Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
བདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པ།next

བདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པ།


GTD003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་ནས་བདེ་ལམ་གྱི་ཁྲིད་གནང་བ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོས་ཟིན་བྲིས་སུ་གནང་བ་གདུང་སེལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །


GTD003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །ཡེ་ཤེས་ཞུགས་ཀྱིས་སྲིད་པའི་ཚང་ཚིང་བསྲེགས། །བརྩེ་ཆེན་བསེར་བུས་སྐྱེ་བའི་མཁའ་ལ་རོལ། །སྟོབས་ལྡན་འཇིགས་མེད་སེངྒེའི་སྒྲ་སྒྲོགས་པ། །འདྲེན་མཆོག་དམ་པའི་ཞབས་རྡུལ་གཙུག་གིས་མཆོད། །གང་གསུང་ལེགས་བཤད་རླབས་འཕྱུར་ཐུབ་བསྟན་ཀུན་གསལ་འགེངས་པ་ཡིས། །མ་དག་དྲི་མ་རབ་བཀྲུས་སྐལ་བཟང་ལྷ་རྣམས་ངོམས་པར་མཛད། །དེར་ནི་བདག་ཀྱང་བསོད་ནམས་སྐལ་བར་བློ་ཆུང་སྙིམ་པས་ནི། །ཚིག་གི་བདུད་རྩི་ཐོབ་གང་བསྟེན་སླད་རིན་ཆེན་བུམ་བཟང་བགྱིད། །དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་


GTD003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། རང་ཅག་རྣམས་རེས་འགའ་ཡར་སྲིད་པའི་རྩེ་མོ་དང། རེས་འགའ་མར་དམྱལ་བའི་གཏིང་དུ་ལྷུང་སྟེ་རྣམ་པར་ཤེས་པ་འདི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ཐོག་མ་མེད་པ་ནས་འཁྱམས་ཤིང་། ད་ལམ་བླ་མའི་ཐུགས་རྗེ་ལས་མིའི་རྟེན་ལན་གཅིག་ཐོབ་སྟེ་དགེ་བའི་བཤེས་གཉེན་གྱིས་ཡར་ལ་ཁྲིད་པའི་ཚེ་དལ་འབྱོར་ལ་སྙིང་པོ་མི་ལེན་པར། ཚེ་འདིའི་ཆེ་ཐབས་འཁོར་གཡོག་སྙན་གྲགས་སོགས་བསྒྲུབ་པར་དཀའ་ཞིང། ཐ་མར་འདོར་དགོས་པའི་དོན་མེད་ཀྱི་ལས་ལ་འབད་པ་ནི། རྡོ་བརྡར་བའི་གཏམ་རྒྱུད་དང་འདྲ་སྟེ། ནོར་བུ་ལེན་པའི་ཚོང་པ་རྒྱ་མཚོའི་གླིང་ནས་ཆས་པའི་ཚེ་མི་ཞིག་རྗེས་སུ་སྡོད་པ་ལ། གྲོགས་རྣམས་ཀྱིས་ཁྱོད་ངེད་ཅག་དང་འགྲོགས་ཏེ་མ་སོང་ན་ཁྱོད་ཀྱིས་སླར་གྲོགས་མི་རྙེད་པས་ཁྱོད་


GTD003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་གྱི་ཐང་འདིར་སྡུག་བསྔལ་བར་འགྱུར་རོ་ཟེར་བ་ལ། དེ་མི་འགྲོ་བར་རྡོ་བརྡར་རྒྱུ་ཡིན་ཟེར། བརྡར་ནས་ཅི་བྱེད་དྲིས་པས་གྲུ་བཞི་བྱེད་ཟེར། དེས་ཅི་བྱེད་དྲིས་པས་འདི་བསྐྱུར་གྱི་ཡིན་ཟེར་བ་ལྟར་དོན་མེད་ཀྱི་ལས་ལ་ཆགས་ནས་གཏན་གྱི་འདུན་མ་སྟོར་བ་ཡིན་པས་དེ་ལྟར་མ་སོང་བར་སྙིང་པོ་ཞིག་ལེན་དགོས་ཏེ། ད་ལྟར་རང་ཅག་ཡར་མངོན་མཐོ་ཨེ་བསྒྲུབ། ཐར་པ་དང་ཐམས་ཅད་མཁྱེན་པ་ཨེ་བསྒྲུབ། མར་དམྱལ་བར་ལྟུང་དུ་ཨེ་འཇུག །གང་བྱེད་ཀྱང་འདམ་ག་རང་ལ་ཡོད་པའི་དུས་ཡིན་པས། འདམ་ག་མ་ནོར་བ་ཞིག་དགོས། དེ་ལ་ཡང་རྒྱ་གར་དུ་འགྲོ་བ་ལ་རྒྱ་གར་བྱ་བ་གང་ན་ཡོད། ཁ་གང་དུ་བལྟས་ནས་འགྲོ། གོམ་པ་གང་དུ་འདོར་ཤེས་དགོས་པ་ལྟར། འདིར་ཡང་དལ་འབྱོར་ལ་སྙིང་པོ་ལེན་ཚུལ་ཤེས་དགོས། དེ་ཡང་ལམ་དུ་འགྲོ་བ་ལ་མིག་ཡོད་པས་མི་ཆོག་པར། སྟོན་མཁན་དགོས་པ་བཞིན་དུ་བླ་མའི་མན་ངག་ལ་ངེས་པར་བསྟེན་དགོས་ཏེ། དཔེ་ཡོད་པ་ཙམ་གྱིས་ཤེས་མི་ནུས་ཤིང། ཐོས་པ་ཙམ་གྱིས་མི་ཆོག་སྟེ། པོ་ཏི་ལྔ་ལ་བསླབས་ཀྱང་རང་ལ་མ་བསྐོར་བ་དང་བསྐོར་ཀྱང་གོ་རིམ་སོགས་ཀྱི་གནད་མི་ཤེས་པའི་རྒྱུ་མཚན་གྱིས་བླ་མའི་མན་ངག་ཉན་པ་ངེས་པར་གལ་ཆེ་སྟེ། ཆོས་གྲྭར་བློ་འཁུལ་བ་ལྟ་བུ་གཅིག་པུར་ལོ་བརྒྱར་བསྡད་ཀྱང་མི་ཡོང་། སྔོན་འཕན་ཡུལ་དུ་ཕར་ཕྱིན་ལ་མཁས་པའི་དགེ་བཤེས་ཤིག་ཡོད་པས་ཁོང་ལ་ཆོས་ཉན་མཁན་མེད། པོ་ཏོ་བས་བྱ་སྒྲུང་གསུངས་པ་


GTD003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ཆད་ཀུན་གྱིས་ཉན་པས། དགེ་བཤེས་དེས་ཡང་ན་ངའི་ཕར་ཕྱིན་འདི་པོ་ཏོ་བས་བཤད་ཆོག་པ། ཡང་ན་ང་ལ་ཉན་ཆོག་པ་གསུངས་པ། པོ་ཏོ་བས་གསན་ནས་ཁོང་བདེན་ཏེ་ངས་ཁ་ནང་དུ་བསྐོར་བས་ཡིན་གསུང་བ་ལྟར། ཁ་ཕྱིར་བལྟས་ཀྱི་ཐོས་པ་ཙམ་གྱིས་མི་ཆོག་པས་བསྒོམ་ཚུལ་གྱི་མན་ངག་བླ་མའི་ཞལ་ནས་ཐོས་དགོས། བླ་མས་བཤད་བྱའི་ཆོས་དེ་ཡང་རྒྱལ་བའི་བཀའ་དང་མི་འགལ། ཤིང་རྟ་ཆེན་པོའི་གཞུང་དང་མི་འགལ། དམ་པ་གོང་མའི་མན་ངག་དང་མི་འགལ། སྒྲོ་མ་བཏགས་སྐུར་བ་མ་བཏབ་པར་འཆད་དགོས་ཏེ། དགུན་དུས་ཀྱི་སྔོ་ཚོས་མདོག་ལེགས་ཀྱང་ཁར་ཟར་མི་ཉན་པས་གཞན་དང་མི་མཐུན་པ་དེ་འདྲར་མ་སོང་བ་གལ་ཆེ་ལ། ༈ འདིར་བཤད་པ་བྱ་བའི་ཆོས་ནི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་གཞུང་ལམ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། དཔལ་ཨ་ཏི་ཤ་དང་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་འདི་ནི་རྗེ་བདག་ཉིད་ཆེན་པོས། རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །ཅེས་གསུངས་པ་ལྟར། མིག་ཆུང་ཡང་ནམ་མཁའ་དང་ས་གཞི་ཐམས་ཅད་མཐོང་ནུས་


GTD003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་བྱང་ཆུབ་ལམ་རིམ་འདི་ལ་བརྟེན་ནས་སྡེ་སྣོད་གསུམ་དང་གསང་སྔགས་རྒྱུད་སྡེ་རྣམས་ཀྱང་བདེ་བླག་ཏུ་མཐོང་ནུས་ཤིང། སྐལ་ལྡན་གྱི་གདུལ་བྱ་སངས་རྒྱས་ཀྱི་སར་བགྲོད་པའི་འཇུག་ངོགས་ཀྱང་འདི་ཁོ་ན་ཡིན་ཏེ། སྟོད་ལུང་པའི་ཞལ་ནས། ངས་ལམ་རིམ་སྐྱོ་སང་སང་བ་ཞིག་བཤད་པ་ན་སྟོང་གསུམ་གྱི་གླེགས་བམ་རྣམས་ངེད་ཀྱི་སྙིང་དུ་ཞུགས་སོང་སྙམ་དུ་འདར་ཡོང་གསུངས་ཏེ། དོན་འདི་ལ་དགོངས་ནས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཞེས་དཔེར་ན་འོ་མ་ཡང་ཡང་བསྐོལ་ཏེ་བསྐོལ་ཐག་ཆད་པ་ལ་བསྐོལ་བསྐོལ་ཟེར་བ་ལྟར། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དོན་རྗེ་བཙུན་བྱམས་མགོན་གྱིས་རྣལ་འབྱོར་པ་གཅིག་གི་ཉམས་ལེན་གྱི་རིམ་པར་བསྡུས་ཤིང། དེའི་རྗེས་སུ་འཕགས་པ་ཐོགས་མེད་དང་མཉམ་མེད་ཇོ་བོ་གཉིས་ཀྱིས་བསྡུས་ལ། དེ་ནས་སླར་རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པར་བསྡུས་ཏེ་གསུང་རབ་རབ་འབྱམས་ཀྱི་གནད་མ་ཚང་བ་མེད་པར་འདུས་ཤིང་དེ་ལས་ལྷག་པ་བསྡུ་རྒྱུ་མེད་པས། ཆོས་འདི་འདྲ་དང་མཇལ་བའི་དུས་འདིར་ཅིས་ཀྱང་ཉན་བསམ་བྱེད་དགོས་ཏེ། དེ་སྔ་ཡན་ཆད་ཀྱི་བྱ་བ་ཐམས་ཅད་ལས་རོ་ལ་སོང་བ་ཡིན་པས། ད་ནི་སློབ་དཔོན་ཡེ་ཤེས་ཞབས་ཀྱི་མན་ངག་ཏུ་གར་འཁྲབ་པ་སོགས་ལ་ཡང་ལྟད་མོ་བལྟ་ན། དུས་གསུམ་གྱི་རྒྱལ་བ་རྣམས་གཤེགས་པའི་ལམ་འདི་ལ་ལྟད་མོའི་ཚུལ་གྱིས་ཡང་ཅིའི་ཕྱིར་མི་ཉན་གསུང་བ་ལྟར་སྒོ་དུ་མ་ནས་བསམ་སྟེ་ཉན་དགོས། ཉན་ཚུལ་ཡང་མདོ་ལས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཞེས་སོགས་གསུངས་ཀྱང། པུས་མོའི་ལྷ་ང་ས་ལ་འཛུགས་མི་དགོས་


GTD003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ངེད་ཅག་བོད་རྣམས་ཀྱི་ལུས་གྱོང་པོ་ལས་སུ་མི་རུང་བ་ཡིན་པས། བླ་མ་གོང་མ་རྣམས་ཀྱིས་གནང་བ་བྱིན་པ་ཡིན་ལ། མིག་བླ་མའི་བཞུགས་ཁྲིའམ་ཞལ་གང་རུང་ལ་བལྟས་ཏེ། ནད་པ་ཉམ་ཐག་པས་སྨན་པས་ཅི་གསུང་ཡོང་སྙམ་དུ་དེའི་གདོང་ལ་ཧྲིག་གེ་བལྟ་བ་ལྟར་གུས་པ་དང་བཅས་ཏེ་ཉན་པ་ལས། དཔེ་ཆ་ཞུ་དག་བྱེད་པའི་ཚེ་ཐ་ན་བའི་སྔོན་འཇུག་དང། གའི་སྔོན་འཇུག་ཙམ་རེ་མ་དག་པ་ཡང་འཕྲལ་དུ་བཅོས་པ་ལྟར། བླ་མའི་གསུང་ལ་འདི་གཞུང་དང་མཐུན་པར་འདུག །འདི་གཞུང་དང་མི་མཐུན་པར་འདུག་ཟེར་བ་ལྟ་བུའི་སྐྱོན་རྟོག་གི་རིགས་གཏན་མི་རུང་བས་སྐྱོན་དེ་དག་དང་བྲལ་བའི་སྒོ་ནས་ཉན་དགོས་ལ། ཉན་པར་བྱ་བའི་ཆོས་འདིའི་ཐོག་མར་རྗེ་བཙུན་བླ་མ་ཞེས་སྨོས་ལ། འདི་ལ་གོ་རྒྱུ་བཟང་པོ་ཞིག་ཡོད་དེ། རང་ཅག་རྣམས་ལྟ་ཅི་སྨོས། ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས་པ་ལ་མངའ་འབྱོར་བ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་དེ་དག་ལ་ཡང་དགེ་བའི་བཤེས་གཉེན་གྱིས་གདམས་ངག་བསྟན་ཏེ་ཀུན་མཁྱེན་ཡེ་ཤེས་མངོན་དུ་བྱེད་དགོས་པས། ལེགས་ཚོགས་ཐམས་ཅད་འབྱུང་བ་བླ་མ་སྔས་མགོར་ཡོད་པ་ལ་རག་ལས་པ་གོ་བའི་ཆེད་ཡིན་ནོ། །འདི་ལ་འགའ་ཞིག་མདོ་ཕྱོགས་སུ་དེ་ལྟར་ཡིན་ཀྱང། གསང་སྔགས་ཀྱི་བསྐྱེད་རྫོགས་བསྒོམས་ནས་འཚང་རྒྱ་བ་ལ་བླ་མ་མི་དགོས་སྙམ་ན། དེ་འདྲ་མ་ཡིན་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱི་རིམ་ལྔའི་རིམ་པ་གསུམ་པ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་


GTD003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། སྔགས་ཀྱི་རྟོགས་པ་མཐོན་པོའི་སྐབས་སུ་ཡང་བླ་མ་འབྲལ་མེད་དུ་བསྟེན་དགོས་ལ། དེར་མ་ཟད་འཕགས་པ་སྤྱན་རས་གཟིགས་ཀྱི་དབུར་འོད་དཔག་མེད་བསྒོམས་པ་དང། རྗེ་བཙུན་བྱམས་པས་རང་གི་དགེ་བའི་བཤེས་གཉེན་རྒྱལ་བ་ཤཱཀྱ་ཐུབ་པ་མཆོད་རྟེན་གྱི་རྣམ་པར་སྤྱི་བོར་བཀུར་བ་ཡིན་ཞིང། དེའི་འོག་ཏུ་ཐུབ་དབང་རྡོ་རྗེ་འཆང་ཞེས་སྨོས་པ་ནི། འདིར་མདོ་སྔགས་གཉིས་ཀའི་ལམ་གྱི་ཉམས་ལེན་ཐམས་ཅད་ཆ་ཚང་ལ་མ་ནོར་བར་སྟོན་པ་གོ་བའི་ཆེད་དུ་ཡིན་ནོ། །དེ་ནས་འདིར་སྐལ་ལྡན་གྱི་སྐྱེས་བུ་ཞེས་སྣོད་ལྡན་གྱི་གདུལ་བྱ་ངོས་བཟུང་བ་ཡིན་ལ། འདིར་སྐལ་བ་དང་ལྡན་པའི་ཚད་ནི། དཔེར་ན་རྒྱུད་གྲྭར་ཞུགས་ཏེ་དེའི་ཆོས་དང་ཟང་ཟིང་གི་སྐལ་བ་ཐོབ་པ་ལ་ཐོག་མར་དེར་འཇུག་པའི་འགལ་རྐྱེན་དང་བྲལ་ཞིང་། མཐུན་རྐྱེན་ཆ་ཚང་བར་འཛོམས་དགོས་པ་ལྟར། ཆོས་ཉན་པའི་སྐལ་བ་ཐོབ་པ་ལ་ཡང་ཉན་པ་པོའི་སྣོད་ཀྱི་ཁྱད་པར་ཐམས་ཅད་ཚང་དགོས་ལ། དེ་ཡང་བསྡུས་ན་སྣོད་ཀྱི་སྐྱོན་གསུམ་སྤངས་པ་དང་མཚན་ཉིད་གསུམ་དུ་འདུ་བ་ནི། བོན་པོ་འདྲེ་མཆོད་པའི་གཏམ་རྒྱུད་དང་འདྲ་སྟེ། སྔོན་བོན་པོ་རྣམས་ཚོགས་ནས་འདྲེ་མཆོད་པ་ནི། གྲངས་བགྲངས་ནས་མི་ཚང་མ་བགྲངས་ན་ཆད་འགྲོ་ཟེར་ནས་ཁ་མ་འཆམ་པར། བོན་པོ་ལྷ་མོ་ཐར་བྱ་བས། ཡར་དཀོན་མཆོག་གསུམ་པོ་མཆོད། མར་འགྲོ་བ་རིགས་དྲུག་མཆོད། བར་གྱི་ཡུལ་ལྷ་གཞི་བདག་མཆོད། དེར་མ་འདུས་པ་ཡོད་དམ་ཟེར་ཏེ། གཏོང་ཡུལ་ཐམས་ཅད་དེར་འདུས་པ་བཞིན། སྣོད་ཀྱི་སྐྱོན་ཡོན་ཐམས་ཅད་དེ་དྲུག་ཏུ་འདུས་ཤིང་། དེ་


GTD003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དང་པོ་སྣོད་ཀྱི་སྐྱོན་གསུམ་ལས། སྣོད་ཁ་སྦུབ་པ་ལྟ་བུར་མ་སོང་བར་ཆོས་ཉན་འདོད་ཡོད་པ་ཡོད་ཀྱང་སྣོད་དྲི་མ་ཅན་དུ་མ་སོང་བ་ཤིན་ཏུ་དཀོན་ཏེ། བྱང་ཆུབ་ལམ་རིམ་ཉན་པ་གནད་དུ་སོང་སྟེ་བློ་སྐྱེད་ཅིག་ངེས་པར་བྱུང་བ་ཡིན་ན་ག་རེ་ངས་ཉི་མ་དེ་རིང་ཡན་ཆད་ཆོས་བྱེད་ཁུལ་བྱས་ཀྱང་ཆོས་རྣམ་དག་ཏུ་སོང་བ་གཅིག་ཀྱང་མི་འདུག །ད་ནི་རང་གིས་རང་མ་བསླུས་པར་ཆོས་བྱེད་ཚུལ་ལ་མ་འཆུག་པ་ཞིག་བྱེད་དགོས་པར་འདུག་སྙམ་དུ་བློ་གཏིང་ནས་འགྱུར་བ་ཞིག་ཡོང། དེ་བྱུང་ན་བློ་སྐྱེད་བྱུང་བ་ཡིན། དེ་འདྲ་མ་ཡིན་པར་རྒྱལ་བ་གོང་མས་ལམ་རིམ་ཆེན་མོའི་བཤད་ལུང་གནང་སྐབས་འཕན་པོ་ཞིག་ལ། འགའ་ཞིག་གིས་ཁྱོད་ལ་བློ་སྐྱེད་བྱུང་ངམ་དྲིས་པས་ཚད་མེད་བྱུང་ཟེར། གང་བྱུང་ཞེས་དྲིས་པས། རྨའི་ཕྱ་མཁར་ཟེར་བ་དེ་ང་ཚོའི་ལྷུན་གྲུབ་རྫོང་ཡིན་པ་རེད་ངོ་མཚར་ལ་ཟེར། དེ་ཡིན་འང་ཡིན་དུ་ཆུག །མིན་ནའང་མིན་དུ་ཆུག་ཁྱད་ཅི་ཡོད། དོན་མེད་པ་དེ་འདྲར་མ་སོང་བར་བློ་སྐྱེད་ལེན་ཤེས་པ་དགོས། དེའི་འོག་ཏུ་སྣོད་ཀྱི་མཚན་ཉིད་གསུམ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ལྟར་ཡིན། དེ་ཡང་གཟུ་བོར་གནས་པ་ནི། བློ་ཕྱོགས་སུ་མ་ལྷུང་བ་ལ་ཟེར་ཞིང། དེ་ཡང་གོ་དཀའ་སྟེ་ཇི་ལྟར་ཡིན་ན་ད་ལྟ་རང་འདོད་འབའ་ཞིག་བསྒྲུབས་ཤིང་བསྒྲུབ་ཀྱང་ནུས་པ་དང། བླ་མས་བཀོད་པ་རྣམས་བསྒྲུབ་ཀྱང་མི་འདོད་ལ། སྒྲུབ་དཀའ་བ་ལྟར་འདུག་པ་འདི་བློ་རང་གི་ཕྱོགས་སུ་བཏང་བས་ལན་པ་ཡིན་པས། དེ་ལས་བཟློག་སྟེ་རང་ཕྱོགས་སུ་མི་གཏོང་བར།


GTD003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཕྱོགས་སུ་གཏོང་བ་ཞིག་དགོས་པ་ཡིན། དེ་ནས་མཚན་ཉིད་གཉིས་པ་ལེགས་ཉེས་འབྱེད་པའི་བློ་གྲོས་དང་ལྡན་པ་ཡང་ངེས་པར་དགོས་ཏེ། དེ་མེད་ན་ཅི་བྱས་ཀྱང་ཕྱིན་ཅི་ལོག་ཏུ་འགྲོ་བ་སྔོན་གླེན་པ་ཞིག་ལ་ཕས་བསླབས་ནས་སྒོ་ལ་བེ་རྡོ་རེད་གྱིས་བྱས་པས་ཤིང་མཐོང་ཚད་ལ་དེ་ཟེར་ཏེ་ལྷག་ཏུ་གླེན་རྟགས་བསྟན་པ་ལྟ་བུ་ཡིན། གསུམ་པ་ཆོས་ལ་དོན་གཉེར་ཡོད་པ་ཡང་དཀའ་སྟེ། ཁ་ནས་ཆོས་ལ་དོན་གཉེར་ཡོད། དྲག་ཟེར་མོད་ཀྱང། དེ་ཙམ་གྱིས་མི་ཡོང། མཚོ་འཁྱག་པ་ན་ངང་པ་ཕྱི་མིག་ཙམ་ཡང་མི་བལྟ་བར་འགྲོ་བ་བཞིན། འཁོར་བ་ལ་ཕྱི་མིག་མི་བལྟ་བར་རྒྱབ་ཀྱིས་ཕྱོགས་ཏེ་ཐར་པ་དོན་གཉེར་གྱི་བློ་སྐྱེས་པ་ཞིག་དགོས། དེ་ལ་འགའ་ཞིག་གིས་ད་ལྟ་བསྟན་པ་ཉམས་པའི་ཐ་མར་བསྒོམ་བྱས་ཀྱང་དེ་འདྲ་མི་ཡོང། དེས་ན་སྒོམ་བྱེད་པ་ལས་བསྐོར་བ་དང་ཁ་ཏོན་གྱིས་ཟེར་བ་ཤིན་ཏུ་མི་རུང་སྟེ། བསྟན་པའི་ཐ་མ་ཅུང་ཟད་ཙམ་ལ་ཐུག་པའི་སྐབས་འདི་ལ་མི་བྱེད་ན། བསྟན་པ་ནུབ་ནས་ཅི་བྱེད། དེས་ན་ད་ལྟ་ལྷག་ཏུ་འབད་དགོས་པའི་དུས་ཡིན་ཏེ། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཀོའུ་དཱི་ནྱའི་སྐྱེ་བའི་དགེ་སློང་གཅིག་དང་བཅས་པའི་དགེ་སློང་བཅུ་དྲུག་རི་བོ་རིལ་བའི་དབྱིབས་སུ་སོང་སྟེ་བསམ་གཏན་དང་ཀློག་པ་ལ་བརྩོན་པར་གནས་པའི་ཚེ། ལྷ་རྣམས་ཀྱིས་འོད་སྲུང་མྱ་ངན་ལས་འདས་ནས་ཞག་བདུན་ལོན་ཏེ་བསྟན་པའང་ནུབ་ན། ཁྱེད་ཅག་འབྲས་བུ་མེད་པའི་སྦུན་པ་འཕྱར་བས་ཅི་རུང་ཞེས་སྦྲན་པས། ལྔ་དེ་མ་ཐག་ཏུ་གྲོང་དུ་བབས། དྲུག་གིས་རང་བྱང་ཆུབ་མངོན་དུ་བྱས། ཕྱིས་ལྔ་ཡང་གྲོང་དུ་ཆས་པས་ལམ་ཀར་ཚོང་པ་ཞིག་གི་གླང་ཉམ་ཆུང་བས་འགྲོ་མི་ནུས་


GTD003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པར་རེས་དབྱུག་པས་བསྣུན། རེས་སྣ་ནས་ཁྲིད་འགྲོ་བ་ལ། དེ་དག་གིས་ཁྱོད་དེ་འདྲ་བྱས་ན་གླང་ཤི་ཡོང། དལ་བུས་རྗེས་ནས་སོང་ཞིག་བྱས་པས། ཁྱེད་རྣམས་དེ་སྐད་མ་ཟེར། ང་མགྲོན་པོས་བོར་སོང་ཟེར། ཁོང་རྣམས་ཀྱི་ཐུགས་ལ་འདིས་ཀྱང་བསྐུལ་མ་བཏབ་པར་འདུག །ངེད་རྣམས་སངས་རྒྱས་འོད་སྲུང་ཉན་ཐོས་དང་བཅས་པས་བོར་བར་སྣང་བས་ད་ནི་རྒྱལ་བ་མྱ་ངན་ལས་འདས་ཀྱང། ཚུལ་ཁྲིམས་མྱ་ངན་ལས་མ་འདས་པས་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་སྟེ་སྨྲས་པ། ཐུབ་པ་ཆེན་པོ་འོད་སྲུང་གི །གལ་ཏེ་ཆོས་ནི་ནུབ་གྱུར་ཀྱང། །ཡང་དག་སངས་རྒྱས་ཀྱིས་བཤད་པའི། །བརྩོན་འགྲུས་དོར་བར་མི་བྱ་འོ། །ཞེས་སླར་ཡང་རི་ལ་བསྒོམ་པ་ན་བཞི་ཤི་ནས་ཀོའུ་དཱི་ནྱ་གཅིག་པུར་ལུས་པའི་ཚེ། འདི་སྙམ་དུ། ཀྱེ་མ་སངས་རྒྱས་འོད་སྲུང་དགེ་སློང་ཉི་ཁྲི་དང་བཅས་པ་མཐོང་ན། ད་འཛམ་གླིང་ན་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་བདག་གཅིག་པུར་ལུས་པ་ལྟར་བདག་གིས་ཚེ་འདིར་ཡོན་ཏན་ཅུང་ཟད་ཀྱང་མ་ཐོབ་ཀྱི། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་དགྲ་བཅོམ་མངོན་དུ་བྱས་ཏེ་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པའི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་དོན་བཞིན་དུ་འགྲུབ་པ་ལྟ་བུ་ཡིན་པས་བསྟན་པའི་ཐ་མ་འདི་འདྲ་ལ་ལྷག་པར་སྙིང་སྟོབས་བསྐྱེད་དེ་བསྒོམ་པ་ལ་དོན་གཉེར་བྱེད་པ་གལ་ཆེའོ། །དེ་ལྟ་བུའི་མཚན་ཉིད་གསུམ་དང་ལྡན་པའི་གདུལ་བྱ་དེ་ཉིད་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཟབ་མོ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་གཉིས།


GTD003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང། བསྟེན་ནས་བློ་སྦྱངས་པའི་རིམ་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ། སྦྱོར་དངོས་མཇུག་གསུམ། དང་པོ་སྦྱོར་བ་ལ་ཡང་སྦྱོར་བའི་ཆོས་དྲུག་ལས། ༈ དང་པོ་ནི། གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ་སྟེ། འདི་ལ་ཀུན་སློང་གི་ཁྱད་པར་ཡང་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་རྒྱལ་བ་འོད་དཔག་མེད་ཀྱི་ཞིང་ལྟར་ལྗན་ལྗིན་མེད་པ་གསལ་ཞིང་ཡིད་དུ་འོང་བར་གྱུར་ཅིག་སྙམ་དུ་བསམ་ན་སངས་རྒྱས་ཀྱི་ཞིང་སྦྱོང་དུ་འགྲོ་སྟེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་བཀོད་པའི་འཕྲིན་ལས་སྐབས་སུ་འགྲེལ་བཤད་ཚིག་གསལ་དུ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དྲངས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོངས་པར་འདོད་པས་ནི། རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་འདུལ་བ་ལུང་ལས། ཕྱག་དར་གྱི་ཕན་ཡོན་ལྔ་གསུང་ཞིང་། དེའི་སྒོ་ནས་གྲུབ་པ་ཐོབ་པ་ཡང་ལམ་ཆུང་བ་ལྟ་བུ་ཡིན་ཏེ། སྔོན་བྲམ་ཟེའི་རིགས་ལས་འཁྲུངས་པའི་འཕགས་པ་གནས་བརྟན་ལམ་བརྟན་ལ་ནུ་བོ་ལམ་ཆུང་བའམ་ལམ་ཕྲན་བརྟན་བྱ་བ་ཞིག་བྱུང་སྟེ། བྲམ་ཟེའི་ལུགས་ལ་ཐོག་མར། ཨོཾ་བྷུ་རུ་བྷུ་བ་སྭཱཧཱ། ཞེས་པའི་སྔགས་སློབ་པའི་སྲོལ་ཡོད་པ་ལྟར་བསླབ་པ་ན་ཁོང་ཧ་ཅང་རྟུལ་བས་ཨོཾ་བརྗོད་དུས་བྷུ་བརྗེད། བྷུ་བརྗོད་དུས་ཨོཾ་བརྗེད་པས་བྲམ་ཟེ་རྣམས་ཀྱིས་ཕུ་བོའི་དྲུང་དུ་བསྐྱལ། ཕུ་བོས་ཀློག་སོགས་བསླབས་


GTD003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་ཡང་མ་ལོབ་པས་ཁྱོད་འདྲ་བས་དགེ་འདུན་གྱི་དད་རྫས་མི་འཇུ་ཞེས་ཕྱིར་བཏོན་པ་ན་ཁོང་ཡིད་སྐྱོ་ནས། ད་ང་དགེ་སྦྱོང་དགེ་སྦྱོང་མ་ཡིན། བྲམ་ཟེ་བྲམ་ཟེ་མ་ཡིན་ཞེས་ངུས་པའི་ཚེ་སངས་རྒྱས་ཀྱིས་མཁྱེན་ཡང་མ་མཁྱེན་པ་ལྟར་མཛད་ནས་ཁྱོད་ཅི་ལ་ངུས་དྲིས་པས། བདག་ཕུ་བོས་ཕུད་དེ་བདག་ཁྱིམ་པ་ཡང་མ་ལགས། རང་ཏུ་བྱུང་བ་ཡང་མ་ལགས་ཞུས་པས། ཁྱོད་ཀྱི་ཕུ་བོས་བསྟན་པ་འདི་སྒྲུབ་པ་ཡང་མ་ཡིན། གྲངས་མེད་གསུམ་དུ་ཚོགས་བསགས་པ་ཡང་མ་ཡིན་པས། ངའི་རྗེས་ལ་འགྲོ་གསུང་བར་བདག་ཚིག་གཅིག་ཀྱང་མི་ཟིན་ལགས་ཞུས་པས། ཕྱགས་མ་རྒྱག་ཤེས་སམ་གསུང། ཤེས་ལགས་ཞུས་པས་རྡུལ་སྤོང་དྲི་མ་སྤོང་བྱ་བ་འབད་པས་སློབ་ཏུ་བཅུག་སྟེ། དེ་འདོན་བཞིན་དུ་དགེ་འདུན་གྱི་ཀུན་དགའ་ར་བར་གད་རྒྱག་ཏུ་བཅུག་གོ །དེའི་ཚེ་ཤར་ངོས་ཕྱགས་པ་ན་ནུབ་རྡུལ་གྱིས་གང། ནུབ་ངོས་ཕྱགས་པ་ན་ཤར་རྡུལ་གྱིས་གང་སྟེ་མི་ཟད་པར་བྱིན་གྱིས་བརླབས་ཀྱང་སྟོན་པའི་བཀའ་ཡིན་སྙམ་དུ་འབད་པས་ཕྱེད་ཕྱགས་པའི་ཚོད་ཙམ་ན་སྒྲིབ་པ་དག་པའི་དབང་གིས་འདི་སྙམ་དུ་སྟོན་པས་དོན་མེད་པ་ཞིག་མི་གསུང་བས་འདི་ལ་དགོངས་གཞི་ཞིག་ཡོད་འགྲོ་སྙམ་དུ་དཔྱད་པས། རྡུལ་འདི་ས་རྡུལ་མ་ཡིན་འདོད་ཆགས་རྡུལ། །རྡུལ་འདི་ས་རྡུལ་མ་ཡིན་ཞེ་སྡང་རྡུལ། །རྡུལ་འདི་ས་རྡུལ་མ་ལགས་གཏི་མུག་རྡུལ། །ཞེས་སོགས་ཀྱི་དོན་དུ་གོ་ནས། འཁོར་བའི་རྩ་བ་དུག་གསུམ་དང། དེའི་རྩ་བ་བདག་འཛིན་དུ་ཤེས་ཤིང། དེའི་ཞེན་ཡུལ་དྲུངས་ཕྱུངས་ཏེ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་


GTD003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱགས་མ་ལག་པར་ཐོགས་བཞིན་དུ་བདེན་པ་མཐོང་བ་ལྟ་བུ་ཡིན་པས་ཐོག་མར་གནས་ཁང་བྱི་དོར་བྱས། དེའི་རྗེས་སུ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལེགས་པར་བཀྲམ་ཞིང་འདི་ལ་སངས་རྒྱས་ཀྱི་སྐུ་རེ་འབྲལ་སྤང་གི་ཚུལ་དུ་ངེས་པར་དགོས་ཏེ། བླ་མ་གོང་མ་རྣམས་ཀྱིས་ཀྱང་ཤཱཀྱའི་བཙུན་པ་གསུངས་པ་ལྟར་རང་ཅག་སངས་རྒྱས་ཀྱི་མི་ཡིན་པའི་བརྡ་མཚོན་བྱེད་ཀྱང་ཡིན། དཔེར་ན་ཅུན་གར་ཧོང་ཐེ་ཇིའི་དམག་མི་རྣམས་ཀྱིས་གཞན་ལ་མགོ་མི་འདོགས། ཧོང་ཐེ་ཇིའི་མི་ཡིན་ཟེར་བའི་བརྡར་དེས་གནང་བའི་མདའ་དར་ཚོན་ཅན་རེ་འཛིན་པ་ཡིན་ཟེར་བའི་དཔེ་དང་འདྲ། དེ་ལྟར་ཐུབ་པའི་སྐུ་རེ་འཆང་ན་མི་མ་ཡིན་སོགས་ཀྱིས་གླགས་མི་རྙེད་པས་བསྲུང་བའང་དེ་ལས་ཟབ་པ་མེད་དེ། བསྲུང་བ་ཟབ་ཟབ་འདྲ་བ་གཞན་ལ་ངེས་པ་མི་ཡོང་ཨ་ན་ལེའི་དཔེ་ལ་འགྲོ་ཉེན་ཡོད་དེ། སྔོན་མི་ཞིག་གིས་ངའི་ལུག་ལ་སྐྱོན་མི་འོང། ཨ་ན་ལེ་བཏགས་ཡོད་ཟེར། རྗེས་ནས་སྤྱང་ཀིས་ལུག་བསད་པས་གཞན་ཞིག་གིས་ཨ་ན་ལེ་གང་བྱས་དྲིས་པས། ཨ་ན་ལེ་རང་ཡང་ཆོམ་ཆོམ་དུ་ཟོས་ནས་མི་འདུག་ཟེར་བ་ལྟ་བུ་འོང་བས་བསྲུང་བ་གང་བྱུང་གིས་མི་ཆོག །མཚམས་ཐོ་བྱ་བ་ཡང་བར་ཆད་བསྲུང་བའི་ཆེད་ཡིན་པས་འདི་འདྲའི་སྐབས་སུ་ཕྱོགས་བཞིར་མཚམས་ཐོ་རེ་རེ་ངེས་པར་བཙུག །དེ་ཡང་རྒྱལ་པོ་ཆེན་པོ་བཞིར་བསྐྱེད་དེ། ཁྱེད་རྣམས་ཀྱིས་བདག་གིས་བྱང་ཆུབ་ལམ་རིམ་བསྒོམ་པའི་འགལ་རྐྱེན་བར་ཆད་རྣམས་འདིའི་ནང་དུ་མ་གཏོང་ཞིག །དེའི་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྒྲུབས་ཤིག་ཅེས་འཕྲིན་ལས་བཅོལ། རབ་བྱུང་ན་རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་མཚམས་ཐོ་འདྲ་བ་དགོས་ཏེ། ཁོང་


GTD003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རིམ་པ་གསུམ་བཞག་ནས་ཕྱི་མ་འདི་ཚུན་ཆད་དུ་ཚེ་འདིའི་སྣང་ཤས་སྐད་ཅིག་ཙམ་ཡང་མངོན་དུ་གྱུར་ཏེ་ཤི་གྱུར་ན་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་དེ་མ་ཐག་ཚར་ཆོད་ཅིག །དེ་བཞིན་དུ་བར་མ་ཚུན་ཆད་དུ་བདག་འཛིན་འགོང་པོ། ནང་མ་ཚུན་ཆད་དུ་རང་དོན་ཡིད་བྱེད་ཀྱི་བློ་མངོན་དུ་གྱུར་ཏེ་ཤི་གྱུར་ན་དམ་ཅན་ཆོས་སྲུང་རྣམས་ཀྱིས་ཚར་ཆོད་ཅིག་ཅེས་འཕྲིན་ལས་བཅོལ་བ་ཡིན། ང་རང་ཚོས་མཚམས་ཐོ་འཇོག་ལུགས་ནི། བླ་མ་བྱམས་པའི་གསུང་ལས། རང་རེས་ནང་དུ་བསམ་ངན་འབའ་ཞིག་བསམ་སྟེ། ནང་འདིར་བྱམས་སྙིང་རྗེ་སོགས་ཡོད་ན་མི་འགྲིག་གོ་ཞེས་དོན་གྱིས་ཆོས་ལ་མཚམས་ཐོ་བཞག་པ་འདྲ་བར་འདུག་གསུངས་པ་ལྟ་བུར་མ་སོང་བ་དགོས། གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ་ལ། འདིར་གཡོ་མེད་པ་ཞེས་པ་ཡང་གུ་ཡངས་པོར་བྱས་ན་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་བར་འདིའི་སྐབས་ཀྱི་གཡོ་ལ་ཡོང་བས་གནད་ཤིན་ཏུ་ཟབ་པ་ཡིན། འདི་ལ་འགའ་ཞིག་གིས་དེ་འདྲ་ཡིན་ན་ལམ་རིམ་འདི་ཧ་ཅང་རྒྱ་ཆེ་བས་ཡོང་ས་མི་འདུག་ཟེར་བ་ནི། ངང་ཐུང་བའི་རྟགས་ཡིན་ཏེ་བླ་མ་བྱམས་པའི་ཞལ་ནས། ང་ཚོས་མི་ཚེ་ཧྲིལ་པོ་ལ་བསྒོམས་ཀྱང་མ་འོངས་པ་དེ། ཁྱེད་ཚོས་ཆོས་ཐུན་གཅིག་གཉིས་ཤིག་ལ་ཡོང་ན་ལྟས་ངན་ཡིན་གསུངས་པ་ལྟར་ཡིན་ཏེ། དཔེར་ན་ཀ་ཁ་ནས་བཟུང་སྟེ་སྒྲའི་རྣམ་དབྱེ་ཚུན་ཆད་ལ་མཁས་པར་སྦྱངས་པའི་དྲུང་ཡིག་མཁས་པའི་དྲུང་དུ། སྙུ་གུ་ཙམ་ཡང་འཛིན་མི་ཤེས་པའི་གསར་དུ་ཡི་གེ་སློབ་མཁན་ཞིག་གིས་དེ་རིང་རང་ཡིག་མཁན་


GTD003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲ་ཞིག་བྱེད་དགོས་སྙམ་པས་གང་ཡང་མི་ཡོང་བས་ངང་བསྲིང་སྟེ་གོམས་ན་འགྲུབ་པ་ཡིན། བླ་མ་བྱམས་པའི་ཞལ་ནས་ཀྱང། ངས་ལམ་རིམ་ཚར་བདུན་ཉན་པས་བསྒོམ་ཚུལ་ལྷུ་འགྲིག་ཙམ་བྱུང་གསུང་བ་ལྟ་བུ་ཡིན། ངང་མ་བསྲིང་ན་ལ་གསུམ་རྒྱབ་པའི་དཔེ་ལ་འགྲོ་ཉེན་ཡོད་དེ། སྔོན་བསམ་ཡས་སུ་ལ་གསུམ་རྒྱབ་པ་ཟེར་བ་ཞིག་བྱུང་བ་རྩོད་པ་ཕམ་པས་ང་རྒྱ་གར་པཎ་ཆེན་ཞིག་གི་དྲུང་དུ་གཏུགས་དགོས་པར་འདུག་ཟེར་ཏེ། ཆོས་གྲྭ་དེ་ནས་འཕྲལ་དུ་ཐོན་ཏེ་བསམ་ཡས་མདའི་མཆོད་རྟེན་དཀར་ཆུང་ཟེར་བའི་བར་དུ་ཕྱིན་ནས་ཕྱིར་ལོག་པ་ལྟ་བུར་མ་སོང་བ་དགོས། དེ་བཞིན་དུ་ཐ་ན་ཕྱགས་མ་རྒྱག་ཚུལ་ཡན་ཆད་ལ་ཡང་ཉོན་མོངས་པའི་ལྗན་ལྗིན་ནས་བཟུང་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱི་བར་རྣམས་ཕྱགས་རྒྱུའི་ཕྱགས་མ་དང། དེ་ཕྱགས་ཚུལ་སོགས་བསམ་ན་དེ་ཙམ་ལ་ཡང་བསྟན་པའི་གནད་ཐམས་ཅད་འདུ་བས་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཟེར་བའི་དོན་བཞིན་འོང་བས་བསམ་པའི་ཁྱད་པར་དེ་ལྟ་བུ་ལ་རིམ་གྱིས་སློབ་དགོས། དེའི་རྗེས་སུ་བཀོད་པ་མཛེས་པ་ནི། གང་མ་ཆེ་བ། ཁ་མ་དམས་པ། ཏིང་གི་ཁའི་རི་མོའི་ཚོད་ཙམ་ཞིག་ཏུ་འོང་བ་དགོས་ཏེ། གང་ཆེ་ན་ཐོས་བསམ་སོགས་བྱེད་པའི་ཚེ་སེམས་མི་བརྟན་པ་དང། དམའ་ན་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བས་ཚོད་རན་པ་དང། དེ་ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཆོད་ཏིང་ལ་ལག་རྗེས་བབས་ན་ལེགས་པར་ཕྱིས། སྤོས་ཀྱིས་བདུག་སྟེ་མཆོད་པ་འབུལ་བའི་ཕྱག་བཞེས་ལྟར་གཙང་སྦྲས་ཐོན་པ་ཤིན་ཏུ་གལ་ཆེ། འདི་ལ་མ་འབྱོར་ན་མཐའ་གཅིག་ཏུ་ལི་ཏིང་དགོས་པའི་ངེས་པ་


GTD003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མེད། རྗེ་སྒྲུབ་ཁང་བས་ཁོང་གི་གསོལ་ཕོར་ཡང་ཡང་བཀྲུས་ཏེ་མཆོད་པ་ཕུལ། རང་ལ་དགོས་པའི་ཚེ་གཡར་པོའི་ཚུལ་དུ་ཞུས་ནས་བཞེས་པ་ལྟ་བུ་ཡིན་པས་བསམ་པས་འགྲུབ་ན་མཆོད་པའི་ཡོ་བྱད་ཀྱིས་མི་ཐོགས་པས། ལན་གྲངས་ཡང་དྲུག་གམ། མ་མཐའ་གསུམ་རེ་མ་ཕུལ་ན་རི་ཁྲོད་པའི་རྐང་དྲང་བ་ཡིན་པས་མཆོད་པ་ལེགས་པར་བཤམ་མོ། །གསུམ་པ་བདེ་བའི་སྟན་ལ་ལུས་འདུག་ལུགས་བརྒྱད་དམ། སྤྱོད་ལམ་གང་བདེར་གནས་ནས་རང་རྒྱུད་ལ་ལེགས་པར་བརྟགས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྒྱུད་དང་འདྲེས་ངེས་སུ་བྱ་བ་ནི། དཔེར་ན་སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་པའི་ཚེ་ས་ཕལ་པས་མི་ཐེག་པས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་དེའི་འོག་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་མི་ཤིགས་པའི་རྡོ་རྗེར་བྱིན་གྱིས་བརླབས་པས། མཚན་ཡང་རྡོ་རྗེ་གདན་ཞེས་གྲགས་པ་དེར་ངས་བདུད་བྱེ་བ་འབུམ་ཕྲག་བཅུ་བཏུལ་ཏེ་སངས་རྒྱས་མ་ཐོབ་བར་དུ་སྟན་འདི་ལས་མི་ལྡང་ངོ་ཞེས་དམ་བཅས་པ་ལྟར་རང་ཅག་རྗེས་འཇུག་རྣམས་ཀྱིས་ཀྱང། འབོལ་གདན་བདེ་བའི་འོག་ཏུ་གཡུ་དྲུང་གཡས་སྐོར་དུ་འདྲི་བ་རྟེན་འབྲེལ་གྱི་གནད་ཆེ་སྟེ། རྒྱ་སྐད་ལ་བཛྲ་ཞེས་པ་བོད་སྐད་དུ་རྡོ་རྗེ་དང་གཡུང་དྲུང་གཉིས་ཀར་འཇུག་ཀྱང་འདིར་གཡུང་དྲུང་དུ་བསྒྱུར་བ་ཡིན་པས་སྟན་དེ་ལྟ་བུ་ལ་འཁོད་དེ། འདི་སྙམ་དུ་ག་རེ། པཎ་ཆེན་ཐམས་ཅད་མཁྱེན་པས། ཕར་ལྟོས་དཔོན་མེད་ཚུར་ལྟོས་


GTD003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་མེད་ཅིང། །འདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་པར། །དབེན་པའི་གནས་སུ་རང་སེམས་མི་འདུལ་ན། །ཁྱོད་ལ་བྱ་རྒྱུ་ཅི་ཡོད་མ་ཎི་པ། །ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བཞག་ནས། ཚེ་ལ་ཚད་བཟུང་སྟེ་བྱང་ཆུབ་ལམ་རིམ་འདི་ཁོ་ན་རང་ཨེ་ཡོང་ཞིག་ལྟ་དགོས་པར་འདུག །འཇིག་རྟེན་ཡང་གྲ་མ་ཆག་ཙམ་ཞིག་དང། དེའི་སྟེང་ནས་ཆོས་ཤིག་ཀྱང་བྱེད་དགོས་སྙམ་དུ་རྐང་པ་གཉིས་འཛུགས་བྱས་པས་གང་ཡང་མི་ཡོང་བར་སྣང་བས། སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་ཆོས་ལམ་རིམ་འདི་རང་ཡོང་བ་ཞིག་བྱ་སྟེ། དང་པོར་ཚེ་འདིའི་སྣང་ཤས། དེ་ནས་བདག་འཛིན་འགོང་པོ། དེ་ནས་གཉིས་སྣང་འཁྲུལ་པའི་བར་ཐམས་ཅད་གཞོམ་པར་བྱའོ་སྙམ་དུ་དམ་བཅས་ཏེ། ཀུན་སློང་དེ་ལྟ་བུའི་སྒོ་ནས་དགེ་སྦྱོར་ལ་འཇུག་པ་ཞིག་བྱུང་ན། བླ་མ་བྱམས་པའི་ཞལ་ནས། ཀུན་སློང་རང་ལ་ལམ་རིམ་ཡོངས་སུ་རྫོགས་པ་ཡིན་ཞེས་གསུངས་པ་ལྟ་བུ་ཡིན་ལ། འདི་ནི་རྒྱལ་བ་བྱམས་པས་ཀྱང། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་སྐབས་ནས། དང་པོར་ངན་འགྲོའི་སྡུག་བསྔལ་ཞི་བའི་ཞི་བ་དང། དེ་ནས་ཉོན་མོངས་མཐའ་དག་ཞི་བའི་ཞི་བ་དང། དེ་ནས་ཀྱང་རིམ་གྱིས་ཁྲིད་དེ་རང་དོན་ཡིད་བྱེད་ཀྱང་སྤངས་ནས་རང་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་གསུངས་པ་དང་གནད་གཅིག་ལ། དཔལ་ལྡན་ཟླ་བས་ཀྱང། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་སེམས་ཀྱི་འཕྲུལ་ཡིན་པས། ཐོག་མར་ཀུན་སློང་བཅོས་པ་


GTD003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གལ་ཆེ་ལ། ཀུན་སློང་གི་ཁྱད་པར་ཡང། སྒོམ་པ་རིན་ཆེན་བླ་མའི་གསུང་ལས། ལམ་རིམ་འདི་ཁག་མདོག་ཁ་མོ་ཡོད་དེ། ཁག་རྒྱུ་མི་འདུག །གོ་རྒྱུ་ཚིག་གསུམ་རེད། མིག་རྒྱ་བསྲིང། ཡིད་རྒྱ་བསྐྱེད། ཁོང་སོ་གློད་གསུངས་པ་ལྟར། ཐོག་མར་འཕེན་པ་གཏོང་བའི་ཚེ་མིག་རྒྱ་བསྲིང་སྟེ་ཡ་གི་སངས་རྒྱས་ཀྱི་ས་ལ་དམིགས་པ་ཡིན་ན། དེ་དང་མཐུན་པའི་བཤེས་གཉེན་ཡང་ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་ཡོངས་འཛིན་གྱི་ཁྱད་པར་འཕགས་པར་བཤད་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་ཞིག་དང། གྲོགས་ཀྱང་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་ནས་བཤད་པ་ལྟ་བུ་ཞིག་ཚོལ་ཞིང་མངོན་མཐོ་དང་ཐར་པ་སོགས་དེས་ཞར་བྱུང་དུ་འགྲུབ་འགྲོ་བ་ཡིན་ཏེ། དཔེར་ན་བར་ཁམས་དང། ཆབ་མདོ་དང། རྒྱ་ནག་ཏུ་འགྲོ་འདོད་པའི་ཚོང་པ་གསུམ་ལམ་གྲོགས་ཀྱང་དེ་དང་དེའི་བར་དུ་འགྲོ་བ་རེ་ཚོལ་ཞིང། ཐུང་ངུ་རྣམས་ལམ་རིང་པོའི་ཞར་ལ་འགྲོ་བ་ལྟ་བུ་ཡིན་པས། དེ་ལྟ་བུའི་དགེ་སེམས་ཁྱད་པར་ཅན་ཞིག་གསལ་བཏབ་སྟེ། དེའི་ངང་ནས་སྐྱབས་ཡུལ་གསལ་འདེབས་ཚུལ་ཡང་འཇམ་དཔལ་ཞལ་ལུང་སོགས་ལས་བྱ་ནམ་མཁའ་ལ་འཕུར་བ་ལྟར་བྱོན་པའི་མོས་པ་བྱེད་པར་གསུངས་ཀྱང། འདིར་རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་ཁྲི་པད་ཟླ་ཉི་མའི་གདན་ལ་གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་སྐྱབས་ཡུལ་རྣམས་ཚིག་རིས་ལྟར་མདུན་ན་བཞུགས་བཞིན་པ་གསལ་འདེབས་པ་ཡིན་ལ། འོན་ཀྱང་པོ་ཏི་རྣམས་རང་རང་གི་མདུན་དུ་བཞུགས་པར་ཚིག་ཟིན་ལ་གསུངས་ཀྱང་གསལ་འདེབས་


GTD003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་གཡས་ཕྱོགས་སུ་པདྨའི་སྡོང་བུ་ལ་བདུད་རྩིའི་ཟིལ་པ་ཁྲོམ་མེ་བ་ཡིག་འབྲུ་རྣམས་ཀྱང་རང་སྒྲ་སྒྲོགས་ཤིང་བདུད་རྩི་འཛག་བཞིན་པ་ཞིག་གསལ་བཏབ་སྐྱབས་ཡུལ་རྣམས་ཀྱང་རང་ལ་དགྱེས་པའི་མོས་པ་བྱེད། འདི་ལ་བླ་མ་བྱམས་པའི་ཞལ་ནས། སངས་རྒྱས་བྱང་སེམས་རྣམས་ངེད་ཅག་ལ་ཐུགས་དགའ་ནས་དགྱེས་པ་མིན། སྡུག་དྲགས་ནས་བརྩེ་བས་མ་བཟོད་པར་དགྱེས་པ་ཡིན་ཏེ་ང་སྔོན་གཙང་ལ་སོང་སྐབས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཁོང་ལོ་རྒས་པས་ཁྱོད་ཀྱིས་འདི་ཚོ་ལ་ལམ་རིམ་ཡག་པོ་ཞིག་ཤོད་གསུངས་ནས་བཤད་པས། དེ་ནས་པཎ་ཆེན་གྱིས་རྒྱུན་པར་གཟིམས་ཆུང་ནས་དབུ་ཏོག་ཙམ་ཏོག་ཙམ་རེ་གཟིགས་པ་ལ། གཞན་རྣམས་པཎ་ཆེན་ཞབས་འཆག་གནང་བ་རེད་ཟེར་ཡང་ངས་དཔག་པ་ན་ད་ཅི་དྲག་ང་ནི་ན་སོ་རྒས་སོང། ཁོང་ཚོ་ནི་གང་བྱས་ཀྱང་འདྲེན་ནུས་པ་རང་མི་འདུག་སྙམ་དུ་ཐུགས་ཀྱིས་མ་བཟོད་པར་འདུག་གསུངས་པ་ལྟ་བུ་ཡིན། བླ་མ་རིན་པོ་ཆེ་དེ་སྐབས་དགུང་ལོ་བཅུ་བདུན་ཡིན་ཞིང་ལམ་རིམ་གསན་པའི་ཐོག་མ་དེ་ཡིན་ཀྱང་ཐུགས་ལ་དེ་ལས་འཇགས་པ་མ་བྱུང་གསུངས། ཡང་བླ་མ་གྲུབ་པའི་དབང་ཕྱུག་གི་ཞལ་ནས། དགྱེས་རྒྱུ་ཆེན་པོ་མེད་དེ་ཅུང་ཟད་ཡོད། དེ་ཅི་ཡིན་ན། སྔོན་ཐོག་མ་མེད་པ་ནས་ངན་སོང་གསུམ་དུ་འཁྱམས་ཏེ་དགེ་བློ་ཅུང་ཟད་ཙམ་ཡང་སྐྱེ་རྒྱུ་མ་བྱུང་བ་ལ། ད་རེས་མི་ལུས་ལན་གཅིག་ཐོབ། དགེ་བའི་བཤེས་གཉེན་དང་མཇལ་ནས་མ་མཐའ་བསྒོམ་ཁུལ་ཙམ་བྱས་ཏེ་བཅོས་མ་ཙམ་ཀྱིས་ཀྱང། མ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བདག་གིས་


GTD003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པར་བྱའོ་ཞེས་པའི་ཚིག་ཙམ་ཟེར་ཤེས་པ་བྱུང་བ་ཡང་ཡ་མཚན་ཆེ། ད་ནི་བླུན་པོ་ཆུ་སྣ་འདྲ་བ་རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་བ། བློ་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་ཡིན་པས་བཅོས་མ་འདི་ཙམ་ཞིག་བསྒོམ་སོང་ན་མཐར་དགའ་མོ་ཨེ་ཡོང་སྙམ་དུ་དགྱེས་པ་ཡིན་གསུངས། དེ་ལྟར་སྐྱབས་ཡུལ་རྣམས་གསལ་བཏབ་སྟེ། དེ་དག་གི་མདུན་དུ་གཙོ་བོ་རང་ཉིད་དང། གཡས་གཡོན་དུ་ཚེ་འདིའི་ཕ་མ་སོགས་དང། དེ་དག་གི་མཐའ་སྐོར་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྨུག་ཤིག་གེ་ཡོད་པའི་མོས་པ་བྱས་ཏེ་སྐྱབས་འགྲོ་བྱེད་དགོས། སྐྱབས་འགྲོ་བྱེད་པ་ཡང་དགའ་དགའི་རྩེད་མོ་ལྟ་བུས་མི་ཡོང་བས། རྣམ་པར་ཤེས་པ་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁོར་ཚུལ་མིག་མཆི་མ་ཀོར་རེ་སེམས་འཇིགས་ཡེ་རེ་བ་ཞིག་གི་ངང་ནས། བླ་མ་ལ་སྐྱབས་སུ་མཆིའོ་ཞེས་སོགས་ཐུན་མོང་བའི་སྐྱབས་འགྲོ་སྔོན་དུ་བཏང་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་བྱེད་དགོས། ཕྱི་མ་འདི་ལ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཟེར་བའི་རྒྱུ་མཚན་ཡང། དཔེར་ན་བཟའ་ཚང་གི་བདག་པོས་གཞན་ལ་མགོ་འདྲེན་ཞུ་བ་ན། རང་གཅིག་པུ་ཙམ་ཞིག་མ་ཡིན་པར། ངེད་བཟའ་ཚང་ལྟོས་བཅས་ཐམས་ཅད་ཁྱེད་ཀྱིས་ཤེས་ཟེར་བ་ལྟར། འདིར་ཡང་རང་གཅིག་པུའི་དོན་མ་ཡིན་པར། སེམས་ཅན་ཐམས་ཅད་ཀྱིས་ཆེད་དུ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་སོང་བས་སྐྱབས་འགྲོ་ཐུན་མོང་མ་


GTD003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་སོང་བ་ཡིན། དེ་ལྟར་སྐྱབས་སུ་སོང་བའི་མཐར་ཐུབ་དབང་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་ཐིམ། རང་ཐུབ་པའི་དབང་པོའི་སྐུར་ལམ་གྱིས་བཞེངས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཐུབ་པའི་དབང་པོའི་སྐུར་གྱུར་པའི་མོས་པ་བྱས་ཏེ། སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམ་པ་འདི་བྱིན་རླབས་ཀྱི་ཁྱད་ཆེ་ཞིང། གསང་སྔགས་རྡོ་རྗེ་ཐེག་པ་ལ་བག་ཆགས་འཇོག་པའི་དགོས་པ་ཤིན་ཏུ་ཆེན་པོའང་ཡོད་དོ། །སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་འདི་ཙམ་ཞིག་དབང་མ་ཐོབ་པ་རྣམས་ལ་ཡང། གསང་སྒྲོགས་སུ་མི་འགྲོ་སྟེ། ཤེར་ཕྱིན་གྱི་མདོར་ཡང་ཤེར་མདོ་གསུངས་པའི་ཚེ་བཅོམ་ལྡན་འདས་ཀྱིས་སྐུ་ལས་འོད་ཟེར་སྤྲོ་བསྡུ་བྱས་པས་སྣོད་བཅུད་ཐམས་ཅད་སྦྱངས་ཏེ་སྐད་ཅིག་མ་དེ་ལ་སྡུག་བསྔལ་མཐའ་དག་རྒྱུན་ཆད་པར་གསུངས་པ་དང། རྒྱན་ལས་ཀྱང། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་སྒྲུབ་པ་ཡིས། །ཞེས་སྣོད་བཅུད་གཉིས་ཀ་སྦྱངས་པར་གསུངས་པ་སོགས་མདོ་ཕྱོགས་སུ་ཡང་ཚུལ་དེ་ཙམ་ཞིག་གསུངས་པ་མང་དུ་ཡོད་པས་སྐྱོན་མེད་ལ། དེ་ནས་ཚད་མེད་བཞི་བསྒོམ་ཞིང། དེའི་མཐར་སྐྱབས་འགྲོའི་ཚོགས་ཞིང་འདི་ལ་བསྡུ་བ་དང་མི་བསྡུ་བའི་ལུགས་གཉིས་ཡོད་ཀྱང། བྱིན་རླབས་ཀྱི་ཁྱད་ཀྱིས་བསྡུས་ན་ལེགས་པས་བསྡུ་ཚུལ་ཡང་འོད་ཀྱི་རྣམ་པར་ཞུ་སྟེ་སྨིན་མཚམས་སུ་བསྡུས་ན་དེར་ཡེ་ཤེས་ཀྱི་སྤྱན་ཡོད་པ་བྱིན་རླབས་འཇུག་པའི་སྒོ་ཡིན་པས་གནད་ཤིན་ཏུ་ཆེའོ། །བཞི་པ་ཚོགས་ཞིང་གསལ་འདེབས་པ་ནི། སྔར་


GTD003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གསེར་ལས་གྲུབ་པའི་ཁྲི་མཐོ་ཞིང་ཡངས་པ་སེང་ཆེན་བརྒྱད་ཀྱིས་བཏེག་པ། སེང་གེ་རྣམས་ཀྱང་རི་མོར་བྲིས་པ་ལྟ་བུ་མིན་པར་དངོས་གནས་པ་དབུགས་ལྷེམ་ལྷེམ་བྱེད་པ་རེ་གསལ་འདེབས་དགོས་ཏེ། དེའི་རྒྱུ་མཚན་བཅོམ་ལྡན་འདས་ཐུན་མོང་བ་ལྟར་ན་རྡོ་རྗེ་གདན་དུ་སངས་རྒྱས་ཀྱང། ཐུན་མོང་མ་ཡིན་པ་ལྟར་ན་འོག་མིན་དུ་སངས་རྒྱས་ཏེ་དང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རྒྱུད་གསུངས་པའི་ཚེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེང་གེའི་རྣམ་པ་བཟུང་བ་ཡིན་ལ། དེ་ལྟ་བུའི་ཁྲི་དེའི་དབུས་སུ་སེང་ཁྲི་ཆུང་བ་ཞིག་ལ་སྔར་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་གསལ་བཏབ། དེའི་ཐུགས་ཀ་ནས་འོད་ཟེར་རྒྱབ་ཀྱི་སྟོད་ཕྱོགས་སུ་འཕྲོས་པའི་རྩེ་མོར་རྒྱལ་བ་རྡོ་རྗེ་འཆང་ལ་འབྲོམ་སྟོན་ལ་སོགས་པའི་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་དམ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བླ་མ་བརྒྱུད་པས་བསྐོར་བ། མདུན་དུ་འཕྲོས་པའི་རྩེ་མོར་རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་བ། དཔུང་པའི་ཐད་ཀྱི་གཡས་གཡོན་གཉིས་སུ་འཕྲོས་པའི་རྩེ་མོར་རྒྱ་ཆེན་སྤྱོད་བརྒྱུད་དང། ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་གྲལ་ཤར་རེ་རེ་བྱས་ཏེ་ཞལ་ཐུབ་དབང་ལ་ཕྱོགས་ནས་བཞུགས་པའི་སྤྱན་ཟུར་གྱིས་རང་ལ་གཟིགས་པ། དེ་དག་གི་ཕྱི་རོལ་ཏུ་སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང། དེའི་ཕྱོགས་བཞིར་རྒྱལ་ཆེན་བཞི་ཁ་ཕྱིར་ཕྱོགས་ཏེ་བར་ཆད་བསྲུང་བའི་ཚུལ་གྱིས་བཞུགས་པ་གསལ་འདེབས་པ་འདི་ལ་རྒྱུད་སྡེ་


GTD003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ལྷ་ཚོགས་རྣམས་མ་འདུས་པ་མེད་པས་བཀའ་གདམས་པ་རྣམས་ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཞེས་གསུངས་པ་ཡིན། ཚོགས་ཞིང་དེ་རྣམས་ཀྱང་སྐུ་འདྲ་དང་བྲིས་སྐུ་ལྟ་བུ་མ་ཡིན་པར། སྟོན་པ་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སོགས་གསུང་བཞིན་པ་དང། བྱམས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཞེས་སོགས་དང། འཇམ་དབྱངས་ཡང་སྟོང་པ་ཉིད་ཀྱི་སྒྲ་ལྷང་ལྷང་གསུང་བཞིན་པ་དེ་ལྟ་བུ་ཐམས་ཅད་ལ་ལེགས་པར་གསལ་འདེབས་དགོས་པ་ཡིན་ལ། དེ་དག་གི་ཕྱི་རོལ་ཏུ་གང་ལ་གང་འདུལ་གྱི་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་པ་འགའ་ཞིག་ཚུར་བསྡུ་ཞིང་འགའ་ཞིག་ཕར་སྤྲོ་བ་དཔེར་ན་རྒྱལ་པོའི་མི་འགའ་ཞིག་དོན་འགྲུབ་ནས་འོང་བ་དང། ལ་ལ་ཕར་འགྲོ་བ་ལྟ་བུ་སྤྲུལ་པ་སྣེ་འཛིང་བས་ནམ་མཁའི་ཁམས་གང་བར་སྤྲོ་བ། དེ་དག་ཐམས་ཅད་ཀྱི་སྤྱི་བོ་ཨོཾ་དཀར་པོ་སོགས་གསལ་བཏབ་སྟེ། བདུད་རྩི་འབེབས་སྦྱང་བྱེད་ཚུལ་ཡང། རྒྱུད་བླ་མ་ལས་གསུངས་པ་ལྟར། ཡེ་ཤེས་ལྔའི་ནང་ནས་མེ་ལོང་ཡེ་ཤེས་གཟུགས་སུ་ཤར་བ་སྤྱི་བོའི་ཨོཾ་དཀར་པོ་ཡིན་པས་དེ་ལས་བདུད་རྩི་འབེབས་སྦྱང་བྱས་པས། རང་གཞན་གྱི་ནད་གདོན་ཞི་བ་སོགས་ཞི་བའི་ལས་རྣམས་འགྲུབ་ཅིང། སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་གསུང་རྡོ་རྗེའི་ས་བོན་མགྲིན་པའི་ཨཱཿ དམར་པོ་ལས་དབང་དང། དེ་བཞིན་དུ་ཐུགས་ཀའི་ཧཱུཾ་སྔོན་པོ་ལས་དྲག་པོ་དང། རིན་འབྱུང་གི་ས་བོན་ལྟེ་


GTD003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྭཱ་སེར་པོ་ལས་ཚེ་བསོད་རྒྱས་པ་དང། གསང་བའི་ཧཱ་ལྗང་གུ་ལས་ལས་རབ་འབྱམས་འགྲུབ་པ་ཡིན་པས་བདུད་རྩི་འབེབས་སྦྱང་འདི་ཤིན་ཏུ་གནད་ཆེའོ། །འདིར་བདུད་རྩིའི་སྐད་དོད་ཨ་མྲྀ་ཏ་ཞེས་པའི་མྲྀ་འཆི་བ་ལ་འཇུག་ཅིང། ཨ་དགག་ཚིག་ཡིན་པས་དེ་ཉིད་ཨས་བཀག་སྟེ་འཆི་བ་མེད་པ་ལ་འཇུག་པ་ཡིན། བདུད་རྩི་འབེབས་སྦྱང་གི་གདམས་པ་འདི་ལས་ཟབ་པ་རྒྱུད་ལ་ཡང་མེད་པས་འདི་ལེགས་པར་བསྐྱང་ན་དབང་སྡུད་སོགས་ལ་ཡང་ལྷ་མོ་རིག་བྱེད་མའི་མེ་ཏོག་གི་མདའ་གཞུ་ལས་ཀྱང་འདི་ཟབ་པ་ཡིན། དེས་ན་བྱང་ཆུབ་ལམ་རིམ་གྱི་ཉམས་ལེན་འདི་གནད་དུ་འགྲོ་བ་ཞིག་བྱུང་ན། གཞན་སུ་ལ་ཡང་རེ་མི་དགོས་ཏེ། དཔེར་ན་སྔོན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཞིང་ལ་གཤེགས་ནས་བཀའ་གདམས་སྐུ་མཆེད་གསུམ་གྲོང་ཆོག་སོགས་ལ་མི་ཕེབས་པར་དམ་བཅས་ཏེ་ཕན་ཚུན་གཅིག་གིས་གཅིག་མི་སྤོང་བར་བཞུགས་པའི་དུས་ལན་གཅིག་པོ་ཏོ་བའི་རྨི་ལམ་དུ། ནོར་བུ་འཚོང་མཁན་བྱུང་བས་ཉོ་དགོས་དགོངས་ཙ་ན་རང་གི་ཨ་འབག་ཏུ་ནོར་བུ་རིན་ཐང་མེད་པ་མང་པོ་འདུག་པ་མཐོང་སྟེ། ང་ལ་འདི་འདྲ་ཡོད་བཞིན་དུ་ཅི་ལ་ཉོ་སྙམ་ནས་མ་ཉོས་སད་ནས་དེ་རང་བདེན། ང་ལ་འབྲོམ་གྱི་གདམས་པ་མངོན་མཐོ་སྒྲུབ་བྱེད་ཀྱི་ཐབས་ཡང་ཡོད། དེར་མ་ཟད་ཐར་པ་བསྒྲུབ་ན་ཡང་ང་ལ་ཡོད། ཐམས་ཅད་མཁྱེན་པ་བསྒྲུབ་ན་ཡང་ང་ལ་ཡོད་པས་གཞན་ལས་ཅི་བཙལ་དགོངས་པ་ལྟ་བུ་ཡིན། ཡང་སྐབས་འདིར་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཡེ་ཤེས་པ་རྣམས་སྤྱན་འདྲེན་པར་མཛད་པ་ལ་དགོས་པ་ཅི་ཡོད།


GTD003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་རྟག་ཏུ་བཞུགས་པ་མ་ཡིན་ནམ། ཞེ་ན་འདིའི་དགོས་པ་ནི། མི་ཕལ་ཆེར་གྱིས་བསམ་པ་ལ་རྒྱལ་བ་འོད་དཔག་མེད་དེ་བདེ་བ་ཅན་བྱ་བའི་ཐག་རིང་པོ་ཞིག་ན་བཞུགས་ཡོད་སྙམ་པ་དང། བྱམས་མགོན་ཡང་ཡ་གི་རི་རབ་ཀྱི་རྩེ་མོ་ཐག་རིང་ཞིག་ན་བཞུགས་པས། འདི་ནས་བོས་ཀྱང་མི་གསན་སྙམ་པ་ལྟ་བུའི་ལོག་རྟོག་འཆར་བ་བཟློག་པའི་ཆེད་དུ་སྤྱན་འདྲེན་བྱས་ཏེ་བཛྲ་ས་མཱ་ཛཿ ཞེས་སོགས་བརྗོད་ཚེ་ང་རང་གི་མདུན་ན་བཞུགས་ཡོད་སྙམ་པ་སྐྱེ་བའི་དབང་གིས་དེ་ལྟར་བྱས་པ་ཡིན་གྱི་སྤྱན་མ་དྲངས་ཀྱང་ཐུབ་དབང་མདུན་ན་བཞུགས་པ་རིགས་པ་དྲི་མ་མེད་པས་འགྲུབ་པ་ཡིན་ཏེ། སློབ་དཔོན་དཔའ་བོས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་མཁྱེན་པས་མ་ཁྱབ་པའི་ཤེས་བྱ་མེད་ལ། དེས་གར་ཁྱབ་ཏུ་ཡེ་ཤེས་དེ་ཉིད་སྡོད་སའི་རྟེན་ཞིག་དགོས་པས། སྐུས་ཁྱབ་པ་ཡིན་ན་རང་རེའི་མདུན་ན་ཡང་ཅིའི་ཕྱིར་མེད། དེ་ཡང་སྔོན་བྱུང་གི་དཔེ་དང་སྦྱར་ན་གོ་བདེ་བས། དེའི་ཚུལ་ནི། སྔོན་འཕགས་པ་ཐོགས་མེད་ཀྱིས་བྱམས་མགོན་ལོ་བཅུ་གཉིས་བསྒྲུབས་ཀྱང་ཞལ་མ་གཟིགས་པས། ཐུགས་སྐྱོ་ནས་ཕྱིར་ཐོན་པ་ན་ཁྱི་མོ་རོ་སྨད་འབུས་གཡེང་བ་ཞིག་གཟིགས་ཏེ། སྙིང་རྗེ་ཚད་མེད་པ་ཞིག་འཁྲུངས་ནས་ག་རེ་འབུ་བསལ་ན་འབུ་འཆི། མ་བསལ་ན་ཁྱི་འཆི་བར་འདུག་དགོངས་ནས་རང་གི་བརླ་ཤ་སྤུ་གྲིས་བཅད་དེ་དེར་འབུ་རྣམས་གཞུག་བཞེད་དེ་སྤྱན་བཙུམ་ནས་ལྗགས་ཀྱིས་འབུ་རྣམས་བླངས་པའི་ཕྱིར་བཙལ་བ་ན་མ་རྙེད། སྤྱན་ཕྱེ་བས་བྱམས་མགོན་འོད་འདོམ་གང་བ་ཞིག་བཞུགས་པ་མཐོང་


GTD003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཡུས་ཀྱིས་ངུས་ཏེ། རྗེ་བཙུན་ཐུགས་རྗེ་རེ་ཆུང། ངས་དེ་ཙམ་བསྒྲུབས་ཀྱང་ཞལ་མི་སྟོན་པ་ཞུས་པས། ང་ཁྱོད་དང་འབྲལ་མ་མྱོང་སྟེ་ཁྱོད་ལས་སྒྲིབ་ཆེ་བས་ང་མ་མཐོང་བ་ཡིན་གསུངས་པ་ལྟ་བུ་དང། ཙནྡྲ་གོ་མིས་དབུ་ལ་སྤྱན་རས་གཟིགས་བཞུགས་པ་ཐམས་ཅད་ལ་བསྟན་ཀྱང་སུས་མ་མཐོང་བ་ལྟ་བུ་ཡིན་ལ། དེ་ལྟར་སྤྱན་དྲངས་ཁྲུས་གསོལ་བ་དགོས་པ་ཤིན་ཏུ་ཆེ་སྟེ། མིའི་རིགས་ལ་དད་པ་བཟང་པོ་ཡོད་ཀྱང་། སེམས་ལ་མུན་པ་བབས་པ་ལྟར་གང་ཡང་མི་འཆར་བ་ཞིག་དང། དབང་པོ་རྣོ་ཡང་དད་པ་མེད་པ་གཉིས་ཡོད་པ་ལས། སྔ་མ་དཀོར་སྒྲིབ་ཡིན་པས་དེ་སྦྱོང་བ་ལ་ཡང་འདི་ལས་ཟབ་པ་མེད། ཁྲུས་གསོལ་བྱེད་ཚུལ་ཡང་རེ་འགའ་ཚོགས་ཞིང་རྣམས་ཁྲུས་ཁང་དུ་བབས་ནས་ཁྲུས་མཛད་དེ་ནག་ནོག་ཐམས་ཅད་བཀྲུས་ནས་རང་གྲལ་དུ་བཞུགས་པ་དང། རེ་འགའ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་རང་གི་ཐད་ཀ་ནས་ལྷ་མོ་རྣམས་ཀྱི་འགའ་ཞིག་གིས་བུམ་པ་དང། འགའ་ཞིག་གིས་མེ་ལོང་བཟུང་སྟེ་ཁྲུས་གསོལ་བ་གང་བྱས་ཀྱང་རུང་ངོ་། །ལྔ་པ་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ་ལ། ཐོག་མར་ཕྱག་འཚལ་བའི་ཕན་ཡོན་ནི། མདོ་སྡེ་ལས་དགེ་སློང་དག །དགེ་སློང་གིས་འདི་ལྟར་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས། དགེ་སློང་དག་ལུས་འདིས་ཇི་ཙམ་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པའི་བར་ཕྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་གསུངས་ལ། བླ་མ་


GTD003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་ཞལ་ནས་ཀྱང་། འདི་འདྲ་ལ་བལྟས་ན་རྐང་ལག་ཀྱང་འདི་ལས་རིང་ཙམ་ཡོད་ན་སྙམ་པ་སྐྱེ་བར་འདུག་གསུངས་པ་དང། དེར་མ་ཟད་ཕྱག་འཚལ་བ་མཚན་བཟང་གི་རྒྱུར་འགྱུར་ཞིང་དཀོན་མཆོག་གི་སྐྱབས་འོག་ཏུ་ཆུད་པའི་རྟགས་ཀྱང་ཡིན་ཏེ། དཔེར་ན་འཇིག་རྟེན་ན་དམག་འཐབ་པའི་ཚེ་དམག་ཕྱག་ཕུལ་བ་དང། ཕ་རོལ་པོས་ཀྱང་རང་གི་མངའ་འོག་ཏུ་དྲངས་ཏེ་ཁོ་ངའི་མི་ཡིན་ཞེས་བདག་ཏུ་འཛིན་པ་ལྟ་བུ་ཡིན། ཕྱག་འཚལ་ལུགས་ཀྱང་རྗེ་སྒྲུབ་ཁང་པའི་ཞལ་ནས། བླ་མ་ལ་རྡུལ་གཙུབ་པ་འདྲ་བ་མ་བྱེད་གསུངས་ཤིང། བླ་མ་བྱམས་པས་ཀྱང་ཁྱེད་ཚོའི་ཕྱག་འཚལ་ལུགས་དེ་བྲང་བརྡུང་ནས་ད་ཅི་དྲག་ཟེར་བ་འདྲར་འདུག་གསུངས་པ་དེ་ལྟར་མ་སོང་བ་ཕྱག་འཚལ་ལུགས་ལ་མཁས་པར་བྱ་དགོས། རྗེ་མི་ལ་ཡང་བྲག་ཕུག་ཅིག་ཏུ་རང་བསྡད་པ་ཡིན། ཕྱག་ལྟ་བུའི་ཉམས་ལ་ཡང་ཁྱད་པར་དུ་འཕགས་པ་ཞིག་ཡོད་དེ། རྔོག་ཆོས་རྡོར་གྱིས། འཆད་པ་པོ་ང་ཉན་པོ་ང་ཞེས་སོགས། ཀྱཻ་རྡོར་བརྟག་གཉིས་ཀྱི་གླེང་གཞི་འཆད་པའི་ཚེ་རྗེ་བཙུན་མི་ལས་རྒྱང་རིང་པོ་ནས་བརྐྱང་ཕྱག་བཙལ་བས། རྔོག་གིས་བོད་གླེན་པ་ལ་དེ་འདྲའི་ཕྱག་མི་ཡོང་། ནཱ་རོ་པཎ་ཆེན་གྱི་ཕྱག་ལྟ་བུ་བྱུང་གསུངས་པ་ལྟར་བསྟན་འཛིན་དམ་པ་རྣམས་ཀྱིས་ཀྱང་ཕྱག་ཐུགས་དམ་གྱི་མཐིལ་དུ་བཞེས་པ་ཡིན། རྗེ་བདག་ཉིད་ཆེན་པོས་ཀྱང་སྟོད་ལུང་དུ་སྡེ་སྣོད་འཛིན་པ་བདུན་བརྒྱ་ཙམ་ལ་འཆད་ཉན་མང་དུ་མཛད་པའི་ཚེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས། དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོགས་ཆེན་པོ་ག་ལ་འགྱུར། །དེ་བས་སྒྲུབ་པ་ལྷུར་བླང་དབེན་པ་བསྟེན། །


GTD003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་སྙམ། །ཞེས་བསྐུལ་བ་དང་མཉམ་དུ་མཐོ་མཐོ་རླུང་ལ་བསྐུར། དམའ་དམའ་ཆུ་ལ་བསྐུར་སྟེ་འོལ་ཁ་བསམ་གཏན་གླིང་དུ་ཕེབས་ནས་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་རེ་མཛད་དེ་བརྐྱང་ཕྱག་འཚལ། རྡོའི་མཎྜལ་ཡང་མང་དུ་ཕུལ་བས་ཕྱག་ངར་ལ་རྨ་མང་དུ་བཏོན། དེ་ནས་རིང་པོ་མ་ལོན་པར་ཐོག་མར་ཀླུ་དབང་རྒྱལ་པོའི་ཞལ་གཟིགས། དེ་ནས་རིམ་གྱིས་སངས་རྒྱས་སོ་ལྔ་དང་པཎ་གྲུབ་མང་པོའི་ཞལ་གཟིགས། དེ་བཞིན་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱང་ཕྱག་ཐུགས་དམ་གྱི་གཙོ་བོར་མཛད་ལ། བླ་མ་བྱམས་པའི་གསུང་ལས་ཀྱང། མི་ཚོ་ནི་མཚན་མོ་ཡང་ཙོག་པུར་བསྡད། དེ་ནས་གཉིད་ཆུང་རང་བརྒྱབ། དེ་འདྲ་བྱེད་ཀྱི་ཡོད་པ་རེད། ང་ནི་དགེ་སྦྱོར་ཤི་མིན་གསོན་མིན་དེ་འདྲ་བྱེད་ཀྱི་མེད། བརྐྱང་ཕྱག་ཝ་མོ་འཁྱུག་པ་འདྲ་བ་སུམ་བརྒྱ་རེ་བཙལ་ཏེ་རྐང་ལག་བརྐྱང་ནས་ཉལ་སྡོད་ཀྱི་ཡོད་གསུངས་པ་བཞིན། སྐུ་ན་ཤིན་ཏུ་བགྲེས་པའི་དུས་ནའང་ཕྱག་ལ་དེ་ཙམ་གྱིས་བརྩོན་པ་མཛད་པ་ཡིན། འདི་ལ་འགའ་ཞིག་གིས་ཕྱག་འཚལ་བ་སོགས་དབང་པོ་རྟུལ་པོའི་ལུགས་སྲོལ་ཡིན། དབང་རྣོན་གྱིས་སེམས་ཀྱིས་དགེ་སྦྱོར་བྱེད་པ་ཡིན་ཟེར་བ་གཏན་ནས་མི་རིགས་ཏེ། མདོ་སྡེ་ས་བཅུ་པ་ལས། ཀྱཻ་རྒྱལ་པོའི་སྲས་དག །ཞེས་པ་ནས། འོད་ཟེར་གྱིས་དྲ་བའི་དཀྱིལ་འཁོར་ཆེན་པོར་བྱས་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་རབ་ཏུ་བྱེད་དེ། མཆོད་པ་དང་རིམ་གྲོ་བྱ་བ་དེ་ལ་སེམས་དང་པོ་བསྐྱེད་པ་ཡན་ཆད་ས་


GTD003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ཐོབ་པའི་བར་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་སོགས་ཀྱིས་ས་གོང་མ་གོང་མའི་སྐབས་སུ་ལུས་ངག་གི་དགེ་སྦྱོར་ཡང་ཆེས་གོང་འཕེལ་དུ་འགྲོ་བར་གསུངས་ཤིང། བྱང་ས་ལས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང། ཞལ་ཟས་དང། གཟིམ་ཆ་དང། གདན་དང། སྙུན་གྱི་གསོས་སྨན་དང། ཡོ་བྱད་རྣམས་དང། གུས་པར་སྨྲ་བ་དང། ཕྱག་འཚལ་བ་དང། སྔོན་དུ་ལྡང་བ་དང། ཐལ་མོ་སྦྱར་བ་དང། ཞེས་པ་ནས་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས་བྱའོ། །ཞེས་ཕྱག་དང་མཆོད་པ་འདི་དག་རྒྱལ་སྲས་རྣམས་ཀྱི་ཉམས་ལེན་དུ་གསལ་བར་གསུངས་པའི་ཕྱིར་རོ། །དེ་ནས་མཎྜལ་ཞེས་པ་བོད་སྐད་དུ་བསྒྱུར་ན་ཞིང་ཁམས་ལ་འཇུག་ཅིང། དེའི་དམིགས་པ་སྐྱོང་བ་ལ་འཇིག་རྟེན་གྱི་ཚུལ་ཤེས་དགོས་པས། དེ་ཡང་བསྐལ་པ་འདིའི་གོང་དུ་བསྐལ་པ་འཛིན་པ་ཞེས་བྱ་བ་སྟོང་སྟེ། རླུང་སྤུ་འགུལ་བ་ཙམ་ཡང་མེད་པར་ནམ་མཁའ་སྟོང་སང་དུ་གནས་པའི་ཚེ་གཙང་མའི་གནས་ནས་རླུང་བྱུང་སྟེ་རླུང་རྣམས་འཁྲིགས་ཏེ་རླུང་གི་དཀྱིལ་འཁོར་རྡོ་རྗེ་ཕ་ལམ་གྱིས་ཀྱང་རི་མོ་ཙམ་བྲི་བར་མི་ནུས་པ་ལྟ་བུ་དེའི་སྟེང་དུ་གནས་གཙང་མའི་གནས་ནས་ཆར་གྱི་རྒྱུན་བབས་པ་རྒྱ་མཚོར་འཁྱིལ་བ་བསྲུབ་པ་ལས་ཁམས་རབ་ལས་རི་རབ་དང། འབྲིང་ལས་གསེར་གྱི་རི་བདུན་བྲེ་ཆེན་གྱི་ནང་དུ་བྲེ་ཆུང་བཅུག་པ་ལྟར་ཡོད་ཅིང། དེའི་ཕྱི་རོལ་ཏུ་བ་ཚྭ་ཅན་གྱི་རྒྱ་མཚོ་ཞེས་བྱ་བ་འཐུང་བ་ཙམ་གྱིས་ལྕེ་འགས་པར་འགྱུར་བ་ཡོད་ལ།


GTD003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཐའ་སྐོར་ཁམས་ཐ་མ་ལས་གྲུབ་པའི་འཁོར་ཡུག་གི་ལྕགས་རིས་བསྐོར་བའི་ནང་དུ་གླིང་དང་གླིང་ཕྲན་རྣམས་ཀྱིས་རྩ་བ་གསེར་གྱི་ས་གཞི་ལ་ཐུག་པའི་རྩེ་མོ་བག་ཙམ་སྟེང་དུ་ཐོན་ཏེ། མཐའ་ཆུས་བསྐོར་བའི་བར་གྱི་སྐམ་ལ་གླིང་ཞེས་གྲགས་པ་ཡིན། ཚུལ་དེ་ལྟར་འཛམ་གླིང་བྱེ་བ་ཕྲག་བརྒྱ་པོ་གསེར་གཞི་གཅིག་གི་སྟེང་དུ་རྔའི་སྟེང་ན་རྔ་ཡབ་ཀྱིས་བསིལ་བ་གཏོར་བ་ལྟར་ཡོད་ཅིང་དེ་དག་གི་ལོངས་སྤྱོད་ཀྱི་གཙོ་བོ་རིན་པོ་ཆེའི་རི་བོ་སོགས་ཡིན་པས་གླིང་རང་རང་དུ་འགོད་དགོས་ལ། འཁོར་ལོ་སོགས་ཀྱང་འཁོར་བསྒྱུར་དེ་ཉིད་ཚེས་བཅོ་ལྔ་ལ་ཁ་ཤར་དུ་འཁོར་ཏེ་འདུག་པའི་ཚེ་འཁོར་ལོ་ཤར་ནས་འབྱུང་བ་སོགས་ཡིན་པས་ཕྱོགས་དེ་དང་དེའི་སྟེང་གི་ནམ་མཁའ་ལ་གསལ་འདེབས་པ་ཡིན། འདི་ཡན་ཆད་རྒྱུད་སྡེ་ལས་གསལ་བར་གསུངས་ཤིང། ཀུན་རིག་གི་ལྷ་མོ་འགའ་ཞིག་བཅུག་པ་འདི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་མངའ་བདག་གནང་བའི་ཚེ་བཅུག་པ་ཡིན་ལ། རྒྱལ་བ་རྡོ་རྗེ་འཆང་གི་མཎྜལ་ནི། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་སོགས་ཤོ་ལོ་ཀ་གཅིག་པོ་འདི་ཡིན། འབུལ་ཚུལ་ཡང་དང་པོ་གླིང་བཞི་རི་རབ་ཙམ་དང། དེ་ནས་རིམ་གྱིས་སྟོང་གསུམ་སོགས་འབུལ་བ་ཡིན་ཏེ། སྤྱོད་འཇུག་ལས། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཞེས་པ་ལྟ་བུ་དང། མི་ལས་ཀྱང་


GTD003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མར་པ་ལ་དངོས་པོ་ཅུང་ཟད་ཡོད་པ་ཕུལ་ནས་དེའི་སྟེང་དུ་ལུས་ངག་ཡིད་གསུམ་མཎྜལ་དུ་ཕུལ་ཏེ་མཎྜལ་ལ་དེ་ལས་ལྷག་པ་མེད་པས་དེ་འདྲ་ལ་ཡང་རིམ་གྱིས་བློ་སྦྱོང་དགོས། འདི་ལ་ཐོག་མར་མཎྜལ་བྱེད་ཚུལ་ཡང་ནང་དུ་བ་བྱུང་ལྔའམ། དེ་མ་བྱུང་ན་ས་གཙང་མའི་རྩྭ་དང་མེ་ཏོག་སོགས་ཀྱིས་འཚོ་བའི་འབྲིའི་ལྕི་བ་དང། ཆུ་སར་མ་ལྷུང་བ་དང། ཞོ་འོ་མ་མར་ལྔ་སྦྱར་བས་བྱུགས། མཎྜལ་གྱི་འབྲུ་རྣམས་ཀྱང་དྲི་བཟང་གིས་ཁ་བསྒྱུར་ཏེ་ཚོམ་བུ་འགོད་ཚུལ་ཡང། ཤར་རང་དང་བླ་མ་གང་རུང་ལ་བསྟན་ཀྱང་ཁྱད་མེད་དེ། བླ་མ་བྱམས་པས། འབུལ་རོག་བྱས་ན་དེ་རང་རྟགས་གསུངས་ལྟ་བུ་ཡིན་ལ། མཎྜལ་ཕུལ་བའི་ཕན་ཡོན་ཡང། ཇོ་བོ་ཆེན་པོས་མུ་སྟེགས་གདུགས་བཅུ་གསུམ་པ་ཞིག་དང་བརྩད་པ་ན་སྒྲའི་དཀའ་གནད་ཅིག་མ་མཁྱེན་པས་སྒྲོལ་མ་ལ་ཞུར་བཞེད་དེ་བྱ་མ་བུམ་ནས་ཆབ་བཞེས་ཏེ་ནང་དུ་ཕེབས་པ་ན། མུ་སྟེགས་པས་ཀྱང་ཁམས་སང་ལ་འགྲོ་བར་འདུག་སྙམ་ནས་བཏང་བས་ནང་དུ་ཕེབས་ཏེ་ད་ལྟ་རྒྱལ་བའི་གཟིམས་ཆུང་དུ་བཞུགས་པའི་ལུང་བསྟན་སྒྲོལ་མ་བྱ་བ་འདིའི་མདུན་དུ་མཎྜལ་ཕུལ་བས་མཎྜལ་གྱི་ཕྱེད་ཙམ་ན་སྒྲའི་དཀའ་གནད་ཐམས་ཅད་ཐུགས་ལ་ལམ་གྱིས་ཤར་ཏེ་མུ་སྟེགས་ཕམ་པར་མཛད་པ་ལྟ་བུ་ཡིན། དྲུག་པ་གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ་ནི། ལམ་མཆོག་སྒོ་འབྱེད་འདི་ཉིད་ལམ་རིམ་གྱི་རྟོགས་པའི་སྒོ་འབྱེད་ཡིན་པས་འདིའི་སྒོ་ནས་གསོལ་བ་འདེབས་པ་ལ། དང་པོ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཤོ་ལོ་ཀ་གཅིག་པོ་


GTD003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་མཇུག་ཏུ། གསོལ་འདེབས་ལན་གཉིས་ལས་དང་པོའི་ཚེ་རྩ་བའི་བླ་མ་ལས་བླ་མ་གཉིས་པ་ཆད་དེ་སྤྱི་བོར་ངོ་ཆེན་གྱི་ཚུལ་དུ་བཞུགས་པ་དང། གཉིས་པའི་ཚེ། བླ་མ་དེ་གཉིས་ལས་བདུད་རྩི་འབེབས་སྦྱང་བྱས་པས་བླ་མ་ལ་སྐྱོན་རྟོག་གི་བློ་དང། ཚེ་འདིར་ཤི་སྦར་འཐམ་པ་སོགས་ལམ་གྱི་གེགས་བྱེད་ཐམས་ཅད་སྦྱངས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཏེ་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་སྣོད་རུང་དུ་བྱས་པར་བསམ། དེ་བཞིན་དུ་འདྲེན་པ་མཉམ་མེད་ཅེས་སོགས་ལ་ཡང་གསོལ་འདེབས་གཉིས་གཉིས་བྱ་དགོས་ལ། འདི་དག་གི་ཚེ་སྤྱི་བོའི་རྩ་བའི་བླ་མ་དེས་ཀྱང་སྐྱབས་ཡུལ་དེ་རྣམས་ལ་ཁྱེད་རྣམས་ཀྱིས་ངའི་བུ་འདི་ལ་ཐུགས་བརྩེ་བས་གཟིགས་ཤིག་ཅེས་ངོ་ཆེན་བྱེད་པའི་མོས་པ་དང། རང་གིས་ཀྱང་སྙིང་ཐག་པ་ནས་གསོལ་བ་བཏབ་པས་དང་པོའི་ཚེ་ཚོགས་ཞིང་སྤྱི་དང། ཁྱད་པར་སངས་རྒྱས་བྱང་སེམས་གསུམ་ལས་བདུད་རྩིའི་རྒྱུན་བབས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དང། ཁྱད་པར་དུ་རྒྱ་ཆེ་བའི་ལམ་གྱི་རིམ་པ་སྐྱེ་བ་ལ་གེགས་བྱེད་སྦྱངས། གཉིས་པའི་ཚེ་སངས་རྒྱས་བྱང་སེམས་གསུམ་ལས་རང་འདྲ་གཉིས་པ་རེ་ཆད་དེ་རང་ལ་ཐིམ་པས་ཚེ་དང་བསོད་ནམས་སོགས་ཡོན་ཏན་ཐམས་ཅད་རྒྱས། ཁྱད་པར་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྒྱུད་ལ་སྐྱེས་པར་བསམ་ཞིང། ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ལ་ཡང་གསོལ་བ་བཏབ་པས། ཟབ་མོའི་ལམ་གྱི་གེགས་བྱེད་སྦྱངས། དེའི་རྟོགས་པ་ཁྱད་པར་ཅན་སྐྱེས་པར་བསམ་མོ། །དེ་


GTD003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡོན་ཏན་གཞི་གྱུར་མའི་སྐབས་སུ་ཡང་བླ་མས་ངོ་ཆེན་བྱེད་པ་སྔར་ལྟར་ལ་བདུད་རྩི་འབེབས་སྦྱང་གི་ཚེ་སྐབས་ཐོབ་ཀྱི་རྟོགས་པ་དེ་དང་དེའི་གེགས་བྱེད་སྦྱངས་ནས་དེ་དང་དེའི་རྟོགས་པ་ཁྱད་པར་ཅན་སྐྱེས་པར་བསམ་ལ། དེ་ལྟར་ལམ་བཟང་ཞེས་པའི་ཤོ་ལོ་ཀ་གཅིག་པོ་འདིར་གཙོ་བོ་ཆོས་སྐྱོང་རྣམས་ལས་བདུད་རྩི་འབེབས་སྦྱང་བྱ། འདི་ཡན་ཆད་ལ་གསོལ་བ་འདེབས་པ་གཉིས་གཉིས་བྱེད་པ་སྔར་ལྟར་རོ། །ཤོ་ལོ་ཀ་ཐ་མའི་སྐབས་སུ་གལ་ཏེ་ཚེ་འདི་ལ་འདི་ལྟར་འགྲུབ་པ་ཞིག་མ་བྱུང་ན་ཡང་སྐྱེ་བ་རྗེས་མ་ལ་ཅིས་ཀྱང་བླ་མའི་ཐུགས་རྗེ་ལ་བརྟེན་ནས་འདི་ལྟར་འགྲུབ་པ་ཞིག་བྱའོ་སྙམ་དུ་སྨོན་པ་བགྱིད། དེ་ལྟར་གསོལ་བ་འདེབས་པ་འདི་ལ་བྱིན་རླབས་དཔུང་ཞུས་ཟེར་བའི་རྒྱུ་མཚན་ཡང་དཔེར་ན་དམག་དུ་མ་འཚོགས་པ་ལ་དམག་དཔུང་དུ་གྲགས་པ་ལྟར་བྱིན་རླབས་ཀྱི་ཚོགས་མཐའ་དག་བསྡུས་ནས་ཞུས་པས་དཔུང་ཞུས་སུ་བཏགས་པ་ཡིན། རྗེ་བདག་ཉིད་ཆེན་པོས་ཀྱང་རྭ་སྒྲེང་གི་ཇོ་བོ་དབུ་ཡོན་མའི་མདུན་དུ་ཟླ་བ་གཅིག་ལ་གསོལ་བ་བཏབ་པས་ལམ་རིམ་བླ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་གཟིགས་ནས་མཐར་ཐམས་ཅད་ཇོ་བོ་ལ་ཐིམ། ཇོ་བོའི་ཞལ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་གྱིས་གསུངས་པས། རྗེའི་ཐུགས་ལ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱེད་པ་ལ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཞིག་བྱེད་དགོས་པར་འདུག་དགོངས་ནས་ལམ་རིམ་ཆེན་མོ་མཛད་པ་ཡིན་པས། འདི་ལ་སྐུལ་བ་པོ་གཞན་ཡང་ཡོད་ཀྱང་གཙོ་བོར་ཇོ་བོའི་གསུང་དེ་ལ་བརྟེན་པ་ལྟ་བུ་ཡིན་པས་གསོལ་བ་འདེབས་པ་འདི་ལ་ནན་ཏན་སྙིང་པོར་བྱེད་དགོས་སོ། །འདི་ལ་འགའ་ཞིག་ད་ལྟ་ཆོས་གྲྭ་འགྲིམ་པ་ལྟ་བུའི་སྐབས་སུ་མི་ནུས་སྙམ་ན།


GTD003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་སྐབས་སུ་ཡང་བློས་མ་བཏང་བར་མདོར་བསྡུས་ཏེ། རྗེས་ཡང་དགོན་དུ་མཛད་པ་ལྟར་བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང། བཤེས་གཉེན་ལ་དད་པ་ནས་ཟུང་འཇུག་གི་བར་ལམ་གྱི་རྟོགས་པ་མཐའ་དག་སྐྱེ་བ་དང། འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་མཐའ་དག་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་ཤིང། མདོར་ན་རང་ལ་ན་ཚ་ལྟ་བུ་ཞིག་བྱུང་བའི་ཚེ་ཡང་འདི་བྱང་ཆུབ་ལམ་རིམ་བསྒོམ་པའི་བར་ཆད་ཞིག་ཡིན་ན་མྱུར་དུ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། གྲོགས་ཤིག་ཡིན་ན་ད་དུང་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བློ་གཏད་དེ་གསོལ་བ་འདེབས་དགོས། དེ་ལྟར་གསོལ་བ་བཏབ་པས་ཚོགས་ཞིང་རྣམས་རིམ་གྱིས་བསྡུས་ཏེ། གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པ་དང། རྡོ་རྗེ་འཆང་དང། རྩ་བའི་བླ་མ་དང། བྱམས་འཇམ་དབྱངས་ལྔ་ལ་གསལ་སྣང་འདོན། དེ་ནས་མཐར་ཐམས་ཅད་ཐུབ་དབང་ལ་ཐིམ། དེ་ཡང་ཚུར་རང་གི་སྤྱི་བོའི་བླ་མ་ལ་ཐིམ། དེ་ཉིད་ཐུབ་དབང་གི་རྣམ་པར་གསལ་བཏབ་སྟེ་སྐྱབས་གནས་ཀུན་འདུས་པའི་བདག་ཉིད་བླ་མ་ཐུབ་དབང་རྡོ་རྗེ་འཆང་དེ་ལ་དམིགས་ནས། ཡན་ལག་བདུན་པ་མདོར་བསྡུས་ཕུལ་ཏེ། སངས་རྒྱས་ཞེས་ཀྱང་ཁྱོད་རང། ཡི་དམ་ཞེས་ཀྱང་ཁྱོད་རང། ཆོས་སྐྱོང་ཞེས་ཀྱང་ཁྱོད་རང་སྙམ་དུ་ཕུར་ཚུགས་གསོལ་འདེབས་བྱའོ། །སྦྱོར་བའི་


GTD003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་འདི་ནི། མངོན་རྟོགས་རྒྱན་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །ཞེས་སོགས་ཀྱི་དགོངས་པ་ཡིན་ཞིང་འདི་ལམ་གྱི་ལུས་ཀྱང་ཡོངས་སུ་རྫོགས་པ་ཡིན། འོན་ཀྱང་འགའ་ཞིག་གིས་སྦྱོར་བ་ལ་དེ་འདྲའི་མང་པོ་ཞིག་བྱེད་དགོས་ན། དངོས་གཞི་ལ་སླེབ་དུས་ག་ལ་ཡོང་སྙམ་ན། སྦྱོར་བ་དེ་ལེགས་པར་གྲུབ་པ་ཞིག་བྱུང་ན་དེ་ལས་ལྷག་པ་དངོས་གཞི་ལ་ཡོང་རྒྱུ་གང་ཡོད། འདིའི་ཀུན་སློང་བཅོས་པའི་ཁུངས་སུ་ཡང་ལམ་རིམ་རྫོགས་པ་ཡིན་ཞིང། གལ་ཏེ་སྦྱོར་བ་འདི་དཔྱིས་ཕྱིན་པ་ཞིག་མ་བྱུང་ན་དེ་བཞག་ནས་སེམས་བསྐྱེད་ལ་མཆོངས་ས་ག་ལ་ཡོད། དེའི་རྒྱུ་མཚན་གྱིས་དང་པོར་ཐུན་ལ་འཇུག་དུས་ཡང་ཚམ་ཚོམ་དུ་མི་འཇུག་པར་དང་པོ་འདི་ཉམས་སུ་ལེན། དེ་ནས་འདི་ཉམས་སུ་ལེན་སྙམ་ནས་རིམ་གྱིས་བསྒོམ་པ་ལས། གང་ཐུག་ཐུག་ནས་བསྒོམ་ན་འཕྲལ་དུ་ཡོང་ཡོང་འདྲ་ཡང་དུས་དེར་སླེབ་པ་ན་མི་ཡོང་བ་ཕྲ་མེན་མའི་སོ་ནམ་འདྲ་བ་ཡིན། ཡང་འགའ་ཞིག་གིས་ལམ་རིམ་དེ་དེ་ཡིན་ན་བྱེད་རྒྱུ་མང་པོ་ཞིག་རེད་དེ་ལས་སྔགས་རེ་བགྲངས་ན་དགའ་ཟེར་བ་ཡང་མི་རིགས་ཏེ། སྔགས་དེ་ཡང་ལས་སླ་པོ་མེད། ཉིད་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་སོགས་རིགས་ལྔ་སོ་སོའི་དམ་ཚིག་བཅུ་དགུ་དང། སྤྱིའི་དམ་ཚིག་བགྲང་ལས་འདས་པ་རྣམས་བསྲུང་ངོ་ཞེས་བླ་མ་ཡི་དམ་དཔང་པོར་བཞག་སྟེ་མནའ་ཆུ་འཐུང་ནས་མནའ་བསྐྱལ་དགོས་པ་ཡིན། མཎྜལ་ཡང་ལན་དྲུག་ཏུ་འབུལ་དགོས་ཤིང་། བླ་མ་ལྔ་བཅུ་པ་ལས་ཀྱང་མཐའ་ཡས་པ་ཞིག་གསུངས་པས། དེ་བས་ལམ་རིམ་འདི་ལ་མནའ་


GTD003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྐྱེལ་མི་དགོས། ཉམས་སུ་ལེན་ཡང་བདེ་བ་ཡིན། དེར་མ་ཟད་འཇིག་རྟེན་ན་ཐུད་ཚོན་པོ་ཡོང་བ་མར་གྱི་བཀའ་དྲིན་ཡིན་ཟེར་བ་ལྟར་གསང་སྔགས་ཟབ་པ་དེ་ཡང་འདིའི་བཀའ་དྲིན་ཡིན། འོ་ན། འཇམ་དཔལ་མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སྐད་ཅིག་མ་གཅིག་ལ་འཚང་རྒྱ་ནུས་པའི་ཆོས་བཤད་པ་ཅི་ཡིན་ཞེ་ན། སྐད་ཅིག་མ་གཅིག་ལ་འཚང་རྒྱ་ནུས་པའི་ཆོས་ཡོད་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ཡིན་མོད། དེ་ལ་ཡང་ས་བཅུ་པ་སོགས་བགྲོད་ནས་འགྲོ་དགོས་པ་ཡིན། དེར་མ་ཟད་བོད་ལ་གྲུབ་ཐོབ་མི་ལ་རས་པ་ལྟ་བུ་མ་བྱུང་མོད་དེ། དེས་ཀྱང་ལྷོ་བྲག་མར་པའི་དྲུང་དུ། ཉམས་མགུར་ཕུལ་བ་ལས། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་པར་འདུག་པས་ཅི་གསུང་དང་དུ་ལེན་ཅིང་དམ་ཚིག་མ་ཉམས་པ་བྱེད་པ་འདི་གནད་ཀ་དང་པོ་ཡིན་པར་གོ་ལགས། དེའི་རྗེས་དལ་འབྱོར་རྙེད་དཀའ་དང། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་རྟག་ཏུ་བསམ་པས་བློ་རང་དབང་མེད་པར་འཁུལ་ནས་འཁོར་བ་ལས་ཐར་པར་འདོད་པའི་བསམ་པའི་རྟེན་སོ་སོར་ཐར་པའི་སྡོམ་པ་གང་ཡང་རུང་བ་གཅིག་ལ་བརྟེན་དགོས་ཏེ། ཞེས་པ་ནས། རྡོ་རྗེ་ཐེག་པའི་ལམ་རིམ་གྱིས་ལྟ་བ་ཡིན་པར་གོ་ལགས་ཞེས་སོགས་གཉིས་ཀར་རིམ་གྱིས་བསླབ་པར་གསུངས་པའི་ཕྱིར། ཡང་འགའ་ཞིག་གིས་སྤྱིར་དེ་འདྲ་དགོས་ནའང། ད་ལྟ་ཐོས་པ་བྱེད་པའི་ཚེ་ཕྱག་དང་མཎྜལ་སོགས་དེ་འདྲའི་མང་པོ་མི་ཁོམ་ཟེར་


GTD003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་འོ་ན་ཇ་འཐུང་བ་ཨེ་ཁོམ། དེ་ལ་ཡང་ཇ་ཉོས། ཆུ་བླང་། སྦུད་པ་གཏོང་དགོས་མོད། དཀའ་ལས་ཆེན་པོ་དེ་འདྲ་ལ་ཁོམ་ནས། མཎྜལ་རེ་འབུལ་བ་ལ་མི་ཁོམ་པ་འདྲ་བ་འདི་རང་ཚོ་བསོད་ནམས་དམན་པའི་རྟགས་ཡིན་པས། དེའི་དབང་དུ་མ་བཏང་བར་གོམས་སོང་ན། ཇི་སྐད་དུ། གོམས་ན་སླ་བ་མ་ཡིན་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་སྐབས་ཤིག་ནས་དཀའ་ཚེགས་མེད་པར་འགྲུབ་ཡོང་སྟེ། བླ་མ་ཞང་གིས་རྟའི་ཡོབ་ལ་ཞབས་བཞག་ནས་ཆིབས་པའི་བར་ལ་ལམ་རིམ་ཚར་རེ་བསྒོམ་གི་ཡོད་གསུངས་པ་དང། རྗེ་དོན་ཡོད་མཁས་གྲུབ་པས། ཐུན་རེ་རེ་ལ་ཡང་ལམ་རིམ་ཆ་ཚང་བ་རེ་བསྒོམ་གི་ཡོད་གསུངས་པ་ལྟ་བུ་ཡིན། འཇིག་རྟེན་གྱི་དཔེ་ལ་མཚོན་ན་ཡང། ཡར་བཀྲ་ཤིས་ལྷུན་པོར་འགྲོ་བའི་ལམ་ལྟ་བུ་བཤད་ན་མང་ཞིང་བཤད་དཀའ་ཞིང། དེར་སོང་བའི་རྒྱུས་ཡོད་ཅིག་གིས་བསམ་ན་འཕྲལ་དེ་ལ་ཐམས་ཅད་ལམ་གྱིས་ཤར་ཡོང་བ་ལྟར་བྱང་ཆུབ་ལམ་རིམ་འདི་བཤད་པའི་ཚེ་རྒྱ་ཆེ་བས་བཤད་དཀའ་ཡང་འདྲིས་ནས་ཉམས་སུ་ལེན་པ་ལ་དཀའ་ཚེགས་མེད་པར་བདེ་བླག་ཏུ་འོང་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ་བཞི། བསྟེན་བྱ་བླ་མའི་མཚན་ཉིད། དེ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ནི། བླ་མའི་སྐད་དོད་གུ་རུ་ཞེས་པ་སྒྲ་ཐད་བསྒྱུར་བྱས་ན་གོང་མ་ལ་འཇུག་པས་དོན་གྱིས་བློ་སྣ་གོང་དུ་འཁྲིད་མཁན་ཞིག་ལ་བླ་མ་ཟེར་བ་ཡིན། དེ་ལ་ཡང་མདོ་སྡེ་རྒྱན་ལས་བཤད་པ་ལྟར། སྡེ་སྣོད་གསུམ་ལ་མཁས་ཤིང་བསླབ་པ་གསུམ་ལ་བསླབ་པ་སྙིང་རྗེ་ཆེ་ཞིང་དཀའ་


GTD003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ལ་བཟོད་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་བཙལ་དགོས་ལ། གལ་ཏེ་དེ་འདྲ་མ་བྱུང་ཡང་ཚེ་འདི་ཕྱི་གཉིས་ཀྱི་ནང་ནས་ཕྱི་མ་གཙོ་ཆེ་ཟེར་བ་ཞིག་ངེས་པར་གལ་ཆེ་སྟེ། ཆོས་མི་དགོས་དགུ་དགོས་ཀྱིས་མཚན་མོ་ཞུས་ནས་ཉིན་པར་མ་ཞུས་ཁུལ་བྱས་སྡོད་དགོས་པ་དེ་འདྲར་མ་སོང་བ་དགོས། གཉིས་པ་བསྟེན་པའི་ཕན་ཡོན་ནི། རྒྱ་བོད་ཀྱི་པཎ་གྲུབ་ཇི་སྙེད་ཅིག་གི་ནང་ནས་ཇོ་བོའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་དེ་བཤེས་གཉེན་བསྟེན་ཚུལ་ལས་བྱུང་བ་ཡིན། དེའི་ཚུལ་ཡང་ཇོ་བོས་བླ་མ་གསེར་གླིང་པའི་མཚན་ཙམ་ཡང་སྨོས་མི་ཕོད་པས་སྐུ་ཚེ་དེ་ལ་སྨོས་མ་མྱོང། གཞན་གྱིས་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཞེས་སྨོས་ན་དེ་མ་ཐག་བཀག་སྟེ་བཞེངས་ནས་ཕྱག་མང་པོ་བཙལ་ཇ་བར་རེ་ལ་སྤྱན་ཆབ་བཏོན་ནས་བཞུགས་པ་ཡིན། གཞན་གྱིས་དེའི་རྒྱུ་མཚན་དྲིས་པས་ང་ལ་སེམས་བཟང་པོ་ཨེན་གཅིག་བྱུང་བ་འདི་ཁོང་གི་བཀའ་དྲིན་ཡིན་གསུངས། འབྲོམ་ཀྱང་བཤེས་གཉེན་བསྟེན་ཚུལ་འགངས་ཆེ་བས་འཕྲིན་ལས་རྒྱས་པ་ཡིན་གྱི། ཐོས་རྒྱ་འབྲོམ་ལས་ནག་ཚོ་ཆེ་ནག་ཚོ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ལ། ཐོས་པས་ངོམས་པ་མེད་པའི་ཚུལ་ནི། ཛྙཱ་ན་ཨ་ཀར་བལ་པོར་ཕེབས་པའི་དུས་ནག་ཚོས་རྗེས་གནང་ཞིག་ཞུ་བཞེད་ནས་མ་སོང་ན་རྗེས་གནང་མི་ཐོབ་པར་འདུག །སོང་ན་ཇོ་བོ་ཤིན་ཏུ་བགྲེས་འདུག་སྙམ་ནས་འབྲལ་མ་ཕོད་པར་བཤུམ་པ་ཇོ་བོས་མཁྱེན་ནས། ལོ་ཙཱ་བ་ཆོས་ཕྱིར་སོང་བ་ལ་ཉེས་པ་མེད་གསུང་བ་ལྟ་བུ་ཡིན། ཡང་ལན་གཅིག་ཇོ་བོའི་སློབ་མ་རྣམས་གྲོས་


GTD003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོས་ནས་ཇོ་བོ་མ་བཞུགས་ན་རྒྱལ་ཚབ་སུ་ལ་བྱེད། ཅེས་པས། སྒོམ་པ་རིན་ཆེན་བླ་མས། ཀ་བ་ཤཱཀྱ་རྒྱལ་མཚན་ཨ་མཆོད་ཡིན། འབྲོམ་གཡོག་པོ་ཡིན། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དྲུང་ཡིག་ཡིན་པས། ང་རང་འོས་སྙམ། ཁུ་སྟོན་གྱིས་ཤེས་བྱ་ཐམས་ཅད་སྲང་ལ་གཞལ་ཐུབ་པས་ཨ་བུ་ཁུ་སྟོན་ཡིན་སྙམ་པས། ཀ་བ་ཤཱཀྱ་རྒྱལ་མཚན་གྱིས་ངས་བསམ་ན་ཁྱོད་ཚོ་ཡོན་ཏན་ཅན་ཚོ་ལ་མི་ཡོང་བ་འདྲ། འབྲོམ་སྟོན་འདི་ལ་འོས་ཡོད་འགྲོ་ཟེར། སྒོམ་པ་རིན་ཆེན་བླ་མ་རང་བཞིན་དྲང་བས་དེ་ཅི་ཡིན་ངས་ཀྱང་ཇོ་བོའི་ཆོས་ཚིག་གཅིག་ཀྱང་མ་ལུས་པར་ཉན་པ་ཡིན་གསུངས་ནས་ཇོ་བོ་ལ་ཞུས་པས་འབྲོམ་གྱིས་གསུངས། ཡང་སྒོམ་པ་རིན་ཆེན་བླ་མས་དེ་ཅི་ཡིན་ཞུས་པས་ངས་བྱིན་གྱིས་བརླབས་པ་ཡིན་གསུངས་ཤིང། མདོར་ན་བླ་མ་རྣམས་ཀྱི་སྐུ་ཚེ་འཕྲིན་ལས་ཐམས་ཅད་བཤེས་གཉེན་བསྟེན་ཚུལ་ཁོ་ན་ལ། འདིར་རྟེན་འབྲེལ་གྱི་གནད་མ་ལོག་པ་དགོས། དེར་མ་ཟད་བླ་མའི་གཡོག་འབའ་ཞིག་བྱས་ཏེ་གྲུབ་པ་ཐོབ་པ་ཡང་དཔེར་ན་བྱ་ཡུལ་བ་ལྟ་བུ་ཡིན་ཏེ། བྱ་ཡུལ་བ་ནི་སྟོད་ལུང་པའི་ཉེ་གནས་ཡིན་པས། ལན་གཅིག་སྟོད་ལུང་པས་ཁྲིད་ནས་སྤྱན་སྔ་བ་མཇལ་དུ་ཕེབས་པའི་ཚེ། སྤྱན་སྔ་བས་འདི་སུ་ཡིན་གསུང་བ་ལ། སྟོད་ལུང་པས་ངའི་ཉེ་གནས་ཡིན་ཞུས་པས། ཁྱོད་བསོད་ནམས་ཆེ་འདི་ལྟ་བུའི་བཙུན་ཆུང་ཤེས་རབ་ཅན་ཞིག་ཉེ་གནས་ལ་ཡོད་པ་གསུངས་པས་ཁོང་གི་ཐུགས་ལ་བླ་མས་བཞེད་པར་འདུག་དགོངས་ནས་སྒོར་ཕེབས་ཏེ། བྱ་ཡུལ་བའི་སྐེ་ལ་ཁ་བཏགས་བཏགས་ཏེ་ཕུལ་བས་འབུལ་ནུས་སམ་གསུངས། བློས་


GTD003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་ཕུལ་བ་ལགས་ཞུས་པས་ཐུགས་ཤིན་ཏུ་མཉེས་ཤིང། བྱ་ཡུལ་བས་ཀྱང་བླ་མའི་ཞབས་ཕྱི་གང་འགྱུར་ཞུས། འོན་ཀྱང་ཚོགས་ཆོས་ཀྱི་སྐལ་བ་མ་ཆད་པ་དགོས་ཞུས་པས་གནང་སྟེ་ཞབས་ཕྱི་ཁོ་ན་ཞུས། དེ་ཡང་བསྙེན་རྫོགས་བྱས་ན་རུང་ཆུ་འདེབས་པ་སོགས་བླ་མའི་ཞབས་ཕྱི་བསྒྲུབ་པ་ལ་གནོད་དོགས་ནས་དགེ་ཚུལ་ཙམ་བསྒྲུབས་ཏེ་བཞུགས་སྐབས་དགེ་བཤེས་འགའ་ཞིག་གིས་ཁོང་ཤེས་རབ་ཆེན་པོ་ཡིན་པས་ཐོས་པ་ཞིག་བྱས་ན་གཞན་དང་མི་འདྲ་བ་ཞིག་ཡོང་བར་ཡོད་ཀྱང། སྤྱན་སྔ་བས་ཐབ་གཡོག་བྱས་པས་མ་བྱུང་ཟེར་བ་ཁོང་གིས་གསན་ནས་ངའི་བླ་མའི་ཞབས་ཕྱི་ཞུས་པ་དེ་ཆོས་ཡིན་པ་ཁོང་ཚོས་མ་གོ་བར་འདུག་ཅེས་བཀའ་བཀྱོན་གནང་ཞིང། ལན་གཅིག་ཐལ་བ་གཟན་དུ་བླུག་ནས་འཕོས་ལ་ཕྱིན་པས་སྐས་ལ་རྐང་པ་བཞག་ཙམ་ན་ཏིང་ངེ་འཛིན་དུ་སོང་སྟེ་ཞག་གཅིག་ལོན་པའི་རྗེས་སུ་གཞན་གྱིས་བསླངས་དགོས་པ་བྱུང་ཞིང། དེའི་རྒྱུ་མཚན་གྱིས། བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཅེས་གསུངས་པ་ཡིན་ལ། རང་རེ་ཚོ་ནི་བླ་མ་བྱམས་པའི་ཞལ་ནས། བླ་མ་བསྟེན་པ་ལ་ཁྱིམ་པ་རྣམས་ལས་ཀྱང་ང་རང་ཚོ་སྡུག་པར་འདུག །ཁྱིམ་པ་ཚོས་ལེགས་ཉེས་ཅི་བྱུང་ཡང་བླ་མ་མཁྱེན་ཟེར། ང་རང་ཚོས་ང་ཕོ་རྒོད་པོ་ཡིན་ཟེར། གསུངས་པ་ལྟ་བུར་སོང་བ་ཤས་ཆེ་བས་དེ་ལྟར་མ་སོང་བར་བསམ་སྦྱོར་གཉིས་ཀའི་སྒོ་ནས་ཚུལ་བཞིན་དུ་བསྟེན་དགོས། དེ་ལ་ཡང་ཁ་ནས་ཁྱོད་ཀྱིས་ཤེས་པས་མི་ཆོག །དཔེར་ན། སྔོན་འཕན་ཡུལ་དུ་བུད་མེད་ཁ་བྱང་མ་ཞིག་གིས་སྔགས་པ་ཞིག་བསྲུང་བ་ལ་


GTD003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བོས་ཏེ་ཁང་པའི་ཕུགས་སུ་བཞག་ནས་ཁ་ནས་ཚེ་འདིའི་དོན་ཡང་ཁྱོད་ཤེས། ཕྱི་མ་ཡང་ཁྱོད་ཤེས། ཁྱོད་མིན་རེ་ས་སྐྱབས་གནས་མེད་དོ་བྱས་ཀྱང། སེམས་ལ་འདིས་བརྐུས་མི་ཡོང་ངམ་སྙམ། འོན་ཀྱང་མོ་རང་སྡོད་ཐབས་མ་བྱུང་བས་བུ་མོ་གླེན་མ་ཞིག་ཡོད་པ་བལྟར་བཅུག་པས་མོས་བལྟ་མ་འདོད་པར། སྒོ་ཐེམ་ལ་བསྡད་དེ་ཨ་མ་བོས་ནས། ང་ཚོས་ཇོ་བོ་མི་རྐུ་བར་འདུག །ཙོག་གེ་འདུག་ཟེར་བ་ལྟ་བུ་ཡིན་པས། སྙིང་ཐག་པ་ནས་བློ་བཀལ་ཏེ་བསྟེན་དགོས། གསུམ་པ་མ་བསྟེན་པའི་ཉེས་དམིགས་ནི། གལ་ཏེ་བསྟེན་ཚུལ་མ་ལེགས་པ་ཅུང་ཟད་ཙམ་བྱུང་ནའང་ཤིན་ཏུ་མི་རུང་སྟེ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་གྲུབ་ཆེན་བོ་དྷི་ས་ཏྭའི་སློབ་མ་གྲུབ་ཆེན་བརྒྱད་ཅུའི་ནང་གི་ཕག་ཚང་པ་ལ་ཕག་མོའི་དབང་ཞུས་ནས་རྗེས་ཤིག་ན། ཡེ་ཤེས་ཞབས་པཎྚི་ཏ་མང་པོ་དང་ལྷན་ཅིག་ཏུ་བཞུགས་པའི་ཚེ། ཕག་ཚང་པ་སྤྲང་པོའི་ཆ་བྱད་དུ་འོང་བ་ཁོང་གིས་བཞེངས་ན་པཎྚི་ཏ་ཚོ་ལ་ངོ་ཚ། སྡོད་པ་ལ་བླ་མ་ཕེབས་བྱུང་སྙམ་དུ་བྱེད་ཐབས་ཟད་དེ་མ་མཐོང་ཁུལ་བྱས་པས་དེ་མ་ཐག་སྤྱན་གཅིག་ས་ལ་ལྟུང་སྟེ་ཡེ་ཤེས་ཞབས་སྤྱན་གཅིག་པར་གྲགས་ཤིང། དེ་ཙམ་མ་ཡིན་པར་བཤགས་པ་ཡང་མང་དུ་འབུལ་དགོས་པར་བྱུང་ལ། དེར་མ་ཟད་བླ་མ་དང་དམ་ཚིག་ཉམས་པའི་གང་ཟག་གིས་དཀོན་མཆོག་ལ་མཆོད་པ་ཕུལ་ཀྱང་ལས་འབྲས་མི་བསླུ་བའི་དབང་གིས་ཕུལ་བའི་བསོད་ནམས་ཙམ་ཐོབ་པ་མ་གཏོགས། དེའི་མཆོད་པ་དཀོན་མཆོག་གིས་མི་བཞེས་ཤིང་། དམ་ཉམས་གཞན་གྱི་རྫས་དང་འདྲེས་ན་ཡང་བཤགས་


GTD003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་དགོས་ལ། བླ་མ་དང་དམ་ཚིག་གཙང་བ་ཞིག་བྱུང་ན། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་མན་ངག་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་མ་ཕུལ་ཡང་བླ་མ་མཆོད་པའི་ཚེ་སངས་རྒྱས་ཐམས་ཅད་དེའི་སྐུ་ལུས་ལ་ཞུགས་ནས་མཆོད་པ་ལེན་པ་ནི། ང་ནི་དེའི་ལུས་ཞུགས་ནས། །སྒྲུབ་པོ་མཆོད་པ་ལེན་པར་བྱེད། །ཅེས་གསུངས་པ་ལྟ་བུ་ཡིན་པས། བླ་མ་དང་དམ་ཚིག་མ་ཉམས་པ་གལ་ཆེའོ། ། ༈ བཞི་པ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། བསམ་པས་བསྟེན་ཚུལ་དང། སྦྱོར་བས་བསྟེན་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དད་པ་སྦྱང་བ་དང། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱའོ། །དང་པོ་ནི། སྤྱི་བོའི་བླ་མའི་ཐུགས་ཀ་ནས་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་སྤྲོས་ཏེ་མདུན་དུ་བཞུགས་པ་ལ་དམིགས་ནས་འདི་རྣམས་རྒྱལ་བ་རྡོ་རྗེ་འཆང་གིས་ང་འདྲེན་པའི་སླད་དུ་དགེ་བའི་བཤེས་གཉེན་གྱི་རྣམ་པ་བཟུང་བ་ཡིན་པར་འདུག །དེར་མ་ཟད་ཡར་འཁྲིད་པ་ལ་མིའི་ལུས་རྟེན་དགོས་པས་ཕ་མ་སོགས་ཀྱང་བླ་མའི་སྤྲུལ་པ་ཡིན་པར་འདུག་སྙམ་དུ་བསམ། དེ་ལྟར་ཐམས་ཅད་ལ་དག་སྣང་སྦྱངས་པ་ན་གང་ལ་དད་པ་མི་སྐྱེ་བ་དེ་ཉིད་རྩ་བའི་བླ་མའི་སྤྲུལ་པར་མོས་ཏེ་བླ་མ་ཐམས་ཅད་ཐུགས་རྒྱུད་གཅིག་ཏུ་བསམ་ན་དད་པ་སྐྱེ་སླ་བས་འདི་སྙམ་དུ། ག་རེ་སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་སྤྲུལ་ནས་བོད་རྣམས་ལ་ན་མོ་བུདྡྷ་ཡ་ཞེས་པ་འདི་ཡང་སློབ་དཀའ་བར་བྱུང་བ་རེད། དེ་བཞིན་དུ་རྩ་བའི་བླ་མ་འདིས་ཀྱང་དང་པོ་ཀློག་


GTD003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གི་སློབ་དཔོན་དེའི་རྣམ་པ་བཟུང་ནས་ཀློག་བསླབ། དེ་ནས་རབ་བྱུང་སྒྲུབ་མཁན་དེའི་རྣམ་པ་བཟུང་ནས་རབ་ཏུ་བྱུང་སྟེ་སྟོན་པའི་སྐུར་བཟོས་པར་འདུག་སྙམ་དུ་བསམ་དགོས་ལ། དེར་མ་ཟད་བསླབ་བཏུས་ལས་གསུངས་པ་ལྟར་དགོས། གཞན་དང་ཁ་འཐབ་པ་ན་མི་གཞན་གྱིས་ཁྱེད་སྟོན་པའི་ན་བཟའ་གྱོན་མཁན་ཞིག་གིས་དེ་འདྲ་མ་གསུང་ཟེར་བྱུང་ན་དེ་ཡང་བླ་མའི་སྤྲུལ་པར་འཛིན་དགོས་ཏེ། བླ་མའི་སྤྲུལ་པ་གར་ཡོད་མི་ཤེས། དཔེར་ན་སྔོན་རས་ཆུང་བ་དབུས་སུ་ཕེབས་ནས་ལྷ་ལྕམ་དང་འཕྲད་པའི་ཚེ། རྗེ་བཙུན་གྱིས་དེ་དང་ཕྲལ་བའི་ཕྱིར་སྤྲང་བོའི་རྣམ་པར་ཕེབས་པ་ལ་རས་ཆུང་བ་གཏོང་ཕོད་ཆེས་པས་གཡུ་ལེགས་པ་ཞིག་ཡོད་པ་བྱིན་པར་ལྷ་ལྕམ་ཁྲོས་ཏེ་ཐུག་པའི་སྐྱོགས་ཀྱིས་བརྡུང་བས། ཁོང་ཐུགས་སྐྱོ་སྟེ། རྒྱན་ཆ་མང་པོ་འདོགས་མྱོང་སྟེ། །ཚོད་མའི་རྒྱན་ཆ་འདོགས་མ་མྱོང། །གསུངས་ནས་དེར་མ་བཞུགས་པར་རྗེ་བཙུན་གྱི་དྲུང་དུ་ཕེབས་པས་དབང་ཞིག་གནང་བ་དང་ཕྲད་པ་ན་རྗེ་བཙུན་གྱིས་རས་ཆུང་བ་ལ་དབང་ཡོན་མི་དགོས་གསུངས་པས། ཁོང་གི་ཐུགས་ལ་ངས་མི་ལེགས་པ་འགའ་ཞིག་བྱས་ཡོད་པས་ང་དབང་གྲལ་ནས་འཕུད་རྒྱུ་ཡིན་ཡོང་དགོངས་ཙ་ན། རྗེ་བཙུན་གྱིས་སྔར་གྱི་གཡུ་དེ་བཏོན་ནས་བྱུང་བས་སྤྲང་པོ་བླ་མའི་སྤྲུལ་བར་འདུག་སྙམ་ནས་ངོ་ཚ་ཞིང་འཇིགས་སྐྲག་ཚད་ལས་འདས་པ་བྱུང་བ་ལྟ་བུ་དང། ཡང་སྔོན་པཎ་ཆེན་བློ་བཟང་ཡེ་ཤེས་ཞིང་དུ་གཤེགས་པའི་ལོ་བླ་མ་རིན་པོ་ཆེ་བོད་དུ་ཕེབས་ཏེ་བཞུགས་སྐབས། རྩེ་དྲུང་ཞིག་གིས་མར་ཞིག་ཁྱེར་ཡོང། རི་ཁྲོད་པ་དགའ་མོ་ཞིག་ཡོད་པ་རེད་ཟེར་ནས་མར་འདི་ང་ལ་དཔོན་


GTD003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྐུར་བྱུང་ཟེར་བས་སེམས་ལ་ད་ང་དགའ་མོ་ཡོད་པ་འདྲ་མི་དབང་གིས་ཡང་མཁྱེན་ཡོད་པ་རེད་སྙམ་པ་བྱུང། ཕྱི་ཉིན་བཀའ་ཆོས་ལ་ཕྱིན་པས་བླ་མའི་གསུངས་ནས། འདི་ན་གླེན་པ་ལ་ལ་བླ་མའི་ཐུགས་རྗེས་མར་རྡོག་རེ་ཡོང་ན་ཡང་བླ་མའི་ཐུགས་རྗེ་ཡིན་པ་མི་ཤེས་པ་གསུང་སྟེ་བཀའ་བཀྱོན་པས་འདི་ཡིན་གསུང་ཨེ་ཡོང་སྙམ་དུ་ངོ་ཚ་ཞིང་སྐྲག་ནས་ས་ལ་ཐིམ་འགྲོ་བ་འདྲ་བ་ཞིག་བྱུང། མི་དབང་གིས་ང་འདྲ་བ་ཞིག་ག་ལ་མཁྱེན། དེ་ཡང་བླ་མའི་སྤྲུལ་པ་ཡིན་པར་འདུག་གསུངས་པ་ལྟ་བུ་ཡིན། ཡང་སྐབས་འདིར་དེ་ལྟར་བསྒོམ་པ་ཡང་མིག་བཙུམ་ནས་སངས་རྒྱས་ཡིན་ཞེས་པ་ཙམ་གྱིས་མི་ཆོག། །དཔྱད་སྒོམ་བྱེད་པ་རྗེ་བླ་མའི་ཁྱད་ཆོས་ཡིན་པས་རིགས་པ་དྲི་མ་མེད་པས་དཔྱད་དེ་སྐྱོན་ལྟར་སྣང་བ་གང་ཡིན་པ་དེ་འདོན་དགོས་ཀྱི་བཀབ་ནས་བསྡད་པས་མི་ཡོང་བས། དེ་ལ་ཡང་ཐོག་མར་བླ་མ་འདི་རྣམས་སངས་རྒྱས་ཡིན་ནམ་ཞེས་རང་གིས་རང་ལ་དྲི་དགོས། དྲིས་པའི་ཚེ་འདི་སྙམ་དུ་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་ན། འདི་རྣམས་སངས་རྒྱས་རང་མ་ཡིན་ཏེ། གཉེན་ལ་ཆགས་ཤིང་དགྲ་ལ་སྡང་བ་དང། ཐ་ན་མན་ཛི་ཁ་གང་ཡང་གཞན་ལ་གཏོང་མི་ནུས་པས་འཛིན་ཆགས་ཆེན་པོ་འདི་འདྲ་བ་འདུག་པ་སྙམ་ན། འོ་ན་དེ་དག་ཁྲོ་བ་སོགས་དངོས་གནས་ཡིན་པའི་ཐག་ཨེ་ཆོད་དྲིས་པ་ལ། དངོས་གནས་ཡིན་རྟགས་མངོན་སུམ་དུ་མཐོང་རྒྱུ་འདུག་པ་སྙམ་ན། འོ་ན་རྡོ་རྗེ་འཇིགས་བྱེད་ལ་ཁྲོ་བ་ཡོད་དམ། ཡོད་དོགས་མེད་ཟེར་ན། དེ་ཡང་མཐོང་ཚོད་ལ་ཁ་གདངས་མིག་བགྲད། མེ་ཡང་འབར་ཏེ་ཤིན་ཏུ་ཁྲོས་པ་ལྟར་འདུག་པ་ཅི་


GTD003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་པ་ལ་དེ་གཉིས་མི་མཚུངས། འཇིགས་བྱེད་ཀྱི་དེ་ཚུལ་བསྟན་ཡིན་ཟེར་ན། འོ་ན་ཁྱོད་ཀྱི་བླ་མ་རྣམས་ལ་ཚུལ་སྟོན་རྒྱུ་མི་སྲིད་པ་ཨེ་ཡིན་ཁྱོད་ཀྱི་བླ་མའི་མཛད་པ་སྐྱོན་གྱི་རྣམ་པར་སྣང་ཚད་དངོས་གནས་པ་ཡིན་དགོས་ན། ཁྱོད་ཀྱི་བླ་མའི་ནང་ན་སངས་རྒྱས་མིན་པ་གཅིག་ཀྱང་མེད་དགོས་ན་མེད་རང་ཟེར་བ་རྣམ་རྟོག་ཡང་ཟ་ཞིང་སངས་རྒྱས་ཐམས་ཅད་ཀྱིས་ཡལ་བར་དོར་བ་དེ་འདྲ་མི་སྲིད་པས། རྗེས་སུ་འཛིན་མཁན་གྱི་སངས་རྒྱས་ཤིག་ངེས་པར་ཡོད་སྙམ་དུ་ཐག་བཅད་ནས་བསྒོམ་ན་སྐྱོན་རྟོགས་ཀྱི་བློ་ཁེགས་སླའོ། །ཡང་འདི་དཔེ་ལ་མཚོན་ན་འབྲས་སྤུངས་ལྟ་བུ་ན་སངས་རྒྱས་ཡོད་དམ་མེད། དེ་རིང་མང་པོ་ཡོད་དྲག་ཟེར་ན་གང་ཡིན་ཞལ་མར་གཟིགས་ཀྱི་བླ་མ་ཚོའམ། དགེ་བསྐོས་སམ་བཙུན་ཆུང་ཚོའི་བར་སུ་ཡང་མིན་ན། ད་ཤུལ་ན་སངས་རྒྱས་ཡིན་པ་སུ་ཡོད། ཡོད་འགྲོ་སྟེ་མི་ཤེས་ཟེར་ན། མི་ཤེས་ན་མིན་རང་སྙམ་དུ་བཟུང་ན་སྐྱོན་རྟོགས་སུ་འགྲོ་བས་འདི་དག །ཚད་མ་རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་སོགས་གསུངས་པ་ལྟར་མི་སྣང་བ་མི་དམིགས་པའི་རྟགས་ཀྱི་སྒོ་ནས་དཔྱད་དེ་སྐྱོན་རྟོགས་འགོག་དགོས་པ་ཡིན། ཡང་དཔེར་ན་སྐུ་རྟེན་ཐ་མལ་པ་ཞིག་ལའང་ལྷ་བབས་པ་ན་ཕྱག་འཚལ་ཞིང་ཞབས་དབང་ཡན་ཆད་ཞུ་བ་དང། ཆོས་སྐྱོང་དེ་དངོས་སུ་བཟུང་ནས་ལེགས་ཚོགས་ཀྱི་འཕྲིན་ལས་བཅོལ་བ་བཞིན་དུ་བླ་མས་ཆོས་འཆད་པ་ན་ཡང་དེ་ལ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་འཇུག་པ་ཡིན་པས་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་དུ་འགྲུབ་ཅིང། དེར་མ་ཟད་བསྟན་རིམ་ལས་བླ་མ་སངས་རྒྱས་ཡིན་པའི་རྒྱུ་མཚན་གསུམ་གསུངས་ཏེ། དཔེར་ན་མིག་ཤེས་


GTD003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་རྐྱེན་མིག་དབང་གིས་བྱེད་པ་ལྟར། བླ་མ་ཡང་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་བ་ཡིན་པས་བདག་རྐྱེན་གྱི་སྒོ་ནས་སངས་རྒྱས་སུ་འགྲུབ། བྱིན་རླབས་ཀྱི་སྒོ་ནས་སངས་རྒྱས་སུ་འགྲུབ་ཚུལ་ནི། བརྒྱད་སྟོང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་གྱིས་ཤིག་གསུངས་པ་ལ། ཤཱ་རིའི་བུས་རང་སྟོབས་ཀྱིས་སྟོན་ནམ། སངས་རྒྱས་ཀྱི་མཐུས་སྟོན་སྙམ་དུ་དོགས་པ་ཞུས་པའི་ལན་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཉན་ཐོས་རྣམས་ནི་གང་ཅི་སྨྲ་བ་དང། སྟོན་པ་དང། ཉེ་བར་སྟོན་པ་དང། བརྗོད་པར་བྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་གསལ་བར་བྱེད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཡིན་པར་རིག་པར་བྱའོ། །ཞེས་སོགས་ཀྱི་སྒོ་ནས་བསྒྲུབ། ཡང་མཛད་པའི་སྒོ་ནས་སངས་རྒྱས་སུ་འགྲུབ་པ་ནི། སངས་རྒྱས་ཀྱི་མཛད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་གསུང་གི་མཛད་པ་སྟེ་རྒྱལ་བའི་གསུང་རབ་རྣམས་ཡིན་ལ། བླ་མ་ནི་དེ་སྒྲོག་པ་པོ་ཡིན་པས་དེའི་སྒོ་ནས་ཀྱང་སངས་རྒྱས་སུ་འགྲུབ་པ་ཡིན་ནོ། །རིགས་པའི་རྣམ་གྲངས་གཞན་གྱི་སྒོ་ནས་བསྒྲུབ་ཚུལ་ཡང་དཔེར་ན་ཟངས་གཅིག་ལས་མི་གཙང་བའི་སྣོད་དང། དེ་བཅོམ་ནས་ཀ་ཏོ་ར་དང། དེ་ནས་ཡང་ཐུབ་པའི་སྐུ་ཞིག་བཞེངས་ནས་


GTD003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་འབྱོན་པ་བྱུང་ན་ཁམ་ཆེ་བར་བརྩི་མོད། དེ་བས་འཚང་རྒྱ་རུང་གི་ཁམས་རང་བཞིན་གནས་རིགས་ཡོད་པ་ཞིག་གིས་ཆོས་བསྟན་ན་སངས་རྒྱས་སུ་ངེས་པར་འཛིན་འོས་སོ། །དེ་ལྟར་དད་པ་སྦྱངས་པ་ལ་འབད་པས་རྩ་བ་ཚུགས་པ་ཞིག་བྱུང་ན། རྨོག་ལྕོག་པའི་ཞལ་ནས། སྤྱན་རས་གཟིགས་དཀར་ན་དཀར། ཀྱཻ་རྡོ་རྗེ་རང་སྔོ་ན་སྔོ། རྗེ་བཙུན་མ་རང་དམར་ན་དམར། ང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས་ཚེ་གཅིག་གི་སངས་རྒྱས་དེའམ། དེ་ཡོང་བ་འདྲ་གསུངས་པ་ལྟར་ཕན་ཡོན་ཤིན་ཏུ་ཆེའོ། །༈ གཉིས་པ་བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བ་ནི། མདུན་དུ་བླ་མ་རྣམས་གསལ་བར་དམིགས་ནས། བདག་གིས་ངན་འགྲོའི་སྡུག་བསྔལ་མཐའ་དག་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པའི་ལམ་ཁོང་དུ་ཆུད་པ་འདི་རྣམས་ཀྱི་བཀའ་དྲིན་ཡིན། དེར་མ་ཟད་མིའི་ལུས་རྟེན་ཐོབ་པ་དང། ཟས་ཁམ་གཅིག་བྱུང་བ་ཡང་འདི་རྣམས་ཀྱི་བཀའ་དྲིན་ཡིན་སྙམ་དུ་བསམ། འདི་ལ་འགའ་ཞིག་གིས་ཆོས་ཤིག་བྱུང་ན་བླ་མའི་ཐུགས་རྗེ་ཡིན་ཤས་ཆེ་སྟེ། ཟས་ནོར་སོགས་ཨ་བུ་རང་ལ་ཕོ་སྐྱེས་པས་བྱུང་བ་ཡིན་ཟེར། ཡང་སྒོམ་དུས་ན་མོས་བློ་དེ་འདྲ་དགོས་ཀྱང་དངོས་གནས་རང་མིན་ཟེར། འོ་ན་ཡང་སངས་རྒྱས་ཀྱི་བཀའ་བདེན་ནམ་མི་བདེན། བདེན་ན་ལས་འབྲས་བདེན་དགོས། དེ་བདེན་ན་འཇུག་པར་གནས་དང་གནས་མིན་སྟོབས་ཀྱི་སྐབས་ནས་བཤད་པ་དང། དེར་མ་ཟད་ཟས་ཁམ་གཅིག་ཟ་བ་ལ་ཡང་ཟ་རྒྱུའི་ཟས་ཏེ་སྦྱིན་པའི་འབྲས་བུ་དང། དེ་ཡང་བདེ་འགྲོའི་རྟེན་ལ་སྤྱོད་པའི་རྟེན་དེ་ཚུལ་


GTD003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་འབྲས་བུ་དང། གཞན་གྱིས་གནོད་འཚེ་མེད་པར་ལོངས་སྤྱོད་པ་བཟོད་པའི་འབྲས་བུ་དང། ཆ་ཚང་བར་ལོངས་སྤྱོད་པ་བརྩོན་འགྲུས་ཀྱི་འབྲས་བུ་དང། འཇིགས་སྐྲག་སོགས་ཀྱི་དབང་གིས་སེམས་ཡེར་ཡེར་པོ་མ་ཡིན་པར་རྣལ་དུ་གནས་ནས་ལོངས་སྤྱོད་པ་བསམ་གཏན་གྱི་འབྲས་བུ་དང་། ཟས་ཀྱི་ལེགས་ཉེས་འབྱེད་པ་ཤེས་རབ་ཀྱི་འབྲས་བུར་འདོད་དགོས་ན། དེ་དག་ལ་ཡང་དང་པོ་སྟོན་མཁན་ཞིག་དགོས་ཏེ། རང་ཅག་ལོང་བ་ཡིན་པས་བཤེས་གཉེན་མིག་ཅན་ཞིག་གིས་ཁྲིད་ནས་འབྲས་བུ་འདི་མི་འདོད་ན་རྒྱུ་འདི་འདྲ་ཞིག་ལ་སློབ་དགོས་ཞེས་མ་བསྟན་ན་མི་ཤེས་པས་དེ་དག་ཀྱང་བླ་མའི་བཀའ་དྲིན་ཡིན། དོན་འདི་ལ་དགོངས་ནས། རྗེ་བླ་མས། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཞེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཆོས་སྐོར་འདིའི་མིང་ལ་ཡང་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཞེས་རྗེ་བདག་ཉིད་ཆེན་པོས་བརྡ་གསར་དུ་བཏགས་པ་ཡིན་ལ། དེ་ལྟར་མངོན་མཐོ་དང་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རྩ་བ་ཡིན་པར་མ་ཟད། རང་ཅག་སྡོད་པའི་ས་གཞི་འདི་ཡང་བླ་མའི་ཐུགས་རྗེ་ལས་བྱུང་བ་ཡིན་ཏེ། མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པ་ལྟར། འཛམ་བུ་གླིང་འདི་ལྟ་བུ་ཡང་མིའི་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་ལས་ལས་བྱུང་བ་ཡིན་ལ། རང་རེས་ཀྱང་བླ་མས་བསྟན་པ་ལ་བརྟེན་ནས། དེ་


GTD003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞལ་འདེབས་བྱས་པའི་དབང་གིས་གནས་འདི་ལ་ལོངས་སྤྱོད་རྒྱུ་བྱུང་བ་ཡིན་སྙམ་དུ་སྒོ་དུ་མ་ནས་བཀའ་དྲིན་དྲན་ཏེ་གུས་པར་བྱའོ། །འདིར་གུས་པ་ཞེས་པ་དང། གོང་དུ་དད་པ་ཞེས་པ་མི་འདྲ་སྟེ་གུས་པ་ནི་བཀའ་དྲིན་དྲན་ནས་གཅེས་པར་འཛིན་པའི་སེམས་བྱུང་གཅེས་སྤྲས་ཀྱི་རྣམ་པ་ཅན་ཞིག་ཡིན་ལ། དད་པ་ལ་བཀའ་དྲིན་དྲན་ཡང་མི་དགོས་ཤིང། སེམས་བྱུང་དང་བའི་རྣམ་པ་ཅན་ཞིག་ཡིན་ནོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང། །བསྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། ལུས་སྲོག་ལོངས་སྤྱོད་སོགས་ལ་ལྟོས་པ་མེད་པར་ལུས་ངག་གིས་བསྙེན་བཀུར་ཞིང་ཟང་ཟིང་གི་དངོས་པོ་དབུལ་བ་དང། ཁྱད་པར་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱའོ། །དེ་ལ་དང་པོ་ལུས་ངག་གིས་བསྙེན་བཀུར་བའི་ཚུལ་ནི་དཔེར་ན་བླ་མ་བྱམས་པས། རྗེ་སྒྲུབ་ཁང་པའི་མེ་ཤིང་མི་ཁུར་གསུམ་གྱི་ཚོད་ཙམ་ཁུར་ཏེ་ཕེབས་པ་དང། པད་དཀར་འཛིན་པ་པོ་ཏ་ལར་བཞུགས་སྐབས་ཁོང་བཤེས་གཉེན་ཆེན་པོ་ཡིན་ཀྱང་རྒྱལ་ཡུམ་གྱི་ཞབས་ཕྱིར་མངག་སྟེ་ཕེབས་པ་ན་རྟས་འཕངས་ནས་སྒྲོག་རུས་ཆག་སྟེ་ན་ཚ་བཟོད་གླགས་མེད་པ་བྱུང་བར་འདི་སྙམ་དུ། མི་ལ་རས་པས་བདག་མེད་མའི་གཡོག་དེ་ཙམ་བྱས་འདུག་ན་ངས་བླ་མའི་ཞབས་ཕྱི་ཞུས་པ་ལ་ཡུས་ཆེ་རྒྱུ་མི་འདུག་སྙམ་དུ་དགོངས་པས་ཐུགས་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་རྟས་འཕང་བ་ཡང་བླ་མས་འཕང་དུ་བཅུག་པ་ཡིན་པར་འདུག་གསུངས་པ་ལྟ་བུ་དགོས་ལ། ངག་གི་བསྙེན་


GTD003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བླ་མའི་བསྔགས་པ་བརྗོད་པ་སོགས་ནི་སྐབས་དང་མ་བསྟུན་ན། མ་དད་པ་ཅན་གྱི་སར་བརྗོད་ཚེ་འཁྲུགས་པའི་རྒྱུར་འགྱུར་བས་མི་རུང་། ཟང་ཟིང་གི་དངོས་པོ་འབུལ་བ་ནི། བསོད་ནམས་བསགས་པའི་ཆེད་དང། བློ་འདྲིས་པའི་ཁྱད་ཀྱང་ཡོད་དེ། པོ་ཏོ་བའི་ཞལ་ནས། ཇ་སུན་རེ་ཕུལ་མ་ཕུལ་འགྲོ་ལུགས་ཀྱང་མི་འདྲ་གསུངས་པ་ལྟར། ཟང་ཟིང་གི་བསྙེན་བཀུར་བྱས་པ་དེ་བླ་མའི་དྲུང་དུ་འགྲོ་བ་ལ་ཡང་སྤོབས་པ་མཐོ་བར་ཡོང་བས་སློབ་མས་ནོར་རྫས་ཅི་འབྱོར་འབུལ་དགོས་ལ། འོན་ཀྱང་བླ་མའི་ངོས་ནས་དེ་ལ་མི་ལྟ་བ་ཞིག་མ་བྱུང་ན་ཚྭ་དང་ཚྭ་རྐྱལ་ལྟ་བུར་འགྲོ་སྟེ། དབྱར་དུས་རླན་ཆེ་སར་ཚྭ་རྐྱལ་བར་བླུག་སྟེ་བཞག་ན་ཚྭ་འཇུ་ཞིང་རྐྱལ་བ་རུལ་ཏེ་གཉིས་ཀ་ཆུད་ཟོས་ལ་འགྲོ་བ་ལྟ་བུ་ཡིན། འོན་ཀྱང་བསྙེན་བཀུར་དེ་དག་གལ་ཏེ་མ་འབྱོར་ཀྱང་ཉེས་པ་མེད་ལ། གཙོ་བོར་གྱུར་པ་ནི་བཀའ་བཞིན་སྒྲུབ་པའི་མཆོད་པ་ཡིན་ཞིང། དེའི་ནང་ནས་ཀྱང་ལམ་གྱི་ལུས་ཡོངས་སུ་རྫོགས་པར་ཉམས་སུ་ལེན་པ་འདི་ཡིན་པས། དམིགས་སྐོར་རེ་རེ་ལ་ཡང་ལམ་རིམ་ཆ་ཚང་རེ་རྫོགས་པ་ཡིན་ཏེ། བྱང་ཆུབ་ལམ་རིམ་འདིའི་འགྲོ་ལུགས་ཤེས་ན་རི་མཐོན་པོའི་རྩེར་ཕྱིན་པས་ཕྱོགས་ཐམས་ཅད་མཐོང་བ་ལྟར་ཐུན་རེ་རེ་ལའང་སྐྱེས་བུ་གསུམ་གྱི་ལམ་ཐམས་ཅད་བསྒོམ་ཚུལ་ཉམས་འོག་ཏུ་ཆུད་ནུས་པས། གྲུ་བཞི་ལམ་དུ་འཁྱེར་ཤེས་པ་དེ་འབྱུང་གི་འདི་ལ་དགོངས་ནས། རྗེ་བླ་མས། ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། །རླབས་ཆེན་


GTD003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པར་ངེས་པས་དེ་དོན་བསམ། །ཞེས་གསུངས་སོ། །སྦྱོར་བས་བསྟེན་ཚུལ་འདི་དག་ཐུན་མཚམས་ཀྱི་བྱ་བ་ཡིན་པ་དང། རྗེས་ཐོབ་ཏུ་དྲན་པར་བྱ་བའི་ཕྱིར་ཐུན་དངོས་གཞིའི་ཚེ་ཡང་དམིགས་པ་བསྐྱངས་ཏེ་བསྒོམས་ནས་འདྲིས་པར་བྱ་དགོས་ཏེ། མངོན་རྟོགས་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་གསུངས་པ་དང། ཡང་སྐབས་འགའ་ཞིག་ཏུ། མཐོང་དང་བསྒོམ་པའི་ལམ་དག་ལ། །ཞེས་འབྱུང་ཞིང། འགྲེལ་བཤད་ཚིག་གསལ་དུ་ཡང་གོམས་ཞེས་པ་དང། བསྒོམ་ཞེས་པ་ཁྱད་མེད་དུ་གསུངས་པ་ལྟར་སེམས་འདྲིས་སུ་བཅུག་ནས་གོམས་པར་བྱས་པ་ལ་བསྒོམ་ཟེར་བ་ཡིན། དེ་ཡང་ཡུན་ཐུང་ངུ་རེ་ཙམ་མ་ཡིན་པར་པོ་ཏོ་བའི་རྣམ་ཐར་ལྟ་བུ་ཞིག་དགོས། པོ་ཏོ་བ་དགུང་ལོ་ཕྲ་མོའི་དུས་ན་འཕན་ཡུལ་དུ་བསྒོམ་པ་ཞིག་ཤི་བའི་རོ་ལ་འཇའ་ཟུག་པ་གཟིགས་ནས། གཞན་ཞིག་ལ་དེ་གང་ཡིན་ཞེས་དྲིས་པས། གྲུབ་ཆེན་ཞིག་གཤེགས་པའི་གདུང་ལ་འཇའ་ཟུག་པ་རེད་ཟེར། འོ་ན་ང་ཡང་བསྒོམས་ནས་ཤི་དུས་རོ་ལ་འཇའ་ཟུག་པ་ཞིག་བྱེད་དགོས་དགོངས་ནས། མི་དེ་ལ་སྒོམ་བྱེད་པ་ལ་ག་འདྲ་དགོས་དྲིས་པས། བསྒོམ་པ་ལ་ཐོག་མར་ཐོས་པ་བཙལ་ནས་སྒོམ་ཚུལ་ཤེས་དགོས་ཏེ། མ་བྱུང་ན་སྒོམ་ཐག་མཆན་ཁུང་བས་ཐུང་བ་ཡོང་ཟེར། ཆོས་སུ་ལ་ཞུས་པ་དགའ་བྱས་པས་ཇོ་བོའི་སློབ་མ་འབྲོམ་སྟོན་ལ་ཞུས་པ་དགའ་ཟེར། དེ་ནས་ཁོང་འབྲོམ་གྱི་དྲུང་དུ་ཕེབས་པའི་ལམ་བར་བསམ་མནོ་ལ་ལམ་རིམ་དེ་ཟླ་བ་གཅིག་གམ་གསུམ་མམ། ཧ་ཅང་འགྱང་ན་ལོ་གཅིག་གིས་སྒྲོ་འདོགས་ཆོད་ནས་གོ་བ་ཞིག་ཡོང་འགྲོ། དེ་


GTD003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷོ་ཁ་ཕྱོགས་སུ་ཕ་སྐད་མ་སྐད་མི་གོ་བ་ཞིག་ཏུ་ཕྱིན་ནས། བསྒྲུབ་པ་བྱ་དགོས་སྙམ་པ་ཐུགས་ལ་ཤར་ཏེ་འབྲོམ་ལ་མཇལ། དེ་རྗེས་ལོ་གཅིག་གཉིས་ལྟ་ཞོག་འབྲོམ་གཤེགས་ཁའི་བར་དེར་བཞུགས་ནས་ལམ་རིམ་ཡང་ཡང་གསན་ཏེ་སྒྲོ་འདོགས་བཅད་ནས་ཐུགས་ལ་འདྲིས་པར་བྱས་ཤིང། འབྲོམ་གཤེགས་ཁར་ཡང་པོ་ཏོ་བའི་པང་དུ་དབུ་བཞག་ནས་བཞུགས་པའི་ཚེ་པོ་ཏོ་བའི་སྤྱན་ཆབ་འབྲོམ་གྱི་སྙན་ཁུང་དུ་སོང་བས་ཞལ་ནས། ཇོ་བོ་མྱ་ངན་མ་བྱེད་བསམ་པ་བཟང་པོ་གྱིས་གསུངས། དགེ་བཤེས་གཞན་ཞིག་གིས་བསམ་པ་བཟང་པོ་གང་ལ་ཟེར་ཞུས་པས། བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ལ་ཟེར་ཞེས་ལན་གཉིས་གསུངས་ཏེ། དེ་ཡང་ཡིད་ལ་བཅགས་ནས་འདྲིས་དགོས་པའི་བརྡ་ཡིན། དེ་དག་ཐམས་ཅད་ཀྱི་དོན་ཧྲིལ་གྱིས་དྲིལ་ན་བླ་མས་སློབ་མ་སྐྱོང་བ་ཡང་མ་མཛངས་ཀྱིས་བུ་སྐྱོང་བ་ལྟ་བུ་ཞིག་དང། སློབ་མས་ཀྱང་བུ་མཛངས་ཀྱིས་ཕ་མ་ལ་སྲི་ཞུ་བྱེད་པ་ལྟར་བླ་མ་བསྟེན་པ་ཞིག་དགོས་ཏེ། བུ་ཆུང་ངུ་ལ་དང་པོ་མའི་ནུ་ཞོ་མིན་པ་སྟེར་མི་རུང། དེའི་རྗེས་སུ་འཇུ་སླ་ཞིང་ཆུང་རིམ་ནས་སྟེར་དགོས་པ་བཞིན་དུ་ཟབ་མོ་སྟོང་ཉིད་ཀྱི་རིམ་པ་སྟོན་པ་ལས། དང་པོ་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་སོགས་གཙོ་བོར་སྟོན་དགོས་ཀྱི། དང་པོ་ནས་སྟོང་ཉིད་བསྟན་ན་ལས་འབྲས་ལ་སྐུར་བ་བཏབ་སྟེ་ཆད་མཐར་ལྟུང་བའམ། འཆི་བའམ། འདྲེས་ཁྱེར་བ་གང་རུང་ཞིག་ཡོང་བས། རིམ་གྱིས་འཁྲིད་དགོས། དེ་ཡང་ཤིང་རྟ་ཆེན་པོ་ཞིག་གི་རྗེས་སུ་འབྲང་དགོས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་རིན་


GTD003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འཕྲེང་བ་ལས། དང་པོར་མངོན་པར་མཐོ་ཐོབ་པའི། །ཕྱིས་ནི་ངེས་པར་ལེགས་པ་འབྱུང། །ཞེས་རྒྱུ་དད་ཤེས་གཉིས་ཀྱིས་མངོན་མཐོ་ནས་རིམ་གྱིས་འཁྲིད་ཚུལ་ཞིག་དང། མདོ་ཀུན་བཏུས་སུ། སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་འབྱུང་བ་དེ་ཤིན་ཏུ་རྙེད་དཀའ་བར་ཅིས་མངོན་ཞེ་ན་མདོ་སྡེ་ཚད་མར་གྱུར་པ་དུ་མ་ལས་ཤེས་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས་འབྱུང་བ་ཞེས་སོགས་ཀྱིས་སངས་རྒྱས་འབྱུང་དཀའ་ཞིང། དལ་འབྱོར་རྙེད་དཀའ་བར་བསྒྲུབས་ཏེ། དལ་འབྱོར་རྙེད་དཀའ་ནས་འཁྲིད་ཚུལ་ཞིག་ཀྱང་གསུངས་ལ། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པའི་མན་ངག་ལ་བརྟེན་ནས་ཐོག་མར་རིགས་ནས་འཁྲིད་ཚུལ་འདི་ཉན་སར་གསུངས་ཤིང་དེའི་ཁུངས་ནི་རྒྱན་གྱི་སྐབས་སུ་རིགས་ནས་འཁྲིད་ཚུལ་དེ་ཉིད་གསུངས་པ་ཡིན་ཏེ། མདོ་སྡེ་རྒྱན་གྱིས་བཤད་པ་འདི་མངོན་རྟོགས་རྒྱན་ལྟར་ལམ་མཐོན་པོའི་སྐབས་ཀྱི་རིགས་མ་ཡིན་པར་འདི་ནི་བསོད་ནམས་ཆ་མཐུན་དང་ཐར་པ་ཆ་མཐུན་གཉིས་ཀྱི་ནང་ནས་བསོད་ནམས་ཆ་མཐུན་གྱི་སྐབས་ཀྱི་རིགས་ཐོག་མར་སད་རྒྱུ་དེ་ཡིན་པས། དེ་ཉིད་རིམ་གྱིས་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དང། ནང་གི་རྐྱེན་དལ་འབྱོར་རྙེད་དཀའ་བསམ་པ་སོགས་ཀྱིས་གསོས་བཏབ་སྟེ། རིམ་གྱིས་ལམ་ལ་འཇུག་ཚུལ་གསུངས་པ་ཡིན་པས། དེ་དག་གང་རུང་གིས་རྗེས་སུ་འཁྲིད་དགོས་ལ་སློབ་མས་བླ་མ་བུ་མཛངས་པ་ལྟར་བསྟེན་ལུགས་ཀྱང། དཔེར་ན་བྱིས་པ་རྣམས་ཐལ་རྩེད་བྱེད་པའི་ཚེ་ཕས་མཐོང་ནས་བསྡིགས་པ་ན་མ་རབས་རྣམས་ལག་པའི་ཐལ་བ་ཤོབ་སྟེ་འཕོས་ནས་ངུས་ཏེ་བྲོས་ཏེ་འགྲོ་ཞིང། ཡ་


GTD003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཤིག་ཡིན་ན་ཐལ་བ་བཟུང་ནས་ཕའི་དྲུང་དུ་བཅར་ཏེ་ལག་པ་གཡོན་གྱི་མཛུབ་མོའི་སེན་མོ་ཁར་བཅུག །གཡས་པས་ཐལ་བ་མི་མངོན་པར་ཕྱུར་ཕྱུར་ས་ལ་ཕོས་ན་སྐབས་ཤིག་ཕས་གཅེས་གཅེས་བྱས་པ་དང། གཟོད་ངུས་ཡོང་བ་ལྟར་བླ་མས་བསྡིག་བརྡུང་སོགས་ཇི་འདྲ་ཞིག་བྱས་ཀྱང་བླ་མ་ལ་བཅར་དུ་རང་འགྲོ་བ་ཞིག་དགོས། དེ་ལྟར་རྩ་བ་དད་པ་བརྟན་པར་བྱས་ཏེ། དེ་ནས་རིམ་གྱིས་སློབ་ཚུལ་འདི་ནི་མགོན་པོ་བྱམས་པའི་མན་ངག་ཀྱང་ཡིན་ཏེ། མངོན་རྟོགས་རྒྱན་ལས། སངས་རྒྱས་སོགས་དམིགས་དད་པ་དང། །ཞེས་སོགས་ཀྱིས་རྩ་བ་དད་པར་གསུངས་ཤིང། དེ་ལ་ཡང་ཉི་ཁྲི་སྣང་བར་གསུངས་པ་ལྟར། སངས་རྒྱས་བྱང་སེམས་སོགས་མཐོང་ནས་ཡིད་དད་པར་བྱེད་པ་དང་བའི་དད་པ་དང། ལས་དགེ་སྡིག་གི་བླང་དོར་ལ་ཡིད་ཆེས་པའི་ཡིད་ཆེས་ཀྱི་དད་པ་དང། འབྲས་བུ་གོང་མ་ཐོབ་པར་འདོད་པའི་མངོན་འདོད་ཀྱི་དད་པ་གསུམ་ཡོད་ཅིང། ཕྱི་མ་ཡང་ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་མངོན་མཐོའི་རྟེན་བཟང་འདོད་པའི་མངོན་འདོད་དང། བདེན་བཞིའི་བླང་དོར་ལ་ཡིད་ཆེས་ནས་འཁོར་བ་མཐའ་དག་ལས་ཐར་པ་དོན་དུ་གཉེར་བའི་མངོན་འདོད་དང། དེ་ཙམ་གྱིས་ཀྱང་མ་ཚིམ་པར་གཞན་དོན་དུ་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་མངོན་འདོད་དེ་དད་པ་བསྒོམ་ཚུལ་ལ་ཡང་ལམ་གྱི་ལུས་རྫོགས་པར་ཤེས་ན་དད་པ་ལ་མཁས་པ་ཡིན་ལ། འདི་ནི་རྒྱན་སྣང་གི་སྐབས་བརྒྱད་པའི་མཚམས་སྦྱོར་དུ་གང་གི་ཚེ་གཡོ་དང་སྒྱུ་ཐམས་ཅད་རྣམ་པར་སྤངས་པ་ལ་སོགས་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་ཇི་སྐད་དུ་


GTD003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ཉིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་རིག་པར་བྱེད་པ་ཞེས་པའི་དགོངས་པ་མཐར་ཐུག་ཡིན་ནོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི། དེ་ལྟར་ཐུན་དངོས་གཞིའི་དམིགས་རྣམ་ལེགས་པར་བསྐྱངས་པ་གྲུབ་ནས་ཐུན་འཇོག་ཁར་ཡང་ཚམ་ཚོམ་དུ་མི་འཇོག་པར་ཐུན་དེར་བྱས་པ་རྣམས་ལ་ལུགས་བཟློག་ཏུ་བསམ་བློ་རེ་བཏང་སྟེ་དམིགས་རིམ་གྱི་ཐོག་མར་སྐྱོང་རྒྱུ་རྣམས་དང་། དེའི་རྗེས་སུ་སྐྱོང་རྒྱུ་རྣམས་གོ་རིམ་མཐར་ཆགས་སུ་བླ་མས་གང་བཀོད་པ་ལྟར་བྱུང་ཨེ་འདུག་བལྟ་དགོས་ཤིང་དེ་འདི་ལ་སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་ཞེས་ཟེར། དེ་ལྟར་བལྟས་པ་ན་ལེགས་པ་ཞིག་བྱུང་འདུག་ན་རང་ལ་གཟེངས་བསྟོད་དེ་དགའ་བ་བསྒོམ། ད་དུང་ཡང་དེ་ལྟར་བྱེད་སྙམ་དུ་འཕེན་པ་བཏང། མ་བྱུང་ན་ཁྱོད་ཀྱིས་སྔར་ཡང་འདི་བྱས་པས་འདི་ལས་མ་བྱུང་བ་རེད། ད་ཁྱོད་ལ་ད་ལན་ཆོས་ཤིག་མ་བྱུང་ན་ད་ནམ་ཡོང་ཞེས་རང་གིས་རང་ལ་རྫིག་རྫིག་གཏོང་བ་འབན་གུང་རྒྱལ་གྱི་རྣམ་ཐར་ལྟ་བུ་དགོས། ཁོང་གིས་དགེ་སྦྱོར་ལམ་དུ་སོང་བའི་ཚེ་ཕྱག་གཡོན་པས་གཡས་པ་བཟུང་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་བ་ཁྱོད་ཡག་པོ་བྱུང་གསུང་ནས་གཟེངས་བསྟོད། མ་བྱུང་ཚེ་གཡོན་པ་ནས་བཟུང་སྟེ་འབན་ནག་གུང་རྒྱལ་གསུངས་ནས་རྫིག་རྫིག་གཏོང་བ་ཡིན། ཡང་ཐུན་མཚམས་སུ་ལྡང་བའི་ཚེ་ཧར་ལང་མི་བྱེད་པར་སྤྱི་བོའི་བླ་མ་ཐུབ་དབང་ལ་དམིགས་ཏེ་བླ་མ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་སོགས་གསོལ་བ་ཡང་ཡང་བཏབ། མུ་ནེའི་སྔགས་སོགས་བགྲངས་ནས་ལྡང་བར་


GTD003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། དབང་པོའི་སྒོ་སྡོམ་པ་སོགས་དང། ཁྱད་པར་བཤེས་གཉེན་བསྟེན་ཚུལ་སྟོན་པའི་གསུང་རབ་ལ་བལྟ་བ་སོགས་ཐུན་མཚམས་ཀྱི་བྱ་བ་འོག་ནས་འབྱུང་བ་ལྟར་རོ། །༈ གཉིས་པ་བརྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་འབྱོར་ལ་སྙིང་པོ་བླང་བའི་ཕྱིར་བསྐུལ་བ་དང། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། ཕུར་ཚུགས་གསོལ་འདེབས་སོགས་སྔར་ལྟར་རོ། །གཉིས་པ་དངོས་གཞི་ལ་གསུམ། དལ་འབྱོར་གྱི་ངོ་བོ་ངོས་བཟུང་བ་དང། དེ་དོན་ཆེ་བར་བསམ་པ་དང། རྙེད་དཀའ་བར་བསམ་པའོ། །དང་པོ་སྤྱི་བོར་བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་ཞེས་སོགས་གསུངས་ཏེ། དེའི་རྒྱུ་མཚན་ཡང་བཤེས་གཉེན་བསྟེན་ཚུལ་གོང་དུ་ཚར་གཅིག་བསྒོམས་ནས་བསྐྱུར་འཇོག་པ་མ་ཡིན་པར། འདི་དག་གི་སྐབས་སུ་ཡང་བཤེས་གཉེན་བསྟེན་ཚུལ་གོང་ནས་གོང་དུ་ཇེ་རྒྱས་སུ་གཏོང་དགོས་པ་གོ་བའི་ཆེད་ཡིན་པས། དེའི་དམིགས་རྣམ་གྱི་རྩི་མ་ཡལ་བའི་མུ་ནས་འདི་སྙམ་དུ། ག་རེ་ཆོས་སྒྲུབ་པ་ལ་ཁོམ་པས་ན་དལ་བ་དང། དེའི་མཐུན་རྐྱེན་ཚང་བས་འབྱོར་པ་སྟེ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་རྟེན་བཟང་པོ་འདི་འདྲ་ཐོབ་པ་ཡ་མཚན་ཆེ། བདག་ད་ལྟར་དམྱལ་བར་མ་སྐྱེས་པ་ཡང་བླ་མའི་བཀའ་དྲིན་ཡིན། གལ་ཏེ་དམྱལ་བར་སྐྱེ་ཡོད་ན་ལྕགས་ཀྱི་སླ་ང་དམར་པོའི་ནང་དུ་སྲིན་འབུ་


GTD003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བ་ལྟར་སྡུག་བསྔལ་གྱི་ཚོར་བ་དང་འཇིགས་སྐྲག་ཁོ་ན་མངོན་དུ་གྱུར་ཏེ། མཛོད་ལས། དམྱལ་སེམས་ལུང་མ་བསྟན་དུ་བཤད་པ་ལྟར། དགེ་སྡིག་གི་བློ་གང་ཡང་མངོན་དུ་འགྱུར་བའི་སྐབས་མེད་པ་ལ། ད་ལྟ་བདག་དམྱལ་བ་ཡི་དྭགས་སོགས་མི་ཁོམ་པ་བརྒྱད་གང་དུ་ཡང་མ་སྐྱེས་པར་བླང་དོར་འབྱེད་ནུས་ཤིང། ཆོས་སྒྲུབ་པ་ལ་རང་དབང་བྱུང་བ་འདི་བླ་མའི་ཐུགས་རྗེ་ཁོ་ན་ཡིན་སྙམ་དུ་བསམ། དེ་ལ་མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་ཚེ་རིང་པོ་སྟེ། མི་མ་ཡིན་པའི་མི་ཁོམ་པ་བཞི་དང། མིའི་མི་ཁོམ་པ་བཞི་སྟེ་བརྒྱད་ཡིན་ལ། དེ་ཡང་ལམ་རིམ་དུ་དུད་འགྲོ་སྔར་གསུངས་པ་ནི་ཆོས་སྒྲུབ་པ་ལ་ཡི་དྭགས་ལས་ཀྱང་དུད་འགྲོ་གླེན་ལྐུག་སྣོད་དུ་མི་རུང་བའི་རྒྱུ་མཚན་གྱིས་ཡིན་པས། ཁ་ཅིག་དཔེ་མ་དག་ཟེར་བ་མི་འཐད་དེ་སའི་དངོས་གཞིའི་དགོངས་པ་ཡིན་ནོ། །དེ་ཡང་དལ་བ་ཞེས་པ་སྡོད་ཁོམ་པ་ཙམ་ལ་ཟེར་བ་མིན་མགར་བ་ཤི་བའི་ལག་ཆ་དགོས་པ་མེད་པ་ལྟར་རམ། སོག་མའི་ཁྲེས་པོའི་སྡོམ་ཐག་ཆད་ན་ཕྱོགས་ཐམས་ཅད་དུ་འཐོར་འགྲོ་བ་ལྟར་ཚེ་འདིའི་སྣང་ཤས་ཀྱི་འཆིང་ཐག་ཆད་ནས་གང་ལ་ཡང་མི་ཆགས་པར་སྐྱོ་ཆམ་མེ་ཕྱི་མ་ཕན་ཆད་ཀྱི་དོན་བསམ་རྒྱུ་མ་བྱུང་ན་མདོ་ལས་བཤད་པའི་མི་ཁོམ་པ་དགུ་པ་ཡིན་པས། རང་གིས་རང་མི་ཁོམ་པའི་གྲལ་དུ་མ་བཅུག་པ་དགོས་ཏེ་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས། ངས་སྟན་ཆུང་འབོལ་བདེའི་སྟེང་དུ་ཨོམ་ཚུགས་བྱས་ནས་ཁྲེལ་རྒོད་བྱེད་པ་ཡིན། ཡར་མདུར་མདུར། མར་མདུར་མདུར། དགོས་པ་ཅི་ཡོད་གསུངས་ཤིང། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་འབྲས་སྤུངས་སུ་བཞུགས་སྐབས་མི་མང་པོས་འགྲོ་འདུག་སྣ་


GTD003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བྱེད་པ་གཟིགས་ནས། འདི་སྐད་ཅེས། གནས་བཟང་པོ་དགའ་ལྡན་ལྷ་ཡུལ་ཡོད། །ཟས་ཞིམ་པོ་ལྷ་ཡི་བདུད་རྩི་ཡོད། །གྲོགས་བཟང་པོ་ལྷ་དང་བླ་མ་ཡོད། །ཆོས་རྣམ་དག་བྱས་ན་ང་འདྲ་ཡོང། །གསུངས་ནས་ཐུགས་སྐྱོ་སྐྱོ་མཛད། དེས་ན་རང་རང་དལ་བ་ཞིག་འདོད་ན་ཕུ་ཆུང་བ་ལྟ་བུ་ཞིག་དགོས་ཏེ། ཕུ་ཆུང་བའི་ཞལ་ནས། ཁོ་མ་མགུ་བས་ཁོ་མི་ཡོང། ཁོ་མི་ཡོང་བས་བློ་བདེ་གསུངས་པ་ལྟར་གཞན་གྱིས་འཇིག་རྟེན་གྱི་བྱ་བ་སོགས་བཅོལ་ཀྱང་མ་བསྒྲུབས་པས་ཁོ་མ་མགུ་ནས་ཕྱིན་ཆད་འདྲིས་བཤེས་ཀྱི་འབྲེལ་ཆད་འགྲོ། དེ་འདྲ་དང་འདྲིས་འགྲོགས་མེད་པས། རང་གཅིག་པུ་བྱ་བ་ཉུང་ཞིང་བློ་བདེ་འབོལ་ལེ་དགེ་སྦྱོར་བྱེད་རྒྱུ་བྱུང་ན་དལ་འབྱོར་ཐོབ་པ་ཡིན་པས་དལ་འབྱོར་ཡང་ལས་སླ་བོ་མེད། རང་རང་གིས་ཐོབ་ཡོད་མེད་ལེགས་པར་དཔྱད་དགོས། འབྱོར་པ་བཅུ་ནི་ཉན་ས་ལས། དེ་ལ་བདག་གི་འབྱོར་བ་གང་ཞེ་ན། མིར་གྱུར་པ་དང། ཞེས་པ་ནས། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པའོ། །ཞེས་འབྱོར་བ་བཅུ་གསུངས་པ་ནི། སྟོན་པ་ཞལ་བཞུགས་དུས་ཀྱི་དབང་དུ་བྱས་པ་ཡིན་ལ། སྤྱིར་བཏང་གི་བཅུ་ནི་རྗེས་མཐུན་པ་ཡིན་ཞིང། དེ་ཡང་རང་འབྱོར་གཞན་འབྱོར་ལྔའོ། །འདི་དག་ལས་ཐ་མ་གཉིས་རྟོགས་དཀའ་བས་དེའི་ཚུལ་ནི། དེ་རྗེས་འཇུག་ཅེས་པ་དམ་པ་གོང་མ་འདི་དང་འདིས་འདི་ལྟར་ཉམས་སུ་བླངས་པས་ཡོན་ཏན་འདི་ལྟ་བུ་ཐོབ་ཅེས་གཞན་མིག་ལྟོས་བྱེད་པའམ། དཔེར་བྱེད་རྒྱུ་ཡོད་པ་དང། གཞན་ཕྱིར་སྙིང་བརྩེ་བ་སྦྱིན་བདག་སོགས་ཀྱིས་བརྩེ་བས་


GTD003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་དུས་སུ་བསྒྲུབ་པའོ། །གཉིས་པ་དོན་ཆེར་བསམ་པ་ནི། འདི་ལྟར་བདག་གི་ལུས་འདི་ལ་བརྟེན་ནས། ངན་སོང་ལས་གྲོལ་བའི་མངོན་མཐོའི་རྟེན་ཞིག་བསྒྲུབ་འདོད་ན་ཡང་དེའི་རྒྱུ་སྐྱེས་བུ་ཆུང་ངུའི་ལམ་གྱིས་བསྡུས་པའི་སྦྱིན་སོགས་ལས་སློབ་ནུས། ཐར་པ་བསྒྲུབ་འདོད་ན་ཡང་ཐར་པར་བགྲོད་པའི་ལམ་གྱི་གཙོ་བོ་བསླབ་པ་གསུམ་སོགས་འབྲིང་དང་ཐུན་མོང་བའི་ལམ་རྣམས་ཀྱང་བསྒྲུབ་ནུས་ལ། དེ་ལས་ལྷག་པ་གཞན་དོན་དུ་སངས་རྒྱས་བསྒྲུབ་པར་འདོད་ན་ཡང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་བསྒྲུབ་ནུས་པར་འདུག །མདོར་ན་དལ་འབྱོར་གྱི་རྟེན་འདི་དོན་ཤིན་ཏུ་ཆེ་སྟེ། བྱང་ཆུབ་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་རྟེན་འདི་ལ་འགྲུབ་ནུས་པར་འདུག་སྙམ་དུ་བསམ་དགོས་ཤིང། དེའི་རྒྱུ་མཚན་གྱིས་བདེ་བ་ཅན་གྱི་བྱང་སེམས་རྣམས་ཀྱང་ཞིང་འདིར་སྐྱེ་བར་སྨོན་ལམ་འདེབས་པ་ཡིན། དེར་མ་ཟད་རྟེན་འདི་ལ་དགེ་སྡིག་གང་བྱས་ཀྱང་སྟོབས་ཆེ་ཞིང་ཡར་འགྲོ་མར་འགྲོའི་སོ་མཚམས་ཡིན། དཔེར་ན་འཕན་ཡུལ་གྱི་བྲོ་པ་འགའ་ཞིག་བྲོ་འཁྲབ་ཏུ་སོང་བར་ལྟད་མོ་བ་མང་པོ་འདུས་པའི་ཚེ་བྲོ་འཁྲབ་པའི་སྔོན་དུ་འཐེན་རྒྱུ་ཞིག་ཡོད་པ་མ་ཡོང་བས། དེའི་ཚབ་ཡག་ན་ཡག་གྱི་གཞི། ཉེས་ན་ཉེས་ཀྱི་གཞི། ཡག་གཞི་ཉེས་གཞི་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གཞས་འཐེན་པ། བཀའ་གདམས་པ་ཞིག་གིས་གསན་ནས། དེ་རང་བདེན་ང་ཚོའི་རྟེན་ཡག་གཞི་ཉེས་གཞི་རང་ཡིན་པས། ཚིག་དེ་མ་བརྗེད་པ་གྱིས་གསུངས་པ་ལྟར། བདེ་འགྲོ་ངན་འགྲོ་གཉིས་ཀྱི་སོ་མཚམས་ལེགས་ཉེས་གཉིས་ཀྱི་གཞི་མ་


GTD003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་རྡོག་སྣ་མ་འདྲེད་པ་གལ་ཆེ། གསུམ་པ་རྙེད་དཀའ་བར་བསམ་པ་ལ། རྒྱུའི་སྒོ་ནས་རྙེད་དཀའ་བ། ངོ་བོའི་སྒོ་ནས་རྙེད་དཀའ་བ། དཔེའི་སྒོ་ནས་རྙེད་དཀའ་ཚུལ་གསུམ་ལས། རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ནི། དལ་འབྱོར་ཚང་བའི་རྟེན་ལྟ་ཞོག །མི་ལུས་ཙམ་ཐོབ་པ་ལ་ཡང་ཚུལ་ཁྲིམས་བསྲུང་དགོས་ན་འགྲོ་བ་ཕལ་ཆེར་མི་དགེ་བ་བཅུ་ལ་ཤས་ཆེར་སྤྱོད་པས། བདེ་འགྲོ་ཙམ་ཡང་ཐོབ་དཀའ་སྟེ། སྔོན་ཇོ་བོ་བོད་དུ་ཕེབས་སྐབས་ཉེས་བྱས་གཅིག་བྱུང་བ་དེ་མ་ཐག་ང་ལ་བྱ་བ་ཆེན་པོ་ཞིག་བྱུང་ཞེས་ཚོང་པ་རྣམས་བསྐོར་ཏེ་འབྲལ་མེད་མཆོད་རྟེན་གྱི་དྲུང་དུ་བཤགས་པ་བྱས་ནས་ད་གཤེགས་ན་ཡོང། ངས་དེ་མ་བཤགས་པར་ཤི་ན་ང་ངན་འགྲོར་ལྟུང་བ་ཡིན་གསུངས་ཏེ། ཉེས་པ་བྱུང་ནས་སྔ་དྲོའི་ཡུན་ཙམ་ལ་ཡང་འགྲོགས་མ་མྱོང་བ་ཡིན་པས་དེ་འདྲ་ཞིག་ལ་འབད་དགོས། བརྒྱ་ལ་གོས་ཀྱང་སྣར་ཐང་པའི་དགེ་ཚུལ་ལྟར་སྡོམ་སེམས་དྲག་པོས་ཕྱིན་ཆད་དེ་ལས་གཏན་དུ་ལྡོག་པ་ཞིག་བྱེད་དགོས། དེའི་ལོ་རྒྱུས་ནི་ཁོང་གི་བླ་མ་འདུལ་ཁྲིམས་ལ་ཤིན་ཏུ་གཅེས་སྤྲས་ཆེས་པས་ཁོང་ལ་ཕྱི་དྲོའི་ཁ་ཟས་སོགས་མ་ཟ། ཞེས་ཡང་ཡང་གསུངས་ཀྱང། ཁོང་གིས་ཀྱང་བསྲུང་མ་ནུས་པར་སྦས་ནས་ཟ་བ་ལ་ལན་གཅིག་པག་རྫིའི་ཐོག་ཏུ་བླ་མ་ཕེབས་བྱུང་བས་ལྷ་བཤོས་ཤིག་བཅོས་པས་ཅང་མི་གསུངས་པར་ཕུགས་སུ་ཕེབས་སོང་བ་དང། ཅི་ཡིན་སྙམ་སྒོའི་གསེབ་ནས་བལྟས་པས་བླ་མ་བཤུམས་བཞིན་དུ་བཞུགས་པ་མཐོང་ནས། ངའི་དོན་དུ་བླ་མས་ཐུགས་


GTD003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲལ་འདི་ཙམ་ཞིག་མཛད་པ་རེད། ད་ངས་བླ་མའི་བཀའ་བཞིན་དུ་བཅས་མཚམས་སྲོག་གི་ཕྱིར་ཡང་མི་འདའ་བ་ཞིག་མ་བྱས་ན་ཡོང་རྒྱུ་མ་རེད་དགོངས་ཏེ། དེ་ནས་བཟུང་སྟེ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་བ་སྣར་ཐང་པའི་དགེ་ཚུལ་ཞེས་ཚུལ་ཁྲིམས་རྣམ་པར་དག་པའི་དཔེ་ལ་བྱེད་པ་ཡིན། དེས་ན་དལ་འབྱོར་ཚང་བའི་རྟེན་རྣམ་པར་དག་པ་ཞིག་ཐོབ་པ་ལ་རྒྱུ་དེ་འདྲ་བ་ཞིག་དགོས་པ་ལ། རང་གིས་རང་ཕྱི་མ་བདེ་འགྲོ་ངན་འགྲོ་གང་དུ་སྐྱེ་ལུང་བསྟན་ཆོག་པ་ཡིན། ཁྱད་པར་རབ་ཏུ་བྱུང་བ་གསང་སྔགས་ཀྱི་སྡོམ་ལྡན་རྣམས་ཀྱིས་ལྷག་པར་ཡང་ཚུལ་ཁྲིམས་བསྲུང་བ་ལ་འབད་དགོས་ཏེ། དེས་ཐ་ན་ཉེས་བྱས་ཕྲ་མོ་ཞིག་ལ་ཁྱད་གསོད་བྱས་ན་ཡང་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་འབྱུང་ལ། དེ་ལྟ་ཞོག །རང་ལ་ཐ་མལ་བའི་འདུ་ཤེས་ཀྱིས་ཟས་ཁམ་གཅིག་ཟོས་ན་སྦོམ་པོ་གཅིག་འབྱུང་ཞིང་སོ་ཐར་ཕམ་བཞི་ལས་སྔགས་ཀྱི་སྦོམ་པོ་གཅིག་ལྕི་བ་ཡིན། གནད་འདི་མ་གོ་བས་ཕྱི་དྲོ་ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབས་ནས་ཟོས་ཆོག་ཟེར་ཡང། སངས་རྒྱས་ཀྱིས་ཨོཾ་ཨཱཿ ཧཱུཾ་མི་མཁྱེན་པ་ཡང་མ་ཡིན། དགེ་སློང་རྣམས་ལ་ཐུགས་རྗེ་ཆུང་ནས་མ་བསླབ་པ་ཡང་མ་རེད། ཡིན་ཀྱང་དེ་འདྲ་གནང་མི་འདུག་པས་དེ་དག་གི་རྗེས་སུ་མ་འབྲངས་པར་སྒོ་ཐམས་ཅད་ནས་ཚུལ་ཁྲིམས་གཙང་སང་ངེ་བ་ཞིག་བསྲུང་དགོས་ལ། འོན་ཀྱང་དེ་འདྲ་ཤིན་ཏུ་དཀོན་པར་སྣང་བས་རྒྱུ་དེ་ལ་དཔག་པས་འབྲས་བུ་བདེ་འགྲོ་ཐོབ་པ་ཤིན་ཏུ་དཀོན་པ་ཡིན། ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ་ནི། ངན་འགྲོ་ལ་ལྟོས་ནས་བདེ་འགྲོ་ཙམ་ཐོབ་པ་ཡང།


GTD003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མཐའ་ཡིན། དེ་དག་སྒྲུབ་བྱེད་གཞན་མི་དགོས་མིག་གིས་བལྟས་པས་ཤེས་ཏེ། རྒྱལ་དབང་ལྔ་པ་ཆེན་པོས། དབྱར་དུས་ཀྱི་ཤིང་ཕུང་རེ་རེའི་སྟེང་ན་ཡང་སེམས་ཅན་གྱི་རིགས་འཛམ་བུ་གླིང་གི་ལྷ་མི་ལས་མང་གསུངས་ཤིང། རྟའི་སྦང་རེ་རེ་ལ་ཡང་སྲིན་བུ་ཇི་སྙེད་ཅིག་འདུག་པ་དེ་ཐམས་ཅད་དུད་འགྲོ་ཡིན། དེ་འདྲ་ལ་དཔག་ན་རང་གི་ངོ་བོའི་སྒོ་ནས་རྙེད་དཀའ་བར་འཆར་སླའོ། །དཔེའི་སྒོ་ནས་རྙེད་དཀའ་བ་ནི། དལ་འབྱོར་ཚང་བའི་རྟེན་འདི་ཉིན་མོའི་སྐར་མ་ལྟ་བུར་ཤིན་ཏུ་དཀོན་པ་ཡིན་ཏེ། དེ་ཡང་འདུལ་བ་ལུང་ནས་གསུངས་པ་ལྟར། རྒྱ་མཚོའི་གཏིང་དུ་རུས་སྦལ་ལོང་བ་ལོ་བརྒྱ་བརྒྱ་ནས་རྒྱ་མཚོའི་སྟེང་དུ་མགོ་ཏོག་ཙམ་བྱེད་པ་ཞིག་ཡོད་ལ། ཡང་རྒྱ་མཚོའི་ཁར་གསེར་གྱི་གཉའ་ཤིང་བུ་ག་གཅིག་པ་རླུང་གིས་བདས་ཏེ་ལོ་བརྒྱ་རེ་ལ་ཤར་ནས་ལྷོར་འགྲོ་ཡང་ལོ་བརྒྱ་རེ་ལྷོ་ནས་བྱང་དུ་འགྲོ་བ་ཞིག་ཡོད་པ་དེའི་བུ་ག་དེར་རུས་སྦལ་གྱི་མགྲིན་པ་ཆུད་པ་ནི་ཤིན་ཏུ་དཀོན་ཏེ། གཉའ་ཤིང་དེ་རྟག་ཏུ་ས་དེར་ཡོད་ན་རུང་ཡང་དེ་ནི་མི་སྡོད། རུས་སྦལ་དེ་རྒྱུན་པར་སྟེང་དུ་འདོན་པ་ཞིག་བྱུང་ན་ཕྲད་མོད་དེ། དེ་ཡང་ལོ་བརྒྱ་རེ་ནས་མིན་པ་མི་འདོན། མིག་ཡོད་ན་གཉའ་ཤིང་དེར་འོང་བས་ཐོན་ཆོག་ཀྱང་མིག་མེད་པས། དེ་གཉིས་ཕྲད་པ་མི་སྲིད་པའི་ཚོད་ཙམ་ཡིན་ན་དལ་འབྱོར་ཐོབ་པ་ཡང་དེ་དང་འདྲ། དེས་ན་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་བཟང་པོ་ལན་གཅིག་ཐོབ་པའི་དུས་འདིར་ཆུད་ཟོས་ལ་གཏོང་མི་རུང་སྟེ། པོ་ཏོའི་དཔེ་ཆོས་ལས། སྲིན་བུས་ཕྱག་འཚལ་རྐྱང་ལ་ཞོན། །གཙང་བའི་ཉ་དང་


GTD003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྣེ་འུ་ཟན། །གསུངས་པ་ལྟར། སྔོན་ལོ་ཉེས་བྱུང་བའི་ཚེ་དུད་ཚང་གཅིག་གིས་སྣེའུ་ཟན་བྱས་ནས་ཟོས་པས། བྱིས་པ་ཞིག་གིས་རང་གི་སྐལ་བ་རྒྱབ་ཏུ་བཞག་ནས། ཕའི་སྐལ་བ་ལས་ཟོས་རྒྱབ་ཀྱི་མར་ཟན་ཁྱིས་ཁྱེར་བས་ངུས་པས་ན། མ་ངུ་བྱས་པས། རྒྱ་མ་ལན་གཅིག་གི་སྣེའུ་ཟན་ཁྱིས་ཁྱེར་ན་ངུ་དྲག་ཟེར་བའི་དཔེ་བཞིན་རང་རེས་ཀྱང་རྒྱ་མ་ལན་གཅིག་གི་རྟེན་བཟང་འདི་ཆུད་ཟོས་ལ་སོང་ན་ཕངས་པས་སྙིང་པོ་ཞིག་ལེན་དགོས། སྙིང་པོ་ལེན་ཚུལ་ཡང་བླ་མ་སངས་རྒྱས་འབྲལ་མེད་དུ་བསྟེན་པ་ནས་བཟུང་ཐེག་པ་མཆོག་གི་གདམས་པའི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པའི་ལུས་ཆ་ཚང་བ་ཞིག་ཉམས་སུ་བླང་སྟེ་ཚེ་གཅིག་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་བསམ། དེ་ལྟར་དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བས་སྙིང་པོ་ལེན་འདོད་སྐྱེས་ཏེ་དལ་འབྱོར་གྱི་ཆོས་སྐོར་ཡག་པོ་རང་གཅིག་ཤེས་པ་ལ་ཉན་ས་ལས་གསུངས་པ་ལྟར་བདེ་བ་འདོད་ན་ཆོས་ལ་རག་ལས་པས་སྒྲུབ་དགོས་པ་དང། ཕྱི་ནང་གི་རྐྱེན་ཚང་བས་བསྒྲུབ་ནུས་པ་དང། ཕྱི་མར་དལ་འབྱོར་རྙེད་དཀའ་བས་ཚེ་འདིར་བསྒྲུབ་དགོས་པ་དང། ནམ་འཆི་ལ་ངེས་པ་མེད་པས་ད་ལྟ་ཉིད་དུ་བསྒྲུབ་དགོས་པ་བཞི་ལ་བློ་ལེགས་པར་སྦྱངས་དགོས། དེ་ལྟར་མ་བསམས་ན་ང་ཚོ་ཁ་ནས་ཆོས་ཟེར་ཡང་སྦྱིན་བདག་ཅིག་གིས་ཁྱེད་དེ་རིང་ཕེབས་ན་གསེར་སྲང་ལྔ་སྟེར་ཟེར་བྱུང་ན། བླ་མའི་ཆོས་ཉན་གྱི་གྲལ་ཡོད་ཀྱང་ཐབས་ཀྱིས་བཤོལ་ཏེ་ཆོས་གྲྭ་ནས་ཐོན་འགྲོ་བ་ཐེ་ཚོམ་རང་མེད། སྔོན་ཇོ་བོ་གཤེགས་ནས་སྐུ་གདུང་བཞེངས་པའི་ཨ་ཙ་ར་མ་ནུ་ཟེར་བ་ཞིག་ཡོད་པ་ཚེས་བཅོ་ལྔའི་ཟླ་བ་ལ་


GTD003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ནས་ངུས་པས། དགེ་བཤེས་ཤིག་གིས་ཁྱོད་ཅི་ལ་ངུས་དྲིས་པས། ང་ཚོའི་ཡུལ་ན་ད་ལྟ་ཀ་ལི་འཁྲབ་ནས་སྐྱིད་པོ་རང་ཡོད་ཟེར། དགེ་བཤེས་དེས་ཁྱོད་སངས་རྒྱ་བ་དང། བལ་ཡུལ་དུ་སླེབ་པ་གཉིས་གང་འདམ་བྱས་པས། འདམ་རྒྱུ་རང་བྱུང་ན་བལ་ཡུལ་དུ་སླེབ་པ་རང་འདམ་དྲག །དེ་ལ་བཀའ་གདམས་པ་རྣམས་ཀྱིས་ང་ཚོ་ཁས་གསང་མ་གསང་གི་ཁྱད་མ་གཏོགས། བདེན་པ་མ་ནུ་རང་བདེན་ཏེ་ང་ཚོ་བཟང་རྫུས་སྒྲིབ་པ་ཡིན་གསུངས། དེས་ན་ཐོག་མར་དལ་འབྱོར་གྱི་ཆོས་སྐོར་ལ་མྱོང་བ་ཐོན་པ་ཞིག་བྱུང་ན་ལྷག་མ་རྣམས་དཀའ་ལས་མེད་པར་སྐྱེ་སྟེ། དོལ་པོ་བས་དལ་འབྱོར་ལོ་གསུམ་ལ་བསྒོམ་པས་དེ་ནས་ཐམས་ཅད་རང་ཤུགས་ཀྱིས་ཡོང་བ་དང། སྒྲུབ་ཁང་པ་ལན་གཅིག་སྦྲང་མ་ཞིག་རེ་རེ་འཕུར་ཡང་ས་ལ་ལྷུང་དེ་ལྟར་བྱེད་པ་གཟིགས་ནས་ཅི་ཡིན་དགོངས་ཏེ་བརྟགས་པས་སྦྲང་མའི་ལྟོ་བར་གྲོག་མ་འབྱར་བ་མཁྱེན་ནས། སྦྲང་མ་ལ་མིག་ཡང་ཡོད། གཤོག་པ་ཡང་ཡོད། འདི་ལ་དེ་གང་མེད་དེ་འོན་ཀྱང་ལས་ཀྱི་དབང་གིས་འདི་འདིས་ཁར་ཆུད་པ་རེད། ལས་འབྲས་བསླུ་བ་མེད་པ་བྱ་བ་འདི་འདྲ་ཞིག་ཡིན་པར་འདུག་དགོངས་ནས་དེ་མ་ཐག་ལམ་རིམ་གྱི་རྟོགས་པ་ཐམས་ཅད་འཁྲུངས་པ་ལྟ་བུ་ཡིན་པས་སྐྱེ་རན་ན་སྐྱེ་བ་ལ་དཀའ་ལས་མེད། དང་པོར་འདི་ལ་མ་སྦྱངས་པར་ཧམ་པ་བྱས་ཏེ་གསང་སྔགས་ལྟ་བུ་ལ་འཇུག་མི་རུང་བས་འཇུག་སྒོ་འདི་ནས་ཡར་འཁྲིད་དགོས་ཏེ། པོ་ཏོ་བས། ནད་གཡོག་བྱེད་ལུགས་ལ་བལྟས་ནས་ཆོས་བྱེད་ལུགས་གོ །ནད་པ་ལ་ནད་ལོག་བརྒྱབ་དོགས་ནས་ཟས་རིམ་གྱིས་


GTD003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་བ་བཞིན་དུ་ང་ཚོ་ལ་ནད་ལོག་བརྒྱབ་དོགས་ནས་འབྲོམ་སྟོན་གྱིས་རིམ་གྱིས་བསླབ་པ་རེད་གསུངས་པ་དང། ཁ་རག་སྒོམ་ཆུང་བས། བྱ་ཚང་བྱེད་ལུགས་ལ་བལྟས་ནས་པོ་ཏོ་བས་ང་ཚོ་ལ་ལམ་རིམ་རིམ་གྱིས་གསུངས་པ་དེ་རང་བདེན་པར་འདུག་གསུངས་ཏེ། ཁོང་གིས་གཟིགས་ཙ་ན་བྱེའུ་ཞིག་གིས་འཇིམ་པའི་ར་བ་བཟོ་བ་ལ་དཀའ་ལས་ཆེ་བར་འདུག་དགོངས་ནས་ཁོ་རང་གིས་འཇིམ་པ་ཆེན་པོ་ཞིག་གླན་པས་དེ་མ་ཐག་ལྷུང་སོང་བ་དང། ག་རེ་འདོད་དབང་དུ་མི་འདུག །ཐོག་མར་རན་པ་གླན། དེ་ནས་ཆུང་རིམ་ནས་བརྩིག་དགོས་པར་འདུག །འདི་ལ་བལྟས་ན་བྱང་ཆུབ་ལམ་རིམ་ལ་ཐོག་མར་སེམས་རྒྱུད་འདི་བརླན་དགོས་པར་གདའ་གསུངས་པ་ལྟར་འདི་ཅིས་ཀྱང་སྔོན་དུ་འགྲོ་དགོས་ལ། དེར་མ་ཟད་སྔགས་ཀྱི་རྟོགས་པ་མཐོན་པོའི་ཚེ་ཡང་དལ་འབྱོར་རྙེད་དཀའ་བསམ་དགོས་པར་འདུས་པ་ལུགས་གཉིས་ཀྱི་ནང་ནས་ཡེ་ཤེས་ཞབས་ལུགས་ཀྱི་སྒྲུབ་ཐབས་ཀུན་བཟང་དུ་གསུངས་ཤིང། ཡིག་མཁན་གྱི་རིགས་ལས་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་ལཱུ་ཨི་པ་ལ། ཡང་རྡོ་རྗེ་རྣལ་འབྱོར་མས། རྐང་པ་བརྐྱང་བ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་སུ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསམ་པར་བྱ། །ཞེས་བསྐུལ་བ་ལྟ་བུའོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་གོང་བཞིན་ནོ། །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི་ཡང་སྔར་བཞིན་ལ། ཁྱད་པར་དུ་དལ་འབྱོར་གྱི་ཆོས་སྐོར་སྟོན་པའི་གསུང་རབ་རྣམས་བལྟ་ཞིང། དལ་འབྱོར་ཐོབ་པ་འདི་ནི་ཤིན་ཏུ་དཀའ་ཞེས་འཕྲེང་བ་ལ་བགྲངས་ནས་འདོན་དགོས་ཏེ།


GTD003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་སྔོན་རབས་ཆད་ཅིག་རང་ལ་བུ་མེད་པས་སེམས་སྡུག་དྲགས་ནས་ཁང་སྟེང་དུ་ཐོན་ཏེ། ངའི་བུ་ངའི་བུ་ཞེས་བོས་པས། གྲོང་པ་རྣམས་ཀྱིས་ཁྱོད་ལ་བུ་མེད་པ་ལ་སུ་འབོད་པ་ཡིན་ཞེས་པས། ང་ལ་བུ་མེད་པས་ཀ་འབོད་པ་ཡིན་ཟེར། དེ་བཞིན་དུ་གྲུབ་ཆེན་གྱི་གཞུང་འདི་དག་ཡང་ཡང་བརྗོད་ན་སེམས་ལ་ཕན་ཁྱད་ཆེའོ། །༈ གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། སྐྱབས་གནས་ཀུན་འདུས་ཞེས་སོགས་ཕལ་ཆེར་སྔར་ལྟར་རོ། །གཉིས་པ་དངོས་གཞི་ལ་བཞི། འཆི་བ་མི་རྟག་པ་བསམ་པ། ངན་འགྲོའི་སྡུག་བསྔལ་བསམ་པ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སྦྱང་བ། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ནི། སྤྱི་བོར་བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་ཞེས་སོགས་གསུངས་ཏེ། སྔར་བཤད་པའི་བཤེས་གཉེན་བསྟེན་ཚུལ་དང། དལ་འབྱོར་གྱི་ཆོས་སྐོར་ལམ་སྤྱིའི་ཁོག་ཀྱང་ཡིན་ལ། ལམ་གྱི་རྩ་བ་ཡང་ཡིན། འགོ་ཡང་ཡིན་པས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དངོས་གཞིའི་མཚམས་འདི་ནས་ཚུགས་པ་ཡིན། འདིར་སྐྱེས་བུ་གསུམ་གྱི་ཐ་སྙད་ནི།


GTD003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཏན་ལ་དབབ་པ། བསྡུ་བ། བྱང་ས། མཛོད་རང་འགྲེལ་སོགས་ལས་གསུངས་པ་ལྟར། ཇོ་བོའི་ལམ་སྒྲོན་ལས། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བའི། །སོ་སོའི་དབྱེ་བས་བྲི་བར་བྱ། །ཞེས་གསལ་བར་གསུངས་ལ། སྤྱིར་གང་ཟག་ཅེས་པ་དང། སྐྱེས་བུ་ཞེས་པ་ཁྱད་མེད་ཀྱང། འདིར་གང་ཟག་གསུམ་མི་ཟེར་བར་སྐྱེས་བུ་གསུམ་ཟེར་བའི་རྒྱུ་མཚན་ནི། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ཐད་བསྒྱུར་བྱས་ན་ནུས་ལྡན་ལ་འཇུག་པས། བློའི་ནུས་པ་ཆུང་འབྲིང་ཆེ་གསུམ་གྱི་སྒོ་ནས་བཞག་པར་ཤེས་པའི་ཆེད་ཡིན་ཏེ། འདི་གསུམ་ལ་ཤེས་རབ་ཆུང་འབྲིང་ཆེ་གསུམ་གྱི་ཐ་སྙད་ཀྱང་ཡོད་དོ། །འདིར་པུ་རུ་ཥ་སྐྱེས་བུ་ལ་བསྒྱུར་བ་དོན་འགྱུར་ཡིན་ཏེ། དཔེར་ན་སུམ་རྟགས་སོགས་སུ་ཡི་གེ་ཕོ་མོ་མ་ནིང་གི་རྟགས་བཤད་པའི་ཚེ་པུ་ལིངྒ་ཞེས་པུ་སྐྱེས་པ་ལིངྒ་རྟགས་ལ་འཇུག་པ་ལྟ་བུ་ཡིན། འདིར་ཐུན་མོང་བ་ཞེས་སྨོས་པའང་ཆུང་འབྲིང་དངོས་ལ་འཁྲིད་མི་རུང་བ་གོ་ཆེད་ཡིན། དེ་ལ་དང་པོ་འཆི་བ་མི་རྟག་པ་བསྒོམ་པ་ལ་ཡང། འཆི་བ་མི་རྟག་པ་བསྒོམ་པའི་བློ་ངོས་བཟུང་བ། དེ་མ་བསྒོམས་པའི་ཉེས་དམིགས། བསྒོམ་པའི་ཕན་ཡོན། ཇི་ལྟར་བསྒོམ་པའི་ཚུལ་དངོས་དང་བཞི། དང་པོ་ནི། འགའ་ཞིག་རང་གི་བུ་ལ་སོགས་པ་རྣམས་ཀྱི་མགོ་མི་ཐོན་དོགས་ཤིང་། རང་ཡང་གཉེན་བཤེས་ཟས་ནོར་སོགས་དང་འབྲལ་གྱིས་དོགས་ནས་སྐྲག་པ་དེ་འདྲ་ཆོས་ལ་


GTD003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མ་སྦྱངས་པའི་སྐྲག་ལུགས་ཡིན་པས་ཨ་བོ་སོགས་ལའང་ཡོད་པ་དེ་བསྒོམ་ཀྱང་སྐྱོན་ཡིན། འོ་ན་ག་འདྲ་ཞིག་བསྒོམ་དགོས་ན། ཆོས་དང་མཐུན་པ་ནི་ཕྱི་ནང་གི་རྟེན་འབྲེལ་ལེགས་ཚོགས་ཐམས་ཅད་ཚང་བའི་དལ་འབྱོར་གྱི་ལུས་བཟང་པོ་འདི་ལ་ཕྱི་མ་ཕན་ཆད་ཀྱི་དོན་ཞིག་བསྒྲུབ་སྟེ། ངན་འགྲོའི་སྒོ་ཁེག་པ་ཞིག་མ་བྱས་པར་ལུས་འདི་ཤོར་སོང་ན་ཅི་དྲག་སྙམ་པ་ནི་འཆི་བ་དྲན་ལུགས་ཡིན་པས། ངོ་ཤེས་དགོས་པས་འདི་དབུར་རྙེད་པར་དཀའ་ཞིང། རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་རྟེན་འདི་མྱུར་དུ་འཇིག་སྟེ་ཞེས་དལ་འབྱོར་སྦྱར་བའང་འཆི་བ་མི་རྟག་པ་བསམ་ལུགས་ཤེས་པའི་ཆེད་དུའོ། །གཉིས་པ་མ་བསམས་པའི་ཉེས་དམིགས་ནི། འཆི་བ་མ་བསམས་པའི་དབང་གིས་ཀོ་རློན་གྱི་ཞྭ་རིམ་གྱིས་དམ་དུ་འགྲོ་བ་ལྟར། ཚེ་འདིའི་སྣང་ཤས་དམ་དུ་སོང་ནས་སྡོད་རྒྱུའི་འཕེན་པ་དེ་རང་སྐྱེས་ཏེ། གནས་བཟང་པོ་དང་ཟས་གོས་གྲོགས་མགོ་འདྲེན་སོགས་མང་པོ་ཞིག་ཚོལ་བ་ཡིན། དཔེར་ན་ཁམས་ཀྱི་ཚོང་པ་ཞིག་གིས་ཡང་ལྷ་སར་ཡུན་རིང་སྡོད་རྩིས་ཡོད་ན་དེ་ལུགས་ཀྱི་གྲ་མང་པོ་ཞིག་བསྒྲིགས་པ་དང་འདྲ། དེ་ལྟ་བུའི་རྟག་འཛིན་དེའི་དབང་གིས་དགོན་གཞི་རྙེད་པ་སོགས་ལ་བརྟེན་ནས། བླ་མ་དང་དམ་ཚིག་ཉམས་པ་སོགས་ཀྱང་འབྱུང་ཞིང། གནས་གང་དུ་བསྡད་ཀྱང་ཚེར་དོང་དུ་བསྡད་པ་ལྟར་གཡས་ནས་དགྲ། གཡོན་ནས་དགྲ་ལྡང་སྟེ། གྲྭ་རྐྱང་ཚོ་ལ་ཡང་ཁམས་ཚན་དགེ་རྒན་གྱིས་འདི་བྱས་གཞན་ཞིག་གིས་ཅིག་བྱས་ཟེར་ནས་མི་བདེ་བ་སྣ་ཚོགས་ཤིག་ཡོང་བ་འདི་རང་གི་ངོས་ནས་


GTD003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་སྡོད་རྩིས་ཀྱི་གྲ་མང་པོ་ཞིག་བསྒྲིག་དགོས་པས་ལན་པ་ཡིན། དཔེར་ན་སྔོན་རྒན་མོ་ཞེ་ངན་མ་གྲོང་གི་མི་ཐམས་ཅད་དང་འཐབ་པ་ཞིག་ཡོད་པ་ཐམས་ཅད་དང་འཐབ་འཐབ་ནས་གྲོང་དེ་ལས་ཕྱིར་ཐོན་ཏེ། སྡུག་གྲོང་བརླག་གྲོང་འདི་ན་ང་ལ་མ་འཐབ་པ་སུ་ཡོད་ཟེར་ཏེ་དོན་ལ་རང་གི་སྐྱོན་བསྒྲགས་པ་ལྟ་བུར་ཡིན་པས། རྟག་འཛིན་འདི་ཅིས་ཀྱང་གཞོམ་དགོས་ཏེ། མདོ་དྲན་པ་ཉེར་གཞག་ལས་ཀྱང་། ཕྱིན་ཅི་ལོག་བཞིའི་ནང་ནས་རྟག་འཛིན་འདིས་སྡུག་ཏུ་བཅུག་པར་གསུངས་པའི་ཕྱིར་རོ། །གསུམ་པ་འཆི་བ་བསམ་པའི་ཕན་ཡོན་ནི། དེ་ལྟར་བསམ་པས་འཇིག་རྟེན་འདིའི་བྱ་བྱེད་ཐམས་ཅད་སྙིང་པོ་མེད་པས། བསླུ་བྲིད་འབའ་ཞིག་ཏུ་མཐོང་ནས་དགོས་དགོས་མང་པོ་མེད་པར་ལྷོད་ཤིག་སྟེ་འགྲོ་བ་ནི། རྗེ་མི་ལས། ཚེ་ཐུང་ནམ་འཆི་ཆ་མེད་ལ། །དབྱངས་གདངས་སྙན་པོ་བསླབ་ལོང་མེད། །གསུངས་པ་ལྟ་བུ་ཞིག་ཡོང་སྟེ། དཔེར་ན་སང་འགྲོ་ཐག་ཆོད་པའི་ཚོང་པ་ཞིག་ལ་གནས་བཟང་ངན་སོགས་ལ་ལྟོས་པ་མེད་པར་དེ་ན་འ་འུར་ཅི་ཡོད་ཀྱང་མི་ལྟ་ཞིང་བྲེལ་ཚུབ་ཚུབ་འགྲོ་བ་ལྟ་བུ་ཡིན། བཞི་པ་དེ་ཇི་ལྟར་བསྒོམ་པ་ནི། ངེས་པར་འཆི་བ་སོགས་རྩ་བ་གསུམ་དང། རྒྱུ་མཚན་དགུ། ཐག་བཅད་པ་གསུམ་གྱི་སྒོ་ནས་བསྒོམ་དགོས་པས། དང་པོ་ངེས་པར་འཆི་བ་ཡང་རྒྱུ་མཚན་གསུམ་སྟེ། དང་པོ་ནི། འཆི་བ་དེ་རྐྱེན་གང་གིས་ཀྱང་བཟློག་པར་མི་ནུས་ཏེ། རི་རབ་དང་རྒྱ་མཚོ་སོགས་སུ་བྲོས་པས་ཀྱང་མི་ཐར། འཁོར་འབངས་ལོངས་སྤྱོད་སོགས་ཀྱིས་བཟློག་ཐབས་ཤིག་ཡོད་ན་འཁོར་བསྒྱུར་རྣམས་འཆི་


GTD003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ཡོང་བ་དེ་དག་ཀྱང་ཚེ་འཕོས་ཤིང། དེར་མ་ཟད་དྲང་སྲོང་རྫུ་འཕྲུལ་ཅན་རྣམས་དང། སྔོན་གྱི་གྲུབ་ཆེན་ཚོ་དང་སྟོན་པ་ཐུགས་རྗེ་ཅན་ཡང་སྐུ་མྱ་ངན་ལས་འདས་ན་རང་ཅག་ཚོ་ལྟ་ཅི་སྨོས། གཉིས་པ་ནི། ལྷག་མ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་ཚེ་ལ་བསྣོན་པ་མེད་ཅིང། འབྲི་བྱེད་བར་མ་ཆད་དང་བཅས་པས་ངེས་པར་འཆི་སྟེ། དཔེར་ན། མི་ཞིག་གཡང་དུ་འཛེགས་པའི་ལམ་ནས་རྩྭ་ཕུང་ཞིག་ལ་འཇུས་པའི་རྩྭ་ཕུང་དེ་ལ་བྱི་བ་དཀར་ནག་གཉིས་ཀྱིས་རྩྭ་རེ་རེ་ཕྱུང་ནས་རིམ་གྱིས་ཟོས་ན་རྩྭ་ཕུང་དེ་མྱུར་དུ་ཟད་དེ་གཡང་ལ་ལྷུང་འགྲོ་བ་བཞིན་དུ་ཚེ་ཡང་ཉིན་མཚན་གཉིས་ཀྱིས་རེ་མོས་སུ་བྱས་ནས་ཧྲིབ་ཧྲིབ་ཟད་འགྲོ་བ་ཡིན། གསུམ་པ་གསོན་པའི་ཚེ་ཡང་ཆོས་བྱ་ལོང་མེད་པར་ངེས་པར་འཆི་སྟེ་ད་ལྟ་དར་ལ་བབ་ནས་ལོ་སུམ་ཅུ་ཙམ་ལ་སླེབ་པ་ཞིག་ཡིན་ན་ལྔ་བཅུ་སྡོད་ཐུབ་ཡོད་དུ་ཐུག་ཀྱང་བཅུ་གཉིད་ལ་འགྲོ། ལྷག་མའི་ལྔ་ཟས་ལ་འགྲོ། ལྔའི་ཕྱེད་འགྲོ་འདུག་སོགས་ལ་འགྲོ། དེས་ན་ཤུལ་དུ་ལོ་གཉིས་ཙམ་ལུས་ལ། དེ་ཡང་ཆོས་སྒྲུབ་མཁན་ཞིག་གི་དབང་དུ་བྱས་པ་མ་གཏོགས་གཞན་ལ་ངེས་པ་མེད། དེ་ལ་ཡང་བླ་མ་བྱམས་པའི་གསུང་ལས། ཉི་ཤུ་མན་ཆད་ལ་གང་ཟག་ཁྱད་པར་ཅན་མ་གཏོགས་ཆོས་སྒྲུབ་བློ་ཡོང་བ་ཤིན་ཏུ་དཀའ། ཉི་ཤུ་ནས་བག་ཆགས་གང་ཡོད་སད་འགྲོ། དེ་ནས་མ་བྱུང་ན་བཞི་བཅུ་ནས་སྡུག་ཏུ་འགྲོ་གསུངས་པ་ལྟ་བུ་ཡིན། དེ་ལྟར་ངེས་པར་འཆི་བས་ཚེ་འདིའི་བསླུ་བྲིད་ལ་མ་ཆགས་པར་ཆོས་བྱ་བར་ཐག་བཅད་དེ་བསམ། གཉིས་པ་ནམ་འཆི་ངེས་མེད་ལའང་རྒྱུ་མཚན་གསུམ་སྟེ། སྤྱིར་སྒྲ་མི་སྙན་པ་རྣམས་ལོ་སྟོང་ངེས་


GTD003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐུབ་ཅིང། སྐྱེ་བ་དེའི་འོག་རོལ་ཏུ་ངན་སོང་དུ་སྐྱེ་བ་མི་སྲིད་ལ་ང་ཡི་བར་འཛིན་པའང་མེད། གཞན་ཐམས་ཅད་ཀྱི་ཚེ་ལ་ངེས་པ་མེད་ཅིང་ལྷག་པར་འཛམ་བུ་གླིང་པ་རྣམས་ལ་ངེས་པ་མེད་པ་དང། གནས་ཁང་རྡིབ་པ་དང། མཛའ་བོས་བསླུས་པ་སོགས་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་དང། རྐྱེན་གང་ཡང་མི་བཟོད་པས་ལུས་འདི་ཆུའི་ལྦུ་བ་ལྟར་ཉམ་ཆུང་བས་ནམ་འཆི་ལ་ངེས་པ་མི་འདུག །སང་གི་གྲ་བསྒྲིགས་ཀྱང་དེའི་སྔོན་ཁོང་མདང་གཤེགས་སོང་ཟེར་བ་ཞིག་མི་ཡོང་བའི་ངེས་པ་ཅི་ཡོད། རང་ལོ་ལྔ་དང་བཅུའི་དུས་ན་ཡོད་པ་དང་ན་ཚོད་མཉམ་པ་རྣམས་བགྲང་ན་ཡང་ད་ལྟ་འདི་ཙམ་ཞིག་མི་འདུག །བདག་ཀྱང་དེ་དང་འདྲ་བས་ད་ལྟ་ཉིད་ནས་ཆོས་ཤིག་བྱའོ་སྙམ་དུ་ཐག་གཅོད་དགོས། དེ་ལྟར་ནམ་འཆི་ངེས་མེད་འདི་ལ་མྱོང་བ་སྐྱེས་ན། བླ་མ་བྱམས་པས། དགུང་དུས་ཞབས་ཕྱི་བས་སྒོ་བརྒྱབ་ནས་སོང་དུས། སང་ང་གཉིས་ཕྲད་མི་ཡོང་སྙམ་པ་ཡོད་གསུངས། རྗེ་གྲུབ་པའི་དབང་ཕྱུག་གིས། ང་ལ་ཞག་གཅིག་ལས་ལྷག་སྡོད་རྩིས་མེད་གསུངས་པ་ལྟ་བུ་ཡིན། །གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་ལ་རྒྱུ་མཚན་གསུམ་སྟེ། གཉེན་བཤེས་ཡོད་ཀྱང་འཁྲིད་ས་མེད་པ་དང། ནོར་ཅི་ཙམ་ཡོད་ཀྱང་ཕན་པ་མེད་པ་རྒྱལ་པོ་མྱ་ངན་མེད་ཀྱི་གཏམ་རྒྱུད་ལྟ་བུ་སྟེ། རྒྱལ་པོ་མྱ་ངན་མེད་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ད་ལྟའི་བར་དུ་སྟོབས་ཀྱི་འཁོར་བསྒྱུར་བྱུང་བ་དེ་གཅིག་པུ་ཡིན། དེ་ཡང་ལས་གང་བྱས་པ་ཡིན་ན་སྔོན་སངས་རྒྱས་བྱོན་པའི་ཚེ་བྱིས་པ་གཉིས་རྩེད་མོ་རྩེ་བའི་ཚེ་སངས་རྒྱས་འབྱོན་པ་མཐོང་ནས་བསོད་ནམས་ཆ་མཐུན་གྱི་དགེ་རྩ་ཡོད་པའི་དབང་གིས་


GTD003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ་བསོད་སྙོམས་འབུལ་འདོད་སྐྱེས་ཀྱང་སངས་རྒྱས་ཀྱི་སྐུ་ལུས་ཁྲུ་བཅུ་དྲུག་ཡོད་པས་མ་སླེབ་པ་དང། གཅིག་གིས་སྟེགས་བྱས་ཏེ་ཕུལ་བས་སངས་རྒྱས་ཀྱི་ཕྱག་བསྣར་ནས་ལྷུང་བཟེད་དུ་དེས་ཕུལ་བའི་ཐལ་བ་བླངས་ཏེ་ཀུན་དགའ་བོ་ལ་གནང་ནས་འདི་ཆུས་སྐྱོ་མ་གྱིས་ལ་དགེ་འདུན་གྱི་ཀུན་དགའ་ར་བའི་སེར་ཀ་གང་ཡོད་དུ་བླུགས་ཤིག །འདིས་ང་ལ་དད་པ་ཆེན་པོས་ཕུལ་བས་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། མིང་འདི་བོད་སྐད་དུ་བསྒྱུར་ན་ཤོ་ཀ་མྱ་ངན་ཡིན་ལ། ཨ་དགག་ཚིག་ཡིན་པས་མྱ་ངན་མེད་བྱ་བ་ཡིན། དེ་ནས་སྟོན་པས་ལུང་བསྟན་པ་བཞིན་ལྷོ་ཕྱོགས་སུ་འཁྲུངས་ཏེ་འཛམ་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བསྒྱུར་ཀྱང་མཐར་མྱ་ངན་ལས་འདའ་ཁར་ཐམས་ཅད་ཀྱིས་རྒྱལ་པོ་གསར་པ་ལ་བཀུར་སྟི་བྱས་ནས་ཁོང་ལ་མིག་གིས་བལྟ་བ་ཙམ་ཡང་མ་བྱས། ཁོང་གི་སྔས་མགོར་དགྲ་བཅོམ་པ་ལྔ་བརྒྱ་བཞུགས་པ་ལ་བསྙེན་བཀུར་གྱིས་ཞེས་ཡང་ཡང་བསྐུལ་ཀྱང། བློན་པོ་རྣམས་ཀྱིས་རྒྱལ་པོ་གསར་པ་ལ་དགོས་ཞེས་མ་མཉན། རྒྱལ་པོ་མྱ་ངན་མེད་ལ་སྙིང་ཉེ་བའི་བློན་པོ་ཞིག་གིས་ཨ་རུ་ར་རློན་པ་ཞིག་བྱིན་པ་དགྲ་བཅོམ་པ་ལྔ་བརྒྱ་ལ་ཕུལ་བས། ཁོང་གི་བསོད་ནམས་རྫོགས་ཕྱིར་དུ་དགྲ་བཅོམ་ལྔ་བརྒྱས་ཨ་རུ་ར་གཅིག་བགོ་བཤའ་བྱས་ཏེ། འཆི་ཁར་ཨ་རུ་ར་གཅིག་ལས་དབང་རྒྱུ་མ་བྱུང་བ་ལྟ་བུ་ཡིན། དེར་མ་ཟད་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འབྲལ་དགོས། འཆི་གྲབས་སུ་ཚེ་འདིའི་ཕུན་ཚོགས་


GTD003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡང་མ་ཆགས་པའི་ཆོས་རྣམ་དག་ཁོ་ན་ཞིག་བྱ་དགོས་ཀྱི། ཆོས་ཡང་ཡོང་འཇིག་རྟེན་ཡང་ཡོང་བ་ཞིག་འདོད་པས་གང་ཡང་མི་འགྲུབ་སྟེ། བཀའ་གདམས་གོང་མ་རྣམས་ཀྱི་གསུང་ལས། སྤུ་བྲང་ལག་པས་མི་ཐེག་པ་གཅིག་དང། བུབ་རྐྱལ་ཆུ་ཐུབ་པ་གཉིས་མི་ཡོང། ཤར་ལ་འགྲོ་བ་དང། ནུབ་ལ་འགྲོ་བ་གཉིས་ཀྱང་དུས་གཅིག་ཏུ་མི་ཡོང་གསུངས་པ་ལྟ་བུ་ཡིན། དེར་མ་ཟད་ཆོས་འཇིག་རྟེན་ཐམས་ཅད་ཚང་དགོས་ན་རྐང་བཞི་ལག་བཞིའི་དཔེ་ལ་འགྲོ་ཉེན་ཡོད་དེ། སྔོན་ཐ་ག་པ་ཞིག་ཐག་ཤིང་ཚོལ་དུ་ནགས་སུ་ཕྱིན་པས་ཤིང་ཐམས་ཅད་ལ་ཕངས་སེམས་སྐྱེས་ནས་གཅོད་མ་ནུས་པས། ཤིང་གི་ལྷ་དེ་མགུ་ནས་ཁྱོད་ལ་དངོས་གྲུབ་ཅི་དགོས་ཞེས་དྲིས་པས། ཁོའི་སེམས་ལ་ངས་རྐང་ལག་བཞིའི་འདི་ཙམ་ཞིག་འཐག་ན་བརྒྱད་ཡོད་ཚེ་དེ་ལས་ཀྱང་མང་པོ་ཞིག་འཐག་ནས་རྔན་པ་ཐོབ་པར་འདུག་སྙམ་སྟེ་རྐང་ལག་བརྒྱད་པ་ཞིག་ཞུས་པས། ལྷས་ཀྱང་དངོས་གྲུབ་དེ་བྱིན་པས་གྲོང་བ་ཐམས་ཅད་ཀྱིས་འདྲེ་ཡིན་པར་འདུག་ཅེས་དེད་ནས་ཡུལ་བཏོན་པ་ལྟ་བུར་མ་སོང་བར་ཆོས་ཁོ་ནའི་སྒོ་ནས་འཆི་གྲབས་ཚགས་སུ་ཆུད་ནས་འཆི་བ་ལ་མི་འཇིགས་པ་ཞིག་བྱ་དགོས་ཏེ། བཀའ་གདམས་པ་རྣམས་ཀྱི་གསུང་སྒྲོས་ལས། རྒྱུན་དུ་འཆི་བ་ལ་འཇིགས་དགོས། འཆི་ཁར་མི་འཇིགས་པ་དགོས་གསུང་སྟེ། འཆི་ཁར་མི་འགྱོད་པ་དཀའ་མོ་ཡིན། ད་ལྟ་འགའ་ཞིག་གིས་ང་ཤི་ཡང་འགྱོད་རྒྱུ་མེད། ཟེར་བ་ལས་རྒྱུ་འབྲས་དང། ངན་སོང་གི་སྡུག་བསྔལ་སོགས་ངོས་མ་ཟིན་པའི་གླེན་གཏམ་ཡིན་ཏེ། དཔེར་ན་སྔོན་བླ་མ་གྲུབ་པའི་དབང་ཕྱུག་གིས་ལམ་རིམ་གནང་སྐབས་སྡུག་བསྔལ་


GTD003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་གསུངས་པ་ལ་ཨ་བོ་རྒད་པོ་ཞིག་ཡོད་པ་དེས་བླ་མ་ལ་ཞུས་པ། སྒོམ་ད་བསྒོམ་པ་ཡིན་ཏེ་སྡུག་བསྔལ་མི་འདུག་ཟེར་བའི་དཔེ་ལ་སོང་བ་ཡིན། མི་རྟག་པ་བསྒོམ་ཚུལ་སྟོན་པའི་མདོ་སྡེ་རྣམས་ལས་རྒྱལ་པོ་ལ་གདམས་པ་ལས་རྒྱས་པ་མེད་ལ། དེ་ཉིད་བསླབ་བཏུས་སུ་དྲངས་པ་ལས་ཀྱང་། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་ཀྱི་ཚོགས་ཀྱི་ནང་དུ་ཞུགས་ནས་རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དྭགས་དེ་ནི་སྟོབས་ཆེན་པོས་ཁ་མི་བཟད་པས་བཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། ཅེས་པ་ནས། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ །སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། དགོན་པ་ཆེན་པོར་ནི་འགྲོ། ལས་ཀྱི་རླུང་གིས་ནི་བདས། ཞེས་སོགས་ཤིན་ཏུ་གསལ་ལ་ཉན་ས་ལས་འདི་ལྟ་སྟེ། འགྱུར་བའི་རྣམ་པ་དང། འཇིགས་པའི་རྣམ་པ་དང། འབྲལ་བའི་རྣམ་པ་དང། ཉེས་པའི་རྣམ་པ་དང། ཞེས་སོགས་མི་རྟག་པ་ལྔ་གསུངས་པ་ལྟར་བསྟན་རིམ་དུ་ཡང་གསུངས་པ་རྣམས་བསྡུས་ན་སྐད་ཅིག་མའི་མི་རྟག་པ། རྒྱུན་གྱི་མི་རྟག་པ། གློ་བུར་གྱི་མི་རྟག་པ་གསུམ་དུ་འདུ་བས་དེ་དག་ལེགས་པར་བསམ་སྟེ་སྐད་ཅིག་ཀྱང་མི་སྡོད་པའི་ངང་ཚུལ་གོ་དགོས། འདི་ལ་འགའ་ཞིག་གིས་མཐར་འཇིག་མོད་ཀྱང་ད་ལྟ་སྡོད་པའི་སྐབས་ཡིན་སྙམ་ན། ད་ལྟ་


GTD003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྡོད་པའི་སྐབས་མིན་ཏེ། ཚོམས་ལས། ཆུ་ཀླུང་རྟག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པའི་ཇི་ལྟ་བ། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །ཅེས་སོགས་ཀྱིས་ཆུ་ཀླུང་དང་། ཤན་པའི་དྲུང་དུ་འཁྲིད་པའི་ལུག་ལྟར་སྐད་ཅིག་སྐད་ཅིག་གིས་ཚེ་ཟད་ནས་འཆི་བ་ལ་ཉེ་རུ་འགྲོ་བར་གསུངས་ཤིང། དེའི་རྒྱུ་མཚན་གྱིས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ནང་ནས་གནས་ཤིང་དྲུང་པ་ཡང་ཉི་ཟླ་ལ་སོགས་པའི་འགྲོ་ཚུལ་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ཡིན་ནོ། །གཉིས་པ་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། དེ་ལྟ་ངེས་པར་འཆི་ལ་ནམ་འཆི་ཡང་ངེས་པ་མི་འདུག །ཤི་ནས་ཀྱང་མེད་དེ་མི་འགྲོ་ཞིང་བར་དོ་འགྲིམ་དགོས་ལ། བར་དོ་དེ་ཡང་རྣམ་འགྲེལ་ལས། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །ཞེས་གསུངས་པ་ལྟར། ལས་ཀྱི་རླུང་གིས་བདས་པ་ན་གང་ལའང་ཐོགས་པ་མེད་པར་བསམ་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཡང་བརྒལ་ནུས་པས་སྐྱེ་བ་ཞིག་ངེས་པར་ལེན་ཞིང། སྐྱེ་བ་དེ་ཡང་བདེ་འགྲོ་ངན་འགྲོ་གཉིས་ལས་མ་འདས། ངན་སོང་ནི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པས། དང་པོ་དམྱལ་བའི་སྡུག་བསྔལ་བསམ་ཚུལ་ནི། འདི་འོག་དཔག་ཚད་སུམ་ཁྲི་ཉིས་སྟོང་ན་ཡང་སོས་ཡོད། དེའི་འོག་ཏུ་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་ལ། དེའི་ཐད་ཐད་དུ་འདི་ནས་སུམ་ཁྲི་ཉིས་སྟོང་ན་ཆུ་བུར་ཅན་ཡོད་ཅིང། ཆུ་བུར་རྡོལ་བ་སོགས་བདུན་གྱི་བར་དུ་དཔག་ཚད་ཉིས་སྟོང་རེས་ཆོད་པ་ན་ཚ་དམྱལ་


GTD003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་ཐད་ནས་དཔག་ཚད་ཁྲི་ཕྲག་རེ་རེས་བར་དུ་བཅད་དེ་ཡོད། འདི་ལ་འོ་ན་ཐད་ཀར་ཡོད་ན་བར་དུ་བཞི་སྟོང་དང། ཉིས་སྟོང་གིས་ཆོད་ལུགས་གང་ཡིན་ཞེ་ན། ཚ་དམྱལ་གྱི་གནས་ཐང་ལྟར་ཡོད་ལ། གྲང་དམྱལ་གྱི་གནས་གངས་རི་ལ་དཔག་ཚད་ཉིས་སྟོང་ཡོད་པས། གངས་རིའི་རྩེ་དང་གོང་མའི་འོག་གཞིའི་བར་ལ་ཉིས་སྟོང་ལས་མ་བྱུང་བ་ཡིན། དམྱལ་བ་པ་དེ་དག་ལུས་ཀྱང་ཤིན་ཏུ་ཆེ་ལ། ལུས་ཇི་ལྟར་ཆེ་བ་དེ་ལྟར་དུ་སྡུག་བསྔལ་ཡང་ཤིན་ཏུ་ཆེ་སྟེ། དཔེར་ན་མུ་སྟེགས་སྟོན་པ་རྫོགས་བྱེད་ཀྱིས་ཆོས་ལོག་བསྟན་པས་དམྱལ་བར་སྐྱེས་པའི་ལྕེ་ལ་དཔག་ཚད་ལྔ་བརྒྱ་ཡོད་པའི་སྟེང་དུ་ཐོང་གཤོལ་སྟོང་གིས་རྨོས་རྒྱག་པ་ལྟ་བུ་ཡིན་ཞིང། ཤེར་ཕྱིན་གྱི་མདོར་ཡང་ཆོས་སྤོང་བའི་ལས་ཀྱི་རྣམ་སྨིན་གྱི་ལུས་ཀྱི་ཚད་ཤཱ་རིའི་བུས་དྲིས་པ་ལ་སྟོན་པས་དཔེ་ཚད་བརྗོད་ན་ཁྲག་སྐྱུགས་ཏེ་འཆི་བར་འགྱུར་རོ་ཞེས་ལུས་ཚད་མ་གསུངས་པར་སྡུག་བསྔལ་ཙམ་ཞིག་གསུངས་སོ། །དེ་ཡང་རྒྱ་མཚོ་ཆེན་པོར་ཆུ་བོ་བཞི་རྟག་ཏུ་བབས་ཀྱང་འཕེལ་བར་མི་འགྱུར་བ་དམྱལ་བའི་ཤུགས་ཀྱིས་བསྐམ་པ་ཡིན་པར་མཛངས་བླུན་ན་གསུངས་ལ། ཚ་དམྱལ་ན་སྣང་བ་ཡོད་ཀྱང། གྲང་དམྱལ་རྣམས་གངས་རིའི་སྦུབས་རྒྱ་མཚོའི་འཁྱག་རོམ་ན་ཁ་བ་བུ་ཡུག་འཚུབས་པའི་དབུས་སུ་ཕན་ཚུན་གྱི་གཟུགས་ཀྱང་མི་མཐོང་བར་མུན་པས་ཁྱབ་ཅིང་སྲིན་འབུ་མཆུ་ཅན་རྣམས་ཀྱིས་སྙིང་ལ་ཐུག་གི་བར་དུ་ཟ་བ་ཡོད། ང་རང་ཚོ་ད་ལྟ་དགུན་ལྷགས་པ་ཆེ་བའི་དུས་ཞག་གཅིག་གཅེར་བུར་འདུག་པའམ། སྤོས་མེ་ཞིག་ཀྱང་མི་བཟོད་ན་ཅི་དྲག་


GTD003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དེ་འདྲ་བཟོད་གླགས་ག་ལ་ཡོད། དམྱལ་བའི་སྡུག་བསྔལ་འདི་ལྐོག་གྱུར་ཡིན། དེ་ལས་ཡི་དྭགས་ཀྱི་སྡུག་བསྔལ་དངོས་སུ་མཐོང་རྒྱུ་ཡོད་དེ་ཡི་དྭགས་རྣམས་ནི་ཟས་གང་ཡང་མ་རྙེད་པས་ཤིན་ཏུ་བཀྲེས་པས་ལྟོ་བའི་མེ་དྲོད་མཆེད་དེ་ཁ་ནས་མེ་འབར་བ་འཇིག་རྟེན་ན་འདྲེ་མེ་ཟེར་བ་འདི་ཡིན། དུད་འགྲོ་ཡང་ད་ལྟ་མི་ཡུལ་ན་ཡོད་པ་འདི་ཚོ་དྲག་ཤོས་ཡིན་མོད་དེ། རྟ་བོང་སྒལ་པ་ཅན་དང། ལམ་སྲང་གི་ཁྱི་ངུ་བ་ཚོ་ལ་བལྟས་ན་ཚ་གྲང་བརྡུང་བརྡེགས་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་ཅི་འདྲ་འདུག །ད་ལྟ་ང་རང་ཚོ་མིས་དགའ་མི་དགའ་དང། ཐ་ན་མིག་ལྟ་བུ་བལྟ་ལུགས་ལ་ཡང་ཁོས་ང་ལ་མིག་དཀར་ཤས་ཆེ་བ་བལྟས་བྱུང་ཟེར། ཟས་ལ་ཡང་གཙང་མི་གཙང་སྣ་ཚོགས་ཟེར་མོད། དེ་འདྲ་ཞིག་ཏུ་སྐྱེས་ཡོད་ན། གཙང་མི་གཙང་དང་གཏམ་བཟང་ངན་ཞིག་ཨེ་འདུག །ད་ལྟ་མིའི་ལུས་རྟེན་འདིའི་ཡོལ་བ་བཏང་བ་བཞིན་དུ་བར་བཅད་ནས་བསྡད་པ་ཡིན། དབུགས་འདི་ངར་གྱིས་ཆད་ནས་དེ་འདྲ་ཞིག་ཏུ་སྐྱེས་འགྲོ་བ་ལ་དཀའ་ལས་གང་ཡང་མེད། སྔོན་འཇམ་དབྱངས་བཞད་པ་དང་། མངའ་རིས་སྐུ་སྐྱེས་གཉིས་དགེ་འཕེལ་དུ་སྒྲུབ་པ་བརྒྱབ་ནས་བཞུགས་སྐབས། བེའུ་གཅིག་འབེ་འབེ་ཟེར་ཞིང་ཡོད་པ་ལ་འཇམ་དབྱངས་བཞད་པས་དེ་ཅི་ཟེར་གསུངས་པ་ལ། མངའ་རིས་པ་ཁོང་ཞལ་བརྒྱག་ཞིང་མངོན་ཤེས་ལྔ་ཡོད་པས་ཁོང་གིས་གསུངས་ནས། དགེ་ལྡན་པའི་བླ་མ་དམ་ཅན་ཆོས་རྒྱལ་གྱིས་སྙིང་ཟ་རྒྱུ་ཞིག་རེད་གསུངས་པ་དང། སྔོན་བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐབས་སུ་ཁྱི་དགེ་སློང་བྱ་བ་སྤུ་མདོག་ཆོས་གོས་དང་འདྲ་ཞིང་ཚོགས་ཚོགས་པ་ན་དགའ་


GTD003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲྭ་པ་དང་འཚང་ཀ་བརྒྱབ་ཡོང་སྟེ་སྒོ་རག་ཏུ་བཀག་ནས་མ་བཏང་བ་དང་ཡར་བལྟས་ནས་ངུ་སྐད་ལྷང་ལྷང་འདོན་པ་གྲྭ་པ་ཞིག་གི་སྐྱེ་མཐའ་དངོས་སུ་བྱུང་བ་ཡིན། དེས་ན་ངན་འགྲོའི་སྡུག་བསྔལ་བསམ་པ་ཡང་དཔེ་ཀློག་པ་ལྟར་བྱས་པས་མི་ཡོང། རང་དེར་སྐྱེས་པའི་ཉམས་བྱེད་དགོས་ཏེ། སྔོན་ཇོ་བོའི་སློབ་མ་ཞིག་གིས་རང་སྡིག་པ་ར་སྒོག་ཏུ་བསྒོམ་པས་སྡིག་པ་ར་ཙ་ཞིག་གིས་བརྡུང་བའི་སྣང་བ་བྱུང་བ་ན་དམིགས་པ་གསལ་དྲག་པའི་དབང་གིས་རྩིབ་མ་ཆག་པ་དང། ཇོ་བོའི་བླ་མ་དྷརྨཱ་རཀྵི་ཏས་གཟིགས་པར་མི་ཞིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས་བླ་མ་འགྱེལ་བ་ཟོག་པོ་སྙམ་པ་ལ་སྐྲངས་པ་བསྟན་པས་དབྱུག་པའི་རྗེས་ཤད་ཀྱིས་བྱུང་བ་ལྟ་བུ་ཡིན། གསུམ་པ་སྐྱབས་སུ་འགྲོ་བ་ལ། ཕྱི་ནང་གི་ཡན་ལག་རྣམས་ཚང་དགོས་ལ། དེ་ཡང་སློབ་དཔོན་དཔའ་བོས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། །ཞེས་གསུངས་པ་ལྟར། ཕྱིའི་ཡན་ལག་སྟོན་པས་བསྒྲུབས་ཟིན་པ་ཡིན་ཏེ། སྟོན་པ་ཐུགས་རྗེ་ཅན་རང་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་སྒྲོལ་བའི་ཐབས་ལ་མཁས་པ་ཉེ་རིང་མེད་པར་སེམས་ཅན་གྱི་དོན་མཛད་པའི་སྐྱབས་དེ་ལྟ་བུ་ཡོད་པས་ཕྱིའི་རྐྱེན་ཚང་བ་ཡིན། དེ་ནི་ནང་གི་རྐྱེན་ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ཤིང་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ཏེ་བློ་བཀལ་ནས་སྐྱབས་སུ་འགྲོ་དགོས། དེ་ལ་ཐོག་མར་སངས་རྒྱས་ཟེར་


GTD003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ལ་ཟེར་ངོ་ཤེས་དགོས་ཏེ། བླ་མ་རིན་པོ་ཆེ་རི་ཁྲོད་དུ་བཞུགས་སྐབས་སྡེ་པ་སངས་རྒྱས་རྒྱ་མཚོའི་དུས་ཀྱི་དྲུང་འཁོར་ཞིག་ཡོད་པ་དེས་ང་ཚོ་སངས་རྒྱས་ལ་སྐྱབས་འགྲོ་ཡག་པོ་བྱེད་པ་ཡིན་ཟེར། སངས་རྒྱས་ཟེར་བ་ཅི་འདྲ་ཞིག་ཡིན་དྲིས་པས། མི་མངོན་ནམ་མཁའི་དབྱིངས་ན་ཤེལ་གྱི་ཁང་པར་འོད་དཀར་ཁྱིལ་ལེ་ཡོད་ཟེར་ཏེ། ཤེལ་སྒོ་ཅན་གྱི་སྐུ་འདྲ་ལྟ་བུར་གོ་བ་དེ་འདྲར་མ་སོང་བ། རིགས་པས་དཔྱད་ནས་ཡིད་ཆེས་པ། དཔེར་ན་སྔོན་པོ་ཏོ་བ་སྟོད་ལུང་དུ་བཞུགས་པའི་ཚེ་རྒད་པོ་ཞིག་གིས་ཁྱོད་ཚོའི་སངས་རྒྱས་ཟེར་བ་དེ་ཡོད་རང་ཡོད་ངེས་ཤིག་ཨེ་ཡོད། ཡོད་ན་དེ་ཇི་འདྲ་ཞིག་ཡིན་ཟེར་བ་ལ། པོ་ཏོ་བས་ཁྱོད་ཚོའི་གོང་མ་གཏེ་བོ་རྣ་གོང་ཟེར་བ་དེ་བྱུང་བ་ཨེ་བདེན་བྱས་པས་དེ་བདེན་དྲག་ཟེར། རྒྱུ་མཚན་ཅི་ཡོད་དྲིས་པས་མི་རབས་བདུན་རྒྱུད་ཚུན་ཆད་ས་ཚིག་སོགས་དང། ཕ་མེས་ཀྱིས་བྱས་པའི་ལག་རྗེས་ད་ལྟ་ཡང་འདི་འདྲ་ཡོད་ཟེར། པོ་ཏོ་བས་འོ་ན་ངེད་ཅག་གི་སྟོན་པ་སངས་རྒྱས་རྒྱལ་པོའི་རིགས་སུ་འཁྲུངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད། དེ་ནས་ཚོགས་བསགས་མཐར་སངས་རྒྱས་ནས་ཆོས་འཁོར་བསྐོར་བའི་གསུང་རབ་ད་ལྟ་ཡང་བཞུགས་པ་འདི་ཡིན། སྟོན་པ་ཐུགས་རྗེ་ཅན་དེ་ནས་རིམ་གྱིས་བརྒྱུད་དེ་ཇོ་བོ་ཨ་ཏི་ཤ། །དེ་ནས་འབྲོམ་ལ་གདམས་ངག་ཐམས་ཅད་གནང་ཞིང་། དེའི་སློབ་མ་ང་ཡིན་གསུངས་པས་ཁོ་ཡིད་ཆེས་པ་ལྟ་བུ་དགོས་ཀྱི། པོ་ཏོ་བས། གནས་བརྟན་ཞལ་མར་གཟིགས་ཤིག་འདུག་སྟེ་སངས་རྒྱས་བསྟན་པའི་སྒོ་ནང་དུ་མ་ཆུད་གདའ་གསུངས་པ་ལྟ་བུ་མཐོ་སྟེ་དགེ་འདུན་གྱི་ཁྲོད་ན་ཞལ་མར་གཟིགས་


GTD003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དམའ་སྟེ་བསྟན་པའི་སྒོར་མ་ཚུད་པ་དེ་ལྟ་བུར་མ་སོང་བ་དགོས། རང་ཅག་ཚོ་ནི་ཁ་ནས་སྐྱབས་སུ་སོང་ཡང་སངས་རྒྱས་ལ་ཡིད་མི་ཆེས་པའི་རྟགས་སུ་སངས་རྒྱས་ཀྱི་མཁྱེན་པ་ལས། མདུན་གྱི་མོ་འདེབས་པའི་མོ་མ་རྣོ་ཤོས་ཙམ་དུ་མི་བརྩི་སྟེ། དེས་མོ་བཏབ་ནས་རྩུབ་ཟེར་ན་སྙིང་འདར་ཆུམ་མེ་འགྲོ། མཛངས་བླུན་སོགས་ནས་ལས་འབྲས་ཇི་ཙམ་བཤད་པ་རྣམས་ཁ་ནས་ཤོབ་ཤོབ་འདོན་ཀྱང་ཡིད་ལ་བསམ་ནས་ཅི་ཡང་མི་བརྩི། དེ་བཞིན་དུ་བྱིན་རླབས་ལ་བྱང་བའི་བོན་པོ་དང། ཐུགས་རྗེ་ལ་ཁྱིམ་མཚེས་ཨ་མ་རྒན་མོའི་ཚོད་དུ་ཡང་མི་བརྩི་བར་འདུག་ཅེས་པོ་ཏོ་བས་གསུངས་པ་ལྟ་བུ་ཡིན། དེ་ནས་སྙིང་ཐག་པ་ནས་སངས་རྒྱས་ལ་ཡིད་ཆེས་པའི་དད་པ་ཞིག་སྐྱེད་པ་ལ་རིགས་པ་བཞིའི་སྒོ་ནས་བསྒྲུབ་དགོས། དེ་ཡང་སངས་རྒྱས་རྣམས་ཀྱིས་སྔོན་སློབ་པ་ལམ་དུ་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་བསླབས་ནས་སངས་རྒྱས་པ་དེ་བྱ་བ་བྱེད་པའི་རིགས་པ་ཡིན། འགོ་བཤེས་གཉེན་བསྟེན་ཚུལ་ནས་འབྲས་བུ་སངས་རྒྱས་ཀྱི་སའི་བར་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་དགོས་པས། རྒྱུ་ཚོགས་ཚང་བ་ལ་རག་ལས་པ་འདི་ལྟོས་པའི་རིགས་པ་ཡིན། ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་ཐར་པ་བསྒྲུབ་དགོས་ཤིང། དེ་ལ་བདག་འཛིན་སྤོང་ནུས་སུ་བསྒྲུབ་དགོས་པ་ནི། རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་དངོས་པོའི་ཕྱིར། །ཞེས་གསུངས་པ་ལྟར། བདག་ཏུ་ལྟ་བའི་ཞེན་ཡུལ་ཡོད་མེད་དཔྱད་ནས་དེ་དང་འཛིན་


GTD003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་དངོས་འགལ་དུ་སོང་བའི་ཤེས་རབ་ཀྱིས་དེའི་ཞེན་ཡུལ་མེད་པར་རྟོགས་དགོས་ཏེ། དཔེར་ན་ཁང་པ་ཞིག་ཏུ་མཎྜལ་ལྟ་བུ་ལུས་སམ་སྙམ་པའི་ཚེ་ཡོད་མེད་བཙལ་ནས་མེད་པར་ངེས་པ་བསྐྱེད་པ་ལྟ་བུ་འཐད་སྒྲུབ་ཀྱི་རིགས་པས་བསྒྲུབ་དགོས་པ་ཡིན། རིགས་པ་དེ་དག་གིས་ལེགས་པར་གཏན་ལ་ཕབས་ཏེ་རང་གི་ངོས་ནས་བློ་བཀལ་ན་སངས་རྒྱས་ལ་བསྙེལ་བ་མེད་དེ། དཔེར་ན་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་མ་བྱ་བ་སྐྲ་རྟ་རྔོག་འདྲ་ཞིང་གཟུགས་ཤིན་ཏུ་མི་སྡུག་པ་ཞིག་ཡོད་པ་དེ་གཞན་ལ་སྟོན་པ་ངོ་ཚ་ནས་ཁང་པར་བཅུག་ནས་སྒོ་བཅད་ཕྱིར་འདོན་དུ་མ་བཅུག་པའི་ཚེ། དེས་འདི་སྙམ་དུ་སངས་རྒྱས་བཅོམ་ལྡན་འདས་བྱ་བ་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་པ་ཞིག་འཇིག་རྟེན་ན་བཞུགས་ན། བདག་གནས་སྐབས་འདི་ལྟ་བུར་གྱུར་པ་ལ་ཅིའི་ཕྱིར་མི་དགོངས་སྙམ་པས་དེ་མ་ཐག་སངས་རྒྱས་བྱོན་པ་མཐོང་ནས་དད་པ་ཤུགས་དྲག་པོ་སྐྱེས་པས་གཟུགས་མཛེས་ཤིང་ཡིད་དུ་འོང་བར་གྱུར་པ་དང། སོ་ཕྲེང་ཅན་སློབ་དཔོན་ངན་པའི་དབང་དུ་སོང་ནས་ཞག་བདུན་ལ་མི་སྟོང་གསོད་པར་ཁས་བླངས་ཏེ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ་ན་མི་ཐམས་ཅད་ཕྱོགས་ཕྱོགས་སུ་བྲོས་ནས་མ་རྙེད་པའི་ཚེ་མས་བརྩེ་གདུང་གིས་མ་བཟོད་པས་ཟས་སྐྱེལ་དུ་ཕྱིན་པ་གསོད་པར་བརྩམས་པའི་ཚེ་མ་བསད་ན་ཚེ་འདིར་བདེན་པ་མཐོང་མི་ནུས་པར་གཟིགས་ནས། དེ་མ་ཐག་དགེ་སློང་ཐ་མལ་པའི་གཟུགས་སུ་བྱོན་པ་དང། མ་བཞག་ནས་དགེ་སློང་དེ་རྩལ་ཅི་ཡོད་ཀྱིས་དེད་ཀྱང་དགེ་སློང་དལ་བུས་བྱོན་པའི་རྗེས་མ་ཟིན་པར་སྡོད་ཅིག་ཅེས་སྨྲས་པ་དང། དགེ་སློང་དེས་ང་ནི་རྟག་ཏུ་སྡོད་ཀྱང་ཁྱོད་མི་སྡོད་པར་


GTD003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གསུངས་ལ། དེ་ཅི་ཡིན་ཞེས་དྲིས་པས། ཁྱོད་ནི་གྲོགས་ངན་པས་བསླུས་ནས་སྡིག་པ་ཚབས་པོ་ཆེ་བསགས་ཏེ་ངན་འགྲོར་འགྲོ་བས་མི་སྡོད་པ་ཡིན་གསུངས་པ་དང། འགྱོད་པ་ཤུགས་དྲག་པོ་སྐྱེས་ནས་སྡིག་པ་ལས་ལྡོག་པའི་གཏམ་རྒྱུད་འདི་དག་བསམ་ན་སངས་རྒྱས་ཀྱི་མཁྱེན་པ་ཐོགས་པ་མི་མངའ་ཞིང། ཐུགས་རྗེ་བསྙེལ་བ་མི་མངའ་བའི་ཚུལ་ལ་ངེས་པ་འདྲོང་བའི་ཁྱད་ཆེའོ། །མདོར་ན་སངས་རྒྱས་ཀྱི་ཡོན་ཏན་དཔྱིས་ཕྱིན་པ་ཤེས་པ་ལ། པོ་ཏོ་བས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ཡོན་ཏན་འཆད་བྱེད་ཡིན་གསུངས་ཏེ། རྒྱུའི་ཡོན་ཏན་སྟོན་པ་མདོ་སྡེ་ས་བཅུ་པ་སོགས་དང། འབྲས་བུའི་ཡོན་ཏན་གསང་བ་བསམ་གྱིས་མི་ཁྱབ་པ་དང་ཤེར་མདོ་རྒྱ་ཆེར་རོལ་པ་སོགས་དང། འཕྲིན་ལས་ཀྱི་ཡོན་ཏན་མཛངས་བླུན་སོགས་ཀྱིས་སྟོན་པས་སངས་རྒྱས་ཀྱི་ཡོན་ཏན་ལ་མཚུངས་པ་གསལ་བྱེད་ཀྱི་དཔེ་མེད་ཅིང་མཐའ་མེད་པ་ནམ་མཁའ་འདྲ་བར་འཇུག་པ་དང། སྐབས་གསུམ་པ་སོགས་ནས་གསུངས་པ་ལྟ་བུ་ཡིན། དེས་ན་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཀུན་དེ་འདྲ་ཞིག་ཡིན་པ་ལ་དཔག་ནས་རྒྱུ་ལའང་ལྟ་སྒོམ་སྤྱོད་པའི་ཆ་ཐམས་ཅད་ཡོངས་སུ་རྫོགས་པར་གོ་དགོས་ཀྱི། འགའ་ཞིག་དང་པོ་ནས་སྟོང་ཉིད་བསྒོམ་པས་འཚང་རྒྱ་ཟེར་བ་ནི། སྔོན་མི་གཉིས་ཀྱིས་པག་བརྫིས་ནས་མར་ཁུ་བཅུས་ཏེ་ཟོས་པ་ན་གཅིག་ཧམ་པ་ཆེ་བས་ཆེན་པོ་རེ་བླངས་ནས་ཡང་ཡང་ཆད། གཅིག་ཤོས་ཀྱིས་ཉུང་ངུ་རེ་བླང་བས་མང་པོ་ཐོབ་པ་ལྟ་བུ་ཡིན། དེའི་ཕྱིར་རྒྱུ་དང་འབྲས་བུ་སོགས་སྒོ་དུ་མ་ནས་སངས་


GTD003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་ཡིད་ཆེས་རྙེད་ན་ཆོས་དགེ་འདུན་གཉིས་ལ་ཡང་ཡིད་ཆེས་ཞར་ལ་འབྱུང་བ་ཡིན། འོན་ཀྱང་འདི་གསུམ་གྱི་ནང་ནས་སྐྱབས་དངོས་ནི་ཆོས་ཡིན་ཏེ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་ཞེས་སོགས་ཀྱིས་སངས་རྒྱས་ལ་སྟོན་པ་བླ་མེད་དང། ཆོས་ལ་སྐྱོབ་པ་བླ་མེད་དང། དགེ་འདུན་ལ་འདྲེན་པ་བླ་མེད་ཅེས་གསུངས་ཤིང་འདྲེན་པ་བླ་མེད་ཟེར་བ་ཡང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་གྲོགས་ཁྱད་པར་ཅན་ལ་བྱ་བ་ཡིན་པས། ཉན་ཐོས་སོགས་ཀྱིས་མི་ཡོང་སྟེ། རྒྱན་ལས་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་ནས་བཤད་པ་ལྟར་གྱི་ཕྱིར་མི་ལྡོག་པའི་དགེ་འདུན་ཞིག་དགོས། དེས་མཚོན་ནས་ཚོགས་ལམ་པ་དང་སྦྱོར་ལམ་པའི་སྐྱབས་མི་གཅིག་ཅིང་རིམ་པ་བཞིན་ཡོངས་འཛིན་སོགས་སྐྱབས་ཀྱི་སྒོ་ནས་ཁྱད་པར་འཕགས་ཚུལ་ཤེས་དགོས། མདོར་ན་རྒྱུ་སྐྱབས། འབྲས་སྐྱབས། ཕྱིའི་སྐྱབས། ནང་གི་སྐྱབས། ཀུན་རྫོབ་པའི་བརྡར་མཚོན་པའི་སྐྱབས་སོགས་ལེགས་པར་ངེས་ནས་སྐྱབས་སུ་སོང་ན། ནང་པ་སངས་རྒྱས་པའི་གྲལ་ཡང་དེ་ནས་ཚུད་པ་ཡིན་ཏེ། ཇོ་བོའི་རྣམ་ཐར་ལས། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པར་གསུངས་པ་ལྟ་བུ་ཡིན་ཞིང་ཕན་ཡོན་གཞན་ཡང་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་སྔོན་རྐུན་མ་ཞིག་གིས་དགེ་སློང་ལ་རས་བཟང་པོ་ཞིག་ཡོད་པ་མཐོང་ནས་མཚན་མོ་རས་ཐོངས་ཞེས་པས་སྐར་ཁུང་ནས་ལག་པ་རྐྱོངས་དང་སྟེར་བྱས་པས། ལག་པ་གཅིག་བརྐྱངས་པ་དང། ང་ལ་འདི་སྦྱིན་བདག་གིས་ལག་པ་གཉིས་ཀའི་བྱིན་པ་ཡིན་པས། ཁྱོད་ཀྱི་ལག་པ་གཉིས་ཀས་ལོངས་བྱས་པས་གཉིས་ཀ་བརྐྱངས་པ་དང་བཅིངས་ནས་ཀ་བ་ལ་བཏགས་ཏེ། ཕྱིར་ཐོན་ནས་


GTD003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་དབྱུག་པ་ཐེངས་གསུམ་བརྒྱབ་སྟེ་བཏང་བས། རྐུན་མ་དེའི་སེམས་ལ་སངས་རྒྱས་ཐུགས་རྗེ་ཅན་གྱིས་སྐྱབས་འགྲོ་ཚིག་གསུམ་དུ་བསྡུས་པ་དེ་དྲག །བཞི་ཡོད་ན་ང་དོ་ནུབ་ཤི་ཡོད་སྙམ་ནས་དད་པ་སྐྱེས་ཏེ། སྐྱབས་འགྲོའི་ཚིག་བརྗོད་བཞིན་དུ་ཟམ་འོག་ཏུ་བསྡད་པ་ན་ཟམ་སྟེང་ནས་མི་མ་ཡིན་ཞིག་འགྲོ་བ་འགྱེལ་ནས་འགྲོ་མ་ནུས་པས་ཅི་ཡིན་བརྟགས་པས་དེའི་སྐྱབས་འགྲོའི་ཚིག་བརྗོད་པར་ཤེས་ནས་མི་མ་ཡིན་ཡང་དད་པ་སྐྱེས་ཏེ། རྐུན་མའི་བསམ་པ་དེ་ཙམ་ལ་ཡང་ཕན་ཡོན་དེ་འདྲ་ཡོད་ན་བློ་བཀལ་ནས་སྐྱབས་སུ་སོང་ན་ལྟ་ཅི་སྨོས། དེར་མ་ཟད་འབྲོམ་སྟོན་ལ་དད་པའི་རྐུན་མ་ཞིག་རྐུར་འགྲོ་བའི་ཚེ་འབྲོམ་བསྒོམས་ནས་དགྱེས་ཉམས་བྱུང་ན་དོན་འགྲུབ། མི་དགྱེས་པའི་ཉམས་བྱུང་ན་དོན་མི་འགྲུབ་སྟེ། དེ་ཡང་ཡིད་ཆེས་ཀྱི་སྟོབས་ཡིན་ནོ། །དེ་ལྟར་སྐྱབས་དངོས་བཟུང་སྟེ་བློ་བཀལ་ནས་སྐྱབས་སུ་སོང་བའི་འོག་ཏུ་དེའི་བསླབ་བྱ་ལ་སློབ་དགོས། བསླབ་བྱ་ཡང་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་དང། མན་ངག་ལས་འབྱུང་བ་སོགས་མཐའ་ཡས་ཀྱང་བསྡུ་ན་དགག་སྒྲུབ་ཀྱི་བསླབ་བྱ་གསུམ་གསུམ་དུ་འདུ་བས། དེའི་ཚུལ་ཡང་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་གྱི་ལྷ་གཞན་ལ་སྐྱབས་སུ་འགྲོ་བ་དང་ཕྱག་འཚལ་བ་མི་རུང་ལ། འོན་ཀྱང་ཁྱད་གསོད་ཡང་བྱེད་མི་རུང་བས་གཏོར་མ་བྱིན་ནས་འཕྲིན་ལས་བཅོལ་བ་ལ་ཉེས་པ་མེད།


GTD003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་ལ་ཡང་ཟན་བྱིན་ནས་ལས་བཅོལ་བ་ལྟ་བུ་ཡིན། ཡང་སངས་རྒྱས་ཀྱི་སྐུ་འདྲ་ལ་སྟོན་པའི་འདུ་ཤེས་འཇོག་དགོས་པས་བཟང་ངན་དང། རིན་གཅོད་པ་སོགས་མི་རུང་ཞིང། འགྱེད་སོགས་ལ་གཏོང་བ་ཡང་མི་རུང་སྟེ། དཔེར་ན་རོང་བ་མགར་གྱིས་གསེར་ཞོ་གསུམ་ཕུལ་ནས་འཇམ་དབྱངས་ཀྱི་སྐུ་འདྲ་ཞིག་བླུས་ཏེ་ཇོ་བོ་ལ་སྤྱན་འབེབས་ཞུས་ནས་འདི་བཟང་ངན་ཇི་ལྟར་ལགས་ཞུས། རྗེ་བཙུན་གྱི་སྐུ་ལ་མི་ལེགས་པ་མི་ཡོང་བཟོ་འབྲིང་ཙམ་དུ་འདུག་གསུངས་པ་ལྟ་བུ་ཡིན་པས། སྐུ་འདྲ་སོགས་བླུ་ཚེ་ཡང་ང་ལ་དངོས་པོ་འདི་ཙམ་ཡོད་འདུག་པས་དེ་ཁྱེད་ལ་བྱིན་ན་ང་ལ་སྐུ་འདི་ཨེ་སྟེར་ཟེར་བ་མ་གཏོགས་རིན་ཐང་གཅོད་མི་རུང། དེ་བཞིན་དུ་ཆོས་ལ་ཡང་མ་གུས་པའི་རིགས་བྱེད་མི་རུང་སྟེ། ཆོས་ནི་སངས་རྒྱས་ཀྱིས་ཀྱང་བཀུར་བའི་འོས་ཡིན། སྔོན་བཅོམ་ལྡན་འདས་ཀྱིས་ཤེར་མདོ་གསུངས་པའི་ཚེ་སེང་གེའི་ཁྲི་རང་ཉིད་ཀྱིས་བཤམས་པ་ལ་གཡས་སྐོར་དུ་བསྐོར་ཏེ་ཕྱག་འཚལ་ནས་ཁྲི་ལ་བཞུགས་པ་ཡང་ཆོས་ལ་གུས་པ་བྱས་པ་ཡིན། དེ་བཞིན་དུ་ཇོ་བོ་མངའ་རིས་སུ་བཞུགས་པའི་སྐབས། ཇོ་བོ་ལ་མི་དད་པའི་སྔགས་པ་ཞིག་གིས་དཔེ་ཞུ་དག་བྱེད་པའི་ཚེ་སོ་དྲེག་བྱུགས་པ་གཟིགས་ནས་སྐུ་ལུས་འདར་ཏེ། ཨ་ཙ་མ་ཨ་ཙ་མ་མི་རུང་གསུངས་པས་ཁོ་དད་དེ་ཆོས་ཉན་པ་དང། ཁྲི་ནམ་མཁའ་བཟང་གིས་དཔེ་ཆ་ལ་ལྟེབ་ཆགས་ཤོར་བ་གཟིགས་ན་ཨ་ལས་བཟང་པོ་ཁྱོད་དེ་འདྲ་མི་བྱེད་གསུངས་ནས་སྐུ་འདར་བ་ཡོང་བ་ཡིན། དེར་མ་ཟད་ས་ལ་གླེགས་བམ་བཞག་ན་སའི་ལྷ་མོ་བརྟན་མ་ཡིད་སྐྱོ་ནས་ཨ་ཁ་སྟོན་པས་སེམས་བསྐྱེད་


GTD003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསགས་ནས་བྱུང་བའི་ལུང་གི་ཆོས་རྗེས་འཇུག་རྣམས་ཀྱིས་འདི་ལྟར་བྱེད་པ་རེད་ཟེར་ཏེ་ཤིན་ཏུ་མྱ་ངན་བྱེད་པ་ཡིན་པས། ས་སྒྲེན་མོའི་སྟེང་དུ་བཞག་མི་རུང་ཞིང་གླེགས་བམ་ཁྱེར་བ་མཐོང་ན་ཡང་ལྡང་དགོས། གལ་ཏེ་མ་ནུས་ན་ཡིད་ཀྱི་ཕྱག་བྱ་ཞིང། ཡིག་འཁྱར་རྣམས་ལ་ད་ལྟ་ཕལ་ཆེར་ལ་ཆོས་ཚིག་འབྱུང་བས་ཆུ་སོགས་ལ་སྦྱང་བ་མ་གཏོགས་མི་གཙང་བའི་ཕྱོགས་སུ་འདོར་བ་སོགས་མི་རུང་བས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ལོ་རེ་རེའི་ཞུ་ཡིག་སོགས་བསགས་ནས་ཆུ་གཙང་མར་སྦྱང་བའི་ཕྱག་སྲོལ་ལྟ་བུ་ཡིན། དགེ་འདུན་ལ་སྐྱབས་སུ་སོང་ནས་འབྲོམ་གྱི་རྣམ་ཐར་ལྟར་བྱེད་དགོས་ཏེ། འབྲོམ་གྱིས་ལྷན་པ་སེར་པོ་ལམ་ཁར་ལྷུང་བ་ཚུན་ཆད་བླངས་ནས་དབུ་ལ་འཇོག་ཅིང། བླ་མ་གྲུབ་པའི་དབང་ཕྱུག་གིས་ཀྱང་ལྷན་པ་དམར་སེར་ལམ་དུ་ལྷུང་བ་བླངས་ནས་གཙང་སར་སྐྱེལ་བ་ཡིན། མདོར་ན་ཡར་དཀོན་མཆོག་གི་ཞིང་སོགས་ལ་བཀུར་བཟོས་ཇི་འདྲ་ཞིག་བྱས་ན་རང་ལ་ཡང་དེ་འདྲ་ཞིག་ཡོང་བས། མདོ་ལས་ཀྱང། ཇི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །གསུངས་པ་ཡིན་ཏེ། དཔེར་ན་ལན་གཅིག་འབྲོམ་སྟོན་པ་གཅིག་པུར་ཕྱོགས་གཅིག་ནས་ཕེབས་པའི་ཚེ་སྔགས་པ་ཞིག་གིས་ཀཱ་རི་དང་ལྷམ་འཛིན་བཅུག་པ་བསྣམས་ནས་ཕེབས་ཚེ་མདུན་ན་སེར་སྦྲེང་བྱེད་པ་མཐོང་ནས། སྔགས་པས་དེ་ཅི་རེད་ཅེས་དྲིས་པས་ང་ལ་སེར་སྦྲེང་བྱེད་པར་འདུག་གསུངས་པས། ཁོ་སྐྲག་ནས་ཀཱ་རི་འཕངས་ཏེ་བྲོས་པ་ལྟ་བུ་ཡིན། འབྲོམ་


GTD003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འོག་ན་ཆུ་ལས་མེད་པ་ཞིག་དགོས་པ་ལ། ང་ཚོས་ནི་ཨ་བུ་ང་ད་དབྱུག་པ་མདུང་རྩེས་པས་མ་བྱུང་བ་ཡིན། ཡང་ལན་གཅིག་ཇོ་བོས་སཙྪ་དགུ་རེ་འདེབས་པས། ས་རང་ཉིད་ཀྱིས་བརྫིས་པ་ན། འབྲོམ་གྱིས་ངས་བརྫི་ཞུས་པས་ངའི་ལག་པ་ཅི་ལ་བསྐོས་པ་ཡིན་གསུངས་པ་ལ། འོ་ན་ངའི་ལག་པ་གང་ལ་བསྐོས་པ་ཡིན་ཞུས་ནས་བརྫིས་པ་ལྟ་བུ། བླ་མ་དཀོན་མཆོག་ལ་བཀུར་བཟོས་ཅི་ནུས་སུ་བསྒྲུབ་དགོས། བཞི་པ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྦྱང་བ་ནི་གོང་དུ་བཤད་པ་ལྟར་སྐྱབས་འགྲོའི་བསླབ་བྱ་མཐའ་ཡས་ཀྱང། གཙོ་བོ་ནི་སྡིག་སྤོང་དགེ་སྒྲུབ་སོགས་ལས་འབྲས་ཀྱི་རྣམ་གཞག་གཙོ་བོར་བསམ་པ་འདི་ཉིད་ཡིན་ཏེ། དེའི་རྒྱུ་མཚན་སྐྱབས་དངོས་ནི་ཆོས་ཡིན་ལ། ཆོས་ཀྱི་སྐད་དོད་དྷ་ར་ངེས་ཚིག་གིས་བཤད་ན་འཛིན་པ་ལ་འཇུག་པས། ངན་སོང་ལས་འཛིན་པ་ཞེས་པའི་དོན་ཡིན་ལ། དེ་ཡང་ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་དུ་བྱེད་པ་ལ་རག་ལས་སྐྱབས་འགྲོའི་འོག་ཏུ་ལས་འབྲས་བཤད་པ་ཡིན་ནོ། །འདི་ལ་ཡང་ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་ཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་བཞི་ལས། ལས་ངེས་པའི་ཚུལ་ནི། དམྱལ་བའི་གནས་སུ་རླུང་བསེར་བུ་ལངས་པ་ནས་དགྲ་བཅོམ་པས་ཟང་ཟིང་མེད་པའི་ཚོར་བ་སྡུག་བསྔལ་གྱི་བར་ཐམས་ཅད་རྒྱུ་དགེ་སྡིག་གཉིས་ཀྱི་འབྲས་བུར་ངེས་པ་ཡིན་ལ། ལས་འཕེལ་ཚུལ་ནི། དཔེར་ན་བྲམ་ཟེ་སོ་ཀ་པ་ལ་སྟོན་པའི་ཆོས་གོས་རྡོལ་པ་བསྟན་པ་ན། དེས་ལྷན་པ་ཞིག་ཕུལ་བ་འགྲིག་པས་དགའ་བར་འབྲས་བུ་རྒྱ་ཆེན་པོ་བྱང་ཆུབ་སོགས་སུ་ལུང་བསྟན་པ་ན་ལོག་ལྟ་


GTD003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཞིག་གིས་འདིའི་ངོ་འཛིན་ཡིན་གྱི་དེ་འདྲ་མི་སྲིད་སྙམ་དུ་ལོག་ལྟ་སྐྱེས་པའི་ཚེ། བཏབ་ཤིང་ནྱ་ཀྲོ་ཏའི་ཡལ་གས་དཔག་ཚད་ཀྱི་བར་དུ་ཁྱབ་པར་ནུས་པ་ལ་ཡང། ས་བོན་ཡུངས་འབྲུ་ཙམ་ལས་མེད་པའི་དཔེས་ལོག་ལྟ་སེལ་བར་མཛད་པ་ལྟ་བུ་དང། གཞན་ཡང་ཞིང་ལ་བརྟེན་ནས་སྟོབས་ཆེ་བ། ཕ་མ་དང་བླ་མ་ལ་བསྙེན་བཀུར་བ་ལྟ་བུ། བསམ་པས་སྟོབས་ཆེ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ། དངོས་པོ་སྟོབས་ཆེ་བ་སྦྱིན་པ་ལ་ལྟོས་ཏེ་ཚུལ་ཁྲིམས་བསྲུང་བ་ཕན་ཡོན་ཆེ་བ་ལྟ་བུ། རྟེན་གྱིས་སྟོབས་ཆེ་བ་ཁྱིམ་པ་བྱང་སེམས་ཀྱིས་མར་ཁུ་རྒྱ་མཚོ་ལྟ་བུ་ལ་མར་མེ་བྱས་ཏེ་ཕུལ་བ་ལས་དགེ་སློང་བྱང་སེམས་ཀྱིས་སྣུམ་གྱིས་བསྐུས་པས་རས་སྦར་དེ་མར་མེ་ཕུལ་བ་བསོད་ནམས་ཆེ་བ་ལྟ་བུ་ཡིན་ལ། མྱུར་ལམ་དུ་དུས་ཀྱི་སྟོབས་ཆེ་བའི་ཁྱད་པར་ཞིག་ཀྱང་གསུངས་པ་ནི། ཤ་ར་བས་ང་ཚོ་ལ་སྙིགས་མ་དུས་བཟང་དུ་སོང་བ་ཡིན་གསུངས་པ་དང་གནད་གཅིག་གོ །གཞན་ཡང་ལས་ཀྱི་དབྱེ་བ་མཐའ་ཡས་ཀྱང་ཆེ་ལོང་བཅུར་བསྡུས་པས་ཕྱི་མ་གསུམ་ནི་ལས་མ་ཡིན་ཏེ། ལས་ནི་ཁབ་ལེན་གྱིས་ལྕགས་ལེན་པ་དང་སྤོས་ཤེལ་གྱིས་རྡུལ་འཛིན་པ་བཞིན་དུ་སེམས་སྡོད་དུ་མི་འཇུག་པའི་བྱེད་ལས་ཅན་གྱི་སེམས་བྱུང་ཞིག་ཡིན་ལ། དེ་གསུམ་ནི་གཙོ་བོ་ཡིད་ཀྱི་རྣམ་ཤེས་ཡིན་པའི་ཕྱིར་རོ། །དེ་དག་ལ་སོ་སོར་ཕྱེ་ན་སྲོག་གཅོད་གཅིག་ལ་ཡང་བསམ་ལས་འདས་ཏེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །གསུངས་པ་ལྟར། དགེ་སློང་བརྒྱས་མི་གཅིག་གསོད་པའམ་གསོད་དུ་བཅུག་ན་ཐམས་ཅད་ལ་ཕམ་པ་འབྱུང་


GTD003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྡོམ་པ་གཏོང་འགྲོ་བ་ཡིན་ལ། གཞན་ཡང་སྲོག་གཅོད་ཀྱི་ཉེས་པ་འབྱུང་བའི་སྒོ་ཤིན་ཏུ་མང་སྟེ། བླ་མ་བྱམས་པས་ང་ཚོ་ལ་ནུས་པ་མེད་པ་རང་གི་ཕོ་སྐྱེས་པ་མིན། ནུས་པ་ཞིག་ཡོད་ན་མི་ཚོ་ལ་བསྟན་བཤིག་ཟེར་ཡོང་སྟེ། མཐུ་གཏད་སོགས་ཀྱིས་ཕ་རོལ་པོ་ཤི་ན་སྡོམ་པ་ཤོར་ནས་དོན་ལ་རང་རྒྱུད་ཀྱི་བསྟན་པ་བཤིག་པ་ཡིན། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །གསུངས་པ་ལྟར། རང་རྒྱུད་ཀྱི་ལུང་རྟོགས་ཀྱི་ཆོས་གཉིས་ལ་བསྟན་པ་ཟེར་བ་མ་གཏོགས། བསྟན་པ་ཟེར་བ་ཟུར་དུ་ཡོད་པ་མིན། འོ་ན་རྒྱུད་སྡེ་བཞིར་མངོན་སྤྱོད་ཀྱི་ལས་གསུངས་པ་མ་ཡིན་ནམ་ཞེ་ན། རྒྱུད་སྡེར་མ་ཟད་མདོ་ལས་ཀྱང་བྱང་ཆུབ་སེམས་དཔས་མངོན་སྤྱོད་ཀྱི་ལས་ཀྱིས་འདུལ་དགོས་པའི་བསྟན་དགྲ་སོགས་ལ་དེ་ལྟར་མ་བྱས་ན་ཉེས་བྱས་སུ་འགྱུར་བར་སྡོམ་པ་ཉི་ཤུ་པར་གསུངས་པ་དང། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་སྙིང་རྗེས་ཀུན་ནས་བསླང་སྟེ་བསད་པས་ཚོགས་རྒྱ་ཆེན་པོ་རྫོགས་པར་གསུངས་པ་ལྟ་བུ་ཡོད་ནའང་དེ་ལྟར་བྱེད་པ་ལ་སྙིང་རྗེ་ཁོ་ནས་ཀུན་ནས་བསླང་བ་དགོས་ཏེ། ཁ་སྦྱོར་དབྱེ་བའི་ཆོ་ག་སོགས་སུ་ཡང། སྙིང་རྗེས་དགྲ་བགེགས་སྒྲོལ་ཞེས་འབྱུང་བ་ལྟ་བུ་ཡིན། དེ་ལྟར་སྲོག་གཅོད་ཀྱི་དབྱེ་བ་མང་བས། དེ་བསྲུང་བ་ལ་ཡང་ཆུ་ཚགས་འཆང་བ་ཚུན་ཆད་ཀྱིས་བསྲུང་དགོས་ལ། དེའི་ཆར་གཏོགས་ཀྱང་ས་བརྐོ་ཤིང་གཅོད་སོགས་ཡོད་པས་བསྔོ་བགྲང་ཙམ་ཡང་དཀའ་བ་ལ། ཇི་ལྟར་བསྲུང་སྙམ་ན་སྐྱོན་མེད་དེ། དེ་ཐམས་ཅད་བསྡུས་ནས་རང་གི་སྒོ་གསུམ་བསྲུང་བས་ཉེས་


GTD003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ཐམས་ཅད་ཅིག་ཅར་དུ་ཁེགས་ནུས་པ་ཡིན། དེས་ན་མཁས་གྲུབ་རྗེས། ལོ་གསུམ་ལ་སྐྱེས་བུ་ཆུང་ངུ་རྫོགས་ན། ཕོ་རྒོད་པ་ཡིན་གསུངས་པ་ལྟར་ངང་མ་ཐུང་བར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་ལེགས་པར་སྦྱངས་ཏེ་སྒོ་གསུམ་མི་དགེ་བ་ལས་བཟློག་ཐུབ་པ་ཞིག་བྱུང་ན་འདུལ་བ་ལུང་དུ་གསུངས་པ་ལྟར་འཆི་ཁར་རང་ཉིད་བདེ་འགྲོར་འགྲོ་བ་ལུང་སྟོན་ཐུབ་པ་ཞིག་ཡོང་གསུངས། གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་སྟོན་པའི་གསུང་རབ་ལ་བལྟ་བ་དང་། ཆོས་མཐུན་གྱི་གྲོགས་ལ་ཆོས་དང་མཐུན་པའི་གཏམ་བྱ་དགོས་ཏེ་ལུགས་ཀྱི་བསྟན་བཅོས་ལས་གསུངས་པ་ལྟར། རམ་དང་བ་བླ་བསྲེས་ན་ལྗང་ཡོང་བ་བཞིན་དུ་བློ་གྲོས་ཁྱད་པར་ཅན་སྐྱེ་བས་དགོས་པ་ཆེའོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ནི། དེ་ལྟར་སྐྱེས་བུ་ཆུང་ངུའི་ལམ་ལ་བློ་ལེགས་པར་སྦྱངས་པས་རང་ཉིད་བདེ་འགྲོར་འགྲོ་བ་ལུང་སྟོན་ཐུབ་པ་ཙམ་བྱུང་ཡང་། དེས་མི་ཆོག་པར་སྐྱེས་བུ་འབྲིང་དུ་ཁྲིད་དགོས་པས་དེ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་སྐྱེད་པ་དང་། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་ལ་བོ་ཇི་ལྟར་བྱ་བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་ཞེས་སོགས་ཕལ་ཆེར་སྔར་བཞིན་ནོ། །གཉིས་པ་དངོས་གཞི་ལ་


GTD003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་སྟེན་པར་བྱེད་པ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། དང་པོར་སྡུག་བདེན། དེ་ནས་ཀུན་འབྱུང་། དེ་ནས་འགོག་བདེན། དེ་ནས་ལམ་བདེན་བཤད་པ་ནི། ཉམས་ལེན་ལ་འཇུག་རིམ་གྱི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་ནད་མི་འདོད་ན་སྨན་པ་མཁས་པ་བསྟེན་ནས་བཅོས་པ་ལ་འཇུག་པ་བཞིན་དུ། སྡུག་བསྔལ་ལ་མི་འདོད་པའི་བློ་ཡོད་ན། དེ་སྤོང་བ་ལ་འཇུག་པས། ཐོག་མར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་དགོས། དེའི་རྒྱུ་མཚན་གྱིས་བདེ་ལམ་འདིར་ཡང། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འཆད་པའི་ཚེ། དཔེར་ན་མི་ནག་ཅན་ཟླ་བ་གཅིག་ནས་གསོད་ངེས་ཞིག་གནས་སྐབས་ངོ་ཆེན་ལ་བརྟེན་ནས་དབྱུག་པས་བསྣུན་པའི་སྡུག་བསྔལ་མེད་ཀྱང་གསོད་པ་ལ་ཇེ་ཉེར་འགྲོ་བས། བདེ་བའི་བློ་སྐྱེ་བའི་སྐབས་མེད་པ་དཔེར་མཛད་ནས་གསུངས་པ་ལྟར། རང་ཅག་འཁོར་བའི་བཙོན་རར་བཟུང་སྟེ་རྣམ་པར་ཤེས་པ་ཕུང་པོ་ལ་བཅིངས་ནས་ལས་ཉོན་གྱིས་གཞན་དབང་དུ་སོང་བ་འདི་ཉིད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་ཡིན་ཏེ། འདིར་འཁོར་བ་ཞེས་པ་དང། བཅིང་བ་ཞེས་པ་སྐད་དོད་གཅིག་གོ །དེ་ཡང་དཔེར་ན་སྔོན་གཉའ་ལམ་གྱི་མཚན་ཉིད་པ་ཚོས། རྗེ་མི་ལ་ལ། གཞན་


GTD003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མཚན་ཉིད་གང་ཡིན། འགལ་རྟགས་ཀྱི་མཚན་ཉིད་གང་ཡིན་ཞེས་སོགས་དྲིས་པས་ལན་དུ། རྗེ་མི་ལས། རང་དབང་མ་འདུས་པ་གཞན་དབང་གི་མཚན་ཉིད། ཁྱོད་ཆོས་དང་རྒྱབ་འགལ་དུ་སོང་བ་འགལ་རྟགས་ཀྱི་མཚན་ཉིད། ངན་སོང་དུ་འདྲིལ་བ་འབྲེལ་རྟགས་ཀྱི་མཚན་ཉིད། ངས་སྒོམ་ཚད་མ་བྱས་པ་ལ་ཁྱོད་ཚོས་ཕྲག་དོག་ཚད་མ་སྐྱེས། སྐུར་བ་ཚད་མ་བཏབ། ངན་སོང་ཚད་མར་སྐྱེས་པ་ཚད་མའི་མཚན་ཉིད་ཡིན་གསུངས་ཏེ། གྲུབ་ཆེན་གྱི་གསུང་འདི་གནད་ཆེའོ། །དེས་ན་ཐོག་མར་འཁོར་བ་གང་ལ་ཟེར་ལེགས་པར་དཔྱད་ནས་ངོས་མ་ཟིན་ན། སྔོན་སྨན་ཁང་པའི་གྲྭ་པ་ཞིག་རྗེ་དོན་ཡོད་མཁས་གྲུབ་པའི་དྲུང་དུ་མཇལ་བའི་ཚེ། ཁྱོད་གང་ནས་ཡིན་དྲིས་པས། ང་སྨན་ཁང་པའི་གྲྭ་པ་ཡིན་ཟེར་བ་ལ། སྨན་ཁང་པའི་གྲྭ་པ་གསུངས་ནས་ཐུགས་མཉེས་མཉེས་གནང་བས་ཁོས་ཞུ་རིན་མེད་ཞུས་པ་ལ། ཞུ་རིན་ཡོད་དྲག་གྲུབ་ཆེན་སྨན་ཁང་པའི་གྲྭ་པ་གསུངས་པས། བདག་འཁོར་བར་མ་འཁྱམས་ཙམ་ལགས་ཞུས་པ་ལ། བླ་མས་ང་ཚོ་ནི་འཁོར་བའི་གཏིང་དུ་འཁྱམས་པ་ལ་ཁྱོད་ཞེད་པོ་རེད་གསུངས། ཕྱིས་སུ་བླ་མ་བྱམས་པ་དང་ཁོང་གཉིས་གསུང་བགྲོས་གནང་སྐབས་ཁོས་འཁོར་བར་མ་འཁྱམས་པ་དེ་དོར་མ་ཕུད་པ་རེད་གསུངས་པ་ལྟ་བུར་མ་སོང་བར་ངོས་ཟིན་དགོས། ངོས་འཛིན་ཡང་ང་རང་ཚོ་སྡོད་པའི་ཁང་པ་སོགས་ལ་བྱེད་པ་མིན། གང་ལ་བྱ་བ་ཡིན་སྙམ་ན། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་དང། མཛོད་


GTD003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོ་དེ་དག་འཐབ་བཅས་ཀྱང། །ཞེས་གསུངས་པ་ལྟར། ཉེར་ལེན་གྱི་ཕུང་པོ་ལ་ཡང་ཟེར་ཞིང། དེ་ཡང་དཔེར་ན་ཙན་དན་ལས་བྱུང་བའི་མེ་ལ་ཙན་དན་གྱི་མེ་དང། ནས་ལས་བཙོས་པའི་ཆང་ལ་ནས་ཆང་ཟེར་བ་ལྟར། རྒྱུ་ལས་ཉོན་གཉིས་ཀྱིས་ཉེར་ལེན་བྱས་ནས་བླངས་པའི་ལུས་ལ་ཉེར་ལེན་གྱི་ཕུང་པོ་ཞེས་རྒྱུ་མིང་འབྲས་ལ་བཏགས་པ་ཡིན། དེ་ལྟར་དང་པོ་འཁོར་བ་ངོས་བཟུང་ནས་དེའི་རྒྱུ་སྡུག་བསྔལ་བསམ་པ་ལ་སྡུག་བསྔལ་བརྒྱད་དང། དྲུག་དང་། གསུམ་སོགས་ལས། འདིར་ངེས་མེད་དྲུག་གཙོ་བོར་གསུངས་ཤིང། དེ་ཡང་མངོན་རྟོགས་རྒྱན་ལས། མེད་པའི་རྣམ་པ་ཞེས་དང། ཤེར་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ཞུས་པ་ལ་མ་མཆིས། ཞེས་པ་ཞེ་ས་ཡིན་པས། ལན་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ལྟར། འཁོར་བའི་ཕུན་ཚོགས་དང་དགྲ་གཉེན་སོགས་འདུས་བྱས་སོ་ན་མི་གནས་པས་ཅུང་ཟད་ཙམ་ཡང་མི་སྡོད་པར་སྐད་ཅིག་ལ་འགྱུར་ནས་འགྲོ་བ་ཡིན། མ་བརྟགས་མ་དཔྱད་པའི་ཚེ་ན་དེ་རིང་མཐོང་བའི་རི་འདི་ཁ་སང་གི་རི་དེ་ཡིན་ཡིན་འདྲ་བ་འཆར་ཡང། རྣམ་འགྲེལ་ལས་གསུངས་པ་ལྟར། འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་མེད་ཀྱི་རིགས་པས་བསྒྲུབ་ན་སྐད་ཅིག་ཙམ་ཡང་སྡོད་པའི་མཐུ་མེད་པར་འགྲུབ་ཅིང་དེ་ལྟར་སྐད་ཅིག་གིས་འཇིག་པའི་མི་རྟག་པ། སྐྱེས་བུ་ཆུང་ངུའི་སྐབས་ཀྱི་


GTD003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་གཉིས་མི་གཅིག་སྟེ། འདི་ནི་སྐད་ཅིག་མའི་མི་རྟག་པ་ཡིན་ལ། གཅིག་ཤོས་རྒྱུན་གྱི་མི་རྟག་པ་ཡིན་ནོ། །དེ་ལྟར་འཁོར་བ་འདི་ན་དགྲ་གཉེན་སོགས་ལ་ཡིད་བརྟན་མེད་པར་མ་ཟད་འཁོར་བའི་ཕུན་ཚོགས་ཅི་ཙམ་ཐོབ་ཀྱང་ངོམས་པ་མེད་པར་སླར་ཡང་སྲེད་པ་འདྲེན་པ་ཝ་སྐྱེས་ཀྱི་རྣམ་ཐར་ལྟ་བུ་ཡིན་ཏེ། སྔོན་ཝ་ཞིག་གིས་ཚོང་པ་ལྔ་བརྒྱ་ཤི་བའི་ཤུལ་དུ་ཕྱིན་ནས་གཞན་རྣམས་ལ་རིམ་གྱིས་ཟ་དགོས་སྙམ་ནས་སེར་སྣ་བྱས་ཏེ། ཐོག་མར་གཞུ་ཟོས་པས་གཞུ་རྒྱུད་ཆད་དེ་གཞུ་འཕར་ནས་གཞུ་མཆོག་གིས་སྣ་ལ་བཏང་ནས་ཤི་བའི་གཏམ་རྒྱུད་ལྟ་བུ་ཡིན། འཁོར་བའི་ཕུན་ཚོགས་དང་ལུས་ཕུན་སུམ་ཚོགས་པ་ཅི་ཙམ་ཐོབ་ཀྱང་ཡིད་བརྟན་མེད་པ་ནི། ཉི་ཟླ་སོགས་སུ་སྐྱེས་ཏེ་རང་འོད་ཀྱིས་འཇིག་རྟེན་གསལ་ནུས་པ་ཡང་མུན་ཁྲོད་དུ་རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བར་སྐྱེ་བ་དང། རྒྱལ་པོ་ང་ལས་ནུས་གླིང་བཞི་ལ་དབང་བསྒྱུར་ཏེ་སུམ་ཅུ་རྩ་གསུམ་དུ་བརྒྱ་བྱིན་སོ་དྲུག་དང་ལྷན་ཅིག་ཏུ་བསྡད་ནས་མཐར་འཇིག་རྟེན་གྱི་གཏམ་དཔེ་ལ་བསོད་ནམས་ཟད་ཁ་བསམ་ངན་སྐྱེས་ཟེར་བའི་དཔེ་ལྟར། བརྒྱ་བྱིན་ལ་བསམ་ངན་སྐྱེས་པའི་དབང་གིས་འཛམ་གླིང་དུ་ལྷུང་བ་ལྟ་བུ་ཡིན། མདོར་ན་མདོ་མྱང་འདས་ལས་གསལ་བར་གསུངས་པ་ལྟར་འཁོར་བའི་བདེ་སྡུག་ལ་འདི་མ་མྱོང་བྱ་བ་གཅིག་ཀྱང་མེད་ཅིང། སེམས་ཅན་གཅིག་གིས་རང་གི་མ་བྱས་ནས་འོ་མ་འཐུང་བ་དང། ཡི་དྭགས་སུ་སྐྱེས་ནས་རྣག་ཁྲག་འཐུང་བ་དང། རྐུན་མ་བྱས་པས་མགོ་བཅད་པ་སོགས་ཀྱང་བསམ་ལས་འདས་ཏེ།


GTD003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཁྱིམ་བདག་དཔལ་སྐྱེས་བྱ་བ་རྒས་ཤིང་འཁོག་པ་བཟའ་མི་རྣམས་ཀྱིས་མནར་བས་ཡིད་སུན་པ་རབ་ཏུ་བྱུང་བ་དང། ལས་གཞོན་རིམ་ནས་བྱེད་དགོས་ཤིང། ཁོ་བསླབ་པ་གཞོན་པས་ཐམས་ཅད་ཀྱིས་མངག་པ་ན་ཡིད་སྐྱོ་ནས་དབེན་པ་ཞིག་ཏུ་སོང་སྟེ་ཆོས་གོས་རྣམ་གསུམ་ཤིང་ལྗོན་པ་ཞིག་ལ་བཀལ་ནས། རྒྱལ་བྱེད་ཚལ་ཕྱོགས་སུ་ཕྱག་གསུམ་བཙལ་ཏེ། བདག་ནི་སངས་རྒྱས་སྤོང་བ་མ་ལགས། །ཆོས་དང་དགེ་འདུན་སྤོང་བ་མ་ལགས། །བདག་ལུས་འདིས་མནར་བས་ལུས་དོར་ཏེ་སྐྱེ་བ་ཕྱི་མ་གཞོན་ནུ་ནས་བསྟན་པ་དང་མཇལ་ཏེ་རབ་ཏུ་བྱུང་བར་ཤོག་ཅེས་སྨོན་ལམ་བཏབ་ནས་གཡང་ལ་མཆོང་བ་དང། མོའུ་འགལ་གྱི་བུའི་མངོན་ཤེས་ཀྱིས་མཁྱེན་ནས་དེ་མ་ཐག་རྫུ་འཕྲུལ་གྱིས་ནམ་མཁའ་ནས་བླངས་ཏེ་ཅི་ཡིན་དྲིས་པ་ལ་རྒྱུ་མཚན་གསོལ་བས། ངའི་ཆོས་གོས་ཀྱི་གྲྭ་ལ་འཇུས་ཤིག་གསུངས་ནས། རྫུ་འཕྲུལ་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་ནས་རུས་པའི་རི་ཆེན་པོ་ཞིག་འདུག་པའི་རྩིབ་མའི་སྟེང་དུ་ཞག་བདུན་འགྲོ་དགོས་པ་དེ་འདྲ་ཞིག་གི་སྟེང་དུ་བཞུགས་པ་ལ་དཔལ་སྐྱེས་ཀྱིས་འདི་ཅི་ཡིན་ཞུས་པས། འདི་ཁྱོད་ཀྱི་སྐྱེ་བ་སྔ་མ་ཆུ་སྲིན་དུ་སྐྱེས་པའི་རུས་པ་ཡིན། དེ་ཡང་ཆུ་སྲིན་རྣམས་རང་བཞིན་གྱིས་གཉིད་ཆེ་བས་ལོ་མང་པོ་གཉིད་དེ་སད་པ་ན་ཤིན་ཏུ་བཀྲེས་པས་ཁ་གདངས་པ་ན་དཔག་ཚད་གཅིག་ཚུན་ཆད་ཀྱི་རྒྱ་མཚོ་ཁར་སོང་བ་དང། སོ་བཙིར་ཏེ་ཆུ་ཕྱིར་བཏོན་ནས་སྲོག་ཆགས་ཐམས་ཅད་ཟ་བ་ལ། ལན་ཅིག་ཆུ་སྲིན་དེའི་ཁ་གདངས་པ་དང་ཚོང་བ་མང་པོ་ཞིག་དེར་སླེབ་པ་འཛོམས་པས་ཐམས་ཅད་སྐྲག་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བསྒྲགས་པ་ཆུ་སྲིན་གྱིས་ཐོས་ཏེ་སྔོན་གྱི་


GTD003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་སད་ནས་དེ་མ་ཐག་ཁ་བཙུམས་ཏེ། གཞན་ལ་གནོད་འཚེ་སྤངས་པས། ཆུ་སྲིན་དེ་ཉིད་མུ་གེས་ཤི་བ་དང། རྒྱ་མཚོར་རོ་ཞག་ཏུ་གནས་མི་སྲིད་པས་རླུང་གིས་བདས་ཏེ་འཕང་བའི་རུས་པ་འདི་ཡིན་ཞེས་བསྟན་པས་ལས་འབྲས་ལ་ཡིད་ཆེས་དང། ལུས་ལོངས་སྤྱོད་སོགས་ལ་ངེས་པ་མེད་ཚུལ་ལ་ངེས་ཤེས་གཏིང་ནས་འདྲོངས་ཏེ་འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་བདེན་པ་མཐོང་ཞིང་རྫུ་འཕྲུལ་ཀྱང་ཐོབ་སྟེ། ཚུར་ལམ་བྱ་མ་བུ་བཞིན་དུ་མཁན་པོའི་རྗེས་སུ་འབྲང་སྟེ་བྱོན་པ་ལྟ་བུ་ཡིན། དེ་ལྟར་ངེས་མེད་དྲུག་སོགས་ཀྱི་འཁོར་བ་ལ་ཡིད་བརྟན་མེད་ཚུལ་མ་བསམས་པར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གོ་མི་ནུས་ཏེ། རྣམ་འགྲེལ་ལས། མི་རྟག་ལས་ནི་སྡུག་བསྔལ་དང། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་གསུངས་པ་ལྟར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གོ་བ་ལ་ཡིད་བརྟན་དུ་མི་རུང་ན་མི་རྟག་པའི་ངང་ཚུལ་གོ་དགོས་པ་ཡིན། དེས་ན་མི་རྟག་པ་སྒོ་དུ་མ་ནས་བསམ་དགོས་ཏེ། ཇོ་བོ་རྗེས། མི་རྟག་པ་ཆུ་འགྲམ་དུ་བསྒོམ་ན་ཆུ་རིབ་རིབ་འགྲོ་བ་འདི་རང་བཟང་བར་འདུག་གསུངས། རྣལ་འབྱོར་པ་ཆེན་པོ་ཐུན་མཚམས་སུ་རི་རྩེར་ཕེབས་ནས་དུར་ཁྲོད་སོགས་སུ་གཟིགས་ཏེ། ཞབས་འབྲིང་བ་ལ་སུ་དང་སུ་ཤི་ཞེས་དྲིས་ནས་མི་རྟག་པ་བསྒོམ་པ་དང། ཤིང་དྲུང་པས་སྔར་བཤད་པ་ལྟར་རྒྱུ་སྐར་སོགས་ལ་བལྟས་ནས་བསྒོམ་པ་ཡིན་པས་དམིགས་པ་གང་བདེ་ནས་བསྐྱངས་ཏེ། མི་རྟག་པའི་ངང་ཚུལ་མཐོང་ནས་དེ་རྟོག་པའི་བློ་བཅོས་མིན་ཞིག་སྐྱེས་ན།


GTD003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་འདི་ཐམས་ཅད་བཅོས་མ་དང། མགོ་བསྐོར་དུ་གོ་བས་འཁོར་བའི་ཚང་ཚིང་འདོར་བ་ཡིན། དེའི་རྒྱུ་མཚན་ནི། རྗེ་བླ་མས། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་ལྟར། ཐར་པ་དོན་གཉེར་གྱི་བློ་རྣལ་མ་ཞིག་སྐྱེ་བ་ལ་འཁོར་བ་མེ་འོབས་ལྟར་མཐོང་བའི་སྐྱོ་ཤས་དྲག་པོ་དགོས་ཤིང། དེ་ཡང་འཁོར་བའི་བདེ་བ་ཐོབ་ཀྱང་ཡིད་བརྟན་མི་རུང་བ་འཇིག་པའི་རང་བཞིན་ཅན་དུ་མཐོང་བའི་བློ་འདིས་འདྲེན་དགོས་ཏེ། དཔེར་ན་བཀའ་བསྟན་འགྱུར་རྣམས་སུ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མི་རྟག་པས་སྣ་དྲངས་ནས་ཐར་པའི་གྲོང་ཁྱེར་དུ་གཤེགས་པར་གསུངས། ཉན་ཐོས་ཆེན་པོ་རྣམས་དང། གྲུབ་ཆེན་ཚོ་ཡང་དེ་ལྟར་གཤེགས་པ་ཡིན་ལ། དེ་ལྟར་ཐར་པ་ཐོབ་པ་ལ་མི་རྟག་པ་རྟོགས་དགོས་པར་མ་ཟད། ཉན་ཐོས་ཀྱི་ཐར་པ་ཆ་མཐུན་གྱི་དགེ་རྩ་རྒྱུད་ལ་སྐྱེ་བ་ལ་ཡང་མི་རྟག་པ་ལ་མྱོང་བ་ཐོན་དགོས་ཤིང། བྱང་སེམས་ཀྱི་ཐར་པ་ཆ་མཐུན་གྱི་དགེ་རྩ་སྐྱེ་བ་ལ་དེ་ལས་ཀྱང་ལྷག་པ། མངོན་རྟོགས་རྒྱན་ལས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །ཞེས་པ་ལྟར། མི་རྟག་པ་ནས་བཟུང་སངས་རྒྱས་ཀྱི་ལམ་གྱི་བར་ལ་མྱོང་བ་ཐོན་དགོས་ཏེ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཡང་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བྱོན་པའི་ཚེ། རྒ་ན་འཆི་བ་སོགས་གཟིགས་པས་རྐྱེན་བྱས་ཏེ་མི་རྟག་པས་སྣ་དྲངས་པ་ཡིན། ཡང་འགའ་ཞིག་གིས་མི་རྟག་པས་སྣ་འདྲེན་པ་ཙམ་ཡིན་མོད་ཀྱང་ལམ་མཐོན་པོར་མི་དགོས་


GTD003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན་མ་ཡིན་ཏེ། རྡོ་རྗེ་འཇིགས་བྱེད་ལ་ཡང་དུར་ཁྲོད་བར་མཚམས་མེད་པས་བསྐོར་བ་དང། མི་མགོ་སྐམ་རློན་གྱི་དོ་ཤལ་གྱིས་བརྒྱན་པ་ཡང་མི་རྟག་པའི་མཚོན་བྱེད་ཡིན། དེར་མ་ཟད་ཡུམ་རྣམས་ལ་ཡང་རོ་ལངས་མ་དང། བདག་མེད་མ་དང། ཆོས་དབྱིངས་མ་ཞེས་མིང་འདོགས་པའི་རྒྱུ་མཚན་ཡང་དེ་ཡིན་པས། མི་རྟག་པ་འདི་ལམ་མཐོ་དམན་ཐམས་ཅད་དུ་གལ་ཆེའོ། །གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ། སྡུག་བསྔལ་བརྒྱད་གསུངས་ཏེ། དེ་ཡང་ས་སྡེར་འཁོར་བ་སྤྱི་ལ་སྦྱར་ཡང། འདིར་མིའི་དབང་དུ་བྱས་སོ། །དེ་ལ་དང་པོ་སྐྱེས་པའི་སྡུག་བསྔལ་ནི། དགའ་བོ་མངལ་འཇུག་གི་མདོ་ལས། མི་གཙང་བ་རྣམ་པ་མང་པོས་ཡོངས་སུ་གང་བ། སྲིན་བུའི་རིགས་སྟོང་ཕྲག་མང་པོའི་གནས། ཞེས་གསུངས་པ་ལྟར། མངལ་གྱི་གནས་ཕོ་བ་ལོང་ཀའི་བར་མི་གཙང་བའི་ཁྲོད་དུ་མས་ཟས་ཟོས་པའི་བཅུད་ལྟེ་བའི་བུ་ག་ནས་སོང་བས་འཚོ་ཞིང། མས་ཟས་ཀྱི་ཚ་གྲང་དང་སྤྱོད་ལམ་མ་གཟབ་པས་སྡུག་བསྔལ་ཚད་མེད་པ་མྱོང་ཞིང། བཅིངས་པ་ལྔས་བཅིངས་པ་ལྟ་བུར་སྡུག་བསྔལ་བཟོད་གླགས་མེད་པས། རྒྱ་ཆེར་རོལ་བ་ལས། དམྱལ་བའི་སྡུག་བསྔལ་གྱིས་ཀྱང་འདིའི་བཅུ་དྲུག་གི་ཆར་ཡང་མི་ཕོད་པར་གསུངས་སོ། །མངལ་དུ་ཞུགས་ནས་སྐབས་ཤིག་ན་རིམ་གྱིས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གནོད་རིགས་སུམ་བརྒྱ་དྲུག་ཅུ། ནད་རིགས་བཞི་བརྒྱ་རྩ་བཞི་སོགས་ཀྱང་ལུས་ལ་འཇུག་པ་ཡིན། མདོར་ན་ལས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པས། ཕ་མའི་ཁུ་ཁྲག་དང་རྣམ་ཤེས་འདྲེས་པའི་


GTD003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མེར་མེར་པོ་ཞིག་ནས་རིམ་གྱིས་གཏམ་སྨྲ་བ་སོགས་ནུས་པ་འདི་འདྲ་ཞིག་བྱུང་བ་འདི་ཡ་མཚན་ཏེ། ཤིང་སྐམ་ཞིག་ལ་མིར་སྤྲུལ་ནས་གཏམ་སྨྲ་ཞིང་མིའི་བྱ་བ་བྱེད་པ་དང་ཁྱད་མེད། འདི་ལྟར་བསམ་ན་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ནུས་པ་དང། སེམས་ཅན་གྱི་ལས་ཀྱི་ནུས་པ་འདྲ་བ་ཡིན། རྒ་བའི་སྡུག་བསྔལ་ཡང། ཀ་མ་བའི་ཞལ་ནས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག་དུས་གཅིག་ལ་འོང་ན་སྲན་ཐབས་མེད་གསུངས་པ་ལྟར་ད་ལྟ་ལང་ཚོ་དར་ལ་བབ་པའི་གཞོན་ནུ་ཞིག་གློ་བུར་དུ་རྒས་ཤིང་འཁོག་པ་ལང་མི་ནུས་པ་ཞིག་ཏུ་སོང་ན་གཉེན་མཛའ་བཤེས་ཐམས་ཅད་མྱ་ངན་བྱེད། ཐབས་སྡུག་པ་ཅི་འདྲ་ཡོང། འཇིག་རྟེན་ན་ཡང་ལྷ་རྒས་པ་གྲལ་གཤམ་ཟེར་བ་ལྟ་བུ་ཡིན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ལང་ན་ཤིང་རྩ་གནམ་དུ་བསྒྲེང་བ་འདྲ། །འདུག་ན་ས་ལ་འབེབས་ཆེན་རྒྱག་པ་འདྲ། །ཞེས་གསུངས་ཤིང། མཁས་གྲུབ་རྗེའི་རྟོགས་བརྗོད་དུ་ཡང་དེ་ལྟར་གསུངས་པ་ལྟ་བུ་ཡིན། ན་བའི་སྡུག་བསྔལ་ནི། བཞི་བརྒྱ་པ་ལས། འགལ་བ་རྣམས་ལ་བདེ་འོ་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་དང། བསླབ་བཏུས་སུ་ཡང། ལུས་ཀྱི་ནང་དུ་འབྱུང་བཞི་སྦྲུལ་མི་མཐུན་པ་བཞི་ལྟར་གནས་པར་གསུངས་པ་བཞིན་དུ་ལུས་ཀྱི་འབྱུང་བཞི་འཁྲུགས་པ་ལས་མི་འདོད་པའི་དཔྱད་སྣ་ཚོགས་བསྟེན་དགོས་ལ། འཆི་བ་ཡང་ད་ལྟ་ཕལ་ཆེར་དུས་མིན་དུ་འཆི་སྟེ། དུས་མ་ཡིན་པའི་འཆི་རྐྱེན་ཡང་མཚན་མོ་རྒྱུ་བ་དང། དེའི་ནང་ནས་ནམ་ཕྱེད་མི་མ་ཡིན་རྒྱུ་བའི་དུས་ཡིན་པས་དེ་འདྲ་ལ་ཕྲད་པ་སོགས། འཆི་རྐྱེན་དགུ་པོ་


GTD003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་གི་དབང་གིས། ཚེ་འདིའི་དཔལ་འབྱོར་ཐམས་ཅད་དང་བྲལ་ནས་གཅིག་པུར་འགྲོ་བ་སོགས་ཀྱི་སྡུག་བསྔལ་མྱོང་དགོས། གཞན་ཡང་གཉེན་སྡུག་པ་མིག་ལྟར་བཏོན་འགྲོ་ཞིང། དགྲ་མི་སྡུག་པ་ཡང་གང་ནས་ཡོང་ངེས་པ་མེད་དེ། མིག་བལྟ་ལུགས་ཙམ་གྱིས་ཀྱང་དགྲར་འགྱུར་བས་དེ་འདྲ་བྱུང་ན་འདི་སྙམ་དུ་རྟེན་འབྲེལ་གྱི་ཆོས་ཉིད་ལ་ཡང་དཀར་ནག་གཉིས་ལས་དཀར་པོ་བཟང་བས་མིག་དཀར་པོས་བལྟས་པ་དགའ་དྲག་བསམ་ན་ཕན་པོ་ཡོང། གཞན་གྱིས་ངན་སྨྲས་སོགས་བྱས་བྱུང་ན་ཡང་ཀོང་པོ་འོན་པ་ལྟ་བུ་ཞིག་དགོས་ཏེ། ཁོང་གི་རྩར་བཟང་ངན་གང་བཤད་ཀྱང་འོན་རྫུ་བྱས་ནས་བསྡད་པས་མི་རྣམས་ཀྱིས་འོན་པར་འདུག་སྙམ་སྟེ་མཚན་ལ་ཡང་ཀོང་པོ་འོན་པ་ཟེར། ཁོང་གི་ཡོན་ཏན་རྒྱ་ཆེ་ཞིང། ཤེས་རབ་བཟང་པོ་ཞིག་ཡོད་པས། པོ་ཏོ་བས་འདིས་མ་གོ་ན་ཕངས་པ་དགོངས་ནས་ཆོས་གསུངས་སྐབས་གསུང་མཐོན་པོ་གནང་བས། ཁོང་གི་ཐུགས་ལ་བླ་མ་འོ་བརྒྱལ་བར་འདུག་དགོངས་ཏེ། མི་གཞན་མེད་དུས་ཤིག་བླ་མའི་རྩར་ཕྱིན་ནས། བླ་མ་ལགས། ང་ལ་རྣ་བ་གསང་པོ་ཡོད་ཞུས་པ་ལྟ་བུ་ཡིན་ལ། དེ་ནི་རྒྱལ་སྲས་ཞི་བ་ལྷའི་དགོངས་པ་ཡིན་ཏེ། སྤྱོད་འཇུག་ལས། གཤེ་དང་འགྱེད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །དེ་ཚེ་བདག་གིས་ཤིང་བཞིན་དུ། །ཟུངས་ཐུབ་པར་ནི་གནས་པར་བྱ། །ཞེས་དང། བསླབ་བཏུས་ལས། འཐབ་པ་དང་རྩོད་པའི་ནང་དུ་བདག་བེམ་པོ་ལྟ་བུ་དང། ལུག་ལྟར་ལྐུག་པར་བྱའོ། །ཞེས་གསུངས་ཤིང་། དེར་


GTD003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་འཕགས་པ་གང་པོས་དགྲ་བཅོམ་ཐོབ་ནས་སྟོན་པ་ལ་ཞུས་ཏེ། མཐའ་འཁོབ་ཏུ་ཕེབས་པའི་ཚེ། སྟོན་པའི་ཞལ་ནས་མཐའ་འཁོབ་དེའི་མི་རྣམས་ཤིན་ཏུ་གདུག་རྩུབ་པས་ཁྱོད་ཀྱིས་དེར་བག་ཡོད་པར་གྱིས་ཤིག་གསུངས་པ་ན། སྟོན་པའི་བཀའ་བཞིན་འཚལ་ལོ། །འོན་ཀྱང་བདག་ལ་ཉེས་པར་མི་འགྱུར་ཏེ། དེ་དག་གིས་བདག་ལ་བསྡིགས་པ་ནི། འདི་དག་གིས་མ་བརྡུངས་པ་བཀའ་དྲིན་ཆེ་སྙམ་དུ་བསམ་མོ། །བརྡུང་བ་ན་འདི་དག་གིས་བདག་མ་བསད་པ་བཀའ་དྲིན་ཆེའོ་སྙམ་དུ་བསམ་མོ། །ཞེས་ཞུས་པ་ལྟ་བུ་དགོས། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་ཅིང་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་ནི། ནོར་རྫས་ལྟ་བུ་ལུས་སྲོག་ཐེད་ལ་བོར་ཏེ་འཚོལ་དགོས་ཤིང་བཙལ་ནས་ཆས་ཀ་ཆེན་པོ་ཞིག་བསགས་ཀྱང་ཕན་མི་ཐོགས་ཏེ། དཔེར་ན་སྔོན་བླ་མ་ཕྱུག་པོ་ཞིག་གིས་བཅའ་ལག་ཐམས་ཅད་སྒམ་སོ་སོར་བཅུག་ནས་སྒོ་ལྕགས་བརྒྱབ། ལྡེ་མིག་རྣམས་གསེར་སྒམ་ཆུང་ངུ་ཞིག་ཏུ་བཅུག་ནས། དེའི་ལྡེ་མིག་ཆབ་རིལ་ལ་བཏགས་ཡོད་པ་ལས། ཕྱིས་ཁོ་རང་དབུགས་ངར་ངར་ཆད་པའི་ཚེ་ཞབས་ཕྱིས་སྒོ་བརྒྱབ་སྟེ་ལྡེ་མིག་བླངས་ནས་གསེར་དངུལ་སོགས་སྦས་ཏེ་ལྡེ་མིག་ཆབ་རིལ་ལ་བཏགས། སྒོ་ཕྱེ་ནས་ཕྱིར་བཏོན་ཏེ་གཟོད་ངུས་པ་ལ། མི་ཚོས་དེ་འདྲ་མ་བྱེད་ཆས་ཀ་ཚོ་བླངས་ནས་དགོངས་རྫོགས་བྱེད་དགོས་ཟེར་ཙ་ན། ཁྱོད་ཚོས་ལྟོས། ང་ནི་སྡུག་དྲགས་ནས་ལྟ་ཡང་མི་ནུས་ཟེར། ཡང་མི་ཆས་ཀ་ཅན་ཞིག་ཤི་བར་ཟླ་གྲོགས་རྣམས་ཚོགས་ཚེ་ཆས་ཀ་ཅུང་མཐོང་རྒྱུ་མེད་པ་དང། ཁོང་རྣམས་མཚར་ནས་གཅིག་གཅིག་ལ་བལྟ་ཞིང་འདིས་སྦས་ཡོད་པ་ཡིན་ནམ་ཟེར་བའི་ཚེ། གཅིག་གིས་ཡོད་དོན་མེད་ཟེར།


GTD003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དྲག་ཁོ་ཆས་ཀ་ཆེ་བའི་དཔེ་ལ་བྱེད་པ་ཡིན་མོད་བྱས་པས། དེ་མེད་པ་བཅོམ་ལྡན་འདས་ཀྱིས་གསུངས་འདུག་ཟེར། གང་ན་བྱས་པས། ཁོས་ཇི་ལྟར་མི་ཤི་དེ་ཡིས་འགྲོ་རྒྱུ་མེད་པ་ལྟར་ཞེས་པའི་ཚིག་དེ་ལ་བཅོས་བརྒྱབ་ནས། སྡུད་པ་ན། མི་དེ་ཤི་ན་རྒྱུ་དེ་ཐམས་ཅད་མེད་པར་འགྱུར། །ཟེར་བ་ལྟ་བུ་ཡིན། ཤི་དུས་ལྡེ་མིག་སུས་འཁྱེར་མི་ཤེས་པས། ད་ལྟ་རང་ལ་དབང་ཡོད་དུས་དཀོན་མཆོག་ལ་མཆོད་པ་སོགས་བྱ་དགོས། གཞན་མ་བྱུང་ཡང་རང་གིས་ཁ་ཟས་བཟང་པོ་རེ་བྱས་ནས་དགེ་སྦྱོར་ཅི་ནུས་བྱེད་དགོས། དེའི་འོག་ཏུ་ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ་ལ། སྤྱིར་ལྷ་མ་ཡིན་ནི་འགྲོ་བ་རིགས་དྲུག་གི་གྲངས་སུ་ཟུར་དུ་བཤད་ཀྱང་སྲིད་པའི་འཁོར་ལོ་ཆ་ལྔ་པ་བྲི་བའི་ཚེ། འགྲོ་བ་ལྔས་བསྡུས་པ་མདོ་དང་མཐུན་ཏེ། བསྡུས་ཚུལ་ཡང་མདོ་དྲན་པ་ཉེར་གཞག་ལས་དུད་འགྲོར་བསྡུས་ཤིང། ལྷར་བསྡུ་ཚུལ་གཅིག་ཀྱང་ཡོད་དེ། སྔོན་ལྷ་རྣམས་ཀྱིས་བདུད་རྩི་རྙེད་ནས་ལོངས་སྤྱོད་པའི་ཚེ་ལྷ་གཤིས་ངན་ཞིག་གིས་ཆང་འཐུང་ནས་ར་བཟི་སྟེ། ལྷ་རྣམས་ལ་འཁྲུགས་པ་བྱས་པས་ལྷ་རྣམས་ཀྱིས་ཁྱོད་ལྷ་མ་ཡིན་ནོ་ཞེས་བརྗོད་ནས་བསྐྲད་པས་ལྷ་མ་ཡིན་དུ་གྲགས་ཤིང། དེའི་རྒྱུད་པ་ལ་རབ་རྒོད། སྒྲ་གཅན། ཐགས་བཟང་རིས་སོགས་ཡོད་ལ། དེ་ཡང་ལས་ཀྱི་དབང་གིས་ལྷ་མ་ཡིན་གྱི་རིགས་སུ་སྐྱེས་ཙམ་ནས་ལྷའི་དཔལ་འབྱོར་ལ་ཕྲག་དོག་མི་བཟོད་པ་སྐྱེས་ཏེ་འཐབ་ཏུ་སོང་བ་ན། ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ་སོགས་ཆུ་མཚམས་ན་ཡོད་པས་འགྲོར་མི་འཇུག་ཅིང། གལ་ཏེ་འཛམ་གླིང་ན་སྡིག་པ་སྟོབས་


GTD003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ན། དེ་གཉིས་ཀྱིས་འགོག་མི་ནུས་པས། ཡར་སོང་ནས་ལྷ་དང་འཐབ་པ་ན་ལུས་དྲལ་བ་སོགས་ཀྱི་སྡུག་བསྔལ་དྲག་པོ་མྱོང་ཞིང། ཁྱད་པར་དུ་ལྷའི་དབང་པོ་བརྒྱ་བྱིན་ལ་གླང་ཆེན་ས་ལ་རབ་བརྟན་བྱ་བ་མདོག་སྤྲིན་དང་འདྲ་ཞིང། མཆེ་བ་སོ་གཉིས་ཡོད་པ། དེ་རེ་རེའི་རྩེ་མོར་པདྨ་སོ་གཉིས་རེ་ལ་མཆོད་པའི་ལྷ་མོ་རྣམས་སྤྲོས་ནས་མཆོད་པ་བྱེད་ཅིང། ལྷ་མ་ཡིན་དང་འཐབ་པའི་ཚེ་མཆོད་པ་རྣམས་བསྡུས་ཏེ་སྣ་ལྗགས་ཀྱིས་ལྷ་མ་ཡིན་རྣམས་ལ་བརྡབ་པའི་ཚེ་བྱེ་མའི་ཆངས་བུ་བཞིན་དུ་འཐོར་བ་སོགས་ཀྱི་སྡུག་བསྔལ་བསམ་ལས་འདས་པ་ཡོད། དེའི་ཚེ་སྒྲ་གཅན་ཡང་ཁྲོས་ནས་ངན་སྐད་བརྒྱབ་པ་ད་ལྟའི་རི་དུར་ཟེར་བ་འདི་ཡིན་ཞིང། སྐབས་འགའ་ཞིག་ཏུ་ནམ་མཁའ་ནས་རྡུལ་མང་འབབ་པ་ཡང་ལྷ་མ་ཡིན་རྣམས་ཀྱིས་རི་འཕང་བ་ན། གླང་ཆེན་གྱིས་སྣ་བཤུག་བྱས་པས་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་སོང་བ་དེ་ནམ་མཁའ་ནས་བབས་པ་ཡིན། དེར་མ་ཟད་ཉི་ཟླ་གཟའ་འཛིན་ཡང་ལྷ་དང་ལྷ་མ་ཡིན་འཐབ་པས་ཉི་ཟླའི་འོད་ཀྱིས་ཡར་བལྟ་མ་ནུས་པ་ན་སྒྲ་གཅན་གྱི་ལག་པས་བཀབ་པ་ཡིན་གསུངས། དེ་ནས་འདོད་ལྷའི་སྡུག་བསྔལ་བསམ་ཚུལ་ཡང། འདོད་ལྷའི་ཉེར་ལེན་གྱི་ཕུང་པོ་གྲུབ་པ་ལ་བརྟེན་ནས་ལྷ་མ་ཡིན་དང་འཐབ་པའི་ཚེ་ཡན་ལག་བཅད་པ་སོགས་ཀྱི་སྡུག་བསྔལ་མཐའ་ཡས་ལ་འོན་ཀྱང་མགོ་བཅད་ན་འཆི་བ་མ་གཏོགས་རྐང་ལག་སོགས་བཅད་ཀྱང་སྐད་ཅིག་གཉིས་པར་འབྱར་ནུས་པ་ཡིན། དེ་ཡང་ལྷ་ལ་རྒྱུན་པར་རྫི་མ་འཁྲབ་པ་མེད་ཅིང། སངས་རྒྱས་ཀྱི་སྐུ་ལ་ཁྲུས་ཆུ་མི་ཆགས་པ་བཞིན་དུ་ལུས་ལ་ཁྲུས་ཆུ་མི་ཆགས་ལ། འཆི་ལྟས་ཕོག་པའི་ཚེ་དེ་དག་འབྱུང་ཞིང་ལུས་དྲི་མི་ཞིམ་པས་ལྷ་གཞན་རྣམས་ཀྱིས་


GTD003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བཀབ་ནས་བྲོས་འགྲོ་ཞིང། ལྷའི་མིང་ལ་སྐབས་གསུམ་པ་ཟེར་བ་ལྟར་འཆི་ཁར་ངན་སོང་སོགས་སུ་སྐྱེ་བ་མཐོང་བར་སེམས་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་དམྱལ་བའི་སྡུག་བསྔལ་ལས་ཀྱང་ལྷག་པ་ཡོད། ཁམས་གོང་མ་གཉིས་ན་སྡུག་བསྔལ་གྱི་སྡུག་བསྔལ་དངོས་མེད་ཅིང། གཟུགས་ཁམས་ན་ཡང་དྲི་རོ་གཉིས་མེད་ན་ཡང། དེའི་རྒྱུ་མཚན་གྱིས་རོ་མྱོང་བའི་ལྕེ་དབང་མེད་ཀྱང་སྨྲ་བའི་ལྕེ་ཡོད་པ་མངོན་པ་མཛོད་ལས་གསུངས། མདོར་བསྡུ་ན་ཉེར་ལེན་གྱི་ལུས་ཤིག་གྲུབ་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། ཟག་བཅས་ཀྱི་ཚོར་བ་བདེ་བ་ཡང་རང་ཚོ་ལ་བདེ་བར་སྣང་ཡང་ངོ་བོ་སྡུག་བསྔལ་ཡིན་པས་འགྱུར་བའི་སྡུག་བསྔལ་དུ་བཤད་པ་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་ཆུའི་གཉེར་མ་ལྟར་གཅིག་རྗེས་སུ་གཅིག་འབྱུང་བས་སྔ་མ་འགག་ཙམ་གྱི་ཆ་ལ་ཚོར་བ་བདེ་བར་བཏགས་པ་ཡིན་གྱི། དངོས་པོའི་གནས་ཚོད་ལ་བདེ་བ་ཡིན་ན་བཟའ་བཏུང་སོགས་ཇི་ཙམ་སྤྱོད་པ་དེ་ལྟར་དུ་བདེ་བ་འཕེལ་དགོས་པ་ལ་དེས་ནི་སྡུག་བསྔལ་འདྲེན་པ་ཡིན་ཏེ། དཔེར་ན་གཞི་ཀ་རྩེའི་གཉེར་པ་རྣམས་ཀྱིས་བཞུགས་གྲལ་སོ་ནམ་ལེགས་པོ་མ་བྱུང་བ་རྣམས་ལ་ཆང་གང་སྡུག་སྡུག་ནས་མང་པོ་བླུད་དེ་འཐུང་དགོས་པའི་སྡུག་ལས་གཏོང་བ་དང། སྔོན་རྒྱལ་པོ་ཞིག་གིས་ཁོས་ཆོས་ལུགས་ལྟར་བྱེད་རྒྱུ་ཡིན་ཟེར་ཞེས་མི་གསོད་ཙ་ན། ཁྱོད་འགྲོ་འདོད་དམ་འདུག་འདོད་དམ། ཟའམ་འཐུང་ངམ་ཞེས་དྲིས་ནས་འདུག་ཟེར་ན་ཉལ་དུ་བཅུག་སྟེ་ལང་དུ་མི་འཇུག་པར་མལ་དེར་འཆི་དགོས་པ་དང། འགྲོ་ཟེར་ན་སྐད་ཅིག་


GTD003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྡོད་དབང་མེད་པར་སོང་སོང་ནས་འཆི་དགོས་པ་དང། ཟ་ཟེར་ན་འཆི་བའི་བར་དུ་ཟར་འཇུག་པ་ལྟ་བུ་ཡིན་པས་རྣམ་པ་བདེ་བར་སྣང་ཡང། ངོ་བོ་སྡུག་བསྔལ་ལས་མ་འདས་པ་ཀུན་བཏུས་ལས་དེ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ་ཞེས་གསུངས་པ་ལྟར་འཁོར་བའི་གནས་དང་ལོངས་སྤྱོད་འདི་ཐམས་ཅད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན། འོན་ཀྱང་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདེ་བ་དང་དོན་དུ་གཉེར་བྱར་འཁྲུལ་ནས་སྡུག་བསྔལ་དུ་མི་རིགས་པ་ནི། བཞི་བརྒྱ་པ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡི། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་ལྡན་པ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང། །ཞེས་གསུངས་པ་ལྟར། དཔེར་ན་སྤུ་ཉག་ལག་མཐིལ་དུ་ཡོད་ཀྱང་མི་ཤེས་ལ། དེ་མིག་ཏུ་སོང་བ་ན་མིག་གི་དབང་པོ་ཤིན་ཏུ་དྭངས་པ་ཡིན་པས་མི་བཟོད་པ་ལྟར་སོ་སྐྱེ་རྣམས་ཀྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདི་ཉིད་རིག་དཀའ་ཞིང། འཕགས་པ་རྣམས་ཀྱིས་འདིའི་ཉེས་དམིགས་མངོན་སུམ་དུ་གཟིགས་པས་འདི་ལ་འཕགས་པའི་བདེན་པ་ཞེས་ཀྱང་བཤད་པ་ཡིན། འོན་ཀྱང་རིགས་པ་དུ་མས་དཔྱད་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདི་ལ་གོ་བ་ཆགས་པ་ཞིག་མཛད་དགོས། དེ་མ་བྱས་ན་བེ་བུམ་སྔོན་པོ་ལས་གསུངས་པ་ལྟར། དཔེར་ན་ཁྱིས་བྱ་དེད་པ་ན་ཉེ་འཁོར་དུ་སླེབ་པ་དང་བྱ་འཕུར་བའི་ཤུལ་དེར་ས་ལ་བསྣམས་ནས་ཟ་རྒྱུ་ཞིག་རྙེད་ཁུལ་བྱེད་པ་ལྟར་ཡོད་མདོག་ཁ་པོ་བྱས་ནས་ཁྱི་རྫི་བྱེད་དགོས་པ་ཡོང་བས་དེ་ལྟར་མ་སོང་བར་གོ་བ་རྙེད་པ་ཞིག་


GTD003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་འདི་ཤིན་ཏུ་གནད་ཆེ་བར་ཡོད། གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་དང། གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་སོགས་ཕལ་ཆེར་སྔར་བཞིན་ནོ། །གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་ཞེས་སོགས་ཕལ་ཆེར་གོང་བཞིན་ནོ། །གཉིས་པ་དངོས་གཞི་ནི། དེ་ལྟར་ངེས་མེད་དྲུག་ལ་སོགས་པའི་སྒོ་ནས་སྡུག་བསྔལ་འཁོར་བའི་ཉེས་དམིགས་བསམས་ནས་འཁོར་བ་སྤང་འདོད་ན་དེའི་རྒྱུ་ངོས་ཟིན་པར་བྱས་ཏེ་སུན་དབྱུང་དགོས་པ་ནི། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་དང། ཡུལ་ལ་བདག་མེད་མཐོང་བ་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱུ་བཟློག་དགོས་པ་ཡིན་པས། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་དགོས་ཤིང། ཀུན་འབྱུང་ལ་ཡང་ལས་ཉོན་གཉིས་ཡོད་ཀྱང་ཉོན་མོངས་གཙོ་བོ་ཡིན་ཏེ། དགྲ་བཅོམ་པ་ལ་ཡང་འཁོར་བར་སྐྱེ་བྱེད་ཀྱི་ལས་དུ་མ་ཡོད་མོད་ཀྱང་ལྷན་ཅིག་བྱེད་རྐྱེན་ཉོན་མོངས་མ་ཚང་བའི་སྟོབས་ཀྱིས་ནས་སྐམ་ལྟར་སྐྱེ་བ་འགྲུབ་མི་ཐུབ། དེས་ན་ཉོན་མོངས་པའི་རྒྱུ་དང་ངོ་བོ་བྱེད་ལས་འདི་དག་ལེགས་པར་ངོ་ཤེས་པ་ཞིག་བྱས་ཏེ། དེ་ལ་དགྲར་བཟུང་ནས་བྱ་ར་བྱས་ཏེ་རྟག་ཏུ་འགོག་པ་ཞིག་དགོས་པར། སྤྱོད་འཇུག་ལས། ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ད་ཁྱོད་


GTD003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་གསུངས་པ་བཞིན་དུ། བདག་འཛིན་ལ་འཁོན་དུ་བཟུང་ནས་འཐབ་དགོས་པས་འཐབ་པའི་ཚེ་ཡང་མི་དཔའ་བོ་རྣམས་རང་གི་ཁྲག་མཐོང་བ་ན་སྙིང་སྟོབས་ཆེར་སོང་སྟེ་ད་ནི་འཆི་བར་འདུག་པ་ལ་འཆི་ཐེངས་གཅིག་ལས་མི་ཡོང་ཟེར་བ་བཞིན་སྙིང་སྟོབས་ཤུགས་དྲག་བསྐྱེད་དགོས་ཏེ། སྤྱོད་འཇུག་ལས། ལ་ལ་བདག་གི་ཁྲག་མཐོང་ན། །དཔའ་བརྟན་ལྷག་པར་སྐྱེ་བར་འགྱུར། །ལ་ལ་གཞན་གྱི་ཁྲག་མཐོང་ན། །བོག་ཅིང་བརྒྱལ་བར་འགྱུར་བ་ཡོད། །དེ་ནི་སེམས་ཀྱི་ངང་བརྟན་དང། །སྡར་མའི་ཚུལ་ལས་གྱུར་པ་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་ལ། དེ་ཡང་དགེ་བཤེས་སྙུག་རུམ་པ་ཉོན་མོངས་སྐྱེ་ཚེ་དྲག་སྔགས་བཟླས་པ་དང། མ་མཐའ་སྐེ་གཅུ་བ་ཚུན་ཆད་ཀྱིས་ཀྱང་བཟློག་དགོས་གསུངས་ཤིང། བདག་འཛིན་ཤགས་འདེབས་སུ་ཡང། ཐོག་མར་བདག་འཛིན་གྱིས་ཁྱེད་རྣམས་ལ་ཟས་གཏམ་སོགས་ཡོང་བ་ངའི་དྲིན་ཡིན། ང་མེད་ན་ཁྱེད་བླ་མ་ཚོས་ཀྱང་སྦྱིན་བདག་ལ་གོ་རིམ་ལྟར་གྱིས་ཇ་གྲལ་ཙམ་ཡང་གཏོང་མི་ཤེས། ཐམས་ཅད་ངའི་བཀའ་དྲིན་ཡིན། འོན་ཀྱང་ཐམས་ཅད་ཀྱིས་ང་འཕུད་རྒྱུ་ཡིན་ཟེར་ཡོང་སྟེ། སུས་ཀྱང་འཕུད་མི་ཐུབ། སྨྲས་པ་བཞིན་རང་ཅག་ལ་བདག་མེད་རྟོགས་པའི་ཤེས་རབ་དཀའ་བས་ཉོན་མོངས་འགོ་གནོན་དཀའ་ལ་གལ་ཏེ་སྐྱེས་ཀྱང། སྔོན་མི་ཞིག་དམག་འཐབ་སར་གོ་མཚོན་ཐོགས་ཏེ་སོང་བ་ལས་འཐབ་པར་དགྲ་འདུལ་བ་ལྟ་ཞོག །རྨོག་རང་གིས་མནར་བ་ལྟར་གཉེན་པོ་ཤུགས་ཆུང་ཞིང། ཉོན་མོངས་སྟོབས་ཆེ་བས་བདག་འཛིན་དང་ཐུག་ན་དཀའ་ཡང། བློ་སྦྱོང་


GTD003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆའི་འཁོར་ལོ་ལས། གནོད་བྱེད་གདུག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཞེས་བདག་འཛིན་འགོང་བོ་འདི་ཉིད་ཐལ་བར་རློགས་ཤིག་ཅེས་ཡི་དམ་ཆོས་སྲུང་ལ་བསྐུལ་བར་མཛད་པ་ལྟར་བྱས་ནའང་ཤིན་ཏུ་ཕན་ནོ། །བླ་མ་བྱམས་པའི་ཞལ་ནས། དེ་མ་ཐག་ཡར་ལངས་ཏེ་ཕྱག་འཚལ་ཞིང་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་སོགས་བྱ་དགོས་གསུངས། དེ་ལ་ཉོན་མོངས་སྐྱེ་བའི་རྒྱུ་ནི། མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང། །ཡུལ་ནི་ཉེ་བར་གནས་པ་དང། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་གསུངས་པ་ལྟར། རྒྱུ་གསུམ་དུ་འདུ་སྟེ། ཉེར་ལེན་ཕྲ་རྒྱས་མ་སྤངས་པའམ་གོ་སླ་བར་བྱས་ན་ས་བོན་མ་སྤངས་པ་དང། ཕྱིའི་ལྷན་ཅིག་བྱེད་རྐྱེན་ཡུལ་ཡིད་དུ་འོང་བ་སོགས་ཉེ་བར་གནས་པ་དང། ནང་གི་ལྷན་ཅིག་བྱེད་རྐྱེན་སྡུག་པ་སོགས་སུ་ལྟ་བའི་ཚུལ་མིན་ཡིད་བྱེད་གསུམ་ཡོད་ལ། གཞན་ཡང་བཤེས་གཉེན་ངན་པ་དང། ཆོས་ལོག་གྲོགས་ངན་སོགས་ལ་བརྟེན་ནས་འབྱུང་ཞིང། རྐྱེན་དེ་ལས་བྱུང་བའི་ཉོན་མོངས་དེ་ལ་ཡང་ཇི་ལྟ་བུ་ཡོད་ཅེས་ན། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་གསུངས་པ་ལྟར། ཉོན་མོངས་དང་ཕྲ་རྒྱས་དོན་གཅིག་ཅིང། དེ་ལ་གཙོ་བོ་འདོད་ཆགས་སོགས་དྲུག་ཡོད་པ་ལས། འདོད་ཆགས་ནི་རས་ལ་སྣུམ་ཕོག་པ་ལྟར་ཟག་བཅས་ཀྱི་ཡུལ་ཡིད་དུ་འོང་བ་ལ་ཞེན་ནས་འཐབ་པའི་བྱེད་ལས་ཅན་ཞིག་ཡིན་ཞིང་འགྲོ་བ་རྣམས་ཁམས་གསུམ་


GTD003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁྱམས་པའང་འདིས་བྱེད་པ་ཡིན་ལ། འདོད་ཆགས་དང་ཆགས་པ་མི་གཅིག་གོ །ཁོང་ཁྲོ་ནི་གཞི་དགྲ་ལ་དམིགས་ཏེ་ཀུན་ནས་མནར་བར་སེམས་པ་རྩུབ་པའི་རྣམ་པ་ཅན་མེ་དང་མཚུངས་པ་ཞིག་ཡིན་ཞིང། འདི་ལ་བླ་མ་བྱམས་པའི་ཞལ་ནས། ཞེ་སྡང་འདི་མེ་རང་ཡིན། ཁོ་རྒྱས་ཙ་ན་ཐོག་མར་ལག་མཐིལ་རྔུལ་ནས་ལག་གཉིས་ཕུར་ཡོང་། དེ་ནས་རིམ་གྱིས་མཆེད་པས་མཆན་ཁུང་དྲོས། དེ་ནས་ལུས་རྔུལ་ཞིང་མགོ་ན་རླངས་པ་འབྱུང་བ་དེ་ནང་ན་མེ་དངོས་སུ་འབར་བའི་རྟགས་ཡིན་གསུངས། འདི་དང་ཁྲོ་བ་མི་གཅིག་ལ་འཚིག་པ་དང་ཡང་མི་གཅིག །ཚིག་པ་ནི་འཇིག་རྟེན་ན་ཚིག་པ་ཟོས་ཟེར་བ་དེ་ཡིན་ཞིང་རྡེག་འཚོག་བྱེད་ལས་ཅན་ཞིག་ཡིན། ང་རྒྱལ་ནི། སེམས་མཐོ་བའི་རྣམ་པ་ཅན་རི་མཐོན་པོའི་རྩེ་ནས་མར་བལྟས་པ་ལྟ་བུ་དང་། ཐེ་ཚོམ་ནི། ལམ་གསུམ་གྱི་སུམ་མདོར་གང་ལ་འགྲོ་དགོས་གཏོལ་མེད་པར་ཡིད་ཚོམ་པ་ལྟ་བུ་ཡིན་ཞིང་། མ་རིག་པ་ནི། རྒན་མོ་ལོང་བ་ལྟ་བུ་བློ་མི་གསལ་བའི་རྣམ་པ་ཅན་ཞིག་ཡིན་ལ། དེ་ལྟ་བུའི་རྨོངས་ཙམ་དེ་དང་ལོག་པར་རྟོག་པ་གཉིས་ལས་གང་འཁོར་བའི་རྩ་བར་བཞེད་ཚུལ་ལ་མི་མཐུན་པའི་ལུགས་གཉིས་བྱུང་སྟེ། ཐོགས་མེད་སྐུ་མཆེད་ཀྱིས་རྨོངས་ཙམ་འཁོར་བའི་རྩ་བར་བཞེད་ཅིང། སློབ་དཔོན་ཟླ་བ་གྲགས་པ་དང། དཔལ་ཆོས་ཀྱི་གྲགས་པ་སོགས་ནི་ཕྱིན་ཅི་ལོག་ཏུ་འཛིན་པ་འཁོར་བའི་རྩ་བར་བཞེད་དེ། དབུ་མ་འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང། །བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཞེས་གསུངས་ཤིང་། དེ་དང་


GTD003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བདེ་ལམ་འདིར་ཡང། ཤེས་པ་ཁོ་རང་གི་ངོས་ནས་ལུང་མ་བསྟན་ཡིན་པ་ལ། དང་པོར་བདག་དང་བདག་གི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་སྐྱེ། དེ་བདག་ཏུ་བཟུང་བ་ལ་བརྟེན་ནས་རང་ཕྱོགས་ལ་ཆགས་པ་དང། ཞེས་སོགས་ཀྱིས་ཕྱིན་ཅི་ལོག་ཏུ་འཛིན་པ་རྩ་བར་གསུངས་ཤིང། འདིར་དང་པོ་ཞེས་གསུངས་པ་ཡང་ཉོན་མོངས་སྐྱེས་པའི་ཡ་མཐའ་ལ་ཟེར་བ་མིན་པར། བདག་ཏུ་འཛིན་པ་འདི་ཉོན་མོངས་ཐམས་ཅད་ཀྱི་གཞི་རྩ་བྱེད་པ་ལ་ཨ་མ་ལྟ་བུ་ཡིན་ཏེ། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། ལྟ་བ་ཀུན་གྱི་མར་གྱུར་པའི། །འཇིག་ཚོགས་ལྟ་བ་འབྱིན་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་ཉེས་ཚོགས་ཐམས་ཅད་ཀྱི་རྩ་བ་འདི་ཉིད་ཡིན་པས་ངོས་ཟིན་པ་ཞིག་བྱ་དགོས་ཀྱི། སྔོན་བླ་མ་རིན་པོ་ཆེ་སྐུ་ན་ཕྲ་མོའི་ཚེ་བསྡུས་གྲྭ་འགྲིམ་སྐབས་དགེ་བཤེས་གྲགས་ཆེ་བ་ཞིག་ལ་འཇིག་ལྟ་ཟེར་བ་ཅི་ཡིན་དྲིས་པས་ལྟ་བ་འཇིག་ཟིང་ཟིང་ཟེར་བ་ཡིན་ཞེས་པ་ལྟ་བུར་མ་སོང་བ་དགོས་པས། འཇིག་ལྟའི་དོན་ནི་སྐད་ཅིག་གིས་འཇིག་ཅིང་ཕུང་པོ་ལྔ་པོ་འདི་ལས་ཉོན་གཉིས་ཀྱིས་བཅིངས་ནས་ཚོགས་པ་འདི་ལ་དམིགས་ནས་ངའོ་སྙམ་པ། དཔེར་ན་མར་རིལ་ལྟ་བུའི་རིལ་རིལ་པོ་གང་གིས་ཀྱང་མི་ཤིགས་པ་ལྟ་བུ་ཞིག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ཡིན་ལ། མཐར་ལྟ་ནི་དེས་བཟུང་བ་དེ་ལ་ཞེན་ནས་རྟག་ཆད་གང་རུང་དུ་ལྟ་བ་ཡིན་ཞིང། འཇིག་ལྟ་ལ་ཡང་སྔ་མ་ལྟ་བུ་ཞིག་དགོས་པས། བདག་འཛིན་ཐམས་ཅད་འཇིག་ལྟ་ཡིན་མི་དགོས་


GTD003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་རྩ་བ་བདག་འཛིན་གྱིས་བདག་ཏུ་བཟུང་བ་ལ་བརྟེན་ནས་རང་གཞན་སོ་སོ་བར་རིས་སུ་བཅད་པ་ལ་བརྟེན་ནས་རྩ་བའི་ཉོན་མོངས་རྣམས་སྐྱེས་ཤིང། དེ་ལས་ཉེ་ཉོན་རྣམས་རྒྱས། དེའི་དབང་གིས་ལས་བསགས་ཏེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲིད་པའི་འཁོར་ལོ་བསྐོར་ཏེ་སྡུག་བསྔལ་གྱི་ཕུང་པོ་འདི་གྲུབ་ནས་འཁོར་བར་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་ཤིག་མྱོང་བ་ཡིན། དེའི་རྒྱུ་མཚན་གྱིས་བདེན་བཞི་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྣོན་པ་བྱེད་ཚུལ་ཡང་དེའི་དབང་གིས་ལས་བསགས་ནས། ཞེས་སོགས་གསུངས་པ་ཡིན་ཏེ། བདེ་ལམ་འདི་རྡོ་རྗེའི་ཚིག་ཡིན་པས་དོན་བསྡུས་ནས་དེ་ཙམ་གསུངས་པ་ལྟར་ཡིན། དེ་ལ་ཡན་ལག་བཅུ་གཉིས་ལས། དང་པོ་མ་རིག་པ་ལ་ལས་འབྲས་ལ་རྨོངས་པ་དང། སེམས་ཀྱི་གནས་ལུགས་ལ་རྨོངས་པ་གཉིས་ཡོད་པས་སྔ་མས་ངན་འགྲོར་འགྲོ་ཞིང། ཕྱི་མས་བདེ་འགྲོར་འཕེན་བྱེད་ལས་ཀྱང་གསོག་ལ། དེ་གཉིས་ཀྱི་ནང་ནས་ཡང་རྩ་བ་ནི་ཕྱི་མ་ཡིན། དེ་ལས་ལས་འབྲས་ལ་རྨོངས་པ་འབྱུང་ཞིང། དེ་ཉིད་ཀྱི་ལས་འབྲས་ལ་རྨོངས་པའི་མ་རིག་པ་ལ་ཁྱབ་ཡོད་པས། ལས་འབྲས་ལ་རྨོངས་པ་དེའི་ཡན་ལག་ཙམ་ཡིན་ཏེ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་བ། །ཞེས་གསུངས་པ་ལྟར། དཔེར་ན་ལུས་དབང་གིས་སྐྲ་རྩེ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལ་ཁྱབ་པ་ལྟ་བུ་ཡིན། མིག་དབང་ལ་ཡང་ལུས་དབང་གིས་ཁྱབ་པ་ཡིན་ཏེ། མིག་ཏུ་རྡུལ་སོང་ན་ཚ་བ་སྟེ། དེ་ལ་ལུས་དབང་གིས་ཁྱབ་ཡོད་པའི་རྟགས་ཡིན། ཡན་ལག་


GTD003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འདུ་བྱེད་ཀྱི་ལས་ཀྱིས་འཁོར་བའི་རྒྱུ་གསོག་པའམ་འདུ་བྱེད་པས་ན་གཉིས་པ་འདུ་བྱེད་ཀྱི་ལས་ཡིན་ཟེར། དེ་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་གཡོ་བའི་ལས་དང་གསུམ་ཡོད་ལ། དེ་གང་ཡིན་ཀྱང་སྡུག་བསྔལ་གྱི་རང་བཞིན་གྱི་འཁོར་བ་འདི་ལས་ནི་མ་འདས་པ་ཡིན་པས། འདི་དག་གི་སྒོ་ནས་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྒོམ་ཚུལ་རྒྱས་སུ་འགྲོ་བ་ཡིན། གསུམ་པ་རྣམ་ཤེས་ལ་ལས་ཀྱི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་བསྒོས་པའི་རྒྱུ་དུས་དང། དེའི་འབྲས་བུ་རྣམ་ཤེས་ཀྱིས་མྱོང་བའི་འབྲས་དུས་ཀྱི་རྣམ་ཤེས་གཉིས་ཡོད། མིང་གཟུགས་ལ་མིང་གཞིའི་ཕུང་པོ་ནི་གཟུགས་བསྟན་དུ་མེད་པར་མིང་ཙམ་ཡིན་པས་མིང་གི་རྟེན་འབྲེལ་ཟེར། དེའི་འོག་ཏུ་ལྔ་པ་སྐྱེ་མཆེད་དང་དེ་ནས་དྲུག་པ་རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པ་སྟེ། དཔེར་ན། མེ་ལྟ་བུས་རེག་པའི་ཚེ་ཚ་ཀར་རེ་མི་འདོད་པའི་རྣམ་པར་གཅོད་པ་ཡིན་ཞིང། ཚོར་བ་ནི། དེས་ཡུལ་བཅད་པ་ལྟར་ཚ་རེག་སོགས་མི་འདོད་པའི་རྣམ་པར་མྱོང་ལ། སྲེད་པ་ནི་འདི་འདྲ་ཞིག་བྱུང་ན་སྙམ་པ་དང། ལེན་པ་ནི། ཅི་ནས་ཀྱང་དགོས་པར་འདུག་སྙམ་ནས་ཚོལ་བར་བྱེད་པ་སྟེ། དེ་དག་གི་སྟོབས་ཀྱི་ལས་ཀྱི་ནུས་པ་མཐུ་ཅན་དུ་སོང་བ་སྲིད་པ་ཡིན་ཞིང། དེ་ལ་བརྟེན་ནས་སྐྱེ་བ་དང། ན་ཚོད་གཞན་དུ་འགྱུར་བས་རྒ་བ་དང། ཤི་བའི་རྟེན་འབྲེལ་འབྱུང་ངོ་། །འདི་དག་བཅོམ་ལྡན་འདས་ཀྱིས་མ་ག་དྷའི་ལྷོ་ཕྱོགས་སུ་འབྲས་ས་ལུ་ལྗང་པའི་དཔེས་གསུངས་ལ། དེར་ཀླུ་སྒྲུབ་ཀྱིས་འགྲེལ་བའང་མཛད་དེ།


GTD003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་སྐབས་ནས། མ་རིག་པ་ཞིང་འདེབས་མཁན་དང། ལས་ས་བོན། རྣམ་ཤེས་ཞིང་ས་དང། སྲེད་པ་ཆུ་དང། ལེན་པ་ལུད་དང་དཔེ་སྦྱར་ཏེ། རྒྱུ་འབྲས་ཚར་གཉིས་པོ་སྤེལ་ནས་ཞིང་དང་འདྲ་བར་གསུངས་སོ། །ཡང་སྲིད་ལེན་སྐྱེ་ཚུལ་དེ་ལྟར་ཡིན་ན་ངན་འགྲོར་སྐྱེ་བས་དེ་ལ་སྲེད་པ་ཇི་ལྟར་འབྱུང་ཞེ་ན། དེ་ནི་མདོ་སྡེ་མཛངས་བླུན་ལས། ཁ་ན་མ་ཐོ་བ་ཆེན་པོ་བྱས་ན་ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། མི་དེ་རླུང་ངམ་གྲང་ནད་ཀྱིས་གཟིར་བས་ཡིད་ལ་མེ་འདོད་པར་བསམ་པའོ། །མེའི་ནང་དུ་འགྲོ་བར་བསམ་མ་ཐག་ཏུ་ཚེའི་དུས་བྱས་ནས་ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བར་འགྲོའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར། ཚ་དམྱལ་དུ་སྐྱེ་ན་གྲང་བའི་སྣང་བ་བྱུང་སྟེ་དྲོ་ན་སྙམ་པ་དང། གྲང་དམྱལ་དུ་སྐྱེ་ན་དྲོ་བའི་སྣང་བ་འབྱུང་སྟེ་གྲང་ན་སྙམ་པ་འབྱུང། གཞན་ཡང་ངན་འགྲོར་སྐྱེ་བའི་སྔ་ལྟས་སུ་རང་བཞིན་འགྱུར་ཏེ་སྣང་བ་དགྲར་ལངས་ཤིང་ལག་པ་གནམ་དུ་རྐྱོང་བ་དང། མིག་ཡར་འཁྲབ་པ་དྲོད་སྟོད་ནས་བསྡུ་བ་སོགས་འབྱུང་སྟེ། ངན་འགྲོའི་བར་དོ་ཐུར་དུ་འགྲོ་བ་ཡིན་པས་དེའི་སྣང་བ་ཁོ་ལ་ཤར་ནས་ས་འོག་ཏུ་བྱིང་འགྲོ་བའི་ཉམས་འབྱུང་བ་ཡིན། དེ་འདྲའི་སྐབས་ཕ་རོལ་པོ་མི་འདོད་བཞིན་ཏུ་དཀོན་མཆོག་ལ་མཆོད་པ་ཕུལ་ཟེར་བའམ། ཟས་ཟོ་ཞིག་ཟེར་མི་རུང་སྟེ། དེའི་རྐྱེན་གྱིས་ཁྲོས་ནས་དེ་འདྲའི་མིང་ཡང་མི་ཐོས་པ་ཅིག་ཏུ་གྱུར་ན་སྙམ་པ་སྐྱེ་ནས་དུད་འགྲོ་དང། ཡི་དྭགས་སོགས་སུ་སྐྱེ་བའི་ལས་ལ་གསོས་འདེབས་པ་ཡིན་ཏེ། ཚེ་དེར་དགེ་སྡིག་གང་བྱས་ཀྱང་ཕྱི་མའི་སྐྱེ་བ་གཅིག་པོ་དེ་འཆི་ཁར་


GTD003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གང་མངོན་གྱུར་པ་དེས་ཐུབ་པ་ལས་འབྲས་མི་བསླུ་བའི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་འཕེན་བྱེད་དང་འཕངས་འབྲས་མ་གཏོགས། འགྲུབ་བྱེད་གྲུབ་འབྲས་ཀྱི་བར་སྐྱེ་བ་གཞན་གྱིས་ཆོད་མི་སྲིད་ལ། དེའི་ཕྱིར་ན་བར་དུ་བསྐལ་པ་བརྒྱ་སོགས་ཀྱིས་ཆོད་ཀྱང་རྫོགས་ཚུལ་ཚེ་གཉིས་སམ། མ་མཐའ་གསུམ་ལ་རྫོགས་པ་ཡིན། དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྡུག་བསྔལ་དུ་མའི་འབྱུང་གནས་སུ་གྱུར་པའི་སྲིད་པའི་བཙོན་ར་ཆེན་པོ་འདིར་རྣམ་པར་ཤེས་པ་རང་དབང་མེད་པར་འཁྱམས་ནས་སྡུག་བསྔལ་མཐའ་ཡས་པ་ཞིག་མྱོང་བ་འདི་ཐམས་ཅད་རྩ་བ་མཐར་གཏུགས་ན་རྒྱུ་ཀུན་འབྱུང་གི་གཙོ་བོ་བདག་ཏུ་འཛིན་པའི་མ་རིག་པར་འདུག་པས་འཁོར་བའི་སྡུག་བསྔལ་རྩ་བ་ནས་སྤང་བའི་འགོག་པ་དོན་དུ་གཉེར་དགོས། འགོག་པ་ལ་ཡང་ཐུན་མོང་བ་དང། ཐུན་མོང་མ་ཡིན་པ་གཉིས་ཡོད་པ་ལས། འདིར་ཕྱི་མ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའམ། བླ་མ་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་ཐོབ་པར་བྱ་དགོས། དེ་ལ་ཡང་དང་པོར་དེ་ཐོབ་ནུས་མི་ནུས་བརྟགས་ནས་ནུས་ན་དོན་དུ་གཉེར་བ་ལ་འཇུག་དགོས་པས། དེ་ཡང་རྗེ་དགེ་འདུན་གྲུབ་ཀྱིས། དགྲ་ནང་ན་འདུག་པའི་བདག་འཛིན་ཐུལ། །གསུངས་པ་ལྟར། ཐར་པ་ཐོབ་པའི་བགེགས་ཀྱི་གཙོ་བོ་བདག་འཛིན་ཡིན་པས། དེ་ལ་དགྲར་བལྟས་ནས་སྤོང་མི་ཐུབ་ན་ངལ་བ་འབྲས་མེད་ཡིན་པས་ཐོག་མར་སྤོང་ཐུབ་མི་ཐུབ་ལྟ་དགོས། དེ་ཡང་ཇི་ལྟར་ལྟ་བ་ཡིན་ན་འཁྲུལ་མ་འཁྲུལ་ལྟ་དགོས་པ་ཡིན་ཏེ། མ་འཁྲུལ་ན་མིག་ཤེས་མ་


GTD003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བས་བལྟས་ཀྱིན་གསལ་དུ་འགྲོ་བ་ལྟ་བུ་ཡིན་པས་སྤོང་མི་ནུས་ལ་འཁྲུལ་བ་ཞིག་ཡིན་ན་སེལ་བའི་ཐབས་བྱས་པས་སེལ་ནུས་པས་དེ་སྦྱང་བ་ལ་འབད་དགོས་ཏེ། དཔེར་ན་མཁྲིས་ནད་ཅན་ལ་ས་གཞི་སེར་པོར་སྣང་བ་དང། ཡང་ཚ་བ་དང་མཁྲིས་པ་སོགས་རྒྱས་པའི་རྟགས་སུ་སྨྱོས་པ་མིན་ཡང་ཁྲག་རྒྱས་པས་མིག་རྨར་སོང་ནས་རྩ་ཕྲ་མོ་རྣམས་འཁྲབ་སྟེ་རྟ་རྒྱུག་པ་དང། ར་ལུག་སོགས་སུ་སྣང་སྟེ་འདི་ན་ར་ལུག་སོགས་འདུག་ཟེར་བ་ལ། དེ་འདྲ་མེད་ཅེས་སྨྲས་པ་དང། ཡོད་མེད་བརྩད་པ་སོགས་ཀྱིས་སྣང་བ་དེ་ལྡོག་མི་ནུས་པས་སྨན་བསྟེན་ཏེ། ནང་གི་མཁྲིས་ནད་སྦྱངས་པས་གསལ་དུ་འགྲོ་བ་ལྟར་འདིར་ཡང་ཀུན་འབྱུང་གི་ནད་ཞི་བའི་ཞི་བ་མྱང་འདས་ཐོབ་པར་བྱ་བའི་ཕྱིར་ལམ་ལ་སློབ་དགོས་ལ། ཐར་པར་བགྲོད་པའི་ལམ་གྱི་གཙོ་བོ་ནི་ལམ་བསླབ་པ་གསུམ་ཡིན་པའི་རྒྱུ་མཚན་གྱིས་བདེ་ལམ་འདིར་ཡང། དེའི་ཕྱིར་ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་སློབ་པར་བྱའོ་ཞེས་ལམ་བདེན་བསྟན་པ་ཡིན་ཏེ། འདི་ནི་རྡོ་རྗེ་ཚིག་ཡིན་པས་བདེན་པ་བཞི་ཡང་དེ་ལྟར་གོ་རིམ་བཞིན་དུ་གསུངས་པ་ཡིན། དེ་ལས་ལྷག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་གསུང་རྒྱུ་མེད་དེ། སངས་རྒྱས་ཀྱིས་ཐོག་མར་ཆོས་འཁོར་བསྐོར་བའི་ཚེ་ཡང་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། འཁོར་བའི་ཉེས་དམིགས་དང་ཞི་བའི་ཕན་ཡོན་གསུངས་པ་ཡིན་ལ། འདུལ་བ་ལུང་ལས་གསུངས་པ་ལྟར་མཆོག་ཟུང་ཡང་རྫུ་འཕྲུལ་གྱིས་དམྱལ་བའི་གནས་རྣམས་སུ་ཕེབས་ནས་སླར་མི་ཡུལ་དུ་ངན་སོང་གི་སྡུག་བསྔལ་སོགས་བསྟན་ཏེ། གདུལ་བྱ་རྣམས་


GTD003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པར་འཁྲིད་པར་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཐམས་ཅད་དུ་མཆོག་ཟུང་ལྟ་བུ་མི་འབྱུང་བས། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་ཁོར་ཡུག་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ཀྱང་བྲིས་ཤིག་གསུངས་པ་ལྟར། སྲིད་པའི་འཁོར་ལོ་ཡང་བདེན་བཞི་སྟོན་བྱེད་ཡིན་ཏེ། དམྱལ་བ་སོགས་བྲིས་པས་སྡུག་བསྔལ་གྱི་སྡུག་བསྔལ། མི་བྲིས་པས་འགྱུར་བའི་སྡུག་བསྔལ། སྟེང་དུ་ཚོན་སྣ་བཞིའི་རི་མོ་བྲིས་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྟེ། དེ་དག་གིས་སྡུག་བསྔལ་མཚོན་ཞིང། དབུས་སུ་འདོད་ཆགས་མཚོན་བྱེད་ཕུག་རོན། ཞེ་སྡང་མཚོན་བྱེད་སྦྲུལ། གཏི་མུག་མཚོན་བྱེད་ཕག་སྟེ་དེ་དག་གིས་ཀུན་འབྱུང། དེའི་ཕྱི་རོལ་ཏུ་བར་སྲིད་ཁ་དོག་དཀར་སེར་ནག་པོ་སྟེང་དང། ཐད་ཀ་དང། ཐུར་དུ་འགྲོ་བ་རྣམས་དང། ཕྱི་རིམ་ལ་མ་རིག་པ་རྒན་མོ་ལོང་བ་ལྟ་བུ། འདུ་བྱེད་རྫ་མཁན་གྱི་འཁོར་ལོ་ལྟ་བུ། རྣམ་ཤེས་ཁང་སྟོང་ནང་གི་སྤྲེའུ་ལྟ་བུ། མིང་གཟུགས་ལ་གྲུ་ལྟ་བུ་ཞེས་པ་དང། མདུང་ཁྱིམ་ལྟ་བུ་ཞེས་བཤད་པ་གཉིས་ཡོད་པ་ལས་མདུང་ཁྱིམ་ནི། མདུང་གསུམ་རྩེ་བཅིངས་ནས་སྟེང་དུ་གོས་སོགས་བཀབ་སྟེ་ས་ལ་ཕུབ་པ་ན་གཅིག་ལ་གཅིག་བརྟེན་ཏེ་སྡོད་པ་ལྟར་ཕུང་པོ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ཏེ་གནས་པས་ཕྱི་མ་འཆར་བདེ། སྐྱེ་མཆེད་གྲོང་སྟོང་དང་འདྲ་སྟེ། གྲོང་སྟོང་དེར་རྒྱང་ནས་བལྟས་ན་ཁྲ་རུག་གེ་བདག་


GTD003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོད་ཡོད་འདྲ་ཡང་དོན་ལ་མེད་པ་ལྟར་སྐྱེ་མཆེད་དྲུག་ཀྱང་ལས་ཀྱི་དབང་གིས་ཆགས་པ་ཡིན་གྱི། དེ་ལ་དབང་བསྒྱུར་བའི་བདག་མེད་དེ། འདི་ལྟ་བུ་གོ་བ་ལ་ཡང་ཤིན་ཏུ་ཕན་ནོ། །རེག་པ་འོ་བྱེད་པ། ཚོར་བ་མིག་ལ་མདའ་ཕོག །སྲེད་པ་ཆང་འཐུང་བ། ལེན་པ་སྤྲེའུ་ཤིང་ཐོག་ལེན་པ། སྲིད་པ་སྦྲུམ་མ་བཙའ་བ་ལྟ་བུ་དང་སྐྱེ་བ་རྒ་ཤི་རྣམས་བྲི། དེ་ཐམས་ཅད་མི་རྟག་པས་ཟ་བར་མཚོན་བྱེད་དུ་སྲིན་པོའི་ཁར་ཆུད་པ་འབྲི་དགོས། འགའ་ཞིག་གིས་སྲིན་པོའི་རྐང་ལག་བརྐྱངས་པའི་ལྟོ་བའི་ཐད་དུ་སྔགས་པའི་བསྲུང་འཁོར་ལྟ་བུ་ཞིག་བྲིས་འདུག་པ་དེ་འདྲ་མི་རུང་། འདི་ལ་ཡན་ལག་ལྔས་བཟུང་བ་ཞེས་རྐང་ལག་གི་སོར་མོ་ཐམས་ཅད་ཀྱིས་བཅུམ་ཞིང་ཁར་བཅུག་པའི་མ་མཆུ་ཡང་མི་མཐོང་བ་ཞིག་འབྲི་དགོས་པ་ཡིན། དེའི་སྟེང་དུ་འགོག་བདེན་མཚོན་བྱེད་ཟླ་བའི་དཀྱིལ་འཁོར་དང། ཐུབ་པའི་སྐུ་ཕྱག་མཛུབ་བརྐྱངས་ནས་དེ་སྟོན་པ་བྲི་ཞིང། འོག་ཏུ་མྱང་འདས་དེར་བགྲོད་པའི་ལམ་བདེན་སྟོན་པའི་ཚིགས་བཅད། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་བྲིས་ནས་ཁྱིམ་པ་འོང་བ་སོགས་ལ་དེ་དག་སྟོན་ཤེས་པའི་སྐུ་གཉེར་ཀྱང་འཇོག་དགོས་ཏེ། རི་མོ་ཙམ་གྱིས་ཀྱང་བསྟན་པ་ལ་ཕན་གནོད་ཆེན་པོ་འབྱུང་བ་ཡིན། དེ་ཡང་དཔེར་ན་སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་མ་མཐོང་བའི་གྲོགས་མཆེད་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནས་ནོར་བུའི་ཁྲབ་རེག་ན་བདེ་བ་དུག་འཇིལ་བར་བྱེད་པ་སོགས་ཡན་ལག་ལྔ་ལྡན་ཞིག་སྐྱེས་སུ་བསྐུར་བ་ན་བློན་པོ་རྣམས་ཀྱིས་རིན་ཐང་མ་ཐེབས་པས། རྒྱ་གར་ན་རིན་ཐང་མི་ཆོད་པ་


GTD003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གསེར་སྲང་བྱེ་བ་རི་ཟེར་བའི་སྲོལ་ཡོད་པ་ལྟར་ཞུས་པའི་ཚེ་རྒྱལ་པོས་དེའི་དོད་མཚུངས་པའི་སྐྱེས་བསྐུར་རྒྱུ་མ་རྙེད་པ་དང། སེམས་ཁོང་དུ་ཆུད་ནས་གོས་ངན་པ་གྱོན་ཏེ་མུན་པའི་ཁང་བུར་ཞུགས་པའི་ཚེ། བྲམ་ཟེ་དབྱར་བྱེད་ཀྱིས་སྟོན་པ་ལ་ཞུས་ཤིག་ཅེས་རྒྱལ་པོ་ལ་གྲོས་བཏབ་པས་སྟོན་པར་ཞུས་པ་ན། སངས་རྒྱས་ཀྱི་སྐུ་བྲིས་ལ་སྐུར་ཅིག་གསུངས་པས་ལྷ་བྲིས་པ་རྣམས་ཚོགས་པ་དང། སངས་རྒྱས་ཀྱི་སྐུ་ནི་གསེར་གྱི་གཞོང་པར་མར་མེ་སྦར་བའམ། ཉི་མ་ལྟར་འོད་ལྷམ་མེ་བ་ལྟར་མི་བཟོད་པ་ཡིན་པས་བྲི་མ་ནུས་པ་ན་ཡང་རྒྱལ་པོ་ཡིད་སྐྱོ་སྟེ། སངས་རྒྱས་ཀྱིས་སྐྱེས་བཟང་པོ་ཞིག་གནང་ན། དེ་ཡང་བྲི་མི་ནུས་པ་སྙམ་པས། སངས་རྒྱས་ཀྱི་སྐུ་ལས་རས་གཞིའི་སྟེང་དུ་འོད་བཏང་ནས་བྲིར་བཅུག་ཅིང། མཐར་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་གི་རི་མོ་དང། འོག་ཏུ་རྟེན་འབྲེལ་གྱི་ཚིགས་བཅད་བྲིས་ཏེ་རིན་པོ་ཆེའི་སྒྲོམ་དུ་བཅུག་སྟེ་སྔར་ཡི་གེ་བསྐུར་ནས། འཇིག་རྟེན་གསུམ་ན་ཆེས་ཁྱད་དུ་འཕགས་པའི་སྐྱེས་བསྐུར་ཡོད་པས། དཔག་ཚད་ཕྱེད་དང་གསུམ་ལམ་མཛེས་པར་གྱིས། བདག་ཉིད་དཔུང་གི་ཚོགས་བཞི་དང་བཅས་པས་བསུས་ལ། ས་ཕྱོགས་ཡངས་པོར་བཀུར་སྟི་ཆེན་པོས་དབྱེར་མཛོད་ཅིག །ཅེས་པ་ཨུ་ཏྲ་ཡ་ནས་མཐོང་སྟེ། ཁྲོས་ནས་འདིས་ང་ལ་བརྙས་པར་འདུག་པས་དམག་ཤོམ་ཞིག་ཅེས་སྨྲས་པ་ན། བློན་པོ་རྣམས་ཀྱིས་གཟུགས་ཅན་སྙིང་པོ་བདག་ཉིད་ཆེན་པོ་ཡིན་པས། སྐྱེས་ངན་ངོན་ཞིག་མི་བསྐུར་བས་ཐོག་མར་བརྟགས་ནས་


GTD003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མ་དགྱེས་ན་དེ་ལྟར་བགྱིའོ། །ཞེས་གསོལ་ནས་སྨྲ་བ་བཞིན་བསུས་ཏེ། ཞལ་ཕྱེ་བའི་ཚེ་ཡུལ་དབུས་ཀྱི་ཚོང་པ་དག་གིས་མཐོང་ནས་ཐམས་ཅད་ཀྱིས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བསྒྲགས་པས་རྒྱལ་པོའི་བག་ཆགས་སད་ནས་ལུས་ཀྱི་བ་སྤུ་གཡོ་བའི་དད་པ་ཐོབ་ཅིང། རྟེན་འབྲེལ་གྱི་རི་མོ་དང་ཡི་གེ་རྣམས་བསྟན་པས་མཚན་མོ་དེ་ཉིད་ལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བསམ་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་ཆེད་དུ་བརྗོད་པ། རིང་ན་བཞུགས་པའི་སངས་རྒྱས་ཀྱི། །ཤེས་རབ་མིག་ནི་རྣམ་པར་སྦྱངས། །གང་ལ་དེ་འདྲའི་གསོས་མངའ་བ། །སྨན་པའི་མཆོག་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་ལྟ་བུ་ཡིན། ཡང་རི་མོ་ཙམ་གྱིས་ཀྱང་བསྟན་པར་གནོད་པ་སྲིད་དེ། དཔེར་ན་སྔོན་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་མཁན་པོ་བོ་དྷི་སཏྭས་བོད་ལ་རབ་བྱུང་འོང་མི་འོང་གི་ཉམས་སད་པའི་ཕྱིར་དུ་མི་བདུན་རབ་ཏུ་བྱུང་བ་ལ་སད་མི་མི་བདུན་དུ་གྲགས་པ་དེ་རྣམས་ཀྱིས་བླང་དོར་ཚུལ་བཞིན་དུ་བྱས་པས། དེ་མ་ཐག་ལམ་ལ་འཇུག་ཐུབ་པ་བྱུང་སྟེ། རབ་བྱུང་ཡོང་བར་འདུག་གསུངས་ཤིང་རབ་བྱུང་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འདི་རང་བཟང་བར་འདུག་གསུངས་ནས་དེ་ཀ་བཙུག་སྟེ། ལྟ་བ་ཀླུ་སྒྲུབ་དང། སྤྱོད་པ་ཞི་འཚོའི་ལུགས་བྱེད་དགོས་པར་བཀས་བཅད་པས་ཇོ་བོ་ཡང་ཕལ་ཆེན་སྡེ་པ་འཛུག་ཏུ་མ་བཅུག་ཅིང། དེ་ལྟར་དང་པོ་མཁན་ཆེན་ཞི་འཚོས་བསྟན་པ་དག་ཐེར་མཛད་བཞིན་པའི་དུས་ཙ་ན་མཁན་ཆེན་ཚེའི་རིག་འཛིན་བརྙེས་པ་ཡིན་ཡང་བོད་བསོད་ནམས་དམན་པས་རྟ་མཁྲས་ཀྱིས་བཀྲོང། རྒྱལ་


GTD003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡང་གྲོངས་ཏེ་གླང་དར་མས་བསྟན་པ་བསྣུབ་པར་འདོད་དེ། ཐོག་མར་ཇོ་བོ་བྱེ་མའི་འོག་ཏུ་སྦས་ཇོ་བོ་བཞུགས་པའི་ཁང་པའི་སྒོ་ལ་ཞལ་ཞལ་བྱས་ཏེ་སྟེང་དུ་རབ་བྱུང་ཆང་གི་བུམ་པ་ཐོགས་པ་བྲིས་ཏེ་བཀྲ་མི་ཤིས་པའི་རྟེན་འབྲེལ་བསྒྲིགས་པས་ཁོ་རང་གི་འདོད་པ་ལྟར་བྱེད་ཐུབ་པ་བྱུང་ཞིང། དེར་མ་ཟད་སློབ་དཔོན་དབྱིག་གཉེན་ཚེའི་རིག་འཛིན་བརྙེས་པའི་གྲུབ་ཐོབ་ཅིག་ཡིན་ཀྱང་ཁ་ཆེ་འདུས་བཟང་དང་རྩོད་པ་བཤོལ་པའི་ཕྱིར་བལ་པོར་ཕེབས་ཏེ། མཆོད་རྟེན་གོ་མ་ས་ལ་ག་དྷ་ལ་བསྐོར་བ་མཛད་པའི་ཚེ། བལ་པོ་ཧང་དུ་ཟེར་བ་རབ་བྱུང་གི་རྟགས་ཆ་ལུགས་འཆང་བ་ཞིག་གིས་ཆང་གི་བུམ་པ་ཐོགས་ནས་འགྲོ་བ་གཟིགས་ཏེ། ཐུགས་སྐྱོ་རང་དྲགས་ནས་ཀྱེ་མ་སངས་རྒྱས་ཀྱི་བསྟན་པ་ནུབ་ནས་བཀྲ་མི་ཤིས་པའི་ལྟས་འདི་འདྲ་བྱུང་ན་ང་བདག་བསྡད་པས་ཅི་བྱ་དགོངས་ཏེ། རྣམ་རྒྱལ་མའི་གཟུངས་དབུ་ཞབས་བཟློག་ནས་གསུངས་པ་སྐུ་ཚེ་བསྡུས་ཏེ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་ད་ལྟ་དེར་བཞུགས་པ་ལྟ་བུ་ཡིན། དེས་ན་སྒོ་དུ་མ་ནས་བདེན་བཞིའི་བླང་དོར་ལ་ཚུལ་བཞིན་དུ་འབད་དེ། ལམ་བསླབ་པ་གསུམ་ཁྱད་པར་བསྲུང་ན་ཕན་ཡོན་ཆེ་ཞིང། མ་བསྲུངས་ན་ཉེས་དམིགས་ཆེ་བས་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་འདི་ལ་ལྟུང་བས་མ་གོས་པར་གཙང་སང་ངེ་བ་ཞིག་བསྲུང་དགོས། དེ་ལ་ཡང་ལྟུང་བ་འབྱུང་བའི་སྒོ་བཞི་ཡོད་དེ། དང་པོ་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་བསླབ་བྱ་རྣམས་གཞན་ལས་ལེགས་པར་ཉན་ཞིང། བློའི་ནུས་པ་ཡོད་ན་མདོ་རྩ་བ་དང་།


GTD003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱ་ཆེར་འགྲེལ་སོགས་ལ་བལྟ་དགོས་ཏེ་རྗེ་རིན་པོ་ཆེས་ཡང་དེ་དག་ཐུགས་འཛིན་གནང་བ་ཡིན། དེ་མ་བྱུང་ན་གླེང་འབུམ་སོགས་བལྟ་ཞིང། དེ་ཡང་མ་བྱུང་ན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་སྡོམ་ཚིག་དང། བླ་མ་རིན་པོ་ཆེ་རང་གིས་མཛད་པའི་སྡོམ་ཚིག་སོགས་ལ་བལྟ་དགོས། དེར་མ་ཟད་འདུལ་བའི་བརྗོད་བྱ་མཐའ་དག་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་སོགས་གསུམ་དུ་འདུས་པས་འབོག་ཆོག་སོགས་ཀྱང་གཞན་གྱི་མཁན་སློབ་སོགས་བྱེད་མཁན་ཞིག་མིན་པས་བལྟ་མི་དགོས་པ་མིན། རང་གིས་དང་པོ་ཅི་ཞིག་ཁས་བླངས་ཡོད་ཤེས་པའི་ཕྱིར་དུ་ཐམས་ཅད་ཀྱིས་བལྟ་དགོས་ལ། དེ་ལྟར་བརྟགས་པ་ན་དང་པོ་ཕ་མས་བཏགས་པའི་མིང་དང། གོས་དང་སེམས་གསུམ་ཀ་ཉོན་མོངས་པ་ཡིན་པས་བརྗེ་བ་གསུམ་གྱིས་སྒོ་ནས་དེ་ཐམས་ཅད་བོར་ཏེ་འཁོར་བ་ལ་ཕྱི་མིག་མི་བལྟ་ཞིང། གཤེ་ཡང་ལན་དུ་མི་གཤེ །ཁྲོ་ཡང་ལན་དུ་མི་ཁྲོ་ཞེས་ཁས་བླང་བ་དེ་བྱུང་ན་ཕན་ཡོན་ཆེ་ལ། མ་བྱུང་ཡང་འགལ་བ་མེད་པ་དེ་འདྲ་མིན། མཁན་སློབ་དགེ་འདུན་དང་བཅས་པ་དཔང་དུ་བཞག་ནས་ཁས་བླངས་པས། མེད་མི་རུང་དུ་བསྲུང་དགོས་པ་ཡིན། བསླབ་བྱ་ཡང་ཤིན་ཏུ་གྲངས་མང་བས་རྟག་ཏུ་བསྔོ་བགྲངས་བྱེད་དགོས། དེ་ནས་མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། སྟོན་པ་དང། དེའི་བཅས་པའི་བསླབ་པ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་གུས་པར་བྱ་དགོས་ཏེ། རྒྱུད་སྡེ་རྣམས་སུའང་དགེ་སློང་རྡོ་རྗེ་འཛིན་པ་ཡོད་བཞིན་དུ་ཁྱིམ་པ་རྡོ་རྗེ་འཛིན་པས་རབ་གནས་སོགས་བྱ་མི་རུང་བར་གསུངས་


GTD003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། སྔོན་གྱིས་བཀས་བཅད་དུ་ཡང་རབ་བྱུང་མཐོང་ན་སྟན་ལས་ལྡང་དགོས་པ་དང། རབ་བྱུང་ཡོད་པར་ཁྱིམ་པས་དབང་བསྐུར་སོགས་ཀྱིས་ལས་བྱེད་མི་རུང་བར་བཀས་བཅད་ཅིང། དེར་མ་ཟད་མངའ་བདག་ཁྲི་རལ་པ་ཅན་གྱིས་རང་གི་རལ་པར་དར་ཡུག་བཏགས་པ་དགེ་འདུན་གྱི་ལམ་དུ་བཏིང་བ་སོགས་བཀུར་བཟོས་བསམ་གྱིས་མི་ཁྱབ་པ་མཛད་པ་ལྟ་བུ་ཡིན་ལ། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བྱུང་ན་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡང་དེ་ཡིན་ཏེ། སྒོམ་པ་བས། གཤེགས་ཁར་ཡེ་ཤེས་འབར་ལ་ཡེ་འབར་ཁྱོད་ལ་མི་རྣམས་ཀྱིས་ཁྱོད་ཀྱི་བླ་མ་ལ་ཡོན་ཏན་ཅི་ཡོད་ཅེས་འདྲིར་བྱུང་ན། མངོན་ཤེས་དང། ལྷག་མཐོང་སོགས་ཡོད་ཅེས་སྨྲས་ན་མི་འགྲིག་གོ །ལས་འབྲས་ལ་ཡིད་ཆེས་ནས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་ཞིག་ཡིན་གྱིས་ཤིག་གསུངས་པ། ཚུལ་ཁྲིམས་དག་པ་ལ་ཡོན་ཏན་གྱི་མཆོག་ཏུ་འཛིན་པ་ཞིག་དགོས་ཀྱང། ད་ལྟ་དུས་སྙིགས་མར་སོང་བས་མངོན་ཤེས་ཡོད་ཟེར་བ་དང། ལྷ་མཐོང་ཡོད་ཟེར་བ་ལ་མཆོག་ཏུ་རྩི་བ་འདི་གཏན་ནས་མི་རུང་སྟེ། དེ་འདྲ་ཕལ་ཆེར་འདྲེས་ཁྱེར་བའི་རྟགས་ཡིན། སྔོན་ཇོ་བོ་ཡེར་པར་བཞུགས་སྐབས་ཇོ་བོ་དར་ཡུག་པ་ཟེར་བ་འདྲེས་བྱིན་གྱིས་བརླབས་པ་ཞིག་གིས་ལུང་བསྟན་ཐོགས་མེད་དུ་བརྒྱབ་པས་མི་རྣམས་དད་པར་གྱུར་པ་ལ། ལན་གཅིག་ཇོ་བོའི་དྲུང་དུ་མཇལ་བར་ཕྱིན་པས། ཁུ་སྟོན་གྱིས་ཇོ་བོ་ལ་མི་མ་ཡིན་འདི་བསྐྲད་པར་མཛད་དགོས་ཞུས་པ་ལ། ཇོ་བོས་ཁྱོད་ཀྱིས་དྲི་བ་གྱིས་དང། ངས་


GTD003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་གསུངས་པས་ཁུ་སྟོན་གྱི་ཞལ་དུ་བཙག་དང་རམ་བཟུང་ནས་དར་ཡུག་པ་ལ། ཁྱེད་མངོན་ཤེས་ཐོགས་མེད་དུ་འདུག་ཟེར་བ་ངས་ཐོས། ད་ཇོ་བོ་རིན་པོ་ཆེ་འདི་ལོ་ག་ཙམ་བཞུགས། སྐུ་ཚེ་འདིའི་རྗེས་མ་གང་དུ་འཁྲུངས་ཞེས་སོགས་དྲིས་པ་ལ། ད་ལོ་འདི་སྙེད་ཅིག་བཞུགས། སྐུ་ཚེ་རྗེས་མ་ལ་དགའ་ལྡན་དུ་ཕེབས་ཞེས་སོགས་དཔྱིས་ཕྱིན་པར་ཐོགས་མེད་དུ་བཤད་བྱུང་བས་དེ་མ་ཐག་ཇོ་བོས་མི་མ་ཡིན་བསྐྲད་ནས་ཁུ་སྟོན་ལ་བརྡ་བྱས་པ་དང། ཁུ་སྟོན་གྱིས་ངའི་ཁ་ནང་ན་ཅི་འདུག་དྲིས་པས་གང་ཡང་ཤོད་རྒྱུ་མ་བྱུང་བ་ན། ཁྱོད་ཀྱིས་ཕྱིན་ཆད་མི་རྣམས་མ་བསླུ་ཞིག་གསུངས་ནས་བཏང་བ་ལྟ་བུ་ཡིན། དེའི་རྒྱུ་མཚན་གྱིས་མངོན་ཤེས་ཐར་ཐོར་ཡོད་པ་དང། རྡོ་ལ་ལག་རྗེས་བཞག་པ་ལྟ་བུས་ཐར་པ་ཐོབ་པ་ལ་མི་ཕན་ཞིང་། ངན་སོང་ལས་མི་འདྲོངས་པས་ཡ་མཚན་ཆེ་རྒྱུ་མེད། ཙ་རིའི་ར་ལུག་སོགས་ཀྱིས་ཀྱང་ཡོན་ཏན་གང་ཡང་མ་ཐོབ་མོད། དེས་རྩྭ་ཨ་ཝ་དང། ཀླུ་བདུད་རྡོ་རྗེ་ཟོས་པའི་སྟོབས་ཀྱིས་རྡོ་ལ་རྗེས་གང་འདོད་དུ་ཡོང་བ་ཡིན། མངོན་ཤེས་རྫུ་འཕྲུལ་ཡོད་ཀྱང་རང་གར་སྟོན་མི་རུང་སྟེ། སྔོན་འབྲོམ་སྟོན་པ་སྐུ་ཁམས་མ་བདེ་བའི་ཚེ་རྣལ་འབྱོར་པ་ཆེན་པོས་གསང་ཕུ་ནས་རྭ་བསྒྲེང་བར་དུ་རྫུ་འཕྲུལ་གྱིས་ཐལ་བྱུང་དུ་ཕེབས་ནས་བསྙུང་འདྲི་བྱས་པ་ལ་འབྲོམ་གྱིས་ཁྱེད་ཀྱིས་ངོ་ཚ་བའི་གནས་དེ་ལ་ཡོན་ཏན་དུ་འཛིན་ནམ་གསུངས་བཀའ་བཀྱོན་གྱིས་ཚར་བཅད་པ་ལྟ་བུ་ཡིན། དེས་ན་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལེགས་ཚོགས་ཀུན་གྱི་འབྱུང་གནས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན་པས། ཚུལ་ཁྲིམས་ལ་གུས་པས་


GTD003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་སྤྲས་སུ་བྱེད་དགོས་ཏེ། སྟོན་པས་ཀྱང་ངའི་ཉན་ཐོས་ཚུལ་ཁྲིམས་སྲུང་མཁན་གང་ན་ཡོད་པ་དེར་སྣང་བ་ཡོད། འོད་ཡོད། དེས་ན་ང་ལ་སེམས་ཁྲལ་མེད་གསུངས་པ་ལྟ་བུ་ཡིན་པས་བསླབ་པ་ལ་དད་པར་བྱ་དགོས། དད་པ་མེད་ན་དབང་པོ་རྣོ་ཡང་དབང་པོ་དགྲར་ལངས་པ་ལྷ་སྦྱིན་ལྟ་བུ་ཡིན་པས། སྟོན་པ་དང་བསླབ་པ་ལ་མ་གུས་པར་དགག་དགོས། དེའི་འོག་ཏུ་བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་དྲན་ཤེས་བཞིན་དང། ངོ་ཚ་དང། ཁྲེལ་ཡོད་སོགས་བསྐྱེད་ནས་སྒོ་གསུམ་ལ་དྲན་པ་ཉེ་བར་བཞག་སྟེ། འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ཐམས་ཅད་བག་དང་ལྡན་པར་བྱ་དགོས་ཏེ། དཔེར་ན་འགྲོ་བའི་ཚེ་ཆང་ཚོང་མ་དང། སྨད་ཚོང་མ་དང། རྒྱལ་པོའི་ཕོ་བྲང་དུ་འགྲོར་མི་རུང་བས། ཡུལ་ཡིན་མིན་བརྟགས་པ་དང། ཆུ་ཚགས་འཆང་ཚུལ་སོགས་ལའང་ཆུའི་སྲོག་ཆགས་རྣམས་ལ་མི་གནོད་པར་བྱ་ཞིང། སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཅེས་སོགས་ཆུ་ལ་སྦྱིན་པའི་ཚིགས་བཅད་སོགས་འདོན་དགོས་ལ། རྔུལ་གཟན་སོགས་འཚོ་བའི་ཡོ་བྱད་བཅུ་གསུམ་འཆང་དགོས་པས། རྔུལ་གཟན་ལ་ཡང་ད་ལྟ་འགའ་ཞིག་གིས་རྡུལ་གཟན་ཟེར་ཏེ། དེ་ཚུན་ཆད་ནས་བསྟན་པའི་ཟུར་ཉམས་པར་འདུག་པས་དེ་འདྲ་མི་རུང། རྔུལ་གཟན་ཟེར་བ་ཉིན་མོ་ཆོས་གོས་ཀྱི་ནང་དུ་གྱོན་རྒྱུ་དང། རྔུལ་གཟན་གྱི་གཟན་མཚན་མོ་གྱོན་རྒྱུ་དེ་ཡིན། དེ་བཞིན་དུ་ཤམ་ཐབས་ཡང་མཐང་གོས་ཀྱི་འོག་ཏུ་ཉིན་མོ་གྱོན་རྒྱུ་


GTD003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རི་དང། ཚལ་བུ་མེད་པ་མ་གཏོགས་དབྱིབས་མཐང་ཤམ་དང་འདྲ་བ་ཞིག་ཡིན་པས། ད་ལྟའི་སྨད་གཡོགས་ཟེར་བ་འདི་ནི་མཐང་ཤམ་དང་དབྱིབས་མི་མཚུངས་པ་དེ་ཡིན། དེ་ནས་གསེར་དངུལ་སོགས་རིན་པོ་ཆེ་ལ་ཡང་མི་རུང་བའི་དངོས་པོས་བྱིན་རླབས་བྱ་དགོས། དེ་ལྟར་བྱས་ན་ནོར་རྫས་སོགས་ཅི་ཙམ་ཡོད་ཀྱང་སྐྱོན་དུ་མི་འགྱུར་ཏེ། དཔེར་ན་ཕུར་བུ་ལྕོག་དང། རྗེ་དོན་ཡོད་མཁས་གྲུབ་པ་གཉིས་གསུང་སྒྲོག་གནང་སྐབས་ཕུར་བུ་ལྕོག་ནས་ད་ལྟ་བོད་ན་ཚེ་བློས་བཏང་ཞིག་ཨེ་ཡོད་གསུངས་པ་ལ། དོན་ཡོད་མཁས་གྲུབ་པས་དེ་ཡོད་དེ། པཎ་ཆེན་བློ་བཟང་ཡེ་ཤེས་ཡིན་གསུངས་པ་ལྟར་རང་ལ་བྱུང་བ་ལ་ངེས་པ་མེད། རང་གི་ངོས་ནས་དགེ་འདུན་ནམ་དཀོན་མཆོག་སོགས་གཞན་ལ་བསྔོས་ནས། རང་ཉིད་ཀྱིས་བདག་ཏུ་མ་བཟུང་ན་དེ་ཆོས་པ་ཡིན། དེ་ཡང་ལན་གཅིག་ལྷ་བཟང་གིས་པཎ་ཆེན་བློ་བཟང་ཡེ་ཤེས་ལ་རྡོ་ཚད་བརྒྱ་ཕུལ་བའི་ཚེ། པཎ་ཆེན་གྱི་ཞབས་ཕྱི་རྣམས་ནས། ང་ཚོ་ལ་ད་ལོ་རྡོ་ཚད་བརྒྱ་ཕུལ་བའི་འབུལ་བ་འདི་ལས་ཆེ་བ་ཡོང་མ་མྱོང་ཟེར་བ་ལ། པཎ་ཆེན་གྱིས་རྡོ་ཚད་ཟེར་བ་ག་འདྲ་ཡིན་གསུངས་ནས། མི་རྣམས་ཀྱིས་དེ་ལ་སྐུར་བ་ཞུས་པ་ལྷ་བཟང་གིས་གསན་ནས། མིན་ནི་བླ་མ་བོག་ཏོ་པཎ་ཆེན་ཞེས་ཐལ་མོ་སྦྱར་ཏེ་གསེར་དང་བོང་བ་མཉམ་པ། ནམ་མཁའ་དང་ལག་མཐིལ་མཉམ་པ་ཟེར་བ་དེ་ཡིན་གསུངས་ནས། ལྷག་པར་གུས་པ་ཆེར་སོང་བ་ལྟ་བུ་ཡིན། ངོ་ཚ་དང་ཁྲེལ་ཡོད་ཀྱི་ཁྱད་པར་རང་རྒྱུ་མཚན་དུ་བྱས་ནས་ང་ལ་དགེ་སློང་ཟེར་གི་ཡོད། དགེ་བཤེས་ཟེར་གི་ཡོད། ངས་མིང་ལ་བདག་བྱེད་དགོས་སྙམ་


GTD003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉེས་པ་ལ་འཛེམ་པ་ངོ་ཚ་ཤེས་པ་དང་སྟོན་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཡོད་པས་ཐུགས་ཁྲེལ་ཡོང་སྙམ་ནས་ཉེས་པ་ལ་འཛེམ་པ་ལ་ཁྲེལ་ཡོད་པ་སྟེ། འདི་གཉིས་ཡོད་ན་སྡོམ་པ་ལ་ངོ་ལྐོག་མི་འབྱུང། དེ་ལྟར་མ་ཡིན་པར་སྡོམ་པ་ལ་ངོ་ལྐོག་བྱུང་ན་རང་གིས་ཡིན་མདོག་བྱས་ཀྱང་། དཀར་ཕྱོགས་ལ་དགའ་བའི་ལྷ་དང་བརྒྱ་བྱིན་སོགས་ཀྱིས་བསྟན་པའི་ཆོམ་རྐུན་པ་ཟེར་བ་ཡིན་ལ། དམ་པ་རྣམས་ཀྱིས་སྨད་པའི་གནས་དང། ཐམས་ཅད་ཀྱིས་མཆིལ་མ་འདོར་བའི་ཡུལ་དུ་གྱུར་པ་ཡིན་པས། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། ཞབས་བསིལ་གྱི་སྣོད་དུ་འགྲོ་ཉེན་ཡོད་གསུངས་པ་ལྟ་བུ་ཡིན། བཞི་པ་ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་སྒོ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཉོན་མོངས་ཀྱིས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །གསུངས་པ་ལྟར་ཡིན་ལ། དེ་ཡང་འདོད་ཆགས་ཤས་ཆེའི་གཉེན་པོར་མི་སྡུག་པ་བསྒོམ་དགོས་པས། ཐོག་མར་རང་གི་དཔྲལ་བར་རྨ་ཞིག་བྱུང་སྟེ་དེ་ཆེར་སོང་བ་ལས་རྣག་ཁྲག་སོགས་འཛག་པ་དང། འདུལ་བ་ལུང་ནས་བཤད་པ་ལྟར་གྱི་འདུ་ཤེས་བཅུ་ཡང་བསྒོམ་དགོས་ཤིང། ང་རྒྱལ་གྱི་གཉེན་པོར་ཁམས་ཀྱི་རབ་དབྱེ་བསྒོམ་དགོས་ཏེ། དེ་ལྟར་བྱས་པས་རིལ་འཛིན་འཇོམས་སླ་བ་ཡིན། དེ་ལྟར་ལྟུང་བའི་སྒོ་བཞི་ཁེགས་ནས་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བསྲུང་བ་ལ་ཚུལ་ཁྲིམས་ཀྱི་ཕན་ཡོན་ཤེས་དགོས་པས། ཚུལ་ཁྲིམས་ཀྱི་ཕན་ཡོན་ནི། རྗེ་བླ་མས།


GTD003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ནི་བརྒྱ་བྱིན་གྱི་རྒྱལ་མཚན་དང། ཚོང་པའི་ཚོང་དཔོན་ལྟ་བུར་གསུངས། ལྷ་རྣམས་དང་ལྷ་མ་ཡིན་འཐབ་པ་ན། ཕམ་ན་བརྒྱ་བྱིན་གྱིས་རྒྱལ་མཚན་མི་བསྒྲེང་ཞིང། རྒྱལ་ན་བསྒྲེང་བ་ལྟར་ཚུལ་ཁྲིམས་ཀྱི་རྒྱལ་མཚན་ནི། ཉོན་མོངས་པ་ལས་རྒྱལ་བའི་ཐར་པ་ཐོབ་པའི་སྔ་ལྟས་ཡིན་པས་སངས་རྒྱས་ཀྱིས་གསུངས་པ་བཞིན་དུ་བྱས་ན་མངོན་མཐོ་དང། ཐར་པ་དང། ཐམས་ཅད་མཁྱེན་པ་ཐོབ་ནུས་ལ། དེ་ལྟར་མ་བྱས་ན་ཐོབ་མི་སྲིད་དེ། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་ནི་བླང་དོར་གྱི་གནས་གང་ལ་ཡང་འཁྲུལ་བ་མེད་པ་ཡིན་པས། དེས་གསུངས་པ་ལྟར་ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་བསླབ་པར་བྱའོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་སོ་སོར་ཐར་པའི་དབང་དུ་བྱས་པའི་བསླབ་བྱ་རྣམས་བལྟ་དགོས། དེ་ཡང་སོ་སོར་ཐར་པའི་སྐད་དོད་ནི་པྲ་ཏི་མོཀྵ་ཞེས་པའི་པྲ་ཏི་ཡང་རྣམ་འགྲེལ་ལས། པྲ་མ་ན་པྲ་ཏི་ཀ་ཞེས་པ་དང་པོ་ལ་འཇུག་པ་དང། གཞན་ཡང་མཆོག་དང་སོ་སོ་ལ་འཇུག་ཚུལ་གསུམ་སོགས་ཡོད་པ་ལས། འདིར་སོ་སོ་ལ་འཇུག་པ་གོ་བ་བཟང་སྟེ། དཔེར་ན་ལས་དགེ་སྡིག་སོ་སོར་བྱས་པའི་འབྲས་བུ་སོ་སོར་མྱོང་བས། སོ་སོ་སྐྱེ་བོ་ཞེས་བཤད་པ་བཞིན་


GTD003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་རང་རང་གིས་ཚུལ་ཁྲིམས་བསྲུང་ན་རང་རང་སོ་སོར་ཐར་ནུས་ལ། དེ་མ་བསྲུངས་པ་རྣམས་ཐར་པར་མི་ནུས་པས་སོ་སོར་ཐར་པ་ཞེས་བཤད་པ་ཡིན། གཞན་ཡང་དབང་པོའི་སྒོ་སྡོམ་པ་དང། ཟས་ཀྱི་ཚོད་རིག་པ་དགོས་ལ། དབང་པོ་སྡོམ་པ་དང། དབང་པོ་དགག་པ་གཉིས་མི་གཅིག་སྟེ། དབང་པོ་དགག་པ་ནི་མཐོང་བ་དང། ཐོས་སུ་མི་འཇུག་པ་ཡིན་ལ། དབང་པོ་སྡོམ་པ་ནི་དེ་ལ་ཡིད་ཀྱིས་ཆགས་པ་འགོག་པ་ཡིན་ཏེ། རྗེ་མི་ལས་ཚོ་དྲུག་བསྡུས་པར་འཇོག་པའི་གདམས་ངག་གསུངས་པ་དང་གནད་གཅིག་སྟེ། འདི་ནི་ཉན་སའི་ཡང་མན་ངག་ཡིན་ནོ། །ཟས་ཀྱི་ཚོད་རིག་པ་དགོས་པས། ཤ་བས་ཞིང་ཟོས་པའི་དཔེར་མ་སོང་བ་དགོས་ཏེ། སྔོན་ཤ་བ་ཞིག་གིས་ཞིང་དུ་སོང་ནས་ཚོད་མ་ཟིན་པར་ཟ་ཆེ་བས་འགྲོ་མ་ཐུབ་པ། དགེ་སློང་ཞིག་གིས་མཐོང་སྟེ་གཟན་གྱིས་ཐང་གཅིག་བཏད་ནས། མི་ང་རུ་སོང་བ་མ་གཏོགས་ཁྱེད་སྐུ་ཚེ་རིང་པོ་རང་མི་ཡོང་བར་འདུག་ཟེར་བ་ལྟ་བུར་འགྲོ་ཉེན་ཡོད་པས། ཟས་ཀྱི་ཚོད་རིག་པ་སོགས་ཐུན་མཚམས་ཀྱི་བྱ་བ་འདི་དག་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པའི་ཐབས་ཀྱང་བླ་ན་མེད་པ་ཡིན་ནོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ནི། དེ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བློ་སྦྱངས་པས། ཐོག་མར་དལ་འབྱོར་ལ་མྱོང་བ་ཐོན་ཏེ་བློ་ནང་ནས་ཆོས་ལ་བསྐུལ་བ་ཞིག་དགོས། དེ་ནས་སྐྱེས་བུ་ཆུང་ངུའི་མི་རྟག་པ་དང། ངན་སོང་གི་སྡུག་བསྔལ་ལ་མྱོང་བ་ཐོན་པའི་ཚེ། དེས་འཇིགས་སྐྲག་


GTD003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལས་ཐར་པ་ཞིག་བྱུང་ན་སྙམ་པ་མ་གཏོགས་བསམ་རྒྱུ་མེད་ཅིང། ང་ངན་སོང་དུ་མ་སྐྱེས་པ་ཞིག་བྱུང་ན་དེས་ཆོག་པ་སྙམ་པའི་ཚོད་ཙམ་སྐྱེ། དེའི་ཚེ་བཤེས་གཉེན་མཁས་པས་རིམ་གྱིས་ཡར་འཁྲིད་དགོས། འཁྲིད་ཚུལ་ཡང་སྟོན་པས་གཅུང་དགའ་བོ་བྱ་བ་ཆུང་མ་བུཎྜ་རི་ཀ་ཟེར་བ་ལ་ལྷག་པར་ཆགས་པས་རབ་ཏུ་བྱུང་བར་མི་འདོད་པ་ལ། བཅོམ་ལྡན་འདས་ཀྱིས་ཁྱོད་རབ་ཏུ་བྱུང་བར་འདོད་དམ་གསུངས་པ་ལ་སངས་རྒྱས་ནི་གཟི་བརྗིད་ཆེ་བས་བཀའ་ལས་འགོང་བར་མ་ནུས་པར་རབ་ཏུ་བྱུང་ངོ་ཞེས་ཞུས་ཏེ། ཕྱི་རོལ་ཏུ་འདྲེག་མཁན་གྱིས་སྐྲ་བྲེག་པར་བརྩམ་པ་ན། ང་མི་རིང་བར་སྟོབས་ཀྱི་འཁོར་བསྒྱུར་དུ་འགྱུར་བས། དེའི་ཚེ་ཁྱོད་ཀྱི་ལག་པ་གཅོད་དོ་ཞེས་བསྡིགས་པ་དང་སྐྲག་ནས་འབྲེག་མཁན་ཀྱང་སྦས་སོ། །དེ་ནས་སྟོན་པ་རང་ཉིད་ཀྱིས་ཆུ་བླུག་སྟེ་སྐྲ་བྲེག་ནས་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་ཁང་སྐྱོང་དུ་བསྒོས་པས། སྟོན་པ་འཁོར་བཅས་བསོད་སྙོམས་ལ་གཤེགས་ཤུལ་དུ་ཕྱག་དར་བྱས་ནས་ཡུལ་དུ་འགྲོ་སྙམ་པའི་ཚེ། སྟོན་པས་ཕྱག་དར་ཟིན་པ་མེད་པར་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་མ་ནུས་པ་དང། འཕྲོ་བཤོལ་ཏེ་ལམ་པོ་ཆེ་ནས་སོང་ན་སྟོན་པ་འབྱོན་པ་དང་འཕྲད་ཀྱིས་དོགས་ནས། གསང་ལམ་ཞིག་ཏུ་ཕྱིན་པས་སྟོན་པའི་མངོན་ཤེས་ཀྱིས་གཟིགས་ནས་ལམ་དེ་ནས་ཚུར་འབྱོན་པ་མཐོང་སྟེ། ཡལ་གའི་ཕག་ཏུ་ཡིབ་སྟེ་གནས་པས། སྟོན་པ་ལམ་དེ་ནས་ཚུར་བྱོན་པ་ན་ཡལ་ག་རྣམས་གྱེན་དུ་འཕགས་པས། སྟོན་པས་དགའ་བོ་ལ་གཟིགས་ཏེ་ཚུར་ཤོག་གསུངས། ངོ་ཚ་བཞིན་


GTD003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྟོན་པའི་རྗེས་སུ་འབྲང་སྟེ་འོང་བ་ལ། སྟོན་པས་རྫུ་འཕྲུལ་གྱིས་སུམ་ཅུ་རྩ་གསུམ་གྱི་གནས་བལྟར་བཅུག་པས་དེ་ལ་སྨོན་པ་སྐྱེས་ཏེ་ཚུལ་ཁྲིམས་བསྲུང་བའི་ཚེ་སྟོན་པས་དགེ་སློང་རྣམས་ལ། ཁྱེད་གཅུང་དགའ་བོ་དང་ལྷན་ཅིག་ཏུ་སྟན་ལ་འདུག་པ་དང། གཏམ་འདྲི་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ན་ཁྱེད་ཅག་གི་ལམ་མི་གཅིག་པ་ཡིན་ཏེ། དགའ་བོ་ནི་ལྷའི་དཔལ་འབྱོར་འདོད་པས་ཚངས་པར་སྤྱོད་པ་ཡིན་ལ། ཁྱེད་ཅག་ནི་ཐར་པ་འདོད་པ་ཡིན་ནོ་ཞེས་གསུངས་པས། དགེ་སློང་རྣམས་ཀྱིས་དེ་ལྟར་བྱས་པའི་ཚེ་དགའ་བོ་ཡིད་སྐྱོ་ནས་རིམ་གྱིས་འབྲིང་གི་ལམ་དངོས་ལ་ཚུད་དེ་མཐར་དགྲ་བཅོམ་ཐོབ་པ་དང། ཀུན་དགའ་བོའི་ཚ་བོ་གཞོན་པས་རྣམ་གཡེང་གི་དབང་དུ་སོང་ནས་ཐོས་བསམ་སྒོམ་པ་སོགས་ལ་བརྩོན་པར་མི་བྱེད་པའི་ཚེ། མོའུ་འགལ་གྱི་བུས་ལྷ་གནས་དང་། དམྱལ་བ་སོགས་རིམ་གྱིས་བསྟན་པས་འཁོར་བ་མཐའ་དག་ལ་ཡིད་འབྱུང་སྟེ་དགྲ་བཅོམ་པ་ཐོབ་པ་ལྟ་བུའི་འཁྲིད་ཚུལ་ཞིག་དགོས། དེ་ལྟར་འཁོར་བ་མཐའ་དག་ལ་ཡིད་ལོག་སྟེ་མེ་འབར་བའི་འོབས་ལྟར་མཐོང་བ་ན་ཐར་པ་ཁོ་ན་དོན་དུ་གཉེར་ཞིང། དེས་ཆོག་པའི་ཚོད་ཙམ་གྱི་བློ་སྐྱེས་ནས་དེ་ལས་གཞན་བསམ་རྒྱུ་མེད་པ་ཞིག་ཡོང་བས། དེའི་ཚེ་ཞི་བའི་རྒུད་པར་ལྟུང་ཉེན་ཆེ་བའི་རྒྱུ་མཚན་གྱིས་འདིར་ཡང་དང་པོ་གང་ཡང་མ་བྱས་པའི་དུས་ན། བྱང་ཆུབ་ཀྱི་སེམས་ཀྱི་བཟོ་ལྟ་འདྲ་བ་ཞིག་བཟོས་པ་ཡིན་ལ། དེས་ཟིན་པའི་ཐེག་པ་ཆེན་པོའི་ཉམས་ལེན་


GTD003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་འགྲོ་ཞིང། དང་པོ་ནས་གོལ་ས་བཅད་པས་ཐེག་དམན་དུ་མི་ལྟུང་བའི་ཐབས་ཡིན་ཏེ། དཔེར་ན་ལྷ་བྲིས་པས་ཐོག་མར་ཚངས་ཐིག་བཏབ་སྟེ། དེ་ནས་རིམ་གྱིས་སྐྱ་བྲིས་གྲུབ་ཟིན་པ་དང། གཟོད་ཚོན་གཏོང་བའི་འགོ་རྩོམ་པ་ལྟ་བུ་ཡིན། ཚུལ་འདི་དག་གཙུག་ན་རིན་ཆེན་གྱི་མདོ་དང། རྒྱུད་བླ་མར་གསལ་ལ། མངོན་རྟོགས་རྒྱན་ལས་ཀྱང་། དང་པོར་སེམས་བསྐྱེད་དང། དེ་ནས་གདམས་ངག་གི་སྐབས་སུ་བདེན་བཞི་དང་སྐྱབས་འགྲོ་སོགས་བསྟན་ཞིང། སྐབས་གསུམ་པར་འབྲིང་གི་མི་རྟག་སོགས་རྟོགས་པའི་གཞི་ཤེས་བསྟན་པ་དང་གནད་གཅིག་གོ །འབྲིང་ལས་གོང་དུ་འཁྲིད་དགོས་པའི་རྒྱུ་མཚན་ཡང། རང་དོན་གཙོ་བོར་དོན་དུ་གཉེར་བ་རྣམས་ཀྱི་ནང་ནས་དྲག་ཤོས་ཉན་ཐོས་མཆོག་ཟུང་ལྟ་བུ་ཡིན་ལ། དེ་དག་ཀྱང་གཞན་དོན་ལྟ་ཞོག །རང་དོན་ཙམ་ཡང་མ་རྫོགས་པ་ཡིན་ཏེ། མཆོག་ཟུང་གིས་དམྱལ་བའི་གནས་རྣམས་ལ་གཟིགས་པའི་ཚེ། མུ་སྟེགས་པའི་སྟོན་པ་རྫོགས་བྱེད་ཀྱིས་རང་གི་སློབ་མ་རྣམས་ལ་འཕྲིན་བསྐུར་བ་དེ་དག་ལ་གསུངས་པའི་ཚེ། འདིས་ངེད་ཅག་གི་སྟོན་པ་ལ་སྐུར་བ་བཏབ་བོ་ཞེས་མོའུ་འགལ་གྱི་བུ་ལ་བརྡུང་སྟེ་ཕྱག་ཞབས་ཐམས་ཅད་འདམ་བུ་ལྟར་བཅོམ་ནས་བཀྲོངས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཉིད་མངོན་སུམ་དུ་གཟིགས་པ་ནས་བཟུང་སྟེ། དེ་ལྟ་བུའི་རྒུད་པ་ཐམས་ཅད་ལས་གྲོལ་བ་ཡིན་ཏེ། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར་ཡིན་པས། དེས་ན་བཤེས་


GTD003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་མཁས་པས་ཐེག་པ་ཆེན་པོར་འཁྲིད་དགོས་ཏེ། པོ་ཏོ་བས། རབ་བརྒལ་གཅིག་ལ་རྫེ་བཅང་གཉིས་མིན། དང་པོ་ཉིད་ནས་ཐེག་ཆེན་འཇུག་བྱ་གསུངས་པ་བཞིན་དང་པོ་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་སོ། །འདི་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དངོས་དང། སེམས་བསྐྱེད་ཆོ་གས་བཟུང་བའི་ཚུལ་ལོ། །དང་པོ་ལ་ཡང། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་དང། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་གཉིས་ཏེ། སྔ་མ་ནི་ཤེར་ཕྱིན་གྱི་མན་ངག་ཡིན་ཞིང་བསྒོམ་རིམ་ལས་གསུངས་པ་ལྟར་ཇོ་བོ་རྗེས་གསལ་བར་མཛད་པ་ཡིན་ལ། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་འདི་སྡོང་པོ་བཀོད་པ་ལས་གསུངས་པ་བཞིན་ཀླུ་སྒྲུབ་ཀྱིས་རིན་ཆེན་འཕྲེང་བ་མདོ་ཀུན་བཏུས་གཞན་ཕན་ཚིགས་བཅད་སོགས་ལས་གསུངས་ཤིང། རྗེ་བཙུན་འཇམ་དབྱངས་ཀྱི་མན་ངག་ལ་བརྟེན་ནས། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་དང། བསླབ་བཏུས་གཉིས་སུ་གསལ་བར་མཛད་པ་ཡིན་ཞིང་འདི་གཉིས་ཀྱི་ཁྱད་པར་ནི་གཞན་འདྲ་ཡང། ཡིད་འོང་གི་རྒྱུའི་དྲིན་དྲན་ལུགས་མི་འདྲ་བར་དགོངས་པ་རབ་གསལ་ལས་གསུངས་པ་ལྟར། སྔ་མ་ལ་མར་གྱུར་ཚུལ་སོགས་ཀྱི་སྒོ་ནས་དྲིན་བསམ་སྟེ་ཡིད་འོང་གི་ཁྱད་པར་བྱམས་པ་བསྐྱེད་པ་ཡིན་ལ། གཉིས་པས་དུས་གསུམ་དུ་ཕན་བཏགས་ཚུལ་བསམ་


GTD003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་བསྐྱེད་པ་ཡིན་ཏེ། དེ་ལ་དང་པོ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པ་ནི། སྔོན་དུ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་སྒྲུབ་སྟེ། མར་ཤེས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་བསྒོམ་པ་ཡིན་པས། འདི་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་ཞེས་སོགས་སྔར་བཞིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་དང། མར་ཤེས་དྲིན་དྲན། དྲིན་གཟོ། བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་ཀྱིས་གསོལ་བ་འདེབས་དགོས་ཤིང། འདི་ནས་བཟུང་སྟེ་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་མྱོང་བ་ཞེས་མི་ཟེར་རོ། །དེའི་རྒྱུ་མཚན་ཡང་འཁོར་བའི་སྡུག་བསྔལ་མྱོང་བ་བྱང་ཆུབ་ཀྱི་སེམས་མ་བསྒོམས་པས་ལན་པ་མ་ཡིན་ཏེ། ཉན་རང་དགྲ་བཅོམ་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་མ་བསྒོམས་ཀྱང་འཁོར་བ་ལས་ཐར་པ་ལྟ་བུའོ། །གཉིས་པ་དངོས་གཞི་ནི། སྤྱི་བོར་བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་ཞེས་སོགས་གསུངས་ཏེ། དེའི་དགོས་པ་ནི། འདིར་ཡང་བཤེས་གཉེན་ལྷག་པར་གལ་ཆེ་བ། རྒྱན་ལས། དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་སོགས་དང། ཡོངས་འཛིན་གྱི་ཁྱད་པར་


GTD003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཚུལ་སྔར་བཤད་པ་ལྟར་གོ་བའི་ཆེད་ཡིན་ནོ། །དེ་ནས་ཐོག་མར་བཏང་སྙོམས་བསྒྲུབ་པ་ལ། སྤྱིའི་དམིགས་པ་བསྐྱངས་པས་གར་ཡང་མི་ཕྱིན་པས། བྱེ་བྲག་ཏུ་དམིགས་དགོས་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས་པ་ལྟར། ཐོག་མར་མ་ལ་དམིགས། དེ་ནས་གཉེན་དང། རིམ་གྱིས་དགྲ་ལ་དམིགས་ཏེ་བསྒོམ་དགོས་ལ། དེའི་ཚེ་སྐྱེ་དཀའ་བར་བྱུང་ན་འདི་སྙམ་དུ་ཇི་རང་དྲག །སེམས་ཅན་གཅིག་ལ་སེམས་སྙོམས་པ་མི་སྐྱེ་ན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་སྐྱེ། རང་ཉིད་ལ་ཅིས་ཀྱང་སེམས་སྙོམས་པ་མ་སྐྱེས་པའི་ཐབས་མི་འདུག་སྙམ་དུ་སྒོ་དུ་མ་ནས་འབད་དེ་བཏང་སྙོམས་བསྒྲུབ་དགོས། བཏང་སྙོམས་བསྒྲུབ་པའི་ཚེ་ཡང་སུ་ལ་དགའ་ཞིང། སུ་ལ་མི་དགའ། དགའ་དོན་ཡང་མེད་ལ་སྡང་དོན་ཡང་མི་འདུག་སྙམ་དུ་བཏང་སྙོམས་བསྒོམ་ན་འདིར་བཤད་པའི་བཏང་སྙོམས་འདིའི་ཐུན་མོང་མིན་པའི་དགྲ་ཡིན་ཞིང། བྱང་སེམས་ཀྱི་སྡོམ་ལྡན་ཞིག་ཡིན་ན་རྩ་ལྟུང་ཡང་ཕོག་ལ། དེ་ནི་ཚངས་པའི་ཅོད་པན་མ་ལྟར། མ་བརྟགས་བཏང་སྙོམས་ཡིན་པས་དེ་འདྲ་མི་རུང། འོ་ན་ཇི་ལྟར་སྒོམ་ཞེ་ན། སེམས་ཅན་ཐམས་ཅད་ལ་མར་མ་གྱུར་པ་གཅིག་ཀྱང་མེད་པས་གཉེན་ཡིན་པ་རྒྱུ་མཚན་དུ་བྱས་ནས་དགྲ་གཉེན་ཀུན་ལ་སེམས་སྙོམས་པ་བསྒྲུབ་པ་ཡིན་ལ། དེ་ལྟ་བུའི་བཏང་སྙོམས་དེ་ནི། གསང་འདུས་བླ་བརྒྱུད་ལས། བཏང་སྙོམས་ས་གཞི་བྱམས་པའི་ཆུས་བརླན་ཞིང། །ཞེས་པ་ལྟར། རྒྱུ་འབྲས་མན་ངག་བདུན་གྱི་རྩ་བའི་ས་གཞི་ལྟ་བུ་ཡིན་པས་དེའི་གྲངས་སུ་མི་འདྲེན་


GTD003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་བདུན་གྱི་གྲངས་འདྲེན་ཚུལ་ཡང་རྒྱུ་དྲུག་དང། འབྲས་བུ་གཅིག་གམ། ཡང་ན་རྒྱུ་ལྔ་དང་འབྲས་བུ་ལྷག་བསམ་དང་སེམས་བསྐྱེད་གཉིས་སོ། །ཡང་ན་སྙིང་རྗེ་ནི་འཇུག་པ་ལས་གསུངས་པ་ལྟར། ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་གཞུང་ཤིང་ལྟ་བུ་ཡིན་པས། དེ་དངོས་གཞིར་བྱས་ཏེ། དེས་སྦྱོར་བ་ལ་བཞི་དང། འབྲས་བུ་ལ་གཉིས་སུ་བྱེད་པ་རྒྱན་དང་འཇུག་པ་བསྡོམ་པའི་མན་ངག་ཡིན་ནོ། །དེ་ལ་དང་པོ་མར་ཤེས་བསྒོམ་པ་ཡང། རྒྱུ་མཚན་མེད་པར་སེམས་ཅན་ཐམས་ཅད་མའོ་སྙམ་དུ་མིག་བཙུམ་ནས་མུ་དེ་ཙམ་ཡིན་ནམ་འཁྲུལ་འདེགས་བཞིན་དུ་གཞན་ཞིག་ཡོད་ཅེས་དྲི་བ་ལྷག་བསམ་རབ་དཀར་ལས་གསུངས་པ་ལྟར། ཐོག་མར་དྲིས་ནས་རིགས་པས་བསྒྲུབ་དགོས་ཤིང། སྒྲུབ་ཚུལ་ནི། དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྒོ་རྩའི་ཁྱི་སོགས་སེམས་ཅན་རྣམས། །མར་ཤེས་བསྒོམ་ཚུལ་རྣམ་འགྲེལ་ལས། །སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་སོགས་རིག་པས་ཐོག་མའི་མཐའ། །མེད་པར་བསྒྲུབ་པའི་ལུང་རིགས་ཀྱི། །ཐབས་མཁས་འཁྲུལ་གྱིས་བསྒོམ་ཞེས་གསོལ། །ཞེས་གསུངས་པ་ལྟར། རྣམ་འགྲེལ་གྱི་རིགས་པའི་སྐྱེ་བའི་ཡ་མཐའ་ཐུག་མེད་དུ་བསྒྲུབ་དགོས་པ་ཡིན། དགེ་ལེགས་འཕེལ། །


previousབདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པ།next