Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
བསྟན་འབར་མའི་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་འབར་མའི་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ།next

བསྟན་འབར་མའི་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ།


GTD003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བའི་རྒྱལ་པོ་བསྟན་འབར་མའི་དགོངས་དོན་རྒྱ་ཆེར་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


GTD003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་ཐུགས་རྗེ་ཆེན་པོའི་དབང་གྱུར་ཏེ། །ཕྱིན་དྲུག་བསྡུ་བཞིའི་སྤྱོད་པ་མཐར་སོན་པས། །མི་འཇིགས་བཞི་ལྡན་གོ་འཕང་མཆོག་བརྙེས་པ། །སྟོན་པ་མཉམ་མེད་དེ་ལ་མགོས་ཕྱག་འཚལ། །གང་གིས་མཐའ་ཡས་བསྐལ་པར་རབ་བསྒྲུབས་པ། །མཁའ་མཉམ་འགྲོ་བའི་སྡུག་བསྔལ་མུན་སེལ་ཞིང། །མངོན་མཐོ་ངེས་ལེགས་ལམ་བཟང་གསལ་བྱེད་མཆོག །བསྟན་པ་རིན་ཆེན་སྒྲོན་མེ་འདི་ཁོ་ན། །དེ་ཉིད་རིང་དུ་འབར་བར་སྨོན་པ་ནི། །དུས་གསུམ་རྒྱལ་བའི་བཞེད་དགོངས་མཐར་ཐུག་དང། །རྣམ་དག་སྨོན་པའི་ཆུ་བོ་མ་ལུས་པ། །གཅིག་ཏུ་འཁྱིལ་པའི་ཡིད་བཞིན་རྒྱ་མཚོ་ཡིན། །དེ་ཕྱིར་ལྷ་མིའི་སྟོན་པ་མཆོག་དེ་ཡི། །དཔལ་གྱི་མགུར་ནས་ལེགས་གསུང་སྨོན་ཚིག་གི །དཔག་བསམ་མྱུ་གུ་དོན་གྱི་ཡལ་གའི་ཕྱོགས། །རྫོགས་པའི་དགེ་མཚན་ཀུན་ཏུ་སྤྲོ་བར་བྱ། །དེའང་


GTD003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་བསྐལ་པ་ཆེན་པོ་གྲངས་མེད་པ་དུ་མར་བྱ་དཀའ་བའི་སྤྱོད་པ་དཔག་ཏུ་མེད་པ་ཉམས་སུ་བཞེས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་མཛད་པའང། ཉན་རང་རྣམས་ཀྱིས་ཞི་བདེ་བསྒྲུབས་པ་བཞིན་དུ་རྒྱུ་དང་འབྲས་བུའི་གནས་སྐབས་གང་དུའང་རང་དོན་ཡིད་བྱེད་ཀྱི་དྲི་མ་ཕྲ་མོ་ཙམ་ཡང་མེད་པར་སེམས་ཅན་གྱི་དོན་འབའ་ཞིག་ཡིན་ལ། སེམས་ཅན་གྱི་དོན་ཡང་ཉི་ཚེ་བ་ཙམ་གྱིས་མི་ཆོག་པས་ཐབས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་ནི་རྒྱལ་བའི་སྲས་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་ཞེས་དང་། སྔགས་རིམ་ཆེན་མོ་ལས། བསྟན་པ་ཁོ་ན་ལྷར་བཅས་འགྲོ་བ་ཡི། །བདེ་ལེགས་ཀུན་གྱི་རྩ་བར་ཡིད་ཆེས་ནས། །ཞེས་


GTD003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ཁོ་ན་སེམས་ཅན་མཐའ་དག་གི་སྡུག་བསྔལ་མ་ལུས་པ་སེལ་བའི་ཐབས་དང་། བདེ་བ་མ་ལུས་པ་སྒྲུབ་པའི་ཐབས་སུ་གྱུར་པ་ཡིན་ཏེ། འགྲོ་བ་རྣམས་ཐོག་མེད་ནས་ལྷན་སྐྱེས་སུ་གོམས་པ་ནི་དུག་གསུམ་གྱི་ཕྱོགས་ཁོ་ན་ཡིན་པས། དེའི་དབང་གིས་སྡུག་བསྔལ་འབའ་ཞིག་ལས་མི་འབྱུང་ལ། འབྲས་བུ་བདེ་བའི་ཆ་ཐམས་ཅད་ནི་རྒྱུ་དགེ་བ་འབའ་ཞིག་ལས་འབྱུང་ཞིང་། དེའི་སྒྲུབ་ཚུལ་རང་སྟོབས་ཀྱིས་ཤེས་མི་ནུས་པས། སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་ལ་བརྟེན་ནས་བླང་དོར་གྱི་རྣམ་དབྱེ་ཤེས་ཤིང་ལག་ཏུ་བླང་དགོས་པའི་ཕྱིར་རོ། །དེས་ན་རྒྱལ་བ་ཀུན་གྱི་དགོངས་བཞེད་མཐར་ཐུག་པ་དང། ལུས་ཅན་ཀུན་གྱི་འདོད་དོན་མ་ལུས་པ་འགྲུབ་པའི་སྒོ་གཅིག་པུར་གྱུར་པ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་ཕྱིར་སྨོན་པའི་ཚིགས་སུ་བཅད་པ་བསྟན་འབར་མ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་དོན་འཆད་པ་ལ་གསུམ། རྟོགས་ལྡན་འཇུག་པའི་ཡན་ལག་ཏུ་བསྔོ་བའི་དགོས་པ་བཤད་པ། དགོས་པ་དེ་ལྡན་གྱི་བསྔོ་བ་ཇི་ལྟར་མཛད་ཚུལ་བཤད་པ། བསྔོ་བའི་གཞུང་གི་ཚིག་དོན་དངོས་བཤད་པའོ། །དང་པོ་ལ་བསྔོ་བ་སྤྱིའི་དགོས་པ་དང་། ཁྱད་པར་དུ་བསྟན་པ་རྒྱས་པའི་ཕྱིར་བསྔོ་བའི་དགོས་པ་བཤད་པ་གཉིས། དང་པོ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། ཡོངས་སུ་བསྔོ་བ་ནི་ཆུད་མ་ཟོས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་འདྲ་བར་ཟད་པ་མེད་པའི་ཕྱིར་རོ། །ཞེས་


GTD003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འགྲེལ་ཆུང་དོན་གསལ་ལས། བསྔོ་བ་ཡིད་ལ་བྱེད་པས་ནི་གསེར་མགར་གྱིས་རྒྱན་ལ་སོགས་པ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །ཞེས་དགེ་བའི་རྩ་བ་ཆུད་མི་ཟ་ཞིང་གོང་དུ་འཕེལ་བའི་ཐབས་བླ་ན་མེད་པར་བསྔགས་ལ། མདོ་ལས་ཀྱང། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་སོ། །ལུང་འདི་ཉིད་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བར་གྲགས་ཆེའང་། བོད་དུ་འགྱུར་བའི་མདོ་དེར་མི་སྣང་ལ། བློ་གྲོས་མི་ཟད་པའི་མདོར་དོན་དེ་ཇི་ལྟ་བ་ཚིག་ལྷུག་ཏུ་འབྱུང་བས་བརྟག་དགོས། སྤྱིར་དགེ་བ་སྒྲུབ་ཚུལ་ཕྱི་རོལ་པའི་གཞུང་དུའང་བཤད་མོད་ཀྱང་། སེམས་ཅན་གྱི་དོན་དུ་བསྔོ་བས་ཁ་བསྒྱུར་བའི་ཐབས་མཁས་འདི་ནི་རྒྱལ་བའི་བསྟན་པ་འབའ་ཞིག་གི་ཁྱད་ཆོས་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་ཞེས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་འབྱུང་བ་ལྟར་རོ། །དེར་མ་ཟད་རང་དོན་གྱི་འཁྲི་བ་མེད་པར་གཞན་དོན་འབའ་ཞིག་ཏུ་བསྔོ་བ་ནི་ཐེག་ཆེན་ཁོ་ནའི་སྒོས་ཆོས་ཡིན་པས། ཉན་ཐོས་ཐེག་པ་དེ་


GTD003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔའ་ག་ལ་འགྱུར། །ཞེས་གསུངས་ལ། སྤྱོད་འཇུག་ཏུ། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །ཞེས་ལུས་ལོངས་སྤྱོད་གཏོང་བར་མ་ཟད། དེ་དག་བཏང་བའི་དགེ་བའང་གཞན་དོན་ཁོ་ནར་བསྔོས་ཏེ་ཡིད་ཀྱིས་སེམས་ཅན་ལ་གཏོང་བ་ནི་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པའི་སྒོ་བླ་ན་མེད་པར་བསྔགས་པའང་རྩ་བ་འདི་ལ་ཐུག་གོ །འོ་ན་བསྔོ་བ་དང་སྨོན་ལམ་ལ་ཁྱད་པར་ཅི་ཡོད། འདི་དེ་གཉིས་ཀྱི་གང་ཡིན་སྙམ་ན། གཙང་ཆུང་ཆོས་གྲགས་སོགས་ཀྱིས། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །ཞེས་སོགས་ལ་བརྟེན་ཏེ་དེ་གཉིས་དོན་གཅིག་པར་འདོད་ཀྱང་། དབུས་མཐའ་ལས། མི་ཟད་པ་དང་རྟག་འཇུག་དང། །ཞེས་པའི་ཐད་ཀྱི་དབྱིག་འགྲེལ་ལས། ཡོངས་སུ་བསྔོ་བས་སྦྱིན་སོགས་ཀྱི་དགེ་བ་མི་ཟད་པར་བྱེད་དོ། །སྨོན་ལམ་གྱིས་ནི་སྦྱིན་སོགས་བྱེད་པ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་སྦྱིན་སོགས་ཀྱི་བྱ་བ་ལ་རྟག་ཏུ་འཇུག་པ་འཐོབ་བོ། །ཞེས་བསྔོ་བས་སྔར་བྱས་ཀྱི་དགེ་བ་སྤེལ་བ་དང་། སྨོན་ལམ་ནི་སླར་དགེ་བ་ལ་འཇུག་པའི་རྒྱུར་འགྱུར་བས་བྱེད་ལས་ཀྱི་སྒོ་ནས་སོ་སོར་གསུངས་པ་དང་། སྤྱོད་འཇུག་དར་ཊཱིཀ་ལས། བསྔོ་བ་དང་སྨོན་ལམ་ཁྱད་པར་ཆེར་མེད་མོད་ཀྱི། འདོད་བྱའི་འབྲས་བུ་དོན་གཉེར་གྱི་འདུན་པས་ཁྱད་པར་དུ་བྱས་པ་སྨོན་ལམ་དང་། རྒྱུའི་དགེ་བ་རྣམས་འབྲས་བུ་དེའི་རྒྱུར་འགྱུར་


GTD003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུན་པས་ཁྱད་པར་དུ་བྱས་པ་བསྔོ་བའོ། །ཞེས་སོགས་ཁུངས་ཐུབ་དུ་མས་སྨོན་ལམ་ལ་བསྔོ་བྱའི་རྫས་ཁྱད་གཞིར་བྱས་པས་མ་ཁྱབ་ཅིང། བསྔོ་བ་ལ་བསྔོ་བྱའི་རྫས་དེ་ཉིད་ཁྱད་པར་གྱི་གཞིར་བཟུང་ནས། དེའི་སྟོབས་ཀྱིས་འདི་དང་འདི་ལྟར་གྱུར་ཅིག་ཅེས་སྨོན་པ་ཞིག་དགོས་པས། སྨོན་ལམ་དང་བསྔོ་བ་གཉིས་སྤྱི་དང་བྱེ་བྲག་གི་ཚུལ་ལྟ་བུར་གསུངས་པ་དེ་དག་གང་ལྟར་ནའང་། གཞུང་འདི་ནི་བསྔོ་སྨོན་གཉི་གར་འཇོག་དགོས་པར་མངོན་ནོ། །གཉིས་པ་ཁྱད་པར་དུ་བསྟན་པ་རྒྱས་པའི་ཕྱིར་བསྔོ་བའི་དགོས་པ་ནི། བུ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྨོན་ལམ་གངྒཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་ཐམས་ཅད་ཀྱང་འདི་ལྟར་དམ་པའི་ཆོས་ཡོངས་སུ་གཟུང་བའི་སྨོན་ལམ་ཆེན་པོ་གཅིག་གི་ཁོངས་སུ་འདུས་ཤིང་ཁོངས་སུ་ཆུད་དེ། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་དེ་ལྟར་ཡུལ་ཆེ་བ་ལགས་སོ། །ཞེས་དང། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་སྡུད་པ་ལགས་སོ། །ཞེས་སོགས་གསུངས་པ་ལྟར། གང་སྨོན་པའི་ཡུལ་དུ་གྱུར་པ་དེ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལུང་དང་རྟོགས་པའི་ཆོས་ཁོ་ན་ལ་བརྟེན་ནས་འབྱུང་དགོས་པས། རྩ་བ་དེ་ཉིད་རྒྱས་པའི་དོན་དུ་བསྔོས་ན་ཡན་ལག་གཞན་ཐམས་ཅད་འགྲུབ་པས། དོན་འདི་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས་ཀྱང་། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་


GTD003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོས། །ཞེས་གསུངས་སོ། །ལུང་དང་རྟོགས་པའི་དམ་ཆོས་འཛིན་པ་ནི་དེ་ལྟར་དོན་ཆེ་བའི་རྒྱུ་མཚན་གྱིས་ཕན་ཡོན་ཡང་དགེ་བའི་རྩ་བ་གཞན་ཐམས་ཅད་ལས་ལྷག་པར་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུའི་གསང་བའི་མདོ་ལས། སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལ་རབ་ཏུ་འབྱུང། །བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་ཆོས་ནི་ཡོངས་འཛིན་ན། །དེ་ནི་བསོད་ནམས་ཆེས་མང་ངོ་། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང། །མཐའ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་ཕན་ཡོན་ཚད་ལས་འདས་པར་གསུངས་པའི་ཚུལ་ལ་ཡིད་ཆེས་བསྐྱེད་དེ་འདུན་པ་ཤུགས་དྲག་པོའི་སྒོ་ནས་སྨོན་པ་ཚུན་ཆད་ཀྱིས་དེའི་རྗེས་སུ་སློབ་པར་བྱ་དགོས་སོ། །གཉིས་པ་དགོས་པ་དེ་ལྡན་གྱི་བསྔོ་བ་ཇི་ལྟར་མཛད་པའི་ཚུལ། ཐུབ་དབང་ཐུགས་རྗེའི་བདག་ཉིད་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་སློབ་པའི་གནས་སྐབས་སུ་ཚོགས་གཉིས་ཀྱི་སྤྱོད་པ་མཐའ་ཡས་པ་བསྒྲུབས་པ་རྣམས་བསྟན་པ་རྒྱས་པའི་ཕྱིར་བསྔོས་པར་མ་ཟད། སྟོན་པ་རང་ཉིད་སྐྱེ་དགུ་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་ནའང་། དགུང་ལོ་བརྒྱད་ཅུ་ལས་མ་བཞུགས་པར་སྐུ་ཚེའི་ལྷག་མའང་བསྟན་པ་གནས་པའི་རྒྱུར་བྱིན་གྱིས་བརླབས་ནས་དེའི་དོན་དུ་བསྟན་འབར་མ་གཟུངས་དང་བཅས་པ་འདི་ཉིད་གསུངས་པ་ཡིན་ཏེ། ཟླ་བ་སྙིང་པོའི་མདོར། འདི་ནས་


GTD003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཟླ་བ་ཞེས་སོགས་ཀྱིས་བསྟན་པའི་གནས་ཚད་དང་འཇིག་ཚུལ་སོགས་དྲིས་པ་ལ། ང་ལ་ལྷན་ཅིག་ཚོགས་ཉོན་ས་གསུམ་ནི། །ཞེས་སོགས་ཀྱིས་དགེ་སྦྱོང་ཁྱིམ་པའི་ལས་ལ་བརྩོན་པ་སོགས་བསྟན་པ་ཉམས་པ་དང་། དེའི་དབང་གིས་འཇིག་རྟེན་རྒུད་པར་འགྱུར་བའི་རྒྱུ་མང་དུ་གསུངས་ལ། མི་བཟད་དེ་ཡི་ཚེ་ན་ནི། །ཆོས་གནས་ཞི་བས་བདེ་འགྱུར་ཞིང། །ཞེས་པ་ནས། བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་བསྟན་པ་སླར་གསོ་བ་དོན་ཆེ་ཚུལ་དང། བྱམས་པ་ལ་སོགས་སྐལ་བ་ནི། །ཞེས་སོགས་ཀྱིས་སེམས་དཔའ་ཆེན་པོ་དེ་དག་གིས་སྙིགས་མའི་དུས་བསྟན་སླར་གསོ་བ་དཀའ་འང་ཅི་ནུས་སུ་སྤེལ་བར་ཞལ་གྱིས་བཞེས་ལ། སླར་ཡང་བཅོམ་ལྡན་འདས་ཀྱིས། སྣང་བ་འཛིན་ཅིང་དཔལ་གྱུར་པ། །ཞེས་པ་ནས། བཏང་སྙོམས་ཅན་དག་འགྲེ་བར་འགྱུར། །ཞེས་པའི་བར་གྱིས་སྤྱིར་བསྟན་པ་ཉམས་པའི་རྒྱུ་དུ་མ་དང་། ཁྱད་པར་དུ་ཀཽ་ཤམྦིའི་རྒྱལ་པོ་བཟོད་དཀའ་དང་། འཛམ་གླིང་གི་རྒྱལ་པོ་གཞན་གསུམ་འཐབ་པའི་རྐྱེན་གྱིས་བསྟན་པ་ནུབ་ཚུལ་སོགས་གསུངས་ལ། དེ་ནས། སྔོན་གྱི་རྒྱལ་བའི་མཛད་པ་བཞིན། །ང་ཡིས་ཕྱི་དུས་བགོས་པར་བྱ། །དོན་དུ་འཚོ་བ་བཏང་བྱས་ནས། །གཟི་མདངས་གསུམ་པོ་བསྲིང་བར་བྱ། །ང་ཡི་ཚེ་འདིའི་ཆ་གསུམ་པ། །སེམས་ཅན་རྒྱུར་ཡང་གཏང་བར་བྱ། །ཞེས་པ་ནས། དེ་ཕྱིར་སྣོད་མིན་སྣོད་འགྱུར་ཕྱིར། །ཆ་གསུམ་པ་ཡི་སྲོག་བཏང་བྱས། །དེ་དག་བདེ་བར་འགྱུར་བ་དང། །ལྷ་དང་མི་རྣམས་འཕེལ་གྱུར་ཅིག །ཅེས་པའི་བར་གྱིས་སྐུ་ཚེའི་ལྷག་མའང་བསྟན་པའི་འཕེལ་རྒྱས་ཀྱི་དོན་དུ་བསྔོས་


GTD003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ནས། སེམས་ཅན་དོན་དུ་བདག་གིས་སྔོན། །ཞེས་སོགས་བསྟན་འབར་མ་ཡོངས་རྫོགས་སྔགས་དང་བཅས་པ་གསུངས་ཏེ། དང་པོ་ཐུགས་བསྐྱེད་པ་ནས་བཟུང་དཀའ་བ་སྤྱད་པ་མཐའ་དག་ཀྱང་བསྟན་པ་རྒྱས་པའི་རྒྱུར་བསྔོ་བར་མཛད་དོ། །འདི་ནི་སྟོན་པའི་མཛད་པ་ཐམས་ཅད་ཀྱི་ནང་ནས་ཀྱང་ངོ་མཚར་རྨད་དུ་བྱུང་བའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ཏེ། རྟོག་གེ་འབར་བ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང་། དམ་པའི་ཆོས་གནས་པ་ལ་སོགས་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྟོན་པར་མཛད་དོ། །ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐབས་བརྒྱད་པའི་མཐའ་དཔྱོད་དུ། འདིར་ཤིང་དྲུང་དུ་གཤེགས་པ་མ་བགྲངས་པར་དམ་པའི་ཆོས་གནས་པ་མཛད་ཆེན་དུ་བགྲང་བའི། ཞེས་པ་ནས། བསྟན་འབར་མ་དང་བསྟན་པ་འབར་བའི་སྔགས་གསུངས་པའི་ཕྱིར། ཞེས་འབྱུང་བ་ལྟར་རོ། །འོན་ཀྱང་རྟོག་གེ་འབར་བའི་སྐབས་གཞན་དུ། དཀའ་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་ཞེས་ལན་དུ་མར་འབྱུང་བས། མཐའ་གཅིག་ཏུ་ཤིང་དྲུང་དུ་གཤེགས་པ་མི་འདྲེན་པར་བཞེད་པའང་མིན་པར་སྣང་སྟེ། མཛད་པ་བཅུ་གཉིས་ཀྱི་འདྲེན་ཚུལ་ལ་ཡོངས་གྲགས་རྒྱུད་བླ་མའི་དངོས་ཟིན་ལྟར་དང་། དེར་ཅུང་ཟད་མི་འདྲ་བ་རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །ལྷ་རྣམས་ཀུན་ལས་བབས་པ་དང། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་ལྷ་ལས་བབས་པ་གཅིག་ཏུ་བགྲང་བ་དང། ཐེག་


GTD003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལས། བཟོའི་གནས་ལ་སྦྱངས་པ་དང་། བདུད་འདུལ་བ་གཉིས་དངོས་སུ་མ་བགྲང་བར། མུ་སྟེགས་ཅན་གྱི་གན་དུ་གཤེགས་པ་དང་། ཞེས་དེ་དག་གི་ལྟ་བ་སུན་དབྱུང་བའི་ཕྱིར་མུ་སྟེགས་ལྷག་སྤྱོད་སོགས་ཀྱི་དྲུང་དུ་ཕེབས་ནས་ཐར་ལམ་ཚོལ་བའི་ཚུལ་བསྟན་པ་གཅིག་ཏུ་བགྲང་། མདོ་འགའ་ཞིག་ཏུ་བསྟན་པ་གནས་པ་གཅིག་ཏུ་བགྲང་ལ། ལ་ལར་བསྟན་པ་ནུབ་པའང་གཅིག་ཏུ་བགྲང་སྟེ། བུ་སྟོན་ཆོས་འབྱུང་ལས། ཐབས་ལ་མཁས་པ་ཞེས་པ་ལ་སོགས་པའི་མདོ་ལས། དམ་པའི་ཆོས་ནུབ་པ་ལ་མཁས་པ་ཞེས་ཆོས་ནུབ་པ་ལའང་མཛད་པ་གཅིག་ཏུ་གསུངས་ཏེ། ཆོས་དོན་དུ་མི་འགྱུར་བ་ན་ནུབ་པར་བསྟན་པས། སེམས་ཅན་ལ་ཆོས་སྤོང་གི་ལས་མི་འབྱུང་བར་བྱ་བའི་ཕྱིར་ཡིན་ཏེ། ཞེས་པ་ལྟ་བུ་ཅི་རིགས་ཡོད་ཅིང། མཆོག་གི་སྤྲུལ་སྐུ་སོ་སོ་ལའང་རང་རང་གི་མཛད་པ་སྟོན་ཚུལ་མི་འདྲ་བ་དུ་མ་གསུངས་པས། རྣམ་པ་གཅིག་ཁོ་ནར་ཁ་ཚོན་གཅོད་མི་དགོས་སོ། །ད་ལྟ་བཀའ་འགྱུར་གྱི་གྲངས་སུ་བཞུགས་པའི་ཟླ་བའི་སྙིང་པོས་ཞུས་པའི་མདོ་འདི་ནི་མགོ་མཇུག་ཏུའང་། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པ་ཞེས་འབྱུང་བས། མདོ་དེའི་ནང་ནས་ཁོལ་བུར་བཏོན་པ་མ་གཏོགས། མདོ་ཡོངས་རྫོགས་མིན་པར་ཤེས་ལ། འདིར་ཉུང་ངུ་ཞིག་ལས་མེད་ཀྱང་། བུ་སྟོན་ཆོས་འབྱུང་དུ་བམ་པོ་གཉིས་ཞེས་འབྱུང་བས། སྔར་འདི་ལས་མང་བ་ཞིག་ཀྱང་འགྱུར་ཡོད་པར་སྣང་ངོ་། །ཇོ་བོས་མདོ་ཀུན་བཏུས་སུ་མདོ་དེའི་ལུང་བམ་པོ་གཅིག་ལྷག་པའི་ཚོད་ཙམ་དྲངས་ཡོད་པས།


GTD003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འབར་མ་སྔགས་དང་བཅས་པ་དེའི་ནང་ནས་བླངས་པ་ཡིན་ལ། རྒྱལ་པོ་བཞིས་གཡུལ་བཀྱེ་ཚུལ་སོགས་ཕྱོགས་ཙམ་འདྲའང་མི་མཐུན་པ་མང་བར་སྣང་བས། གཉིས་ཀ་ཚིགས་བཅད་ལྷུག་སོགས་ཀྱི་འགྱུར་ཁྱད་ཙམ་ཡིན་ནམ། མདོ་མི་གཅིག་པ་གང་ཡིན་དཔྱད་དགོས་པར་སྣང་ངོ་། །གསུམ་པ་གཞུང་དངོས་ཀྱི་དོན་ལ། དང་པོར་ཐུགས་བསྐྱེད་པའི་སྐབས་ལས་བརྩམས་ཏེ་མདོར་བསྟན་པ། བར་དུ་ཚོགས་བསགས་པའི་སྐབས་ལས་བརྩམས་ཏེ་རྒྱས་པར་བཤད་པ། མཐར་སངས་རྒྱས་པའི་སྐབས་ལས་བརྩམས་ཏེ་དོན་བསྡུ་བ་གསུམ། དང་པོ་ནི། སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང་། དེའང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་སྔོན་སློབ་པའི་གནས་སྐབས་སུ་བསྐལ་པ་ཆེན་པོ་གྲངས་མེད་པ་དུ་མར་ཤིན་ཏུ་བྱ་དཀའ་ཞིང་བཟོད་གླགས་མེད་པའི་གདུང་བ་དྲག་པོ་དུ་མ་རང་གི་སྟེང་དུ་བླངས། ཆེས་ཡིད་དུ་འོང་ཞིང་ཉམས་སུ་བདེ་བའི་ཟས་ནོར་ལོངས་སྤྱོད་གཉེན་འཁོར་འབངས་ལ་སོགས་པའི་བདེ་འབྱོར་ཐམས་ཅད་ལྟོས་པ་མེད་པར་གཞན་ལ་གཏོང་བར་མཛད་པ་ནི་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྟོབས་ཡིན་ཏེ། དད་པའི་སྟོབས་བསྐྱེད་པའི་མདོ་ལས། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་སྡུག་བསྔལ་སྐྱེ་བ་མི་ལེན་པ་ཅིའང་མེད་དོ། །བདེ་བ་མི་འདོར་བ་ཅིའང་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་གྱི་ནང་ནས་ཀྱང་། སྤྱོད་འཇུག་ལས་གསང་བའི་དམ་


GTD003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱང་སེམས་དབང་པོ་ཡང་རབ་ཀྱི་ཆོས་སུ་བསྔགས་པ་བདག་གཞན་མཉམ་བརྗེའི་བསམ་པ་ཁྱད་པར་ཅན་གྱི་བྱེད་ལས་ཁོ་ན་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས། གང་ཟག་གཞན་ཕལ་མོ་ཆེས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་བར་དཀའ་ལ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་གཏམ་གྱི་གཞིར་གྱུར་པ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཞེས་སྐབས་དུ་མར་གསུངས་ལ། མཉམ་མེད་ཇོ་བོ་ཆེན་པོས་ཀྱང། སྤྱོད་པའི་མཆོག་འཇིག་རྟེན་དང་མི་མཐུན་པ་ཡིན་ཞེས་གསུངས་ཏེ། འཇིག་རྟེན་ཕལ་པ་རྣམས་ཀྱིས་གང་དོན་དུ་གཉེར་བྱར་བྱེད་པའི་བདེ་དགའ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་འདོར་ཞིང་། གཞན་གྱིས་ཐོས་ནའང་སྐྲག་པ་སྐྱེ་བའི་དཀའ་ཐུབ་ཀྱི་སྤྱོད་པ་དུ་མར་བུང་བ་པངྨའི་ཚལ་ལ་འཇུག་པ་བཞིན་དུ་དགྱེས་དགུར་གཞོལ་བ་ནི་བདག་པས་གཞན་གཅེས་པའི་བསམ་པ་ཁྱད་པར་ཅན་གྱི་གཞན་དབང་དུ་གྱུར་པ་འབའ་ཞིག་གི་མཐུ་ཡིན་ནོ། །འོ་ན་མདོར་བསྟན་ནི་རྒྱས་བཤད་ཀྱི་དོན་ཐམས་ཅད་ལ་ཁྱབ་པ་ཞིག་དགོས་ལ། དང་པོར་ཐུགས་བསྐྱེད་པ་དེ་ཉིད་གྲངས་མེད་གསུམ་གྱི་ཚོགས་ལ་སོགས་པ་ས་ལམ་གོང་མ་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་ཀྱང་ཁྱབ་བྱེད་མ་ཡིན་པས་མདོར་བསྟན་དུ་མི་འཐད་དོ་སྙམ་ན་སྐྱོན་མེད་དེ། དེ་ཐེག་ཆེན་ལམ་གྱི་འཇུག་སྒོ་ཡིན་ཀྱང་ཐོག་མར་འཇུག་པའི་སྒོ་ཙམ་དུ་བྱས་པས་མི་ཆོག་པར། ལམ་གྱི་མགོ་མཇུག་ཐམས་ཅད་དུ་བསམ་པ་ཁྱད་པར་ཅན་དེ་ཉིད་ཁོ་ན་གཞུང་ཤིང་ངམ་གཞིར་བྱས་ནས་འགྲོ་དགོས་པས། རྗེ་བླ་མའི་ཉམས་མགུར་ལས། སེམས་བསྐྱེད་ཐེག་


GTD003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལམ་གྱི་གཞུང་ཤིང་སྟེ། །ཞེས་གསུངས་ཤིང་། པཎ་ཆེན་ཐམས་ཅད་མཁྱེན་པས་ཕྱག་ཆེན་རྩ་བ་ལས་ཀྱང་། འཇུག་པའི་སྒོ་དང་གཞུང་ཤིང་ཕྱིར། །ཞེས་ཁྱད་པར་གཉིས་ཀ་གསུངས་སོ། །དེས་ན་མདོར་བསྟན་རྒྱས་བཤད་ཀྱི་ཚུལ་འདི་ལྟར་སྦྱོར་བ་རྒྱལ་བ་བྱམས་པའི་མན་ངག་ཡིན་ཏེ། མདོ་སྡེ་རྒྱན་ལས། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་དཀའ་སྟེ། །དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་བསྒྲུབ་པར་དཀའ། །ཞེས་དང་པོ་སེམས་བསྐྱེད་ཀྱི་ས་བོན་འདེབས་པ་དང། བར་དུ་ཚོགས་གཉིས་ཀྱི་སྤྱོད་པས་དང་པོར་བཏབ་པའི་ས་བོན་དེ་ཉིད་སྨིན་ཅིང་རྒྱས་པར་བྱེད་པར་གསུངས་ལ། མངོན་རྟོགས་རྒྱན་ལས་ཀྱང། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་མདོར་བསྟན་གྱི་སྐབས་སུ་སྤྱོད་པའི་རྟེན་གྱི་དབང་དུ་བྱས་པའི་སེམས་བསྐྱེད་གསུངས་ཀྱང་། རྒྱས་བཤད་ཀྱི་ཚེ་སློབ་མི་སློབ་ཀྱི་སྐབས་ཐམས་ཅད་བསྡུས་ཏེ་འགྲེལ་པ་དོན་གསལ་ལས། སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་པའི་ས་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་བཟུང་བསྐལ་པ་མཐའ་ཡས་པའི་བར་དུ་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་དཀའ་ཐུབ་ཆེན་པོ་ཉམས་སུ་བཞེས། རང་བདེའི་ཞེན་པ་རྩད་ནས་ཕྱུངས་ཏེ་ལུས་སྲོག་ལོངས་སྤྱོད་ཐམས་ཅད་གཞན་ལ་གཏོང་བར་མཛད་པ་ནི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བའི་ཐབས་ཁོ་ན་ཡིན་ཅིང། འགྲོ་བ་འཁོར་བ་ལས་


GTD003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བྱེད་ཆོ་འཕྲུལ་གཞན་གཉིས་ནི་གནས་སྐབས་སུ་དད་པ་བསྐྱེད་པའི་སྨིན་བྱེད་ཙམ་དུ་འགྱུར་ཡང་གྲོལ་བྱེད་དངོས་གཞིར་མི་འགྲོ་ལ། གྲོལ་བྱེད་དངོས་གཞི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་གདུལ་བྱའི་རྒྱུད་ལ་ཡང་དག་པའི་ལམ་ཁྱད་པར་ཅན་སྐྱེད་པ་འབའ་ཞིག་ཡིན་པས། དེས་ན་བསྐལ་པ་དུ་མར་ཐུགས་ལ་བརྣག་པའི་དགོངས་པ་མཐར་ཐུག་པ་གདུལ་བྱའི་དོན་སྒྲུབ་པའི་ཐབས་ཀྱི་མཆོག་སྲིད་པའི་འཆིང་བ་འགྲོལ་བྱེད་ལྷག་པའི་བསླབ་པ་གསུམ་དང་། དེ་བརྗོད་བྱར་བྱེད་པ་སྡེ་སྣོད་གསུམ་གྱིས་བསྡུས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་ཆད་མེད་པར་འབར་ཞིང་གནས་པར་གྱུར་ཅིག །ཅེས་དང་པོར་ཐུགས་བསྐྱེད་པའི་ཚུལ་གྱི་བསམ་པ་ཕུན་སུམ་ཚོགས་པས་བདེན་པ་བདར་ཏེ་སྨོན་ལམ་མཛད་ཅིང་ཤིས་པར་བརྗོད་པ་ཡིན་ནོ། །མཁས་པའི་དབང་པོ་རིན་ཆེན་དོན་གྲུབ་ཀྱིས་བསྟན་འབར་མའི་ཊཱིཀྐར་རྒྱ་འགྲེལ་གྱི་ལུགས་བཞིན་ཚིག་རེ་རེ་ནས་གཏོར་ཏེ་འབྲུ་གཉེར་བའི་བཤད་པ་གནང་འདུག་པས། སེམས་ཅན་ནི་རྣམ་པར་རྟོག་པས་སེམས་པར་བྱེད་ཅིང་དེའི་དབང་དུ་གྱུར་པ་ལས་བཏགས་སོ། །ཞེས་གསུངས་འདུག་ནའང། འཕགས་པའི་ཉི་ཁྲི་སྣང་བར། ཞུམ་པའི་བདག་ཉིད་ཅན་ཡིན་པས་ན་སེམས་ཅན་ནོ། །ཞེས་དང་། རྒྱན་སྣང་ལས། འཇིགས་པའི་བདག་ཉིད་ཅན་ཡིན་པས་ན་སེམས་ཅན་ནོ། །ཞེས་གསུངས་ཤིང་། རྒྱུད་བླ་མར། མ་དག་མ་དག་དག་པ་དང། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང། །དེ་བཞིན་གཤེགས་པ་


GTD003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་དོ། །ཞེས་རིགས་ཀྱི་དྲི་མ་དག་མ་དག་གི་སྒོ་ནས་ཀྱང་སེམས་ཅན་གྱི་སྒྲ་འཇུག་ཚུལ་ཞིག་གསུངས་པས། ངེས་ཚིག་གི་བཤད་པ་དུ་མ་ཞིག་བྱར་ཡོད་པར་སྣང་ངོ་། །ཐུབ་པའི་དབང་པོ་ཉིད་ཀྱིས་ཐོག་མར་ཐུགས་བསྐྱེད་ཚུལ་ཡང། བསྐལ་བཟང་ལས་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་དང་། ཕུང་པོ་གསུམ་པའི་མདོར་ཚོང་དཔོན་གྱི་བུ་མངོན་དགར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་མཛེས་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་དང་། པད་དཀར་ལས་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་འཁྲུངས་པ་ན་སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་ཐུགས་བསྐྱེད་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པར་འཁོར་ལོས་སྒྱུར་བ་ཡུལ་འཁོར་སྲུང་གི་སྲས་དོན་ཀུན་གྲུབ་པར་འཁྲུངས་པའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོའི་དྲུང་དུ་བསྐྱེད་པ་དང་། འཁྲི་ཤིང་ལས་རྒྱལ་པོ་རབ་གསལ་དུ་གྱུར་པའི་ཚེ་ཐུགས་བསྐྱེད་པར་གསུངས་པ་བཞིན་དུ་ཨ་བྷྱཱ་ཀ་རས་ཀྱང་བཤད་པ་སོགས་ཚུལ་མི་འདྲ་བ་དུ་མ་ཞིག་འབྱུང་བ་དང། ཐམས་ཅད་ལ་ཐུན་མོང་དུ་གྲགས་ཆེ་བ་ནི་དྲིན་ལན་བསབ་པའི་མདོར་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པ་ན་རང་གི་གྲོགས་སྡུག་བསྔལ་གྱིས་མནར་བ་མ་བཟོད་པར། དེའི་སྡུག་བསྔལ་གྱི་སྐལ་བའང་རང་ཐོག་ཏུ་ལེན་པར་དགོངས་པའི་སྒོ་ནས་ཐུགས་བསྐྱེད་པར་བཤད་པ་འདི་ཉིད་ཡིན་ལ། དེ་ནི་འདིའི་དངོས་ཟིན་ལྟར་སེམས་ཅན་གཞན་དོན་དུ་དཀའ་བ་དང་དུ་ལེན་ཅིང། རང་གི་བདེ་དགའ་དེ་ལ་གཏོང་བ་བདག་གཞན་བརྗེ་བའི་སྒོ་ནས་སེམས་བསྐྱེད་ཚུལ་དང་ཤིན་ཏུ་འབྲེལ་ལོ། །གཉིས་པ་བར་དུ་ཚོགས་


GTD003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སྐབས་ལས་བརྩམས་ཏེ་རྒྱས་པར་བཤད་པ་ལ། རང་རྒྱུད་སྨིན་བྱེད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་ཚུལ་ལས་བརྩམས་པ་དང་། གཞན་རྒྱུད་སྨིན་བྱེད་བསྡུ་བ་བཞི་ལ་བསླབ་ཚུལ་ལས་བརྩམས་པ་གཉིས། དང་པོ་ཕར་ཕྱིན་དྲུག་ཏུ་དབྱེ་བའི་རྒྱུ་མཚན་ལ། རྒྱལ་ཚབ་བྱམས་པ་མགོན་པོས། མངོན་མཐོ་ལ་ལྟོས་པའི་གྲངས་ངེས། དོན་གཉིས་སྒྲུབ་པ་ལ་ལྟོས་པའི་གྲངས་ངེས། གཞན་དོན་རྣམ་པ་ཐམས་ཅད་ལ་ལྟོས་པའི་གྲངས་ངེས། ཐེག་ཆེན་མཐའ་དག་སྡུད་པ་ལ་ལྟོས་པའི་གྲངས་ངེས། ཐབས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་ལ་ལྟོས་པའི་གྲངས་ངེས། བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་ཏེ་དྲུག་གསུངས་པ་རེ་རེས་ཀྱང་ལམ་གྱི་གནད་ལ་ངེས་པ་སྟེར་བའི་དགོས་པ་ཆེན་པོ་ཡོད་ལ། དེའི་ནང་ནས་སྐབས་འདིར་ནི་བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་ཀྱི་སྟེང་ནས་བཤད་དགོས་ཏེ། ཐུབ་པའི་དབང་པོ་ཉིད་ཀྱིས་གང་གི་དོན་དུ་བསྔོ་བ་མཛད་པའི་བསྟན་པ་རིན་པོ་ཆེ་དེའང་རྟོགས་པའི་བསྟན་པ་བསླབ་པ་གསུམ་དང། དེ་བརྗོད་བྱར་བྱེད་པ་སྡེ་སྣོད་གསུམ་སྟེ་ལུང་རྟོགས་ཀྱི་དམ་ཆོས་དེ་གཉིས་ལས་མ་འདས་པས། རྒྱལ་བ་ཉིད་ཀྱིས་སྔོན་སློབ་པའི་གནས་སྐབས་སུ་བསླབ་པ་གསུམ་པོ་དེ་དག་ལ་ནན་ཏན་དུ་བསླབ་པའི་རྒྱུ་འབྲས་རྟེན་འབྱུང་གི་བདེན་པ་མི་བསླུ་བས། དེ་དང་རྗེས་སུ་མཐུན་པར་རྗེས་འཇུག་གདུལ་བྱ་རྣམས་ཀྱི་རྒྱུད་ལའང་གཙོ་བོ་བསླབ་པ་གསུམ། དེ་བརྗོད་བྱར་བྱེད་པ་སྡེ་སྣོད་གསུམ་དང་བཅས་པའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པའི་ཕྱིར་དུ་བསྔོ་བ་མཛད་པ་ཡིན་པའི་ཕྱིར་རོ། །དེས་ན་མདོ་སྡེ་རྒྱན་ལས།


GTD003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ནི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པ་ལྟར། ཚུལ་ཁྲིམས་ཀྱི་བསླབ་པའི་ཁོངས་སུ་བསྡུས་ཏེ་ཕར་ཕྱིན་དང་པོ་གསུམ་ལ་བསླབ་ཚུལ། བསླབ་པ་གསུམ་གར་ཁྱད་མེད་དུ་གལ་ཆེ་བ་བརྩོན་འགྲུས་ལ་བསླབ་ཚུལ། ཏིང་ངེ་འཛིན་གྱི་བསླབ་པའི་ངོ་བོ་བསམ་གཏན་ལ་བསླབ་ཚུལ། ཤེས་རབ་ཀྱི་བསླབ་པའི་ངོ་བོ་ཤེས་རབ་ཀྱི་ཕར་ཕྱིན་ལ་བསླབ་ཚུལ་དང་བཞི། དང་པོ་ལ་ཚུལ་ཁྲིམས་ཀྱི་ཚོགས། ཚུལ་ཁྲིམས་ཀྱི་ངོ་བོ། ཚུལ་ཁྲིམས་ཀྱི་འཁོར་རམ་གྲོགས་ལ་བསླབ་ཚུལ་གསུམ་དུ་ཡོད་དེ། རྒྱན་གྱི་དབྱིག་འགྲེལ་ལས། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་སྟེ། ཚོགས་དང་བཅས་པ་དང་། འཁོར་དང་བཅས་པ་གཟུང་བའི་ཕྱིར་རོ། །ཞེས་དང་། ལམ་རིམ་ཆེན་མོ་ལས། ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་ནི་ཚུལ་ཁྲིམས་ཡིན་ལ། དེའང་ལོངས་སྤྱོད་ལ་མི་ལྟ་བའི་སྦྱིན་པ་ཡོད་ན་ཡང་དག་པར་ལེན་པས་དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་སོ། །ཡང་དག་པར་བླངས་པའང་གཤེ་བ་ལ་སླར་མི་གཤེ་བ་ལ་སོགས་པའི་བཟོད་པས་བསྲུང་བས་དེ་ནི་དེའི་འཁོར་རོ། །ཞེས་གསུངས་སོ། །རིན་ཆེན་དོན་གྲུབ་ཀྱི་འགྲེལ་པར་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་རྗེས་སུ། ཚུལ་བཞིན་སྒྲུབ་པའི་རྒྱུ་ཐོས་པ་དང་ཞེས་ཐོས་པ་བཙལ་ཚུལ་གྱི་ས་བཅད་དེ་ལས་ལོགས་སུ་མཛད་སྣང་ཡང་། འདིར་དེའི་ཚོགས་ཀྱི་ཁོངས་སུ་བྱས་ན་བདེ་སྟེ། ཚོགས་ཀྱི་སྐད་དོད་སམ་བྷ་ར་ཞེས་པ་ཡང་དག་པར་འགྲུབ་བྱེད་ལ་འཇུག་ཅིང་།


GTD003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་སྟོབས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་འབྱུང་ཚུལ་གོང་དུ་དྲངས་པ་བཞིན་ཡིན་ལ། ཐོས་པའི་སྟོབས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་འབྱུང་ཚུལ་ནི་སྐྱེས་རབས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་བཟློག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོངས། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པ་བཞིན། བཅས་རང་གི་ཉེས་པས་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་འབྱུང་བ་ལ་ལྟུང་བའི་སྒོ་དང་པོ་ནི་མི་ཤེས་པ་ཡིན་པས། དེ་ཉིད་ཐོས་པའི་སྒྲོན་མེས་བསལ་ཏེ་བླང་དོར་གྱི་ཆོས་རྣམས་ལེགས་པར་ཤེས་ན་སྒོ་གསུམ་མི་དགེ་བའི་ཕྱོགས་ལས་བཟློག་ཅིང། སྤྱོད་པ་མཐའ་དག་ཚུལ་དང་མཐུན་པ་མྱང་འདས་ཀྱི་རྒྱུར་འགྲོ་བ་ཞིག་འབྱུང་བས། ཚུལ་ཁྲིམས་ཀྱི་ཚོགས་ལ་སྦྱིན་པ་ལས་ཀྱང་ཐོས་པ་གཙོ་བོ་ལྟ་བུ་ཡིན་ཏེ། ལྷག་བསམ་བསྐུལ་བའི་མདོ་ལས། མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །ཞེས་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཀང་ན་དེས་ནི་ང་མཉེས་པར་བྱ་བ་མ་ཡིན། རི་མོར་བྱས་པ་མ་ཡིན། བཀུར་སྟིར་བྱས་པ་མ་ཡིན་གྱི། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆང་བ་དེ་ནི་ང་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་


GTD003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་བྱུང་བ་ཡིན་གྱི། དངོས་པོ་ཡོངས་སུ་འཛིན་པ་ལས་བྱུང་བ་ནི་མ་ཡིན་པའི་ཕྱིར་རོ། །ཞེས་ངེས་པར་འབྱུང་བ་ཐར་པའི་རྒྱུ་ཚོགས་ལ་སྦྱིན་པ་ལས་ཐོས་པ་གཙོ་བོར་གསུངས་པའི་ཤུགས་ཀྱིས་ངེས་པར་འབྱུང་བའི་ཚོགས་ལ་ཐོས་པ་གཙོ་ཆེ་བར་འགྲུབ་སྟེ། ཐོས་པ་གནད་དུ་འགྲོ་བ་ཞིག་མེད་ན་རབ་བྱུང་གི་སྡོམ་པ་སོགས་བླངས་ཀྱང་རྣམ་པར་དག་པ་ཞིག་མི་འབྱུང་བ་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན་འདིར་ཚུལ་ཁྲིམས་ཀྱི་ཚོགས་ལ་གཉིས། སྦྱིན་པ་ལ་བསླབ་ཚུལ་དང་། ཐོས་པ་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། ཡུལ་དམན་པ་ལ་སྦྱིན་པ་དང་། ཡུལ་ཁྱད་པར་ཅན་ལ་མཆོད་པའི་ཚུལ་ལོ། །དང་པོ་ལའང་དམན་པ་ལ་ལྷག་པར་བརྩེ་བ་བསམ་པ་ཕུན་སུམ་ཚོགས་པའི་ཚུལ་དང་། ཡོད་དགུ་མཐའ་དག་གཏོང་བ་སྦྱོར་བ་ཕུན་སུམ་ཚོགས་པའི་ཚུལ་གཉིས། དང་པོ་ནི། ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང་། དེའང་སྦྱིན་པའི་ཞིང་ཁྱད་པར་ཅན་དུ་འགྱུར་ཚུལ་ལ། འགྲོ་དང་སྡུག་བསྔལ་ཕན་འདོགས་དང། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །ཞེས་དབྱེ་བ་གཉིས་གསུངས་ཤིང་། ཉམ་ཐག་པའི་ཞིང་གི་ནང་ནས་ཀྱང་ནད་པ་ནི་ལྷག་པར་སྙིང་རྗེའི་ཡུལ་དུ་གྱུར་པ་ལ་དགོངས་ཏེ། འདུལ་བའི་མདོར། ནད་པ་དང་ཕ་མ་དག་ནི་ཁྱིམ་པ་ཡིན་ན་ཡང་ངོ་། །ཞེས་རྟེན་རབ་བྱུང་གིས་ཀྱང་བཀུར་སྟི་རིམ་


GTD003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་བྱ་བའི་ཡུལ་དུ་གསུངས་ལ། འོད་ལྡན་ལས་ཀྱང། ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང། །ཞེས་བླ་མ་བརྩེ་བའི་བདག་ཉིད་ཅན་དུ་དཔོག་བྱེད་ཀྱི་གཙོ་བོ་ནད་པར་སྙིང་བརྩེ་བ་ལ་གསུངས་སོ། །ཁྱད་པར་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་ཡུལ་གྱི་ནང་ནས་ཀྱང་གང་ཉམ་ཐག་པ་དེ་གཙོ་བོར་བྱེད་པ་ཞིག་དགོས་ཀྱི། རྣམ་སྨིན་མཆོག་ལ་རེ་བས་ཡུལ་གང་བཟང་བ་གཙོ་བོར་བྱེད་པ་ནི་རྒྱལ་སྲས་ཀྱི་སྦྱིན་པའི་མི་མཐུན་ཕྱོགས་སུ་འགྱུར་ཏེ། དེ་ནི་ཕ་རོལ་པོ་ལ་ཐབས་ཀྱིས་བུ་ལོན་བཀལ་བ་དང་འདྲ་བས། བྱ་ཤིང་རྟ་མོའི་སྐྱེས་རབས་ལས། དེ་སྟེ་ཕན་བཏགས་ལན་འདོད་ན། །བུ་ལོན་ཆགས་བྱས་ཕན་མ་བཏགས། །ཞེས་དང་། བཞི་བརྒྱ་བར། འདི་བྱིན་པ་ཡི་སྦྱིན་པ་ལ། །འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས། །སྦྱིན་དང་ལེན་པར་བྱེད་པ་ནི། །ཚོང་སོགས་བཞིན་དུ་སྨད་པར་འགྱུར། །ཞེས་གསུངས་ལ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་སྐྱེ་བ་དམན་དང་ཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང། །བརྩེ་མེད་འབྲས་བུ་འདོད་པས་སྣོད་ལྡན་ཡོན་ཏན་དག་དང་ལྡན་འཚོལ་བ། །བསམ་བརླག་དེ་ནི་སྦྱིན་པ་བྱེད་ཀྱང་སློང་བ་དག་དང་མཚུངས་སོ་ཞེས། །དེ་སླད་ཁྱོད་ནི་ཐུགས་རྗེས་སློང་བ་རྣམས་ལ་སྦྱིན་པར་བྱེད་ལ་ཞུགས། །ཞེས་གསུངས་ཤིང་། དཔལ་ལྡན་ཟླ་བས་ཀྱང། སྣོད་དམ་སྣོད་མིན་དེ་དག་ལ། །མཉམ་པར་སེམས་སྙོམས་པས་གཏོང་བའི། །ཞེས་གསུངས་སོ། །བྱང་སེམས་ཀྱི་བསླབ་བྱར་ཡང། ནད་པའི་རིམ་གྲོ་བྱ་བ་སྤོང། །ཞེས་ནད་ཀྱིས་


GTD003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ཐག་པ་ཡལ་བར་དོར་ན་ཉེས་པ་ལྕི་བ་ཞིག་འབྱུང་བར་བཤད་ལ། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་ཀྱང་དགེ་སློང་བྲོ་འཚལ་བ་མི་གཙང་བའི་ཁྲོད་དུ་བྱིང་བ་གཟིགས་ཏེ་རང་གིས་ཕྱག་བསྟར་ནས་རིམ་གྲོ་མཛད་ཚུལ་འདུལ་བ་ལུང་སོགས་ལས་འབྱུང་ངོ་། །སྔོན་སློབ་པའི་དུས་ནའང་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་སྲས་མོ་ཡེ་ཤེས་ལྡན་དུ་གྱུར་པའི་ཚེ། བསྟན་པའི་ཐ་མ་ལ་ཆོས་སྨྲ་བའི་མཆོག་ཏུ་གྱུར་པ་དགེ་སློང་ཡང་དག་བློ་གྲོས་བྱ་བ་ཞིག་བཞུགས་པ་དེ་འབྲུམ་བུ་མེ་དཔལ་ནག་པོའི་ནད་གསོ་དཀའ་བས་ཐེབས་པའི་ཚེ། རྒྱལ་བོའི་རྨི་ལམ་དུ་མིའི་ཤ་གསར་པ་དང་ཁྲག་གིས་སྨན་བྱས་ན་འཚོ་བར་འགྱུར་རོ་ཞེས་ལྷས་ལུང་བསྟན་པའི་ཚུལ་འཁོར་གྱི་ཚོགས་སུ་བསྒྲགས་ཀྱང་དང་དུ་ལེན་པ་མ་བྱུང་བ་ན། ཡེ་ཤེས་ལྡན་གྱིས་རང་གི་ཤ་དང་ཁྲག་ཕངས་པ་མེད་པར་བཏང་སྟེ་དགེ་སློང་གི་ནད་གསོ་བར་མཛད་པ་དང། ཚོང་དཔོན་གྱི་བུ་ཆུ་འབེབས་སུ་གྱུར་པའི་ཚེ་རང་གི་ཕའི་དྲུང་ནས་གསོ་རིག་བསླབ་སྟེ་སྐྱེ་བོ་དཔག་མེད་ནད་ལས་ཐར་པར་བྱས་ཤིང། འཆི་ལ་ཐུག་པའི་ཉ་ཁྲི་ཕྲག་གཅིག་གི་སྲོག་བསྐྱབས་པ་སོགས་སེམས་ཅན་ཕོངས་པ་ལས་བསྐྱབས་པ་དང་། བརྒྱ་བྱིན་མིག་བཟད་བྱ་བར་འཁྲུངས་པའི་ཚེ་འཛམ་བུའི་གླིང་དུ་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་ནས་མི་རྣམས་སྡུག་བསྔལ་གྱིས་གཟིར་བ་ན། བརྒྱ་བྱིན་གྱིས་ནམ་མཁའ་ནས་ཀུ་རུའི་གྲོང་དང་ཉེ་བར་སྲོག་ཆགས་དེས་པ་བྱ་བ་ཡོད་པས། དེའི་ཤ་ལ་སུས་ཟོས་པ་དེ་ནད་ལས་ཐར་པར་འགྱུར་རོ་ཞེས་བསྒྲགས་ནས་རང་ཉིད་དེར་བསམ་བཞིན་སྐྱེ་བ་བཞེས་ཏེ། སྨོན་ལམ་གྱི་དབང་གིས་སྐུ་ཤ་མི་ཟད་པར་བྱིན་གྱིས་བརླབས་ནས་དེ་དག་གི་ནད་ཞི་བར་བྱས་པ་དང་། གཞན་


GTD003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེང་གེ་རལ་པ་ཅན་དུ་འཁྲུངས་པའི་ཚེ་ཚོང་པ་ལྔ་བརྒྱ་དུག་སྦྲུལ་གྱིས་བསྐོར་ནས་འཆི་ལ་ཐུག་པའི་སྲོག་བསྐྱབས་པ་སོགས་གང་སྡུག་བསྔལ་གྱིས་གཟིར་བ། མགོན་དང་སྐྱབས་མེད་པ་རྣམས་ཀྱི་ཆེད་དུ་རང་གི་འཚོ་བའི་དངོས་པོ་སྲོག་དང་། དེའི་རྟེན་ལུས་ཀྱི་ཤ་ཁྲག །བརྟེན་པའི་རྐྱེན་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་མཐའ་དག་ཕངས་པ་མེད་པར་ཡོངས་སུ་བཏང་སྟེ་སེམས་ཅན་རྣམས་ཕོངས་པ་ལས་བསྐྱབ་པར་བྱས་པ་དེའི་བདེན་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་པའི་ཕོངས་པ་སེལ་བའི་སྨན་གཅིག་པུ་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་སྨོན་ལམ་མཛད་པ་ཡིན་ནོ། །ཡང་ན་རྐང་པ་གསུམ་པའི་དོན་འགྲེལ་ཚུལ། ནད་པ་སོགས་ཀྱི་དོན་དུ་རང་གི་སྲོག་ཀྱང་གཏོང་བར་མཛད་པ་དེའང་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་སྦྱིན་ཡུལ་དེ་ཉིད་ཀྱིས་ཐོག་དྲངས་པའི་མཁའ་མཉམ་སེམས་ཅན་ཐམས་ཅད་ཕོངས་པ་མ་ལུས་པ་ལས་བསྐྱབ་པའི་ཕྱིར་དུ་ཡིན་པས། བདོག་པ་འབྲས་བུ་དང་བཅས་པ་གཏོང་བའི་དོན་དུ་སྦྱར་ན་ལེགས་ཏེ། དཔལ་ལྡན་ཟླ་བས། བརྩེ་བས་སྦྱིན་དང་སྦྱིན་པའི་འབྲས། །གཉི་ག་གཅིག་ཅར་དོན་གཉེར་ལ། །གཏོང་བའི་སྦྱིན་གང་སེར་སྣ་མེད། །ཅེས་དང་། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཡོད་དགུ་མཐའ་དག་གཏོང་བ་སྦྱོར་བ་ཕུན་སུམ་ཚོགས་པའི་ཚུལ་ནི། བུ་དང་བུ་མོ་ཆུང་མ་དང། །ནོར་དང་གླང་ཆེན་ཤིང་རྟ་དང། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་


GTD003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གྱུར་ཅིག །ཅེས་བྱུང་། དེའང་ཐུབ་པའི་དབང་པོ་ཉིད་རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པ་ན་གླང་པོའི་མཆོག་སྦྱིན་པར་བཏང་ཞིང། དེའི་རྐྱེན་གྱིས་རྒྱལ་པོས་ཡུལ་ནས་སྤྱུགས་པའི་ལམ་དུའང་ཤིང་རྟ་དང་། མཐར་སྲས་སྲས་མོ་བཙུན་མོའི་བར་དུ་སློང་མཁན་བྱུང་བ་རྣམས་ལ་ཞུམ་པ་མེད་པར་དེ་ཐམས་ཅད་གང་འདོད་དུ་སྩལ་བ་དང་། འཁོར་ལོས་བསྒྱུར་བ་ནམ་མཁའི་སྐྱེ་བ་བཞེས་པའི་ཚེ་བང་མཛོད་མཐའ་དག་སྲས་དང་བཙུན་མོར་བཅས་པ་སྦྱིན་པར་བཏང་བ་དང་། རྒྱལ་པོ་དཔལ་གྱི་སྡེར་གྱུར་པའི་ཚེ་བྲམ་ཟེ་ཁྱེའུས་བསླངས་པ་ལ་བཙུན་མོ་རྒྱལ་བའི་འོད་གནང་ཞིང་། གཞན་ཡང་ཀླུའི་རྒྱལ་པོ་གཏེར་སྟོན་དུ་གྱུར་པའི་ཚེ་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་བར་དུ་རིན་པོ་ཆེའི་གཏེར་དཔག་ཏུ་མེད་པ་སེམས་ཅན་རྣམས་ལ་བྱིན་ནས་དབུལ་བའི་སྡུག་བསྔལ་བསལ་བ་དང་། ཚོང་དཔོན་ཟིལ་གྱིས་མི་ནོན་པར་སྐྱེས་པའི་ཚེ་ཕྱི་ནང་གི་ནོར་རྫས་རླབས་ཆེ་བ་ཐམས་ཅད་སྦྱིན་པར་བཏང་ནས་མཐར་ཐག་པ་གཅིག་དང་ཟོར་བ་གཅིག་ལས་མ་ལུས་ཀྱང་། ད་དུང་ཞུམ་པ་མེད་པར་ཉིན་རེ་བཞིན་རྩྭ་བརྔས་ནས་དེའི་རིན་སྦྱིན་པར་བཏང་ཞིང་། རི་བོང་དུ་གྱུར་པའི་ཚེ་རྩྭ་དང་འབྲས་བུ་ཚུན་ཆད་སྦྱིན་པར་བཏང་བ་སོགས་བདོག་པའི་དངོས་པོ་མཆོག་དམན་གང་ལའང་ཀུན་འཛིན་གྱི་འཆིང་བ་མེད་པར་གཞན་ལ་གཏོང་བར་མཛད་ཅིང། དེ་ལྟར་གཏོང་བའི་དགོས་པའང་སེམས་ཅན་ཐམས་ཅད་སྲིད་ཞིའི་རྒུད་པ་མ་ལུས་པ་ལས་སྐྱོབ་པའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་ཁོ་ན་ཡིན་ཏེ། ལུང་ལས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་


GTD003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སྨོན་པ་མཛད་ཚུལ་ཡང་ཡང་འབྱུང་བ་བཞིན་ཡིན་ནོ། །བྱང་ཆུབ་ཀྱི་སྒྲ་དོན་ནི། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་ཅེས་པའི་དངོས་ཟིན་ཙམ་ཞིག་ཐུན་མོང་བ་ལ་སྦྱར་དུ་རུང་ཡང། དེའི་འདོད་ཚུལ་དངོས་གཞི་ནི་འགྲེལ་པ་དོན་གསལ་ལས། གང་དག་དངོས་པོ་འཇིགས་པའི་བསམ་པས་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང་། ཞེས་པ་ནས། བྱང་ཆུབ་ཀྱང་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་པར་བརྗོད་པ་དེ་དག་ལ་ཞེས་པའི་ཕྱོགས་སྔ་མ་ཡིན་པས་རང་ལུགས་སུ་མི་རུང་ངོ་། །དེས་ན་སྐབས་འདིའི་བྱང་ཆུབ་ཆེན་པོ་དངོས་ཀྱི་དོན་ནི། རྒྱུད་བླ་མར། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་དང། དེའི་དར་ཊཱིཀ་ལས། བྱང་ཆུབ་ཉིད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་རང་གི་ངོ་བོའི་སྒོ་ནས་དབྱེར་མེད་པའི་ཡེ་ཤེས་དང་རང་བཞིན་གྱིས་དག་པ་དང་གློ་བུར་གྱི་དྲི་མས་དག་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་སྟེ། སྤངས་པ་དང་རྟོགས་པ་ཞེས་གསུངས་པ་ལྟར། མཉམ་རྗེས་དབྱེར་མེད་པས་བདེན་གཉིས་ཅིག་ཅར་མངོན་སུམ་དུ་གཟིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་བྱང་ཆུབ་དང་། སྒྲིབ་གཉིས་ཟད་པར་སྤངས་པའི་དག་པ་གཉིས་ལྡན་གྱི་དབྱིངས་སྤངས་པ་བྱང་ཆུབ་གཉིས་སུ་ཡོད་ལ། སྔ་མ་ནི་


GTD003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་རྒྱན་ལས་ཀྱང་། དྲི་མ་ཟད་དང་མི་སྐྱེ་བས། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཞེས་གསལ་བར་གསུངས་སོ། །རྡོ་རྗེ་ཐེག་པར་དེ་ལྟ་བུའི་ཡེ་ཤེས་དང་དག་པའི་སྒྱུ་མའི་སྐུ་དབྱེར་མི་ཕྱེད་པ་ལ་བྱང་ཆུབ་རྡོ་རྗེ་ཞེས་ཟུང་འཇུག་གི་རྣམ་གྲངས་སུ་གསུངས་པ་སོགས་མང་དུ་ཡོད་ཀྱང་མ་སྤྲོས་པས། བྱང་ཆུབ་ཀྱི་རྣམ་བཞག་འདི་དག་དཔྱིས་ཕྱིན་པར་ཤེས་འདོད་ན་རྡོ་རྗེའི་གནས་ལྔ་པ་བྱང་ཆུབ་ཀྱི་ལེའུའི་ཐད་ཀྱི་རྒྱུད་བླ་རྩ་འགྲེལ་སོགས་ལས་ཤེས་པར་བྱའོ། །དེའང་ཤོ་ལོ་ཀ་སྔ་མའི་སྐབས་སུ། སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །ཞེས་དགོས་པའི་གཙོ་བོ་གཞན་དོན་ལ་དམིགས་པར་བསྟན་ཅིང། གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་ཐོག་མར་རང་གིས་བྱང་ཆུབ་མངོན་དུ་བྱེད་དགོས་པས། འདིར་བྱང་ཆུབ་ཕྱིར་བཏང་ཞེས་རང་དོན་བྱང་ཆུབ་ལ་དམིགས་པར་གསུངས་པ་འདི་གཉིས་ནི་གཞན་ཐམས་ཅད་ཀྱི་སྐབས་སུའང་སྦྱར་དགོས་སོ། །དེ་ལྟར་གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་བསམ་པ་སེམས་བསྐྱེད་དེ་ཉིད་སྤྱོད་པ་མཐའ་དག་གི་གཞི་རྟེན་དུ་འབྱུང་བས། དེ་ལ་རྟེན་དམ་པ་ཞེས་ཐེག་བསྡུས་སུ་བཤད་ཅིང། འགྱུར་ལ་ལར་གནས་དམ་པ་ཞེས་ཀྱང་འབྱུང་ངོ་། །བདེ་དགེ་མཐའ་དག་འབྲས་བུ་དང་བཅས་ཏེ་གཏོང་བ་ནི་ཐེག་བསྡུས་ལས། དངོས་པོ་དམ་པ་ཡིན་ཏེ་མཐའ་དག་ཀུན་ཏུ་གཏོང་བའི་ཕྱིར་རོ། །ཞེས་དམ་པ་དྲུག་གི་ནང་ནས་དངོས་པོ་དམ་པའི་དོན་དུ་གསུངས་ལ། དེ་ནི་སྦྱིན་སོགས་ཕར་ཕྱིན་དྲུག་ལྡན་དུ་བྱེད་ཚུལ་གྱི་ནང་ནས། སྦྱིན་པའི་སྦྱིན་པའི་ཕར་ཕྱིན་ནས། སྦྱིན་པའི་སྦྱིན་པའི་གོ་སྒྲུབ་ཀྱི་དོན་ཡིན་ཏེ། གོ་སྒྲུབ་ཀྱི་མདོ་ལས། བྱང་ཆེན་ཤེར་


GTD003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ལ་སྤྱོད་པའི་ཚེ་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ། ནས། སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཡུལ་ཁྱད་པར་ཅན་ལ་མཆོད་པའི་ཚུལ་ནི། བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང། དེའང་ཡུལ་ཁྱད་པར་ཅན་ལ་སྦྱིན་པ་མཛད་པའི་རྣམ་གྲངས་མང་ཡང། འདིའི་དངོས་ཟིན་གྱི་གོ་རིམ་དང་སྦྱར་ན། བྲམ་ཟེ་ཁྱེའུ་སྤྲིན་དུ་འཁྲུངས་པའི་ཚེ་སངས་རྒྱས་མར་མེ་མཛད་ལ་རལ་པ་གདན་དུ་བཏིང་སྟེ་བཀུར་སྟི་བྱས་པའི་ཚེ་བྱང་ཆུབ་ཏུ་ལུང་བསྟན་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང། བྲམ་ཟེ་སྒྲ་རྣམ་པར་གྲག་པར་སྐྱེས་པའི་ཚེ་སངས་རྒྱས་སྒྲིབ་མེད་ལ་གསེར་གྱི་ཁང་བརྩེགས་ཁྱད་དུ་འཕགས་པ་ཕུལ་ནས་སྨོན་ལམ་བཏབ་པ་དང། བྲམ་ཟེ་ཟླ་དགས་སངས་རྒྱས་མྱ་ངན་ཐམས་ཅད་དང་བྲལ་བ་ལ་མཆོད་ཅིང་འགྲོ་བ་ཀུན་གྱི་དོན་དུ་སྨོན་ལམ་བཏབ་པས། དེས་འོད་ཀྱིས་སྟོང་གསུམ་ཁྱབ་པར་མཛད་དེ། སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་པ་སོགས་མདོར་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང། །ཞེས་མཛོད་ལས་གསུངས་པ་དང། ལུང་སྨན་གྱི་གཞི་ལས་འབྱུང་བ་སོགས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་ལས་གྲངས་མེད་གསུམ་དུ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱས་ཚུལ་


GTD003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་གསུངས། དེ་བཞིན་དུ་རྒྱལ་པོ་གསེར་མདོག་གིས་བང་མཛོད་མཐའ་དག་སྦྱིན་པར་བཏང་ནས་རང་གིས་གསོལ་རྒྱུ་བྲེ་གང་ཙམ་ལུས་པའང་རང་སངས་རྒྱས་ལ་ཕུལ་བ་དང། ཚོང་དཔོན་སྦྱིན་པ་ལ་དཔའ་བས་རང་སངས་རྒྱས་ལ་བསོད་སྙོམས་དབུལ་བའི་ལམ་ཁར་བདུད་ཀྱིས་དམྱལ་བ་སྤྲུལ་ནས་བཀག་ཀྱང་བཟློག་མ་ནུས་པར་དེ་ལ་ཕུལ་བ་ལྟ་བུ་རང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང། སངས་རྒྱས་ཉན་ཐོས་དང་བཅས་པ་ལ་བསྙེན་བཀུར་བའི་རྣམ་གྲངས་ལུང་ལས་གསུངས་པ་མང་ཞིང། དགེ་སྦྱོང་བཞི་ལ་ཟན་ཆངས་ཤིག་ཕུལ་བས་རྒྱལ་སྲིད་ཀྱི་དཔལ་འབྱོར་ཐོབ་སྟེ་སྦྱིན་པ་ལ་དགྱེས་པའི་ཚུལ་ཟན་དྲོན་ཆངས་པ་ཕུལ་བའི་སྐྱེས་རབས་ལྟ་བུ་དང། ཐ་ན་ཉན་ཐོས་ཀྱི་ཆ་ལུགས་འཛིན་པའི་རྔོན་པ་ལའང་གུས་པར་བྱས་ཚུལ་སེང་གེ་ཡི་དམ་བརྟན་པའི་སྐྱེས་རབས་ལྟར་ཡིན་ལ། དེ་བཞིན་དུ་རྒྱལ་བུ་སུ་ཤ་དེ་བར་གྱུར་པའི་ཚེ་རང་གི་ལུས་ཀྱི་ཤ་ཐམས་ཅད་ཀྱིས་ཕ་མ་ལ་བསྙེན་བཀུར་བྱས་པ་དང། རི་བོང་དུ་སྐྱེས་པའི་ཚེ་དྲང་སྲོང་བསམ་གཏན་བསྒོམ་པ་ལ་མཆོད་པའི་དོན་དུ་རང་གི་ལུས་བཏང་བ་སོགས་རེ་རེ་ནས་སྨོས་ཀྱིས་མི་ལང་ངོ་། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བསེ་རུ་ལྟ་བུའམ་ཚོགས་སྤྱོད་ཆེ་ཆུང་གི་རང་སངས་རྒྱས། ཞུགས་གནས་བརྒྱད་ཀྱིས་བསྡུས་པའི་ཉན་ཐོས་སོགས་ཡོན་ཏན་གྱི་ཞིང། ཕ་མ་སོགས་ཕན་འདོགས་པའི་ཞིང། བདེན་ཚིག་གྲུབ་པ་ལྷ་མིའི་དྲང་སྲོང་ལ་སོགས་པ་བསོད་ནམས་ཀྱི་ཞིང་གོང་མར་གྱུར་པ་རྣམས་ལ་སྒོ་གསུམ་གུས་པའི་སྒོ་ནས་མཆོད་ཅིང། དེའང་གོང་དུ་སྨོས་པ་བཞིན་གཞན་དོན་དང་བྱང་ཆུབ་ལ་དམིགས་པའི་བསམ་པ་ཁྱད་པར་ཅན་གྱི་རྩིས་ཟིན་པ་ཁོ་


GTD003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡིན་པས་དེས་ན་ཐེག་པ་གསུམ་དང་འཇིག་རྟེན་གསུམ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མ་ལུས་པ་འབྱུང་བའི་སྒོ་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་སྨོན་པ་སྔར་བཞིན་ནོ། །དེ་དག་སོ་སོའི་སྒྲ་དོན་ཅུང་ཟད་བཤད་ན། སངས་རྒྱས་བཅོམ་ལྡན་འདས་ནི་སྐྱབས་འགྲོ་བདུན་ཅུ་པ་ལས། ཤེས་བྱ་ལ་ནི་བློ་རྣམ་རྒྱས། །རྨོངས་པའི་ཟུམ་པ་བཅོམ་པས་ན། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། །ཞེས་དང། གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཞེས་མ་རིག་པ་བག་ཆགས་དང་བཅས་པ་ཟད་པར་སྤངས་པས་ན་སངས་པ་དང། མཁྱེན་པའི་སྐད་ཅིག་མ་གཅིག་གིས་ཀྱང་ཇི་ལྟ་ཇི་སྙེད་མཐའ་དག་ལ་ཁྱབ་པས་ན་རྒྱས་ཞེས་བྱའོ། །བཅོམ་ལྡན་འདས་ནི་རྒྱུད་བརྟག་གཉིས་ལས། དབང་ཕྱུག་ལ་སོགས་ཡོན་ཏན་དང། །ལྡན་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཡང་ན་ཉོན་མོངས་ལ་སོགས་བདུད། །བཅོམ་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད། །ཅེས་བདུད་བཞི་བཅོམ་པས་ན་བཅོམ་ཞེས་བྱ་ལ། དབང་ཕྱུག་སོགས་ཡོན་ཏན་དྲུག་དང་ལྡན་པས་ལྡན་ཞེས་བཤད་དེ། ཡོན་ཏན་དྲུག་ནི་སམྦུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་པ་ལྟར་རོ། །འདས་ཞེས་པ་འཇིག་རྟེན་པའི་ལྷ་ཆེན་པོ་དག་ལས་ཁྱད་པར་དུ་བྱས་པའི་ཕྱིར་ལོ་ཙཱ་བས་བླ་ཐབས་སུ་བསྣན་པར་གྲགས་ལ། ཏཱ་ར་ནཱ་ཐས་ཚེ་མདོའི་ཊཱིཀྐར་བྷ་ག་ཞེས་


GTD003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ག་ལ་ཡི་གེ་བསྣན་ནས། ག་ཏི་ཞེས་པ་འཇིག་རྟེན་པའི་ས་ལས་རིང་དུ་སོང་བ་ལ་འཇུག་པས་འདས་པའི་དོན་ཡང་ཡོད་པར་བཤད་དོ། །སྡོམ་གསུམ་རབ་དབྱེ་ལས། དེ་ནས་ཚིག་ལ་འཁྲུལ་པ་ཡི། །རྣམ་དབྱེ་ཅུང་ཟད་བཤད་ཀྱིས་ཉོན། །བཅོམ་ལྡན་འདས་ཀྱིས་བཤད་པ་ལ། །བཞི་བཅོམ་དྲུག་ལྡན་བཤད་པ་དང། །ཞེས་བཅོམ་པ་དང་ལྡན་པའི་དོན་སོ་སོར་བཤད་པ་ལ་དགག་པ་མཛད་ཅིང། མཁས་འཇུག་ཏུའང་དེའི་སྐད་དོད་བྷ་ག་ཝན་ཞེས་པ་བདུད་བཞི་བཅོམ་པ་དང་སྐལ་བ་དྲུག་དང་ལྡན་པ་གཉི་ག་ལ་འཇུག་ཀྱང། བོད་སྐད་ཀྱི་མིང་ནི་དེ་གཉི་གར་མི་འཇུག་ལ། གལ་ཏེ་འཇུག་ན་མིང་རིལ་པོ་གཉི་ག་ལ་འཇུག་དགོས་ཀྱི། མིང་གཏོར་ནས་སོ་སོར་བཤད་པ་ནི་སྒྲ་ཤེས་པ་ཞིག་གིས་མཐོང་ན་བཞད་གད་ཀྱི་གནས་སུ་འགྱུར་ཞེས་དགག་པ་མཛད་འདུག་ནའང། བོད་སྐད་ལ་རྒྱ་སྐད་དང་འདྲ་བའི་ནུས་པ་མེད་པས་ཚིག་གཅིག་གིས་དོན་གཉིས་ཀ་གོ་མི་ཐུབ་ལ། བཅོམ་པ་ཞེས་སམ་ལྡན་པ་ཞེས་པ་ཙམ་ཞིག་ཏུ་བསྒྱུར་ན་ནུས་པ་ཆུང་བས། བྷ་ག་ཝན་གྱི་སྒྲ་འཇུག་པའི་དོན་དེ་གཉིས་ཀ་གོ་བའི་ཕྱིར་མིང་གཅིག་གི་སྒྲ་ཟུར་ནང་དུ་གཉི་གའི་སྒྲ་ཟུར་ཚང་བ་བྱས་ཏེ་བཅོམ་ལྡན་ཞེས་བསྡུས་ནས་བསྒྱུར་བ་ལོ་པཎ་གྱི་བཀས་བཅད་ལྟར་ཡིན་པས་འགལ་བ་མེད་དོ། །དེ་བཞིན་དུ་བུདྡྷ་ཡང་སངས་པ་དང་རྒྱས་པ་གཉིས་ཀ་ལ་འཇུག་པས་ལོ་པཎ་རྣམས་ཀྱིས་མུན་པ་སངས་པའམ། པདྨའི་འདབ་མ་རྒྱས་པ་ལྟ་བུ་ལ་བུདྡྷའི་སྒྲ་བྱུང་བའི་ཚེ། སྐབས་ཐོབ་དེ་ཉིད་དུ་སངས་པའམ་རྒྱས་པ་ཞེས་སོ་སོར་བསྒྱུར་ཀྱང། སངས་རྒྱས་ལ་སྒྲ་འདི་བྱུང་བའི་ཚེ་དེ་སངས་པ་


GTD003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱས་པ་གང་རུང་ཞིག་ཁོ་ནར་བསྒྱུར་ན་གོ་རྒྱུ་ཆུང་ཞིང་གཞན་དུ་ནོར་ས་འབྱུང་བས། ངེས་ཚིག་གི་དོན་གཉིས་ཀའི་ཟུར་ཚང་བ་བྱས་ནས་སངས་རྒྱས་ཞེས་བསྒྱུར་བ་ཡིན་ཏེ། གསེར་འཕྲེང་ལས། སངས་རྒྱས་ལ་དེ་གཉིས་ཀའི་སྒྲ་དོན་བཤད་དུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཞེས་བསྡོམས་ནས་བསྒྱུར་རོ། །ཞེས་གསུངས་པའི་ཕྱིར། རང་སངས་རྒྱས་ནི་མཛོད་འགྲེལ་ལས། ལུང་མེད་པར་བདག་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཞེས་གསུངས་པ་བཞིན། ལུང་ལ་མ་བརྟེན་པར་བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པ་སྟེ། དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ན་རང་སངས་རྒྱས་ཞེས་བཤད་དེ། དེའི་སྐད་དོད་པྲ་ཏྱེ་ཀ་བུདྡྷ་ཞེས་པའི་བུདྡྷ་སངས་རྒྱས་དང་དེ་ཉིད་ཁོང་དུ་ཆུད་པ། དེ་ཐམས་ཅད་རྟོགས་པ་སོགས་དུ་མར་འཇུག་པས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པའང་ཉན་ཐོས་དེ་ཉིད་རྟོགས་འབྲིང་ཞེས་བསྒྱུར་ན་ལེགས་པར་གསུངས་པ་བཞིན་ནོ། །ཡང་པྲ་ཏྱེ་ཀ་བུདྡྷ་ཞེས་པའི་པྲ་ཏི་རྐྱེན། ཨེ་ཀ་གཅིག །བུདྡྷ་རྟོགས་པ་བྱས་ཏེ། དུར་ཁྲོད་ཀྱི་རུས་གོང་ལྟ་བུ་ལ་དམིགས་ནས་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་སོགས་ཀྱིས་རྐྱེན་རྣམས་རྟོགས་པས་ན་རྐྱེན་རྟོགས་ཞེས་ཀྱང་གསུངས་ཏེ། གཟུངས་རྒྱལ་གྱིས་ཞུས་པའི་མདོ་ལས། རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་རྐྱེན་ཁོང་དུ་ཆུད་པའོ། །ཞེས་སོ། །དགོངས་པ་ལུང་སྟོན་ལས། རྐྱེན་དང་ཉན་ཐོས་རྣམས་ཀྱི་དང། །མདོ་དང་གསང་སྔགས་སྤྱོད་རྣམས་ཀྱི། །ཞེས་དང། རྐྱེན་དང་ཉན་ཐོས་ཀྱིས་གཞིག་དཀའི། །བཛྲ་


GTD003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་བཞི་པར་འགྱུར། །ཞེས་པ་ལྟ་བུ་རང་རྒྱལ་ལ་རྐྱེན་གྱི་སྒྲ་ཙམ་སྦྱར་ནས་གསུངས་པའང་མང་ངོ་། །ཉན་ཐོས་ནི་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་མི་བཟད་ཉན་ཐོས་འདྲ། །ཞེས་བྱང་ཆུབ་མཆོག་གི་ལམ་དང་འབྲས་བུ་རྣམས་སངས་རྒྱས་ལས་མཉན་ནས་རང་གི་ཆེད་དུ་ཉམས་སུ་མི་ལེན་པར་གཞན་ལ་སྒྲོག་པར་བྱེད་པས་ཐོས་སྒྲོག་གམ་ཉན་ཐོས་ཞེས་གཙོ་བོར་ལུང་ལ་ཆེད་དུ་བརྟེན་པའི་ཆ་ནས་ཀྱང་བཏགས་པ་ཡིན་ཏེ། གཟུངས་རྒྱལ་གྱི་མདོ་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །ཞེས་སོ། །ཕ་མ་ནི་གང་ཟག་གཞན་ལ་ཞིང་ཁྱད་པར་ཅན་དུ་མི་འགྱུར་ཡང། རང་ལ་ཆོས་སྒྲུབ་པའི་ལུས་སྦྱིན་པའི་བཀའ་དྲིན་གྱི་སྒོ་ནས་ཞིང་ཁྱད་པར་ཅན་དུ་འགྱུར་ཏེ། སྔོ་བསངས་ཅན་གྱི་ཡལ་འདབ་ལས། དགེ་བའི་གནས་སུ་གྱུར་པ་ལུས་དག་གི །རྒྱུར་གྱུར་ཕ་མ་དག་ནི་མཁས་རྣམས་ཀྱིས། །བླ་མ་ཡིས་ཀྱང་མཆོད་འོས་ཞེ་སར་འོས། །ཞེས་པ་ལྟར་རོ། །དྲང་སྲོང་ནི་སྤྱིར་ལུང་ལས། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་དང། རྒྱུད་བླ་མར། དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སངས་རྒྱས་སོགས་ཐེག་པ་གསུམ་གྱི་འཕགས་པ་རྣམས་ལའང་དྲང་སྲོང་གི་སྒྲ་འཇུག་ལ། དེའི་དབང་དུ་བྱས་ཏེ་ཟླ་བའི་ཚིག་གསལ་ལས། དོན་དམ་པ་ཐུགས་སུ་ཆུད་པས་ན་དྲང་སྲོང་ངོ་། །ཞེས་གསུངས་ཀྱང། འདིར་སྐབས་ཐོབ་ཀྱི་དབང་གིས་འཇིག་རྟེན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་


GTD003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཤད་ཅིང། དེའང་ཁྱིམ་གྱི་འདུ་འཛི་དང་གཡེང་བ་སྤངས་ཏེ་དབེན་པར་སོང་ནས་ཏིང་ངེ་འཛིན་བསྒོམས་པས་བསམ་གཏན་ལ་སོགས་པའི་ཡོན་ཏན་གོང་མ་ཐོབ་པ། སྨོན་པའི་ཚིག་གིས་ཀྱང་གཞན་གྱི་དགོས་པ་སྒྲུབ་ནུས་ལ། ངན་པའི་སྤྱོད་པ་གཡོ་སྒྱུ་སོགས་མེད་པར་ཤེས་རྒྱུད་དྲང་པོར་སྲོང་བས་ན་དྲང་སྲོང་ཞེས་བྱ་སྟེ། ཇི་སྐད་དུ། འཁོར་བས་སྐྱོ་སྟེ་ནགས་སུ་སོང། །བསམ་གཏན་ཐོབ་སྟེ་མངོན་ཤེས་འཆར། །དེ་ལ་མི་ཡི་དྲང་སྲོང་ཟེར། །བསམ་གཏན་མ་ཐོབ་གྲོང་དུ་བབས། །སྙན་ངག་སོགས་འཚོ་བྲམ་ཟེའི་རིགས། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ཐོས་པ་ལ་བསླབ་ཚུལ་ནི། བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང། དེའང་སྔོན་རྒྱལ་པོ་ཁ་དོག་དམ་པར་གྱུར་པའི་ཚེ་ཚིགས་བཅད་གཅིག་གི་དོན་དུ་སྲས་དང་བཙུན་མོ་ལ་སོགས་པ་བཏང་བ་དང། རྒྱལ་པོ་ག་ན་ཤ་པ་ལིར་གྱུར་པའི་ཚེ་ཚིགས་བཅད་གཅིག་གི་དོན་དུ་སྐུ་ལ་མར་མེ་སྟོང་བཙུགས་པ་དང། རྒྱལ་པོ་བྱི་ལིང་གར་ལི་ཏར་གྱུར་པའི་ཚེ་ཚིགས་བཅད་གཅིག་གི་དོན་དུ་སྐུ་ལ་ལྕགས་གཟེར་སྟོང་བཏབ་པ་དང། རྒྱལ་བུ་ད་མ་གམ་ཆོས་ཀྱི་དོན་དུ་མེ་འོབས་སུ་མཆོང་བ་དང། དྲང་སྲོང་གི་སྟོན་པ་ཨུཏ་ཏ་ལིས་རང་གི་པགས་པས་ཤོག་བུ་དང། རུས་པས་སྨྱུ་གུ། ཁྲག་སྣག་ཚར་བྱས་ཏེ་ཆོས་ཉན་ཅིང་བྲིས་པ་སོགས་དཔེར་ན་འཕགས་པ་རྟག་ངུས་ཀྱང་ཤེར་ཕྱིན་ཉན་པའི་དོན་དུ་རང་གི་ཤ་ཁྲག་ཐམས་ཅད་བཏང་བ་སོགས་ཐོས་པའི་དོན་དུ་ཆེས་བྱ་དཀའ་བའི་


GTD003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དཔག་ཏུ་མེད་པ་སྤྱད་ཚུལ་ཤེར་མདོར་འབྱུང་བ་ལྟ་བུ་འདུལ་བ་ལུང་དང་མདོ་སྡེ་མཛངས་བླུན་སོགས་ལས་རྒྱ་ཆེར་འབྱུང་ལ། མདོར་ན་སློབ་དཔོན་དཔའ་བོས་སྐྱེས་རབས་ཕལ་ཆེར་གྱི་དོན་བསྡུས་པའི་སྐབས་སུ། དེ་ལྟར་བཅོམ་ལྡན་འདས་དེས་བདག་ཅག་གི་ཕྱིར་བྱ་དཀའ་བ་མང་པོས་དམ་པའི་ཆོས་འདི་བསྒྲུབས་པ་ཡིན་པས་རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པར་བྱའོ། །ཞེས་གསུངས་པ་ལྟར། བྱང་ཆུབ་སྒྲུབ་པ་ལ་ཐོས་པ་གཙོ་ཆེ་བར་དགོངས་ནས་བསྐལ་པ་དཔག་ཏུ་མེད་པར་དེའི་དོན་དུ་དཀའ་སྤྱད་མཐའ་ཡས་པ་ཞིག་ལྷུར་བཞེས་ཤིང། ཐོས་དོན་སྒྲུབ་པ་ལ་སྦྱར་བས་ཉིང་དགོས་མཐར་ཐུག་པ་མངོན་དུ་མཛད་པ་དེའི་བདེན་པའི་སྟོབས་ཀྱིས་ཀྱང་རྗེས་འཇུག་གི་གདུལ་བྱ་རྣམས་རྙེད་བཀུར་སྙན་གྲགས་སོགས་ལ་རེ་བ་མ་ཡིན་པར། ཐེག་པ་གསུམ་གྱི་བྱང་ཆུབ་དོན་དུ་གཉེར་བ་ངེས་འབྱུང་གི་བསམ་པ་ཁྱད་པ་ཅན་གྱི་རྩིས་ཟིན་པའི་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཟུང། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་སྨོན་པ་མཛད་པ་ཡིན་ནོ། །དེའང་འདིའི་བསྐལ་པ་ནི་བར་བསྐལ་ཙམ་ལ་བྱེད་པ་མ་ཡིན་གྱི། མངོན་པ་མཛོད་ལས། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །ཆགས་པ་དང་ནི་འཇིག་པ་དང། །ཞིག་ནས་འདུག་པ་དག་མཉམ་མོ། །ཞེས་པ་ལྟར། གནས་བསྐལ་ལ་ཡ་ཐོག་རིང་མོ། མ་ཐོག་རིང་མོ། བར་གྱི་ཁུག་པ་བཅོ་བརྒྱད་དེ་


GTD003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྐལ་ཉི་ཤུ་འབྱུང་བ་བཞིན། འཆགས་བསྐལ། འཇིག་བསྐལ། སྟོང་བསྐལ་རེ་རེ་ལ་ཡང་བར་བསྐལ་ཉི་ཤུ་རེ་སྟེ། བར་བསྐལ་བརྒྱད་ཅུ་པོ་གཅིག་ཏུ་བསྡོམས་པ་ནི་བསྐལ་ཆེན་གཅིག་ཡིན་ནོ། །དེ་ལྟ་བུའི་བསྐལ་ཆེན་བྱེ་བ་དུ་མ་སྟེ། འདིའི་བྱེ་བ་ནི་འབུམ་ཕྲག་བརྒྱ་ལ་བྱེ་བར་བྱེད་པ་དེ་ཙམ་མ་ཡིན་གྱི། བྱེ་བའི་སྐད་དོད་ཀོ་ཊི་ཞེས་པ་རབ་དང་རྩེ་མོ་སོགས་ལ་འཇུག་པས། འདིར་གྲངས་ཀྱི་རྩེ་མོའམ་ཡ་མཐར་སོན་པ་གྲངས་མེད་ལ་བྱ་སྟེ། དཔེར་ན་ནོར་རིན་ཐང་འདི་ཙམ་རི་ཞེས་ཚད་གཟུང་དུ་མེད་པ་ལ་རྒྱ་གར་ན་བྱེ་བ་རི་ཞེས་འདོགས་པར་རྣ་བ་བྱེ་བ་རིའི་རྟོགས་བརྗོད་ལས་འབྱུང་བ་བཞིན་ནོ། །སྡུག་བསྔལ་གྱི་སྒྲ་དོན་ནི་པྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། སྡུག་པ་ནི་ཡིད་དུ་འོང་བ་དང། བསྔལ་བ་ནི་ངལ་བར་བྱས་པ་སྟེ་ཆད་པས་གཏུགས་པའི་དོན་ནོ། །ཞེས་འབྱུང་ལ། འོན་ཀྱང་སྡུག་བསྔལ་གྱི་སྐད་དོད་དུཿ ཁ་ཞེས་པའི་དུར྄་ནི་ངན་པ་ཐོབ་པ་སོགས་དོན་ལྔ་ལ་འཇུག་པར་ཉེར་བསྒྱུར་ཉི་ཤུའི་འགྲེལ་པར་བཤད་ཅིང། ཏཱ་ར་ནཱ་ཐས་བགྲོད་དཀའ་སོགས་དོན་དགུ་ལ་འཇུག་པར་བཤད། ཁ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཀ་ལཱ་པའི་ཊཱིཀ་ཆེན་ལས། ཁད྄་འཚེ་བ་ལ་འོས། ཁད྄་བཞག །ཊ་བྱིན། ཊ་ལ་དབྱི་འོས་ཊི་ཕྱིས། ཊ྄་ཡིག་དེའི་ཁྱད་དོན། ཉེར་བསྒྱུར་དུར྄་སྔོན་དུ་བཞག། །དུཿ ཁ་ཞེས་འཚེ་བའམ། ཡོངས་སུ་འཇོམས་པ་དང། མྱོང་བའམ་ཟ་བ་སོགས་ལ་འཇུག་པར་གསུངས་པས། དེ་དག་བསྡོམས་ན་དུཿ ཁ་


GTD003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ངན་པ་སྟེ། མི་འདོད་པའི་གདུང་བས་ཉེ་བར་འཚེ་ཞིང་ཡོངས་སུ་འཇོམས་པའམ། ངན་མྱོང་སྟེ་གདུང་བ་ཉམས་སུ་མྱོང་བ་ལ་འཇུག་གོ །དེས་ན་བོད་སྐད་ཀྱི་དབང་དུ་བྱས་པའི་སྒྲ་བཤད་ཚུལ་ཡང། སྡུག་ཅེས་པ་སིམ་གདུང་གཉིས་ལ་བདེ་སྡུག་ཏུ་བཤད་པའི་སྐབས་བཞིན་བྱས་ཏེ། བསྔལ་ཞེས་པ་གདུང་བ་དེ་ཉིད་ཀྱིས་བཅོམ་ཞིང་ཉམ་ཐག་པར་བྱས་པ་ལ་སྦྱར་ན་རྒྱ་སྐད་ཀྱི་ངེས་ཚིག་དང་ཡང་མཐུན་པས་ལེགས་སམ་སྙམ་སྟེ་དཔྱད་པར་བྱའོ། །དཀའ་སྤྱད་ཀྱི་སྡུག་བསྔལ་ཁྱད་དུ་བསད་ནས་ཐོས་པ་བཙལ་བ་དེའང་ཐོས་པ་རྣམ་དག་ཏུ་འགྲོ་མི་འགྲོ་རྩ་བའི་ཀུན་སློང་ལ་རག་ལས་པས། འདིར་བྱང་ཆུབ་དོན་དུ་ཐོས་བཙལ་ཞེས་གསུངས་པ་དོན་དང་དགོས་པ་ཤིན་ཏུ་ཆེ་སྟེ། ཐོག་མར་ཐོས་པ་ལ་འཇུག་པའི་ཚུལ་འབྲས་བུ་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་ཤུགས་དྲག་པོ་སྐྱེ་བ་ན། དེ་འཐོབ་པ་ལ་དེའི་རྒྱུ་ཀུན་བྱང་གི་བླང་དོར་ཕྱིན་ཅི་མ་ལོག་པ་ཞིག་བྱེད་དགོས་ཤིང། བླང་དོར་གོ་མ་ལོག་པ་ཞིག་འབྱུང་བའང་དཀོན་བརྩེགས་ལས། དགེ་བ་དང་ནི་སྡིག་པའི་ཆོས། །ཐོས་པ་མེད་པར་ཤེས་མི་འགྱུར། །ཞེས་གསུངས་པ་བཞིན་ཐོས་པ་ལ་རག་ལས་པས། དེ་ལྟ་བུའི་སྒྲུབ་པ་ལྷུར་ལེན་གྱི་ཕྱིར་དུ་ཐོས་པ་བཙལ་དགོས་ཀྱི། ནང་གི་ཉོན་མོངས་པའི་གཉེན་པོར་ཅུང་ཟད་ཀྱང་མི་འགྲོ་བར་རྙེད་བཀུར་དང་མཁས་པའི་གྲགས་པ་ཙམ་ཞིག་གི་ཕྱིར་ཐོས་པ་ཚོལ་བ་ནི་བཙལ་ཚུལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཞིང། དེ་ལྟ་བུའི་སྒོ་ནས་གཞུང་གི་ཚིག་རིས་ཙམ་ཤེས་ཀྱང། ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་བྱེད་རྒྱུ་ཞིག་མེད་ན་མང་དུ་ཐོས་པའི་དོན་མ་ཚང་ཞིང། དེ་ནི་ཆོས་ཤེས་པ་དང་


GTD003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་གྲངས་སུ་མི་འགྲོ་སྟེ། འོད་སྲུང་གིས་ཞུས་པའི་མདོ་ལས། ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི། །ཉོན་མོངས་འབྱུང་བའི་ནད་ནི་མི་སེལ་ན། །དེ་ཡིས་ཐོས་ལ་བརྩོན་པ་དོན་མེད་ཡིན། །ཞེས་དང། ལང་གཤེགས་ལས། མང་དུ་ཐོས་པ་ཞེས་བྱ་བ་ནི་དོན་ལ་མཁས་པ་ཡིན་གྱི། ཚིག་ལ་མཁས་པ་ནི་མ་ཡིན་ནོ། །ཞེས་དང། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། ཚིག་དང་སྨྲ་ལ་མཁས་ཤིང་མི་མཁས་དེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ། །ཞེས་གསུངས་ལ། མདོ་སྡེ་རྒྱན་ལས་ཀྱང། ཐོས་པས་ཆོག་པར་འཛིན་སྤོང་བ། །དེ་ནི་ཆོས་ཤེས་པ་ཞེས་བརྗོད། །ཅེས་གཞུང་གི་ཚིག་ཐོས་པ་ཙམ་གྱིས་ཆོག་མི་ཤེས་པར། གང་ཐོས་པ་དེ་ཐམས་ཅད་བྱང་ཆུབ་སྒྲུབ་པའི་ཡན་ལག་ཏུ་ཉམས་སུ་ལེན་དགོས་པར་གོ་བ་ནི་ཆོས་ཀྱི་གནད་ཤེས་པ་ཡིན་པར་གསུངས་སོ། །ཚུལ་དེ་ལྟ་བུ་ཞིག་བྱུང་ན་རྒྱལ་བ་བྱམས་པ་མགོན་པོས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང། །ཞེས་དང། སྐྱེས་རབས་ལས། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་པར་འགྱུར། །ཞེས་སོགས་དང། མཁས་མཆོག་དབྱིག་གི་གཉེན་པོས་ཀྱང། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་གྱི་རྒྱལ་བའི་བསྟན་པ་ལ་སློབ་པའི་རིམ་པ་རྒྱལ་


GTD003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགོངས་པ་མ་ནོར་བ་དེ་བྱུང་བ་ཡིན་ལ། དེའི་ནང་ནས་ཀྱང་མཉམ་མེད་ཇོ་བོ་ཆེན་པོ་དང། རྗེ་བླ་མའི་མན་ངག་གི་གནད་བླ་ན་མེད་པའི་ཐབས་མཁས་ཀྱི་འཕྲུལ་འདེགས་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་ཅིག་ཅར་དུ་སྒྲུབ་པ་ཞིག་འབྱུང་སྟེ། བཀའ་གདམས་གླེགས་བམ་ལས། ང་ཐོས་དུས་ཚེ་ན་བསམ་སྒོམ་བསྡོ། །ང་བསམ་དུས་ཚེ་ན་ཐོས་སྒོམ་བསྡོ། །བསྒོམ་དུས་ཚེ་ན་ཐོས་བསམ་བསྡོ། །ང་གཅིག་ཏུ་མ་ལུས་བསྡོམས་བྱས་ནས། །ཆོས་ལམ་དུ་ཁྱེར་ནས་འགྲོ་ཤེས་པ། །ང་བཀའ་གདམས་ཕྱོགས་ཆར་མ་ལྷུང་བས། །དོན་རྒྱ་འབག་བཞིན་དུ་འཕྲུལ་ཤེས་པས། །ལེགས་ཀུན་ཏུ་གཏོགས་ཏེ་བཀའ་གདམས་ཡིན། །ཞེས་གསུངས་པ་ལྟར། གསུམ་ག་གདན་ཐོག་གཅིག་ཏུ་འདྲིལ་བ་ཞིག་འབྱུང་བས། ཁ་ཅིག་ཐོས་པའི་ཕྱོགས་ཙམ་བཟུང་སྟེ་སྒོམ་པ་ལ་བླུན་སྒོམ་ཞེས་སྨོད་པ་དང། ལ་ལ་སྒོམ་པའི་ཕྱོགས་ཙམ་བཟུང་སྟེ་ཐོས་པ་ལ་ཕྱིའི་གོ་རྒྱ་གཅོད་པ་ཙམ་དང་ཤགས་འགྱེད་པ་ཞེས་སྨོད་པ་སོགས་ཆོས་སྤོང་གི་སྒོ་ཁེགས་ཏེ་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ཞིག་འབྱུང་ངོ་། །དེ་དག་གི་དོན་ཧྲིལ་གྱིས་དྲིལ་ན་ལམ་རིམ་ཆེན་མོ་ལས། སངས་རྒྱས་ཐོབ་པ་ལ་འཐོབ་བྱེད་ཀྱི་ལམ་ལ་སློབ་དགོས། སློབ་པ་ལ་ཤེས་དགོས། ཤེས་པ་ལ་ཐོས་དགོས་ཞེས་ཐབས་དང་ཐབས་བྱུང་དུ་འབྲེལ་བའི་ཚུལ་འདི་མང་དུ་ཐོས་པ་འཚོལ་བ་རྣམས་ཀྱིས་སྙིང་ལ་འཆང་བར་རིགས་སོ། །གཞན་ཡང་གང་ལ་ཐོས་པ་བྱ་བའི་ཡུལ་དང། ཇི་ལྟར་ཐོས་པ་བྱེད་པའི་ཚུལ་སོགས་མཐའ་ཆོད་པར་ཤེས་འདོད་ན། མདོ་སྡེ་རྒྱན་གྱི་མོས་པ་དང་ཆོས་ཚོལ་བ།


GTD003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཤད་པ། སྒྲུབ་པ། གདམས་ངག་གི་ལེའུ་ལྔ་རྩ་འགྲེལ། དེའི་ཐད་ཀྱི་བྱང་ས་དང་བཅས་པ། རྣམ་པར་བཤད་པའི་སྒོ་བསྡུ་བ་དང། ཀུན་ལས་བཏུས་པ་ཐ་མ། རྣམ་བཤད་རིགས་པ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ངོ་བོ་ལ་བསླབ་པའི་ཚུལ་ནི། བདག་གི་ཚུལ་ཁྲིམས་བརྟུལ་ཞུགས་དང། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང། དེའང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ལྷག་པར་བསླབ་ཚུལ་ནི་སྲོག་གཅོད་ཀྱི་ལས་ལས་གཏན་དུ་ལོག་ཅིང། དེའི་བདེན་སྟོབས་ཀྱིས་ཕྱི་ནང་གི་གནོད་པ་ཞི་བ། ལེགས་པར་ཕ་རོལ་ཏུ་ཕྱིན་པ་དང། ཉའི་རྒྱལ་པོ། སྲེག་པའི་ཕྲུ་གུ་སོགས་ཀྱི་སྐྱེས་པའི་རབས་དང། བརྒྱ་བྱིན་དུ་གྱུར་པའི་ཚེ་ལྷ་མིན་གྱི་དཔུང་གིས་བདས་ཀྱང། ཤིང་ཤལ་མ་ལའི་སྟེང་གི་མཁའ་ལྡིང་གི་ཕྲུ་གུ་ལ་གནོད་ཀྱིས་དོགས་ནས་རང་སྲོག་ལ་མ་གཟིགས་པར་ཕྱིར་ལོག་པ་ལྟ་བུ་དང། བྲམ་ཟེའི་སློབ་དཔོན་གྱིས་རྐུ་བ་ཆོས་སུ་བསྟན་ཀྱང་དེར་གཏན་ནས་མ་ཞུགས་པ་ལྟ་བུ་མ་བྱིན་ལེན་སྤངས་ཚུལ། ལོག་གཡེམ་སྤངས་ཚུལ་མྱོས་བྱེད་མའི་སྐྱེས་རབས་དང། གཞན་ཡང་ཁྱིམ་ནི་བཙོན་ར་དང་འདྲ་བར་གཟིགས་ཏེ་དཔལ་འབྱོར་མཐའ་དག་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལྷུར་བཞེས་པའི་ཚུལ། སྟོན་པ་ལྐུག་འཕྱེའི་སྐྱེས་རབས། རྒྱལ་རིགས་ཕྱུག་པོའི་སྐྱེས་རབས།


GTD003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་དཔོན་དུ་སྐྱེས་པའི་རབས་སོགས་མཐའ་ཡས་སོ། །དེ་ལྟར་དུས་ཤིན་ཏུ་རིང་པོར་དཀའ་སྤྱད་དྲག་པོ་བཟོད་པར་བྱས་ཏེ། ཡང་དག་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལས་ཆ་ཙམ་ཡང་མི་འདའ་བར་བསྲུངས་ནས། སྔོན་གྱི་རྒྱལ་བ་རྣམས་མཉེས་པར་བྱས་པ་དེའི་སྟོབས་ཀྱིས་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང། དེ་བརྗོད་བྱར་བྱེད་པ་འདུལ་བའི་སྡེ་སྣོད་ལ་སོགས་པ་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་སྨོན་ལམ་མཛད་པའོ། །དེའང་ཚུལ་ཁྲིམས་ཀྱི་སྒྲ་དོན་མདོ་སྡེ་རྒྱན་གྱི་དབྱིག་འགྲེལ་ལས། བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཏེ། དེ་དང་ལྡན་པ་ལ་ཡུལ་གྱི་མཚན་མའི་ཉོན་མོངས་པས་ཡོངས་སུ་གདུངས་པ་མེད་པའི་ཕྱིར་རོ། །ཞེས་དང། བློ་བརྟན་གྱི་འགྲེལ་བཤད་ལས། ཤཱི་ལ་ཞེས་འབྱུང་སྟེ། ཤཱི་ནི་བསིལ་བའི་དོན་ལ། ལ་ནི་ཐོབ་པའམ་ལེན་པའི་དོན་ཏོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ཚེ་འདིར་ཡུལ་ལ་ཆགས་པའི་དོན་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྒྱུས་ལུས་དང་ངག་གི་སྒོ་ནས་བྱ་བ་སྣ་ཚོགས་ཀྱི་སྡུག་བསྔལ་བའི་གདུང་བར་བྱེད་པ་མི་འཐོབ་པར་འགྱུར་བ་དང་། དེའི་རྒྱུས་ཚེ་རབས་གཞན་དུའང་ངན་སོང་གི་གནས་སུ་མི་མྱོང་ཞིང། ལྷ་དང་མིའི་བསིལ་བའི་བདེ་བ་འཐོབ་པར་འགྱུར་བ་དང། མཇུག་ཏུ་མྱ་ངན་ལས་འདས་པའི་བདེ་བའི་བསིལ་བ་འཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཞེས་བྱའོ། །ཞེས་སོ། །འདི་ནི་ཤཱི་ལ་ཞེས་པར་ཡི་གེ་བསྣན་པའི་ངེས་ཚིག་གི་བཤད་ཚུལ་ཡིན་ལ། བོད་སྐད་ལྟར་ཚུལ་དང་ཁྲིམས་ཞེས་སོ་སོར་བཤད་ན་ཚུལ་ནི་རྣམ་བཤད་རིགས་པ་ལས། ཚུལ་གྱི་སྒྲ་ནི་བདེན་པ་དང། །ལམ་དང་འབྲེལ་འབྱུང་རིག་པ་དང། །ངེས་


GTD003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ཆ་དང་མྱ་ངན་འདས། །ཐབས་དང་རིགས་པ་ཉིད་ལ་ཡོད། །ཅེས་པ་ལྟར་དོན་བརྒྱད་དང། སྨྲ་སྒོ་ལྟར་དོན་བཅུ་ལ་འཇུག་ཀྱང། འདིར་གཙོ་བོ་རྒྱུད་རྡོ་རྗེ་རྩེ་མོ་ལས། ཚུལ་ཞེས་བྱ་བ་དོན་ཅི་ཡིན། །གང་དུ་དྲི་མ་མེད་གྱུར་པ། །དེ་ནི་དེ་ཡི་ཚུལ་དུ་བརྗོད། །ཅེས་དྲི་མ་ཟད་པའི་མྱང་འདས་ཀྱི་གོ་འཕང་སྒྲུབ་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་ཚུལ་ཞེས་བྱ་སྟེ། མངོན་པ་མཛོད་སོགས་སུ་ཚངས་པའི་ཚུལ་ཞེས་བཤད་པ་དང་དོན་གཅིག་གོ །ཁྲིམས་ནི་རྒྱལ་པོའི་བཀའ་ཁྲིམས་ལས་ཡུལ་གྱི་སྐྱེ་བོ་རྣམས་འདའ་མི་ནུས་པ་བཞིན། ཐར་པ་དོན་དུ་གཉེར་བ་རྣམས་ཚུལ་དེ་ལས་འདར་མི་རུང་བའི་དོན་ནོ། །བརྟུལ་ཞུགས་ནི། པྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། བརྟུལ་བ་ནི་བསྡུས་པ་སྟེ། ལུས་ངག་གི་འཇུག་པ་གཅིག་ཏུ་ངེས་པར་བྱས་པའོ། །ཞུགས་པ་ནི་དེ་ལྟར་ངེས་པར་བྱས་པ་དེ་ཉིད་ལས་མི་འདའ་བར་ཞུགས་པའོ། །དེའང་ནང་པ་ལ་གྲགས་པ་ནི་ཚུལ་ཁྲིམས་དང། ཕྱི་རོལ་པ་ལ་གྲགས་པ་ནི་བརྟུལ་ཞུགས་ཞེས་པའོ། །ཞེས་གསུངས་པས། སྒྲ་བཤད་དེ་ལྟར་བྱས་ཆོག་ཀྱང། ཚུལ་ཁྲིམས་བརྟུལ་ཞུགས་ཞེས་པ་ཕྱི་ནང་གཉིས་ལ་སོ་སོར་སྦྱར་བ་དཔྱད་དགོས་ཏེ། དཔུང་བཟང་གི་རྒྱུད་ལས། དེ་ཡི་བརྟུལ་ཞུགས་དང་པོར་ངས་བཤད་དོ། །ཞེས་དང། དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱི། །ཞེས་པ་ལྟ་བུ་ཚུལ་ཁྲིམས་ཀྱང་བརྟུལ་ཞུགས་སུ་བསྡུས་ནས་གསུངས་པ་དང། མིག་རྣམ་པར་སྦྱོང་བའི་གཟུངས་ལས། ཚུལ་ཁྲིམས་ཀྱི་བདེན་པ་དང། བརྟུལ་ཞུགས་ཀྱི་བདེན་པ་དང། ཞེས་སོ་


GTD003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སོར་གསུངས་པ་དང། བླ་མ་ལྔ་བཅུ་པར། བརྟུལ་ཞུགས་ཅན་གྱིས་ཀུན་བྱ་སྟེ། །ཞེས་པ་ལྟ་བུ་ནང་པའི་གཞུང་ལས་བརྟུལ་ཞུགས་ཀྱི་སྒྲས་བསྟན་པ་མཐའ་ཡས་ཤིང། ཕྱི་རོལ་བའི་གཞུང་མཛོད་འགྲེལ་དུ་དྲངས་པ་ལས། གང་དག་སྐྱེས་བུ་གང་ཟག་གང་ཞིག་བ་ལང་གི་ཚུལ་ཁྲིམས་དང། རི་དྭགས་ཀྱི་ཚུལ་ཁྲིམས་དང། བྱ་གག་གི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པ་དེ་ནི། ཞེས་པ་ལྟ་བུ་ཚུལ་ཁྲིམས་ཀྱི་སྒྲས་བཤད་པའང་མང་བས་བརྡ་འདོགས་ཚུལ་ཕྱི་བ་དང་ནང་པའི་ཁྱད་མིན་ནོ། །འོ་ན་ཚུལ་ཁྲིམས་བརྟུལ་ཞུགས་ཞེས་གཉིས་ཀ་སྨོས་པ་ཅི་ཡིན་ཞེ་ན། ཚུལ་ཁྲིམས་ནི་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པས་སྤྱི་ཡིན་ལ། བརྟུལ་ཞུགས་ནི་དེ་དང་མཐུན་པར་འཇུག་པ་ལུས་ངག་གི་ཀུན་སྤྱོད་ལ་གཙོ་བོར་བྱེད་པས་བྱེ་བྲག་ལྟ་བུ་ཡིན་ཏེ། དཔེར་ན་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ཞེས་པའི་ཚུལ་ཁྲིམས་དེ་ལུས་ངག་ཡིད་གསུམ་གའི་སྒོ་ནས་ལྟ་བ་ངན་པའི་རྗེས་སུ་སློབ་པའི་བསམ་སྦྱོར་གཉིས་ཀ་དང། བརྟུལ་ཞུགས་གཙོ་བོར་ལུས་ངག་གི་ཀུན་སྤྱོད་དང་ཆ་ལུགས་སོགས་ལ་བཞག་པ་བཞིན་ཡིན་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས། ལྟ་ངན་གྱིས་ཀུན་ནས་བསླང་བའི་ཚུལ་ཁྲིམས་དང། ཐ་མལ་པའི་སྤྱོད་པ་སྤངས་ནས་གཡང་གཞི་འཆང་བ་སོགས་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས། ཞེས་སོ། །དཀའ་ཐུབ་ཅེས་པའི་དཀའ་བ་བྱ་དཀའ་བའི་སྤྱོད་པ་ལ་བྱས་ཏེ། དེར་འཇུག་ཕོད་ཅིང་སྒྲུབ་ནུས་པ་ཐུབ་པའི་དོན་དུ་བཤད་པའང་མི་རུང་བ་མེད་ཀྱང། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་སོགས་སྔོན་གྱི་གཞུང་


GTD003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་ཚིག་གི་ནུས་པར་བརྟགས་ན་ཆགས་སྡང་སོགས་ཉོན་མོངས་སྐྱེ་བའི་རྐྱེན་དྲག་པོས་གདུངས་ཏེ་བཟོད་དཀའ་བ་ནི་འདིའི་དཀའ་བའི་དོན་དང། དེའི་དབང་དུ་མི་འཆོར་བས་དྲན་ཤེས་བཞིན་བག་ཡོད་དང་བཟོད་པ་ལ་སོགས་པས་དེ་ཉིད་ཕར་ཟིལ་གྱིས་གནོན་པ་ནི་ཐུབ་པའི་དོན་དུ་བྱས་ན་ལེགས་ཏེ། རྗེ་བླ་མའི་ཉམས་མགུར་དུ། ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེས་ལུང་ལས་བཟོད་པ་དཀའ་ཐུབ་ཀྱི་མཆོག་ཏུ་གསུངས་པའི་དོན་དེ་ལྟར་བཀྲལ་ཞིང། སྔོན་ཤཱཀྱའི་གཞོན་ནུ་རིགས་གཟུགས་འབྱོར་པས་ཁེངས་པའི་གདུག་རྩུབ་ཅན་གདུལ་དཀའ་བ་རྣམས་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཟིལ་གྱིས་མནན་པས་ཤཱཀྱ་ཐུབ་པར་བཏགས་པ་བཞིན་ནོ། །དེ་ལྟ་བུའི་དཀའ་ཐུབ་ཀྱི་སྤྱོད་པ་དེའང་དུས་ཉི་ཚེ་བ་ཙམ་མ་ཡིན་པར་བསྐལ་པ་ཆེན་པོ་དུ་མའི་བར་གྱི་ཡུན་ཤིན་ཏུ་རིང་པོར་བསྟེན་པར་བྱས་ཤིང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པར་མཛད་དོ། །འདིར་བསྟེན་བྱས་ཤིང་ཞེས་པའི་དོན་པྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། ཤིང་ཞེས་བྱ་བ་ནི་སྡུག་པ་སོགས་དང། ལྷན་ཅིག་པ་དང་ལྷག་བཅས་སོགས་ལ་འཇུག་པ་ལས་འདིར་ནི་ལྷན་ཅིག་པའི་དོན་ཅན་ཏེ། བསྟེན་པར་བྱས་པ་དང་ལྷན་ཅིག་ཏུའམ། བསྟེན་པར་བྱས་བཞིན་དུ་ཞེས་བྱ་བའོ། །ཞེས་དཔེར་ན་འགྲོ་བཞིན་དུ་ཁ་ཏོན་བྱེད་ཅེས་པ་ལྟ་བུ། བྱ་བ་ངོ་བོ་ཐ་དད་པ་གཉིས་ལྷན་ཅིག་ཏུ་བསྒྲུབ་པ་ལ་བཤད་ཅིང། མཆོད་པའང་བསྙེན་བཀུར་སོགས་ལ་གཙོ་བོར་


GTD003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །འདིའང་ཅུང་ཟད་དཔྱད་དགོས་ཏེ། རྙེད་པ་དང་བཀུར་སྟིས་མཆོད་ཚུལ་ནི། གོང་དུ། བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །ཞེས་སྦྱིན་པའི་སྐབས་སུ་བཤད་ཟིན་པས་འདིར་སྒྲུབ་པའི་མཆོད་པ་ལ་བྱས་ན་འབྲེལ་གྱི། སྔ་མ་དང་ཁྱད་མེད་ན་ཟློས་སྐྱོན་དུ་འགྱུར་རོ། །སངས་རྒྱས་ལ་མཆོད་ཅེས་སྨོས་ཚད་མཆོད་པའི་ཡོ་བྱད་ཅིག་ཕུལ་བ་ཁོ་ནར་གོ་མི་དགོས་ཏེ། མཆོད་པའི་སྐད་དོད་པཱུ་ཛ་ཞེས་པ་མཉེས་པར་བྱེད་པའི་དོན་ཡིན་པས། རྒྱལ་བ་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་ཉམས་པ་མེད་པར་བསྲུངས་ཏེ་རང་གི་སེམས་རྒྱུད་འདུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལས་ལྷག་པའི་མཆོད་པ་མེད་པའི་ཕྱིར་ཏེ། ཡབ་སྲས་མཇལ་བའི་མདོ་ལས། སྤྱད་པ་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་དེ་ནི་བླ་ན་མེད། །ཅེས་དང། བདུད་རྩི་གསང་བའི་རྒྱུད་ལས། མཉེས་པའི་དོན་གྱིས་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པའི་མཆོད་པ་ཆེན་པོ་འོ། །ཞེས་དང། སེམས་ཅན་མགུ་བར་བྱེད་པའི་བསྟོད་པ་ལས། དེས་ན་སེམས་ཅན་ཕན་པ་བྱས་ན་ང་ལ་མཆོད་པའི་མཆོག །གང་གི་ཡིད་ནི་མགུ་བར་བྱེད་པ་མཆོད་པ་ཡིན་པས་སོ། །ཞེས་སོགས་དང། སྐྱེས་རབས་ལས་ཀྱང། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་ཚུལ་ཁྲིམས་བསྲུངས་པ་དེ་ཉིད་རྐང་པ་གསུམ་པའི་སྐབས་ཀྱི་མཆོད་པ་ལའང་


GTD003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་གཉིས་ཀ་དོན་གཅིག་ཏུ་བྱས་ན་ལེགས་སོ། །གསུམ་པ་ཚུལ་ཁྲིམས་ཀྱི་འཁོར་རམ་གྲོགས་བཟོད་པ་ལ་བསླབ་ཚུལ་ནི། བཟོད་བརྟུལ་རྟག་ཏུ་བསྟེན་བྱས་ཤིང། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང། དེའང་ཐུབ་པའི་དབང་པོ་ཉིད་སྔོན་དྲང་སྲོང་བཟོད་པར་སྨྲ་བའི་སྐྱེ་བ་བཞེས་པའི་ཚེ་རྒྱལ་པོ་གདུག་པས་ཕྱག་ཞབས་ཐམས་ཅད་རིམ་པ་བཞིན་བཅད་ཀྱང་ཁྲོ་བའི་སེམས་ཅུང་ཟད་ཙམ་ཡང་མ་སྐྱེས་པ་དང། བྲམ་ཟེའི་རིགས་ཤིག་ཏུ་འཁྲུངས་ཏེ་དབེན་པར་གཤེགས་པ་ན་སྔོན་གྱི་ཆུང་མའང་རབ་ཏུ་བྱུང་ནས་རྗེས་སུ་འབྲངས་པ་རྒྱལ་པོ་ཞིག་གིས་ཕྲོགས་ཏེ་བསྙས་ཐབས་དུ་མ་སྨྲས་ཀྱང་ཁྲོ་བའི་སེམས་མ་སྐྱེས་པ་དང། སྤྲེའུ་དང་། བྱ་ཤིང་རྟ་མོ། རི་དྭགས་ཤ་ར་བྷ། རི་དྭགས་རུ་རུ་རྣམས་སུ་གྱུར་པའི་ཚེ་རང་གིས་ཕར་བསྐྱབས་པ་ལ་དྲིན་གཟོ་མེད་པར་གནོད་པ་བྱེད་པ་ལའང་མི་ཁྲོ་ཞིང། ཕར་གནོད་ལན་དུ་ཕན་པ་བསྒྲུབ་པ་དང། ཁྱུ་མཆོག་ཏུ་འཁྲུངས་པའི་ཚེ་སྤྲེའུ་མི་བསྲུན་པས་རྟག་ཏུ་མཐོ་བརྩམས་ཀྱང་ལན་ཡེ་མི་མཛད་པ་སོགས་ཤིན་ཏུ་སྙིགས་མ་བདོ་བའི་དུས་ཀྱི་སེམས་ཅན་སྤྱོད་པ་ངན་པ། ཉོན་མོངས་པའི་གདོན་གྱིས་བརླམས་པ་རྣམས་ཀྱིས་མི་འཚམ་པའི་བྱ་བ་དུ་མས་སྒོ་མཐའ་དག་ནས་ཡང་དང་ཡང་དུ་གཙེས་ཀྱང་བཟོད་པའི་གོ་ཆ་རྟག་ཏུ་བསྟེན་ནས་ཁྲོ་བ་སྐད་ཅིག་ཀྱང་མ་ཤོར་བར། དེ་ཐམས་ཅད་ལ་མ་བུ་གཅིག་པ་ལྟ་བུའི་བྱམས་པའི་ཐུགས་ཀྱིས་དགོངས་པར་མཛད་པ་དེའི་བདེན་པའི་སྟོབས་ཀྱིས་ལུས་


GTD003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོངས་ལ་ཕན་པ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་སྨོན་པའོ། །དེའང་གཞུང་ལས་བཟོད་པའི་སྔོན་འདིར་བརྩོན་འགྲུས་འབྱུང་བ་ནི་སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བ་འོ། །ཞེས་པ་ལྟར་བརྩོན་འགྲུས་ཀྱི་ངོ་བོ་དགེ་བ་ལ་སྤྲོ་བ་ཡིན་ཞིང། སྦྱིན་སོགས་གང་ལ་སློབ་ཀྱང་དེ་དང་དེར་སྤྲོ་བ་ཞིག་མེད་མི་རུང་དུ་དགོས་པས། གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པ་ལྟར། བརྩོན་འགྲུས་ནི་དེ་ཐམས་ཅད་ལ་ཁྱབ་བྱེད་ལྟ་བུར་འགྲོ་བ་ལ་དགོངས་ནས་གོ་རིམ་འཆོལ་ཏེ་གསུངས་པ་ཡིན་ལ། སྤྱིར་ཕྱིན་དྲུག་གི་རིམ་པ། སྐྱེ་རིམ་དང། དམན་མཆོག །རགས་ཕྲ་གསུམ་གྱི་སྒོ་ནས་ངེས་ཚུལ་རྒྱན་ལས་འབྱུང་བ་བཞིན། འདིར་ཡང་སྤྱི་བབ་དང་བསྟུན་ནས་བཤད་པ་ཡིན་པས་སྐྱོན་དུ་མི་འགྱུར་ཏེ། དགོས་པ་དེ་འདྲ་ཡོད་ན་ལྟག་འོག་བསྣོར་ནས་འཆད་དུ་རུང་བར་སྤྱན་རས་གཟིགས་བརྟུལ་ཞུགས་སོགས་ཀྱིས་བཤད་དོ། །དེའང་བཟོད་བརྟུལ་ནི་བཟོད་པའི་བརྟུལ་ཞུགས་སམ་གོ་ཆ་ཡིན་ལ། དེའང་གནོད་པ་ལན་རེ་ཙམ་བཟོད་པ་མ་ཡིན་པར་རྟག་ཏུ་བཟོད་པའི་གོ་ཆ་མི་ལྷོད་པས་ན་རྟག་ཏུ་བསྟེན་བྱས་ཞེས་སྨོས་སོ། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །ཞེས་པ་ནི། ཉོན་མོངས་ཤིན་ཏུ་རགས་ཤིང་རྒྱས་པའི་སེམས་ཅན་ནམ། ཉོན་མོངས་པའི་སྙིགས་མ་བདོ་བའི་དུས་ཀྱི་སེམས་ཅན་ཞེས་པ་ཡིན་ལ། ཉོན་མོངས་པའི་དོན་ནི་ཀུན་བཏུས་ལས། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་


GTD003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་གསུངས་ལ། མ་ཞི་བར་བྱེད་ཚུལ་རྒྱལ་སྲས་མ་ལས། དེའང་རྣམ་པ་དྲུག་སྟེ། འདི་ལྟར་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་དང། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང། རྒོད་པས་རབ་ཏུ་མ་ཞི་བ་དང། རྨུགས་པས་རབ་ཏུ་མ་ཞི་བ་དང། བག་མེད་པས་རབ་ཏུ་མ་ཞི་བ་དང། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ། །ཞེས་ཡང་དག་པའི་ལམ་ལ་འཇུག་ཏུ་མི་སྟེར་ཞིང། ཕྱིན་ཅི་ལོག་གི་ཡུལ་ལ་རང་དབང་མེད་པར་སྦྱོར་བས་ན་སེམས་ལས་སུ་མི་རུང་བར་བྱེད་དོ། །མདོར་ན་སེམས་ཉོན་མོངས་པའི་གཞན་དབང་དུ་སོང་བ་ནི་སྡུག་བསྔལ་གྱི་བདེན་པའི་དོན་ཡིན་ཞིང། ཉོན་མོངས་ཀྱི་རྙོག་པ་དང་བཅས་པ་དེ་ཉིད་མ་ཞི་བའམ་འཁོར་བའི་དོན་ཡང་ཡིན་ལ། སེམས་ཉོན་མོངས་ཀྱི་རྙོག་པ་དང་བྲལ་བ་ནི་ཞི་བའམ་ཐར་པ་དང་འགོག་པའི་བདེན་པའི་དོན་ཡིན་ཏེ། འཁོར་བ་དང་མྱང་འདས་ཞེས་པ་རང་གི་སེམས་འདི་ཉིད་ཉོན་མོངས་དང་བྲལ་མ་བྲལ་ཙམ་ལ་འཇོག་གི། གཞན་སྡེའི་འདོད་པ་བཞིན་རྟག་པ་རང་བྱུང་གི་དབང་ཕྱུག་ལྟ་བུའི་འཁོར་རྩ་དང། ཐར་པ་གཟུགས་ཅན་ལྟ་བུ་ལོགས་ཤིག་ན་མེད་པའི་ཕྱིར། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །ཅེས་དང། ས་ར་ཧས། སེམས་བཅིངས་ན་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །ཅེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་འཐོབ་སྡུག་བསྔལ་གཞོམ་འདོད་ཀྱང། །


GTD003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་གསུངས་ཏེ། དེ་དག་གི་དགོངས་པའི་གནད་དྲིལ་བ་ཀུན་བཏུས་དར་ཊཱིཀ་ལས། སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་པས་རབ་ཏུ་ཕྱེ་བའོ། །རྒྱུད་ཞི་བ་ནི་འགོག་བདེན་ཡིན་ལ། དེ་བྱེད་པ་ནི་ལམ་བདེན་དང། སེམས་རྒྱུད་རབ་ཏུ་མ་ཞི་བ་ནི་སྡུག་བསྔལ་བདེན་པ་ཡིན་ལ། དེ་བྱེད་པའི་གཙོ་བོ་ནི་ཉོན་མོངས་སོ། །ཞེས་གསུངས་ཏེ་ལེགས་བཤད་བླ་ན་མེད་པར་སྣང་ངོ་། །སྙིགས་མ་ཞེས་པ་སྐབས་ཐོབ་ཀྱི་དབང་གིས་ཆེས་ཉག་ཕྲ་བ་ལ་འཇུག་པ་དང། ཆེས་རགས་ཤིང་ལྷག་པར་བདོ་བ་ལ་འཇུག་ཚུལ་གཉིས་ཡོད་དེ། པད་དཀར་ལས། བསྐལ་པའི་སྙིགས་མ་ལས་བྱུང་ངམ། སེམས་ཅན་གྱི་སྙིགས་མའམ། ཉོན་མོངས་པའི་སྙིགས་མའམ། ལྟ་བའི་སྙིགས་མའམ། ཚེའི་སྙིགས་མ་ཞེས་སྙིགས་མ་ལྔ་བཤད་པས། བསྐལ་བའམ་དུས་ཀྱི་སྙིགས་མ་དང་ཚེའི་སྙིགས་མ་ནི་དཔེར་ན་ཆུ་མིག་སྐམ་པའི་ལྷག་མ་ཅུང་ཟད་ཅིག་ལུས་པ་ལ་སྙིགས་མ་ཟེར་བ་བཞིན། ཟད་པའི་མཐར་ལུས་པ་ལ་བཤད། ཉོན་མོངས་པ་དང་ལྟ་བའི་སྙིགས་མ་ནི། དཔེར་ན་ཚོན་བཏུལ་བའི་ནང་ནས་རྡོ་དང་བྱེ་མ་སོགས་རགས་པ་བསལ་བ་ལ་སྙིགས་མ་ཟེར་བ་བཞིན་དུ་ཤིན་ཏུ་རགས་ཤིང་ལྷག་པར་བདོ་བ་ལ་བྱེད་དོ། །དེ་དག་སོ་སོའི་ཁྱད་པར་ནི་སློབ་དཔོན་མ་ཏི་ཙི་ཏྲའི་རྩོད་པའི་དུས་ཀྱི་གཏམ་ལས། བཅུད་རྣམས་སས་འཐུང་དངོས་རྣམས་སྟོབས་ཆུང་ལྷ་རྣམས་ཆར་ནི་འབེབས་མི་བྱེད། །རླུང་རྣམས་རབ་ཏུ་དྲག་ལྡང་ལོ་ཏོག་རྣམས་ནི་མི་སྨིན་སྐྱེ་མི་འགྱུར། །སྐྱེས་ལ་སེར་འབབ་ས་རྣམས་རྩོད་པའི་དུས་ཀྱིས་དབང་བསྒྱུར་འབྲས་བུ་མེད། །ཅེས་པ་ལྟར་


GTD003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་མཐའ་དག་གི་བཀྲག་མདངས་དང་བཅུད་ཉམས་ཤིང་། ཕྱི་ནང་གི་ཉེར་འཚེ་དུ་མ་རུ་འཛིང་བས་དུས་ཀྱི་སྙིགས་མ་དང། ཡང་དེ་ཉིད་ལས། ཡོན་ཏན་མཁས་ལ་མི་བཀུར་ནོར་ལྡན་རྣམས་ནི་མཆོད་བྱ་མིན་པར་མཆོད། །སྐྱེ་རྨོངས་མཆོད་བྱེད་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་ངེས་འཁྲིད་གང་གིས་བཟློག །ཅེས་པ་ལྟར། སྐྱེ་བོ་རྣམས་རང་བཞིན་གྱིས་དམ་པ་མ་ཡིན་པའི་ཕྱོགས་ལ་དགའ་ཞིང། དམ་པ་རྣམས་ཀྱི་རྗེས་སུ་མི་འཇུག་པར་གདུལ་དཀའ་བ་སེམས་ཅན་སྙིགས་མའི་དོན་དང། ཡང། སྡིག་ལ་དགའ་ཞིང་སྟོབས་ལྡན་གཡོ་ཅན་རྣམས་ཀྱིས་དམ་ཆོས་བསྣུབ་པར་འགྱུར། །ཞེས་སོགས་ལྟར་ཆགས་སྡང་གཡོ་སྒྱུ་ཕྲག་དོག་སོགས་ཉོན་མོངས་པ་ཤིན་ཏུ་རགས་པས་སྡིག་པ་མི་བཟད་པ་ལ་ཚམ་ཚོམ་མེད་པར་འཇུག་པ་ཉོན་མོངས་སྙིགས་མ་དང། ཉོན་མོངས་པའི་ནང་ནས་ཀྱང་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་གཅོད་བྱེད་ལས་འབྲས་ལ་སྐུར་བ་འདེབས་པའི་ལྟ་ངན་རྒྱས་པ་ནི་ལྟ་བ་སྙིགས་མའི་དོན་ཡིན་ཏེ། སྤྱིར་རྟག་ཆད་ཀྱི་ལྟ་བ་གཉིས་ཀ་ལྟ་ངན་ཡིན་ཀྱང། རྟག་ལྟས་དགེ་རྩ་མི་གཅོད་པར་མ་ཟད། བཞི་བརྒྱ་པར། དམ་པ་མིན་ལ་བདག་འཛིན་མཆོག། །ཅེས་པ་ལྟར། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང། དགེ་བའི་ལས་ཀྱི་རྐྱེན་བྱེད་པའང་སྲིད་ཅིང། ཆད་ལྟ་ནི་མཛོད་ལས། མེད་པར་ལྟ་བས་རྩ་བ་གཅོད། །ཅེས་པ་ལྟར། དགེ་རྩ་གཅོད་བྱེད་ཡིན་པས་ལྟ་བའི་སྙིགས་མའང་གཙོ་བོར་དེ་ལ་འཇོག་དགོས་སོ། །མཁན་པོ་བོ་དྷི་སཏྭའི་ཞལ་ཆེམས་ལའང། སྙིགས་མ་ལྔའི་


GTD003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ལྟ་བའི་སྙིགས་མ་ཞེས་བྱ་བ་སྟོང་ཉིད་ལ་དགའ་བ་ཡོང་བར་མདོ་ལས་གསུངས། ཞེས་པའང། སྟོང་ཉིད་ཅེས་པའི་སྒྲ་ཙམ་ལ་ཞེན་ནས་འཁོར་འདས་བཅིངས་གྲོལ་མཐའ་དག་རི་བོང་གི་རྭ་བཞིན་གཏན་མེད་དུ་འཛིན་ཅིང། ཐ་སྙད་པའི་ཤེས་པ་ཐམས་ཅད་འཁྲུལ་བ་ཡིན་པས་དེའི་ངོར་ཡོད་པས་ཡོད་གོ་མི་ཆོད་པར་སྨྲ་བ་དང། ཁ་ཅིག་ལྟ་བ་བསྒོམ་པའི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པར་སྟོང་སང་ཧད་པོ་ཙམ་ལ་འཇོག་ཅིང། དེ་ཉིད་ལྟ་བའི་ཡང་རྩེར་རློམ་པ་སོགས་སྤྱོད་ཕྱོགས་རས་སུ་བོར་ནས་ལྟ་བ་ལྟར་སྣང་རེ་ཙམ་གཙོ་བོར་བྱེད་པ་དང་དེའི་རྗེས་སུ་མོས་པ་མང་དུ་འབྱུང་བ་ནི་ལྟ་བ་སྙིགས་མར་སོང་བའི་དོན་ཡིན་ནོ། །ཚེ་སྙིགས་མ་ནི་ཚེ་ལོ་མར་འགྲིབ་པས་མི་རྣམས་ཚེ་ཚད་ཐུང་ཞིང། ནད་རིམས་གདོན་བགེགས་ལ་སོགས་པ་དུས་མ་ཡིན་པའི་འཆི་རྐྱེན་ཤིན་ཏུ་མང་བས་ཚེ་ཚད་དེར་ཡང་སྡོད་པ་ཉུང་སྟེ། མ་ཏི་ཙི་ཏྲས། འགྲོ་ལ་ནད་འཕེལ་བ་ནི་དེ་དང་དེ་དག་འབྱུང་པོ་རྣམས་ཀྱིས་བཏང། །ཞེས་དང། སྨན་རྣམས་གང་ཡང་ནུས་མེད་དེ་བཞིན་ཁྱད་པར་རྣམས་ནི་རབ་ཏུ་ཉམས། །ཀྱེ་ཧུད་སྡུག་བསྔལ་རྩོད་པའི་དུས་ནི་ཉེར་གནས་བསོད་ནམས་གཉེར་བ་ནགས་སུ་སོང། །ཞེས་པ་ལྟར་རོ། །དེ་ལྟར་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་ཡིན་ཀྱང་། རྩ་བ་ཉོན་མོངས་སྙིགས་མ་ལ་ཐུག་པས། འདིར་དེ་ཉིད་དངོས་སུ་བསྟན་ཏེ་གཞན་བཞི་ཤུགས་ལ་འཕངས་སོ། །སེམས་ཅན་ངན་བཟོད་ཅེས་པ་ནི། ཇི་ལྟར་བྱས་ཀྱང་མགུ་བར་མི་ནུས་པའི་སེམས་ཅན་གདུག་པའི་རང་བཞིན་ཤིན་ཏུ་བྱེད་པ་ངན་པའམ། ཡང་ན་ཕ་རོལ་པོ་ཤིན་ཏུ་དམན་ཞིང་


GTD003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ཆུང་བས་རང་ལ་གནོད་པ་བསྐྱལ་བ་ན་དཀའ་ཚེགས་མེད་པར་ཕྱིར་བཟློག་ནུས་བཞིན་དུ་དམན་ཆ་བླངས་ནས་ཁུར་བའི་དོན་ཏེ། ཤེས་རབ་སྡོང་བུ་ལས། མཐུ་ཆེན་བཅོས་སུ་མི་རུང་ལ། །བཟོད་པ་བྱར་ཡང་ཅི་ཞིག་ཡོད། །དུལ་བ་ཞི་བའི་སྤྱོད་པ་ལ། །བཟོད་པ་བྱ་ཡང་ཅི་ཞིག་དགོས། །ཞེས་དང། མ་ཧེའི་སྐྱེས་རབས་ལས། མཐུ་ཆེན་བཅོས་སུ་མི་རུང་ལ། །བཟོད་པ་ཅི་ཞིག་བྱར་ཡོད་མོད། །མཐུ་ཆུང་འཁྲུལ་པ་དག་ལ་ནི། །མཐུ་ཡོད་བཞིན་དུ་བཟོད་ན་རུང། །ཞེས་དང་། མཐུ་སྟོབས་ཆུང་བས་བརྙས་ཐབས་བྱས་པ་ལ། །དང་དུ་ལེན་པ་ཡོན་ཏན་རྣམས་ཀྱི་མཆོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་བསླབ་པ་གསུམ་གར་ཁྱད་མེད་དུ་གལ་ཆེ་བ་བརྩོན་འགྲུས་ལ་བསླབ་ཚུལ་ནི། བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང་། དེའང་དགེ་སློང་གྲགས་པའི་འོད་དུ་འཁྲུངས་པའི་ཚེ་སངས་རྒྱས་དོན་ཡོད་གཤེགས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པས་བསྟོད་བཞིན་དུ་རང་ལུས་སྒྲོན་མེར་བྱས་ནས་ཕུལ་བ་དང། ཡང་སྐྱེ་བ་གཅིག་གི་ཚེ་དེ་བཞིན་གཤེགས་པ་སྐར་རྒྱལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་ཞག་བདུན་གྱི་བར་ཞབས་ཡ་གཅིག་གིས་འགྲེང་སྟེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲ་ཞེས་སོགས་ཀྱིས་བསྟོད་པ་མཛད། གྲུབ་མཐའ་འོག་མ་རྣམས་ཕྱིན་དྲུག་རིམ་ཅན་དུ་རྫོགས་པར་འདོད་པས། མཛོད་ལས། སྐར་རྒྱལ་བསྟོད་པའི་བརྩོན་འགྲུས་


GTD003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཞེས་དེའི་ཚེ་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པར་བཤད་དོ། །གཞན་ཡང་མདོ་ལས་མ་ཕམ་པ་བདག་ཅག་གི་སྟོན་པ་ལས་བསྐལ་པ་དྲུག་ཅུས་ཐུགས་བསྐྱེད་པ་སྔའང། སྟོན་པ་ཉིད་སློབ་པའི་གནས་སྐབས་སུ་བརྩོན་འགྲུས་ཧ་ཅང་ཤུགས་དྲག་པས་དེའི་སྔོན་དུ་སངས་རྒྱས་པར་གསུངས་པ་དང་། འཇམ་པའི་དབྱངས་ཀྱི་བཀའ་བཞིན་རྗེ་བླ་མས་སྨོན་ལམ་མཛད་པའི་སྐབས་སུའང། རླབས་པོ་ཆེའི་བརྩོན་འགྲུས་ཀྱི་སྒོ་ནས་བྱང་ཆུབ་ཆེན་པོ་བརྙེས་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཞེས། སློབ་པའི་གནས་སྐབས་སུ་རྒྱལ་སྲས་ཀུན་གྱི་ཁྲོད་ན་བརྩོན་འགྲུས་ཁྱད་དུ་འཕགས་པའི་དཔེར་མཛད་པ་བཞིན་ནོ། །དེ་ལྟར་བྱ་བ་ངན་ཞེན་གྱི་ལེ་ལོ་སོགས་སྤངས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་པར་སྤྲོ་བའི་བརྩོན་འགྲུས་དང་ལྡན་ཞིང། སྙིང་སྟོབས་ཤིན་ཏུ་བརྟན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་པ་བཞིན་ཕ་རོལ་མི་མཐུན་པའི་ཕྱོགས་ཉོན་མོངས་སོགས་ཟིལ་གྱིས་གནོན་པའི་ང་རྒྱལ་གྱི་གདེང་དང་ལྡན་པས་སྐད་ཅིག་ཙམ་ཡང་སྒྱིད་ལུག་དང་ཞུམ་པ་མེད་པར་བྱ་དཀའ་བའི་སྤྱོད་པ་མཐའ་དག་ལ་སློབ་པར་མཛད་དེ། དེ་ཐམས་ཅད་ཀྱང་རང་དོན་ཡིད་བྱེད་ཀྱིས་མ་བསླད་པར། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་དོན་འབའ་ཞིག་ཏུ་བྱས་པ་ཡིན་པས། དེའི་བདེན་པའི་སྟོབས་ཀྱིས་ཐར་པའི་གླིང་དུ་བགྲོད་པའི་གྲུ་གཟིངས་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་སྨོན་པའོ། །དེའང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ནི་སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང། །སྒྱིད་ལུག་བདག་ཉིད་བརྙས་པ་འོ། །ཞེས་པ་ལྟར་བྱ་བ་ངན་པ་ལ་ཞེན་ནས་ཡང་དག་པའི་སྒྲུབ་པ་ལ་འཇུག་འདོད་མེད་པ་དང།


GTD003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འཇུག་འདོད་ཀྱང་བདག་ལྟ་བུས་ག་ལ་ནུས་སྙམ་དུ་བདག་ཉིད་བརྙས་ཤིང་སྒྱིད་ལུག་པ་གཉིས་ཡིན་པས། དང་པོའི་གཉེན་པོར་དགེ་བ་ལ་འབད་དགོས་པའི་རྒྱུ་མཚན་སྒོ་དུ་མ་ནས་བསམས་ཏེ་དེ་ལ་འཇུག་པར་སྤྲོ་བའི་བརྩོན་འགྲུས་བསྐྱེད་དགོས་པར་གསུངས་པ་རྐང་པ་དང་པོའི་དོན་དང་གཅིག་ལ། དེ་བརྩོན་འགྲུས་བསྐྱེད་པའི་ཐབས་སུ་སྟོབས་བཞི་གསུངས་པའི་ནང་ནས་དང་པོ་མོས་པའི་སྟོབས་ཡིན་ནོ། །རྐང་པ་གཉིས་པའི་སྐབས་སུ་ཞུམ་ཞིང་སྒྱིད་ལུག་པའི་གཉེན་པོ་བརྟན་པའི་སྟོབས་ཀྱི་སྒོ་ནས་སྒྲུབ་པ་མཐར་འབྱིན་ཚུལ་གསུངས་པ་ཡིན་ཞིང། སྟོབས་འདིར་ང་རྒྱལ་གྱི་སྟོབས་ཞེས་ཀྱང་བཤད་དེ། ཇི་སྐད་དུ་བྱང་ཆུབ་ལམ་རིམ་ཆེན་མོ་ལས། མོས་པའི་སྟོབས་ཀྱིས་བརྩོན་འགྲུས་མ་སྐྱེས་པ་བསྐྱེད་ཅིང། སྐྱེས་ཟིན་མི་ལྡོག་པའི་རྒྱུར་བརྟན་པའི་སྟོབས་སམ་ང་རྒྱལ་གྱི་སྟོབས་བསྒྲུབ་ནས་ཞེས་དང། བརྟན་པའི་སྟོབས་ནི་གང་ལ་བརྩོན་འགྲུས་བརྩམས་པ་དེ་ལས་མི་ལྡོག་པར་མཐར་འབྱིན་པའོ། །ཞེས་དང་། དམ་བཅའ་མཐར་ཕྱིན་པར་འདོད་པས་ང་རྒྱལ་གསུམ་བསྒོམ་པར་བྱ་སྟེ། ཞེས་གསུངས་སོ། །འདིར་ཕ་རོལ་གནོན་ཞེས་གསུངས་པ་དང། སྤྱོད་འཇུག་དང་ལམ་རིམ་གྱི་ང་རྒྱལ་བསྒོམ་པར་གསུངས་པ་དོན་གཅིག་སྟེ། ང་རྒྱལ་ནི་ཕ་རོལ་ཟིལ་གྱིས་གནོན་པ་ཁེངས་པའི་རྣམ་པར་འཇུག་ལ། འདིར་ཡང་སྤྱོད་པ་བྱ་དཀའ་བ་ཅི་འདྲ་ཞིག་ཡིན་ཀྱང་བདག་གིས་ཅིའི་ཕྱིར་མི་ནུས་སྙམ་པ་དང། སེམས་ཅན་གཞན་གྱིས་མ་ནུས་ཀྱང་བདག་གིས་ངེས་པར་ནུས་སྙམ་པ་དང་། ཉོན་མོངས་སོགས་མི་མཐུན་པའི་ཕྱོགས་མཐའ་


GTD003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བདག་གིས་ཅིའི་ཕྱིར་དྲུངས་ནས་འབྱིན་མི་ནུས་སྙམ་དུ་རང་གིས་རང་ཉིད་གཟེངས་བསྟོད་ནས་དཔའ་བསྐྱེད་པ་སྐབས་འདིའི་ཕ་རོལ་གནོན་ཚུལ་དང་ང་རྒྱལ་སྒོམ་ཚུལ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྩམས་ནས་ང་རྒྱལ་བསྒོམ་པར་བྱ། །ལས་དང་ཉོན་མོངས་ནུས་པ་སྟེ། །གསུམ་པོ་དག་ལ་ང་རྒྱལ་བྱ། །ཞེས་དང། བདག་གིས་ཀུན་ལས་རྒྱལ་བྱ་སྟེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །རྒྱལ་བ་སེང་གེའི་སྲས་བདག་གི །ང་རྒྱལ་འདི་ལ་གནས་པར་བྱ། །ཞེས་དང། ལམ་རིམ་ལས། གཞན་ལ་རེ་བ་བཀག་ནས་རང་གཅིག་པུས་བྱེད་པར་གོ་བགོ །དེའང་གཞན་གྱིས་རང་ལྟར་བྱ་བར་མི་ནུས་ཀྱི། རང་གིས་ནུས་སོ་སྙམ་དུ་གདེང་འཆའ། དེ་ལྟར་མཐོང་ནས་སྒྲུབ་པའི་ཚེའང་ཉོན་མོངས་ཕར་ལ་གཞོམ་གྱི། དེས་ཚུར་ལ་ནམ་ཡང་འཇོམས་མི་ནུས་པར་བྱེད་པའི་བློའི་བརྟན་པ་བསྐྱེད། ཅེས་སོ། །དེ་ལྟར་རྩ་བའི་ཚིག་གི་བརྟན་པ་ཞེས་པས་ལས་དང་ནུས་པའི་ང་རྒྱལ་གཉིས་བསྟན། ཕ་རོལ་གནོན་ཞེས་པས་ཉོན་མོངས་ལས་ང་རྒྱལ་བ་བསྟན་པ་ཡིན་ནོ། །སྤྱིར་བརྩོན་འགྲུས་བསྐྱེད་ཚུལ་ལ་སྟོབས་བཞི་གསུངས་ཀྱང། འདིར་མོས་པ་དང་བརྟན་པའི་སྟོབས་གཉིས་སུ་བསྡུས་ནས་གསུངས་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། མ་ཞེན་ཡོངས་སུ་མི་ངལ་དང། །ཞེས་སྒྲུབ་པ་མི་ཉམས་པ་དང་འཕེལ་བའི་རྒྱུ་གཉིས་སུ་བསྡུས་ནས་གསུངས་པ་བཞིན་ནོ། །པྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། སེམས་ཅན་ཐམས་ཅད་བསྒྲལ་བྱས་པས། །ཞེས་འགྱུར་བཅོས་ནས་གསུང་སྣང་ཡང། གོང་དུ་། སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །ཞེས་པ་དང་འདྲ་བར་ཀུན་སློང་གི་ཁྱད་པར་ལ་


GTD003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། བསྒྲལ་དོན་ཞེས་པ་རང་སོར་བཞག་ན་ལེགས་སམ་སྙམ་མོ། །གསུམ་པ་ཏིང་ངེ་འཛིན་གྱི་བསླབ་པའི་ངོ་བོ་བསམ་གཏན་ལ་བསླབ་ཚུལ་ནི། བསམ་གཏན་རྣམ་ཐར་གཟུགས་མེད་དང། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམས་པས་དེ་མཐུས་བདག་གི་ནི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་བྱུང་། དེའང་སྔོན་གྱི་གླིང་བཞི་ལ་དབང་བའི་རྒྱལ་པོ་བརྟན་པས་བྱིན་ཞེས་བྱ་བར་འཁྲུངས་པའི་ཚེ། དེ་བཞིན་གཤེགས་པ་གཟི་བརྗིད་ཚོགས་ཀྱི་རྒྱལ་པོའི་སྤྱན་སྔར་ཏིང་ངེ་འཛིན་རྒྱལ་པོའི་མདོ་ཐོས་ནས་རྒྱལ་སྲིད་ཀྱི་འབྱོར་པ་རླབས་པོ་ཆེ་སྤངས་ཏེ་རབ་ཏུ་བྱུང་ནས་དབེན་པར་བསམ་གཏན་བསྒྲུབས་པ་དང། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་སྒྲོན་མ་སྣང་བྱེད་དང། རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་སོགས་སུ་གྱུར་པའི་ཚེའང་རྒྱལ་སྲིད་སྤངས་ཏེ་དཀའ་ཐུབ་ཀྱི་ནགས་སུ་བསམ་གཏན་དང་ཚད་མེད་བཞི་རྣམས་བསྒོམས་པ་དང། རྒྱལ་པོ་ཀུན་ཏུ་གོ་བྱེད་དུ་གྱུར་པའི་ཚེ་ཁྱིམ་ལ་གནས་བཞིན་དུའང་འདོད་པ་ལ་འདུན་པ་སོགས་སྤངས་ཏེ། བུད་མེད་བརྒྱད་ཁྲིའང་བསམ་གཏན་དང་ཚད་མེད་ལ་བཀོད་པ་དང། བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་རྒྱལ་པོ་རྒྱལ་ཕྲན་འབངས་ལ་སོགས་པ་ཐམས་ཅད་རིམ་གྱིས་བསྡུས་ཏེ་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་བསྒོམ་པ་ལ་སྦྱར་བ་སོགས་མཐའ་ཡས་སོ། །དེ་ལྟར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་རྣམ་པར་ཐར་པ་བརྒྱད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གངྒཱའི་ཀླུང་གི་བྱེ་མའི་རྡུལ་གྲངས་དང་མཉམ་པ་བརྗོད་


GTD003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ལང་བ་རང་གིས་ཉམས་སུ་བླངས་ནས་གོམས་པར་བྱས་ཤིང། གཞན་དག་ཀྱང་ཚུལ་དེ་ལ་འགོད་པར་མཛད་པ་དེའི་བདེན་པའི་སྟོབས་ཀྱིས་ཁམས་གསུམ་གྱི་ཉོན་མོངས་མངོན་གྱུར་དང་ས་བོན་ཅི་རིགས་པར་སྤོང་བའི་གཉེན་པོ་ལྷག་པའི་ཏིང་ངེ་འཛིན་དང། དེ་བརྗོད་བྱར་བྱེད་པ་མདོ་སྡེའི་སྡེ་སྣོད་ལ་སོགས་པ་ལུང་རྟོགས་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པར་སྨོན་པའོ། །དེའང་བསམ་གཏན་གྱི་སྒྲ་དོན། བོད་སྔ་མ་ཁ་ཅིག་བསམ་པ་བརྟན་པར་བྱེད་པས་བསམ་གཏན་ཞེས་ཟེར་བ་ནི། ཡི་གེའི་དོན་ལའང་མ་ཞུགས་པར་རྗེ་བདག་ཉིད་ཆེན་པོས་གསུངས་པ་བཞིན་རྟོགས་སླ་ལ། རིན་ཆེན་དོན་གྲུབ་ཀྱི་ཊཱིཀྐར་བསམ་པ་ནི་དམིགས་པ་ཡིད་ལ་བྱེད་ཅིང་གཏོད་པའི་སེམས་དང། གཏན་ཞེས་པ་རྒྱུན་ལ་འཇུག་པས། སེམས་དམིགས་པ་ལ་གཏད་པའི་རྒྱུན་དེ་ཉིད་ལས་མི་གཡེལ་བའོ། །ཞེས་འབྱུང་བའང་དཔྱད་པར་བྱ་བའི་གནས་ཏེ། འདིའི་སྐད་དོད་དྷྱཱ་ན་ཞེས་པ་ངེས་ཚིག་དང་བྱིངས་སྒྲུབ་ཀྱི་བཤད་ཚུལ་གཉིས་ཡོད་པས། སྔ་མ་ལྟར་ན། དྷ་ལ་ར་བསྣན་པས་དྷཱ་ར་འཛིན་པ་དང། ན་ལ་མ་གོང་དུ་བསྣན་པས་མཱ་ན་ཡིད་ལ་འཇུག་པས། ཡིད་འཛིན་པས་ན་བསམ་གཏན་ཞེས་བཤད་དགོས་ཏེ། བློ་གྲོས་བརྟན་པའི་རྒྱན་གྱི་འགྲེལ་བཤད་ལས། བསམ་གཏན་གྱི་སྒྲ་རྒྱ་གར་སྐད་དུ་དྷྱཱ་ན་ཞེས་འབྱུང་སྟེ། དྷ་ལ་ཡ་བཏགས་ཡོད་པ་རའི་དོན་དུ་དྲངས་ན་འཛིན་པའི་དོན་དུ་འགྲོ་སྟེ། སེམས་ཕྱི་རོལ་ཏུ་གཡེང་བ་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ཞེས་བྱའོ། །ཞེས་རྒྱན་རྩ་འགྲེལ་གྱི་སྐབས་སུ་ངེས་ཚིག་གི་བཤད་པ་གཙོ་བོར་མཛད་དོ། །བྱིངས་སྒྲུབ་ཀྱི་དབང་དུ་མཛད་ན་བྱིངས་མདོར། དྷྱཻ་སེམས་པ་


GTD003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ་ཞེས་པ་ལྟར། སེམས་པའི་བྱིངས་ལས་སྒྲུབ་པའི་ཚེ། འདིས་སེམས་པར་བྱེད་པའམ་དྲན་པ་གཏོད་པས་ན་བསམ་གཏན་ཞེས་བཤད་དགོས་ཏེ། ཉན་ས་ལས། དམིགས་པ་ལ་ཡང་དག་པར་གཏོད་པ་དང། དྲན་པ་རྩེ་གཅིག་ཏུ་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ། །ཞེས་དང། མཛོད་འགྲེལ་ལས། བསམ་གཏན་ཞེས་བྱ་བའི་དོན་ཅི་ཞེ་ན། འདིས་སེམས་པར་བྱེད་པས་ན་བསམ་གཏན་ཏེ། ཞེས་སྐུ་མཆེད་གཉིས་ཀས་གཙོ་བོར་བྱིངས་སྒྲུབ་ཀྱི་དབང་དུ་བྱས་ནས་གསུངས་སོ། །དེས་ན་བསམ་གཏན་ཞེས་པ་རྒྱུན་ལ་བྱས་ནས་བསམ་པ་རྒྱུན་ཆགས་པ་ཞེས་བཤད་པ་ནི་བཤད་ཚུལ་གང་དང་ཡང་མི་འབྲེལ་བས། གཏན་པའམ་གཞི་ལ་བྱས་ན་ལེགས་སམ་སྙམ་སྟེ། འདུལ་བའི་མདོར་གོས་ཕྱི་རོལ་ཏུ་མི་ལྟུང་བར་གང་དུ་བཞག་ནས་དྲས་ཤིང་དྲུབ་པའི་གཞི་ལ་དེའི་གཏན་པ་དང། སྒོ་གླེགས་ཀྱི་འཁོར་ཤིང་འཛིན་བྱེད་ལ་འཁོར་གཏན་ཞེས་བཏགས་པ་ལྟར། བསམ་པའམ་ཡིད་ཕྱི་རོལ་ཏུ་མི་གཡེང་བར་ནང་དུ་འཛིན་པར་བྱེད་པ་ལ་བྱས་ན་ངེས་ཚིག་གི་བཤད་ཚུལ་དང་འགྲིག་གོ །རྣམ་ཐར་ནི། སྤྲུལ་པའི་ལམ་གཟུགས་ཅན་གཟུགས་ལ་ལྟ་བ། གཟུགས་མེད་གཟུགས་ལ་ལྟ་བ། གཟུགས་སྡུག་པའི་རྣམ་ཐར་ཏེ་གསུམ། མཐོང་ཆོས་བདེ་གནས་ཀྱི་ལམ་གཟུགས་མེད་བཞིའི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་ཏེ་བརྒྱད་དོ། །འདི་དག་ལ་རྣམ་ཐར་ཞེས་པ་ནི་རྣམ་ཐར་སྒོ་གསུམ་གྱི་སྒྲ་དོན་དང་མི་མཚུངས་ཏེ། གསེར་འཕྲེང་ལས། རང་སའི་ཀུན་དཀྲིས་ལས་ཐར་ཞིང་དེ་དང་མི་འདྲེས་པའི་ཆ་ནས་རྣམ་ཐར་དུ་


GTD003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གོ །ཞེས་པ་ལྟར། རང་སའི་ཀུན་དཀྲིས་ཀྱི་བསླད་པས་མ་གོས་པ་ཙམ་ལ་བྱེད་དོ། །གཟུགས་མེད་ནི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེའི་སྙོམས་འཇུག་རྣམས་སོ། །ཏིང་ངེ་འཛིན་ནི་མངོན་པ་གོང་འོག་གཉིས་ཀར་སེམས་རྩེ་གཅིག་པ་ཞེས་མཐུན་པར་གསུངས་ཀྱང། ཀུན་བཏུས་ལས། ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་ཡང་དག་པའི་ཤེས་རབ་འདྲེན་བྱེད་དགེ་སེམས་ཁོ་ནའི་འཁོར་དུ་འབྱུང་བས་ཡུལ་ངེས་སུ་གསུངས་ལ། མཛོད་ལས་དགེ་མི་དགེའི་སེམས་ཐམས་ཅད་ཀྱི་འཁོར་དུ་འཇུག་པས་སེམས་ཀྱི་ས་མང་དུ་གསུང་སོ། །འདིའི་སྒྲ་དོན་ནི། ས་མཱ་དྷིཿ ཞེས་པ་ཡང་དག་པར་འཛིན་པའི་དོན་ཡིན་ལ། བྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། ཏིང་ངེ་འཛིན་ནི་དམིགས་པ་གཅིག་སེམས་སྦྲེངས་ཆགས་སུ་ཚུག་གེ་འཛིན་པ་སྟེ། ཏིང་ངེ་ཞེས་བྱ་བ་ནི་དམིགས་པ་ལ་སེམས་གནས་ཚུལ་གཏན་ཆགས་པའི་ཉམས་ཀྱི་མིང་ཡིན། ཏིང་ངེ་། སྦྲེང་ངེ་། ཚུག་གེ་ཞེས་བྱ་བ་རྣམས་རྣམ་གྲངས་ཡིན་ཞིང། དོན་དུ་དམིགས་པ་དེ་གར་སྡོད་པའི་ངང་དུ་སྟར་ཆགས་པ་དང། རྒྱུན་ཆགས་པ་དང། བར་མ་ཆད་པ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །གངྒཱ་ནི་རིག་བྱེད་ཀྱི་གཞུང་ལས་སྐལ་ལྡན་ཤིང་རྟས་ཚངས་པ་དཀའ་ཐུབ་ཀྱིས་མཉེས་པར་བྱས་ཏེ་དེའི་རལ་པ་ནས་ཕབ་པར་གྲགས་ཀྱང། དངོས་པོ་ལ་མཚོ་མ་དྲོས་པ་ནས་བབས་པ་སྟེ། དེའང་རྗེ་བཙུན་མི་ལས་གངས་ཏེ་སེ་རི་བོ་གངས་ཅན་དང་། མཚོ་མ་ཕམ་མ་དྲོས་པ་ཡིན་པར་གསུངས་ཤིང། བཅོམ་རལ་སོགས་ཀྱིས་ཀྱང་དེ་བཞིན་དུ་བཤད་པ་ལྟར་ན། ཡར་ཆབ་གཙང་པོའི་རྒྱུན་ལ་གངྒཱར་


GTD003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགོས་ཤིང། ས་པཎ་སོགས་ཀྱིས་དེར་མདོ་ལས་གསུངས་པའི་ཁྱད་པར་རྣམས་མ་ཚང་བ་དང། གངས་ཅན་དང་ཏེ་སེ་ལ་སྐད་དོད་ཀྱང་སོ་སོར་འབྱུང་བས་མི་འཐད་ཅེས་དགག་པ་མཛད་པ་གཅིག་ཏུ་ཁ་ཚོན་གཅོད་དཀའ་འང། ཏེ་སེ་ལས་གཞན་སྤོས་ངད་ལྡང་དང་རྒྱ་མཚོའི་འགྲམ་ཚུན་ཆད་དུ་རི་བོ་གངས་ཅན་གྱི་མཚན་གཞི་ཞིག་སྟོན་རྒྱུ་དཀའ་བར་སྣང་ངོ་། །དེའི་བྱེ་མ་སྙེད་གསུངས་པ་ནི་མཐའ་ཡས་པའི་དོན་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྤྱི་ཙམ་དུ་མ་ཟད། བསམ་གཟུགས་བརྒྱད་ཀྱི་ནང་ནས་རེ་རེ་ལ་བརྟེན་པའི་ཏིང་ངེ་འཛིན་གྱི་སྒོའང་མཐའ་ཡས་པས། ཉན་རང་སོགས་ཀྱི་བློ་ཡུལ་ལས་འདས་པའི་ཕྱིར། ཀུན་བཏུས་ལས། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་སོ། །བསམ་གཏན་དང་པོས་བསྡུས་པ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་དང། ཞེས་པ་ནས་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་སོ། །ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ཕར་ཕྱིན་ཐེག་པའི་ལུགས་ཀྱི་གཟུགས་སྐུ་སྒྲུབ་པ་ལ་སེམས་ཅན་གྱི་ཁམས་མཐའ་ཡས་པ་བཞིན་དུ་དེའི་དོན་སྒྲུབ་པའི་གཟུགས་སྐུའི་བཀོད་པའང་མཐའ་ཡས་པ་ཞིག་དགོས་ལ། དེ་དང་རྣམ་པ་མཐུན་པར་རྒྱུ་བསོད་ནམས་ཀྱི་ཚོགས་དང་ཏིང་ངེ་འཛིན་གྱི་སྒོའང་མཐའ་ཡས་པ་ཞིག་དགོས་པས། དེ་ལ་རྒྱ་ཆེ་བའི་ལམ་ཞེས་བཤད་ཅིང། སྐུའི་ཡོན་ཏན་བརྗོད་པ་ནའང། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་


GTD003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་མང་ཚིག་སྨོས་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་སྐབས་སུ་ཁ་སྦྱོར་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །ཅེས་པ་ལྟར་ཏིང་ངེ་འཛིན་གྱི་སྒོ་དེ་སྙེད་སོ་སོར་བསྒོམ་པ་ལ་མ་ལྟོས་པའི་ཐབས་མཁས་ཀྱི་སྒྲུབ་ཚུལ་ཞིག་ཡོད་པར་སྣང་ཡང་སྐབས་མ་ཡིན་པས་མ་སྤྲོས། གོམས་པ་ཞེས་པ་དང་བསྒོམ་ཞེས་པ་ཁྱད་པར་མེད་དེ། འགྲེལ་བཤད་ཚིག་གསལ་ལས། སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ། དེའི་ངོ་བོ་བྱེད་པའོ། །ཞེས་ཡིད་ལ་འདྲིས་པར་བྱེད་པའི་དོན་ཡིན་པས། ལོ་ཙཱ་བ་རྣམས་ཀྱིས་རེས་འགའ་བསྒོམ་པའི་ལམ་ཞེས་བསྒྱུར་ཅིང། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་པ་ལྟ་བུ་སྐབས་ལ་ལར་གོམས་པའི་ལམ་དུའང་བསྒྱུར་རོ། །བཞི་པ་ཤེས་རབ་ཀྱི་བསླབ་པའི་ངོ་བོ་ཤེས་རབ་ཀྱི་ཕར་ཕྱིན་ལ་བསླབ་ཚུལ་ནི། ཡེ་ཤེས་དོན་དུ་བདག་གིས་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང། །བསྟན་བཅོས་དུ་མ་ཉེར་བསྟེན་པས། །བདག་གི་བསྟན་པ་འབར་གྱུར་ཅིག །ཅེས་བྱུང་། དེའང་བྲམ་ཟེ་ཤེས་རབ་སྣ་ཚོགས་སུ་གྱུར་པའི་ཚེ་ཇི་ལྟ་ཇི་སྙེད་ཀྱི་གནས་ལ་བློ་གྲོས་ཐོགས་པ་མེད་པས་འཇིག་རྟེན་གྱི་བཟོའི་བསྟན་བཅོས་ཚུན་ཆད་ནས། མཐའ་བྲལ་གྱི་ལྟ་བའི་བར་རང་གི་ཐུགས་སུ་ཆུད་ཅིང་གཞན་ལ་འདོམས་པས་རྗེས་སུ་བཟུང་བ་དང། དགེ་སློང་སྡེ་སྦྱིན་གྱིས་ཤེས་རབ་ཕུན་སུམ་ཚོགས་པའི་དོན་དུ་རང་གི་ལག་པ་སྒྲོན་མེར་སྦར་ནས་སངས་རྒྱས་ལ་ཕུལ་བས་ཆོས་ཀྱི་རང་བཞིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཐུགས་ལ་འཁྲུངས་པ་དང། དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པས་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་ཏེ་སོ་


GTD003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྐལ་བ་བཞིན་དུ་བསྟན་པས། སེམས་ཅན་དཔག་ཏུ་མེད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང། གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་དེ་བཞིན་གཤེགས་པ་ཁྲིད་མཛད་ལ་སྟོང་པ་ཉིད་ཀྱི་དོན་ལས་བརྩམས་ཏེ་དྲི་བ་མང་དུ་ཞུས་ནས་གཏན་ལ་ཕབ་པས་སྲོག་ཆགས་བྱེ་བ་ཕྲག་དྲུག་གིས་ཆོས་ཉིད་ཟབ་མོ་ཁོང་དུ་ཆུད་པ་སོགས་ཡང་དག་པའི་ཤེས་རབ་ལ་བསླབ་ཚུལ་གྱི་སྐྱེས་པའི་རབས་ཀྱང་རྣམ་གྲངས་ཤིན་ཏུ་མང་ངོ་། །དེ་ལྟར་ཡང་དག་པའི་ལྟ་བ་ཚོལ་བའི་རྒྱུའང། ལྟ་བ་ལ་ཤེས་འདོད་ཡོད་པ་ཙམ་གྱིས་མོས་མནོའི་ཨུ་ཚུགས་དང། རྟོག་གེའི་རིགས་པས་དཔྱད་པ་ཁོ་ནས་རྟོགས་མི་ནུས་པས། དེའི་རྒྱུ་ཚོགས་ཚང་བར་བསྒྲུབས་པ་སྔོན་དུ་གཏོང་དགོས། ཚོགས་ཀྱི་དབྱེ་བ་མང་དུ་གསུངས་ཀྱང་མདོར་བསྡུ་ན། ལྷན་ཅིག་བྱེད་རྐྱེན་དཀའ་ཐུབ་ཀྱི་ནགས་སུ་འདོད་ཆུང་ཆོག་ཤེས་བག་ཡོད་པའི་བརྟུལ་ཞུགས་ལ་གནས་ཏེ་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་པ་དང། ཉེར་ལེན་གྱི་རྒྱུ་ཟབ་མོའི་ལྟ་བ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་སོགས་ཡང་དག་པའི་བསྟན་བཅོས་དུ་མ་ལ་ཐོས་བསམ་ཚུལ་བཞིན་དུ་བྱེད་པ་གཉིས་ཡ་མ་བྲལ་བ་དགོས་པས། ཐུབ་པའི་དབང་པོ་ཉིད་ཀྱིས་རྒྱུ་ཚོགས་མ་ཚང་བ་མེད་པ་དེ་ལྟ་བུའི་སྒོ་ནས་རྟག་ཆད་སྤྲོས་པའི་མཐའ་དང་བྲལ་བ་ཟབ་མོ་དབུ་མའི་ལྟ་བ་བཙལ་ཏེ་གོམས་པ་མཐར་ཕྱིན་པར་མཛད་པ་དེའི་བདེན་པའི་སྟོབས་ཀྱིས་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང། དེ་བརྗོད་བྱར་བྱེད་པ་མངོན་པའི་སྡེ་སྣོད་ལ་སོགས་པ་ལུང་རྟོགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་སྨོན་པའོ། །དེའང་ཡེ་


GTD003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་སྒྲ་དོན་ནི། བྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། ཡེ་ནི་ཐོག་མ་དང་གཞི་དང་ཇི་ལྟ་བའི་དོན་ལ་འཇུག་གོ །ཤེས་ནི་ཡེ་ནས་ཤེས་པ་སྟེ་ཞེས་གསུངས་ལ། བོད་སྔ་མ་མང་པོས་ཀྱང་དེ་ལྟར་ཐོག་མའམ་གདོད་མའི་ཤེས་པ་ལ་ཡེ་ཤེས་སུ་བཤད་པས། སྡོམ་གསུམ་རབ་དབྱེར། ཡེ་ཤེས་ཀྱི་ནི་བཤད་པ་ལ། །གདོད་མའི་ཤེས་པར་འཆད་པ་དང། །ཞེས་ཚིག་ལ་འཁྲུལ་བའི་གྲངས་སུ་གསུངས་ནས་དགག་པ་མཛད་དོ། །རྒྱ་སྐད་དུ་ཛྙཱ་ན་ཞེས་པའི་ཛྙཱ་རྟོག་པ་དང། ན་དགག་སྒྲར་བྱས་ཏེ་རྟོག་བྲལ་གྱི་རིག་པར་སྒྲོན་གསལ་ལས་གསུངས་ལ། ལག་སྨིས་ཛྙཱ་རྟོག་པ་དང་ན་དགག་སྒྲར་བྱས་ཀྱང་འགོག་ཚུལ་དེ་དང་མི་འདྲ་བར། སེམས་ཙམ་པས་འདོད་པའི་ཡེ་ཤེས་རང་རིག་པ་དེ་འདྲ་མེད་པའི་དོན་དུ་བཤད་པར་རྗེས་རིམ་པ་གཉིས་པའི་ཟིན་བྲིས་སུ་གསུངས། དེ་ལྟར་བྱས་ཀྱང་ཡེ་དང་ཤེས་ལ་སོ་སོར་སྦྱར་བ་མི་འཐོབ་པས། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀ་ལཱ་པའི་ཊཱིཀ་ཆེན་དུ་ཡེ་ཤེས་ཀྱི་སྐད་དོད་བྱིངས་སྒྲུབ་མཛད་པར་ཡང། ཤེས་པའི་དོན་གྱི་ཁོང་དུ་ཆུད་པ་ཙམ་ལས། ཡེ་ཞེས་པའི་དོན་ཟུར་པ་མ་བྱུང་ལ། མཁས་འཇུག་ཏུའང་ཡེ་ཤེས་དང། ཕྱག་རྒྱ་དང། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང། ཕྱག་དང། གོ་ལ་སོགས་པའི་སྒྲ་མེད་ཀྱང། བོད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར། ཞེས་གསུངས། རྒྱན་སྣང་ལས། ཡོངས་སུ་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་མ་ལུས་པའམ་རྫོགས་པའི་དོན་དུ་གསུངས་ཀྱི། གདོད་མའི་དོན་དུ་མ་གསུངས་པས། སྒྲ་དོན་གང་འཐད་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །རྒྱ་སྐད་ལ་ཡེ་དང་ཕྱག་སོགས་ཀྱི་སྐད་


GTD003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དོད་མེད་ན། ཕྱག་ཆེན་ཐིག་ལེ་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་འབྱུང་བ་ཅི་ཡིན་ཞེ་ན། འདི་དང་རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། །འཁོར་ལོ་ནི་ལེན་པའོ། །ཞེས་པ་ལྟ་བུ་དག་ལོ་ཙཱ་བ་རྣམས་ཀྱིས་གོ་བདེ་བའི་ཐབས་ཙམ་དུ་དགོངས་ནས་ཅུང་ཟད་བསྒྱུར་ཆེས་པར་སྣང་སྟེ། འདི་འདྲའི་སྐབས། མུ་ནི་སྟོང་པའི་ཡེ་ཤེས་ཏེ། །དྲ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་དང། མཎྜ་ནི་སྙིང་པོའོ། །ལ་ནི་ལེན་པའོ། །ཞེས་སྐད་དོད་རང་སོར་བཞག་ན་ཚིག་དོན་གཉི་ག་ལ་འགྲིག་པར་སྣང་ངོ་། །ཤེས་རབ་ཕུན་སུམ་ཚོགས་པ་སྒྲུབ་ཚུལ་གསུངས་པའི་སྐབས་འདིར་དཀའ་ཐུབ་ཀྱི་ནགས་བསྟེན་པ་དང། མང་དུ་ཐོས་པ་གཉིས་གསུངས་པའི་རྒྱུ་མཚན་ནི། འབྲས་བུ་ལྷག་མཐོང་སྒྲུབ་པ་ལ་རྒྱུ་དེ་གཉིས་གཙོ་ཆེ་བའི་དབང་གིས་ཡིན་ཏེ། དཔེར་ན་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བ་ལ། ཚྭ་སྒོ་ཅན་དང་གསེག་མ་ལྟ་བུ་མ་ཡིན་པའི་ཞིང་ས་གཤིན་པ་དང། ཆུ་ལུད་དྲོད་གཤེར་སོགས་ཀྱི་རྐྱེན་འཛོམ་པ། དེར་ས་བོན་གྲུང་པོ་བཏབ་པ་གསུམ་ཚང་དགོས་པ་བཞིན། ལྷག་མཐོང་གི་རྟོགས་པ་སྐྱེ་བ་ལ་རྙེད་བཀུར་འདུ་འཛི་སོགས་ཀྱི་གཡེང་བ་མེད་པས་སེམས་ལས་སུ་རུང་བ་དང་། ཚོགས་བསགས་སྒྲིབ་སྦྱོང་སོགས་ཀྱི་རྐྱེན་འཛོམ་པ། ཟབ་མོའི་དོན་ལ་ཐོས་བསམ་གྱིས་དཔྱད་པ་ཚུལ་བཞིན་དུ་བྱེད་པ་གསུམ་དགོས་པས། ལྷན་ཅིག་བྱེད་རྐྱེན་དང་པོ་གཉིས་ནི་དཀའ་ཐུབ་ཅེས་སོགས་ཀྱིས་བསྟན་ཅིང། གསུམ་པ་ཉེར་ལེན་གྱི་རྒྱུ་ནི་བསྟན་


GTD003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་དུ་མ་ཞེས་སོགས་ཀྱིས་བསྟན་ཏོ། །དང་པོའི་དོན་བཞིན་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་བླ་མར་གདམས་པ་ལས་ཀྱང། དེ་ཡི་གྲོགས་རྣམས་ཀུན་ལ་འབད། །བསེ་རུ་ལྟ་བུར་གནས་པར་བྱ། །འདུ་འཛི་དག་ཀྱང་སྤང་བར་བྱ། །ནང་དུ་མཉམ་པར་གཞག་པར་བྱ། །ཞེས་གསུངས་ཤིང། བསླབ་བཏུས་སུའང། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །ཞེས་གསུངས་ཏེ། འདི་བྱུང་ན་སྒོམ་རིམ་ལས་བཤད་པའི་ཞི་གནས་ཀྱི་ཚོགས་དྲུག་ཀྱང་ཚང་བར་འགྱུར་ལ། ཞི་གནས་ཀྱི་ཚོགས་དེ་དག་ནི་ལྷག་མཐོང་གི་སྐབས་སུའང་མེད་མི་རུང་གི་རྒྱུ་ཡིན་ནོ། །ངེས་དོན་གྱི་བསྟན་བཅོས་རྣམས་ལ་ཐོས་བསམ་དང་དཔྱད་པ་མང་དུ་བྱེད་པ་ནི་ལྟ་བའི་ཐུན་མོང་མ་ཡིན་པའི་ཉེར་ལེན་ཡིན་པས། དེ་མེད་པར་གནས་ལུགས་མཐར་ཐུག་གི་དོན་རྟོགས་པར་འདོད་པ་ནི། ས་བོན་མ་བཏབ་པར་སྟོན་ཐོག་རེ་བ་བཞིན་ཕྱིན་ཅི་ལོག་ཁོ་ན་ཡིན་ཏེ། བོད་འདིར་དེ་ལྟ་བུའི་ཚུལ་གྱིས་ལྟ་བ་ཚོལ་བ་དང་རྙེད་པར་རློམ་པ་མང་དུ་བྱུང་བ་རྣམས་འཇམ་མགོན་བླ་མས་རིགས་ལམ་དྲི་མ་མེད་པ་བརྒྱ་ཕྲག་གི་སྒོ་ནས་དགག་པར་མཛད་དོ། །ཚུལ་འདི་ནི་རྒྱལ་བ་བྱམས་པ་མགོན་པོས་ཀྱང་གསལ་བར་གསུངས་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང། །ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་དང། ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་ཕྱིན་དྲུག་དང། གཞི་གསུམ་དང། བསླབ་པ་གསུམ་སོགས་ཀྱི་ནང་ནས་མཆོག་


GTD003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཙོ་བོར་གྱུར་པ་ཤེས་རབ་ཡིན་ལ། དེའི་རྒྱུའི་གཙོ་བོ་ཐོས་པ་ཡིན་པར་གསུངས་པ་དང། གཞུང་འདིར་ཤེས་རབ་ཀྱི་སྐབས་སུ་བསྟན་བཅོས་དུ་མ་ལ་ཐོས་པ་གཙོ་བོར་གསུངས་པ་གཉིས་དགོངས་པ་གཅིག་ཏུ་སྣང་ངོ་། །གཉིས་པ་གཞན་རྒྱུད་སྨིན་བྱེད་བསྡུ་བ་བཞི་ལ་བསླབ་ཚུལ་ལས་བརྩམས་ཏེ་བསྔོ་བ་ལ་གཉིས། བསྡུ་བ་བཞི་སོ་སོར་བསླབ་ཚུལ་དང། བསྡུ་བ་བཞིའི་སྒོ་ནས་སློབ་ལམ་སྤྱིའི་དོན་བསྡུ་བའོ། །དང་པོ་ནི། བསྡུ་བ་བཞི་པོ་འདི་དག་བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་ཚུལ་གྱི་ཐབས་རྨད་དུ་བྱུང་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། དང་པོས་སྣོད་གྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་བསྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོར་བ་འོ། །ཞེས་ཐོག་མར་སྦྱིན་པའི་གཡབ་མོས་འཁོར་དུ་བསྡུས་ནས་ཆོས་ཉན་པའི་སྣོད་རུང་དུ་བྱེད། སྙན་སྨྲས་ཆོས་ཉན་པ་སོགས་ལ་མོས་པར་བྱེད། དོན་སྤྱོད་ཀྱིས་ཉན་བཤད་བྱས་པའི་ཆོས་བསྒྲུབ་ཏུ་གཞུག། །དོན་མཐུན་པས་ཕ་རོལ་པོ་ལ་ཡིད་ཆེས་བསྐྱེད་དེ་ཡུན་རིང་པོར་སྒྲུབ་པ་ལས་ཕྱིར་མི་ལྡོག་པར་འབད་པས་སྒྲུབ་པ་མཐར་ཕྱིན་པར་བྱེད་དོ། །ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགའ་བར་བྱེད་པའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་དང། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྙན་པར་སྨྲ་བ་དང། སེམས་ཅན་ཐམས་ཅད་ཀྱི་དོན་མ་ལགས་པ་སེལ་ཅིང་དོན་སྒྲུབ་པས་དོན་སྤྱོད་པ་དང། སེམས་ཅན་ཐམས་ཅད་


GTD003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བའི་བདག་ཉིད་ཀྱིས་དོན་མཐུན་པ་སྟེ། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགའ་བར་བགྱི་བའོ། །ཞེས་དགའ་བར་བྱེད་པའི་ཆོས་སུ་གསུངས་པའང་བསྡུ་བའི་དོན་ཡིན་ཏེ། རྣམ་བཤད་རིགས་པ་ལས་བསྡུ་བའི་སྒྲ་འཇུག་ཚུལ་དུ་མ་ཞིག་གསུངས་པའི་ནང་ནས། དགའ་བ་ལ་འཇུག་པ་བསྡུ་བའི་དངོས་པོ་བཞི་ལྟ་བུར་གསུངས་པའི་ཕྱིར་རོ། །བསྡུ་བ་བཞི་པོ་དེའང་ཚུར་བསྡུས་ན། ཟང་ཟིང་གིས་སྡུད་པ་དང། ཆོས་ཀྱིས་སྡུད་པ་གཉིས་སུ་འདུ་སྟེ། རྒྱན་ལས། ཟང་ཟིང་དང་ནི་ཆོས་ཀྱིས་ཏེ། །དམིགས་པས་ཆོས་ལ་སོགས་པ་ཡི། །བསྡུ་བ་གཉིས་ཀྱི་སྒོ་ནས་ནི། །བསྡུ་བའི་དངོས་པོ་བཞི་འདོད་དོ། །ཞེས་དང་པོ་ཟང་ཟིང་གིས་སྡུད་པ་དང། ཕྱི་མ་གསུམ་ཆོས་ཀྱིས་སྡུད་ཚུལ་ཡིན་པས། བྱང་ཆུབ་སེམས་དཔས་དེ་གཉི་གའི་སྒོ་ནས་སློབ་མ་བསྡུ་བ་ཞིག་དགོས་སོ། །འོན་ཀྱང་སློབ་མའི་ངོས་ནས་ཆོས་ཀྱིས་སྡུད་པ་གཙོ་བོར་བྱེད་ཀྱི། ཟང་ཟིང་གི་སྡུད་པ་ལ་ཆེར་མི་ལྟོས་པ་ཞིག་དགོས་ཏེ། རྒྱན་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་སྟེན་བྱེད་ཟང་ཟིང་མིན། །ཞེས་གསུངས་པ་ལྟར་རོ། །གོང་དུ་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཕར་ཕྱིན་དྲུག་ཏུ་བསྡུས་པར་བཤད་པས། བསྡུ་བ་བཞི་ལོགས་སུ་མི་དགོས་སྙམ་ན་སྐྱོན་མེད་དེ། བསྡུ་བ་བཞིའང་ཕར་ཕྱིན་དྲུག་པོ་དེར་མ་འདུས་པ་མིན་པའི་ཕྱིར། ལམ་རིམ་ལས། བསྡུ་བ་བཞིའང་དེར་འདུ་སྟེ་སྦྱིན་པ་འདུ་བ་ནི་སླ་ལ། ཚིག་སྙན་པ་ནི་ཕྱིན་དྲུག་ལས་བརྩམས་ཏེ་གདུལ་བྱ་ལ་འདོམས་པ་ཡིན་ཞིང། དོན་སྤྱོད་པ་ནི་གདམས་པའི་དོན་དེ་ལ་གཞན་བཀོད་པ་ཡིན་ལ་


GTD003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐུན་པ་ནི་རང་གིས་ཀྱང་གདུལ་བྱ་དང་འདྲ་བར་སྒྲུབ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང་། བློ་གྲོས་མི་ཟད་པའི་མདོར་མཁོ་བ་སྦྱིན་པ་སྦྱིན་པས་བསྡུས། སྙན་སྨྲ་ཚུལ་ཁྲིམས་དང་བཟོད་པས་བསྡུས། དོན་སྤྱོད་པ་བརྩོན་འགྲུས་ཀྱིས་བསྡུས། དོན་མཐུན་པ་གཞན་གཉིས་ཀྱིས་བསྡུས་པར་ཡང་གསུངས་སོ། །འོན་ཀྱང་བསྡུ་བ་བཞིའི་ས་བཅད་ལོགས་སུ་བྱེད་པའི་རྒྱུ་མཚན་ནི། དཔེར་ན་གྲུ་གཟིངས་གཅིག་གིས་རང་ཉིད་ཆུ་བོ་ལས་བརྒལ་བ་དང། གཞན་སྒྲོལ་བའི་བྱ་བ་གཉིས་བྱེད་པ་ལྟར། ལམ་གྱི་ལུས་གཅིག་པོ་དེ་ཉིད་ཀྱིས་རང་རྒྱུད་སྨིན་པར་བྱེད་ཚུལ་ཕར་ཕྱིན་དྲུག་གི་རིམ་པས་བསྟན་ལ། གཞན་སྨིན་པར་བྱེད་ཚུལ་བསྡུ་བ་བཞིའི་རིམ་པས་བསྟན་པའི་ཕྱིར་ཏེ། བྱང་ས་ལས། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་སོ། །དེས་ན་ཐོག་མར་རང་རྒྱུད་ལེགས་པར་བཏུལ་བའི་སྒོ་ནས་གཞན་རྗེས་སུ་འཛིན་པར་འདོད་པ་རྣམས་ཀྱིས་གཞན་དོན་སྒྲུབ་པའི་ཐབས་ཉི་ཚེ་བ་ཙམ་མ་ཡིན་པར་བསྡུ་བ་བཞི་ག་ཚང་དགོས་ཏེ། རྒྱན་གྱི་དབྱིག་འགྲེལ་ལས། འཁོར་སྡུད་པ་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱིས་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞིའི་ཐབས་ཁོ་ན་ལ་ཡང་དག་པར་བརྟེན་ཏེ་འདི་ནི་ཐམས་ཅད་ཀྱི་དོན་ཀུན་འགྲུབ་པར་བྱེད་པ་དང། ཐབས་བཟང་པོ་ཡིན་པར་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་སོ། །ཞེས་འབྱུང་བ་བཞིན་ནོ། །དེས་ན་བསྡུ་བའི་


GTD003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་བསླབ་པའི་ཚུལ་ལ་བཞི་ལས། དང་པོ་མཁོ་བ་སྦྱིན་པ་ནི། བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །ཅེས་བྱུང་། དེའང་སྔོན་འཁོར་ལོས་བསྒྱུར་བ་ནོར་ཅན་དུ་གྱུར་པའི་ཚེ་སྨོན་ལམ་གྱི་མཐུས་རང་གི་ཤ་ཁྲག་འཛད་མེད་དུ་བྱས་ནས་ལོ་ཁྲིའི་བར་དུ་སེམས་ཅན་རྣམས་ལ་སྦྱིན་པར་བཏང་བ་དང། འཁོར་སྒྱུར་དཔལ་གྱི་སྡེས་བྲམ་ཟེ་ལ་ལུས་ཀྱི་ཕྱེད་བྱིན་པ། སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་བྱིན་པ། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་དྲག་པོའི་མིག་ལ་དབུ་བྱིན་པ། བསོད་ནམས་སྟོབས་ཀྱིས་རྒྱལ་པོའི་ཆད་པས་ཕོག་པའི་མི་འགའ་ཞིག་ལ་རང་གི་ཡན་ལག་རྣམས་བཅད་ནས་གནང་སྟེ་བདེན་སྟོབས་ཀྱིས་སྦྱོར་བར་མཛད་པ། བྲམ་ཟེ་སྐར་མ་ལ་དགའ་བས་བྲམ་ཟེ་འགའ་ཞིག་ལ་རང་གི་མིག་དང་རྣ་བ་སོགས་སྩལ་བ། བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལ་ཤ་ཁྲག་སྩལ་བ། གླང་པོ་ཆེར་འཁྲུངས་པའི་ཚེ་ལུས་སྦྱིན་པར་བཏང་བ་སོགས་མཐའ་ཡས་སོ། །དེ་ལྟར་འདོད་པའི་འདམ་དུ་བྱིང་ཞིང་སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་རྣམས་ལ་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་རྒྱུའམ་བྱེད་པ་ལ་བརྟེན་ནས་རང་གི་ལུས་ཀྱི་ཤ་དང་ཁྲག །འཚོ་བའི་དངོས་པོ་སྲོག་དང། དེའི་རྐྱེན་ཡོ་བྱད་དང་བཅས་པ་ཐམས་ཅད་ཕངས་པ་མེད་པར་ཡོངས་སུ་བཏང་ཞིང། ཐ་ན་ཕྱག་ཞབས་ལ་སོགས་པའི་ཡན་ལག་འདོད་པ་ལ་ཡན་ལག །སོར་མོ་ལྟ་བུའི་ཉིང་ལག་འདོད་པ་ལ་ཉིང་ལག་སོགས་གང་འདོད་དུ་བྱིན་ནས་རེ་བ་ཚིམ་པར་མཛད་དེ། རང་གི་འཁོར་དུ་བསྡུས་ནས་ཞི་བ་འདོད་ཆགས་དང་


GTD003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཆོས་ལ་བཀྲི་བར་མཛད་པའི་རྒྱུ་ཕུན་སུམ་ཚོགས་པ་དེའི་བདེན་པའི་སྟོབས་ཀྱིས་འབྲས་དུས་སུའང་ཆོས་ཀྱི་ཚུལ་ཏེ། ལམ་སྲོལ་བཟང་པོ་ཕྱོགས་དུས་ཀུན་ཏུ་མི་ཉམས་པར་འཕེལ་ཞིང་རྒྱས་པར་སྨོན་པའོ། ། འདིར་བརྩེ་བའི་རྒྱུ་ཡིས་ཞེས་སྨོས་པ་ནི། རྒྱན་ལས། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། །ཞེས་པ་ལྟར། སྙིང་རྗེ་བཟོད་གླགས་མེད་པ་ཞིག་མེད་ན་མགོ་དང་རྐང་ལག་གཏོང་བ་ལྟ་བུའི་དཀའ་སྤྱད་ལ་འཇུག་མི་ནུས་པར་ཤེས་པ་དང་། ཀུན་སློང་གི་གཙོ་བོ་ངོས་བཟུང་བའི་ཕྱིར་ཡང་ཡིན་ཏེ། སྤྱིར་གཏོང་སེམས་ཀྱི་ཀུན་སློང་ལ་ཡོན་ཏན་མཐོང་བའི་དད་པ་དང། བཀའ་དྲིན་དྲན་པའི་གུས་པ། ཕན་ཡོན་ལ་དམིགས་པའི་འདུན་པ་སོགས་དུ་མ་ཡོད་ཀྱང། བྱང་ཆུབ་སེམས་དཔའ་རྣམས་ལ་བརྩེ་བས་ཀུན་ནས་བསླང་བ་གཙོ་ཆེ་ལ། དེའི་རྒྱུ་མཚན་གྱིས་གང་ཟག་གཞན་དང་ཐེག་པ་གཞན་ལ་ལྟོས་ཏེ་དམན་པའི་ཞིང་ལས་ཡོན་ཏན་གྱི་ཞིང་མཆོག་ཏུ་བསྔགས་ཀྱང་། བྱང་སེམས་ལ་དེ་ལས་བཟློག་སྟེ་གསུངས་པའི་ཕྱིར། བློ་གྲོས་བརྟན་པའི་རྒྱན་གྱི་འགྲེལ་བཤད་ལས། ཉན་ཐོས་དང་འཇིག་རྟེན་པའི་ཚུལ་གྱིས་ནི་སློང་བའི་ཞིང་པས་སྡུག་བསྔལ་གྱི་ཞིང་དམ་པ་ནས། ལོག་པར་སྤྱོད་པའི་ཞིང་པས་ཡོན་ཏན་དང་ལྡན་པའི་ཞིང་དམ་པར་བཞག་གོ །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ནི་སླར་བཟློག་པ་སྟེ། ཡོན་ཏན་དང་ལྡན་པའི་ཞིང་པས་ལོག་པར་སྤྱོད་པའི་ཞིང་དམ་པ་ཡིན་པ་ནས། སྡུག་བསྔལ་བའི་ཞིང་པས་ཀྱང་སློང་བའི་


GTD003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དམ་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་ཞིང་གོང་མ་བཞི་པོ་རྣམས་ལ་གཏོང་བར་བྱེད་དོ། །གལ་ཏེ་གོང་མ་བཞི་པོ་མེད་ན་ལྔ་པ་སྟེ་ཡོན་ཏན་གྱི་ཞིང་ལ་གཏོང་བར་བྱེད་དོ། །ཞེས་གསུངས་སོ། །འདིའི་སྐོར་གྱི་སྐྱེས་རབས་རྣམས་ཀྱང་སློང་བའི་ཞིང་དང་སྡུག་བསྔལ་གྱི་ཞིང་ལ་བརྟེན་པ་ཤས་ཆེ་ལ། མདོ་སྡེ་རྒྱན་ལས་ཚད་མེད་ཀྱི་སྐབས་སུ་སྙིང་རྗེ་དང་སྦྱིན་པ་གཉིས་ཤས་ཆེར་སྦྱར་ནས་གསུངས་པའང་དགོངས་པ་འདི་དང་གཅིག་པར་སྣང་ངོ་། །དེར་མ་ཟད་འདིར་མཁོ་བ་སྦྱིན་པའི་སྐབས་སུ་སྙིང་རྗེ་དང། སྙན་སྨྲའི་སྐབས་སུ་བྱམས་པ་ཚིག་ཟིན་ལ་ཐོན་ཅིང། ཐེག་པ་གསུམ་གྱི་བྱང་ཆུབ་ཟག་མེད་ཀྱི་བདེ་བ་ལ་འགོད་པས་དགའ་བ་ཚད་མེད་དང། རྣམས་ཞེས་པའི་མང་ཚིག་གིས་བཏང་སྙོམས་ཚད་མེད་ཀྱང་དོན་གྱིས་འཐོབ་པས། འདི་དག་ལ་ཚད་མེད་བཞིའི་བཤད་པའང་བྱར་ཡོད་པར་སྣང་ནའང་མང་གིས་དོགས་པས་མ་བྲིས། བརྩེ་བའི་སྒྲ་དོན་རྒྱ་སྐད་ལ་ཀ་རུ་ཎ་ཞེས་པ་བདེ་འགོག་ལ་འཇུག་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་ཚུལ་སྣ་ཚོགས་ཡོད་ལ། སྐབས་ལ་ལར་བདེ་སྡོམ་དུའང་བཤད་དོ། །བོད་སྐད་སོར་བཞག་གི་ཚེ་ལྕགས་སྲེག་ལྟ་བུ་ལེན་མི་ཕོད་པར་སྐྱི་གཡའ་བ་ལ་ཤ་བརྩེ་བའམ་ལུས་བརྩེ་བ་ཟེར་བ་བཞིན། སེམས་ཅན་སྡུག་བསྔལ་གྱིས་མནར་བ་མཐོང་བ་ན་མི་བཟོད་པ་སྐྱེས་པ་ལ་སེམས་སམ་སྙིང་བརྩེ་བ་ཞེས་ཟེར་བར་བཤད་དོ། །ལྷག་མའི་ཚིག་དོན་རྣམས་ནི་གོ་སླ། གཉིས་པ་སྙན་སྨྲ་ནི། བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང། །ཞེས་དང།


GTD003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྤྱོད་པ་སྟོན་པར། ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་མཆོད་སྦྱིན་རྒྱས་གྱུར་ཅིག །ཅེས་བྱུང། དེའང་སྔོན་ཀླུའི་རྒྱལ་པོ་རྔ་ཞེས་བྱ་བར་འཁྲུངས་པའི་ཚེ་རང་གི་ནུ་བོ་ཉེ་རྔ་དང་ལྷན་ཅིག་ཏུ་བྱོན་པ་ན། ཀླུའི་རྒྱལ་པོ་རྔ་སྒྲས་ཡང་དང་ཡང་དུ་བརྙས་སྨོད་དང་ཚིག་རྩུབ་དྲག་པོས་སྤྱོས་པ་ཉེ་རྔས་མ་བཟོད་པར་དེ་དང་འཁོན་པར་བརྩམས་པ་ན། རྔས་འཇམ་ཞིང་ཡིད་དུ་འཐད་པའི་ཚིག་དུ་མས་གྲོས་བཏབ་ནས་ཞི་ཞིང་དུལ་བར་བྱས་པ་དང། རྒྱལ་བུ་ཟླ་བར་གྱུར་པའི་ཚེ་སྲིན་པོ་རྐང་ཁྲ་ཞེས་བྱ་བ་སྐྱེ་བོ་སྟོང་ཕྲག་དུ་མའི་སྲོག་འཕྲོག་པར་བྱེད་པ་ཤིན་ཏུ་རྔམ་ཞིང་རྩུབ་པའི་གདུག་པ་ཅན་ལའང་ཐབས་མཁས་ཀྱི་སྒོ་ནས་གསུང་གླེང་མཛད་པས་ཕ་རོལ་པོ་བློ་སྣ་འགྱུར་ཏེ། སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོ་སྐྱེས་ནས་ཆོས་ཀྱི་སྣོད་དུ་གྱུར་ཅིང། གསོད་པའི་ཕྱིར་གོ་རར་བཅུག་པའི་རྒྱལ་རིགས་མང་པོའང་སྲོག་ཐར་པར་མཛད་པ་ལྟ་བུ་ཐབས་མཁས་ཀྱིས་སྙན་པར་སྨྲ་བའི་སྒོ་ནས་གདུག་པ་ཅན་རྣམས་སྨིན་པར་བྱས་པའི་རྣམ་ཐར་དང། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཀྱིས་བདུད་ཤུགས་འཆང་རྫུ་འཕྲུལ་གྱིས་བཏུལ་ཏེ་ལྷ་མི་དཔག་ཏུ་མེད་པ་བླ་མེད་བྱང་ཆུབ་ལ་བཀོད་པ་དང། རྒྱལ་པོ་བསོད་ནམས་སྟོབས་ཀྱིས་སེམས་ཅན་བགྲང་ལས་འདས་པ་དགེ་བ་བཅུ་དང་བྱང་ཆུབ་གསུམ་ལ་བཀོད་པ། བརྒྱ་བྱིན་ལེགས་པར་སྣང་བྱེད་ཀྱིས་གནོད་སྦྱིན་འཇིགས་སུ་རུང་བར་སྤྲུལ་ནས་སྤྲུལ་པའི་མི་སྡིག་པ་བྱེད་པ་རྣམས་ཟ་བ་སོགས་ཀྱི་འཇིགས་པ་དུ་མ་བསྟན་ཏེ་འཛམ་བུ་གླིང་པ་མཐའ་དག་བཙན་ཐབས་སུ་དགེ་བ་བཅུ་ལ་སྦྱོར་བར་


GTD003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་སོགས་དོན་སྤྱོད་པའི་རྣམ་ཐར་དང་འབྲེལ་བའི་སྐྱེས་རབས་མཐའ་ཡས་སོ། །དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་སྔོན་སྡིག་པ་མི་དགེ་བའི་ཕྱོགས་ལ་ཞེན་པའི་སེམས་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་རང་རང་གི་ཁམས་དང་མཐུན་པར་ཐོག་མར་འཇིག་རྟེན་གྱི་གཏམ་སྙན་པོ་ཚུན་ཚད་ཀྱི་སྒོ་ནས་བློ་བྲིད་དེ། རང་དང་སེམས་མཐུན་པར་གྱུར་པ་ན་ཐབས་མཁས་ཀྱིས་རིམ་པས་ཆོས་ཀྱི་ཕྱོགས་སུ་ཁ་ལོ་བསྒྱུར་ཏེ། དོན་སྤྱོད་པ་དངོས་གཞིའི་ཚེ་སོ་སོའི་སྐལ་བ་དང་འཚམ་པར་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་ལ་འགོད་པར་མཛད་པ་དེའི་བདེན་པའི་སྟོབས་ཀྱིས་ཐར་འདོད་ཀུན་གྱི་རེ་བ་ཚིམ་པར་བྱེད་པའི་ཆོས་ཀྱི་མཆོད་སྦྱིན་དམ་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་སྨོན་པའོ། །དེའང་སྡིག་པའི་སེམས་ཅན་ཞེས་པ་རིན་ཆེན་དོན་གྲུབ་ཀྱི་ཊཱིཀྐར་སྡིག་པའི་ལྟ་བ་ལ་ཞེན་པའི་སེམས་ཅན་ལ་བཤད་ཀྱང། རྣམ་བཤད་རིགས་པ་ལས། སྡིག་པ་ནི་ཐ་ཆད་ཀྱི་དོན་གྱིས་ན་ཉེས་པར་སྤྱད་པ་ཡིན་ཏེ་ཞེས་པ་ལྟར། སྒོ་གསུམ་བག་མེད་པས་ཉེས་སྤྱོད་ལ་ཞུགས་པའི་སེམས་ཅན་ལ་བྱས་ན་བདེའམ་སྙམ། བྱམས་པས་གསལ་བར་སྨིན་ཞེས་པ་བདེ་བ་ལྡན་འདོད་ཀྱི་ཀུན་སློང་བསྟན་ལ། རྣམ་པ་གཅིག་ཏུ་ཡིད་འོང་གི་བྱམས་པ་ནི་མས་བུ་གཅིག་པ་མཐོང་བ་བཞིན་སེམས་ཅན་ཐམས་ཅད་ཡིད་འོང་གི་རྣམ་པར་ལྟ་བ་ཡིན་ཞིང། ནང་གི་ཀུན་སློང་དེའི་རང་མདངས་ཀྱིས་ཕྱིའི་རྣམ་འགྱུར་ལའང་ཁྲོ་གཉེར་མེད་པར། བཞིན་གྱི་མདངས་གསལ་ཞིང་འཛུམ་པ་ཞིག་འབྱུང་བ་ཆོས་ཉིད་ཡིན་པས། གཞན་ལ་གཏམ་སྨྲ་བའི་དུས་ཀྱི་རྣམ་པའང་བསྟན་པ་ཡིན་ཏེ། ལམ་རིམ་ལས། སྙན་སྨྲ་ནི་ཁྲོ་གཉེར་མེད་ཅིང་བཞིན་གྱི་མདངས་


GTD003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་འཛུམ་པ་སྔོན་དུ་བཏང་སྟེ། ཞེས་སོ། །དེས་ན་གཞན་དང་གཏམ་སྨྲ་བ་སོགས་ཀྱི་ཀུན་སྤྱོད་ཀྱང་ཕ་རོལ་པོའི་ཡིད་དང་མཐུན་ཞིང་དོན་དུ་འགྱུར་བ་ཞིག་གལ་ཆེ་བས། གནས་འདི་ལ་གཟབ་པར་བྱ་དགོས་ཏེ། ས་སྐྱའི་ལེགས་བཤད་ལས། རྨ་གཞན་མཁས་ན་འཚོ་སྲིད་ཀྱི། །ཉེས་པའི་ཚིག་རྨ་འདྲུད་པ་མེད། །ཁྭ་ཡིས་འུག་པ་དམའ་ཕབ་པས། །བསྐལ་པའི་བར་དུ་འགྲས་ལ་ལྟོས། །ཞེས་དང། སྨྲ་མང་ཉེས་པ་འཛིན་པའི་རྒྱུ། །མི་སྨྲ་ཉེས་པ་སྤོང་བའི་གཞི། །ནེ་ཙོ་སྨྲ་བས་གཟེབ་ཏུ་བཅུག །འདབ་ཆགས་ལྐུག་པ་བདེ་བར་རྒྱུ། །ཞེས་པ་ལྟར་ཚིག་ངན་གྱིས་དོན་མེད་པར་གཞན་དང་འཁོན་ཞུགས་ཏེ་དགྲར་སྡང་བ་དང། རང་ཉིད་ལ་ཕྱི་མར་རྣམ་སྨིན་ལྕི་ཞིང་ཚེ་འདིར་ཡང་སོས་མི་བདེ་བ་སྣ་ཚོགས་འབྱུང་བས་རང་གཞན་གཉིས་ཀ་ཕུང་བྱེད་ཀྱི་རྒྱུར་འགྲོའོ། །ཚུལ་འདི་དག་ནི་ཇོ་བོ་ཡབ་སྲས་ཀྱི་ཞུས་ལན་ནོར་བུའི་འཕྲེང་བའི་ལེའུ་ཉེར་གསུམ་ལས། ངག་གི་ཉེས་པས་དགྲ་བོ་འགུག །ངག་གི་ཉེས་པས་བཤེས་དང་འབྲལ། །ངག་གི་ཉེས་པས་ལྕེ་དག་ལ། །རྨོ་འདོར་སྟོང་གིས་རྨོད་ཅེས་ཐོས། །ལ་ལ་དག་ལ་བསྟོད་བྱས་ཀྱང། །དོགས་པ་བསླད་ནས་མཚང་ལ་འཕོག །ཅེས་དང། ཀུ་རེའི་ཐ་མ་འཐབ་མོར་འགྲོ། །ངག་གི་ཐ་མ་ལུས་གཉིས་རྩོད། །ལུས་ཀྱི་ཐ་མ་སྲོག་དང་འབྲལ། །སྲོག་གི་ཐ་མ་ངན་འགྲོར་འགྲོ། །ཞེས་སོགས་ཀྱིས་འཕྲལ་ཕུགས་ཀུན་ཏུ་ཉེས་དམིགས་ཆེ་ཚུལ་དང། གཉིས་པ་གཞན་ལ་སྨྲ་བའི་ཚེ། །ངག་དེ་མགྲིན་པར་བསྐྱིལ་བྱས་ནས། །དེ་


GTD003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེ་ལྟོས་འདུག་མི་འདུག །ཅེས་པ་ནས། དོན་དང་ལྡན་ནམ་མི་ལྡན་ལྟ། །འགྲོ་ན་སྨྲ་སྒོར་བཏང་བར་བྱ། །མི་འགྲོ་མགྲིན་པའི་ཨཱཿ ལ་བསྟིམ། །ཞེས་དྲན་ཚད་འཕྲལ་དུ་ཁར་མི་འདོན་པར་ཚིག་གི་སྐྱོན་ཡོན་དང། དགོས་པ་ཡོད་མེད་སོགས་བརྟག་ནས་སྨྲ་དགོས་པ་དང། རྣམ་གཡེང་བདུད་ཀྱིས་བྱིན་བརླབས་ནས། །མང་པོའི་ནང་དུའང་ལྷང་ངེར་ལབ། །དེར་འཚོགས་ཐམས་ཅད་ཐུགས་ཁྲེལ་ནའང། །འཕྲལ་ནི་བཞད་གད་བསླུ་ཞིང་བསྟོད། །ཅེས་འགའ་ཞིག་མང་པོའི་ནང་དུ་ཅོལ་གཏམ་སྨྲས་པ་ན། ཕ་རོལ་པོ་རྣམས་ཞེ་ཁྲེལ་ཡང་འཕྲལ་ལ་ངོ་བསྟོད་དང་བཞག་གད་ཐེག་གེ་བྱས་པས། ཁོས་གཏམ་དེ་ལམ་དུ་སོང་སྙམ་ནས་ང་རྒྱལ་སྐྱེས་ཏེ། ཕྱིར་ཡང་སྨྲ་བ་ཇེ་མང་གིས་ཤིན་ཏུ་འཆལ་བར་འགྱུར་བ་སྲིད་པས། དེ་འདྲ་ལ་ལྷག་པར་ཟོན་བྱེད་དགོས་པ་སོགས་གཏམ་སྨྲ་ཚུལ་ལེགས་ཉེས་ཀྱི་རྣམ་དབྱེ་ཤིན་ཏུ་ཞིབ་པར་གསུངས། སྤྱོད་འཇུག་ལས་ཀྱང། རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་ཟུམ་ཡོངས་ཐོངས་ཏེ། །འགྲོ་བའི་བཤེས་དང་གསོང་བོར་གྱིས། །ཞེས་དང། སོར་མོའི་བརྡ་ནི་མི་བྱ་སྟེ། །གུས་དང་བཅས་པའི་གཡས་པ་ཡི། །ལག་པ་དག་ནི་ཀུན་གྱིས་ཀྱང། །ལམ་ཡང་དེ་ལྟར་བསྟན་པར་བྱ། །ཞེས་གཞན་དང་ཕྲད་པ་ན་རྟག་ཏུ་བཞིན་འཛུམ་བག་དང་བཅས་ཤིང། ཕ་རོལ་པོ་ལམ་གར་འགྲོ་ལྟ་བུ་དྲིས་པ་ལ་སྟོན་པའི་ཚེའང་མཛུབ་མོ་ཀེར་ནས་སྟོན་པ་ལྟ་བུ་མ་གུས་པའི་རྣམ་འགྱུར་མི་བྱེད་པར། ལག་པ་གཡས་པའི་ཐལ་མོ་བཀན་ཏེ་གུས་པའི་རྣམ་འགྱུར་དང་བཅས་སྟོན་པ་ལྟ་བུ་སྤྱོད་ལམ་གྱི་ཆ་མཐའ་དག་ནས་གཞན་གྱི་སེམས་མགུ་བ་ཞིག་བྱེད་


GTD003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་ཚིག་ཡིན་ནོ། །སེམས་ཅན་སྡུད་པར་བྱེད་པའི་ཐབས་ཀྱང་ཟས་ནོར་སོགས་བྱིན་ནས་ཀུན་གྱི་རེ་བ་སྐོང་བ་ཤིན་ཏུ་དཀའ་ལ། སྙན་པར་སྨྲ་བ་ནི་བྱ་སླ་ཞིང་དོན་ཆེ་བས་ཐབས་མཁས་རྨད་དུ་བྱུང་བ་ཡིན་ཏེ། ས་པཎྚི་ཏས། བྱམས་པས་ཁྱབ་པའི་ཚིག་སྨྲ་བ། །བསྒྲུབ་སླ་གཞན་དགའ་སྡུད་པའི་མཆོག །ནོར་གྱིས་མགུ་བར་སུ་ཡིས་ནུས། །ལུས་སྲོག་བཏང་ཡང་ཕྱེད་མི་ཚིམ། །ཞེས་གསུངས་པ་ལྟར་རོ། །བྱམས་པས་གསལ་བར་སྨིན་བྱས་ཞེས་པ་ལ། སྨིན་པའི་དོན་དང་སྨིན་པ་བརྒྱད་ཀྱི་དབྱེ་བ་སོགས་རྒྱན་གྱི་ཡོངས་སུ་སྨིན་པའི་ལེའུ་ལས་འབྱུང་བ་དེར་བལྟ་ཞིང། འདིར་སྐབས་དོན་ནི་ཆོས་ཉན་པའི་སྣོད་རུང་དུ་གྱུར་པ་ལ་བྱའོ། །ཐེག་པ་གསུམ་ལ་རབ་བཀོད་ཅེས་པའི་ཐེག་པའི་སྒྲ་དོན་ནི། འགའ་ཞིག་གིས་ཐེག་མི་ཐེག་སྒོམ་པ་པོའི་བློའི་སྟོབས་དང་འཚམ་པའི་ཁུར་ཆེ་ཆུང་ལྟ་བུ་ཞིག་ལ་བཤད་པ་དང། ལ་ལ་ཐེག་པ་མཆོག་དམན་གྱི་འབྱེད་བྱེད་མཐའ་བྲལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་གོ་ནུས་མི་ནུས་ཀྱི་སྒོ་ནས་འབྱེད་པར་འདོད་པ་མི་འཐད་དེ། དང་པོ་སྒྲ་དོན་བཤད་ཚུལ་མི་འཐད་པ་ནི། འདུལ་བའི་གོས་གཞིའི་སྐབས་སུ་ཐེག་པ་ཞེས་པ་ཁྱོགས་དང་ཤིང་རྟ་སོགས་ལ་བཤད། ཐུབ་དགོངས་ལས་འཇུག་སྒྲུབ་ཀྱི་ཐད་དུ་གླང་པོ་ཆེ་སོགས་ལ་བཤད་པ་གང་ལྟར་ཡང་དེ་ལ་ཞོན་ནས་སྒྲོད་བྱེད་ཅིག་ལ་འཇུག་པས། སྡུད་པ་ལས་ཀྱང། དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །གང་ཞིག་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །ཅེས་དང། སྤྱོད་འཇུག་ལས། བྱང་ཆུབ་


GTD003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །ཞེས་པ་ལྟར། ཐེག་པ་དེ་ལ་ཕར་ཞོན་ནས་རང་གི་བྱང་ཆུབ་ཏུ་སྒྲོད་པར་བྱེད་དགོས་ཀྱི། ཚུར་རང་གིས་ཁུར་ནས་འགྲོ་བར་མ་བཤད་དོ། །དེས་ན་སྔགས་རིམ་ལས། ཐེག་པ་ནི་འདིར་འདོང་བ་འབྲས་བུ་དང། འདིས་འདོང་བ་རྒྱུའི་ཐེག་པ་སྟེ་བགྲོད་པས་ན་ཐེག་པའོ། །ཞེས་གསལ་བར་གསུངས་པ་ཉིད་ཚད་མར་བྱ་ཡི། ཡོད་པ་བཞག་ནས་མེད་པ་ལས་བཙལ་བར་མི་བྱའོ། །ཐེག་པའི་འབྱེད་ཆོས་ལྟ་བའི་སྒོ་ནས་བཞག་པའང་ཤིན་ཏུ་མི་འཐད་དེ། དཔལ་ལྡན་ཟླ་བས་ལུང་བདུན་དང་རིགས་པ་གསུམ་གྱི་སྒོ་ནས་ཐེག་པ་གསུམ་པོ་གང་གིའང་འཕགས་པའི་གང་ཟག་ལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པར་གསུངས་པ་ནི་རྒྱལ་བའི་དགོས་པ་མཐར་ཐུག་པ་ཡིན་པས། དེ་ཐེག་པ་ཆེན་པོར་འཇོག་བྱེད་ཡིན་ན་ཉན་རང་འཕགས་པ་ཐམས་ཅད་ཀྱང་ཐེག་ཆེན་པར་འགྱུར་ལ། དེ་འདོད་ན་ཐེག་དམན་འཕགས་པ་མི་སྲིད་པས། ཐེག་པ་གསུམ་གྱི་དབྱེ་བ་འབྱེད་བྱེད་ཀྱང་མི་དགོས་པར་འགྱུར་རོ། །དེས་ན་ལྟ་བས་འབྱེད་ཅེས་པ་ནི་གྲུབ་མཐའི་རྣམ་དབྱེ་ཡིན་པས། གྲུབ་མཐའ་དང་ཐེག་པའི་རྣམ་དབྱེ་མ་ནོར་བ་དགོས་ཏེ། ཐེག་པ་ཆེ་ཆུང་གི་དབྱེ་བ་ནི་བསམ་པ་སེམས་བསྐྱེད་སོགས་ཐབས་ཀྱི་སྒོ་ནས་འབྱེད་པ་མ་གཏོགས། ཤེས་རབ་ལྟ་བའི་སྒོ་ནས་འབྱེད་པར་ཚད་ལྡན་སུས་ཀྱང་མ་བཤད་ལ། ཁྱད་པར་དུ་རྗེ་བླ་མའི་སྔགས་རིམ་ལས། སྤྱིར་ཐེག་པ་ཆེ་ཆུང་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བའང་ཟབ་མོ་རྟོགས་པའི་ཤེས་རབ་


GTD003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་འབྱེད་ཀྱི། ཐབས་ཀྱིས་དབྱེ་དགོས་ཤིང། ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་མཆོད་སྦྱིན་རྒྱས་གྱུར་ཅིག །ཅེས་པ། སྤྱིར་མཆོད་སྦྱིན་གྱི་སྒྲ་དོན་ཡོན་ཏན་གྱི་མགྲོན་ལ་མཆོད་པ་དང། སྙིང་རྗེའི་མགྲོན་ལ་སྦྱིན་པར་བཤད་པ་ལྟར་འདིར་ཡང་དམ་པའི་ཆོས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཕེལ་བས་རྒྱལ་བ་རྣམས་ལ་མཆོད་པ་དང། སེམས་ཅན་ལ་ཕན་བདེ་སྟེར་བས་སྦྱིན་པར་འགྲོ་བ་ལ་བཤད་པའང་མི་རུང་བ་མེད་ལ། རྒྱན་སྣང་ལས། རྣམ་པར་གསལ་བ་ཉིད་དུ་ཤེས་པར་བྱ་བས་ན་ཆོས་ཀྱི་མཆོད་སྦྱིན་སྦྱིན་པའོ། །ཞེས་པ་ལྟར། མཆོད་སྦྱིན་རྒྱ་ཆེན་པོའི་ཚེ་ནོར་བཟང་དགུ་ཐམས་ཅད་ལྷུག་པར་གཏོང་བ་བཞིན། འདིར་ཡང་ཆོས་ཀྱི་དོན་ཟབ་ཅིང་རྒྱ་ཆེ་བ་མཐའ་དག་མ་སྦས་ཤིང་དཔེ་མཁྱུད་མེད་པར་སྙན་པར་སྨྲ་བའི་སྒོ་ནས་གདུལ་བྱ་ལ་གསལ་བར་སྟོན་པའི་དོན་དུ་བྱས་ན་སྐབས་ཀྱི་དོན་དང་ཡང་འབྲེལ་བས་ཤིན་ཏུ་ལེགས་སམ་སྙམ། བཞི་པ་དོན་མཐུན་པ་ནི། བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །ཅེས་བྱུང། བྲ་སྟི་དགེ་བཤེས་ཀྱི་ཊཱིཀྐར། ཐེག་པ་གསུམ་ལ་རབ་བཀོད་ཅེས་པའང་སྙན་སྨྲའི་ཁོངས་སུ་བསྡུས་ནས་ཤོ་ལོ་ཀ་འདི་དོན་སྤྱོད་པ་ལ་སྦྱར་ཏེ། དོན་མཐུན་པ་ཤུགས་ཀྱིས་འཐོབ་པ་ལས་གཞུང་དང་དངོས་སུ་སྦྱར་རྒྱུ་མེད་པར་གསུངས། སྤྱིར་སྙན་སྨྲ་ལ་འཇིག་རྟེན་དང་ལྡན་པ་དང། ཆོས་བསྟན་པ་དང་ལྡན་པ་གཉིས་གསུངས་པས་ཐེག་པ་གསུམ་གྱི་ཆོས་སྟོན་པ་སྙན་སྨྲའི་ཁོངས་སུ་མི་


GTD003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བ་མིན་ཡང། དེར་ཐེག་པ་གསུམ་ལ་བཀོད་ཅེས་པའི་ཚིག་གི་ནུས་པ་དོན་སྤྱོད་པ་ལ་སྦྱར་ན་བདེ་བ་དང། འདིར་ཐབས་ཤེས་གྱུར་པ་ན་ཞེས་པའང། གཞན་གྱི་དོན་བྱེད་པ་ལ་ཐོག་མར་དོན་དེ་ཉིད་རང་གིས་བསླབ་ནས་ཁོང་དུ་ཆུད་པའམ་མངོན་དུ་བྱས་པ་དགོས་པའི་དོན་དུ་གསལ་ལ། དེ་ནི་དོན་མཐུན་ཚུལ་ཡིན་པས་འདི་བཞིན་བཤད་པར་བྱའོ། །དེའང་སྔོན་ཀུན་ཏུ་རྒྱུ་བྱང་ཆུབ་ཏུ་གྱུར་པའི་ཚེ་རྒྱལ་པོ་ཞིག་གི་མཆོད་གནས་སུ་གྱུར་ནས་རྒྱལ་པོ་དེ་ཉིད་ཆོས་ལ་བཙུད་པ་སྡིག་བློན་རྣམས་ཀྱིས་མ་བཟོད་པར་ཕྲ་མ་བྱས་པའི་རྐྱེན་གྱིས་རྒྱལ་པོའི་གུས་པ་ལྷོད་པར་གྱུར་པ་ན། དེ་ལ་ཁྲོས་པ་མིན་ཡང་དེ་དག་འདུལ་བ་ལ་ཐོག་མར་རང་ཉིད་ཀྱིས་ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱེད་དགོས་པར་གཟིགས་ནས་ཡུལ་དེར་མ་བཞུགས་པར་དབེན་པར་གཤེགས་ཏེ་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྒྲུབ་པར་མཛད། དེ་ནས་དུས་ལ་བབས་པ་ན་སྤྲུལ་བའི་སྤྲེའུའི་པགས་པ་གྱོན་ནས་ཕེབས་པར་བློན་པོ་རྣམས་ཀྱིས་སྨད་པའི་ཚེ། རྐྱེན་དེ་ཉིད་ལས་བརྩམས་ཏེ་རིགས་པ་སྣ་ཚོགས་པའི་སྒོ་ནས་རྒྱུ་མེད་པར་སྨྲ་བ་དང། དབང་ཕྱུག་རྒྱུར་ལྟ་བ་དང། ལས་ཁོ་ན་ལས་བྱུང་བར་ལྟ་བ་དང། རྒྱལ་རིགས་ཀྱི་གཞུང་ལ་བརྟེན་པ་སོགས་ཀྱི་ལྟ་བ་ངན་པ་ཐམས་ཅད་སོ་སོར་སུན་ཕྱུངས་ཏེ་རྒྱལ་བློན་འཁོར་བཅས་ཡང་དག་པའི་ལྟ་བ་ལ་བཀོད་པ་དང། ཚངས་པའི་འཇིག་རྟེན་དུ་ལྷའི་དྲང་སྲོང་ཆེན་པོར་འཁྲུངས་པའི་ཚེ། ཡུལ་ལུས་འཕགས་པོའི་རྒྱལ་པོ་ཡན་ལག་སྦྱིན་ཞེས་བྱ་བ་ཆད་ལྟ་ལ་ཞུགས་ནས་སྡིག་པ་སྣ་ཚོགས་སྤྱོད་པ་རྫུ་འཕྲུལ་གྱིས་བཏུལ་ཏེ་ལྟ་བ་ཕུན་


GTD003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལ་སྦྱར་བ་དང། འཕགས་པ་ཤཱ་རིའི་བུ་མུ་སྟེགས་ཀུན་ཏུ་རྒྱུར་གྱུར་པའི་ཚེ། ཐུབ་པའི་སྐུ་ཚེ་སྔ་མ་ཞིག་གིས་དེ་ལྟ་ངན་ལས་བསྒྲལ་བར་པད་དཀར་ལས་གསུངས་པ་སོགས་སྐྱེ་བ་དུ་མར་གདུལ་བྱ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལ་བཀོད་ཚུལ་མདོ་སྡེ་རྣམས་སུ་རྒྱ་ཆེར་འབྱུང་ངོ་། །ལྟ་ངན་འགོག་པ་དང་ལྟ་བ་རྣམ་དག་ལ་འགོད་པ་འདི་ནི་ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་དང། རང་ཉིད་ངེས་ཤིང་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡི། །ཞེས་གསུངས་པ་བཞིན། སྦྱིན་གཏོང་སོགས་དང་མི་འདྲ་བར། དོན་དེ་ཉིད་རང་གིས་ལེགས་པར་རྟོགས་པ་སྔོན་དུ་སོང་བའི་སྒོ་ནས་གཞན་ལ་སྟོན་དགོས་པས། འདིར་ཡང། བདག་སྔོན་ཐབས་ཤེས་གྱུར་པ་ན། །ཞེས་གསུངས་ཏེ་དོན་མཐུན་པའི་ཚུལ་དང་ཤིན་ཏུ་མཐུན་ནོ། །དེ་ལྟར་རིགས་པ་བཞི་སོགས་ཀྱི་སྒོ་ནས་ལས་རྒྱུ་འབྲས་དང། རྟེན་འབྱུང་གི་རྣམ་གཞག་སོགས་ཡང་དག་པའི་ལྟ་བ་ཕྲ་རགས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་ངེས་པ་རྙེད་ཅིང། ཇི་ལྟར་རྟོགས་པའི་དོན་དེ་ཉིད་ཡང་དང་ཡང་དུ་གོམས་པར་མཛད་དེ། རང་གིས་ཇི་ལྟར་ངེས་པ་བཞིན་དུ་གདུལ་བྱ་རྣམས་ལ་བསྟན་པ་ན་ལུང་དང་རིགས་པའི་སྒོ་ནས་ངེས་པ་རྙེད་ཅིང། ལྷག་པར་སློབ་དཔོན་རང་ཉིད་ཀྱིས་སྒྲུབ་པ་ནན་ཏན་དུ་བྱེད་པའི་ཚུལ་མཐོང་ནས། འདི་ལས་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་འབྱུང་བར་གདོན་མི་ཟའོ་སྙམ་དུ་ཡིད་ཆེས་རྙེད་དེ། སློབ་དཔོན་གྱི་རྣམ་ཐར་བཞིན་བརྩོན་པ་རྒྱུན་


GTD003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སུ་བསྟེན་པས་དེ་དག་ཀྱང་སྨིན་ཅིང་གྲོལ་བར་གྱུར་པ་དེའི་བདེན་པའི་སྟོབས་ཀྱིས་རྒྱལ་བའི་ཆོས་ཚུལ་ཕུན་སུམ་ཚོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་སྨོན་པ་མཛད་པའོ། །དེའང་ཐབས་ཤེས་ཞེས་པ་ནི། ཐབས་དེ་ཉིད་ཚད་མའི་སྒོ་ནས་ཤེས་པ་ཁོ་ན་ལ་མི་བྱེད་དེ། རྒྱན་ལས་སྐྱབས་འགྲོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞིའི་ནང་ནས་རྟོགས་པའི་དོན་ས་གོང་མ་གོང་མ་ལ་རིམ་གྱིས་བགྲོད་པ་ལ་གསུངས་པ་དང། རྣམ་འགྲེལ་དུའང། གཤེགས་པ་རྟོགས་པའི་དོན་ཕྱིར་ཞེས་ལམ་གོང་མ་མངོན་དུ་མཛད་པ་ལ་རྟོགས་པའི་སྒྲ་འཇུག་པར་གསུངས་པ་བཞིན། སྐབས་འདིའི་ཤེས་ཞེས་པའང་ཐབས་ཁྱད་པར་ཅན་དེ་དག་མངོན་དུ་མཛད་པ་ལའང་བྱར་རུང་ངོ་། །དེ་ལྟར་ན་སྦྱིན་སོགས་ཀྱི་སྤྱོད་པ་ལ་བསླབ་ཚུལ་དེ་ཐམས་ཅད་དོན་མཐུན་པའི་རྣམ་ཐར་ཡིན་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། འགའ་ཞིག་རང་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲ་ཡང། །རང་གི་ཚིག་དང་འགལ་བར་བྱེད་པས་གཞན་དག་འདུལ་བར་མི་ནུས་ཞེས། །ཁྱོད་ཀྱིས་དགོངས་ནས་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། །རེ་ཞིག་བདག་ཉིད་མ་དུལ་བ་ཉིད་འདུལ་བར་མཛད་ཕྱིར་རྩོམ་པ་ལགས། །ཞེས་རང་རྒྱུད་འདུལ་བར་མཛད་པ་དེ་ཉིད་དོན་མཐུན་པའི་གཙོ་བོར་གསུངས་པས། སེར་སྣ་སྤངས་ཏེ་སྦྱིན་པ་གཏོང་བར་མཛད་པ་ནི་གཞན་སྦྱིན་པ་ལ་འགོད་པའི་སྐབས་ཀྱི་དོན་མཐུན་པ་དང། ཉེས་སྤྱོད་སྤངས་ནས་ཚུལ་ཁྲིམས་བསྲུང་བ་ནི་གཞན་ཚུལ་ཁྲིམས་ལ་འགོད་པའི་


GTD003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་དོན་མཐུན་པ་ཡིན་པ་སོགས་ཀུན་ལ་འདྲ་བའི་ཕྱིར་རོ། །འདིའི་སྐབས་ཀྱི་ལྟ་ངན་ནི་ལས་རྒྱུ་འབྲས་སོགས་ལ་སྐུར་པ་འདེབས་པའི་ཆད་ལྟ་ལ་གཙོ་བོར་བྱེད་ཅིང། ཡང་དག་པའི་ལྟ་བའང་དེ་དང་འཛིན་སྟངས་དངོས་སུ་འགལ་བ་ལས་འབྲས་ཀྱི་རྣམ་གཞག་སོགས་ངེས་པའི་ལྟ་བ་ལ་བྱའོ། །ཁ་ཅིག་ཡང་དག་པའི་ལྟ་བ་བྱས་ཚད་སྟོང་ཉིད་ཀྱི་ལྟ་བ་ཁོ་ན་ལ་བྱེད་པ་མི་འཐད་དེ། བཤེས་སྤྲིངས་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བ་དགེ་སྤྱད་ཀྱང། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་མཐོ་རིས་ཐོབ་པ་ལ་ཡང་དག་པའི་ལྟ་བ་མེད་མི་རུང་དུ་གསུངས་ཤིང། དེ་ལ་སྟོང་ཉིད་ཀྱི་ལྟ་བ་དགོས་པ་ཧ་ཅང་ཐལ་བས། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་མཚུངས་པར་ལྡན་པའི་ལྟ་བ་ལ་བྱའོ། །རེད་མདའ་བའི་བཤེས་སྤྲིངས་ཊཱིཀྐ་ལས་ཀྱང་། འདིར་ཡང་དག་པའི་ལྟ་བ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་ཡུལ་ཅན་དང། དོན་དམ་པའི་ཡུལ་ཅན་ནོ། །དང་པོ་ནི་ཕྱི་མར་ལས་དང་འབྲས་བུའི་འབྲེལ་བ་ལ་ཡིད་ཆེས་པའོ། །གཉིས་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བོ། །ཡང་དག་པའི་ལྟ་བ་དང་པོ་ནི་མཐོ་རིས་ཀྱི་རྒྱུ་ཡིན་ལ། གཉིས་པ་ནི་ཐར་པའི་རྒྱུ་ཡིན་ནོ། །ཞེས་གསུངས་ཤིང། དེར་མ་ཟད་འདུལ་བའི་མདོར་ཚུལ་ཁྲིམས་དང་ཆོ་ག་དང་ལྟ་བ་ཕུན་སུམ་ཚོགས་པ་ཞེས་པའི་ལྟ་བའང། ལས་དང་འབྲས་བུའི་འབྲེལ་བ་ལ་ཡིད་ཆེས་པ་ལ་བྱེད་པས།


GTD003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་པར་ཚུལ་ཁྲིམས་རྣམ་པར་དག་པའང་འབྱུང་ཐབས་མེད་དེ། འཇམ་དཔལ་རྩ་རྒྱུད་ལས། ཇི་ལྟར་ཡང་དག་པའི་ལྟ་བ་མེད་པ་ལ་སྡོམ་བརྩོན་མེད་པ་དང་ཞེས་གསུངས་པ་བཞིན་ནོ། །དེས་ན་འདིར་ཡང་དག་པའི་ལྟ་བ་ཚུལ་ཁྲིམས་ཀྱི་རྒྱུའི་གཙོ་བོར་བཤད་པ་དང། བཤེས་སྤྲིངས་ལས་མཐོ་རིས་ཀྱི་རྒྱུའི་གཙོ་བོར་བཤད་པ་གནད་གཅིག་ཏུ་སྣང་ངོ་། །གདུལ་བྱ་ལ་ཡང་དག་པའི་ལྟ་བ་སྟོན་པའི་ཚེ་ལུང་རིགས་ཀྱིས་བསྒྲུབ་ནས་ངེས་པ་རྙེད་པར་བྱར་ཡོད་ཀྱང། ད་དུང་རང་ཉིད་ཀྱིས་ནན་ཏན་དུ་གོམས་པར་མཛད་པ་ནི་གདུལ་བྱ་ལ་ཡིད་ཆེས་བསྐྱེད་པའི་ཐབས་དང། སྒྲུབ་པ་ལ་སྐུལ་བྱེད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་ནས་བདག་བཞིན་གཞན་དག་གདུལ་བར་བྱ། །བདག་ཉིད་དང་པོར་རིགས་པར་གནས་བྱས་ན། །ཕྱི་དུས་འདུལ་ཚེ་མཁས་པ་ཉོན་མི་མོངས། །ཞེས་དང། ལམ་རིམ་ཆེན་མོ་ལས། དེའང་རང་གིས་མ་བསྒྲུབས་ན་གཞན་ལ་འཇུག་ལྡོག་འདི་ལྟར་བྱ་དགོས་སོ་ཞེས་བཤད་པ་ན། ཁྱོད་རང་ཡང་དོན་དེ་མ་སྒྲུབས་ན་གཞན་ལ་དེ་སྒྲུབས་ཞེས་ཅིའི་ཕྱིར་སྨྲ། ཁྱོད་ཀྱང་ད་དུང་གཞན་གྱིས་བཅོས་དགོས་སོ་ཞེས་ཟེར་ནས་བསྒྲུབ་ཏུ་མི་ཉན་ལ། རང་གིས་བསྒྲུབས་པ་ཞིག་ཡིན་ན་བདག་ཅག་གང་ལ་བཙུད་པའི་དགེ་བ་དེ་ལ་ཁོང་རང་ཡང་གནས་པར་བྱེད་པས་ན། འདི་བསྒྲུབས་ན་བདག་ཅག་ལ་ཕན་པ་དང་བདེ་བར་འགྱུར་ངེས་སྙམ་ནས་གསར་དུ་འཇུག་ཅིང། ཞུགས་ཟིན་པ་རྣམས་ཀྱང་མི་ལྡོག་པར་བརྟན་པར་འགྱུར་ཞེས་གསུངས་ཏེ། གོང་དུ་དྲངས་པ་བཞིན་མདོ་སྡེ་རྒྱན་གྱི། བཞི་པས་རྣམ་པར་སྦྱོང་


GTD003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་པའི་སྦྱོང་ཚུལ་ཡང་དེ་ཡིན་ནོ། །པོ་ཏོ་བ་ཆེན་པོའི་ཞལ་ནས་ཀྱང། ངས་ད་ལྟ་རི་རྩེ་ཡ་ཀི་ན་གསེར་གྱི་ཁྲོན་པ་བརྡོལ་ནས་ཡོད་ཀྱི། ཁྱེད་རང་ལེན་དུ་སོང་བྱས་ཀྱང་ངའི་ངག་འཁྱལ་དུ་གོ་ནས་ཁྱེད་འགྲོར་མི་ཉན་ང་རང་གིས་རིངས་པར་ཕྱིན་ན་ཁྱོད་ཚོ་ངའི་གཞུག་ན་ཡར་དྲིལ་ཡོང། དེ་བཞིན་དུ་བླ་མ་རང་ཆོས་བཞིན་མི་བྱེད་པར་གཞན་ལ་ཆོས་བཤད་ཀྱང་ལག་ལེན་བྱེད་མཁན་མི་ཡོང་ལ། བླ་མ་རང་གིས་ཆོས་བཞིན་བྱས་ན་གཞན་ཡང་རྗེས་སུ་སློབ་པ་བག་རེ་ཡོང། ཞེས་གསུངས་པས། ཆོས་སྟོན་པ་པོའི་དགེ་བའི་བཤེས་གཉེན་དུ་འཇོག་པའང་ངག་གིས་བཤད་པ་ཁོ་ན་ལ་མི་བྱེད་པར། ལག་ལེན་དུ་འདེབས་པ་བཟང་པོའི་མིག་ལྟོས་ཀྱི་ཡུལ་དུ་འགྲོ་བ་ཞིག་གལ་ཆེ་སྟེ། མདོ་མྱང་འདས་ལས། བདག་བྱང་ཆུབ་ལ་ནན་ཏན་དུ་བྱེད་པས་གཞན་ཡང་བྱང་ཆུབ་ལ་ནན་ཏན་བྱེད་དུ་འཇུག་པ་སྟེ། དེ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་དོན་མཐུན་པའི་སྒོ་ནས་གདུལ་བྱ་རྣམས་ཆོས་སྒྲུབ་པའི་ཕན་ཡོན་ལ་ཡིད་ཆེས་བསྐྱེད་པ་དེ་ཉིད་སྐབས་འདིར་གང་ལ་འགོད་རྒྱུའི་ཡང་དག་པའི་ལྟ་བའི་གཙོ་བོ་ཡིན་ནོ། །གཉིས་པ་བསྡུ་བ་བཞིའི་སྒོ་ནས་སློབ་ལམ་སྤྱིའི་དོན་བསྡུ་བ་ནི། བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག། །ཅེས་བྱུང། དེའང་སྐྱེས་པའི་རབས་ཀྱི་མཚན་གཞི་གོང་དུ་སྨོས་པ་རྣམས་དང་


GTD003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་ལས་རྒྱ་ཆེར་འབྱུང་བ་བསྐལ་པ་ཆེན་པོ་གྲངས་མེད་པ་དུ་མར་སྙིང་རྗེ་དང། སྨོན་ལམ་དང། ཏིང་ངེ་འཛིན་དང། དབང་འབྱོར་པ་སོགས་ཀྱི་སྒོ་ནས་སྐྱེ་བའི་ཕྲེང་བ་དཔག་ཏུ་མེད་པ་བཞེས་ཏེ། རྒྱལ་སྲས་ཀྱི་སྤྱོད་པ་མ་ལུས་པའི་སྤྱི་སྡོམ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབ་པས་རང་རྒྱུད་སྨིན་པར་བྱས། རང་གིས་གང་ལ་བསླབ་པར་བྱས་པ་དེ་དང་དོན་མཐུན་པར་གདུལ་བྱ་རྣམས་ཀྱང་སྤྱོད་དུ་གཞུག་པའི་ཕྱིར་ཐོག་མར་སྦྱིན་པས་འཁོར་དུ་བསྡུས་ཏེ་སོ་སོའི་སྐལ་བ་དང་འཚམ་པའི་ཆོས་ཀྱི་བདུད་རྩིས་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པའི་མེ་དཔུང་མངོན་གྱུར་ཤུགས་དྲག་པོ་དང། ཆེས་སྟོབས་འཔེལ་བའི་སྡིག་སྤྱོད་ཚན་པོ་ཆེ་བཟློག་དཀའ་བ་རྣམས་ཉམས་སྨད། དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་སྒྲུབ་པ་སྨིན་བྱེད་ཀྱི་ལམ་དང། ལས་དང་ཉོན་མོངས་པ་དེ་དག་ས་བོན་དང་བཅས་ཏེ་སྤོང་བ་གྲོལ་བྱེད་ཀྱི་ལམ་ལ་རིམ་པ་བཞིན་བཀོད་དེ། གཞན་དོན་རྣམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྒྲུབས་པ་དེའི་བདེན་པའི་སྟོབས་ཀྱིས་གང་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་གདུལ་བྱ་དེ་དག་གིས་ཐོས་བསམ་སྒོམ་པའི་བྱ་བ་རྣམས་གེགས་མེད་དུ་མཐར་ཕྱིན་ཅིང། དེ་དག་གིས་ཀྱང་གདུལ་བྱ་གཞན་དང་གཞན་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། སྟོན་པའི་རྗེས་སུ་སློབ་པའི་གདུལ་བྱའི་བརྒྱུད་པ་འཁོར་བ་མ་སྟོངས་ཀྱི་བར་ཡུན་དུ་གནས་ཤིང་འཕེལ་བར་གྱུར་ཅིག་ཅེས་སྨོན་པ་མཛད་པའོ། །བསྡུ་བ་བཞིའི་རིམ་པས་སེམས་ཅན་རྣམས་འཁོར་དུ་བསྡུས་ནས་སྨིན་ཅིང་གྲོལ་བར་བྱེད་པ་ནི་སློབ་པའི་ལམ་


GTD003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱ་བ་ཐམས་ཅད་མདོར་བསྡུས་པའི་སྡོམ་ཡང་ཡིན་ཏེ། ཤེར་ཕྱིན་གྱི་མདོར། དེ་དག་གི་ལམ་གྱི་བྱ་བའང་བྱ་ལ་ཞེས་པའི་ཐད་ཀྱི་འགྲེལ་ཆུང་ལས། འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ཅན་ཞེས་དང། གསེར་འཕྲེང་ལས། མ་བསྡུས་པ་སྡུད་པ་དང། སོགས་པས་བསྡུས་པ་སྨིན་པ་དང། སྨིན་པ་གྲོལ་བ་དང། གྲོལ་བ་མཐར་ཕྱིན་པར་བྱེད་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར། ལམ་རིམ་ལས་ཀྱང། བྱང་སེམས་ཀྱི་སྤྱོད་པ་ལ་མཐའ་ཡས་ཀྱང་སྡོམ་ཆེ་བ་ནི་ཕར་ཕྱིན་དང་བསྡུ་བཞི་ཡིན་ཏེ། བྱང་སེམས་ལ་རང་གི་རྒྱུ་ཚོགས་སྨིན་པར་བྱ་བ་དང། སེམས་ཅན་གྱི་རྒྱུད་སྨིན་པར་བྱ་བ་གཉིས་ལས་མེད་ལ། དེ་གཉིས་ཕར་ཕྱིན་དང་བསྡུ་བས་བསྒྲུབ་པའི་ཕྱིར། ཞེས་སོ། །དེ་གཉིས་ཀ་རྒྱལ་སྲས་ཀྱི་སྤྱོད་པའི་སྡོམས་སུ་གསུངས་པའང། གོང་མའི་སྙོམས་འཇུག་རྣམས་བསམ་གཏན་བཞི་དང་གཟུགས་མེད་བཞིས་བསྡུས་ཞེས་པ་ལྟ་བུ་དོན་སོ་སོ་བའི་སྡེ་ཚན་གཉིས་མ་ཡིན་ཀྱི། གཉི་གས་ཀྱང་ཕན་ཚུན་གཅིག་གིས་གཅིག་བསྡུས་སོ། །བསྡུ་བཞི་ཕྱིན་དྲུག་གིས་བསྡུས་ཚུལ་གོང་དུ་བཤད་པ་བཞིན་ཡིན་ལ། ཕྱིན་དྲུག་བསྡུ་བཞིས་བསྡུ་ཚུལ་ནི། བློ་གྲོས་མི་ཟད་པའི་མདོ་ལས་བསྡུ་བ་བཞི་མི་ཟད་པའི་སྐབས་སུ་སྦྱིན་པའི་བསམ་སྦྱོར་སོགས་དེའི་ཉམས་ལེན་མཐའ་དག་བསྡུ་བ་བཞི་ལས་མ་འདས་ཚུལ་རྣམ་གྲངས་དུ་མར་གསུངས་པ་དེ་ཕར་ཕྱིན་གཞན་ལྔ་ལའང་འདྲའོ། །ཉོན་མོངས་པ་མེ་དང་དཔེ་སྦྱར་བ་ནི། བྱེ་བྲག་ཁོང་ཁྲོ་ལྟ་བུ་ལ་སྦྱར་བའི་ཚེ་དགེ་རྩ་སྲེག་པ་སོགས་ཀྱི་ཆ་ནས་ཡིན་ལ། འདི་ནི་


GTD003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་སྤྱི་ལ་སྦྱོར་ཚུལ་དཔེར་ན་མེ་དང་ཉེ་བར་གནས་ན་དེའི་འོད་ཀྱིས་གདུངས་ཏེ་མི་བཟོད་པ་བཞིན། ཆགས་སྡང་སོགས་ཀྱི་ཉོན་མོངས་པ་གང་མངོན་དུ་གྱུར་ཀྱང། དེས་ཤེས་རྒྱུད་གདུངས་ཤིང་མི་བཟོད་པར་བྱེད་པས་མེ་དང་འདྲ་ལ། སངས་རྒྱས་ཀྱི་གསུང་ནི་གདུང་བ་དེ་ཐམས་ཅད་སེལ་བའི་ཆུ་ལྟ་བུར་བཤད་དེ། དབུ་མ་སྙིང་པོ་ལས། ཙན་དན་པས་ལྷག་གསུང་གི་ཆུས། །ལུས་ཅན་ཡིད་ཀྱི་ཉོན་མོངས་མེས། །རབ་ཏུ་གདུངས་པ་ཞི་བར་བྱེད། །ཅེས་དང། རྟོག་གེ་འབར་བ་ལས། བདེ་བར་གཤེགས་པའི་གསུང་གིས་ཤིན་ཏུ་ཞི་བར་བྱས་པས་ཉོན་མོངས་པའི་མེའི་གདུང་བ་ནི་གཏན་མི་འབྱུང་བའི་ཆོས་ཅན་དུ་འགྱུར་ཏེ། ཞེས་གསུངས་པ་ལྟར་རོ། །རྐང་པ་གསུམ་པར། བདག་གིས་འཕེལ་སྡིག་ཕམ་ཞེས་པའི་སྡིག་པའང། དགེ་སྡིག་གཉིས་སུ་ཕྱེ་བའི་སྡིག་པ་ཁོ་ན་ལ་བྱེད་མི་དགོས་ཀྱི། འཁོར་བར་འཕེན་པའི་ཟག་བཅས་ཀྱི་ལས་དགེ་མི་དགེ་ཐམས་ཅད་ལ་བྱར་རུང་སྟེ། དཔེར་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང། །ཞེས་སོགས་རྐང་པ་བཞིས་སྡུག་ཀུན་སྤོང་ཚུལ་དང། འགོག་ལམ་མངོན་དུ་བྱ་ཚུལ་རིམ་བཞིན་བསྟན་པར་གསུངས་པ་ལྟ་བུ། འབྲས་བུ་སྡུག་བསྔལ་བའི་རང་བཞིན་ཅན་གྱི་འཁོར་བ་འགྲུབ་པར་བྱེད་པའི་རྒྱུ་རྣམས་ལ་སྡིག་པ་དང་མི་དགེ་བའི་སྒྲས་བསྟན་པའི་སྐབས་མང་ལ། དེར་མ་ཟད་འཁོར་བ་རང་ཉིད་ལའང་མི་དགེ་བའི་སྒྲ་འཇུག་པའི་ཕྱིར་ཏེ། མཛོད་འགྲེལ་ལས། འཁོར་བ་ནི་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་མཆོག་ཏུ་མི་བདེ་བའི་ཕྱིར་དོན་དམ་པར་མི་དགེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཀུན་


GTD003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བདེན་པ་སྤྱི་ལ་བྱས་ན་དེའི་འཕེལ་བ་ཕམ་པར་བྱས་ཚུལ་ཡང་རྐང་པ་སྔ་མའི་ཉོན་མོངས་མེ་ལས་ཐར་བྱས་ཞེས་པ་དང་ཤིན་ཏུ་འགྲིག་སྟེ། མཛོད་ལས། དེ་བཞིན་ཤུན་པ་བཞིན་དུ་འདོད། །ལས་ནི་ཤུན་བཅས་འབྲས་དང་འདྲ། །ཞེས་ཉོན་མོངས་པ་ཤུན་པ་དང། ལས་ནི་དེའི་ནང་གི་འབྲས་དང་འདྲ་བས། འབྲས་ཤུན་པ་དང་མ་བྲལ་ན་སྐྱེ་ཞིང་འཕེལ་བར་ནུས་ལ། དེ་དང་བྲལ་ན་འཕེལ་མི་ནུས་པ་བཞིན། ལས་ཀྱང་ཉོན་མོངས་དང་མ་བྲལ་ན་འཕེལ་ཞིང་སྐྱེ་སྲིད་འཕེན་པར་ནུས་ལ། གྲོགས་ཉོན་མོངས་དང་བྲལ་ན་དེ་ལྟར་མི་ནུས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། ཉོན་མོངས་ཐོབ་པའི་ཤུན་པ་དང་བཅས་པའི་ལས་སྐྱེ་བ་གཞན་དུ་སྐྱེ་བར་ནུས་ཀྱི། འབའ་ཞིག་ནི་མ་ཡིན་ནོ། །ཞེས་དང། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེལ་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་མཐར་སངས་རྒྱས་པའི་སྐབས་ལས་བརྩམས་ཏེ་དོན་བསྡུ་བ་ནི། བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང། །ཡང་དག་ལྟ་ལ་བཀོད་བྱས་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །ཡུན་རིང་བསྟན་པ་འབར་གྱུར་ཅིག །ཅེས་བྱུང། དེའང་ཆེས་སྙིགས་མ་བདོ་ཞིང་ཁྱད་པར་དུ་ལྟ་བའི་སྙིགས་མར་གྱུར་ཏེ། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པས་ལྟ་ངན་སྣ་ཚོགས་པ་བཟུང་ནས་སྐྱེ་བོ་རྣམས་ལམ་མ་ཡིན་པ་ལ་སྦྱར་ཏེ་ཤིན་ཏུ་གདུལ་དཀའ་བར་གྱུར་པའི་དུས་སུ། ལྷའི་བུ་དམ་པ་ཏོག་དཀར་པོ་འཛམ་གླིང་དུ་འབྱོན་པར་


GTD003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི་ཚེ། ལྷ་རྣམས་ཀྱིས་ད་ལྟ་འཛམ་བུ་གླིང་ན་མི་མཐུན་པའི་ལྟ་ངན་སྣ་ཚོགས་པ་བཟུང་སྟེ་ཤིན་ཏུ་གདུལ་དཀའ་བས་འབྱོན་པའི་དུས་མིན་ཞེས་བཤོལ་བཏབ་པ་ལ། ཇི་ལྟར་དུང་གི་སྒྲས་རོལ་མོ་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར། སྨྲ་བ་ངན་པ་དེ་དག་ཐམས་ཅད་ཕམ་པར་བྱའོ་ཞེས་འཇིགས་པ་མེད་པ་སེང་གེའི་སྒྲ་བསྒྲགས་ཏེ། འཇིག་རྟེན་དུ་བྱོན་ནས་ཇི་ལྟར་ཞལ་གྱིས་བཞེས་པ་དེ་བཞིན་དུ་མི་འཇིགས་པ་བཞིའི་སྒོ་ནས་ཆོས་ཀྱི་འཁོར་ལོ་རང་དབང་དུ་བསྐོར་ཏེ། མུ་སྟེགས་ཅན་ལ་སོགས་པའི་ལྟ་བ་ངན་པ་ཐམས་ཅད་ཕམ་པར་མཛད་ཅིང། སོ་སོའི་སྐལ་བ་དང་འཚམ་པར་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ལྟ་བ་ཕྲ་རགས་རྣམས་ལ་རིམ་པ་བཞིན་དུ་འགོད་པར་མཛད། འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་དྲ་བ་ཡང་དག་པའི་ཡེ་ཤེས་ཀྱི་རལ་གྲིས་བཅད་ནས། སྔོན་བསྐལ་པ་ཆེན་པོ་གྲངས་མེད་པ་ཇི་སྙེད་ཅིག་ཏུ་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་ཞེས་དམ་བཅས་ཤིང། ཐུགས་ལ་བརྣག་པའི་དོན་དེ་ཉིད་ཇི་ལྟར་དགོངས་པ་བཞིན་དུ་བསྒྲུབ་པར་མཛད་པ་དེའི་བདེན་པའི་མཐུས་ཐུབ་པའི་དབང་པོ་ཉིད་ཀྱི་རྗེས་སུ་སློབ་པའི་འཁོར་རྣམས་ལྟ་བའི་དབང་གིས་མི་མཐུན་པ་མེད་པར། སྟོན་པ་དང་བསྟན་པ་གཅིག་ཏུ་ཡིད་ཆེས་པའི་སྒོ་ནས། སྟོན་པས་ཇི་ལྟར་གསུངས་པ་བཞིན་དུ་གུས་པས་བསྒྲུབ་པ་དང། དེ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་སྨོན་པའོ། །མདོ་རང་ལ་ཤོ་ལོ་ཀ་འདིའི་མཐར་ཡུན་རིང་བསྟན་པ་ཞེས་སོགས་མེད་ཀྱང། དགོས་པའི་གཙོ་བོ་ཡིན་པས་དགོངས་པ་བླངས་ཏེ་དམ་


GTD003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་སྦྱར་བར་མཛད་པ་བཞིན་བྱས་པ་ལེགས་སོ། །རིན་ཆེན་དོན་གྲུབ་ཀྱི་ཊཱིཀྐར། ལྟ་བའི་མུ་དང་ཐར་པའི་སྟེགས་སམ། ཡང་དག་པའི་ལྟ་བའི་སྟེགས་ལ་གནས་པས་ན་མུ་སྟེགས་ཞེས་པའང་འཐད་པ་འདྲའོ། །ཞེས་བཤད་པ་དང། སྟག་ལོའི་གྲུབ་མཐའ་ཀུན་ཤེས་ཀྱི་རང་འགྲེལ་ལས། ཐར་པའི་མུ་དང་སྟེགས་ལ་གནས་པས་མུ་སྟེགས་ཞེས་བྱ་བས་ན་འཇིག་རྟེན་ཕལ་པ་ལས་ནི་ཆེས་མཆོག་ཏུ་གྱུར་ཏེ། ཞེས་བཤད་པ་རྣམས་ཀྱི་ཁུངས་རྟེན་ས་ནི། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ལས། མུ་སྟེགས་ནི་ཐར་པ་དང་མཐོ་རིས་ཀྱི་ལམ་སྟེ། དེ་སྟོན་པར་བྱེད་པའི་བསྟན་བཅོས་ལ་མུ་སྟེགས་ཞེས་བྱ་ལ། དེ་བྱེད་པས་ན་མུ་སྟེགས་བྱེད་དོ་ཞེས་པ་འདི་ཉིད་ཡིན་སྣང་ཡང། དེ་ནི་ཤེས་བྱེད་དུ་མི་འགྲོ་སྟེ། དེས་འཇུག་ངོགས་སུ་ཁྲུས་བྱེད་པ་སོགས་ཐར་པའི་ལམ་ཡིན་པར་བསྟན་པ་མ་ཡིན་གྱི། དེ་དག་གིས་དེ་ཐར་པའི་ལམ་དུ་བྱེད་པའམ་ཁས་ལེན་པར་བསྟན་པ་ཡིན་ལ། དེ་ཐར་ལམ་དུ་བྱེད་མཁན་ཡོད་པས་ཐར་ལམ་ཡིན་དགོས་པ་ཧ་ཅང་ཐལ་བའི་ཕྱིར་དང། ཐར་པའི་རྒྱུར་འདོད་ཅེས་པའི་ཐར་པའང་ཉོན་མོངས་ཟད་པའི་ཐར་པ་དངོས་གནས་པ་ཁོ་ན་ལ་བྱེད་མི་དགོས་ཀྱི། ལང་གཤེགས་ལས་གཞན་སྡེ་རྣམས་ཀྱིས་ཐར་པ་འཇོག་ཚུལ་རིགས་མང་པོ་ཞིག་གསུངས་པ་བཞིན། བདེ་འགྲོའི་རྒྱུར་འགྲོ་བ་ལ་བསམ་ནས་ཐར་པའི་རྒྱུ་ཞེས་བཤད་པའང་ཡོད་པའི་ཕྱིར། གྲུབ་མཐའ་ཆེན་མོ་ལས། དེར་ཞུགས་པ་ཐར་པ་སྟེ་བདེ་འགྲོའི་རྒྱུར་སྨྲ་


GTD003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བྱེད་པས་མུ་སྟེགས་བྱེད་ཅེས་བྱ་ཡི། ཞེས་གསུངས་པའི་ཕྱིར། འདིར་སྨྲ་བ་ཞེས་པས། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པར། དེ་བྱེད་པས་མུ་སྟེགས་ཞེས་པ་དེའི་དོན་གསལ་བར་མཛད་པ་ཡིན་ནོ། །འདི་ལྟར་བྱས་ན་གཞི་འགྲེལ་ལས་གང་དག་ལ་ཆུ་ཀླུང་དུ་འཇུག་པའི་ཐར་ལམ་ཡོད་པ་འདི་དག་ནི་མུ་སྟེགས་ཅན་ནོ། །ཞེས་དང། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། མུ་སྟེགས་བྱེད་ཅེས་བྱ་བ་ནི། གང་དག་ཆོས་ཀྱི་ཕྱིར་འཇུག་ངོགས་སུ་འཇུག་པར་བྱེད་པ་སྟེ། ཞེས་གསུངས་པ་སོགས་ཀྱི་དགོངས་པའང་ཆུ་ཀླུང་དུ་འཇུག་པ་ལ་ཐར་ལམ་ཡོད་པར་སྨྲ་བ་དང། དེ་ནི་དྷརྨཱ་ཞེས་པ་མྱང་འདས་སམ། ཐར་པ་དང་བསོད་ནམས་སོགས་གང་དུའང་སྦྱར་ཆོག་པས་མ་ཕྱེ་བར་ཆོས་ཀྱི་རྒྱུར་སྨྲ་བ་ཞེས་བཤད་པ་ཡིན་ཏེ། དགོངས་པ་ཤིན་ཏུ་མཐུན་ནོ། །ཡང་ཁ་ཅིག་དེ་ཐར་པར་འཇུག་པའི་སྟེགས་མིན་ན། སྒྲ་སྦྱོར་བམ་གཉིས་ལས། ཏཱིརྠ་ཀ་ནི། ཏཱིརྠཾྱབིངྱ་ཏེ་ཏཱི་ནྲ་ཀཿ ཞེས་བྱ་སྟེ། མཚོའི་འགྲམ་ནི་མཚོར་འཇུག་པའི་སྟེགས་འཆའ་བ་དང་འདྲ་བར། དཀའ་ཐུབ་དང་རྣལ་འབྱོར་སོགས་སྣ་ཚོགས་སྤྱོད་ཅིང་མྱང་འདས་ཀྱི་རྒྱ་མཚོར་འཇུག་པའི་སྟེགས་འཆའ་བས་ན་མུ་སྟེགས་ཅན་ཞེས་བྱ། ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་ཐུན་མོང་གི་གྲགས་པ་དང་སྒོ་བསྟུན་པའི་སྒྲ་བཤད་ཙམ་ཡིན་པས། སྒྲ་བཤད་པའི་ཚེ་དེ་ལྟར་བཤད་ཀྱང་དོན་ངོ་བོ་ལ་དེ་བཞིན་ཁས་ལེན་མི་རུང་བ་དུ་མ་ཡོད་པའི་ཕྱིར། ཚངས་པ་ལ་བྱེད་པོ་དང། འཕྲོག་བྱེད་ལ་ཁྱབ་འཇུག་ཅེས་སྒྲ་བཤད་པའི་ཚེ་འཇིག་རྟེན་གྱི་བྱེད་པ་པོ་ཡིན་པ་དང། སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་ཞེས་བཤད་ཀྱང་


GTD003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ལ་དེ་ལྟར་མ་ཡིན་པ་བཞིན་ནོ། །འོ་ན་སྟག་ལོ་དང་འདི་གཉིས་ཀྱིས་བཤད་ཚུལ་ཡང་སྒྲ་བཤད་ཙམ་ཡིན་མོད་སྙམ་ན། དེ་མ་ཡིན་ཏེ། ཡང་དག་པའི་ལྟ་བ་གོ་བའི་དབང་གིས། འཇིག་རྟེན་ཕལ་པ་ལས་ཁྱད་པར་དུ་གྱུར་ཅེས་དང། ཕལ་པ་ལས་ནི་ཆེས་མཆོག་ཏུ་གྱུར་ཏེ། ཤེས་བྱའི་གནས་ལུགས་ལ་དཔྱོད་པ་ལ་སོགས་པས་སོ། །ཞེས་ཐར་པའི་སྟེགས་སུ་འགྱུར་བའི་རྒྱུ་མཚན་དང་བཅས་བསྒྲུབས་པས་ཁོ་རང་རྣམས་རང་ལུགས་སུ་བཞེད་པར་མངོན་ནོ། །ཡང་ཕྱི་རོལ་པའི་ལྟ་བ་དག་ཡང་དག་པའི་ལྟ་བ་གོ་བའི་སྟེགས་སུ་མི་འགྱུར་ན། མདོ་དང་བསྟན་བཅོས་རྣམས་སུ་དེའི་ཚུལ་མང་དུ་གསུངས་པ་དགོས་མེད་དུ་ཐལ་ལོ་ཞེ་ན་སྐྱོན་མེད་དེ། ལས་ཉོན་རྣམས་ཐར་པར་བགྲོད་པའི་གྲོགས་མིན་ཡང་ཐར་པར་སྒྲོད་ཚུལ་སྟོན་པ་ལ་སྤང་བྱ་དེ་དག་སྔོན་དུ་བཤད་དགོས་པ་ལྟར། ཕྱི་བའི་ལྟ་བ་རང་གི་ངོ་བོའི་སྒོ་ནས་དེའི་སྟེགས་མིན་ཡང། ཡང་དག་པའི་ལྟ་བར་འཇུག་པ་ལ་གོལ་ས་དེ་དག་ངོ་ཤེས་པར་བྱས་ནས་སྤངས་ཏེ། ལམ་ཡང་དག་པ་འཚོལ་དགོས་པའི་རྒྱུ་མཚན་གྱིས་མང་དུ་གསུངས་པ་ཡིན་པའི་ཕྱིར། ཀུན་མཁྱེན་འཇིགས་མེད་དབང་པོའི་གྲུབ་མཐའ་རིན་ཆེན་ཕྲེང་བ་ལས། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བའི། །ཕྱི་རོལ་གྲུབ་མཐའི་རང་བཞིན་མ་ལུས་པ། །ལེགས་པར་ཤེས་ཏེ་སྤོང་བར་བྱེད་པ་ནི། །ཐར་པའི་གྲོང་དུ་འཇུག་པའི་ཐེམ་སྐས་སོ། །ཞེས་དང། རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་གྱི་མེ་ལོང་ལས། དེ་ཕྱིར་ལྟ་ངན་མུ་ལ་སྟེགས་འཆའ་བའི། །ཕྱི་རོལ་


GTD003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའི་རྣམ་གཞག་ལེགས་ཤེས་ནས། །སྤོང་བར་བྱེད་པར་ཐར་པའི་གྲོང་ཁྱེར་དུ། །འཇུག་པའི་ཐེམ་སྐས་ཉིད་ཅེས་མཁས་རྣམས་གསུངས། །ཞེས་པ་ལྟར་རོ། །དེར་མ་ཟད་ཆོས་ཀྱི་དེ་ཉིད་འབྱེད་པའི་རྣམ་དཔྱོད་ཅན་རྣམས་ཀྱིས་གཞན་སྡེའི་གཞུང་ལ་ཇི་ཙམ་དཔྱད་པ་བཞིན་གྱིས་མི་གཙང་བའི་ཁྲོན་པ་རློག་པ་ལྟར་ཞེན་པ་ལྡོག་ཅིང། སངས་རྒྱས་ཀྱི་བསྟན་པ་ལ་གུས་པར་འགྱུར་ཏེ། ཁྱད་པར་འཕགས་བསྟོད་ལས། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་འདི་དད་པར་གྱུར། །ཅེས་སོ། །དེ་བཞིན་དུ་རྗེ་བླ་མའི་གསུང་དང་མི་མཐུན་པ་རྣམས་ལ་བལྟས་པ་ན། བློ་གྲོས་ཕུལ་ཏུ་ཕྱིན་པ་ཞིག་ཡོད་ཚེ་རྗེའི་གསུང་ལ་ལྷག་པར་ཡིད་ཆེས་སྐྱེ་བས་གཞན་ལ་འགྲམ་ཆུ་མི་ལྡང་བ་ཞིག་འབྱུང་ཡང། ད་ལྟ་ཐམས་ཅད་གཟུགས་བརྙན་ཁོ་ནར་སོང་བས་ཆོས་ཀྱི་ཆེ་བ་འདོན་ཚུལ་ཀུན་བྱང་གི་འཇུག་ལྡོག་ལས་བརྩམས་ཏེ་དཔྱད་པ་གསུམ་དང་རིགས་པ་བཞིའི་རྣམ་དབྱེ་ཅི་ཡང་མི་དགོས་པར། བཤད་པ་པོས་ངའི་འདི་ཟབ་མོ་ཁྱད་ཆོས་ཅན་ཞིག་ཡིན་ནོ་ཞེས་དམ་བཅས་པ་ཁོ་ནས་ཆོག་པ་དག་ལ་ལུང་རིགས་རྣམ་དག་གིས་དགོས་པ་ཅི་ཡང་སྒྲུབ་ཏུ་མེད་དོ། །ཡང་རིན་ཆེན་དོན་གྲུབ་ཀྱི་ཊཱིཀྐར་ཤོ་ལོ་ཀ་འདིའང་སློབ་པའི་གནས་སྐབས་དང། དེའི་ནང་ནས་ཀྱང་བསྡུ་བཞིའི་དོན་སྤྱོད་ལ་སྦྱར་བར་གོང་དུ། བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅེས་པ་དེ་ཉིད་དོན་སྤྱོད་པར་སྦྱར་ཡོད་པ་དང་ཟློས་ཀྱིས་དོགས་ནས། ཟློས་སྤོང་དུ་སྔ་མ་ནི་གྲུབ་མཐའ་ལ་མ་ཞུགས་པའི་འཇིག་རྟེན་ཕལ་པའི་རྒྱུད་ཀྱི་ལྟ་ངན་


GTD003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྐྱབ་པ་དང། ཕྱི་མ་མུ་སྟེགས་ཀྱི་གྲུབ་མཐས་བསླད་པའི་ལྟ་ངན་ལས་བསྐྱབ་པ་ལ་བཤད་དོ། །དེ་ནི་བཤད་པའི་རིམ་པ་དང། དོན་གྱི་རིམ་པ་གང་བྱས་ཀྱང་མི་འཐད་དེ། བཤད་ཚུལ་སྔར་བསྡུ་བཞི་སོ་སོར་རྒྱས་པར་བཤད་པ། མཇུག་དོན་བསྡུ་བ་དང་བཅས་སོང་ཟིན་ནས། ཡང་རྒྱས་བཤད་ལ་འཇུག་ན་གོང་འོག་འཆོལ་བ་ཡིན་པའི་ཕྱིར་དང། དོན་གྱི་དབང་དུ་བྱས་ནའང་མུ་སྟེགས་ཀྱི་གྲུབ་མཐས་བསླད་པའི་བདག་ཏུ་ལྟ་བ་ནི་གནས་སྐབས་སུ་སྒྲོ་བཏགས་པ་ཙམ་ཡིན་པས་སྤོང་སླ་ལ་སྤང་བྱ་ཀུན་བཏགས་དང་མཐོང་སྤང་ཡིན། གྲུབ་མཐས་བཏགས་པ་ལ་མ་ལྟོས་པར་འཇིག་རྟེན་རང་དགའ་བ་ལ་འབྱུང་བའི་བདག་ལྟ་ནི་ལྷན་སྐྱེས་འཁོར་བའི་རྩ་བ་མཐར་ཐུག་ཡིན་པས་སྤོང་དཀའ་ཞིང་སྒོམ་སྤང་ཡིན་པའི་ཕྱིར། འཇུག་པ་ལས། གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་པ་རྩ་འགྲེལ་ཐམས་ཅད་དང། ལམ་རིམ་ལས། ཀུན་བཏགས་ཀྱི་མ་རིག་པ་ནི་གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་པས་འཁོར་བའི་རྩ་བར་མི་རིགས། ཞེས་གསུངས་པའི་ཕྱིར། དེས་ན་སྔར་ཀུན་བཏགས་ལས་བསྐྱབས་ནས། དེ་རྗེས་ལྷན་སྐྱེས་ལས་སྐྱོབ་དགོས་ཀྱི། གོ་རིམ་བཟློག་མི་རིགས་སོ། །རང་ལུགས་སྔ་མ་སློབ་པའི་སྐབས་དང། ཕྱི་མ་སངས་རྒྱས་ནས་ཀྱང་ལྟ་ངན་ཐམས་ཅད་ཟིལ་གྱིས་མནན་པ་ལ་སྦྱར་ཏེ། གཉིས་ཀར་ཀུན་བཏགས་ལྷན་སྐྱེས་ཐམས་ཅད་བཞག་ཆོག་པས་ཟློས་སྤོང་གི་ངལ་བ་མི་དགོས་སོ། །ཁོང་གིས། མུ་སྟེགས་ཅན་གཞན་དག་ཅེས་པའི་གཞན་གྱི་སྒྲས་སེམས་ཅན་ཕལ་


GTD003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གཞན་དུ་བསྟན་གསུངས་པའང། ཁོང་དུས་ཕྱིས་ཡི་གེའི་རྣམ་དབྱེ་སོགས་ལ་རྩོད་མེད་ཀྱི་པཎྚི་ཏར་བྱེད་ཀྱིན་འདུག་པས་གོ་ཚུལ་གཅིག་ཡོད་ལས་ཆེའང། གཞུང་སྤྱི་སྐད་དུ་མུ་སྟེགས་ཅན་ལ་གཞན་དང་གཞན་སྡེ་སོགས་སུ་བཤད་པ་དེ། ནང་པ་ལ་ལྟོས་ཏེ་གཞན་དུ་བཞག་པ་ལས་སེམས་ཅན་ཕལ་པ་ལ་ལྟོས་ཏེ་གཞན་དུ་བཞག་པ་ཞིག་མ་མཐོང་བར་མ་ཟད། ཕལ་པ་ལ་ལྟོས་ཏེ་གཞན་དུ་འཇོག་ན་དམ་པར་འགྱུར་རམ་ཡང་སྙམ་མོ། །ཡང་ཁ་ཅིག་འདི་སྐད་ཅེས། འདི་སངས་རྒྱས་ཀྱི་མཛད་པ་དང་སྦྱོར་ན། སངས་རྒྱས་ཀྱི་མཛད་པ་ལ་མཛད་པ་བཅུ་གཉིས་སོགས་མང་དུ་ཡོད་པས། གཞན་མ་སྨོས་པར་མུ་སྟེགས་སོགས་ཀྱི་ལྟ་བ་ངན་པ་ལས་བསྐྱབ་པ་ཁོ་ན་ཅིའི་ཕྱིར་སྨོས་ཤེ་ན། འདི་གནད་ཤིན་ཏུ་ཆེ་སྟེ། བསྔོ་བ་འདིའི་ལུས་ཡོངས་སུ་རྫོགས་པའི་བརྗོད་དོན་ནི་བསྟན་པ་རྒྱས་པ་ཁོ་ནའི་ཕྱིར་ཡིན་ལ། བསྟན་པ་དེ་ཉིད་བསྟན་པ་སྐྱོན་མེད་འགྱུར་བའི་རྩ་བ་སྟོན་པ་པོ་ལ་རག་ལས་ཤིང། སྟོན་པའང་སྟོན་པར་འཇོག་པ་བསྟན་པའི་སྲོལ་ཐོག་མར་ཕྱེ་བ་དེའི་སྒོ་ནས་འཇོག་དགོས་པའི་ཕྱིར། སྟོན་པའི་མིང་གིས་བཏགས་པ་ནི་བདག་ཅག་གི་སྟོན་པ་གཅིག་པུ་མ་ཡིན་གྱི། བདག་ལྟའི་ཞེན་ཡུལ་སྒྲུབ་པའི་སྟེང་ནས་རང་གི་རྗེས་འཇུག་ལ་ཐར་ལམ་ལྟར་སྣང་སྟོན་པ་མུ་སྟེགས་པའི་སྟོན་པ་དང། བདག་ལྟའི་ཞེན་ཡུལ་འགོག་པའི་སྒོ་ནས་སོ་སོའི་སྐལ་བ་དང་འཚམ་པར་བདེན་པ་བཞི་དང་སྟོང་པ་རྟེན་འབྱུང་སོགས་ཀྱི་ཐར་ལམ་སྟོན་པ་བདག་ཅག་གི་སྟོན་པ་གཉིས་སུ་ཡོད་ཀྱང། བདག་ཅག་གི་སྟོན་པས་མི་འཇིགས་པ་བཞིའི་སྒོ་ནས་དམ་པའི་ཆོས་ཀྱི་སེང་གེའི་སྒྲ་བསྒྲགས་པ་ན། མུ་སྟེགས་ཀྱི་སྟོན་པས་བཤད་པ་ཐམས་ཅད་བྱིས་པའི་རྡོལ་གཏམ་


GTD003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྙིང་པོ་མེད་པ་དང་མ་འབྲེལ་བ་ཁོ་ནར་གྱུར་ཏེ། ཉི་མའི་འོད་ཀྱིས་མེ་ཁྱེར་བཞིན་དུ་སྨྲ་བ་ངན་པའི་ལྟ་བ་ཐམས་ཅད་ཟིལ་གྱིས་གནོན་པས་ན་བདག་ཅག་གི་སྟོན་པ་གཅིག་པུ་ངེས་པ་དོན་གྱི་སྟོན་པ་དང། ཚད་མའི་སྐྱེས་བུ། སྨྲ་བའི་དམ་པ་སོགས་སུ་འགྲུབ་ལ། དེ་གྲུབ་ན་དེའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་གྲུབ་པའི་ཕྱིར། རྩ་ཤེ་ལས། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་ཞེས་དང། བུདྡྷ་པཱ་ལི་ཏ་ལས། བཅོམ་ལྡན་འདས་ཀྱིས་ཕྱི་རོལ་པ་ཕས་ཀྱི་རྒོལ་བ་ཐམས་ཅད་བྱིས་པ་བསླུ་བ་དང་འདྲ་བར་ཐུགས་སུ་ཆུད་ནས། ཞེས་པ་ནས། སྨྲ་བ་རྣམས་ཀྱི་དམ་པ་ཞེས་དང་། ཚིག་གསལ་ལས། དེ་བཞིན་གཤེགས་པ་ཉག་གཅིག་དོན་ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་དུ་གཟིགས་ཤིང་། ཕ་རོལ་པའི་སྨྲ་བ་ཐམས་ཅད་བྱིས་པའི་རྡོལ་ཐབས་སྨྲ་བ་དང་འདྲ་བར་ཞེས་སོགས་དང། རིགས་པ་དྲུག་ཅུ་པའི་འགྲེལ་པར་ཡང། སངས་རྒྱས་བཅོམ་ལྡན་འདས་ཉིད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བ་ཉིད་ལ་རྒྱུ་ཡིན་ཅིང། རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བ་ཉིད་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ལ་རྒྱུ་ཡིན་ཏེ། ཞེས་གསུངས་ཤིང། དེ་དག་གི་དོན་བསྡུས་ནས་རྗེ་བླ་མས། སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །ཝ་སྐྱེས་ལ་ནི་སེང་གེ་བཞིན། །མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །ཅེས་གསུངས་ལ། མདོ་དང་རྣམ་འགྲེལ་གྱིས་ཀྱང་ལུགས་འབྱུང་ལུགས་ལྡོག་གཉིས་ཀྱིས་བདེན་བཞིའི་བླང་དོར་རང་དབང་དུ་སྟོན་པའི་སྒོ་ནས་གདུལ་བྱ་ཡང་དག་པའི་ལམ་མ་ནོར་བ་ལ་འཁྲིད་པ་ཁོ་ན་སྟོན་པ་ཚད་མའི་སྐྱེས་བུ་མཐར་ཐུག་པར་འཇོག་


GTD003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་གསུངས་སོ། །འདིས་མཛད་པ་གཞན་རྣམས་མ་བསྡུས་པའི་སྐྱོན་མེད་དེ། སྨྲ་ངན་མཐའ་དག་ཟིལ་གྱིས་གནོན་པའི་ཆོས་འཁོར་བསྐོར་བའི་མཛད་པ་བསྟན་པ་ན། བྱང་ཆུབ་པའི་མཛད་པ་ཡན་ཆད་ནི་ཆོས་འཁོར་བསྐོར་བའི་སྦྱོར་བ་ཡིན་པའི་ཕྱིར་དང། མཛད་པ་ཐམས་ཅད་ལས་མཆོག་དང་གཙོ་བོར་གྱུར་པ་གསུང་གི་མཛད་པ་ཡིན་པའི་ཕྱིར་རོ། །མུ་སྟེགས་ཀྱི་ལྟ་བའི་དབྱེ་བའང་ལེགས་ལྡན་ཆེ་ཆུང་སོགས་ཀྱིས་བཤད་པ་ལྟར་ལྟ་བ་ལྔ་བརྒྱ་བདུན་ཅུ་དང་། སུམ་བརྒྱ་དྲུག་ཅུ་རྩ་གསུམ། ལྟ་བའི་རྩ་བ་བརྒྱ་རྩ་བཅུ། ཡ་མཚན་གྱི་ལྟ་བ་གོ་དྲུག །ལྟ་ངན་རེ་གཉིས། དམ་པ་མ་ཡིན་པའི་ལྟ་བ་ཉེར་བརྒྱད། འཇིག་ལྟ་ཉི་ཤུ། འཇིག་རྟེན་ཕ་རོལ་སྨྲ་བ་བཅུ་དྲུག །ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ་སོགས་པ་རྣམ་གྲངས་ཤིན་ཏུ་མང་ཡང། དེ་ཐམས་ཅད་ལམ་ལོག་པར་ཞུགས་པའི་དབང་གིས་འཁོར་བའི་རྒྱ་མཚོར་འཁྱེར་བྱེད་ཡིན་པས་ཆུ་བོ་ཞེས་བཤད་དེ། ཀུན་བཏུས་ལས། ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང། སྲིད་པའི་ཆུ་བོ་དང། ལྟ་བའི་ཆུ་བོ་དང། མ་རིག་པའི་ཆུ་བོའོ། །ཞེས་པ་ནས། ལོག་པས་ཚངས་པར་སྤྱོད་པ་ཚོལ་བ་ལ་ཞུགས་པ་ནི་ཐ་མ་གཉིས་ཏེ། ཞེས་དང། མཛོད་རང་འགྲེལ་ལས། འཁྱེར་བར་བྱེད་པའི་ཆུ་བོ་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ལྟ་བ་ངན་པའི་ཆུ་བོ་བསྒྲལ་ནས་གང་ལ་འགོད་པར་བྱ་བ་ཡང་དག་པའི་ལྟ་བའི་གཙོ་བོ་ནི་སྟོང་པ་རྟེན་འབྱུང་དང། རྟེན་འབྱུང་སྟོང་པའི་དོན་དུ་མཐོང་བ་རྟག་ཆད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་པ་ཡིན་ཀྱང། ཐོག་མ་ཁོ་ན་ནས་དེ་ལ་བཀོད་པ་མ་ཡིན་གྱི། སོ་སོའི་བློ་ཚོད་དང་སྦྱར་ཏེ། རིན་ཆེན་འཕྲེང་བ་ལས།


GTD003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཅི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏེ། །ཁ་ཅིག་བསོད་ནམས་འགྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བསྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བསྟེན། །ཟབ་མོ་ཁུ་འཁྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང། བཞི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང། །ཐ་མ་ལྟ་ཞིག་ཀུན་བཟློག་པ། །ཞེས་སོགས་ཀྱི་དོན་བསྡུས་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པས། དང་པོར་ལས་འབྲས་སོགས་ཀྱིས་བསོད་མིན་བཟློག །བར་དུ་མི་རྟག་སོགས་ཀྱིས་བདག་གཉིས་བཟློག །ཐ་མར་དེ་ཉིད་མངོན་དུ་གྱུར་རིམ་གྱིས། །ལྟ་ཀུན་དྲི་བཅས་འཇོམས་པར་མདོ་སྔགས་བཞེད། །ཅེས་གསུངས་པ་ལྟར་ཡིན་པས། དེ་བཞིན་བྱས་ན་ཡང་དག་པའི་ལྟ་བ་ལ་འགོད་པར་གསུངས་པའི་ཁོངས་འདིར་དགོངས་འགྲེལ་ལྟར་ན་འཁོར་ལོ་གསུམ་དང། གཟུངས་རྒྱལ་གྱི་མདོ་ལས་ནོར་བུ་སྦྱོང་བའི་དཔེས་གདུལ་བྱ་བཀྲི་བའི་རིམ་པ་གསུམ་དུ་བཤད་པ་ལྟར། ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་བསྡུས་ཏེ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་གཞན་ལ་ཕན་པའི་མཛད་པ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་བསྡུས་པ་མཐའ་ཡས་པ་ཞིག་ཡོད་ཀྱང། སྙིང་པོར་གྱུར་པ་ནི་འགྲོ་བ་རྣམས་ཀྱི་སྲིད་པའི་ཟུག་རྔུ་མ་ལུས་པ་རྒྱུན་གཅོད་བྱེད་ཀྱི་ཡང་དག་པའི་ལྟ་བ་འདི་ཉིད་ཡིན་ལ། སྟོན་པར་འཇོག་བྱེད་ཀྱི་གཙོ་


GTD003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བོའང་འདི་ཡིན་པས། གདུལ་བྱ་གང་ལ་ལྟ་བ་དེ་ཉིད་ལེགས་པར་བསྟན་པ་ན། དེ་ལ་སྟོན་པའི་བྱ་བ་བྱས་ཟིན་པ་ཡིན་ཏེ། མདོ་ལས། སྲིད་པའི་ཟུག་རྔུ་གཅོད་བྱེད་ལམ། །ངས་ནས་ཁྱེད་ཅག་རྣམས་ལ་བསྟན། །ཁྱེད་ཅག་རྣམས་ཀྱིས་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཞེས་སོ། །དེ་ལྟར་སྟོན་པ་ཐུགས་རྗེ་ཅན་གྱིས་ཐུགས་བརྩེ་བའི་སྒོ་ནས་སྟོན་པའི་བྱ་བ་མཛད་པ་དེའི་རྟེན་འབྲེལ་ལམ་བདེན་པས། རྗེས་འཇུག་རྣམས་སློབ་མའི་བྱ་བ་དེས་གསུངས་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པར་སྨོན་པ་ནི། བདག་འཁོར་རྟག་ཏུ་གུས་གྱུར་ཅིག །ཅེས་སོ། །དད་པ་དང་གུས་པ་ནི་ལག་པ་ཐལ་མོ་སྦྱར་ཏེ་མིག་ཟིམ་ཟིམ་བྱས་པ་ཙམ་ལ་མི་འཇོག་གི། དད་གུས་རྣལ་མ་སྐྱེས་པའི་ཚད་ནི་རྐྱེན་ཅི་འདྲ་ཞིག་ཐོག་ཏུ་བབས་ཀྱང་ཆོས་མི་གཏོང་བ་ཞིག་དགོས་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ཞེས་འགྲོ་བ་བཞིས་ཆོས་ལས་མི་འདའ་བ་དང་། ཐེག་ཆེན་ལྟར་ན་ཅི་བྱས་གཞན་དོན་དུ་འགྲོ་བ་ཞིག་བྱུང་བའི་ཚེ་སངས་རྒྱས་ལ་མཆོག་ཏུ་གུས་པའི་ཚད་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གནས་བརྟན་བཅུ་དྲུག་ལ་སངས་རྒྱས་ཀྱིས་བཀའ་སྩལ་པ་རྣམས་ཀྱི་དོན་མགོན་པོ་ཀླུ་སྒྲུབ་ཀྱིས་མདོར་བསྡུས་པ་སེམས་ཅན་མགུ་བར་བྱེད་པའི་བསྟོད་པ་ལས། ང་ལ་གུས་པ་སེམས་ཅན་དོན་ཏེ་གུས་པ་གཞན་དག་མིན། །གང་གིས་སྙིང་རྗེ་མ་བཏང་དེ་ཡིས་ང་ལ་གུས་པ་སྟེ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སྟོན་པ་དང་བསྟན་པ་ལ་གཅིག་ཏུ་གུས་ཤིང་ཡིད་ཆེས་པར་གྱུར་པ་ན། ལྟ་བ་དང་


GTD003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མི་མཐུན་པ་མེད་པར་དགེ་འདུན་ཞེས་བྱ་བའི་མཚན་དང་དོན་མཐུན་པ་ཞིག་འབྱུང་ཞིང། དེ་ལ་བརྟེན་ནས་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་རྣམས་གོང་དུ་འཕེལ་བ་དང། དེའི་སྟོབས་ཀྱིས་སྐྱེ་དགུའི་ཕན་བདེ་མ་ལུས་པ་རྒྱས་པར་འགྱུར་བ་ནི། སོ་སོར་ཐར་པའི་མདོ་ལས། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་དང། མཁས་གྲུབ་སྨྲ་བའི་ཉི་མས། སྐྱེ་དགུ་རྣམས་ཀྱི་ཕན་བདེ་ནི། །མ་ལུས་རྒྱལ་བའི་བསྟན་ལས་འབྱུང། །བསྟན་པའི་ཆུ་བོ་འཕེལ་བའི་གཞི། །དགེ་འདུན་ཆུ་གཏེར་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་དགེ་འདུན་རྣམས་ཐུགས་མཐུན་ཞིང་བར་ཆད་མེད་པར་འཁོར་ལོ་གསུམ་གྱི་བྱ་བ་ལ་བརྩོན་པ་ནི་ལེགས་ཚོགས་ཀུན་གྱི་གཞི་རྟེན་ཡིན་པ་ལ་དགོངས་ཏེ། རྒྱལ་སྲས་ཞི་བ་ལྷས་ཀྱང། གཙུག་ལག་ཁང་རྣམས་ཀློག་པ་དང། །ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག། །རྟག་ཏུ་དགེ་འདུན་མཐུན་པ་དང། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཅེས་གསུངས་སོ། །སྨྲས་པ། བསྟན་པའི་བདག་པོ་སྟོན་པ་རྫོགས་སངས་རྒྱས། །བསྟན་པའི་བདག་ཉིད་ལུང་རྟོགས་དམ་པའི་ཆོས། །བསྟན་པའི་སྲོལ་འཛིན་འཕགས་པའི་དགེ་འདུན་རྣམས། །བསྟན་འགྲོའི་དགེ་ལེགས་སྤེལ་བའི་ཤིས་པ་སྩོལ། །རྒྱལ་བས་གང་ལ་བསྟན་པ་གཏད་པའི་ཡུལ། །སྤྲུལ་པའི་དགྲ་བཅོམ་འཕགས་པའི་གནས་བརྟན་རྣམས། །བསྟན་འདི་འཛིན་སྐྱོང་སྤེལ་བའི་ཐབས་མཁས་ཀྱི། །འཕྲིན་ལས་སྒོ་བརྒྱ་དབྱེ་བའི་དུས་ལ་བབས། །ཐུབ་པའི་


GTD003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་དངོས་ཀྱི་གདུལ་བྱའི་མཐའ། །རྫོགས་པས་ཆོས་དབྱིངས་ནུབ་རིར་གཞོལ་བ་ན། །སྙིགས་མའི་འགྲོ་ལ་རྗེས་ཆགས་ཕྱི་བཞིན་དུ། །གཟིགས་པའི་གསུང་གི་འོད་དམར་འདི་སྤྲོས་སོ། །བསྔོ་བའི་རྒྱལ་པོ་འདི་ནི་ཕྱོགས་ཀུན་ཏུ། །རླུང་ལྟར་གྲགས་པས་ཐོས་པ་དོན་ལྡན་ཡང། །བརྗོད་དོན་ལེགས་པར་སེམས་པ་དང་བཅས་ན། །ལྷག་པར་བསོད་ནམས་མི་ཟད་གཏེར་དུ་འགྱུར། །དེ་ཕྱིར་བདག་གིས་འདིར་འབད་དགེ་བའི་མཐུས། །མཁའ་མཉམ་འགྲོ་བའི་མ་རིག་མུན་སེལ་ཞིང། །མངོན་མཐོ་ངེས་ལེགས་ལམ་བཟང་སྣང་བྱེད་པ། །བསྟན་པའི་སྒྲོན་མེ་ཡུན་དུ་གསལ་གྱུར་ཅིག །བསྟན་པའི་བདག་པོ་རྒྱལ་བ་ཡབ་སྲས་ཀྱི། །ཕུལ་བྱུང་མཛད་འཕྲིན་གྲགས་པས་ས་ཁྱབ་ཅིང། །སྐྱེས་སྤྲུལ་མཐའ་དག་དམ་པའི་མཚན་དོན་དང། །མཐུན་པར་སྤྱོད་པས་ས་སྟེང་མཛེས་གྱུར་ཅིག །མཐའ་དབུས་ཕྱོགས་ཀྱི་དགེ་འདུན་སྡེ་རྣམས་ཀུན། །བག་ཡོད་ཆོས་མཐུན་འཚོ་བས་ཆོག་ཤེས་ཤིང། །གེགས་མེད་བཤད་སྒྲུབ་ལས་ལ་གཞོལ་བ་ཡིས། །ལྷག་བསམ་རྣམ་དཔྱོད་འགྲན་བཞིན་འཕེལ་བར་ཤོག །བདག་ཀྱང་མ་འོངས་སྐྱེ་བའི་འཕྲེང་བ་རུ། །དཀོར་རྫས་གཞལ་བའི་སྲང་དུ་མི་འགྱུར་བར། །འཁོར་ལོ་གསུམ་གྱིས་རྒྱལ་བསྟན་འཛིན་བཟོད་པ། །ཀུན་མཁྱེན་བླ་མའི་རྣམ་ཐར་སྐྱོང་གྱུར་ཅིག །དུས་མཐའ་འདིར་ཡང་ཐུབ་བསྟན་རྫོགས་པའི་ཁུར། །རང་ཉིད་གཅིག་པུས་འཁྱེར་ལ་མི་ངལ་བ། །ཡབ་རྗེ་འཇིགས་མེད་དབང་པོར་སྙིང་ནས་འདུད། །བརྩེ་ལྡན་དེ་ཡི་བཞེད་པ་འགྲུབ་གྱུར་ཅིག །ཅེས་བསྔོ་བའི་རྒྱལ་པོ་བསྟན་འབར་མའི་དགོངས་དོན་རྒྱ་ཆེར་འགྲེལ་པ་ལེགས་བཤད་བསྟན་


GTD003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོན་མེ་ཞེས་བྱ་བ་འདི་ནི། སྔ་སོར་དགོན་པའི་ཁྲིར་སྡོད་སྐབས་ཀུན་མཁྱེན་མཆོག་གི་བཀས་བཅད་ལྟར་ལོ་རེ་བཞིན་གླིང་བསྲེའི་སྐབས་སུ་བཀའ་པོད་ལྔའི་སྟེང་ནས་བཤད་པ་བྱེད་དགོས་པས། ལོ་དང་པོར་ས་བཅད་ཞིབ་རྒྱས། གཉིས་པ་དང་ལྔ་བར་དཀའ་གནད་དོགས་གཅོད་དང་བཅས་པའི་གཟབ་བཤད། གསུམ་པར་བཀའ་པོད་སོ་སོའི་ཆོས་འབྱུང་དང་སྦྲགས་པ། བཞི་པར་བཀའ་པོད་ལྔ་ཀ་ལམ་གྱི་ལུས་གཅིག་ཏུ་དྲིལ་བ། དྲུག་པར་བསྟན་འབར་མའི་བརྗོད་དོན་བསླབ་པ་གསུམ་དུ་བསྡུས་ཤིང། དེ་སྟོན་པ་མདོ་འདུལ་གཉིས་དང་ལུང་གི་མངོན་པ་གོང་འོག་རིགས་པའི་མངོན་པ་སྟེ་བཀའ་པོད་ལྔར་འགྱུར་ཚུལ་གྱི་སྟེང་ནས་བཤད་པ་བྱས་པར་བརྟེན། རྣམ་དཔྱོད་ཅན་འགའ་ཞིག་གིས་དེའི་ནང་ནས་བསྟན་འབར་མ་རང་རྐྱང་གི་བཤད་པ་རྣམས་ལོགས་སུ་བཀོལ་བའི་ཊཱིཀྐ་ཞིག་དགོས་ཞེས་བསྐུལ་མ་བྱུང་ཡང་རིམ་འགྱངས་སུ་ལུས་པ་ཉེ་ཆར་པ་རོན་སུ་ཉིད་ཤོག་ནས་གཞུང་བརྒྱ་སྨྲ་བའི་དབང་པོ་རྡོ་རམས་པ་ངག་དབང་རབ་བརྟན་དང། ཧལ་ཧ་དར་ཧན་པཻ་ལིའི་ཤོག་ནས་ལྷག་བསམ་དང་རྣམ་དཔྱོད་ཕུལ་དུ་བྱུང་བ་ཏཱ་བླ་མ་དཀོན་མཆོག་ཆོས་འཛིན་གཉིས་ཀྱིས་ནན་ཏན་དུ་བསྐུལ་བའི་ངོར། དབུས་འགྱུར་བསྟན་པའིསྲོག་ཤིང་སྙན་བརྒྱུད་མན་ངག་གི་མཛོད་འཛིན་པ་དམིགས་པ་མེད་པའི་ཐུགས་རྗེ་ཅན་༸རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དང། མདོ་སྨད་སྲིན་པོའི་ཡུལ་ལྟ་བུ་འདིར་ཡང་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོ་བགོས་ཏེ་ཐུབ་བསྟན་ཡོངས་སུ་རྫོགས་པ་འཁོར་ལོ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་བྱེད་པ་ལ་སའི་སྟེང་


GTD003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགྲན་པའི་ཟླ་དང་བྲལ་བ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཆེན་པོ་༸རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རབ་བྱུང་བཅུ་བཞི་པའི་བགྲང་བྱ་གཉིས་པ་ས་ཕོ་འབྲུག་གི་ལོ་ཁྲུམས་སྟོད་ཀྱི་ཟླ་བར་དབེན་གནས་ཡིད་དགའ་ཆོས་འཛིན་ནས་མཚམས་ཀྱི་ཐུན་གསེང་དུ་སྦྱར་བའི་ཡི་གེ་པ་ནི་གཙུག་ལག་ལྟ་བའི་བློ་མིག་དང་ལྡན་པ་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་འབར་བར་གྱུར་ཅིག། །།དགེའོ། །


previousབསྟན་འབར་མའི་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ།next