Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ལམ་མཆོག་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ལམ་མཆོག་སྙིང་པོ།next

བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ལམ་མཆོག་སྙིང་པོ།


GTD003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཆ་ཚང་བར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་པོ་ཞེས་བྱ་བ་བཞུགས་སོ། །


GTD003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཐུགས་རྗེ་མངའ་བ་ཤཱཀྱའི་ཏོག །མ་ཕམ་འཇམ་དབྱངས་ཤིང་རྟ་ཆེ་གཉིས་དང། །ཇོ་འབྲོམ་རྒྱལ་བ་གཉིས་པ་བརྒྱུད་པར་བཅས། །བྱང་ཆུབ་བར་དུ་འབྲལ་མེད་མགོན་མཛོད་ཅིག །གསུང་རབ་ཀུན་གྱི་སྙིང་པོ་གཅིག་བསྡུས་པ། །ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་ཞེས། །སྐལ་ལྡན་ཐར་འདོད་ཡོངས་ཀྱི་འཇུག་ངོགས་དེར། །སྦྱོར་དངོས་རྗེས་གསུམ་ཚང་བའི་ཉམས་ལེན་བྱ། །དེའང་གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པའི་སྤྲིན་གྱི་གཟུངས་འདོན་བཞིན་དུ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་ལ་དེ་མ་ཐག་འབྲུ་གསུམ་བརྗོད་དེ་ཆབ་ཀྱིས་བྲན་པའམ། དཀོན་མཆོག་གི་བདེན་པས་བྱིན་གྱིས་བརླབ་པར་བསམ། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་ཅིང། དེ་དག་ཀྱང་དགོས་དོན་སེམས་ཀྱི་འཁྱེར་སོ་དང་བཅས་པ་དགོས་པས་ཚིགས་བཅད་ཀྱི་དོན་དྲན་བཞིན་པའི་སྒོ་ནས་བརྗོད་དེ། ༈ ཆོས་མཐུན་སྒྲུབ་གནས་གཙང་བྱས་ཉམས་དགའ་བར། །མཆོག་གསུམ་རྟེན་གྱི་གཟི་འོད་འབར་བའི་དྲུང། །བཀོད་ལེགས་ཕུལ་བྱུང་མཆོད་སྤྲིན་བསྟར་བ་ཡིས། །གཞན་དོན་གཞིར་གྱུར་རྒྱལ་བའི་ཞིང་སྦྱོང་བྱ། །སྤྱོད་ལམ་དག་པས་ལུས་ཀྱི་སྐྱོན་སྦྱངས་ཤིང། །ཀུན་སློང་མི་དགེའི་སྐྱོན་གྱིས་མ་སྦགས་པར། །དགེ་སེམས་ཁྱད་པར་ཅན་གྱིས་ཟིན་པ་ཡིས། །རྣམ་དག་སྒོམ་སྒྲུབ་རྩ་བ་ཚུགས་པར་


GTD003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །མདུན་དུ་སེང་ཁྲི་པད་ཟླ་ཉི་མའི་སྟེང། །རྩ་བའི་བླ་མ་ཐུབ་དབང་རྡོ་རྗེ་འཆང། །དངོས་བརྒྱུད་བླ་མ་ལྷར་བཅས་དཀོན་མཆོག་གསུམ། །བདག་སོགས་མགོན་དུ་དགྱེས་བཞིན་བཞུགས་པར་གྱུར། །ཐོག་མ་མེད་ནས་སྲིད་འདིར་ཆེས་མནར་ཡང། །ད་དུང་སྡུག་བསྔལ་གཏིང་མཐའ་མི་མངོན་པས། །ད་ནི་བསླུ་མེད་མཆོག་གསུམ་ལ་བརྟེན་ཏེ། །ཅིས་ཀྱང་བཙན་ས་ཟིན་པར་བྱེད་དགོས་པས། །༈ རྗེ་བཙུན་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྟོན་པ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །སྐྱོབ་པ་དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །འདྲེན་པ་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །དམ་ཅན་ཆོས་སྲུང་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ། ཉམ་ཐག་མ་རྒན་འགྲོ་རྣམས་བསྒྲལ་བའི་ཕྱིར། །བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང། །ཟབ་མོ་བླ་མའི་ལམ་གྱིས་སྲོག་བཟུང་སྟེ། །བྱང་ཆུབ་ལམ་བཟང་མྱུར་དུ་བསྒྲུབ་པར་བྱ། །ལན་གསུམ། བླ་མ་ལྷ་ཡི་ཐུགས་རྗེའི་འོད་འཕྲོས་པས། །འགྲོ་ཀུན་ཐུབ་པའི་དབང་པོའི་སྐུར་བཞེངས་ཤིང། །དེ་ནས་སྐྱབས་ཡུལ་མཐའ་དག་གཅིག་བསྡུས་ཏེ། །སྨིན་མཚམས་ནས་ཐིམ་བྱིན་གྱིས་བརླབ་པར་གྱུར། །སླར་ཡང་སེང་ཁྲི་པད་ཟླ་ཉི་མའི་སྟེང། །བླ་མ་ཐུབ་པའི་


GTD003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཕྱོགས་བཞི་རུ། །བརྒྱུད་པ་གསུམ་དང་དངོས་ཀྱི་བླ་མའི་ཚོགས། །རྒྱུད་སྡེ་རྣམ་བཞིའི་ཡི་དམ་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་དང། །དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱལ་ཆེན་བཞི། །འགོག་ལམ་རང་བཞིན་གསུང་རབ་གླེགས་བམ་བཅས། །དཔག་ཡས་སྤྲུལ་པའི་བཀོད་པ་སྤྲོ་བཞིན་བཞུགས། །སོ་སོའི་གནས་ལྔར་ཡི་གེ་ལྔས་བརྒྱན་པའི། །ཧཱུཾ་གིས་སྤྱན་དྲངས་རབ་འབྱམས་ལྷའི་འཁོར་ལོ། །རྫོགས་པར་བསྟིམ་པས་སྤངས་རྟོགས་དབྱེར་མེད་པས། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་དབྱི་འོ། །མཆོག་གསུམ་ཀུན་འདུས་བླ་མ་ལྷ་ཚོགས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཐུགས་རྗེ་མངའ་བ་རྒྱལ་བ་སྲས་བཅས་ལ། །བདག་ཉིད་བྲན་དུ་འབུལ་ལོ་བརྩེ་བས་བཞེས། །སྔོན་ཆད་བཀའ་དང་འགལ་རྣམས་སྙིང་ནས་བཤགས། །སྲིད་ཞིའི་དགེ་བ་ཀུན་ལ་རྗེས་ཡི་རང། །ཉམ་ཐག་འགྲོ་ལ་ཕན་བདེའི་ལམ་སྟོན་ཕྱིར། །འཁོར་བ་མ་སྟོངས་བར་དུ་བཞུགས་སུ་གསོལ། །བདག་ལ་དུས་གསུམ་དགེ་བ་ཅི་ཡོད་པ། །མ་རྒན་རིགས་དྲུག་ཡོངས་ལ་བསྔོས་པ་ཡིས། །རང་རང་སྡུག་བསྔལ་རྒྱུ་བཅས་ལས་གྲོལ་ཏེ། །བླ་མེད་བདེ་བ་མཆོག་ལ་རེག་གྱུར་ཅིག །ས་གཞི་སྤོས་ཀྱིས་


GTD003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །རྣམ་འདྲེན་ཤཱཀྱ་སེང་གེར་གསོལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་གསོལ་བ་འདེབས། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བའི་བརྒྱུད་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང། །མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། དཔལ་མཆོག་ཌོཾ་བྷི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་ལ་གསོལ་བ་འདེབས། །ལྷ་ཆོས་བདུན་ལྡན་བཀའ་གདམས་རིམ་བྱོན་དང། །ཁྱད་པར་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །ཡང་དག་ལམ་བཟང་ཇི་བཞིན་གསལ་མཛད་པའི། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བཤེས་ལ་མི་གུས་དལ་འབྱོར་ཆུད་གཟོན་ཞིང། །


GTD003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མི་དྲན་ཚེ་འདིའི་བདེ་ཐབས་བསྒྲུབ། །ངན་འགྲོར་མི་འཇིགས་ཡང་དག་སྐྱབས་མི་འཚོལ། །ལས་འབྲས་མི་སེམས་བླང་དོར་ལོག་པར་བསྒྲུབ། །འཁོར་བ་བདེར་འཛིན་དེ་རྒྱུ་ལས་ཉོན་སྤེལ། །ཐར་པར་མི་སྤྲོ་བསླབ་གསུམ་སྟེན་མི་བྱེད། །མ་རྣམས་ཡལ་བོར་རང་ཉིད་གཅེས་པར་འཛིན། །བདག་ཏུ་མངོན་ཞེན་སྔགས་ལ་མི་མོས་སོགས། །ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་རྣམས། །མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །བཤེས་ལ་དད་གུས་དལ་འབྱོར་སྙིང་པོ་ལེན། །འཆི་བ་རྗེས་དྲན་ཚེ་འདིའི་འདུན་མ་བསྐྱུངས། །ངན་འགྲོའི་འཇིགས་དྲན་དཀོན་མཆོག་སྐྱབས་སུ་འཛིན། །ལས་འབྲས་བསམས་ནས་བླང་དོར་ཚུལ་བཞིན་བསྒྲུབ། །འཁོར་བའི་སྐྱོན་མཐོང་ལས་ཉོན་སྤོང་བར་འདོད། །ཐར་པ་དོན་གཉེར་རྣམ་དག་བསླབ་གསུམ་བསྟེན། །མ་རྣམས་གཅེས་འཛིན་རང་ཉིད་ཡལ་བར་འདོར། །བདག་མེད་དོན་མཐོང་སྔགས་ལ་མོས་པ་སོགས། །ཕྱིན་ཅི་མ་ལོག་བློ་སྣ་མཐའ་དག་རྣམས། །མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཁྱད་པར་བྱམས་དང་སྙིང་རྗེ་སེམས་བསྐྱེད་དང། །ཕྱིན་དྲུག་ལ་སོགས་རྒྱ་ཆེན་སྤྱོད་པའི་ལམ། །སྙིང་པོ་ལམ་དུས་ཀུན་རྫོབ་སྒྱུ་མའི་ལུས། །ཡང་སྙིང་འབྲས་བུའི་དུས་ཀྱི་རྡོ་རྗེའི་སྐུ། །བདག་མེད་གནས་ལུགས་ཇི་བཞིན་མཐོང་བ་ཡི། །ཞི་ལྷག་གཉིས་སོགས་ཟབ་མོ་ལྟ་བའི་ལམ། །སྙིང་པོ་དཔེ་དང་དོན་གྱི་འོད་གསལ་གཉིས། །ལམ་སྙིང་བདེ་སྟོང་དབྱེར་མེད་ཆོས་སྐུ་སྟེ། །ཟབ་དང་རྒྱ་ཆེའི་ལམ་བཟང་སྙིང་པོར་བཅས། །མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བདུད་རྩི་འབེབས་སྦྱང་དང་


GTD003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་ཏེ་གསོལ་འདེབས་བྱ། སྤྲོ་ན་ཁྲུས་གསོལ་གྱི་འཕྲོར། ཇི་སྙེད་སུ་དག །ཅེས་སོགས་ཀྱིས་ཡན་ལག་བདུན་པ་དང། མཎྜལ་ལེགས་པར་ཕྱིས། འབྲུ་རྣམས་དྲི་བཟང་གིས་བརླན་ལ་སྔགས་བཏབ་སྟེ་སོ་བདུན་མའམ། ཉེར་གསུམ་མ་རྒྱས་པར་དབུལ། ལམ་མཆོག་སྒོ་འབྱེད་དང་བྱིན་རླབས་སྤུངས་ཞུས་ཀྱི་སྟེང་ནས་གསོལ་འདེབས་བྱས་ཀྱང་ལེགས་སོ། །དེ་ནས་ཚོགས་ཀྱི་ཞིང་རྣམས་གཙོ་བོར་ཐིམ། །ཁྱད་པར་རྡོ་རྗེ་འཆང་དབང་ཐུགས་ཀ་རུ། །སྤྱན་དྲངས་སེམས་དཔའ་གསུམ་གྱི་བདག་ཉིད་ནི། །སླར་ཡང་རང་གི་སྤྱི་བོར་བཞུགས་པར་གྱུར། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་སྤྲིན་འདི། །བློ་ཡིས་བླངས་ནས་བླ་མ་ལྷ་ལ་འབུལ། །ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་སོགས། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །མགོན་པོ་ཁྱོད་མིན་རེ་ས་གཞན་མེད་པས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་སྐུ་ལུས་ལས། །འོད་དང་བདུད་རྩི་སྣ་ལྔའི་རྒྱུན་བབས་པས། །བདག་སོགས་འགྲོ་ཀུན་ཉེས་པའི་ཚོགས་སྦྱངས་ནས། །རྟོགས་པ་ཁྱད་འཕགས་རྒྱུད་ལ་སྐྱེ་བར་གྱུར། །དེ་དག་ནི་སྦྱོར་བའི་རིམ་པའོ། །༈ དངོས་གཞི་ནི། ཐུབ་པས་དུས་མཐར་ཐ་མལ་ཚུལ་འཛིན་


GTD003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པར། །གསུངས་བཞིན་སྐལ་བ་མཉམ་པའི་སྐུར་བསྟན་ནས། །བསྟན་པའི་སྙིང་པོ་རྫོགས་པར་འདོམས་མཛད་པ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །འདི་ཉིད་ཁོ་ན་ལེགས་ཚོགས་རྩ་བ་རུ། །ཡིད་ཆེས་རྙེད་པས་སྐྱོན་རྟོག་ཀུན་སྤངས་ཏེ། །སེམས་དགུས་བསྟེན་ཅིང་རྙེད་དང་བཀུར་སྟི་དང། །ཁྱད་པར་བཀའ་བཞིན་སྒྲུབ་པས་མཉེས་པར་བྱ། །དེ་ལྟ་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །མི་ཁོམ་སྐྱོན་བྲལ་མཐུན་རྐྱེན་ཀུན་ཚང་བའི། །དལ་འབྱོར་འདིས་ནི་མངོན་མཐོ་ངེས་ལེགས་ཀུན། །འགྲུབ་པས་ཡིད་བཞིན་ནོར་ལས་དོན་ཆེ་ལ། །རྒྱུ་དཔེ་ངོ་བོ་གང་ནས་བསམ་ན་ཡང། །རྙེད་ཐབས་མེད་དེ་བླ་མའི་དྲིན་ལས་ནི། །ལན་གཅིག་རྙེད་ཀྱང་སྔོན་ཆད་དོན་མེད་འདས། །ད་ནི་ཚེ་ལྷག་ཅུང་ཟད་གནས་ཀྱི་བར། །དོན་ལྡན་ཆོས་ཀྱིས་སྙིང་པོ་བླང་བར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །ཕྱི་རྐྱེན་བཤེས་གཉེན་དམ་པའི་མགོན་དང་བཅས། །ནང་ནས་དལ་འབྱོར་རྙེད་དཀའི་ལྕག་གིས་བསྐུལ། །སྙིང་པོ་ལེན་འདོད་རྣལ་མ་སྐྱེས་པ་ན། །དེ་ཡི་ཐབས་ཚུལ་མ་ནོར་ཚང་བ་གཅེས། །དེ་ཡང་བློ་སྟོབས་སྤེལ་ཕྱིར་འོག་མ་དང། །ཐུན་མོང་ལམ་ལ་སྔོན་དུ་མ་སྦྱངས་པར། །གོང་མའི་རྟོགས་པ་སྐྱེ་བའི་སྐབས་མེད་པས། །དང་པོར་ཚེ་འདིའི་སྣང་ཤས་བཟློག་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །ཤིན་ཏུ་མི་བཟད་སྟོབས་ལྡན་འཆི་བདག་ནི། །གློ་བུར་སྟེང་དུ་བབ་ཅིང་ཟློག་ཏུ་མེད། །ཉམ་ཆུང་སྲོག་གི་མར་མེ་


GTD003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མང་གི །བུ་ཡུག་འཚུབ་པས་ནམ་གསོད་ཆ་མེད་ལ། །སྐབས་དེར་ཚེ་འདིའི་ཕུན་ཚོགས་མཐའ་དག་གིས། །བསླུས་ནས་ཤུལ་དུ་བསྐྱུར་ཏེ་འགྲོ་དགོས་ཤིང། །དེ་ཚེ་ཕན་པ་ཆོས་ལས་གཞན་མེད་པས། །རྣམ་དག་ཆོས་ཤིག་དེ་རིང་ཉིད་ནས་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །སྒོ་གསུམ་སྡིག་ལ་གཞོལ་བའི་ངང་ཚུལ་འདིས། །ཕྱི་མའི་སྐྱེ་གནས་ངན་འགྲོར་ཐག་ཆོད་ཅིང། །ད་ལྟ་ལུས་ལ་མེ་ཐིག་ཕོག་པ་འམ། །ཞག་འགའ་ཙམ་གྱི་བཀྲེས་སྐོམ་མི་བཟོད་ན། །མི་ལོ་དཔག་མེད་བཙོ་བསྲེག་དམྱལ་བ་དང། །ལོ་བརྒྱར་ཆུ་ཐིགས་མི་མྱོང་ཡི་དྭགས་གནས། །གཅིག་ལ་གཅིག་ཟ་གླེན་ལྐུག་དུད་འགྲོ་སོགས། །བཟོད་ཐབས་མེད་པས་དེ་རྒྱུ་སྤང་བར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །འཇིགས་ཆེན་དེ་ལས་སྐྱོབ་པར་བྱེད་པ་ནི། །སྲིད་པའི་ལྷ་ཆེན་རྣམས་ཀྱང་མི་ནུས་པས། །གང་ལ་བརྟེན་ན་བསླུ་བ་མེད་པ་ནི། །འཇིགས་པ་ཀུན་སྤངས་གཞན་སྒྲོལ་ཐབས་ལ་མཁས། །ཉེ་རིང་མི་མངའ་སྐྱབས་གནས་དཀོན་མཆོག་གསུམ། །ཁོ་ནར་ཡིད་ཆེས་སྐྱབས་འགྲོ་ལ་འབད་ཅིང། །དེ་ཡི་ཕན་ཡོན་མཐོང་བས་ཡིད་དྲངས་ཏེ། །གནང་བཀག་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །བསླབ་བྱའི་གཙོ་དང་འཇིགས་པའི་སྐྱབས་དངོས་ནི། །དཀར་ནག་ལས་ཀྱི་བླང་དོར་ཉིད་ཡིན་པས། །


GTD003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲས་འཆོལ་མེད་ངེས་ཤིང་འཕེལ་ཆེ་བར། །ཡིད་ཆེས་རྙེད་པས་མི་དགེ་བཅུ་ལ་སོགས། །ཆེ་ཕྲ་མཐའ་དག་སྤོང་ཞིང་བརྒྱ་ལམ་ན། །སྡིག་ལྟུང་ཕྲ་མོས་གོས་ཀྱང་ཕྱིར་བཅོས་དང། །སྟོབས་བཞིའི་གནད་ཚང་བཤགས་པས་མྱུར་སྦྱངས་ཏེ། །རྣམ་སྨིན་རྟེན་བཟང་འགྲུབ་པའི་གདེང་ཐོབ་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །དགེ་བཅུའི་ལམ་གྱིས་བདེ་འགྲོའི་རྟེན་ཐོབ་ཀྱང། །འཁོར་བ་འདི་ལས་གཏན་དུ་མ་ཐར་ན། །བཙོན་རའི་ནང་དུ་ཡུད་ཙམ་ངལ་བསོས་བཞིན། །ཡིད་བརྟན་མེད་པར་སླར་ཡང་འཁོར་བ་འདིར། །ལམ་གསུམ་ཟོ་ཆུན་འཕྱན་པ་ལྟར་འཁྱམས་ནས། །མཐའ་མེད་ངན་སོང་སྡུག་བསྔལ་མྱོང་དགོས་པས། །འདུ་བྱེད་སྡུག་བསྔལ་རང་བཞིན་ཉེར་ལེན་གྱི། །སྲིད་ལས་ཐར་འདོད་ངེས་འབྱུང་བསྐྱེད་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །སྡུག་བསྔལ་དེ་ཡང་ལས་ཉོན་བདག་འཛིན་ལས། །རིམ་པར་འབྱུང་ཚུལ་ལུགས་འབྱུང་ལུགས་ལྡོག་གི །རྟེན་འབྲེལ་བསམས་ནས་སྲིད་རྩ་གཅོད་པའི་ཕྱིར། །བདེན་པ་བཞི་ཡི་བླང་དོར་ལ་འབད་ཅིང། །ཁྱད་པར་གཉེན་པོའི་བསླབ་པ་གཉིས་ཀྱི་རྒྱུ། །བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་ནི། །དྲན་ཤེས་བག་ཡོད་བརྟན་པོས་ལེགས་བསྲུངས་ཏེ། །ཉེས་མེད་ཐར་པའི་རྒྱལ་མཚན་ཚུགས་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །ཆགས་སྡང་འཁྲུལ་པས་དགྲ་གཉེན་ཕྱོགས་རིས་སུ། །བཅད་ཀྱང་ཁྱད་པར་མེད་པར་འགྲོ་


GTD003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཀུན། །ཐོག་མེད་དུས་ནས་འཁོར་བར་འཁྱམས་པའི་ཚེ། །ཡང་དང་ཡང་དུ་བདག་གི་མ་བྱས་ཏེ། །གནོད་པ་ཀུན་བསྲུངས་ཕན་པ་ཀུན་ལ་སྦྱར། །གཞལ་དཀའི་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན། །དེས་ན་ཡལ་བར་འདོར་བ་མི་རིགས་པས། །ཕན་པ་བསྒྲུབ་ལ་དྲིན་དུ་གཟོ་བར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །འགྲོ་བ་མ་ལུས་སྡུག་པའི་བུ་བཞིན་དུ། །ཡིད་འོང་རྣམ་པའི་བྱམས་སེམས་སྐྱེས་པ་ན། །དེ་ཡི་སྡུག་བསྔལ་མི་བཟོད་གཅེས་པའི་བུ། །མེ་འོབས་ལྟུང་ལ་བརྩེ་བའི་མ་བཞིན་དུ། །ཤུགས་དྲག་སྙིང་རྗེ་ཆེན་པོའི་དབང་གྱུར་ཏེ། །མ་ལུས་བདེ་སྒྲུབ་སྡུག་བསྔལ་སེལ་བ་ཡི། །ཁུར་ཆེན་ཞུམ་པ་མེད་པར་རང་སྟེང་དུ། །བླངས་པས་ལྷག་བསམ་རྣམ་དག་བསྐྱེད་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །སྡུག་བསྔལ་མི་འདོད་བདེ་བས་མི་ངོམས་པ། །བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཡང། །རང་གཅེས་འཛིན་པས་ཉེས་དམིགས་ཀུན་སྐྱེད་པ། །མ་རྣམས་གཅེས་འཛིན་ལེགས་ཚོགས་རྒྱུར་མཐོང་ནས། །གཏོང་ལེན་དམིགས་པས་གཞན་གྱི་སྡིག་སྡུག་ཀུན། །རང་གི་སྟེང་དུ་ལེན་ཞིང་རང་ཉིད་ཀྱི། །བདེ་དགེ་མ་ལུས་འགྲོ་ལ་གཏོང་བ་ཡི། །ཐབས་མཁས་རླབས་ཆེན་སྤྱོད་པའི་འཕྲུལ་འདེགས་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །དེ་ཡང་བླ་མེད་བྱང་ཆུབ་མ་ཐོབ་ན། །


GTD003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའི་དགྲ་བཅོམ་རྣམས་ཀྱང་གཞན་གྱི་དོན། །ལྟ་ཅི་རང་གི་དོན་ཡང་མ་རྫོགས་པས། །འཆིང་བ་ཀུན་ལྡན་བདག་འདྲ་སྨོས་ཅི་འཚལ། །དེས་ན་འབད་རྩོལ་མེད་པར་ལྷུན་གྲུབ་པའི། །སྐུ་གསུང་ཐུགས་ཀྱི་མཛད་པའི་ཆ་རེས་ཀྱང། །འགྲོ་བ་དཔག་མེད་སྒྲོལ་ནུས་སངས་རྒྱས་ཀྱི། །གོ་འཕང་ཐོབ་འདོད་སེམས་མཆོག་བསྐྱེད་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །དེ་ནས་བླ་མ་ཐུབ་པའི་དབང་པོའི་རྗེས་སུ་ཟློས་པར་དམིགས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་གྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་གྱིས་སྨོན་འཇུག་མཉམ་དུ་ལེན་པའམ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སེམས་བསྐྱེད་གཟུང་ལ། ཨེ་མ་ལོང་བས་ནོར་བུ་རྙེད་པ་བཞིན། །རིན་ཆེན་སེམས་མཆོག་རྙེད་འདི་སྐལ་བ་བཟང། །ད་ནི་ཕན་ཡོན་བསམ་ཞིང་དུས་དྲུག་ཏུ། །སེམས་བསྐྱེད་བཟུང་སྟེ་སེམས་ཅན་བློས་མི་སྤོང། །དེ་ཉིད་འཕེལ་ཕྱིར་དཀོན་མཆོག་མཆོད་ལ་བརྩོན། །ནག་ཆོས་བཞི་སྤངས་དཀར་ཆོས་བཞི་ལ་སློབ། །མདོར་ན་ཇི་ལྟར་ཁས་བླངས་བསླབ་བྱ་ཀུན། །སྲོག་དང་བསྡོས་ཏེ་རྟག་ཏུ་བསྲུང་བར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །


GTD003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དང་བསམ་སྦྱོར་རྣམ་པར་དག་པ་ཡིས། །ལུས་དང་ལོངས་སྤྱོད་དགེ་བའི་འབྲས་བུར་བཅས། །མ་ལུས་ཞེན་པ་མེད་པར་གཏོང་བའི་སེམས། །སྤེལ་བས་སྦྱིན་པའི་ཕར་ཕྱིན་རྫོགས་བྱེད་ཅིང། །རང་གིས་ཁས་བླངས་སྡོམ་གསུམ་བཅས་མཚམས་ཀྱི། །ཉེས་ལྟུང་མཐའ་དག་སྡོམ་པའི་ཚུལ་ཁྲིམས་དང། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི། །ཚུལ་ཁྲིམས་རྣམས་ལ་ཚུལ་བཞིན་བསླབ་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩའི་ཆུ་ཡིས་བྱིན་གྱིས་རློབས། །གནོད་བྱེད་ཀུན་ལ་བཟོད་པའི་གོ་བགོས་ཏེ། །སྡུག་བསྔལ་རྐྱེན་ངན་མཐའ་དག་ལམ་དུ་སློང། །ཟབ་མོའི་ཆོས་ལ་མི་སྐྲག་སློབ་པ་སོགས། །རྣམ་གསུམ་བཟོད་པའི་ཕར་ཕྱིན་སྒོམ་བྱེད་ཅིང། །སེམས་ཞུམ་བྱ་བ་ངན་ལ་ཞེན་པ་སོགས། །གཡེང་བ་ཀུན་སྤངས་སྙིང་སྟོབས་གོ་བགོས་ཏེ། །དགེ་ཆོས་སྡུད་ཅིང་མཁའ་མཉམ་འགྲོ་བའི་དོན། །སྒྲུབ་པ་ལྷུར་ལེན་བརྩོན་པའི་སྟོབས་བསྐྱེད་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད་ཀྱི་སྒོས། །དམིགས་པའི་རྟེན་ལ་གཡོ་མེད་ཏིང་འཛིན་མཆོག །བྱིང་རྒོད་སྐྱོན་བྲལ་དྭངས་གསལ་ངར་དང་བཅས། །ཤིན་སྦྱངས་སྟོབས་ལྡན་ཞི་གནས་སྒྲུབ་བྱེད་ཅིང། །དགག་བྱའི་སྣང་ཚུལ་མྱོང་བས་ངོས་བཟུང་སྟེ། །དྲི་མེད་རིགས་པས་སྤྲོས་པའི་མཐའ་བཀག་ནས། །ཟབ་མོའི་གནས་ལུགས་ཇི་བཞིན་ངེས་པ་ཡི། །སོ་སོར་རྟོག་པའི་ལྷག་མཐོང་བསྐྱེད་པར་བྱ། །དེ་ལྟར་ནུས་


GTD003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །འཁྲུལ་སྣང་རྫུན་པའི་རང་མཚང་རིག་པ་ཡིས། །གདོད་མའི་དངོས་པོ་རྟག་པའི་མཐའ་འགོག་ཅིང། །གདོད་ནས་སྟོང་པས་ཆད་པའི་མཐའ་བཀག་སྟེ། །སྣང་ཙམ་བྱ་བྱེད་བསྙོན་མེད་འགྲུབ་ནུས་པས། །བདེན་གཉིས་ཟུང་འཇུག་ཆོས་ཀུན་དགོངས་པའི་མཐིལ། །ཀླུ་སྒྲུབ་ལུགས་བཟང་ཇི་བཞིན་ངེས་བྱེད་ཅིང། །རང་གིས་ཇི་ལྟར་ཉམས་སུ་བླངས་པ་བཞིན། །བསྡུ་བ་བཞི་ཡིས་འགྲོ་རྣམས་སྨིན་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །དེ་ཉིད་བཅུ་ལྡན་རྡོ་རྗེ་སློབ་དཔོན་ལ། །བརྟེན་ནས་ཟབ་གསང་རྡོ་རྗེ་ཐེག་པ་ཡི། །འཇུག་སྒོ་རྣམ་དག་དབང་གིས་སྨིན་བྱས་ཏེ། །བླ་མ་ལྷར་བཅས་དཔང་དུ་ལེགས་བཞག་ནས། །ཇི་ལྟར་ཁས་བླང་དམ་ཚིག་སྡོམ་པ་ཀུན། །སྲོག་དང་བསྡོས་ཏེ་ཚུལ་བཞིན་བསྲུང་བ་ཡིས། །དངོས་གྲུབ་གཉིས་ཀྱི་རྩ་བ་ཚུགས་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །གཞི་ཡི་འཆི་བ་བར་དོ་སྐྱེ་བ་གསུམ། །ལམ་དང་འབྲས་བུའི་དུས་ཀྱི་སྐུ་གསུམ་དུ། །སྒྱུར་བྱེད་བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་དྲི་མ་ཀུན་སྦྱོང་ཞིང། །རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ་ཡིས། །ཞུགས་གནས་ཐིམ་པའི་འོད་གསལ་ཕྱག་རྒྱ་ཆེ། །ཀུན་རྫོབ་སྒྱུ་མའི་སྐུ་དང་ཟུང་འཇུག་པའི། །རྫོགས་རིམ་སྤྱོད་དང་བཅས་ལ་བསླབ་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་


GTD003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །མདོར་ན་བཤེས་གཉེན་དམ་པའི་དེད་དཔོན་གྱིས། །ཡོངས་བཟུང་ཚུལ་ཁྲིམས་དག་པའི་གྲུ་གཟིངས་མཆོག །གསུང་རབ་ཀུན་ལ་ཕྱོགས་རེར་མ་གྱུར་པའི། །ཐོས་བསམ་སྒོམ་པའི་དྲི་བཞོན་གྱིས་བསྐུལ་ཏེ། །མྱུར་བ་མྱུར་བར་སྐུ་གསུམ་གོ་འཕང་མཆོག །ཡིད་བཞིན་ནོར་བུའི་གླིང་དུ་ཕྱིན་གྱུར་ནས། །མཐའ་ཡས་འགྲོ་བ་སྲིད་མཚོ་ལས་བསྒྲལ་ཏེ། །བདེ་ཆེན་ཐར་པའི་ས་ལ་འགོད་པར་བྱ། །དེ་ལྟར་ནུས་པར་བླ་མ་ལྷག་པའི་ལྷས། །ཐུགས་རྗེ་བདུད་རྩིའི་ཆུ་ཡིས་བྱིན་གྱིས་རློབས། །ཞེས་རིམ་པ་བཞིན་གྱི་ཚིག་དོན་དང་བདུད་རྩི་འབེབས་སྦྱང་གི་དམིགས་རྣམ་སོགས་བདེ་ལམ་གྱི་ཞལ་ཤེས་ཇི་ལྟ་བ་བཞིན་དུ་དལ་བུའི་སྒོ་ནས་བློ་འབྱོངས་ངེས་སུ་བྱ། མཇུག་ཏུ། དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང། །འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །ཞེས་སོགས་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་ཏེ་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ལ་བག་ཆགས་ཅི་ཐེབས་ཀྱི་སྒོ་ནས་དལ་བའི་རྟེན་ལ་སྙིང་པོ་བླང་བར་བྱའོ། །


GTD003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། གསུང་རབ་འོ་མའི་རྒྱ་མཚོ་ཆེ། །བསྲུབས་པའི་མར་གྱི་ཉིང་ཁུ་དང། །མན་ངག་གེ་སར་བཅུད་བསྡུས་པའི། །སྙིང་པོ་སྦྲང་རྩིའི་ཐིགས་པ་བཞིན། །བྱང་ཆུབ་ལམ་གྱི་རིམ་པ་ཡི། །དམིགས་སྐོར་ཚང་ཞིང་མདོར་བསྡུས་པ། །བསྙད་པའི་དགེ་འདིས་འགྲོ་བ་ཀུན། །ཡང་དག་ལམ་ལ་སྤྱོད་གྱུར་ཅིག །ཅེས་པ་འདི་ནི་སྔར་བྱང་ཆུབ་བདེ་ལམ་གྱི་དོན་ཚིགས་བཅད་དུ་བསྡེབས་པ་ཤིན་ཏུ་ཉུང་ངུ་ཞིག་བྲིས་ཡོད་པ་དེ་ལས་ཅུང་ཟད་རྒྱས་པ་ཞིག་དགོས་ཚུལ། བ་རོན་སུ་ཉིད་ཤོག་ནས་དད་བརྩོན་བློ་གྲོས་ཀྱི་ནོར་དང་ལྡན་ཞིང་སྒྲུབ་པ་ལ་གཞོལ་བ་གུ་ཤྲི་བློ་བཟང་དཀོན་མཆོག་གིས་བསྐུལ་བ་ལྟར། དོན་ཚན་གལ་ཆེ་བ་དུ་མས་ཟུར་བསྐངས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ།། །།


previousབྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ལམ་མཆོག་སྙིང་པོ།next