Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
རིགས་ལམ་འཕྲུལ་གྱི་ལྡེ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིགས་ལམ་འཕྲུལ་གྱི་ལྡེ་མིགnext

རིགས་ལམ་འཕྲུལ་གྱི་ལྡེ་མིག


GTD003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལམ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །


GTD003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱི་དང་བྱེ་བྲག་གཉིས་ཀྱི་ནང་ནས་བྱེ་བྲག་དང་། རྟག་དངོས་གཉིས་ཀྱི་ནང་ནས་རྟག་པ་ཡིན་བྱས་པ་ལ། ཁོ་ན་རེ། དེ་མི་འཐད་པར་ཐལ། སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། སྤྱི་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། ཤེས་བྱ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡིན་པར་ཁས་ལེན་རིགས་པའི་ཕྱིར། མ་གྲུབ་ན། ཤེས་བྱའི་བྱེ་བྲག་ཡིན་པར་ཁས་ལེན་རིགས་པར་ཐལ། བྱེ་བྲག་ཡིན་པར་ཁས་ལེན་རིགས་པའི་ཕྱིར། མ་གྲུབ་ན། དངོས་འགལ། ཡང་ཁོ་ན་རེ། ཁྱོད་སྤྱི་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་ན་ཁྱོད་ཀྱི་བྱེ་བྲག་མ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་ལ་འདོད་ལན་བཏབ་པས་ཤེས་བྱའི་བྱེ་བྲག་མ་ཡིན་པར་འདོད་ཅེས་བརྩི་རིགས་པ་གང་ཞིག །ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས། ཤེས་བྱའི་བྱེ་བྲག་


GTD003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། དེ་བཞིན་དུ་སྒྲ་མི་རྟག་པ་ཡང་སྐྱོན་དུ་འཕེན་ནོ། །ཡང་ཁོ་ན་རེ། རྟག་དངོས་གཉིས་ཀྱི་ནང་ནས་རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། རྒྱུ་ཡིན་པར་ཐལ། འབྲས་བུ་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། འབྲས་བུ་ཡོད་པའི་ཕྱིར་རོ། །གོང་དུ་མ་ཁྱབ་ཟེར་ན། འབྲས་བུ་སྐྱེད་པའི་དོན་བྱེད་པ་ཡིན་པར་ཐལ། འབྲས་བུ་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། དོན་བྱེད་ནུས་པ་ཡིན་པར་ཐལ། འབྲས་བུ་སྐྱེད་པའི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཡིན་པར་ཐལ་ལོ། །ཡང་ཁོ་ན་རེ། དངོས་པོ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མ་ཡིན་པའི་ཕྱིར། དེར་ཐལ། རྗེས་དཔག་ཚད་མ་ཡིན་པའི་ཕྱིར། དེར་ཐལ། རྗེས་དཔག་ཡོད་པའི་ཕྱིར། མ་ཁྱབ་ན། རྗེས་དཔག་རྟག་དངོས་གང་རུང་ཡིན་པར་ཐལ། རྗེས་དཔག་ཡོད་པའི་ཕྱིར། འདོད་ན། དེ་བེམ་ཤེས་གང་རུང་ཡིན་པར་ཐལ་བ་དང་། ཚད་མ་དང་ཚད་མིན་གང་རུང་ཡིན་པར་ཐལ་བ་སོགས་འཕེན་ནོ། །སླ། གཞན་ཡང་། དངོས་པོ་ཡིན་པར་ཐལ། ལས་བསགས་པའི་ཕྱིར། དེར་ཐལ། ལས་དགེ་མི་དགེ་བསགས་ནས་འཁོར་བར་སྐྱེ་བ་ལེན་པའི་ཕྱིར། དེར་ཐལ། དེ་ལྟར་འཁོར་བའི་ཚུལ་


GTD003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་ཀྱི་བཞེད་པ་གང་ཞིག །ཁྱོད་ཀྱིས་ཁས་ལེན་དགོས་པའི་ཕྱིར། གོང་དུ་མ་ཁྱབ་ན། མི་དགེ་བའི་ལས་གསོག་པར་ཐལ། སྤྱིར་ལས་གསོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྫུན་སྨྲ་བར་ཐལ། འདོད་པའི་ཕྱིར། འདོད་ན། རྫུན་སྨྲ་ཞེས་ཁས་ལེན་པའི་ཁས་ལེན་དེ་རྣམ་དག་ཡིན་པར་ཐལ། རྫུན་སྨྲ་བའི་ཕྱིར། འདོད་ན། རྫུན་སྨྲ་ཞེས་ཁས་ལེན་རིགས་པར་ཐལ། དེ་འདྲ་བའི་ཁས་ལེན་དེ་ཁས་ལེན་རྣམ་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་ཁས་ལེན་མི་རུང་བའི་ཕྱིར། དེར་ཐལ། དེ་ལྟར་ཁས་ལེན་ན་ཉེས་པ་འབྱུང་བའི་ཕྱིར། དེར་ཐལ། རྫུན་མི་སྨྲ་བར་དམ་བཅས་ན་ཕན་ཡོན་འབྱུང་བའི་ཕྱིར། དེར་ཐལ། མི་དགེ་བཅུ་མི་བྱེད་པར་དམ་བཅས་ན་ཕན་ཡོན་འབྱུང་བའི་ཕྱིར། གཞན་ཡང་ངག་སྨྲ་བར་ཐལ། རྫུན་ཚིག་སྨྲ་བའི་ཕྱིར། འདོད་ན། སྐྱེས་བུ་ཡིན་པར་ཐལ། ངག་སྨྲ་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། བདེན་ཚིག་ཀྱང་མི་སྨྲ་བར་ཐལ། སྐྱེས་བུ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟག་དངོས་གཉིས་ཀྱི་ནང་ནས་དངོས་པོ་ཡིན་ཞེས་མི་སྨྲ་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལྟར་ཁས་མི་ལེན་པར་ཐལ། དེ་ལྟར་མི་སྨྲ་བའི་ཕྱིར། འདོད་ན། དངོས་སུ་འགལ་ལོ། །གཞན་ཡང་དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཡིན་པའི་ཕྱིར། དེར་ཐལ། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་


GTD003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། ཁྱབ་མེད་ཀྱི་ལན་ཐེབས་པ་ཡིན་ཏེ། ཐལ་འགྱུར་དེ་ལ་ཁྱབ་མེད་ཀྱི་ལན་བཏབ་པའི་ཚེ། ཡོད་པ་ཡིན་ན། ཤེས་བྱ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པས་མ་ཁྱབ་ཅེས་བརྩི་རིགས་ཤིང་། དེ་ལྟར་ཁས་མ་བླངས་པའི་ཕྱིར། ཡང་ཁོ་ན་རེ། རི་བོང་རྭ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། རྟགས་མ་གྲུབ་པ་ཡིན་ཏེ། དེ་ལྟར་འཕངས་པའི་ཚེ་རྩོད་གཞི་སྦུབས་སུ་འཚང་སོང་བས་མེད་པ་ཡིན་པར་རྟགས་མ་གྲུབ་ཅེས་བརྩི་དགོས་པ་ཡིན་པའི་ཕྱིར། གཞན་ཡང་རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། དེར་ཐལ། དང་པོར་སེམས་བསྐྱེད། བར་དུ་ཚོགས་བསགས། མཐར་སངས་རྒྱས་ནས་ཆོས་འཁོར་བསྐོར་བའི་ཡུལ་དང། དེའི་གདུལ་བྱ་དང་། དེ་ཐོས་པའི་རྣ་ཤེས་ཚད་མ་རེ་རེ་ནས་ཡོད་པའི་ཕྱིར། མ་ཁྱབ་ན། ཆོས་འཁོར་བསྐོར་བར་ཐལ། དེ་བསྐོར་བར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས་བྱས་པ་ལ། བསྐོར་བ་རྟོགས་པའི་ཚད་མ་ཡོད་ཀྱང་། བསྐོར་བར་རྟོགས་པའི་ཚད་མ་མེད་ཟེར་ན། ཆོས་འཁོར་ཆོས་ཅན། བསྐོར་བར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། ༈ ཡང་དེ་ཆོས་ཅན། བསྐོར་བར་ཐལ། རང་སྐོར་མཁན་སྟོན་པ་ཤཱཀྱ་ཐུབ་པས་བསྐོར་བའི་ཕྱིར། མ་ཁྱབ་ན། འོ་ན་སངས་རྒྱས་ཀྱིས་གསུངས་པས་གསུང་བའི་གོ་མི་ཆོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སངས་


GTD003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་ཐལ། ཆོས་འཁོར་བསྐོར་བའི་ཕྱིར། འདོད་ན། ཉོན་མོངས་སྤངས་པར་ཐལ། སངས་རྒྱས་པའི་ཕྱིར། འདོད་ན། ཉོན་མོངས་གཏན་ནས་མི་སྐྱེ་བར་བྱས་པར་ཐལ། ཉོན་མོངས་ས་བོན་དང་བཅས་པ་སྤངས་པའི་པྱིར། འདོད་ན། ཉོན་མོངས་ཆོས་ཅན། མ་སྐྱེས་པར་ཐལ། གཏན་ནས་མི་སྐྱེ་བར་བྱས་ཟིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་རྒྱུད་ལ་སྐྱེས་ཟིན་པའི་ཕྱིར་ཟེར་ན། འོ་ན་ད་ལོའི་ལོ་འདི་འགགས་ཟིན་པར་ཐལ། ལོ་རྗེས་མ་གྲུབ་ཟིན་པའི་ཕྱིར། ཁྱབ་པ་འགྲིག །མ་གྲུབ་ན། ལོ་རྗེས་མ་ཆོས་ཅན། གྲུབ་ཟིན་པར་ཐལ། ལོ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དམ་བཅའ་བ་འདིའི་སྐྱེ་བ་ཕྱི་མ་ཆོས་ཅན། གྲུབ་ཟིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། འདོད་ན། སྐྱེ་བ་འདིའི་འཆི་སྲིད་ཕྲ་མོ་གྲུབ་ཟིན་པར་ཐལ། ཕྱི་མའི་བར་དོ་གྲུབ་ཟིན་པའི་ཕྱིར། འདོད་ན། སྦྱང་ཆོག་དང་དགེ་རྩ་ཡང་བྱས་ཟིན་པར་ཐལ་ལོ། །ཟེར་ན། འོ་ན་དམ་བཅའ་བ་འདིའི་སྐྱེ་བ་འདི་ཆོས་ཅན། གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དམ་བཅའ་བའི་སྐྱེ་བ་འདི་ཆོས་ཅན། རབ་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རབ་བྱུང་མ་ཡིན་པར་ཐལ། འཁོར་བ་ཡིན་པའི་ཕྱིར། དེར་ཐལ། ལས་ཉོན་གྱི་དབང་གིས་བླངས་པའི་སྐྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། འདིའི་སྐྱེ་བ་འདི་མིའི་སྐྱེ་བ་ཡང་མ་ཡིན་པར་ཐལ། དེ་མི་ཡིན་པའི་ཕྱིར། ཁྱབ་སྟེ། མིའི་སྐྱེ་བ་བླང་བྱ་དང། མི་དེ་ལེན་པ་པོ་ཡིན་པའི་ཕྱིར། ཟེར་ན། འོ་ན་འདིའི་སྐྱེ་བ་སྔ་ཕྱི་བར་གསུམ་ཆོས་ཅན། ལས་གསོག་པ་པོ་དང། རྣམ་སྨིན་མྱོང་བ་པོ་མ་ཡིན་པར་ཐལ། གང་ཟག་མ་ཡིན་པའི་ཕྱིར། འདོད་ན། སྐྱེ་བ་སྔ་མས་


GTD003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་ལས་ཀྱི་རྣམ་སྨིན་སྐྱེ་བ་ཕྱི་མས་མི་མྱོང་བར་ཐལ། སྔ་མས་ལས་མི་གསོག་པ་གང་ཞིག །ཕྱི་མས་རྣམ་སྨིན་མི་མྱོང་བའི་ཕྱིར། རྟགས་རེ་རེ་ནས་ཁས། གཞན་ཡང་། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཁྱོད་དངོས་པོ་ཡིན་པར་ཐལ། བྱེ་བྲག་སྨྲ་བའི་ལུགས་ལ་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། བྱེ་བྲག་སྨྲ་བའི་ལུགས་ལ་དངོས་པོ་ཡིན་པར་ཐལ། བྱེ་བྲག་སྨྲ་བའི་ལུགས་ལ་ཡོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ལུགས་ལ་ཡོད་པ་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་ཟེར་ན། འོ་ན་བྱེ་བྲག་སྨྲ་བའི་ལུགས་ལ་དངོས་པོ་ཡིན་ན། དངོས་པོ་ཡིན་པས་ཁྱབ་པར་ཐལ། དེའི་ལུགས་ལ་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་པའི་མུ་གཅིག་མེད་པའི་ཕྱིར། དེར་ཐལ། དེའི་ལུགས་ལ་དངོས་པོ་དང་དངོས་མེད་གཉིས་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར། ཁོ་ན་རེ། བུམ་པ་ཁྱོད་དང་གཅིག་ཡིན་ན། ཀ་བ་ཁྱོད་དང་གཅིག་མ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཡོད་པ་གང་ཞིག །མི་རྟག་པ་མི་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཡོད་པ་གང་ཞིག །མི་རྟག་པ་མི་རྟག་པ་དང་གཅིག་ཡིན་པར་ཐལ། བུམ་པ་ཡོད་པ་གང་ཞིག །མི་རྟག་པ་མི་རྟག་པའི་ལྡོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་ཡོད་པ་གང་ཞིག སྐད་ཅིག་མ་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་ཡོད་པ་གང་ཞིག སྐད་ཅིག་མ་མི་རྟག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། བུམ་པ་ཡོད་པ་གང་ཞིག །སྐད་ཅིག་མ་མི་རྟག་པའི་མཚན་


GTD003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པའི་ཕྱིར། འདོད་ན། བུམ་པའི་དགག་གཞི་ཆོས་ཅན། བུམ་པ་ཡོད་པ་གང་ཞིག །སྐད་ཅིག་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པ་ཡོད་པ་གང་ཞིག །སྐད་ཅིག་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པའི་དགག་གཞི་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། བུམ་པ་ཡོད་པ་གང་ཞིག །སྐད་ཅིག་མ་ཡིན་ན་བུམ་པ་ཡིན་པས་ཁྱབ་པར་ཐལ། དེ་མི་རྟག་པ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྤྱི་ཆོས་ཅན། དེར་ཐལ། དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་ཡོད་པ་གང་ཞིག །སྐད་ཅིག་མ་ཡིན་ན་བུམ་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། བུམ་པ་ཡོད་པ་གང་ཞིག །བུམ་པ་ལས་གཞན་པའི་འདུ་བྱས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བུམ་པ་ཡོད་པ་གང་ཞིག །ཀ་བ་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བུམ་པ་ཡོད་པ་དང་ཀ་བ་གཉིས་ཀའི་གཞི་མཐུན་པ་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་། ཁྱོད་རང་ལྟར་ན་ཤེས་བྱ་ཆོས་ཅན། བུམ་པ་རྟག་པ་ཡིན་པར་ཐལ། བུམ་པ་ཡོད་པ་གང་ཞིག །དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། བུམ་པ་ཡོད་པ་གང་ཞིག །དངོས་པོ་མ་ཡིན་པར་ཐལ། བུམ་པ་ཡོད་པ་གང་ཞིག །རྟག་པ་ཡིན་པའི་ཕྱིར། རྟགས་དོན་གྱིས་ཁས། ཡང་ཁོ་ན་རེ། ཁྱོད་མ་ཡིན་པ་ཡོད་ན། ཁྱོད་མ་ཡིན་པ་བྱེ་བྲག་ཡིན་པས་ཁྱབ་ཟེར་ན། མེད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མེད་པ་མ་ཡིན་པ་མ་ཡིན་ཞིང། ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་


GTD003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་གྲུབ་པའི་ཕྱིར། ཡང་ཁོ་ན་རེ། ཡོད་པ་གང་ཞིག །ཁྱོད་མ་ཡིན་པ་ཡོད་ན། ཁྱོད་མ་ཡིན་པ་བྱེ་བྲག་ཡིན་པས་ཁྱབ་ཟེར་ན། ཀ་བུམ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁོ་ན་རེ། ཡིན་པ་སྲིད་པའི་ཤེས་བྱ་གཞིར་བཞག་ཟེར་ན། བུམ་པ་དང་གཅིག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་ན། ཁྱོད་ཀྱི་ཡིན་པ་ཡོད་པས་ཁྱབ་ཟེར་ན། རང་དང་གཅིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རང་དང་གཅིག་གི་ཡིན་པ་མེད་པར་ཐལ། བུམ་པ་དེ་ཡིན་དགོས་ལ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་རང་དང་གཅིག་མ་ཡིན་པར་ཐལ། བུམ་པ་རང་དང་ཡིན་ཁྱབ་མཉམ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་ཡིན་ན་རང་ཡིན་པས་མ་ཁྱབ་པ་གང་ཞིག །རང་ཡིན་ན་བུམ་པ་ཡིན་པས་མ་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་བུམ་ཟངས་བུམ་གཉིས་པོ་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤེས་བྱ་དེ་ཡིན་པའི་ཕྱིར། རང་གི་ལུགས་ལ་ཡིན་མིན་གཉིས་ཀྱི་ནང་ནས་མ་ཡིན་པ་དང། གཅིག་དང་ཐ་དད་གཉིས་ཀྱི་ནང་ནས་གཅིག་ཡིན་བྱས་པ་ལ་ཁོ་ན་རེ། གང་དྲན་དྲན་ཡིན་པར་ཐལ། མ་ཡིན་པ་དེ་ཡིན་པ་གང་ཞིག །ཡིན་པ་དེ་མ་ཡིན་པའི་ཕྱིར། གཞན་ཡང་མ་ཡིན་པ་ཡིན་པ་དང་། ཡིན་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་གང་རུང་ཡིན་པ་གང་ཞིག །དེ་གཉིས་གང་རུང་ཡིན་ན་གཉིས་ཀ་ཡིན་དགོས་པའི་ཕྱིར། དང་པོ་ཁས། གཉིས་པ་གྲུབ་སྟེ། དེ་གཉིས་དོན་གཅིག་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པ་ཡིན་པ་དང། ཡིན་པ་ལས་


GTD003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་གཉིས་ཀ་ཡིན་པར་ཐལ། མ་ཡིན་པ་ཡིན་པ་དང་། ཡིན་པ་མ་ཡིན་པ་གཉིས་ཀ་ཡིན་པའི་ཕྱིར། ཁྱབ་སྟེ། ཡིན་པ་མ་ཡིན་པ་དང། ཡིན་པ་ལས་ལོག་པ་གཉིས་ཀ་དོན་གཅིག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པ་ཆོས་ཅན། ཡིན་པ་དང་། ཡིན་པ་ལས་ལོག་པ་གཉིས་ཀ་མ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། གཞན་ཡང་འཐད་མི་འཐད་གཉིས་ཀྱི་ནང་ནས་མི་འཐད་པ་ཡིན་པར་ཐལ། ཡིན་མིན་གཉིས་ཀྱི་ནང་ནས་མ་ཡིན་པ་ཡིན་པའི་ཕྱིར། འདོད་ན། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་དང་འགལ་རིགས་པར་ཐལ། གང་འཐད་པ་དེ་མི་འཐད་ལ། གང་མི་འཐད་པ་དེ་འཐད་ཅེས་ཁས་ལེན་རིགས་པའི་ཕྱིར། རྟགས་སོང་། ཡང་ཁོ་ན་རེ། ཁྱོད་དང་གཅིག་ཡིན་ན་ཡོད་པས་ཁྱབ་ཟེར་ན། རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། ཡོད་པར་ཐལ། ཁྱོད་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། དངོས་པོ་ཡིན་པའི་ཕྱིར། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁོ་ན་རེ། བུམ་པ་ཁྱོད་དང་གཅིག་ཡིན་ན། ཁྱོད་བུམ་པ་དང་གཅིག་ཡིན་པས་ཁྱབ་ཟེར་ན། མ་ཡིན་པ་ལས་ལོག་པ་བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། ཁྱོད་བུམ་པ་དང་གཅིག་ཡིན་པར་ཐལ། བུམ་


GTD003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱོད་དང་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་བུམ་པ་མ་ཡིན་པ་ལས་ལོག་པ་བུམ་པ་མ་ཡིན་པ་ལས་ལོག་པ་དང་གཅིག་ཡིན་པར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པ་དང་གཅིག་གི་ཡིན་པ་འཇོག་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། ཁྱོད་དང་གཅིག་གི་ཡིན་པ་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཡང་ཁོ་ན་རེ། ཤེས་བྱ་ཁྱོད་ཀྱི་བྱེ་བྲག་ཡིན་ན། ཁྱོད་ཤེས་བྱའི་སྤྱི་ཡིན་པས་ཁྱབ་ཟེར་ན། རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེའི་རྟགས་གྲུབ་པར་ཐལ། དེ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པའི་ཚེ་ན་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་ཡིན་པར་རྟགས་མ་གྲུབ་ཅེས་བརྩི་རིགས་པ་གང་ཞིག །ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་ཚད་མ་ཆོས་ཅན། མི་རྟག་པའི་བྱེ་བྲག་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་མ་ཡིན་ཞིང་མི་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཁྱོད་མི་རྟག་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། ཁྱོད་མ་ཡིན་ཞིང་མི་རྟག་པ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། མི་རྟག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྗེས་དཔག་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྗེས་དཔག་ཡོད་པས་ཁྱབ་པའི་ཕྱིར། ཁ་


GTD003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གཅིག་དང་ཐ་དད་གཉིས་ཀྱི་ནང་ནས་གཅིག་ཏུ་ཁས་ལེན་མི་རིགས་པར་ཐལ། ཤེས་བྱ་གཅིག་དང་ཐ་དད་གཉིས་ཀྱི་ནང་ནས་གཅིག་ཏུ་ཁས་ལེན་མི་རིགས་པའི་ཕྱིར། དེར་ཐལ། ཤེས་བྱ་དུ་མར་ཁས་ལེན་པའི་ཕྱིར། དེར་ཐལ། ཤེས་བྱ་གྲངས་མེད་པར་ཁས་ལེན་པའི་ཕྱིར། དེར་ཐལ། སེམས་ཅན་གྲངས་མེད་པར་ཁས་ལེན་པའི་ཕྱིར། དེར་ཐལ། སེམས་ཅན་གྱི་སྐྱེ་བ་སྔ་མ་གྲངས་མེད་པར་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་རིགས་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་པའི་ཕྱིར། གཞན་ཡང་འདིའི་སྐྱེ་བ་སྔ་མ་ཆོས་ཅན། གཅིག་ཁོ་ན་ཡིན་པར་ཐལ། གཅིག་ཡིན་པའི་ཕྱིར། འདོད་ན། དམ་བཅའ་བ་འདི་ཆོས་ཅན། ཁྱོད་ཀྱི་འཁོར་བའི་ཡ་མཐའ་ཡོད་པར་ཐལ། ཁྱོད་ཀྱིས་སྔར་འཁོར་བར་སྐྱེ་བ་གཅིག་ཁོ་ན་བླངས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་སྔར་བླངས་པའི་འཁོར་བའི་སྐྱེ་བ་གཅིག་ཁོ་ན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། གཅིག་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཟེར་ན། ཐ་དད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དུ་མ་གཅིག་ཡིན་པར་ཐལ། ཐ་དད་གཅིག་ཡིན་པའི་ཕྱིར། གཉིས་གཅིག་ཡིན་པར་ཐལ། དུ་མ་གཅིག་ཡིན་པའི་ཕྱིར། འདོད་ན། བརྒྱ་སྟོང་སོགས་ཀྱང་གཅིག་ཡིན་པར་ཐལ་ལོ། །འདོད་ན། བརྒྱ་སྟོང་སོགས་ལ་མང་ཉུང་མེད་པར་ཐལ་ལོ། །དེ་རེ་རེ་ནས་གཅིག་ཡིན་པའི་ཕྱིར། ཁོ་ན་རེ། དེ་མི་འདྲ་བར་ཐལ། གཉིས་གཅིག་མ་ཡིན་པའི་ཕྱིར། དེར་ཐལ། མི་གཉིས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་གཉིས་གཅིག་མ་ཡིན་པར་ཐལ། མི་གཉིས་མི་གཅིག་མ་ཡིན་པའི་ཕྱིར་ཟེར་ན། འོ་ན་


GTD003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ང་དང་འདྲ་བར་ཐལ། མི་དུ་མ་མི་གཅིག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མི་གཅིག་ཡིན་པར་ཐལ། མི་ཡོད་པའི་ཕྱིར་ཟེར་ན། འོ་ན་གཞི་གྲུབ་ན་མི་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱི་རྒན་རྒྱ་བོ་ཆོས་ཅན། མི་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དགེ་སློང་རྣམ་དག་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་འཁོར་སྐོར་མཁན་གཅིག་ཡིན་པར་ཐལ་ལོ། །གཞན་ཡང་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཆོས་ཅན། གཅིག་ཡིན་པར་ཐལ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་དངོས་པོ་གཅིག་ཡིན་པར་ཐལ་ལོ། །འདོད་ན། གནོད་བྱ་གནོད་བྱེད་གཅིག་ཡིན་པར་ཐལ་ལོ། །འདོད་ན། སྤང་བྱ་གཉེན་པོ་གཅིག་ཡིན་པར་ཐལ་ལོ། །འདོད་ན། འཁོར་འདས་གཅིག་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། གནོད་བྱ་གནོད་བྱེད་འགལ་བ་ཡིན་པར་ཐལ། ཐ་དད་གང་ཞིག། །གཞི་མཐུན་མི་སྲིད་པའི་ཕྱིར། དང་པོ་ཁས། གཉིས་པ་གྲུབ་སྟེ། དེའི་གཞི་མཐུན་ཡིན་ན་དེ་གཉིས་རེ་རེ་ནས་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པར་ཐལ། འགལ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། འདོད་ན། ཚ་རེག་དང་གྲང་རེག་


GTD003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གནོད་བྱ་གནོད་བྱེད་མ་ཡིན་པར་ཐལ་ལོ། །འདོད་ན། མེ་དུ་གཉིས་རྒྱུ་འབྲས་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། དེར་ཐལ། རྟེན་བྱུང་འབྲེལ་གྱི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། འབྲེལ་བ་ཡིན་ན་བདག་གཅིག་འབྲེལ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། རྒྱུ་འབྲས་ཐམས་ཅད་འབྲེལ་མེད་དོན་གཞན་མ་ཡིན་པའི་ཕྱིར་ཟེར་ན། འོ་ན་ཚ་རེག་གྲང་རེག་གཉིས་པོ་དེ་གནོད་བྱ་གནོད་བྱེད་ཡིན་ཀྱང་། གནོད་བྱ་གནོད་བྱེད་གཉིས་ཀ་མ་ཡིན་པའི་ཞིབ་ཆ་འབྱེད་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷ་ལུང་དཔལ་རྡོར་དང་རྒྱལ་པོ་གླང་དར་མ་གཉིས་གསོད་བྱ་གསོད་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་བསྒྱུར་གསོ་སྦྱོང་འཕགས་དང་རྒྱལ་བུ་ང་ལས་ནུ་གཉིས་ཕ་བུ་ཡིན་པར་ཐལ། དེ་གཉིས་རྒྱུ་འབྲས་ཡིན་ཚུལ་ཡོད་པའི་ཕྱིར། འདོད་ན། ཕ་བུའི་ཡིན་པ་ཡོད་པར་ཐལ་ལོ། །འདོད་ན། ཕ་དང་བུ་མོའི་ཡིན་པ་ཡང་ཡོད་པར་ཐལ་ལོ། །འདོད་ན། བྱ་རོག་དང་འུག་པའི་ཡིན་པ་ཡོད་པ་དང། ཀ་བ་དང་བུམ་པའི་ཡིན་པ་ཡོད་པ་སོགས་ཡིན་པ་མི་སྲིད་པ་ཐམས་ཅད་ཀྱི་ཡིན་པ་ཡོད་པར་ཐལ། དེ་ཡོད་ཀྱང་དེ་གཉིས་ཀའི་ཡིན་པ་མེད་པས་ཞིབ་ཆ་འབྱེད་རིགས་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཡང་ཁ་ཅིག །བརྒྱ་གཅིག་མ་ཡིན་པར་ཐལ། རྡུལ་ཕྲ་རབ་བརྒྱ་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། རྡུལ་ཕྲ་རབ་བརྒྱ་ཆོས་ཅན། ཁྱོད་རྡུལ་ཕྲ་རབ་གཅིག་ཡིན་པར་ཐལ། ཁྱོད་རྡུལ་ཕྲ་རབ་གཅིག་དང་བོངས་ཚོད་མཉམ་པའི་གཟུགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྡུལ་ཕྲ་རབ་གཅིག་ལས་ཆེ་བར་ཐལ།


GTD003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་དང་བོངས་ཚོད་མི་མཉམ་ཚུལ་ཡོད་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ལས་ཆེ་བའི་རྡུལ་ཕྲ་རབ་ཡོད་པར་ཐལ། བུམ་པའི་རྡུལ་ཕྲ་རབ་ཐམས་ཅད་པོ་དེ་ཡིན་པའི་ཕྱིར། འདོད་ན། བུམ་པ་ལས་ཆེ་བའི་རྡུལ་ཕྲ་རབ་ཡོད་པར་ཐལ། རི་རབ་ཀྱི་ཚོགས་པའི་རྡུལ་ཕྲ་རབ་ཐམས་ཅད་པོ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་བུམ་པའི་གོ་སར་མི་ཤོང་བའི་ཕྱིར། འདོད་ན། ཁང་པ་ཀ་བཞི་མ་གཅིག་ལས་ཆེ་བའི་མི་གཅིག་གླིང་འདིར་ཡོད་པར་ཐལ། གླིང་འདིའི་མི་ཐམས་ཅད་དེར་མི་ཤོང་བའི་ཕྱིར། གཞན་ཡང་ཟླ་བ་གཅིག་ལས་རིང་བའི་དུས་མཐའི་སྐད་ཅིག་མ་གཅིག་ཡོད་པར་ཐལ། ལོ་འདིའི་བརྩི་གཞིར་གྱུར་པའི་དུས་མཐའི་སྐད་ཅིག་མ་ཐམས་ཅད་པོ་དེ་ཡིན་པའི་ཕྱིར། དེར་ཐལ། དེའི་འགོ་ཚུགས་ནས་མཇུག་རྫོགས་པའི་བར་ལ་ཟླ་བ་བཅུ་གཉིས་འགོར་དགོས་པའི་ཕྱིར། དེར་ཐལ། ཟླ་བ་དང་པོའི་ཚེས་གཅིག་དང་དེ་གཉིས་གྲུབ་པ་དུས་མཉམ་གང་ཞིག །བཅུ་གཉིས་པའི་གནམ་སྟོང་དང་དེ་གཉིས་རྫོགས་པ་དུས་མཉམ་ཡིན་པའི་ཕྱིར། བྱས་པ་ལ། དེ་ཆོས་ཅན། ཁྱོད་གྲུབ་པ་དང་འགག་པ་གཉིས་ཀྱི་འགག་པ་སྔ་བར་ཐལ། བཅུ་གཉིས་པའི་གནམ་སྟོང་རྫོགས་ཚེ་འགགས་པ་གང་ཞིག །ཟླ་བ་དང་པོའི་ཚེས་གཅིག་གི་ཉིན་གྲུབ་དགོས་པའི་ཕྱིར་ཟེར་ན། འོ་ན། སྐྱེ་བ་དང་འཆི་བ་གཉིས་ཀྱི་སྔ་མ་འཆི་བ་ཡིན་པར་ཐལ། ཤི་མ་ཐག་སྐྱེ་བ་ལེན་དགོས་པའི་ཕྱིར། ཁྱབ་པ་འགྲིག །འདོད་མི་ནུས་ཏེ། མདོ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ལོ་ཡང་དུས་མཐའི་སྐད་ཅིག་མའི་ཡུན་ཚད་ཅན་མ་ཡིན་པར་ཐལ། ཁྱོད་ཀྱི་སྒྲུབ་ཚུལ་འཐད་པའི་ཕྱིར།


GTD003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་མི་ནུས་ཏེ། དེ་སྐད་ཅིག་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་གིས་འཇིག་ཅེས་པའི་སྐད་ཅིག་དེ་དུས་མཐའི་སྐད་ཅིག་མ་ལ་བྱེད་པའི་ཕྱིར་ན་མ་ཁྱབ་སྟེ། ལོ་རྫོགས་པར་གྲུབ་ཟིན་པས་སྐད་ཅིག་མ་ལས་མི་སྡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ལོ་རྫོགས་པར་གྲུབ་དུས་མེད་པར་ཐལ། ཟླ་བ་བཅུ་གཉིས་མཉམ་དུ་གྲུབ་དུས་མེད་པའི་ཕྱིར་ན། མ་ཁྱབ་སྟེ། ཟླ་བ་བཅུ་གཉིས་པའི་གནམ་སྟོང་གི་ཉིན་ལོ་རྫོགས་པར་གྲུབ་པའི་ཕྱིར། དེ་ལ་ཁོ་ན་རེ། བཅུ་གཉིས་པའི་གནམ་སྟོང་གི་དུས་ཆོས་ཅན། ཟླ་བ་བཅུ་གཉིས་ཅན་གྱི་ལོ་དེ་རྫོགས་པར་གྲུབ་ཟིན་པར་ཐལ། ལོ་རྫོགས་པར་གྲུབ་པ་གང་ཞིག །ལོ་ལ་ཟླ་བ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱིས་ཁྱབ་པའི་ཕྱིར། དེར་ཐལ། ཞག་གསུམ་མི་ལོངས་པའི་ལོ་གཅིག་མེད་པའི་ཕྱིར། གོང་དུ་འདོད་ན། དེའི་ཚེ་ཟླ་བ་བཅུ་གཉིས་རྫོགས་པར་གྲུབ་པར་ཐལ། དེའི་བདག་ཉིད་ཅན་གྱི་ལོ་རྫོགས་པར་གྲུབ་པའི་ཕྱིར། འདོད་ན། དུས་དེ་ཆོས་ཅན། ཟླ་བ་བཅུ་གཉིས་གྲུབ་པར་ཐལ། རྫོགས་པར་གྲུབ་པའི་ཕྱིར། འདོད་ན། དེ་དུས་ཟླ་བ་དང་པོ་ཡོད་པར་ཐལ་ལོ། །དེ་གྲུབ་པའི་ཕྱིར་ཟེར་ན། ཞག་གསུམ་མི་ལོངས་པའི་ལོ་གཅིག་ཡོད་པར་ཐལ། ཞག་གསུམ་མ་ལོན་པར་ལོ་གཉིས་ལོན་པ་ཡོད་པའི་ཕྱིར། དེར་ཐལ། དེའི་གནམ་སྟོང་ལ་སྐྱེས་པའི་བྱིས་པ་དེ་ལོ་གསར་གྱི་ཚེས་གཅིག་གི་ཚེ་ལོ་གཉིས་ལོན་པའི་ཕྱིར། ཡང་ཁོ་ན་རེ། བུམ་པའི་ཚོགས་པ་ན་ཡོད་པའི་རྡུལ་ཕྲ་རབ་ཐམས་ཅད་རྡུལ་མ་ཡིན་པར་ཐལ། དེ་ཐམས་ཅད་ཅེས་པ་ཚོགས་པའི་སྤྱི་ཙམ་ལ་བྱེད་པའི་ཕྱིར། དེར་ཐལ། ཤེས་བྱ་ཐམས་ཅད་རྟག་པ་ཡིན་ཚུལ་ཡོད་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། དེ་ཐམས་ཅད་ཅེས་པ་ཚོགས་པའི་


GTD003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རགས་པ་ལའང་བྱེད་པ་མི་འཐད། ཚོགས་ཙམ་གྱི་ཆའམ་འབྲེལ་བ་ལ་བྱེད་ན་བཏགས་ཡོད་དུ་འགྱུར་བའི་ཕྱིར། དང་པོ་མ་གྲུབ་ན། དེ་ཐམས་ཅད་བུམ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཐམས་ཅད་ལ་ཞབས་མཆུ་སོགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འདིའི་ལུས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་ཡན་ལག་ལྔ་ལྡན་ཡིན་པར་ཐལ་ལོ། །འདོད་ན། གང་ཟག་ལ་ཡོད་ན། གང་ཟག་ཐམས་ཅད་ལ་ཡོད་པས་ཁྱབ་པར་ཐལ། གང་ཟག་ཐམས་ཅད་ཅེས་པ་སྤྱི་ལྡོག་ཙམ་ལ་བྱེད་པའི་ཕྱིར། འདོད་ན། གང་ཟག་ཐམས་ཅད་ལ་ཡན་ལག་གྲངས་མེད་ཡོད་པར་ཐལ། གང་ཟག་ལ་དེ་ཡོད་པའི་ཕྱིར། དེར་ཐལ། གང་ཟག་གི་མ་ཡིན་པའི་ལུས་ཀྱི་ཡན་ལག་མེད་པའི་ཕྱིར། གོང་དུ་འདོད་ན། དེ་ཐམས་ཅད་ལ་སྡོམ་པ་ཡོད་པར་ཐལ། གང་ཟག་ལ་དེ་ཡོད་པའི་ཕྱིར། དེར་ཐལ། གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་སྡོམ་པ་ཡོད་པའི་ཕྱིར། དེར་ཐལ། དམ་བཅའ་བ་འདིའི་རྒྱུད་ཀྱི་སྡོམ་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་སྡོམ་པ་ཡིན་པའི་ཕྱིར། རང་ལུགས་ལ་ཡོད་མེད་གཉིས་ཀྱི་ནང་ནས་ཡོད་པ་ཡིན་བྱས་པ་ལ། མི་འཐད་པར་ཐལ། མེད་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། བུམ་པ་མེད་པ་ཡོད་པའི་ཕྱིར། གཞན་ཡང་བུམ་པ་མེད་པ་ཆོས་ཅན། མེད་པར་ཐལ། ཆད་མཐའ་ཡིན་པའི་ཕྱིར། དེར་ཐལ། སྐུར་འདེབས་ཀྱི་མཐའ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་མེད་པར་བལྟ་བའི་ལྟ་བ་སྐུར་འདེབས་ཀྱི་ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། བུམ་པ་མེད་


GTD003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པར་བལྟ་བ་དེའི་ཞེན་ཡུལ་གང་ཞིག །དེའི་ཞེན་ཡུལ་ལ་སྐུར་འདེབས་ཀྱི་མཐའ་གཅིག་དགོས་པའི་ཕྱིར། དེར་ཐལ། དེའི་ཞེན་ཡུལ་འཇོག་རྒྱུ་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཚད་མའི་གཞལ་བྱ་མ་ཡིན་པར་ཐལ། ལོག་ཤེས་ཀྱི་འཛིན་སྟངས་ཡིན་པའི་ཕྱིར། ཁྱབ་སྟེ། འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་པའི་ཕྱིར། གཞན་ཡང་ཡོད་པ་ཁོ་ན་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། འདོད་ན། མེད་པ་མེད་པར་ཐལ། ཡོད་པ་ཁོ་ན་ཡིན་པའི་ཕྱིར། འདོད་ན། མེད་པ་ཆོས་ཅན། ཡོད་པར་ཐལ། མདུན་གྱི་གཞི་འདིར་ཡོད་པའི་ཕྱིར། མ་གྲུབ་ན། མདུན་གྱི་གཞི་འདིར་མེད་པ་ཡོད་པར་ཐལ། རྒྱ་གར་རྡོ་རྗེ་གདན་དེ་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདུན་གྱི་གཞི་འདིར་མེད་པ་ཡོད་ཀྱང་མེད་པ་མདུན་གྱི་གཞི་འདིར་མེད་ཟེར་ན། འོ་ན་མདུན་གྱི་གཞི་འདིར་མེད་པའི་བུམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ས་བོན་ལས་མ་སྐྱེས་པའི་མྱུ་གུ་ཡོད་པར་ཐལ་ལོ། །འདོད་ན། འདིར་མ་བརྩིགས་པའི་ཕོ་བྲང་ནང་དུ་མ་སྐྱེས་པའི་རྒྱལ་པོ་འཁོར་བཅས་ཡོད་པར་ཐལ་ལོ། །གཞན་ཡང་མེད་པ་ཆོས་ཅན། ཁྱོད་རི་རབ་དང་བོངས་ཚོད་མཉམ་པར་ཐལ། རི་རབ་ཀྱི་རྩེ་མོ་ན་ཁྱོད་ཀྱི་རྩེ་མོ་ཡོད་པ་གང་ཞིག །རྒྱ་མཚོའི་གཏིང་དུ་ཁྱོད་ཀྱི་མཇུག་མ་ཡོད་པའི་ཕྱིར། གཞན་ཡང་ཡོད་པ་མ་ཡིན་པར་ཐལ། གཞལ་བྱ་མ་ཡིན་པའི་ཕྱིར། དེར་ཐལ། རང་མཚན་མ་ཡིན་པ་གང་ཞིག །སྤྱི་མཚན་མ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ཟེར་ན། འོ་ན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། འདོད་ན། ཆོས་གང་ཡང་རུང་བའི་དོན་སྤྱི་ཡིན་པར་ཐལ།


GTD003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན། འོ་ན་ཁྱོད་རང་ལ་ཤེས་བྱ་ཆོས་ཅན། ཁྱོད་སྣང་ཡུལ་དུ་བྱེད་པའི་རྟོག་པ་ཡོད་པར་ཐལ། ཁྱོད་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྟོག་པ་སྤྱི་ལྡོག་མ་དེའི་སྣང་ཡུལ་ཡིན་པའང་མི་འཐད། རྟོག་པ་བྱེ་བྲག་པ་དེའི་སྣང་ཡུལ་ཡིན་པའང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། ཤེས་བྱ་སྣང་ཡུལ་དུ་བྱེད་པའི་རྟོག་པ་དང་། ནམ་མཁའ་སྣང་ཡུལ་དུ་བྱེད་པའི་རྟོག་པ་གཉིས་དོན་གཅིག་ཡིན་པར་ཐལ། དེ་གཉིས་ཀ་ལ་རྟོག་པ་སྤྱི་ཙམ་པ་མ་གཏོགས་འཇོག་རྒྱུ་མེད་པའི་ཕྱིར། འདོད་ན། དེ་འདྲ་བའི་རྟོག་པ་མངོན་གྱུར་དུ་རྒྱུད་ལ་ལྡན་པའི་གང་ཟག་གི་ཡིན་པ་མེད་པར་ཐལ། དེ་ལ་སྤྱི་ལྡོག་གིས་ཁྱབ་པའི་ཕྱིར། འདོད་ན། སྐྱེ་འཕགས་སུའི་རྒྱུད་ནའང་མེད་པར་ཐལ་ལོ། །གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་ལ་རྟོག་པ་བྱེ་བྲག་པ་གཅིག་མེད་པར་ཐལ། ཤེས་བྱ་འཛིན་པའི་རྟོག་པ་དེ་མ་ཡིན་པ་གང་ཞིག །ཆོས་གཞན་འཛིན་པའི་རྟོག་པ་གཅིག་མེད་པའི་ཕྱིར། དང་པོ་མ་གྲུབ་ན། ཁྱོད་དེའི་སྣང་ཡུལ་མ་ཡིན་པར་ཐལ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། རྟགས་ཁས། ཡང་རྟོག་པ་དེ་ཁྱོད་ལ་འཁྲུལ་བར་ཐལ། ཁྱོད་རྟོག་པ་དེའི་སྣང་ཡུལ་ཡིན་པའི་ཕྱིར། ཡང་རྟོག་པ་དེ་ཁྱོད་ལ་མ་འཁྲུལ་བར་ཐལ། དེ་རྟོག་པ་དོན་མཐུན་གང་ཞིག །ཁྱོད་དེའི་ཞེན་ཡུལ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཆོས་གཞན་འཛིན་པའི་རྟོག་པ་མེད་པར་ཐལ། བུམ་པ་རྟོགས་པའི་རྟོག་པ་གཅིག་མེད་བདག་མེད་རྟོགས་པའི་རྟོག་པ་གཅིག་ཀྱང་མེད་པས་དེའི་ཞེན་ཡུལ་ངོས་


GTD003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས། དེ་དང་ཤེས་བྱ་གཉིས་འདྲེས་རུང་དུ་འཛིན་ཚུལ་མེད་པའི་ཕྱིར། ཡང་ཁོ་ན་རེ། ཡོད་མེད་གཉིས་ཀྱི་ནང་ནས་མེད་པ་མ་ཡིན་པར་ཐལ། མིག་ཤེས་ཚད་མས་མངོན་སུམ་དུ་རྟོགས་ཤིང། རྣ་ཤེས་ཚད་མས་མངོན་སུམ་དུ་རྟོགས་པ་གང་ཞིག །དེ་ལྟར་མངོན་སུམ་དུ་མཐོང་བཞིན་དུ་སྐུར་བ་འདེབས་མི་རུང་བའི་ཕྱིར། ཟེར་ན། འོ་ན་གཟུགས་ཀྱི་སྐྱེ་མཆེད་དང་སྒྲའི་སྐྱེ་མཆེད་གཉིས་ཀ་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་དང་རྣ་ཤེས་ཀྱི་མཉན་བྱ་གཉིས་ཀ་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། མིག་ཤེས་ཀྱི་གཟུང་བྱ་ལ་གཟུགས་ཀྱི་སྐྱེ་མཆེད་ཀྱིས་མ་ཁྱབ་པ་གང་ཞིག །རྣ་ཤེས་ཀྱི་མཉན་བྱ་ཡང་སྒྲ་དང་དོན་གཅིག་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དམ་བཅའ་བ་འདིས་བ་ལང་དཀར་ཟལ་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་སྟེ། དེ་མངོན་སུམ་དུ་རྟོགས་བྱེད་མངོན་སུམ་བཞི་ལས་དབང་མངོན་ཡིན་གྱི། མངོན་ཤེས་ལྔ་ལྟ་བུའི་དམིགས་བསལ་ཅན་མ་གཏོགས་ཚུར་མཐོང་གི་ཡིད་མངོན་ལ་སྣང་ལ་མ་ངེས་པས་ཁྱབ་པའི་ཕྱིར། གཉིས་པ་གྲུབ་སྟེ། འདོན་བཞིན་པ་མ་ཡིན་པའི་གང་ཟག་གི་རྒྱུད་ཀྱི་མངོན་རྟོགས་རྒྱན་རྣ་ཤེས་ཀྱི་མཉན་བྱ་མ་ཡིན་པ་གང་ཞིག །སྒྲ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཐོས་པའི་རྣ་ཤེས་ཚད་མ་མེད་པའི་ཕྱིར། དེར་ཐལ། དབང་མངོན་གྱིས་ཡུལ་དུས་མཉམ་པ་འཛིན་པ་གང་ཞིག །དེས་དེ་ཐོས་བཞིན་པ་ཡིན་ན། སྒྲ་དེ་ཡང་གྲགས་བཞིན་པ་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་ཚོགས་པའི་རྡུལ་རྣམས་ལུས་ཀྱི་ཚོགས་པ་དང་གོ་ས་གང་དུ་ཡོད་པ་སོགས་ཤིན་ཏུ་དཔྱད་དཀའ་བའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། སྒྲ་ཡིན་པར་ཐལ། ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་རྗོད་བྱེད་རྣམ་དག་ཡིན་པའི་ཕྱིར་རོ། །སྨྲས་པ།


GTD003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དོན་ཟབ་མོའི་ལུས་ཀྱི་རྩལ་རྫོགས་ཀྱང། །རིགས་ལམ་འཕྲུལ་གྱི་མཆེ་སྡེར་མི་ལྡན་པ། །རྒོལ་ངན་གླང་པོ་འཇོམས་པར་མི་ནུས་པས། །ཚིག་འཁྲིའི་སྦྱོར་བ་འགའ་ཟུང་གཏམ་དུ་སྨྲས། །ཁྱད་པར་གཞི་དང་མ་འབྲེལ་སྤྱི་ལྡོག་མ། །རྣམ་པ་གཞི་མེད་སྐྱེས་བུའི་དོན་མིན་ལོ། །ངེས་བཟུང་མེད་ལ་མེད་ཅེས་སྨྲ་བ་ཡང། །མི་རུང་མིང་ཙམ་དབུ་མའི་འཕྲུལ་འདེགས་ཡིན། །ཞེས་ཉམས་དགའ་བའི་ཚུལ་དུ་སྨྲས་པའོ། །ཞེས་པ་འདི་ནི་འདྲེན་མཆོག་དམ་པ་མཆོག་སྤྲུལ་རིན་པོ་ཆེ༸གུང་ཐང་འཇམ་པའི་དབྱངས་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས་སྐབས། རིགས་པའི་བརྡར་ཤ་ཆོད་པའི་ཕྱིར་བསྡུས་གྲྭ་པ་རྣམས་ལ་སྲོད་ཆོས་སུ་གནང་བ་ལས་བསྡུས་གྲྭ་པ་རྣམས་ཀྱིས་ཟིན་བྲིས་སུ་བགྱིས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རིགས་པའི་མཆེ་སྡེར་མེད་པ་སྤང་སེང་དང། །གཞུང་ལུགས་རལ་བ་བྱི་བའི་འདམ་སེང་གིས། །ཐུབ་བསྟན་གངས་རི་སྐྱོང་བར་མི་ནུས་པས། །ལུང་རིགས་གཉིས་འཛོམ་གངས་ཀྱི་སེང་གེར་མཛོད། །


previousརིགས་ལམ་འཕྲུལ་གྱི་ལྡེ་མིགnext