Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ།next

ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ།


GTD003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ་གསལ་བར་བཀོད་པ་ལམ་བཟང་སྒྲུབ་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


GTD003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །དཔལ་ལྡན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། །ལམ་བཟང་དེ་ཉིད་འགྲོ་ལ་གསལ་མཛད་པ། །བླ་མ་ཐུབ་དབང་བརྒྱུད་པར་བཅས་ལ་འདུད། །ཟབ་རྒྱས་ཉམས་ལེན་བཀོད་པ་སྣ་ཚོགས་པའི། །ཁང་བཟང་ཀུན་ལ་རྨང་གཞི་བརྟན་པོ་བཞིན། །མེད་མི་རུང་གི་སྔོན་འགྲོ་སྦྱོར་བའི་ཆོས། །ལག་ཏུ་བླང་བའི་རིམ་པ་འདིར་བཤད་བྱ། །དེའང་དཔལ་ཆོས་ཀྱི་གྲགས་པས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔག་པ་གང་ཡིན་ཏེ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་པ་ལྟར་རྒྱུ་ཚོགས་མ་ཚང་བ་མེད་པ་ཞིག་བསྒྲུབས་ན་འབྲས་བུ་དེ་ཉིད་མི་འགྲུབ་པའི་ཐབས་མེད་པ་ཞིག་ཡིན་གྱི། རྒྱུ་མ་བསྒྲུབས་པར་འབྲས་བུ་འདོད་ཀྱང་དོན་མེད་དེ། དཔེར་ན་སྟོན་གྱི་ལོ་


GTD003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཕུན་སུམ་ཚོགས་པ་ཞིག་འདོད་ཕྱིན་དཔྱིད་དུས་ནས་རྨོས་གླང་གསོ་བ་དང་ཆུ་ལུད་འདྲེན་པ་སོགས་ལ་འབད་དགོས་ཀྱི། དེ་དག་གལ་ཆུང་དུ་བྱས་ནས་ཡལ་བར་དོར་ཏེ་ལོ་ཏོག་རྩིས་སུ་བྱས་ཀྱང་སྐྱེ་བའི་ཐབས་མེད་པ་བཞིན་ནོ། །དེས་ན་སྤྱིར་ཉམས་ལེན་མཐའ་དག་དང། ཁྱད་པར་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བྱེད་པར་འདོད་པ་རྣམས་ཀྱིས་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གིས་རྨང་གཞི་ཟིན་པ་ཞིག་ངེས་པར་བྱ་དགོས་ཏེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་རྫོགས་པའི་བྱང་ཆུབ་སྒྲུབ་པའི་རྒྱུའི་


GTD003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་བཞི་གསུངས་པས། དངོས་གཞི་ནི་སྟོང་པར་གནས་ཞེས་དོན་དམ་བྱང་ཆུབ་ཀྱི་སེམས་དང། སེམས་ཅན་མི་གཏོང་ཞེས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་འཇུག་པའི་སྐྱེས་བུ་ཆེན་པོའི་ལམ་རྣམས་བསྟན། ཇི་སྐད་སྨྲས་བཞིན་བྱེད་ཅེས་པས་ལམ་གྱི་རྩ་བ་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་དེས་ཇི་སྐད་གསུངས་པ་བཞིན་དུ་རིམ་གྱིས་སློབ་ཚུལ་དང། བདེ་གཤེགས་བྱིན་རླབས་ཅན་ཞེས་པས་ཞིང་ཁྱད་པར་ཅན་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་སོགས་བྱས་ཏེ། ལམ་གྱི་རྟོགས་པ་སྐྱེ་བའི་སྣོད་རུང་དུ་སྒྲུབ་པའི་སྔོན་འགྲོ་སྦྱོར་བའི་ཆོས་འདི་དག་བསྟན་པ་ཡིན་ནོ། །དོན་དེ་ཉིད་གསལ་བར་བྱེད་པ་ལ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། སངས་རྒྱས་སོགས་དམིགས་དད་པ་དང། །ཞེས་སོགས་ཀྱིས་ལམ་གྱི་རིམ་པ་ཐམས་ཅད་དད་སོགས་ལྔར་བསྡུས་ཏེ་བསྟན་པས། རྐང་པ་དང་པོའི་ཚེ་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་འཇིགས་ནས་སྐྱབས་སུ་འགྲོ་བའི་ཆུང་འབྲིང་ཐུན་མོང་གི་ལམ་བསྟན་པ་ཡིན་ལ། སྐྱབས་འགྲོ་སེམས་བསྐྱེད་དང་ཚོགས་ཞིང་གསལ་བཏབ་སྟེ་ཡན་ལག་བདུན་པ་འབུལ་བ་སོགས་སྔོན་འགྲོའི་ཆོས་ཀྱང་བསྟན་པ་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས་བྱང་ཆུབ་སེམས་དཔའ་ཕྱོགས་གཙང་མར་སྐྱིལ་མོ་ཀྲུང་བཅས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པ་སྔོན་དུ་འགྲོ་


GTD003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཞེས་སོགས་ཀྱིས་དེའི་དགོངས་པ་བཀྲལ་བ་ཡིན་ཞིང། དེར་ཕྱོགས་གཙང་མར་ཞེས་པས་གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་རྟེན་གྱི་རྟེན་དགྲམ། མཆོད་པ་ལེགས་པར་བཤམས་ནས་དང་བ་འདྲེན་པ་ཞིག་བྱེད་དགོས་པ་དེ་བསྟན། སྐྱིལ་མོ་ཀྲུང་བཅས་ཞེས་པས་ལུས་གནད་ལྷག་མ་རྣམས་དང་ཀུན་སློང་ལ་བརྟག་ཚུལ་བསྟན། ལྷག་མས་སྐྱབས་འགྲོ་སེམས་བསྐྱེད་དང་ཚོགས་གསོག་ཚུལ་སོགས་བསྟན་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །དེས་ན་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་པོ་འདི་དག་ནི་ཤེར་ཕྱིན་གྱི་མདོའི་དོན་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་ལས་གསལ་བར་བྱས་པའི་ཉམས་ལེན་གྱི་སྤྱི་སྡོམ་ཆེན་པོ་ཡིན་པ་ཤེས་པར་བྱའོ། །དེས་ན་འདི་ལ་དྲུག །གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དང་པོ་ནི། གནས་ཁང་བྱི་དོར་བྱེད་པའང་མཛེས་ཆོས་ཙམ་མ་ཡིན་པར་དེར་ཚོགས་ཞིང་རྣམས་སྤྱན་འདྲེན་པའི་དོན་དུ་བཀུར་སྟིའི་བསམ་པ་དང། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་


GTD003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟར་རང་གཞན་གྱི་རྒྱུད་ཀྱི་སྒྲིབ་པའི་ཉལ་ཉིལ་རྣམས་བསལ་བར་མོས་པ་དང། རྒྱལ་སྲས་ཀྱི་སྤྱོད་པའི་སྡོམ་ཆེན་པོ་རྫོགས་སྨིན་སྦྱང་གསུམ་གྱི་ཡ་གྱལ་སངས་རྒྱས་ཀྱི་ཞིང་སྦྱོང་བའི་རྒྱུར་དམིགས་པ་སོགས་ཀུན་སློང་ཇི་ཙམ་རྒྱ་ཆེ་བ་བཞིན་ཕྱགས་མ་རེ་རེ་བརྒྱབ་པ་ལའང་ཕན་ཡོན་ཚད་མེད་པ་འབྱུང་སྟེ། རྟག་ངུས་ཆོས་འཕགས་ལ་བཀུར་སྟི་བྱ་བའི་ཕྱིར་ས་རྡུལ་གནོན་བྱེད་ལ་རང་གི་ལུས་ཀྱི་རྩ་བོ་ཆེ་རྣམས་གཏར་ནས་ཁྲག་གིས་ཆག་ཆག་བྱས་པ་དང། ལམ་ཆུང་བས་རྡུལ་ཕྱིས་དྲི་མ་ཕྱིས་ཞེས་པའི་ཚིག་གཉིས་པོ་བརྗོད་བཞིན་དུ་ཕྱག་བདར་བྱས་ཏེ་བདེན་པ་མཐོང་བའི་ལོ་རྒྱུས་བཞིན་ནོ། །ཕྱག་བདར་བྱེད་ཚུལ་ཡང་ཆུ་གཙང་གིས་ཆག་ཆག་ལེགས་པར་གདབ་ལ་རྡུལ་མི་ལྡང་བ་བྱེད་ཅིང་། དུག་གསུམ་གྱི་རྡུལ་དང་དེས་བསྐྱེད་པའི་ལས་སྒྲིབ་ཀྱི་དྲི་མའམ། ཡང་ན་དེས་བསྒོས་པའི་བག་ཆགས་ཤེས་སྒྲིབ་ཀྱིས་བསྡུས་པ་རྣམས་བསལ་བར་མོས་ནས་ངག་ཏུའང་ཚིག་དེ་གཉི་ག་བརྗོད་བཞིན་པར་ཕྱག་བདར་བྱས་ན་རྟེན་འབྲེལ་གྱི་སྒོ་ཡོད་པར་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་གསུངས་སོ། །སྐུ་གསུང་ཐུགས་རྟེན་དགྲམ་ཚུལ་ནི། རྒྱུའི་བཟང་ངན་དང་གསར་རྙིང་སོགས་གཙོ་བོར་མི་བྱེད་པར་བསྟན་པའི་བདག་པོ་དང་རང་གི་དྲིན་ཅན་རྩ་བའི་བླ་མ་རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་རྣམས་དབུས་དང་གོང་དུ་འབབ་པར་བྱས། ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་སོགས་ཀྱང་གོ་རིམ་བཞིན་དུ་བསྒྲིག །སྡུད་པ་ཡན་ཆད་ཤེར་མདོ་རེ་མེད་མི་རུང་ཡིན་ཞིང། རྒྱུད་སྡེ་དང་ཐེག་པའི་གོ་རིམ་བཞིན་བཞུགས་སྟབས་བདེ་ན་དེ་བཞིན་བྱེད་ལ། ལྟ་གྲུབ་མི་མཐུན་པའི་དཔེ་


GTD003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དེའི་གྲངས་སུ་མི་གཞུག །ཐུགས་ཀྱི་རྟེན་ཡང་སཙྪ་ཡན་ཆད་ཅི་འབྱོར་རེ་ངེས་པར་དགོས་སོ། །གལ་ཏེ་སྐུ་གསུང་ཐུགས་རྟེན་གྱི་རིགས་ཅིའང་མ་འབྱོར་ན་ཤིང་ངམ་གཡམ་པ་ལྟ་བུའི་མཎྜལ་གྱི་སྟེང་དུ་དྲི་བཟང་གི་ཆུས་བྱུགས་ལ་ཚོམ་བུ་ལྔ་སོགས་བཀོད་དེ། དེའི་སྟེང་དུ་སྐྱབས་ཡུལ་རྣམས་བཞུགས་པར་མོས་པ་བྱས་ན་ཆོག་པས་འདི་ལ་སྒྲུབ་པའི་མཎྜལ་ཞེས་ཟེར་རོ། །ཁྲིད་ཡིག་སྔ་མ་འགའ་ཞིག་ཏུ་ཚོམ་བུ་ལྔའི་དབུས་མར་བླ་མ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་ཏུ་བྱང་སེམས་ཉན་རང། བྱང་དུ་མཁའ་འགྲོ་ཆོས་སྲུང་རྣམས་གསལ་འདེབས་པར་བཤད་པ་བཞིན་བྱས་ཀྱང་ཆོག །འོག་གི་ཚོགས་ཞིང་གསལ་འདེབས་ཚུལ་དང་གོ་རིམ་མི་མཚུངས་ཀྱང་སྐྱོན་མེད་དེ། འདི་ནི་སྐུ་གསུང་ཐུགས་རྟེན་དགྲམ་རྒྱུའི་དོད་དང་མཚོན་བྱེད་ཙམ་ཡིན་པས་ཐད་ཀ་ཐད་ཀར་ཇི་བཞིན་འགྲིག་མི་དགོས་སོ། །གཉིས་པ་ནི། མཆོད་པའི་ཀུན་སློང་ཁེ་འདོད་གྲགས་འདོད་ཚེ་འདིའི་བདེ་སྐྱིད་སོགས་ཀྱི་ཆེད་དུ་དམིགས་ན་ཀུན་སློང་གཡོ་ཅན་ཡིན་པས་དེ་ལས་བཟློག་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་དམིགས་པ་དང། བཤམ་ཚུལ་ཡོན་ཆབ་ལྟ་བུ་ལ་མཚོན་ན་རྒྱལ་པོ་ཆེན་པོའི་གསོལ་དཔོན་བཞིན་ཐོག་མཐར་ཕྲ་ལ་བར་དུ་སྦོམ་པ་ཁ་མཐོ་དམན་རན་པ་ཞིག་དགོས་ཀྱི། བོ་ན་ཚུལ་ཁྲིམས་འཆལ་བ། མ་གང་ན་ལོངས་སྤྱོད་དབུལ་བ། ཡ་ཡོར་སོང་ན་ལམ་ལོག་པར་གོལ་བ། རྒྱུ་གང་ངན་ལ་བྱས་ན་རང་གི་ཕུན་ཚོགས་ཐམས་ཅད་འགྲིབ་པ་སོགས་ཉེན་ཤིན་ཏུ་ཆེ་བས། ལོང་བས་མིག་ལྡན་ལ་མགོ་བསྐོར་གཏོང་བ་


GTD003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བྱར་མི་རུང་བར་གསུངས་སོ། །མཆོད་པ་འབུལ་བའི་ཚེ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏྱེ་སམྱཀ་སཾ་བུདྡྷ་ཡ། ཏངྱ་ཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིངྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨྨ་ཨ་ཝ་ར་ཎཱ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་དེ་བཞིན་གཤེགས་པ་རྡོ་རྗེ་རབ་འཇོམས་ཀྱི་གཟུངས་སམ་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་བཞིན་པར་ཕུལ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའ་གང་བ་འབྱུང་བར་གསུངས་པས་གལ་ཤིན་ཏུ་ཆེའོ། །གསུམ་པ་ནི། ཡུན་རིང་པོར་སྒོམ་སྒྲུབ་བྱེད་པ་ལ་རླན་སོགས་ཀྱིས་མི་གནོད་པའི་ཕྱིར་རླུང་རྒྱུ་ཚུལ་ཡོད་པའི་ཁྲི་དྲྭ་བ་ཅན། དེའི་འོག་ཏུ་ས་དཀར་གྱིས་གཡུང་དྲུང་གཡས་སྐོར་དུ་བྲིས། སྟེང་དུ་རྩྭ་དུར་བ་རྩེ་མོ་དབུས་དང་རྩ་བ་ཕྱིར་བསྟན་ནས་དགྲམ། ཉུང་ངུ་ལས་མེད་ན་རྩེ་མོ་མདུན་དང་རྩ་བ་རྒྱབ་ཏུ་བསྟན་པས་ཆོག་ཅིང། དགུན་དུས་ལྟ་བུར་མ་རྙེད་ན་དེའི་རྩ་བ་བརྐོས་པ་བཏིང་བས་ཀྱང་ཆོག་པར་གསུངས་སོ། །དེའི་སྟེང་དུ་འབོལ་གདན་མདུན་དམའ་ལ་རྒྱབ་ཅུང་ཟད་མཐོ་བ་བཏིང་། ཕྱེད་སྐྱིལ་བྱེད་ཚུལ་ནི་རྐང་པ་གཡོན་པ་ནང་དང་གཡས་པ་ཕྱིར་བྱས་ལ་གཉི་གའི་རྐང་མགོ་གཅིག་གཅིག་གི་འོག་ཏུ་ཤོར་བ་ལྟ་བུ་མ་ཡིན་པར་གསང་གནས་ཀྱི་ཚད་དུ་སླེབ་པ་བྱ། ལག་པ་ལྟེ་འོག་སོར་བཞི་ཙམ་ན་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ཏེ་མཐེ་བོང་གཉིས་ཀྱི་རྩེ་ཅུང་ཟད་སྦྱར་བ་མཉམ་གཞག་གི་ཕྱག་རྒྱ་བྱ། རྐེད་པ་དྲང་བོར་བསྲང། མགྲིན་པ་ཅུང་ཟད་དགུག །སོ་དང་མཆུ་རང་ལུགས་སུ་བཞག །ལྕེ་རྩེ་རྐན་ལ་ཅུང་ཟད་སྦྱར། མགོ་མ་ཡོ་བར་ཐད་ཀར་


GTD003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། མིག་ཧ་ཅང་མི་དབྱེ་ཧ་ཅང་མི་ཟུམ་པ་སྣ་རྩེ་དང་ལྟེ་བའི་བར་གྱི་ནམ་མཁའ་ལ་གཏད། ཕྲག་པ་གཉིས་མཐོ་དམན་མེད་པར་བྱ། འདི་བདུན་དང་འོག་ནས་འབྱུང་བའི་རླུང་ཆམ་ལ་འབེབ་པ་སྟེ་རྣམ་སྣང་གི་ཆོས་བརྒྱད་དང་ལྡན་པར་བྱ། དེའང་ལུས་ཀྱི་སྤྱོད་ལམ་ཚུལ་མཐུན་བྱུང་ན་རྩ་རྣམས་རང་སོར་གནས་ཤིང་དེ་ལ་བརྟེན་པས་རླུང་དྲང་པོར་རྒྱུ་བའི་སྟོབས་ཀྱིས་སེམས་གསལ་ཞིང་བརྟན་པ་འབྱུང་ངོ་། །སྒྲ་བསྒྱུར་མར་པས་བོད་ཀྱི་མན་ངག་ཟབ་ཟབ་ཐམས་ཅད་བསྡོམས་ཀྱང་ངའི་སྡོད་ཚུལ་གཅིག་པུར་མི་དོ་ཞེས་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་ལ། ལུས་གནད་དེར་ཡང་ཕྱི་ནང་གསལ་བའི་དགོས་པ་གསུམ་གསུམ་ཡོད་ཚུལ་སོགས་འཇམ་མགོན་ས་པཎ་གྱིས་གསུངས་སོ། །དེ་ནས་ཁ་ནང་དུ་བསྐོར་ལ་ཀུན་སློང་འཆོས་པ་གལ་ཆེ་སྟེ། མཉམ་མེད་ཇོ་བོ་ཆེན་པོས། རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མའང་སྨན་ཡིན། རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མའང་དུག་ཡིན་གསུངས་པ་བཞིན། འོག་གི་དགེ་སྦྱོར་མཐའ་དག་གནད་དུ་འགྲོ་མི་འགྲོ་ཐོག་མའི་ཀུན་སློང་འཆོས་ཚུལ་གྱི་ལེགས་ཉེས་འདི་ཁོ་ན་ལ་ལྟོས་ཡོད་པས། ཆོས་ཀྱི་དབུའི་རྒྱ་གར་སྐད་བཞིན་དུ་སྒོམ་གྱི་ཐོག་མའི་མགོ་འཛུགས་འདི་ནས་རྟེན་འབྲེལ་མ་འཕྱུག་པ་ཞིག་དགོས་པར་པཎ་ཆེན་ཐམས་ཅད་མཁྱེན་པས་གསུངས་སོ། །དེས་ན་བློ་ཁ་ནང་དུ་ཕྱོགས་ཏེ་རང་རྒྱུད་ལ་བརྟག་པའི་ཚེ་ཚེ་འདིའི་བདེ་སྐྱིད་སྙན་གྲགས་ལ་སོགས་པ་དོན་དུ་གཉེར་བའི་བསམ་པ་མངོན་དུ་གྱུར་ན་ཀུན་སློང་མ་དག་པ་ཡིན། ཕྱི་མར་བདེ་འགྲོ་ལྷ་མིའི་མངོན་མཐོ་ཙམ་ཞིག་དང། རང་ཁོ་ནའི་ཆེད་དུ་


GTD003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའི་མྱང་འདས་དོན་དུ་གཉེར་བའི་བསམ་པ་ཡོད་ན་དེའང་ཀུན་སློང་མ་དག་པ་ཡིན་པས། རླུང་འགྲོ་འོང་ལ་བརྟེན་ནས་ཀུན་སློང་མ་དག་པ་དེ་སྦྱང་བར་བྱའོ། །དེའི་ཚུལ་ནི་སྣ་བུག་ནས་རླུང་ཕྱིར་བཏང་བའི་ཚེ་ཀུན་སློང་གི་རྟོག་པ་ངན་པ་མཐའ་དག་དུ་བ་ནག་པོའི་རྣམ་པར་ཕྱིར་ཐོན་ནས་ནམ་མཁའི་དབྱིངས་སུ་ཡལ་སོང་སྙམ་དུ་བསམ་པ་དང། ནང་དུ་རྔུབ་པའི་ཚེ་བླ་མ་སངས་རྒྱས་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་འོད་དཀར་པོའི་རྣམ་པར་རང་གི་སྣ་བུག་ནས་ཞུགས་ཏེ་སྙིང་གར་ཐིམ་པས་དགེ་སེམས་ཁྱད་པར་ཅན་མངོན་དུ་གྱུར་པའི་མོས་པ་བྱ། དེའང་རླུང་སྣ་བུག་གཡས་ནས་དལ་བུས་རྔུབ་སྟེ་གཡོན་ནས་དལ་བུས་ཕྱིར་གཏོང་བ་ལན་གསུམ། གཡོན་ནས་རྔུབ་སྟེ་གཡས་ནས་འབུད་པ་གསུམ། གཉི་ག་ནས་རྡུབ་སྟེ་གཉི་ག་ནས་ཕྱིར་གཏོང་བ་གསུམ་བྱ། འདི་ལ་རླུང་རོ་དགུ་ཕྲུགས་སུ་བསལ་བ་ཟེར། དེ་ནས་སྣ་བུག་གཉི་ག་ནས་རླུང་ནང་དུ་རྔུབ་པ་དང་ཕྱིར་གཏོང་བའི་ཁུག་པ་ཉེར་གཅིག་བགྲང་ངོ་། །དེ་ནས་འཁོར་བའི་རྒྱ་མཚོ་གཏིང་དང་མཐའ་མེད་པ་འདིར་ཐོག་མ་མེད་པ་ཞིག་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པས་མནར་ཞིང། ད་དུང་ཡང་ཇི་ཙམ་ཞིག་མྱོང་དགོས་པའི་མཐའ་མི་ཟིན་ལ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་མཐའ་ཡས་པས་མནར་ཚུལ་དང་སྡུག་བསྔལ་ཅན་གྱི་སེམས་ཅན་དེ་དག་ཀྱང་རང་ལ་འབྲེལ་མེད་པ་ཞིག་མ་ཡིན་པར་ཡང་ནས་ཡང་དུ་མར་གྱུར་ཏེ་གནོད་པ་ཐམས་ཅད་ལས་བསྐྱབས། ཕན་པ་ཐམས་ཅད་ལ་སྦྱར་བའི་དྲིན་མོ་ཆེ་ཤ་སྟག་ཡིན། དེས་ན་དེ་དག་གི་སྡུག་བསྔལ་སེལ་བའི་ཁུར་བདག་ལ་བབས་ཀྱང་ད་ལྟ་ནི་


GTD003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཅིའང་མེད། དེ་ཐམས་ཅད་ཀྱི་དོན་བྱེད་ནུས་པ་རྫོགས་པའི་སངས་རྒྱས་ཉག་ཅིག་ཡིན་པས། བདག་གིས་འདི་དག་གི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་དུ་བསམས་ལ་སྐྱབས་ཡུལ་གསལ་གདབ་པ་ནི། རང་གི་སྨིན་མཚམས་ཀྱི་ཐད་ཀྱི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་དབུ་གཙུག་ཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསོལ་བ། མཚན་དཔེས་བརྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་མཐའ་སྐོར་དུ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རྣམ་པ་བྲག་རི་བརྩིགས་པ་བཞིན་དུ་ཁྲ་ཆེམ་མེ་ཡོད་པ། རང་གི་མཐའ་སྐོར་དུ་ཕ་མ་རིགས་དྲུག་གི་སེམས་ཅན་སའི་དྲེག་པ་བཞིན་སྨུག་ཤིག་གེ་ཡོད་པ་ཐམས་ཅད་ཀྱང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང། དཀོན་


GTD003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་ཡོན་ཏན་མཐོང་ནས་བློ་ལིངས་ཀྱིས་ཁེལ་བའི་དད་པ་ཤུགས་དྲག་པོ་སྐྱེས་པར་བསམས་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་སྟོང་སོགས་བརྗོད། དེའི་ཚེ་དངོས་བརྒྱུད་ཀྱི་བླ་མ་རྣམས་དང། ཡི་དམ་སངས་རྒྱས་རྣམས་དང། ཆོས་པོ་ཏི་རྣམས་དང། བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྲུང་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས་རང་གཞན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང། ཁྱད་པར་དུ་བླ་མའི་སྐུ་ལ་བསྡོས་པ་དང་གསུང་བཅག་པ་ཐུགས་དཀྲུགས་པ་སོགས་བླ་མ་ལ་བརྟེན་པ་དང་། དེ་བཞིན་གཤེགས་པའི་སྐུ་བརྙན་བཤིག་པ་སོགས་སངས་རྒྱས་ལ་བརྟེན་པ་དང། ཆོས་སྤོང་གི་ལས་སོགས་ཆོས་ལ་བརྟེན་པ་དང། དགེ་འདུན་གྱི་དབྱེན་བྱས་པ་སོགས་དགེ་འདུན་ལ་བརྟེན་པའི་ཉེས་པ་ཐམས་ཅད་སྦྱངས་ཏེ་དེ་དང་དེའི་བྱིན་རླབས་ཞུགས་ནས་སྐྱབས་འོག་ཏུ་ཆུད་སོང་སྙམ་པའི་མོས་པ་རིམ་བཞིན་བྱེད། དེ་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གང་མང་བརྗོད་ཅིང་དམིགས་པ་ནི། ཚོགས་ཞིང་ཐམས་ཅད་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔའི་རྒྱུན་


GTD003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བབས། དཀོན་མཆོག་གསུམ་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ་གསུམ་གའི་བྱིན་རླབས་མ་ལུས་པ་ཐོབ་པའི་དམིགས་པ་བྱེད། དེ་རྗེས། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གང་མང་བརྗོད་ཅིང་དམིགས་པ་ནི། སྦྱིན་པ་ལས་བྱུང་བ་དང། ཚུལ་ཁྲིམས་ལས་བྱུང་བ་དང། བསྒོམས་པ་སོགས་ལས་བྱུང་བའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག །བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཚུལ་བཞིན་དུ་བསླབ་པར་བྱའོ་སྙམ་དུ་སྨོན་འཇུག་གི་སེམས་བསྐྱེད་ཤུགས་དྲག་བསྒོམས་པས་བླ་མ་ཐུབ་པའི་དབང་པོ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ཉིད་ལ་ཐིམ་པས། རང་ཉིད་ཀྱང་བླ་མ་ཐུབ་པའི་དབང་པོའི་སྐུར་ལམ་གྱིས་གྱུར། རང་ཐུབ་པའི་དབང་པོར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས། མཐའ་སྐོར་ན་ཡོད་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱང་ཐུབ་པའི་དབང་པོའི་གོ་འཕང་ལ་བཀོད་པར་གྱུར་པའི་མོས་པ་བྱས་ཏེ་སེམས་བསྐྱེད་འབྲས་བུ་ལམ་ཁྱེར་གྱི་ཚུལ་དུ་བསྒོམ། དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་


GTD003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ལ་གནས་པར་གྱུར་ཅིག་སྙམ་དུ་བཏང་སྙོམས་ཚད་མེད་དང། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བྱམས་པ་ཚད་མེད་དང། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་སྙིང་རྗེ་ཚད་མེད་དང། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་དུ་དགའ་བ་ཚད་མེད་བསྒོམས་ལ། དེ་རེ་རེའི་སྐབས་སུའང་དེ་ལྟར་གྱུར་ན་ཅི་མ་རུང་སྙམ་པ་དང། དེ་ལྟར་གྱུར་ཅིག་སྙམ་པ་དང། དེ་ལྟར་བདག་གིས་བྱའོ་སྙམ་པ་དང། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་སྟེ་ཁྱད་པར་བཞི་བཞི་ཚང་བར་བྱ་ཞིང་བདུད་རྩི་འབེབ་སྦྱང་གི་དམིགས་པས་རང་གཞན་སེམས་ཅན་ཐམས་ཅད་ཚད་མེད་བཞི་ལ་གནས་པར་གྱུར་སོང་སྙམ་དུ་མོས་པ་བརྟན་པོ་བྱེད། དེ་ནས་ཁྱད་པར་གྱི་སེམས་བསྐྱེད་ནི། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བསྒོམ་པ་ལ་འཇུག་པར་བྱའོ་སྙམ་པ་ལན་མང་དུ་བྱས་ལ་ཚོགས་ཞིང་རྣམས་རིམ་གྱིས་བསྡུས་ཏེ་སྨིན་མཚམས་བྱིན་རླབས་འཇུག་པའི་སྒོ་ནས་ཐིམ་པར་བསམ་མོ། །འཇམ་དཔལ་ཞལ་ལུང་གི་འཁྲིད་ལུགས་ལྟར་ན་དལ་འབྱོར་གྱི་ཆོས་སྐོར་མན་ཆད་ལ་ལྟོས་ཏེ་སྦྱོར་བའི་ཆོས་དྲུག་འབྱུང་ཡང། བཤེས་གཉེན་བསྟེན་ཚུལ་གྱི་དམིགས་སྐོར་གཙོ་བོར་བྱེད་པའི་ཚེ་སྦྱོར་བའི་ཆོས་སྔ་མ་དེ་གསུམ་པོ་ཙམ་ཡིན་གྱི། མཚམས་འདི་ནས་དངོས་གཞིར་འཇོག་དགོས། དེའི་ཚུལ་ཡང་བར་འདིར་བཤེས་གཉེན་


GTD003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། རྩ་བ་དད་པ་སྦྱངས་ཤིང་བཀའ་དྲིན་རྗེས་སུ་དྲན་ཏེ་བསམ་པས་བསྟེན་ཚུལ་གྱི་དམིགས་རྣམ་ལེགས་པར་བསྐྱངས་ལ། དེ་ནས་སྦྱོར་བས་བསྟེན་ཚུལ་བཀུར་སྟི་དང་རིམ་གྲོ་དང་རྙེད་པ་དབུལ་བ་སོགས་ཀྱི་ཚབ་ཏུ་ཚོགས་ཞིང་གསལ་བཏབ་ནས་ཕྱག་འཚལ་བ། སྐུ་ཁྲུས་གསོལ་བ། མཆོད་པ་འབུལ་བ་སོགས་བྱས་པ་ཡིན་པས་ཕྱི་མ་གསུམ་ལ་སྦྱོར་བའི་ཐ་སྙད་མི་འཐོབ་བོ། །དེ་བཞིན་དུ་བདེ་ལམ་གྱི་ཁྲིད་རྒྱུན་འདིའི་དབང་དུ་བྱས་ཀྱང་སྦྱོར་བའི་ཆོས་དྲུག་ཙམ་ལ་ཐུན་གྱི་དངོས་གཞི་ཚང་བར་བྱས་ཏེ་བསྐྱངས་ནའང་རུང་བས། དེ་འདྲའི་སྐབས་སུའང་དང་པོ་གསུམ་སྦྱོར་བ་དང། ཚོགས་ཞིང་གསལ་འདེབས་པ་མན་ཆད་ལ་དངོས་གཞིར་འཇོག་དགོས་སོ། །དེ་ལ་བཞི་པ་ཚོགས་ཞིང་གསལ་འདེབས་ཚུལ་ནི། སྔ་མ་བཞིན་རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ་ཞིག་གི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་དབུ་གཙུག་ཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་མཛེས་པར་གསོལ་བ། མཚན་དཔེས་བརྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་


GTD003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ། བླ་མ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་འོད་ཟེར་བླ་མའི་གྲངས་དང་མཉམ་པ་སྟེང་ཕྱོགས་སུ་འཕྲོས་པའི་སྣེ་མོར་སེང་ཁྲི་པད་ཟླའི་གདན་ལ་རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡས་ཕྱོགས་སུ་འོད་ཟེར་འཕྲོས་པའི་སྣེ་མོར་པད་ཟླའི་གདན་ལ་རྗེ་བཙུན་བྱམས་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་སུ་འོད་ཟེར་འཕྲོས་པའི་སྣེ་མོར་པད་ཟླའི་གདན་ལ་རྗེ་བཙུན་འཇམ་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མདུན་ཕྱོགས་སུ་འོད་ཟེར་འཕྲོས་པའི་སྣེ་མོར་སེང་ཁྲི་པད་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ལ་རང་ལ་དངོས་སུ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམས་ལ། མདུན་གྱི་རྩ་བའི་བླ་མ་དེ་ནི་ཞལ་མཇལ་དུས་ཀྱི་རྣམ་པ་ཅན་དུ་བྱེད། ཚོགས་ཞིང་ཐམས་ཅད་དོན་ངོ་བོ་གཅིག་ཀྱང་རྟེན་འབྲེལ་གྱི་དབང་གིས་རྩ་བའི་བླ་མའི་རྣམ་པ་དེ་ཉིད་བྱིན་རླབས་འཇུག་པའི་ཡུལ་གྱི་ཉེ་ཤོས་ཡིན་པས། ཕྱག་མཚན་ཡང་ཤེས་རབ་རྒྱས་པར་འདོད་ན་གླེགས་རལ། ཚེ་སྤེལ་བར་འདོད་ན་བདུད་རྩིས་གང་བའི་བུམ་པ། ལོངས་སྤྱོད་ཀྱི་དོན་ལ་བདུད་རྩིས་གང་བའི་ལྷུང་བཟེད། ནད་ཞི་བའི་དོན་དུ་བདུད་རྩིའི་རྒྱུན་འབེབས་བཞིན་པའི་ཨ་རུ་ར་གསེར་མདོག །ཏིང་ངེ་འཛིན་གཙོ་བོར་བསྒོམ་ན་མཉམ་གཞག །སྔགས་ཀྱི་རྟོགས་པ་རྩལ་དུ་འདོན་ན་རྡོར་དྲིལ་བསྣམས་པ་སོགས་སུ་བྱ་ཞིང། ལས་སོ་སོ་ལ་སྐུ་མདོག་ཀྱང་དེ་མཐུན་བྱར་རུང་ངོ་། །དེའི་མཐར་གསལ་འདེབས་རྒྱུའི་ཆོས་འབྲེལ་ཅན་གྱི་བླ་མ་ཞལ་བཞུགས་པ་རྣམས་ལ་གདན་གོས་འབོལ་


GTD003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་དང་། འདས་པ་རྣམས་ལ་པད་ཟླའི་གདན་བྱེད་ཅིང། ཚིགས་བཅད་གཅིག་གིས་འབྲེལ་ཐོགས་པ་ཡན་ཆད་གྲངས་བརྩིས་ཏེ་མ་ཆད་པ་ཤིན་ཏུ་གལ་ཆེའོ། །བླ་མ་རྣམས་ཀྱི་ཕྱི་རོལ་ཏུ། གཡས་སུ་གསང་འདུས། གཡོན་དུ་བདེ་མཆོག །མདུན་དུ་འཇིགས་བྱེད། རྒྱབ་ཏུ་དུས་འཁོར། མཚམས་རྣམས་སུ་རྒྱུད་སྡེ་བཞིའི་ཡི་དམ་གཞན་རྣམས་དང་དེའི་མཐའ་སྐོར་དུ་བསྐལ་བཟང་གི་སངས་རྒྱས་སྟོང་སོགས་ལོངས་སྤྲུལ་རྣམས་དང། ཉེ་བའི་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའ་རྣམས་དང། རང་རྒྱལ་བཅུ་གཉིས། གནས་བརྟན་བཅུ་དྲུག་སོགས་ཉན་རང་རྣམས་ལེགས་པར་གསལ་གདབ། དེ་དག་གི་མདུན་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་རང་ལ་སྤྱན་ཧུ་རེ་བར་གཟིགས་ནས་བཞུགས་པ། རྒྱབ་དང་གཡས་གཡོན་དུ་ཆོས་སྐྱོང་སྲུང་མ་ཡེ་ཤེས་པ་རྣམས་དང། དེ་དག་གི་ཕྱོགས་བཞིར་རྒྱལ་ཆེན་བཞི་འཁོར་དང་བཅས་པ་རྣམས་བསྟན་པ་བསྲུང་བའི་ཚུལ་དུ་རང་རང་གི་གདན་ལ་བཞུགས་པ་གསལ་གདབ་བོ། །ཚོགས་ཞིང་དེ་ཐམས་ཅད་ཀྱི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་ཡུམ་བཅས། དེའི་ཐུགས་ཀར་ཧཱུཾ་ཡིག་སྟེ་སེམས་དཔའ་སུམ་བརྩེགས་ཅན་དུ་བསྒོམས་ན་དགོས་པ་ཤིན་ཏུ་ཆེ་ལ། སེམས་དཔའ་སུམ་བརྩེགས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །ཉན་རང་སོགས་ཀྱི་ཐུགས་ཀར་རྡོ་རྗེ་འཆང་བསྒོམས་པ་མ་འབྲེལ་སྙམ་དུ་བསམ་མི་རིགས་ཏེ། དེ་ཐམས་ཅད་རྩ་བའི་བླ་མ་གཅིག་པུའི་རྣམ་འཕྲུལ་ཡིན་པས་སྤངས་རྟོགས་མཆོག་དམན་མེད་ཅིང། འོག་ཏུ་སོ་སོའི་གནས་ལྔར་


GTD003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ངོ་བོ་འབྲུ་ལྔ་བསྒོམ་པར་གསུངས་པ་དང་ཡང་མཚུངས་པས་སོ། །དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རྣམ་པར་ཡོད་པ། དེ་དག་གི་ཕྱི་རོལ་ཏུ་གང་ལ་གང་འདུལ་གྱི་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ་རྒྱལ་པོ་ཆེན་པོའི་ཕོ་ཉའི་འགྲོ་འོང་བཞིན་བར་མཚམས་མེད་པ་ལྟ་བུར་བསམས་ན་མ་འོངས་པའི་དུས་སུ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཁའ་ཁྱབ་ཏུ་འཕྲོ་བའི་རྟེན་འབྲེལ་གྱི་སྒོ་ཤིན་ཏུ་ཆེའོ། །དེ་ནས་གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་སོ་སོར་རྟོག་པའི་ཡེ་ཤེས་དང་འོད་དཔག་མེད་ཀྱི་ངོ་བོ་ཨཱཿ དམར་པོ། ཐུགས་ཀར་ཆོས་དབྱིངས་ཡེ་ཤེས་དང་མི་བསྐྱོད་པའི་ངོ་བོ་ཧཱུཾ་སྔོན་པོ། ལྟེ་བར་མཉམ་ཉིད་ཡེ་ཤེས་དང་རིན་འབྱུང་གི་ངོ་བོ་སྭཱ་སེར་པོ། གསང་གནས་སུ་བྱ་སྒྲུབ་ཡེ་ཤེས་དང་དོན་འགྲུབ་ཀྱི་ངོ་བོ་ཧཱ་ལྗང་གུས་མཚན་པར་བསམས། དེ་ནས་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། བླ་མ་དམ་ཚིག་པ་ལ་བླ་མ་ཡེ་ཤེས་པ་དང། གསང་འདུས་དམ་ཚིག་པ་ལ་གསང་འདུས་ཡེ་ཤེས་པ་བསྟིམ་པ་ཙམ་མ་ཡིན་པར། ཚོགས་ཞིང་གི་གཙོ་བོའི་བླ་མ་ཐུབ་པའི་དབང་པོ་ནས་མཐའི་རྒྱལ་ཆེན་བཞིའི་བར་རེ་རེ་ལའང་ཚོགས་ཞིང་ཐམས་ཅད་ཀྱི་ཡེ་ཤེས་པ་ཆ་ཚང་བ་རེ་བསྟིམ་པ་ཡིན་ཏེ། དེ་ལྟར་བྱས་ན་གནས་སྐབས་དེ་དག་ལ་


GTD003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་དུ་འཛིན་པའི་འདུ་ཤེས་ལྡོག་སྟེ་བླ་མ་གཅིག་པུའི་རྣམ་འཕྲུལ་དུ་མཐོང་ནས་དད་པ་དང། རང་ཉིད་སྲིད་ཞིའི་རྒུད་པ་ལས་སྐྱོབ་པའི་ཕྱིར་རྣམ་པ་མི་འདྲ་བ་སྣ་ཚོགས་པ་ཞིག་བཟུང་བ་ཡིན་པར་གོ་ནས་གུས་པ་ཇེ་ཆེར་འགྲོ་ལ། ལམ་དུས་སུ་འདི་ལྟར་བསྐྱངས་པའི་སྟོབས་ཀྱིས་འབྲས་བུའི་དུས་ན་རིགས་རེ་རེ་ལའང་རིགས་ཐམས་ཅད་ཚང་བའི་དམ་པ་རིགས་བརྒྱ་སོགས་འབྱུང་བ་ཡིན་ནོ། །ཡེ་ཤེས་པ་སྤྱན་འདྲེན་པའི་ཚེ་སྤྲོ་ན། མ་ལུས་སེམས་ཅན་ཞེས་སོགས་ཀྱི་ཚིགས་བཅད་ཀྱང་བརྗོད་ལ། དེ་ནས་ཛཿ ཧཱུཾ་བཾ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱས་ཏེ་དབྱེར་མེད་དུ་བསྟིམ། དེའང་སྤྱིར་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཚན་ཆེ་ཞིང། ཁྱད་པར་དཀོར་སྒྲིབ་སོགས་ཀྱིས་ནོན་པའི་དབང་གིས་སྒོམ་སྒྲུབ་ལ་ཞུགས་པའི་ཚེ་ནག་ཐོམ་གྱིས་སོང་ནས་སེམས་མི་གསལ་བ་ལ་ཁྲུས་གསོལ་སོགས་བྱས་ན་ཕན་ཤིན་ཏུ་ཆེ་བས། དེའི་བྱེད་ཚུལ་ནི། ཚོགས་ཞིང་རྣམས་ཀྱི་མདུན་དུ་ཁྲུས་ཀྱི་ཁང་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། རྒྱ་ཕིབས་རིམ་པ་གསུམ་དང་ལྡན་པ། ནེའུ་གསིང་མེ་ཏོག་བཀྲ་བས་ཕྱོགས་ཀུན་མཛེས་ཤིང། རིན་པོ་ཆེའི་ལྗོན་ཤིང་རྣམ་པ་སྣ་ཚོགས་པས་ཡོངས་སུ་བསྐོར་བ། ཁང་པའི་ཕྱོགས་བཞིར་སྒོ་རེ་རེ་དང། སྒོ་སོ་སོའི་མདུན་དུ་ཁྲུས་ཀྱི་རྫིང་བུ་གྲུ་བཞི་པ་མེ་ཏོག་སྣ་ཚོགས་པས་བརྒྱན་ཅིང། འོག་གཞི་གསེར་གྱི་ཕྱེ་མ་བརྡལ་བ། ཕྱོགས་རེར་རིན་པོ་ཆེའི་ཐེམ་སྐས་འབབ་སྟེགས་ཀྱི་རྣམ་པར་ཡོད་པ། ནང་དུ་དྲི་ཞིམ་པོའི་ངད་ལྡང་བའི་སྤོས་ཆུས་ཡོངས་སུ་གང་བ་རེ་རེ་ཡོད་པ། ཁང་


GTD003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་སུ་སེང་ཁྲི་སོགས་སྔར་ལྟར་གསལ་བཏབ་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཞེས་སོགས་བརྗོད་པས་ཚོགས་ཞིང་རྣམས་ན་བཟའ་མེད་པར་ཁྲུས་ཁང་གི་ནང་དུ་ཁྲི་རྣམས་ལ་འཁོད་པར་བསམ། རང་གི་ཐུགས་ཀ་ནས་ལྷ་མོ་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོ་བའམ། ཡང་ན་རང་ལུས་ལྷ་གྲངས་མཉམ་པར་སྤྲུལ་ནས་ཐམས་ཅད་ཀྱིས་ལག་ཏུ་བུམ་པ་ཐོགས་ཏེ་རྫིང་བུ་རྣམས་ལས་ཆུ་བླངས་ནས་ཁྲུས་གསོལ་བས་འགྲོ་བའི་སྣང་ངོར་དྲི་མ་ཐམས་ཅད་དག་ཅིང། ཐུགས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་བསྐྲུན་པར་བསམས་ཏེ་ཚིགས་བཅད་རྒྱས་བསྡུས་ཅི་རིགས་པས་ཁྲུས་གསོལ་ཞིང། དེ་དག་སྐུ་ལ་ཞེས་སོགས་ཀྱིས་སྐུ་དབྱི་བ་སྤེལ་མར་བྱ། དེ་ནས་དྲི་ཞིམ་པོའི་ལྡེ་གུས་སྐུ་ལུས་ལ་བྱུགས་པར་མོས་ཤིང། སྟོང་གསུམ་ཀུན་ཏུ་ཞེས་སོགས་དང། སྤྲུལ་སྐུ་རྣམས་ལ་ཆོས་གོས་རྣམ་གསུམ། ལོངས་སྐུ་རྣམས་ལ་ལྷའི་གོས་ཀྱི་སྟོད་གཡོགས་སྨད་གཡོགས་དང་རིན་པོ་ཆེའི་རྒྱན། ཁྲོ་བོ་རྣམས་ལ་སྟག་ཤམ་རུས་རྒྱན་སོགས་ཕུལ་བར་བསམས་ལ། སྲབ་འཇམ་ཡང་པ་ཞེས་སོགས་དང། རྒྱལ་བ་མཚན་དཔེའི་ཞེས་སོགས་བརྗོད། བདག་དང་འགྲོ་ལ་ཞེས་པ་ནས་བཞུགས་སུ་གསོལ་ཞེས་བརྗོད་པ་དང་མཉམ་དུ་ཚོགས་ཞིང་རྣམས་བྱ་ཁྱུ་འཕུར་བ་བཞིན་འུར་དིར་གྱིས་བྱོན་པ་སྔར་གྱི་རང་རང་གི་ཁྲི་ལ་བཞུགས་ཤིང། ཁྲུས་ཁང་མི་དམིགས་པར་གྱུར་པར་བསམ། ཁྲུས་གསོལ་འདི་བྲེལ་དུས་མ་བྱས་ཀྱང་ཆོག་པ་ཡིན་ནོ། །དེ་ནས་ལྔ་པ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ་ལ་


GTD003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང། །ཟླ་བ་གྲགས་པ་རིགས་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བའི་བརྒྱུད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང། །མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོཾ་བྷི་པ་དང་ཨ་ཏི་ཤ། །ཉམས་ལེན་བྱིན་རླབས་བརྒྱུད་ལ་ཕྱག་འཚལ་ལོ། །ཞེས་སོགས་ལམ་རིམ་བླ་མ་བརྒྱུད་པ་དང། སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་འཚལ་གང་འགྲུབ་བྱ། རྒྱས་པར་བྱེད་ན་ལམ་མཆོག་སྒོ་འབྱེད་ཀྱི་གསོལ་བ་འདེབས་ཞེས་པ་ཕྱག་འཚལ་དུ་བསྒྱུར་ཅིང། ཚིགས་བཅད་གཞན་ཡང་ཅི་རིགས་པ་བསྣན་ཏེ་ཕྱག་དངོས་སུ་འཚལ་ན་ཐོག་མར། ན་མོ་མཉྫུ་ཤྲི་ཡེ། ན་མཿ སུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱཧཱ། ཞེས་ཕྱག་སྟོང་འགྱུར་གྱི་སྔགས་འདིའང་ལན་གསུམ་ཙམ་བརྗོད་ན་


GTD003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །ཕྱག་འཚལ་ཚུལ་ནི་ལུས་ཐམས་ཅད་ས་ལ་ཕབ་པའི་བརྐྱང་ཕྱག་ཏུ་གྲགས་པའམ། ཡང་ན་ཡན་ལག་ལྔའི་ཕྱག་བྱ་སྟེ། དེའང་རྐང་པ་གཉིས་གཤིབ། ཐལ་མོ་རབ་སྤྱི་བོར། འབྲིང་མགྲིན་པར། ཐ་མ་སྙིང་གར་སྦྱར། དེའང་བཅར་བཅར་པོར་སྦྱར་བ་མུ་སྟེགས་ཀྱི་ལུགས་ཡིན་པ་དང། སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་བས་དེ་ལྟ་བུ་མ་ཡིན་པར་མཛུབ་རྩེ་རྣམས་སྦྱར་ལག་པའི་མཐིལ་མ་སྦྱར་བ་བྱ། ཕན་ཡོན་སྤྱི་གཙུག་བལྟར་མི་མངོན་པ་འགྲུབ། དེ་ནས་བརྐྱང་ཕྱག་དང་བསྐུམ་ཕྱག་གང་ཡང་རུང་སྟེ་ཡན་ལག་ལྔ་ས་ལ་ཕབ་ནས་བཙལ་དགོས་ཀྱི། མགོ་ས་ལ་མི་ཐུག་པར་སྒུར་ཙམ་བྱས་ན་དམྱལ་བ་མགོ་འཕྱངས་སུ་སྐྱེ་ཞིང་ཐར་ནས་ཀྱང་སྒུར་སྐྱོན་ཅན་དུ་འགྱུར། ཚུལ་མཐུན་དུ་ཕྱག་བཙལ་བའི་ཕན་ཡོན་ལུས་ཀྱིས་ཇི་ཙམ་ནོན་པའི་རྡུལ་གྱི་གྲངས་དང་མཉམ་པར་འཁོར་སྒྱུར་དུ་སྐྱེ་བར་གསུངས་པས་སླ་ཆོས་སུ་མ་སོང་བར་ཚུལ་དང་མཐུན་པ་བྱེད་དགོས་སོ། །དེ་ནས་རང་གི་ལུས་གྲངས་མེད་པ་སོགས་སུ་སྤྲུལ་པར་མོས་ལ། ཇི་སྙེད་སུ་དག་ཅེས་སོགས་གདོན་ཞིང། མཆོད་པའི་སྐབས་སུ་གཞན་ནས་འབྱུང་བའི་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་སྣ་བདུན་སོགས་ཀྱི་མཆོད་འཕྲེང་ཅི་རིགས་པའང་བསྣན་ནས་བྱས་ཆོག་ལ། བླ་མཆོད་སོགས་ནས་འབྱུང་བ་ལྟ་བུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆ་ཚང་བར་བྱས་ནའང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རོ། །སྔགས་ཀྱི་སྐབས་ཀུན་བཟང་མཆོད་སྤྲིན་ཞེས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་མཆོད་པའི་ཡོ་བྱད་མཐའ་ཡས་པའི་


GTD003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤར་བ་ལ་ཟེར་ཞིང་། མདོ་ལུགས་ཀྱི་ཀུན་ཏུ་བཟང་པོའི་མཆོད་པ་འབུལ་ཚུལ་ནི་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་རང་ཉིད་ཀུན་ཏུ་བཟང་པོ། འདབ་མ་སྟོང་ལ་ཀུན་ཏུ་བཟང་པོ་སྟོང། དེ་ཐམས་ཅད་ཀྱི་ལག་པ་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་རེ་རེ། དེ་དག་ལས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་རབ་འབྱམས་འགེངས་པར་བསམས་ནས་འབུལ་བ་ལ་བྱེད་དོ། །ལས་དང་པོ་པ་ལ་འདི་ཕན་ཤིན་ཏུ་ཆེའོ། །སྡིག་པ་བཤགས་པའི་སྐབས་ལྟུང་བཤགས་དང་སྤྱི་བཤགས་སོགས་བྱས་ན་ལེགས་ལ། དེའང་གཙོ་བོར་སྟོབས་བཞི་ཚང་དགོས་པས་རྟེན་གྱི་སྟོབས་ནི་སྔར་ཚོགས་ཞིང་གསལ་བཏབ་པ་དེས་འགྲུབ་ལ། རྣམ་པར་སུན་འབྱིན་པའི་སྟོབས་ནི་ཚེ་ཐོག་མ་མེད་པ་ནས་སྡིག་ལྟུང་དཔག་ཏུ་མེད་པ་བསགས་པ་རྒྱལ་པོའི་གན་མཛོད་བཞིན་དུ་སྣ་རེ་རེ་ལ་བལྟས་ནའང་འཁོར་བ་ཐོག་མེད་ནས་འདི་ཁོ་ན་བསགས་པར་འདུག་སྙམ་པའི་ཚོད་ལྟ་བུ་བསམ་ལས་འདས་པ་ཞིག་ཡོད་ཅིང། སྐྱེ་བ་འདིར་ཡང་སྡོམ་པ་གསུམ་སོགས་ཁས་བླང་རྒྱ་ཆེ་ལ་བསྲུང་བ་སྣ་གཅིག་ཀྱང་སེམས་ལ་འཛིན་རྒྱུ་མེད་པས་དབུགས་འགྱུ་བ་འདི་ཆད་མ་ཐག་འགྲོ་ས་དམྱལ་བ་ལས་མེད་པ་རང་གི་མྱོང་ཐོག་ནས་ཐག་ཆོད་པར་འདུག །ཁ་སང་ཙམ་ལ་ཤི་ཡོད་ན་ད་ཚོད་དམྱལ་བའི་ལྕགས་ཁང་དུ་མེ་དམར་འུར་རུ་རུ་སྡུག་བསྔལ་གྱི་ཆོ་ངེ་ལྷང་ལྷང་འདེབས་བཞིན་པར་ཡོད་པས་བྱ་ཐབས་མེད་ཀྱང། ད་དུང་མ་ཤི་བ་འདི་ཁ་རྗེ་ཆེ་བས་འཇིགས་པ་དེ་ལས་སྐྱོབ་པའི་སྐྱབས་


GTD003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་མྱུར་བ་མྱུར་བར་མ་བཙལ་བའི་ཐབས་རང་མི་འདུག་སྙམ་དུ་བསམ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བསླབ་བཏུས་ལས་མང་དུ་གསུངས་པས། ཐུན་མཚམས་སོགས་ཅི་རིགས་པར་དེ་ཐམས་ཅད་ལག་ལེན་དུ་ཐེབས་པ་དགོས་ཀྱང། དངོས་གཞིའི་སྐབས་འདིར་ལྟུང་བཤགས་སོགས་གང་བྱེད་པ་དེའི་ཚེ་རྣམ་སྨིན་ལ་འཇིགས་པ་དང། འོན་ཀྱང་གཉེན་པོ་དེས་དེ་སེལ་ནུས་པར་ཡིད་ཆེས་པ་སོགས་བློ་འཁུལ་ངེས་པ་དགོས་སོ། །ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། སྔར་བྱས་པའི་སྡིག་པ་ལ་འགྱོད་པའི་སྒོ་ནས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་དྲག་པོ་བྱ་ལ། ཕྱིན་ཆད་སྤོང་འདོད་མེད་པའང་ཡོད་ཀྱང་ལག་ལེན་ལ་མི་འགེལ་བཞིན་དུ་ཕྱིན་ཆད་སྡོམ་མོ་ཞེས་ཁས་ལེན་པ་ནི་ཉེས་པ་མི་འདག་པའི་སྟེང་དུ་རྫུན་གྱི་ཉེས་པར་འགྱུར་བས། སྡིག་ལྟུང་འཕྲལ་དུ་སྤོང་ཐུབ་པ་རྣམས་ནི་ངོས་ཟིན་མ་ཐག་སྤོང་སྡོམ་ཚུལ་བཞིན་དུ་བྱ་ལ། གལ་ཏེ་འཕྲལ་དུ་སྤོང་མི་ནུས་པ་རྣམས་ཀྱང་ཇི་མི་སྙམ་པར་མི་འཇོག་པར་ལོ་ཟླ་བའི་བར་རམ་ཉིན་ཞག་རེའི་བར་དུ་མི་བྱེད་སྙམ་དུ་སྡོམ་སེམས་བྱ་ཞིང་ལག་ཏུ་བླངས་པ་དང། བདག་གིས་མྱུར་དུ་འདི་ལྟ་བུ་སྤོང་ནུས་པར་ཤོག་ཅིག་སྙམ་དུ་སྨོན་པ་སོགས་བྱས་ནས་རིམ་གྱིས་གོམས་པར་བྱས་ན་སྐབས་ཤིག་དངོས་སུ་སྤོང་ཐུབ་པ་ངེས་པར་འབྱུང་ངོ་། །དེར་མ་ཟད་བློའི་གཏིང་ན་སྤོང་ཐུབ་སྙམ་པ་མེད་ཀྱང་སྐབས་དེར་བློ་བཅོས་ནས་སྤོངས་ཐུབ་སྙམ་པ་ཙམ་བྱས་ནའང་ལྟུང་ཐུན་བྱིན་རླབས་བྱས་པས་ལས་ལ་མི་བསྒྲིབས་པ་ལྟར་སྡིག་པ་དག་པ་ལ་ཕན་ཆེ་བས་ཐབས་མ་བྱུང་ན་འདི་ཙམ་རེ་ཡིན་ཀྱང་བྱ་དགོས་པར་སྐྱབས་མགོན་རྡོ་རྗེ་


GTD003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཆེན་པོས་གསུངས་སོ། །བཤགས་པའི་སྐབས་འདིར་སྔར་བྱས་ཀྱི་ཉེས་པ་ལ་ཉེས་པར་མཐོང་བའི་རྣམ་པར་སུན་འབྱིན་པ་དང། ཕྱིན་ཆད་སྡོམ་པ་སླར་ལྡོག་པའི་སྟོབས་གཉིས་པོ་འདི་གལ་ཆེ་བའི་དབང་གིས་བཤགས་པ་ཕལ་ཆེར་གྱིས་ཀུན་ཏུ་མཐོང་སྡོམ་དྲིས་པ་ཡིན་པས་དོན་འདི་གོ་བའང་གནད་ཤིན་ཏུ་ཆེའོ། །ཁ་ཅིག་འཁོར་བ་ཐོག་མ་མེད་པ་ནས་སྡིག་པ་བསགས་པ་ལ་མཐའ་མེད་པས་བཤགས་བསྡམས་ཕྲན་ཚེགས་རེས་གོ་མི་ཆོད་སྙམ་པ་ནི་ལས་འབྲས་བསམ་ཚུལ་མིན་གྱི། གཉེན་པོ་ལ་ཡིད་མ་ཆེས་པའི་སྐུར་འདེབས་ཡིན་པས་ཉེས་དམིགས་ལྷག་པར་ཆེ་སྟེ། ཉེས་དམིགས་འབྱུང་བར་ཡང་སངས་རྒྱས་ཀྱིས་གསུངས་པ་ཡིན་ལ། བཤགས་ན་འདག་པར་ཡང་དེས་གསུངས་པ་ཡིན་པས་ཡིད་ཆེས་བྱེད་ན་གཉི་ག་ལ་བྱེད་དགོས་ཚུལ་བེའུ་བུམ་སྔོན་མོའི་འགྲེལ་པར་གསུངས་པ་བཞིན་ནོ། །དེ་ནས་རྗེས་སུ་ཡི་རང་ནི་ཚོགས་མྱུར་དུ་རྫོགས་པའི་ཐབས་མཁས་ཁྱད་པར་ཅན་ཡིན་ཏེ། འགྲེལ་ཆུང་དོན་གསལ་ལས། རྗེས་སུ་ཡི་རང་ཡིད་ལ་བྱེད་པས་ནི་རང་གཞན་གྱིས་དགེ་བ་བྱས་པ་མཉམ་པ་ཉིད་འཐོབ་བོ། །ཞེས་གཞན་གྱི་དཀའ་སྤྱད་དྲག་པོའི་སྒོ་ནས་ལོ་དང་བསྐལ་པ་མང་པོར་བསྒྲུབས་པའི་དགེ་བ་དང། དེ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བྱས་པའི་ཚེ་བློའི་འགྱུར་བ་གཅིག་གིས་དེ་དང་མཉམ་པའི་བསོད་ནམས་འཐོབ་ནུས་པས་བྱ་སླ་ཞིང་དོན་ཆེ་ལ། དེར་མ་ཟད་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཉན་རང་སོགས་ཀྱི་དགེ་རྩ་མཐའ་དག་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་གཅིག་གིས་ཟིལ་གྱིས་གནོན་པར་གསུངས་ཏེ། འདི་


GTD003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོངས་ནས་དབུས་མཐའ་རྣམ་འབྱེད་དུ་དམ་པ་བཅུ་གཉིས་ཀྱི་ནང་ནས་རྗེས་སུ་ཡི་རང་ལ་ཚེགས་མེད་པ་དམ་པ་ཞེས་གསུངས་སོ། །དེས་ན་རང་ཅག་བྱང་ཆུབ་སྒྲུབ་པར་ཁས་འཆེ་བ་རྣམས་ཀྱིས་གཞན་གྱི་དགེ་བ་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བསྒོམ་དགོས་ཏེ། དཔེར་ན་མུ་གེའི་ཚེ་ཕ་གཅིག་གིས་བུ་མང་ཞིག་གསོ་དགོས་པ་ལ། དེའི་ནང་ནས་གཅིག་གིས་རང་སྟོབས་ཀྱིས་འཚོ་བ་རྙེད་ན་འདིས་རང་མགོ་ཐོན་པ་འོང་བར་འདུག་སྙམ་དུ་རང་གིས་རྙེད་པ་ལས་ཀྱང་དགའ་བ་ལྷག་པར་སྐྱེ་བ་བཞིན་ནོ། །དེས་ན་གནས་མ་ཡིན་པ་དམག་འཁྲུག་དང་གཡོ་སྒྱུའི་སྤྱོད་པ་སོགས་ལ་རྗེས་སུ་ཡི་རང་གོ་ལོག་བྱས་ཏེ་དོན་མེད་པར་རང་རྒྱུད་སྡིག་པས་གང་བ་མི་བྱེད་ཅིང། དགེ་བ་ཆུང་ངུ་ཞིག་ལ་མི་བརྙས་པར་རྗེས་སུ་ཡི་རང་བྱེད་དགོས་ཚུལ་རྣམས་བསམ་སྟེ། ཕྱོགས་བཅུའི་རྒྱལ་བ་ཀུན་དང་ཞེས་སོགས་བརྗོད། དེ་ནས་དངོས་སུ་མཎྜལ་གྱི་སྟེང་དུ་ཚོམ་བུ་འཁོར་ལོ་རྩིབས་བརྒྱད་པ་ལྟ་བུ་དགོད་ལ། ཡིད་ཀྱིས་རང་ཉིད་ཚངས་པ་ཆེན་པོར་མོས་ཏེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཆོས་འཁོར་བསྐོར་བར་བསྐུལ་ཞིང་ཞལ་གྱིས་བཞེས་པར་བསམས་ལ། གང་རྣམས་ཕྱོགས་བཅུའི་ཞེས་སོགས་དང། ཡང་མཎྜལ་ཁ་གསོས་ཏེ་ལག་ཏུ་ཐོགས་ལ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་རྡོ་རྗེས་མཚན་པ་ཕུལ་བར་བསམ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་ནས་ཞལ་གྱིས་བཞེས་པའི་དམིགས་རྣམ་དང་བཅས། མྱ་ངན་འདའ་སྟོན་ཞེས་སོགས་དང། གནས་སྐབས་སུ་སྒྲུབ་བཞིན་པའི་དགེ་རྩ་འདིས་མཚོན་དུས་གསུམ་གྱི་དགེ་ཚོགས་མཐའ་དག་ཆུད་མི་ཟ་ཞིང་འབྲས་


GTD003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དམན་པའི་རྒྱུར་མི་འགྱུར་བར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་བསྔོ་བའི་འདུན་པ་དྲག་པོ་དང་བཅས། ཕྱག་འཚལ་བ་དང་ཞེས་སོགས་བྱ། དེའང་ཡན་ལག་བདུན་པོ་འདིའི་ནང་ནས་ཕྱག་འཚལ་བ་ང་རྒྱལ་གྱི་གཉེན་པོ། མཆོད་པ་སེར་སྣའི། བཤགས་པ་དུག་གསུམ་གྱི། རྗེས་སུ་ཡི་རང་ཕྲག་དོག་གི །ཆོས་འཁོར་བསྐོར་བར་བསྐུལ་བ་ཆོས་སྤོང་གི། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་བླ་མའི་ཐུགས་དཀྲུག་པ་སོགས་ཀྱི། བསྔོ་བ་ལོག་ལྟའི་གཉེན་པོར་འགྲོ་བ་སོགས་རང་རང་གི་ཐུན་མོང་མ་ཡིན་པའི་སྤང་གཉེན་སྦྱོར་ལུགས་དང་དགོས་པ་སྒྲུབ་ཚུལ་འགངས་ཆེ་བ་རེ་ཡོད་ལ། རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཀྱང་ཡན་ལག་བདུན་པོ་འདིར་མ་འདུས་པ་མེད་པར་རྗེ་ངག་དབང་བྱམས་པའི་གསུང་ཟིན་བྲིས་སུ་འབྱུང་བ་ལྟར་ཡིན་པས་ཆ་ཐམས་ཅད་ནས་ནན་ཏན་སྙིང་པོར་བྱ་དགོས་སོ། །དྲུག་པ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། དཔེར་ན་ཡུལ་གྱི་རྒྱལ་པོ་སོགས་ལ་ཞུ་དོན་གལ་ཆེ་བ་ཞིག་བྱེད་པའི་ཚེ་གསོལ་སྟོན་སོགས་དྲངས་ཟིན་པའི་རྗེས་སུ་རང་གི་སྙིང་ནོར་གཅེས་པ་ཞིག་ཕུལ་ཏེ་ཞུ་བ་བྱེད་པ་བཞིན། འདིར་ཡང་འདོད་དོན་ལ་གསོལ་བ་འདེབས་པའི་ཐོག་མར་མཎྜལ་འབུལ་བ་ལ། རྒྱུ་ནི་གསེར་དངུལ་ཟངས་སོགས་རིན་པོ་ཆེ་དང། མ་འབྱོར་ན་ཤིང་རྡོ་སོགས་ལས་བྱས་པ་ཆེ་ཆུང་གི་ཚད་རང་གིས་རྒྱུན་དུ་འབུལ་རྒྱུ་ལ་ཁྲུ་གང་སོགས་ཆེན་པོ་བྱུང་ན་ལེགས། དེ་ལྟ་བུའི་སྟེང་དུ་བ་བྱུང་གིས་བྱུགས། རང་གི་མཐེབ་སྲིན་གྱིས་དྲི་བཟང་གི་ཆུ་བླངས་ལ་མཐེ་བོང་དབུས་སུ་


GTD003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་སྲིན་ལག་གིས་ཤར་ལྷོ་ནས་ནུབ་བྱང་གི་བར་དང། དེ་ནས་སྲིན་ལག་དབུས་སུ་བཞག་སྟེ་མཐེ་བོས་ནུབ་བྱང་ནས་ཤར་ལྷོའི་བར་བསྐོར། མཎྜལ་གྱི་དབུས་སྟོང་པར་བཞག་ན་སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེ་བར་གསུངས་པས། དེ་མ་ཐག་དབུས་སུ་ཚོམ་བུ་གཅིག་བཞག །དེ་ནས་ཨོཾ་བཛྲ་བྷུ་མི་ཞེས་སོགས་ཀྱི་སྐབས་སུ་ཚིག་རིས་བཞིན་གསེར་དཀྱིལ་ལྕགས་རི་དང་བཅས་པའི་དབུས་སུ་རི་རབ། སྟེང་དུ་ཉི་ཟླ། ཕྱོགས་སུ་གླིང་དང་གླིང་ཕྲན། རྒྱལ་སྲིད་སྣ་བདུན། གཞན་ཡང་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཅིག་ཏུ་བསྡོམས་ནས་ཕུལ་བས་དགྱེས་བཞིན་བཞེས་ཏེ་ཞིང་ཁམས་རྣམས་སུ་སྤྲུལ་པའི་བཀོད་པ་སྟོན་པར་བསམ། མཎྜལ་ཉེར་གསུམ་མ་འདི་ནི་འདུས་པའི་རྩ་རྒྱུད་ལེའུ་བརྒྱད་པ་ལས་གསུངས་པ་ཡིན་ཞིང། ཡོངས་གྲགས་ལྟར་སྒེག་སོགས་ལྷ་མོ་རྣམས་བསྣན་པ་འདི་འགྲོ་མགོན་འཕགས་པའི་དུས་མཛད་པ་ཡིན་ལ། བློས་ལྕོགས་ན་སྤྱོད་འཇུག་ཏུ། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཞེས་གསུངས་པ་ལྟར་ཞིང་ཁམས་མཐའ་ཡས་པ་བློས་བླངས་ཏེ་ཕུལ་ན་དེའི་ཚོད་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་ཚབས་ཆེ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་ཚང་བར་བྱས་ན་ཤིན་ཏུའང་ལེགས་སོ། །དེ་ནས། དཔལ་ལྡན་རྩ་བའི་བླ་མ་ནས། སྩལ་ཏུ་གསོལ། །ཞེས་བརྗོད་པས། མདུན་གྱི་རྩ་བའི་བླ་མ་ལས་རང་འདྲ་གཉིས་པ་ཆད་དེ་སྤྱི་བོར་བྱོན། རང་དང་ཁ་ལྟ་ཕྱོགས་མཐུན་པར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བླ་མ་ལ་བརྟེན་པའི་ཉེས་ཚོགས་སྦྱངས། རྐང་པ་ཕྱི་མ་ལན་གཉིས་པ་བརྗོད་པས་དེའི་བྱིན་རླབས་ཞུགས་ཤིང། དེ་ནས་ཚོགས་ཞིང་རྣམས་


GTD003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངའི་བུ་འདི་བརྩེ་བས་རྗེས་སུ་ཟུངས་ཤིག་ཅེས་ངོ་ཆེན་བྱེད་པར་བསམ་ཞིང། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མ་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས། །ཞེས་རྐང་པ་ཕྱི་མ་ལན་གཉིས་སུ་བརྗོད་པས་དང་པོའི་ཚེ་ཚོགས་ཞིང་སྤྱི་དང་ཁྱད་པར་དུ་དེ་གསུམ་གའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཐོག་མེད་ནས་བསགས་པའི་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་དང། ཁྱད་པར་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་བ་ལ་གེགས་བྱེད་ཀྱི་དྲི་མ་ཐམས་ཅད་སྦྱངས། ལན་གཉིས་པའི་ཚེ་དེ་གསུམ་ལས་རང་འདྲ་གཉིས་པ་རེ་ཆད་དེ་རང་ལ་ཐིམ་པས་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་དང་དེ་སྐྱེ་བའི་སྣོད་རུང་དུ་བྱིན་གྱིས་བརླབས་བྱུང་སྙམ་དུ་བསམ། དེ་བཞིན་དུ་རྩ་བའི་བླ་མའི་བར་རང་གིས་ཐོབ་ཚུལ་གྱི་བརྒྱུད་རིམ་ལྟར་གྱི་གསོལ་འདེབས་བྱེད་ཅིང། ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་བདག་གཉིས་སུ་མཚན་མར་འཛིན་པ་སོགས་ཟབ་མོའི་ལམ་གྱི་གེགས་བྱེད་སྦྱངས་པའི་དམིགས་པ་བྱེད་པ་ཙམ་མ་གཏོགས་འདྲའོ། །དེ་ནས་བྱིན་རླབས་སྤུངས་ཞུས་ཀྱི་ཚེའང། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་པ་ལན་གཉིས་བརྗོད་པ་ན། དང་པོའི་སྐབས་སུ་བཤེས་གཉེན་ལ་མ་གུས་པ་སོགས་ཀྱི་ཉེས་ལྟུང་རྣམས་སྦྱངས་ཤིང། གཉིས་པའི་ཚེ་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནུས་པའི་རྟོགས་པ་ཁྱད་པར་ཅན་


GTD003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པར་བསམ། དེས་མཚོན་ཏེ་ཆོས་སྐོར་འོག་མ་རྣམས་ལའང་དེ་དང་དེའི་གེགས་བྱེད་སྦྱངས་ཤིང། དེ་དང་དེའི་རྟོགས་པ་སྐྱེ་རུང་དུ་བྱིན་གྱིས་བརླབས་པར་བསྒོམ་ཚུལ་གྱི་དམིགས་ཕྱེད་དགོས་སོ། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཞེས་སོགས་ཀྱི་སྐབས་སུ་དམིགས་རྣམ་སྐྱོང་ཚུལ་ནི། སྔར་ཚོགས་ཞིང་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་གསལ་བཏབ་ཡོད་ན་དེས་འཐུས་ཤིང། མེད་ན་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་རྡོ་རྗེ་འཆང་ལ་ཐིམ། དེ་ཐུབ་དབང་གི་སྤྱི་གཙུག་ནས་མར་བྱོན་ཏེ་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ། དེའི་ཐུགས་ཀར་ཡི་དམ་གང་ཡང་རུང་བའི་རྟེན་བརྟེན་པའི་དཀྱིལ་འཁོར་གསལ་གདབ། བླ་མའི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱང་བླ་མཆོད་ལྟར་རིགས་ལྔ་ཡུམ་བཞི་སོགས་ཀྱི་ངོ་བོར་བསམས་ལ། དེ་ནས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ལ་རྒྱས་བསྡུས་གཉིས་ལས། དང་པོ་ནི། སླར་ཡང་ཡན་ལག་བདུན་པ་དང་མཎྜལ་མདོར་བསྡུས་དབུལ། བྱང་སྡོམ་དང་སྔགས་སྡོམ་གཟུང། དེ་ནས་ཚོགས་ཞིང་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བླ་མ་ཐུབ་དབང་དབྱེར་མེད་པའི་ཐུགས་ཀ་ནས་ལྷ་མོ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་བུམ་པའི་ཆུས་རང་གི་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ཐམས་ཅད་དག །བུམ་པའི་དབང་ཐོབ། གཙོ་བོའི་ཐུགས་ཀའི་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་རང་གི་ལྕེ་ཐོག་ཏུ་བཞག་པ་མྱང་བས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས། རང་ཉིད་སྐད་ཅིག་གིས་རྒྱལ་བ་ཤཱཀྱ་ཐུབ་པ་


GTD003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར་པས་གསང་བའི་དབང་ཐོབ། གཙོ་བོས་ཐུགས་ཀའི་རྡོ་རྗེ་འཆང་གི་ཐུགས་ཀ་ནས་རིག་མ་སྤྲོས་ཏེ། རང་གི་སྙིང་གའི་རྡོ་རྗེ་འཆང་གི་ཡུམ་ལ་ཐིམ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་སླེབ་པས་དགའ་བ་བཞི་དང། ཁྱད་པར་དུ་བདེ་སྟོང་དབྱེར་མེད་ལྷན་སྐྱེས་ཀྱི་དགའ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་བླ་མ་ཤཱཀྱ་ཐུབ་པའི་ཞལ་ནས། ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན་སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས་ཟུང་འཇུག་གི་དོན་གདམས་པ་ན་རང་གི་རྒྱུད་ལ་གོ་བ་ལེགས་པར་སྐྱེས་ཏེ་ཚིག་དབང་ཐོབ་པའི་མོས་པ་བྱེད། དབང་བཞིས་ལེན་ཚུལ་བསྡུས་པ་བྱེད་ན་སྡོམ་བཟུང་མི་དགོས་ཤིང། བླ་མའི་སྤྱི་བོའི་ཨོཾ་ལས་འོད་དང་བདུད་རྩི་དཀར་པོའི་ཚོགས་བྱུང་། རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྒྲིབ་


GTD003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ནས་བུམ་དབང་ཐོབ། ལུས་ལྷར་བསྒོམས་པ་ལ་དབང་བར་བྱས་ཤིང་སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག །མགྲིན་པའི་ཨཱཿ ལས་འོད་དང་བདུད་རྩི་དམར་པོའི་ཚོགས་བྱུང། རང་གི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག་ནས་གསང་དབང་ཐོབ། སྔགས་བཟླ་བ་ལ་དབང་བར་བྱས་ཤིང་ལོངས་སྐུ་འགྲུབ་པའི་ནུས་པ་བཞག །ཐུགས་ཀའི་ཧཱུཾ་ལས་འོད་དང་བདུད་རྩི་སྔོན་པོའི་ཚོགས་བྱུང། རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ནས་ཤེར་དབང་ཐོབ། ཏིང་ངེ་འཛིན་བསྒོམ་པ་ལ་དབང་ཞིང་ཆོས་སྐུ་འགྲུབ་པའི་ནུས་པ་བཞག །དེའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཅར་བྱུང། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག་ནས་དབང་བཞི་པ་ཐོབ། འབྲས་བུ་ཟུང་འཇུག་འགྲུབ་པའི་ནུས་པ་བཞག་པར་བསམ། དེ་ལྟར་ལམ་བཟང་ཞེས་སོགས་ཀྱི་སྐབས་སུ་ཆོས་སྲུང་རྣམས་ལས་རང་འདྲའི་སྤྲུལ་པ་ཆེ་ཆུང་དཔག་མེད་སྤྲོས་ཏེ་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་འགལ་རྐྱེན་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་ཅེས་གསུང་ལྷང་ལྷང་བྱོན་ནད་གདོན་སོགས་ཤ་ཁྲག་གི་རྣམ་པར་ཞལ་དུ་གསོལ། རང་གི་གནས་ལྔར་ཐིམ་པས་བར་ཆད་གང་གིས་ཀྱང་མི་ཚུགས་པར་བྱིན་གྱིས་བརླབས་བྱུང་སྙམ་དུ་ང་རྒྱལ་བརྟན་པོ་བྱེད། མཚོན་ཆའང་བདུད་རྩིར་ཞུ་བར་བསམ། དེ་ནས་སྐྱེ་བ་ཀུན་ཏུ་ཞེས་སོགས་ཀྱིས་དོན་བསྡུས་ནས་སྨོན་པས་རྒྱས་འདེབས་བྱ། དེ་རྗེས་ཚོགས་ཞིང་བསྡུ་བ་ནི། བླ་མ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་མཐའ་སྐོར་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཐམས་ཅད་ལ་ཕོག་པས་མཐའ་


GTD003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིམ་གྱིས་འོད་དུ་ཞུ་སྟེ། རྒྱ་ཆེན་སྤྱོད་བརྒྱུད་དང། ཟབ་མོ་ལྟ་བརྒྱུད་དང། ཉམས་ལེན་བྱིན་རླབས་བརྒྱུད་དང། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་ལ་ཐིམ། དེ་རྣམས་ཀྱང་འོག་མ་འོག་མ་ནས་རིམ་གྱིས་ཞུ་སྟེ། རྒྱ་ཆེན་སྤྱོད་བརྒྱུད་བྱམས་པ་དང། ཟབ་མོ་ལྟ་བརྒྱུད་འཇམ་དབྱངས་ལ་ཐིམ། ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་ཀྱང་རྡོ་རྗེ་འཆང་ལ་ཐིམ། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་ཀྱང་དྲིན་ཅན་རྩ་བའི་བླ་མ་ལ་ཐིམ། བྱམས་འཇམ་དབྱངས་གཉིས་ཐུབ་དབང་ལ་ཐིམ་ཞིང། གདན་པད་ཟླ་གཉིས་ཀྱང་ཐུབ་པའི་སེང་ཁྲི་ལ་ཐིམ། དྲིན་ཅན་རྩ་བའི་བླ་མའང་ཐུབ་པའི་དབང་པོའི་ཐུགས་ཀར་ཐིམ། རྡོ་རྗེ་འཆང་ཐུབ་པའི་དབང་པོའི་སྤྱི་བོ་ནས་བྱོན། ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཆང་སྔར་བཞུགས་པ་ལ་ཐིམ། ཐུབ་པའི་དབང་པོའི་སེང་ཁྲི་པད་ཟླ་ལ་ཐིམ། མཐར་ཐུབ་པའི་དབང་པོའང་རང་གི་སྤྱི་བོའི་དྲིན་ཅན་རྩ་བའི་བླ་མ་ལ་ཐིམ་པས། རང་གི་སྤྱི་བོར་སེང་ཁྲི་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་༝ རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་མོས་ལ། ཕུན་ཚོགས་དགེ་ལེགས་༝ མགོས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །བདག་གཞན་དགེ་རྣམས་བྱང་ཆུབ་


GTD003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་བསྔོ། །གླིང་བཞི་ཉི་ཟླ་རི་རབ་རིན་ཆེན་བདུན། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས། །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ་ཕུར་ཚུགས་གསོལ་འདེབས་བྱ་བ་ནི། སྐུ་བཞིའི་བདག་ཉིད་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྒྲིབ་བྲལ་ཆོས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་༝ བདེ་ཆེན་ལོངས་སྐུའི་བདག་ཉིད་༝༝ སྣ་ཚོགས་སྤྲུལ་སྐུའི་༝༝ བླ་མ་ཀུན་འདུས་བླ་མ་ལྷག་པའི་༝༝ ཡི་དམ་ཀུན་འདུས་༝༝ སངས་རྒྱས་ཀུན་འདུས་༝༝ དམ་ཆོས་ཀུན་འདུས་༝༝ དགེ་འདུན་ཀུན་འདུས་༝༝ མཁའ་འགྲོ་ཀུན་འདུས་༝༝ ཆོས་སྐྱོང་ཀུན་འདུས་༝༝ སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་མ་བསྟེན་པས་ལན་པར་འདུག་པས། ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་༝ ཁྱད་པར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ཏུ་བསྟེན་པ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་བྱང་ཞིང་


GTD003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དག །ལུས་དྭངས་གསལ་༝ ཁྱད་པར་དུའང་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནུས་པའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ། འདི་ནི་བཤེས་གཉེན་བསྟེན་ཚུལ་གྱི་སྔོན་འགྲོ་སྦྱོར་བའི་དབང་དུ་བྱས་པ་ཡིན་ལ། དམིགས་སྐོར་བྱེ་བྲག་ཏུ་མ་བཅད་པར་ལམ་རིམ་སྤྱི་ཙམ་གྱི་སྔོན་འགྲོར་བྱེད་པའམ། རེ་ཞིག་ཆོས་དྲུག་པོ་འདི་ཙམ་སྐྱོང་བ་ཡིན་ན། བདག་དང་མ་སེམས་ཅན་ཞེས་པ་ནས། སྣ་ཚོགས་པ་ཞིག་མྱོང་བ་འདི་ལམ་གྱི་རིམ་པའི་རྟོགས་པ་ཚུལ་བཞིན་དུ་མ་སྐྱེས་པས་ལན་པར་འདུག་པས། ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ལམ་གྱི་རིམ་པའི་རྟོགས་པ་མཐའ་དག་ཚུལ་བཞིན་དུ་སྐྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང། ཁྱད་པར་དུ་ལམ་གྱི་རིམ་པའི་རྟོགས་པ་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་བྱང་ཞིང་དག། །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། དགེ་བའི་བཤེས་གཉེན་སངས་རྒྱས་དངོས་སུ་མཐོང་བ་ནས་ཟུང་འཇུག་གི་བར་གྱི་ལམ་གྱི་རྟོགས་པ་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ནས་བླ་མ་རྒྱལ་བ་ཤཱཀྱ་ཐུབ་


GTD003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་མང་དུ་གསོལ་བ་བཏབ་པས་བླ་མ་ཐུབ་པའི་དབང་པོའི་སྐུ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ཉིད་ལ་ཐིམ་པས་རང་ཐུབ་པའི་དབང་པོའི་སྐུར་ལམ་གྱིས་གྱུར། རང་ཐུབ་པའི་དབང་པོར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་མཐའ་སྐོར་ན་ཡོད་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱང་ཐུབ་པའི་དབང་པོའི་གོ་འཕང་ལ་བཀོད། རང་དང་སེམས་ཅན་ཐམས་ཅད་ཐུབ་པའི་དབང་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་ཧཱུཾ་སེར་པོས་མཚན་པའི་མཐའ་སྐོར་དུ་ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་ཅི་མང་བྱ། མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་སངས་རྒྱས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །ཐུན་མཚམས་སུའང་དངོས་གཞིའི་སྐབས་ཀྱི་དམིགས་རྣམ་གྱི་རྩི་མ་ཡལ་བར་བྱ་ཞིང་ལམ་རིམ་ཆེ་ཆུང་སོགས་ལ་བལྟ་བ་དང་། དྲན་ཤེས་བཞིན་དང་ལྡན་པས་སྒོ་གསུམ་བག་ཡོད་པར་བྱས་ཏེ། སླར་ཡང་ཐུན་རྗེས་མ་ལ་ཞུགས་ན་ལན་རེ་བཞིན་གྱི་སྐྱེད་ཐོན་པས་ཉམས་རྟོགས་གོང་དུ་འཕེལ་ཏེ་དལ་འབྱོར་དོན་དང་ལྡན་པར་འགྱུར་རོ། །ཟབ་རྒྱས་གདམས་པའི་ཆུ་བོ་འདུས་པའི་བཅུད། །ལམ་བཟང་ཚུལ་བཞིན་སྒྲུབ་པའི་འཇུག་ངོགས་མཆོག །སྒྲུབ་པར་སླ་ཞིང་ཤིན་ཏུ་དོན་ཆེ་བ། །སྦྱོར་བའི་ཆོས་དྲུག་ལག་ཏུ་བསྟར་བའི་ཚུལ། །ཞལ་ཤེས་མན་ངག་དུ་མས་རབ་བརྒྱན་ཏེ། །ཤིན་ཏུ་གསལ་


GTD003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཀོད་པའི་དགེ་བ་འདིས། །བདག་སོགས་འགྲོ་ཀུན་བྱང་ཆུབ་ལམ་བཟང་དུ། །ཞུགས་ནས་སྒྲུབ་པའི་རྒྱལ་མཚན་ཟིན་པར་ཤོག །ཅེས་བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ་གསལ་བར་བཀོད་པ་ལམ་བཟང་སྒྲུབ་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་དད་ལྡན་དགེ་སློང་དཀོན་མཆོག་སངས་རྒྱས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ།next