པའི་བག་ཆགས་གོམས་པ་ལས་གཟུང་བ་དང་འཛིན་པའི་ཚུལ་དུ་རྣམ་པར་ཤེས་པ་ཡུལ་དེའི་དངོས་པོའི་རྣམ་པར་སྐྱེད་པའི་


GTD003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། ཡུལ་དེ་མེད་ན་མི་སྐྱེ་བའི་ཆ་ནས་དེའི་རྐྱེན་ཉིད་དོ་ཞེས་ཀྱང་བཤད་པ་ཡིན་པའི་ཕྱིར་རོ། །གཏན་ཚིགས་གཉིས་ལས་རིམ་པར་བདག་ཉིད་ལ་བྱེད་པ་འགལ་བའི་སྐྱོན་དང་དུས་མཉམ་པ་ནི་བ་ལང་གི་རྭ་ལྟར་ཕན་ཚུན་རྐྱེན་དུ་མི་རུང་བའི་ཧ་ཅང་ཐལ་བ་བསུ་ནས། དེ་གཉིས་དུས་གཅིག་ཅིང་བདག་ཉིད་གཅིག་པའི་ཆ་ཡིན་ནའང་མེ་ལྟར་རང་ལ་བྱ་བ་ཅུང་ཟད་འཇུག་པ་སྲིད་ཀྱང་དབྱེ་བ་གཏན་མེད་པའི་ཚུལ་གྱིས་མ་ཡིན་པ་སྔར་གཟུང་འཛིན་དུ་འགྱུར་ཚུལ་བཤད་པའི་ཤུགས་ཀྱིས་ཀྱང་ཤེས་པས་ལན་འདིར་མི་སྟོན་ལ་ཕྱི་མ་ནི་ཡོད་མེད་རྗེས་སུ་འགྲོ་ལྡོག་གི་ངེས་པ་མི་འཁྲུལ་པའི་ཕྱིར་ན་རྐྱེན་དུ་གདགས་པ་ཡིན་ནོ། །དེ་ལྟར་དམིགས་རྐྱེན་བཏགས་པ་བ་སྟེ་སྣང་བའི་དམིགས་རྐྱེན་རྣམ་པར་བཞག་ནས། རང་གི་འདོད་པའི་གཙོ་བོ་ཉིད་སྟོན་པ་ནི་ཀུན་གཞིའི་སྒྲར་བསྟན་པའི་ཡིད་ལ་ཤེས་པ་སྔ་མས་གང་ཡུལ་གྱི་རྣམ་པར་སྐྱེད་པའི་ནུས་པ་བཞག་པ་དེས་ནི་ཕྱི་མ་ཡུལ་གྱི་རྣམ་པར་འཇོག་པའི་ཕྱིར་རིམ་གྱིས་ཕྱི་མ་ཕྱི་མའི་དམིགས་རྐྱེན་ཡིན་ཏེ་འདི་ནི་དངོས་ཀྱི་དོན་ནོ། །གལ་ཏེ་བྱད་བཞིན་དང་མེ་ལོང་ཇི་ལྟ་བར་ཕྱིའི་གཟུགས་དང་མིག་ལས་རྣམ་པར་ཤེས་པ་བསྐྱེད་ན། ཁྱོད་ལ་དམིགས་པ་ནི་ནང་ཁོ་ན་ལས་མདུན་དུ་གྱུར་པ་མེད་པའི་ཕྱིར། ཇི་ལྟར་ཤེས་པ་སྐྱེད་ཅེ་ན། ཡུལ་དང་ལྷན་ཅིག་པའི་དབང་པོ་འབྱུང་བའི་བདག་ཉིད་ཀྱི་བེམ་པོར་སྨྲ་བ་ཁྱེད་དག་ལ་ཡུལ་ཡང་དེ་དང་མཐུན་པ་ཕྱིའི་བེམ་པོ་ཞིག་ཏུ་འགྱུར་མོད་ཀྱང་། ཁོ་བོ་ཅག་ནི་དམིགས་པ་དེ་དང་ལྷན་ཅིག་བྱེད་པས་དབང་པོའང་ཁྱོད་ལྟར་མི་སྨྲ་ཡི། འབྲས་བུ་ལས་རྒྱུའི་ཆོས་རྗེས་སུ་དཔོག་


GTD003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ན་ཡིད་ཀྱི་སྟེང་དུ་མིག་ཤེས་ཐུན་མོང་མ་ཡིན་པར་འགྲུབ་པའི་ནུས་པ་ཡི། ངོ་བོ་ཞིག་ཡོད་པར་ལས་འགག་ཀྱང་འབྲས་བུ་འབྱིན་པར་སྒྲུབ་པའི་རིགས་པ་སོགས་ཀྱིས་འགྲུབ་ལ། དེ་ལྟ་བུ་གང་ཡིན་པ་དེ་ནི་དབང་པོའང་ཡིན་པར་འདོད་དོ། །འང་སྒྲས་ནུས་པ་གཅིག་ཏུ་བཞག་པ་མ་ཡིན་གྱི་གཉིས་ཀ་ནུས་པར་མཚུངས་པ་སྟོན་ཏོ། །དུལ་ལྷས་ནུས་པ་རྒྱུ་ཙམ་ལ་བཤད་ཀྱང་འོག་དང་སྦྱར་ན་དཔྱད་གཞིར་སྣང་། ཁྱེད་ཅག་དབང་པོ་འབྱུང་བའི་བདག་ཉིད་ལས་བཟློག་སྟེ་ནུས་པར་འདོད་ནའང། ནུས་པ་རྟེན་མེད་པ་ནི་མི་གནས་པས་རྟེན་འབྱུང་བའི་ཁྱད་པར་ཞིག་དགོས་སོ་ཞེས་པའི་རྩོད་པ་བསུས་ཏེ། རྣམ་པར་ཤེས་པའི་རྟེན་གྱི་དབང་པོ་ནུས་པར་བཞག་པ་དེ་ཡང་ཁོ་བོ་ཅག་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ལ་འགར་ཡང་མི་འགལ་ཏེ། ནུས་པ་ཤེས་པ་ལ་གནས་ཤིང་ཤེས་པའང་ནུས་པ་ལས་འབྱུང་བའི་ཕྱིར་ཁྱེད་ཅག་ལྟར་ཕྱི་ནས་ཚོལ་བའི་ངལ་བ་མི་དགོས་སོ། །མཇུག་བསྡུ་བ་ནི། དེ་ལྟར་ཡུལ་གྱི་རྣམ་པའི་ངོ་བོ་ཉིད་ཀྱི་ཤེས་པ་དང་། དབང་པོའི་ངོ་བོ་ཉིད་ཀྱི་ནུས་པ་གཉིས་ནི་རེས་མོས་ཀྱི་ཚུལ་དུ་སྐྱེ་འགག་དུས་མཉམ་པའི་འབྲེལ་བའི་སྒོ་ནས་ཕན་ཚུན་གྱི་རྒྱུ་ཅན་དང་། ཚུལ་དེ་ཉིད་ཀྱིས་ཐོག་མ་མེད་པའི་དུས་ནས་རིམ་པར་འཇུག་པ་ཡིན་པས། སྔར་ལྟར་རྒོལ་བ་དག་གི་ཕུགས་བཙལ་ཏེ་དཔྱད་པས་ཀྱང་སུན་དབྱུང་བར་ནུས་པ་མ་ཡིན་ནོ། །གཞན་གྱི་དམིགས་པ་ནི་གཟུང་དོན་གྱི་ངོ་བོ་ཡིན་ལ་དེ་ནི་འདི་བའི་ཆོས་ཀྱི་བདག་སྟེ་དེ་འགོག་པར་བྱེད་པའི་དམིགས་པ་བརྟག་པ་སློབ་དཔོན་


GTD003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གླང་པོས་མཛད་པ་འདི་ནི་གྲུབ་པའི་མཐའི་རྩ་བ་ཆེས་མཆོག་ཏུ་གྱུར་པ་ཞིག་སྟེ་དེའི་དོན་བཤད་པ་རེ་ཞིག་རྫོགས་སོ། །ཚུལ་འདི་ནི༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་ཉེར་དྲུག་པ་ལ་གཞུང་འདིར་ཞིབ་དཔྱོད་ཅུང་ཟད་བགྱིས་སྐབས་ཡིད་ལ་ཤར་ཚོད་ཀྱི་རིམ་པ་རྣམས་བརྗེད་དུ་ཕངས་པས་སྤྲོས་པ་རྒྱ་ཆེ་བ་དོར་ཏེ་ཐོ་ཙམ་སུག་བྲིས་སུ་བགྱིས་པའོ། །༈ ཁྱབ་པ་སྒྲུབ་པ་ལ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་ཏེ། རྟགས་ཀྱི་མཚན་གཞི་ངོས་འཛིན་པའི་ཚད་མ་འམ་རྟགས་ཀྱི་ངོ་བོ་ངེས་པའི་ཚད་མ། དགག་བྱའི་ཆོས་དང་བསྒྲུབ་བྱའི་ཆོས་དངོས་འགལ་དུ་ངེས་པའི་ཚད་མ། རྟགས་དགག་བྱའི་ཆོས་ལ་འགོག་པར་བྱེད་པའི་ཚད་མའམ། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ། གསུམ་དགོས་པའི་ཕྱིར། གལ་ཏེ་ཚད་མ་དང་པོ་མེད་པར་ཕྱི་མ་གཉིས་ཡོད་པ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་ན། རི་བོང་རྭ་ཆོས་ཅན། མི་རྟག་པར་ཐལ། ཁྱོད་རྩོད་གཞིར་བཟུང་སྟེ། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། ཞེས་འཕངས་པའི་ཚེ། ཁྱོད་ཀྱི་སྟེང་དུ་དེའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། རྟག་མི་རྟག་དངོས་འགལ་ཡིན་པས་ཚད་མ་གཉིས་པས་གྲུབ་པ། གང་ཞིག་མི་རྟག་པ་ཡིན་ན། རྟག་པ་ལ་ཡོད་པ། ཁེགས་པའི་ཚད་མ་གསུམ་པ་གྲུབ་པའི་ཕྱིར། ཁ་ཅིག །རྟག་མི་རྟག་དངོས་འགལ་ཡིན་པའི་རྟགས་མ་གྲུབ་སྟེ། རི་བོང་རྭ་རྟག་པ་མ་ཡིན་ལ། མི་རྟག་པ་འང་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་མི་རྟག་དངོས་འགལ་ཡིན་ན་རྟག་པ་མ་ཡིན་ཚེ་མི་རྟག་པ་ཡིན་དགོས་པའི་ཕྱིར་ཞེ་ན། འོ་ན་གང་ཟག་གི་བདག་རྟག་པ་ཡིན་པར་ཐལ། དེ་མི་རྟག་པ་མ་


GTD003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གང་ཟག་གི་བདག་མེད་པ་མ་ཡིན་པར་ཐལ། གང་ཟག་གི་བདག་རྟག་པ་ཡིན་པའི་ཕྱིར། རྟགས་ཁས། ཚད་མ་བར་བ་མེད་པ་ཕྱི་མ་གཉིས་ཡོད་པ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་ན། དཔེར་ན་ཇ་དཀར་པོ་ལས་གཞན་ཞེས་པས་ནག་པོ་དང་། གསེར་མདངས་སེར་པོ་ལས་གཞན་ཞེས་པས་སྔོན་པོར་གོ་བ་ལྟ་བུའི་སྐབས་ཡོད་པ་ལ་བསམ་ནས། ཞེ་འདོད་སྔོན་པོར་སྒྲུབ་འདོད་དེ། ཨིནྡྲ་ནཱི་ལའི་ཁ་དོག་ཆོས་ཅན། སེར་པོ་ལས་གཞན་ཡིན་པར་ཐལ། སེར་པོ་མ་ཡིན་པའི་ཕྱིར་ཞེས་འཕང་བའི་ཚེ། ཞེ་འདོད་ལྟར་གྱི་ཁྱབ་པ་འགྲུབ་པར་ཐལ། སེར་པོ་མ་ཡིན་པས་ཚད་མ་དང་པོ་འགྲུབ། སེར་པོ་མ་ཡིན་པས་སེར་པོ་ཁེགས་པས་ཚད་མ་གསུམ་པ་འགྲུབ་པའི་ཕྱིར། འདོད་མི་ནུས་ཏེ། སེར་པོ་མ་ཡིན་པའི་རྟགས་ཀྱིས་བསྒྲུབ་བྱའི་ཆོས་སེར་པོ་ལས་གཞན་དེ་ལ་སྔོན་པོ་ཡོད་ཀྱང་། གཞི་གྲུབ་ཚད་སྔོ་སེར་གཉིས་སུ་མ་འདུས་པས། དེར་སྔོན་པོ་ལས་གཞན་ཡང་ཡོད་པའི་ཕྱིར། མ་གྲུབ་ན། དུང་ཆོས་ཅན། སྔོན་པོ་ཁོ་ན་ལ་ཡོད་པར་ཐལ། གཞི་གྲུབ་པ་གང་ཞིག །སེར་པོ་ལ་ཁེགས་པའི་ཕྱིར། ཞེས་པ་ཡིན་ཏེ། ཞེ་འདོད་ཀྱི་དབང་གིས་འདིའི་བསྒྲུབ་བྱའི་ཆོས་སྔོན་པོ་དང་། དགག་བྱའི་ཆོས་སྔོན་པོ་ལས་གཞན་ཡིན་ལ། དངོས་ཟིན་གྱི་བསྒྲུབ་བྱའི་ཆོས་སེར་པོ་ལས་གཞན་དང་། ཞེ་འདོད་ཀྱི་དགག་བྱའི་ཆོས་སྔོན་པོ་ལས་གཞན་གཉིས་མི་འགལ་བའམ། རྩོད་ཚེ་སེར་པོ་ལས་གཞན་པའི་སྔོན་པོ་དང་སེར་པོ་དངོས་འགལ་མ་ཡིན་པས། དགག་ཆོས་དང་བསྒྲུབ་ཆོས་མི་འགལ་བར་གསུངས་པ་ཡིན་ཏེ། ཁ་ཅིག །བདེན་གྲུབ་མིན་ཡང་བདེན་མེད་ཡིན་མི་དགོས་ཟེར་བ་ལྟ་བུ་ལོག་རྟོག་འགོག་པའི་དགོས་པ་ཤིན་ཏུ་ཆེ་བས། བསྒྲུབ་བྱའི་ཆོས་ཉི་ཚེ་བ་


GTD003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་མ་སོང་བར། ལོག་རྟོག་གི་མཐའ་ཁེགས་པ་ལ་དགག་བྱའི་ཆོས་དེ་དང་དངོས་འགལ་དུ་ཞུགས་པ་ཞིག་ངེས་པར་དགོས་སོ། །ཚད་མ་ཕྱི་མ་མེད་པར་དང་པོ་གཉིས་ཡོད་པ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་ན། གཞལ་བྱ་ཆོས་ཅན། མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པའི་ཕྱིར། དེར་ཐལ། ཁྱོད་གཞི་གྲུབ་པས་ཚད་མ་དང་པོ་གྲུབ་པ། གང་ཞིག །རྟག་མི་རྟག་དངོས་འགལ་ཡིན་པས་ཚད་མ་གཉིས་པ་གྲུབ་པའི་ཕྱིར། འདི་ནི་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ནས་རྟགས་རིགས་གསན་སྦྱོང་སྐབས། ཐད་འདིར་ཡིག་ཆ་རྣམས་ཚིག་རིས་མི་མཐུན་ཞིང་། ལྷག་པར་རིགས་རྒྱན་གྱི་ཚིག་རྣམས་དཀའ་བ་ཞིག་འདུག་གསུང་བར། བློ་ལ་ཤར་ཚོད་འཕྲལ་དུ་ཕུལ་བའོ།། །།


previousདམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན།next