Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ།next

ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ།


GTD003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ་ཞེས་བྱ་བ་བཞུགས་སོ། །


GTD003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྨོངས་མུན་སེལ་ཡེ༷་ཤེ༷ས་ཀུན་དའི་གཉེན། །ལས་ཉོན་གདུག་པའི་སྒྲ་གཅན་ལས་རྒྱ༷ལ་ཀྱང། །རྗེས་ཆགས་རི་དྭགས་གཟུགས་ཀྱིས་རྗེས་མཚ༷ན་པ། །དཔལ་ལྡན་བླ་མ་སྲིད་ཞིའི་དཔལ་དུ་གྱུར། །གང་གི་ཞལ་གྱི་བུམ་བཟང་ལས། །འཕོས་པའི་ལེགས་བཤད་བདུད་རྩིའི་རྒྱུན། །དད་དང་ཤེས་རབ་སྙིམ་པ་ཟུང། །སྦྱར་ཏེ་བླང་བ་འདི་ལྟར་རོ། །ཕན་བདེ་མ་ལུས་པའི་འབྱུང་གནས་དམ་པ་བསྐལ་པ་བྱེ་བ་བརྒྱ་སྟོང་མང་པོའི་བར་དུ་མིང་ཙམ་ཡང་ཐོས་པར་དཀའ་བ། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོའི་འང་སྙིང་པོར་གྱུར་པ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ལུང་དང་རིགས་པ་དྲི་མ་མེད་པས་དག་ཐེར་མཛད་པ་ཟབ་མོ་དབུ་མའི་ལྟ་བ་འདི་གསན་པ་ལ། ལྟད་མོ་ལྟ་བ་ལྟ་བུ་བྱས་པས་ཀྱང་མི་ཡོང། ཆོས་འདི་འདྲ་ཉམས་སུ་ལེན་ག་ལ་ནུས་ཏེ་སྐལ་བ་


GTD003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བཟང་ཙམ་བྱེད་སྙམ་པས་ཀྱང་མི་ཡོང་། རང་གི་སེམས་དང་ཆོས་གཉིས་སྦྱར་ནས་སེམས་ལ་ཞུ་དག་གཏོང་བ་དེ་རང་གིས་རྩིས་བྱས་ནས་ཉན་དགོས། དེ་ལ་དང་པོ་དུད་འགྲོ་དང་ཁྱད་ཞུགས་མ་ཞུགས་བལྟ་དགོས། གྱེད་གྱེད་བྱས་ནས་འགྲོ་བ་ཙམ་ཞིག་གིས་དུད་འགྲོ་ལས་ཁྱད་ཞུགས་པའི་གོ་མི་ཆོད། ཡ་གི་ཚངས་པ་དང་དབང་པོའི་གོ་འཕང་ཐོབ་ཀྱང་སྲིད་པ་ལས་མ་འདས་འདུག །སྲིད་པ་ལས་མ་འདས་ཕྱིན་ཕུགས་སྡུག་བསྔལ་ལས་ཐར་པ་མི་འདུག་སྙམ། སྲིད་པ་ལས་བློ་ལོག་སྟེ་སྲིད་པའི་རྩ་བ་དྲུངས་ནས་འབྱིན་འདོད་པ་ཞིག་སྐྱེས་ན་ཆུང་ངུ་ལས་ཁྱད་ཞུགས་པ་ཡིན། དེའི་འོག་ཏུ་ནམ་མཁའི་མཐས་ཁྱབ་པའི་མ་རྒན་ཐམས་ཅད་སྡུག་བསྔལ་གྱིས་མནར་ཚུལ་བསམས་ཏེ། དེ་ཐམས་ཅད་ཀྱི་དོན་ཁུར་དུ་འཁྱེར་བ་བྱུང་ན་ཉན་རང་ལས་ཁྱད་ཞུགས་


GTD003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། དེ་ལྟར་མ་ཡིན་པར་སྔགས་བླ་མེད་ཀྱི་ཆོས་མཐོན་པོ་ཡར་ཟད་ཅིག་ཉམས་སུ་བླངས་ཀྱང་ཐེག་ཆེན་ལྟ་ཞོག་ཐར་པའི་རྒྱུ་ཙམ་ལའང་མི་འགྲོ། དེས་ན་རང་གི་རྒྱུད་ལ་ལེགས་པར་བརྟགས་ནས་ཉན་དགོས། དེའི་རྒྱུ་མཚན་གྱིས་རྗེ་ཐམས་ཅད་མཁྱེན་པས་འཆད་ཤེས་པ་གཅིག་གིས་བཤད་ཉན་ཤེས་པ་གཅིག་གིས་ཉན་ན་ཆོས་གྲྭར་བློ་འཁུལ་བ་ལྟ་བུ་དབེན་པར་ལོ་བརྒྱར་ཡང་མི་ཡོང་གསུང་སྟེ། སྐྱེས་རབས་སུ་རྒྱལ་བུ་ཟླ་བས་སུ་ཏ་སའི་བུ་ལ་ཆོས་བསྟན་པའི་ཚེ་དེ་ཉིད་ཀྱིས། བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་ནང་མཐོང་ན། །ཡིད་ལ་གདུང་བ་རབ་བསྐྱེད་དེ། །ཞེས་པ་ལྟ་བུ། དཔེར་ན་སྣ་མེད་ཅིག་ལ་མེ་ལོང་བསྟན་ན་སྐྱུག་བྲོ། ང་འདི་འདྲ་ཞིག་ལ་སོང་ཡོད་རྒྱུ་རེད་སྙམ་ནས་རང་ལ་ཞེན་ལོག་སྐྱེ་བ་ལྟར་ཆོས་ཉན་པའང་ཁ་ཕྱིར་བལྟས་ཀྱི་ཆོས་ལ་མ་བཏང་བར་ཚུར་ལ་ལོག་སྟེ་རང་སེམས་ལ་ཞུ་དག་གཏོང་དགོས། དེ་ལ་བཤད་པར་བྱ་བ་ནི། རྗེ་བླ་མས། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །ཅེས་སོགས་གསུངས་པ་ལྟར། སྟོང་ཉིད་རྟོགས་པའི་ཤེས་རབ་ནི། དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཤེས་རབ་ཀྱི་མིག་གཅིག་པུ་ཡིན་ཞིང་འདི་མེད་ན། སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པ་


GTD003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། ཕར་ཕྱིན་དང་པོ་ལྔ་ལ་ཇི་ཙམ་བསླབས་ཀྱང། ལོང་བས་གྲོང་ཁྱེར་བགྲོད་མི་ནུས་པ་ལྟར། བསོད་ནམས་ཙམ་ཞིག་འབྱུང་ཡང་ཐར་པའི་གྲོང་ཁྱེར་དུ་བགྲོད་མི་ནུས་པས། ཐར་པར་བགྲོད་འདོད་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕར་ཕྱིན་ལ་སློབ་པ་ལ་བརྩོན་པ་དུ་མས་འབད་པར་བྱ་དགོས་སོ། །དྲུག་པ་ཤེས་རབ་ལ་སློབ་ཚུལ་ལ། ཤེས་རབ་ཀྱི་དབྱེ་བ་གསུམ་སྟེ། དོན་དམ་པ་གནས་ལུགས་དེ་ཁོ་ན་ཤེས་པའི་ཤེས་རབ། ཀུན་རྫོབ་གནས་ལྔ་རིག་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་ཚུལ་ཁ་ན་མ་ཐོ་བ་མེད་པ་ཤེས་པའི་ཤེས་རབ་བོ། །དང་པོ་མེད་ན་མཐོང་ལམ་ཙམ་ཡང་མི་སྐྱེ་ཞིང། གཉིས་པ་ནང་རིག་པའི་ཐར་པར་བགྲོད་ཚུལ་བཤད་པ་དེ་ལ། གཏན་ཚིགས་རིག་པས་དཔྱད་དེ་དངོས་སྟོབས་ཀྱི་རིགས་པ་འཇུག་པ་རྣམས་དངོས་སྟོབས་ཀྱིས་ཡིད་ཆེས་ཀྱི་ལུང་འཇུག་པ་རྣམས་ཡིད་ཆེས་ཀྱི་རིགས་པས་བསྒྲུབས་ནས་སྒྲོ་འདོགས་གཅོད་དགོས། དེ་ལ་དང་པོ་ཐལ་འགྱུར་གྱི་སྒོ་ནས་ལོག་རྟོག་གི་དབལ་འཇོམས་དགོས། ཐལ་འགྱུར་ལ་སྒྲུབ་བྱེད་འཕེན་ནུས་པའི་ཐལ་འགྱུར་ཡང་དག་དང། ཕ་རོལ་ལ་བརྗོད་པའི་སྐྱོན་རང་ལ་འཁོར་བའི་འབྲས་མཚུངས་ཀྱི་ལྟག་ཆོད་གཉིས་ཡོད་པ་ལས་ཐལ་འགྱུར་ཡང་དག་ཅིག་བཀོད། དེ་ནས་སྒྲུབ་ངག་གིས་ཐེ་ཚོམ་དོན་འགྱུར་བསྐྱེད་དེ། གཟོད་རྟགས་ཡང་དག་


GTD003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་དགོས་ལ། སྒྲ་མི་ཤེས་ན་རང་ཚོས་དོན་ཐམས་ཅད་ཡི་གེའི་སྟེང་ནས་གཏན་ལ་འབེབས་དགོས་པས། སྒྲའི་རྣམ་དབྱེ་བརྒྱད་ལ་སོགས་པ་མ་ཤེས་ཚེ། བ་དང་གའི་སྔོན་འཇུག་ཙམ་རེ་ནོར་བས་ཀྱང་འཁྲུལ་བ་སྐྱེ་བས་གཞན་རྗེས་འཛིན་ལྟ་ཞོག །རང་གི་སྒྲོ་འདོགས་ཀྱང་མི་ཆོད་པས། བྱམས་མགོན་གྱིས་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་པར་མི་འགྱུར་ཏེ། །ཞེས་སོགས་གསུངས་སོ། །ཤེས་རབ་དེ་རྣམས་ལས་འདིར་གཙོ་བོར་སྐབས་སུ་བབས་པ་གནས་ལུགས་རྟོགས་པའི་ཤེས་རབ་བསྐྱེད་པ་ལ་རྒྱུ་ཚོགས་ཚང་དགོས། དེ་ལ་ཐོག་མར་དེའི་ཕན་ཡོན་ཤེས་དགོས་པས། དེ་ནི་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་དང། རྗེ་བླ་མས། ཨེ་མའོ་ཁྱོད་ཀྱི་བསྟན་པ་ནི། །ཞེས་སོགས་གསུངས་པ་ལྟར་རྒྱལ་བས་མདོ་སྡེ་རྣམས་སུ་འགའ་ཞིག་ན་གཟུངས་ཀྱི་ཕན་ཡོན་ཁོ་ནས་ཆོག་ཚོད་ལྟ་བུ་དང། ཚེ་སྒྲུབ་ལྟ་བུ་དང་དབང་སྡུད་དང། རྫས་ཐབས་སྣ་ཚོགས་ཤིག་གསུངས་འདུག་པ་རྣམས་ཀྱང། རེ་ཞིག་གདུལ་བྱ་དེ་དག་དེ་ཙམ་ལས་ལྷག་སྟོན་པའི་སྣོད་དུ་མི་རུང་བས་རང་ལ་ཕན་ཚོད་ཙམ་རེ་གསུངས་པ་ཡིན་ཏེ། ཇི་ལྟར་ནད་པ་ན་བ་ལ། །ཞེས་སོགས་གསུངས་པ་ལྟར། དཔེར་ན་ཚ་བ་


GTD003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་གཏིང་དུ་སོང་བ་ལ་དང་པོ་ག་བུར་ཉེར་ལྔ་ལྟ་བུའི་ཚ་སྨན་གཏོང་མི་རུང་བས། དང་པོར་སྡུད་པའི་ཐབས་བྱས་ནས་ཚ་སྨན་རྗེས་སུ་གཏོང་བ་ལྟར་གནས་སྐབས་དེ་འདྲ་རེ་ཙམ་བསྟན་ནས་མཐར་སྟོང་པ་དང་རྟེན་འབྱུང་ཟུང་དུ་འཇུག་པའི་ལམ་འདི་ནས་ཁྲིད་དེ་མི་གནས་པའི་མྱང་འདས་ལ་འགོད་པའི་ཐབས་ཤ་སྟག་ཡིན། འདི་ནི་མདོ་སྡེ་པད་དཀར་ལས་དཔེ་དང་བཅས་གསུངས་ཏེ། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཁོ་ན་ཡིན་ན་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་དེ་ཆོས་ལ་དཔེ་མཁྱུད་བྱས་པ་དང། སྟོན་པ་ཐུགས་རྗེ་ཆུང་བར་མི་འགྱུར་རམ་ཞེས་རྒྱལ་བ་རང་ཉིད་ཀྱིས་རྩོད་པ་བཀོད་ནས། ལན་དུ་དཔེར་ན་ཁྱིམ་མཐའ་མེས་བསྐོར་བའི་ནང་ན་བྱིས་པ་མནོ་བསམ་མེད་པ་ཞིག་རྩེ་བཞིན་དུ་ཡོད་པ་ཕས་མཐོང་ནས་ཁྱིམ་མེས་འཚིག་པར་འདུག་ཚུར་ཤོག་བྱས་ཀྱང་མི་ཉན་ལ། ཚུར་ཤོག་རྟ་ཞོན་བྱས་ཀྱང་སྐྲག་ནས་མི་ཡོང་བའི་ཚེ། དེ་ར་ལུག་སོགས་ལ་དགའ་ཞིང་ཞོན་ཐུབ་ཙམ་ཡོད་ན་ཚུར་ཤོག །ར་ཞོན་ཞེས་བོས་ནས་ཚུར་འོང་བ་དང། རྟ་སྤྲིན་གྱི་ཤུགས་ཅན་ལ་བསྐྱོན་ཏེ་བྲོས་ན་ཕ་དེས་རྫུན་སྨྲས་པ་མ་ཡིན་ལ། བུ་དེ་བསྡོས་པའང་མ་ཡིན་པ་དེ་བཞིན་དུ་རང་རེ་བློ་མཐུ་ཆེས་ཞན་པ་གར་འགྲོ་གཏོལ་མེད་པ་ཞིག་ལ་ཁྱོད་གནས་ལུགས་བསྒོམ་ལ་མི་གནས་པའི་མྱང་འདས་ལ་སོང་ཞིག་བྱས་པས་བློས་འཆུན་པ་རང་མེད་པས། དང་པོར་ཚེ་འདིའི་སྣང་ཤས་ལྡོག་ཐབས་དང། དེ་ནས་འཁོར་བ་ལས་བློ་ལོག་ཐབས་དང། དེ་ལྟར་


GTD003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྦྱངས་ནས་ཟབ་མོ་རྟེན་འབྱུང་གི་དོན་སྟོན་པ་མ་གཏོགས། དང་པོ་ནས་བསྟན་ན་སྟོན་མཁན་ལའང། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང། །ཞེས་པ་ལྟར། བྱང་སེམས་ཀྱི་ལྟུང་བ་ལྕི་ཤོས་ཤིག་འབྱུང་བས། སྙིང་རྗེ་ཟེར་མདོག་དང། ངོ་འཛིན་ལྟ་བུས་གང་བྱུང་ལ་བཤད་མི་རུང། དེ་ལྟར་བྱས་ན་གནས་ལུགས་རང་བཞིན་མེད་པའི་དོན་བསྒོམ་སྟེ་རྟོགས་པ་ལྟ་ཞོག་ཐེ་ཚོམ་སྐྱེས་ནའང། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་སྐྱེ་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་དང། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཆོས་ཟབ་མོའི་དོན་ལ་སོམ་ཉིས་ཀྱང། །གཞི་སྲིད་པ་ཧྲུལ་པོར་བྱེད་དོ་གསུངས། །ཞེས་པ་ལྟར་དེ་ཙམ་གྱིས་ཀྱང་སྲིད་པའི་ཚང་ཚིང་ཐམས་ཅད་ཞིག་འགྲོ་བའི་ཉམས་ཡོད་དོ། །སྟོང་ཉིད་རྟོགས་པའི་ཕན་ཡོན་ཤེས་པ་ལ་དེའི་ནང་ནས་ཀྱང་ཞི་སྒོ་གཉིས་པ་མེད་པ་ཤེས་དགོས། དེ་ནི་ཀླུ་སྒྲུབ་ཀྱིས། སངས་རྒྱས་རང་སངས་རྒྱས་རྣམས་དང། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །ཅེས་སོགས་དང། ཡུམ་ལས་འདས་པའི་སངས་རྒྱས་རྣསས་ཀྱང་འདི་ལས་གཤེགས། ད་ལྟར་གྱི་སངས་རྒྱས་རྣམས་ཀྱང་འདི་ལས་གཤེགས། མ་འོངས་པའི་སངས་རྒྱས་རྣམས་ཀྱང་འདི་ནས་གཤེགས་པར་འགྱུར། ཉན་རང་རྣམས་ཀྱང་ལམ་འདི་ཁོ་ནས་ཞི་བར་བགྲོད་དགོས་གསུངས། སྡུད་པ་ལས་ཀྱང། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་


GTD003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། །ཞེས་སོགས་གསུངས་པ་ལྟར། འཁོར་བ་རྩ་བ་ནས་ཟད་པ་ལ་ཐར་པ་ཟེར་བ་ཡིན་ལ། འཁོར་བའི་རྩ་བ་མཐར་ཐུག་བདེན་འཛིན་གྱི་མ་རིག་པ་འདི་ཡིན་ཞིང། འདི་སྤོང་བ་ལ་གཉེན་པོ་གནས་ལུགས་རྟོགས་པའི་ཤེས་རབ་མེད་མི་རུང་དུ་དགོས་པའི་གནད་ཀྱིས་འདི་ལ་ཐེག་གསུམ་བགྲོད་གཅིག་གི་ལམ་ཟེར་བ་ཡིན་པས། འདིའི་ཕན་ཡོན་ཤེས་པར་བྱས་ཏེ་དོན་གཉེར་ཡོད་པ་ཞིག་དགོས། དོན་གཉེར་ཡོད་ཅེས་བཤད་པས་མི་ཆོག །འཇུག་པ་ལས། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང། །ཞེས་སོགས་དང། རྩ་ཤེ་ཊཱིཀ་ཆེན་ལས་འབྲས་རྟགས་ཀྱིས་ཤེས་དགོས་པར་གསུངས་པ་ལྟར། སྟོང་པ་ཉིད་ལ་མོས་པའི་རྟགས་སུ་ག་རེ་ངས་བླ་མ་མཚན་ཉིད་དང་ལྡན་པ་ལྟ་བ་ཕྱིན་ཅི་མ་ལོག་པ་སྟོན་མཁན་ཞིག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་མ་བསྟེན་ན་ལྟ་བ་གོ་བའི་ཐབས་མི་འདུག་སྙམ་དུ་བཤེས་གཉེན་བསྟེན་ཚུལ་ལ་མྱོང་བ་བརྟན་དུ་འགྲོ་བ་དགོས། དེ་བཞིན་དུ་སྦྱིན་པ་མ་བཏང་ན་ཕྱི་མ་དབུལ་བའི་སྡུག་བསྔལ་གྱིས་མནར་ཏེ་ཆོས་འདི་ཉམས་སུ་ལེན་རྒྱུ་མི་ཡོང་བར་འདུག །ཚུལ་ཁྲིམས་མ་བསྲུངས་ན་བདེ་འགྲོ་ཙམ་ཡང་མི་ཐོབ་པས་འདི་ཐོས་རྒྱུའང་ག་ལ་ཡོང། བཟོད་པ་མ་བསྒོམས་ན་ཕྱི་མ་ལུས་མི་མཛེས་པས་བླ་མ་ཐུགས་མཉེས་རྒྱུ་མ་རེད་སྙམ་དུ་སྒོ་མཐའ་དག་ནས་བསམས་ཏེ་སྤྱོད་པའི་ཆ་ཐམས་ཅད་འདིའི་ཡན་ལག་ཏུ་བསྡུས་ཏེ་ལག་ལེན་ལ་ཐེབས་པ་ཞིག་དགོས། ལྟ་བ་ལ་དོན་གཉེར་ཡོད་ཡོད་


GTD003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའང་སྤྱོད་ཕྱོགས་ལ་སྣང་མེད་བྱས་ན་ཉེས་ཚབས་ཤིན་ཏུ་ཆེ་སྟེ། རྩ་ཤེ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང། །རིག་སྔགས་ཉེས་པར་བསྒྲུབ་པ་བཞིན། །ཞེས་གསུངས་པ་ལྟ་བུ་ཡིན། དེས་ན་འདི་ལ་བླ་མ་བྱམས་པའི་གསུང་ནས། དུག་སྦྲུལ་གསོད་པའི་ཐོག་མར་ཁོང་ཁྲོ་དྲག་པོ་བསླང་ན་དུག་ཐམས་ཅད་ལྕེ་རྩེ་དང་མཇུག་མའི་རྩེ་ལ་འགྲོ་བས་མགོ་མཇུག་བཅད་ན་བར་དེ་སྨན་མཆོག་ཏུ་གྱུར་པ་ཞིག་ཡིན་ཀྱང། དེ་འདྲ་མ་བྱས་པར་རེག་ན་ལུས་ལ་དུག་ཞུགས་པ་ཁྲག་དང་འདྲེས་ཏེ། དེ་མ་ཐག་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཁྱབ་ནས་སྦོས་ཏེ་འཆི་བ་ཡིན། རིག་སྔགས་ནི་གྲུབ་ཆེན་བརྒྱད་ཀྱི་ནང་ཚན་རལ་གྲི་སྒྲུབ་པའི་ཚེ་སྐབས་ཤིག་ན་རལ་གྲི་འགུལ་བའི་ཚེ་འཛིན་ཤེས་ན་དེས་ལྷ་ཡུལ་སོགས་སུ་འགྲོ་ནུས་ཀྱང། མ་ཤེས་ན་རང་གི་སྐེ་གཅོད་པ་ལྟར་ཉེན་ཁ་ཧ་ཅང་ཆེ་བས། རྗེ་བླ་མས་ཀྱང་མཐུན་སྣང་དུ་ལྟ་བ་མ་དགོངས་པའི་ཚུལ་མཛད་དེ། འཇམ་པའི་དབྱངས་ལ་སྤྱིར་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བ། ཁྱད་པར་དུ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་གསོལ་བ་ཡང་ཡང་བཏབ་པས་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ། །ཞེས་སོགས་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་


GTD003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཞུས་པས་གང་ཡང་མིན་གསུངས། འོ་ན་ད་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་པ་ཡིན་པས་དེའི་གཞུང་རྣམས་དང། ཟླ་གྲགས་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། གསེར་འཕྲེང་ཡང་རྗེའི་སྔ་རྩོམ་ཡིན་པས་ལྟ་བ་སྔ་རབས་པའི་ཅི་ཡང་བཟུང་དུ་མེད་པ་དེ་ཀ་གཙོ་བོར་བྱས་ཡོད་ལ། ཡང་བོད་སྔ་རབས་པ་འགའ་ཞིག་ཆོས་ཉིད་སྒྲུབ་པ་རང་དབང་བར་འདོད་པ་ནི་ཐ་ཆད་ཡིན་པས་དེ་ལས་སྔ་མ་དགའོ། །དེ་ནས་རྗེ་བླ་མས་དེ་ལྟར་མཛད་ཀྱང་ད་དུང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མཻ་ཏྲི་པ་དང། སློབ་དཔོན་ཀླུའི་བྱང་ཆུབ་སོགས་ད་ལྟར་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། མཐོ་མཐོ་རླུང་ལ་བསྐུར། དམའ་དམའ་ཆུ་ལ་བསྐུར་ཏེ་སྡེ་སྣོད་འཛིན་པ་སྟོང་ཕྲག་ལྷག་ཙམ་མིག་མཆི་མ་ཙར་རེ་ཤུལ་དུ་བཞག་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་


GTD003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱས་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་ཡོང། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ། ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ལན་བསྐྱར་དེའི་ཚེ་རྗེས་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་བྱོན་ནས་འོལ་ཁ་ཆོས་ལུང་དུ་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་རྗེས་ཅུང་ཟད་བཞེས་ཤིང་ཉིན་མཚན་མེད་པར་དཀའ་སྤྱད་མཛད་པའི་ཚེ། མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབས་བྱེད་པ་བྱུང་བས། ཕྱི་ཉིན་རྒྱུས་མེད་པའི་གྲྭ་པ་ཞིག་གིས་བུདྡྷ་པཱ་ལི་ཏའི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་བཏགས་ཡོད་མིང་རྐྱང་ཙམ་དང། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་


GTD003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བ་འདི་མཛད་པ་ཡིན། ད་ལྟ་རང་ཚོ་དཔེ་ཀློག་ཐེབས་ཆག་ཙམ་རེ་བྱས་ནས་ལྟ་བ་ལས་སླ་མདོག་ཁ་བོ་ཁ་ནས་རང་བཞིན་མེད་ཟེར་ཤེས་པ་ཙམ་དང། བསམ་པའི་ཚེ་སྟོང་སང་ཙམ་འཆར་བ་འདི་ལ་ལྟ་བའི་དྲི་ཙམ་ཡང་མེད། འཇུག་པ་ལས། འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་དང། དེའི་ཐད་ཀྱི་རང་འགྲེལ་ལས། སྔོན་གྱི་སློབ་དཔོན་ཕྱོགས་གླང་དང་ཆོས་སྐྱོང་ཞེས་པ་ནས། ཁོ་བོ་དེ་སྐད་དུ་སྨྲའོ། །ཞེས་སོགས་ཀྱི་རྗེས་སུ་འབྲང་སྟེ། དབྱིག་གཉེན་སོགས་ཀྱིས་མ་རྟོགས་ཟེར་བཞིན་དུ་རང་ཚོས་ཤེས་ཁུལ་བྱེད་པ་ཧམ་པ་ཧ་ཅང་ཆེས་པ་ཡིན། དེས་ན་ལྟ་བ་ལ་ཧམ་པ་བྱས་ཀྱང་རེ་བ་མེད་པས་ཐོག་མར་རྒྱུ་ཚོགས་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས། ཚོགས་ལའང་སྒོམ་རིམ་ལས་བཤད་པ་ལྟར་གྱི་ཐེག་ཆེན་གྱི་བཤེས་གཉེན་བསྟེན་པ་དང། ཟབ་མོའི་མདོ་སྡེ་སོགས་ལ་ཐོས་བསམ་བྱེད་པ་དང། ཚུལ་བཞིན་ཡིད་ལ་བྱེད་པ་གསུམ་གྱི་སྟེང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་ལ་གསུངས་པའི་མན་ངག །དཔེར་ན་ཁྱིམ་བརྩིས་ནས་སའི་གཏིང་ནས་དྲོད་ལང་བའི་ཚེ་ནས་འདེབས་པ་ལྟར། བླ་མའི་བྱིན་རླབས་སེམས་ལ་ཞུགས་ནས་ལྟ་བའི་ས་བོན་སྒྲུབ་དགོས་པས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ནས་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་དུ་འདེབས་པ། རམ་པ་སོགས་རྩྭ་ཡན་མ་བསལ་ན་ངན་པ་ཤུགས་ཆེ་འགྲོ་བ་ལྟར་ཚོགས་གསོག་སྒྲིབ་སྦྱོང་མ་བྱས་


GTD003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉོན་མོངས་དང་ཚེ་འདིའི་སྣང་ཤས་ཁ་རྒྱལ་འགྲོ་བས་བསགས་སྦྱང་སྒོ་དུ་མ་ནས་འབད་པ། ས་བོན་ལྟ་བུ་ལྟ་བའི་ཉེར་ལེན་གྱི་རྒྱུ་མེད་མི་རུང་བ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཆེད་དུ་གཉེར་ནས་བལྟ་ཞིང་དྲི་མ་མེད་པའི་རིགས་པས་དཔྱད་པ་གསུམ་ཚང་དགོས། ལྷག་པའི་ལྷའང་སྤྱིར་སངས་རྒྱས་རྣམས་ལ་མཆོག་དམན་མེད་ཀྱང། རང་རང་ལ་བྱིན་རླབས་ཀྱི་བཀའ་བབ་རེ་ཡོད་པས། འཇམ་དབྱངས་ལ་བརྟེན་དགོས། ཡི་དམ་ཡང་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་ཞིག་དགོས་ལ། ཆོས་སྐྱོང་ཡང་དགེ་སྡིག་གི་ཤན་འབྱེད་ཆོས་རྒྱལ་ཡིན་པས་སྐྱེས་བུ་ཆུང་ངུའི་སྐོར་ལ་ཆོས་རྒྱལ་དང། འབྲིང་ལ་ཚུལ་ཁྲིམས་ཀྱི་ཆོས་སྐྱོང་རྣམ་སྲས་དང། ཆེན་པོ་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་ངོ་བོ་སྤྱན་རས་གཟིགས་ཡིན་པས། དེ་ཁྲོ་བོའི་རྣམ་པར་བཞེངས་པ་མགོན་པོ་བསྟེན་དགོས་ཀྱང་ལྟ་བའི་སྐབས་འདིར་ལྷག་ཏུ་ཆོས་རྒྱལ་བསྟེན་དགོས་ཏེ། རྗེའི་མདུན་ནའང་ཆོས་རྒྱལ་འབྲལ་མེད་དུ་བཞུགས་ཏེ། རྒྱལ་ཚབ་མཁས་གྲུབ་གང་མདུན་ན་གནས་སྐབས་དེར་མི་བཞུགས་པ་རེའི་རྣམ་པ་བཟུང་སྡོད་པས། འཕྲལ་དུ་མི་ཤེས་ཀྱང་དགའ་མི་དགའི་རྣམ་འགྱུར་མང་པོ་བྱེད་པ་ཞིག་ཡོད། ལན་ཅིག་སྦྱིན་བདག་ཅིག་གི་གཡོག་ཏུ་དར་རྩེ་མདོར་སོང་བ་ན་མི་ཞིག་གིས་རྩ་བ་གསེར་གྱི་གཞི་ལ་ཐུག་པའི་བྲག་གི་རྩེ་མོ་ས་ལ་ཐོན་པ་ཐབ་རྡོ་བྱེད་ཟེར་ནས་བསྒུལ་བ་མཐོང་ནས་བགད་པས་ས་ཐམས་ཅད་ཡོམ་ཡོམ་བྱེད་པས་ཡིད་མ་ཆེས་ཏེ་སླར་ཤེས་པ་ལྟ་བུ་ཡིན།


GTD003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་གྱི་ནང་ནས་ཀྱང་ནང་སྒྲུབ་གཙོ་བོར་བྱེད་དགོས། རྒྱུ་མཚན་དེའི་གནད་ཀྱིས་ལྷག་མཐོང་གི་སྐབས་འདིར་བླ་མའི་རྣལ་འབྱོར་རེ་བཤད་པའི་ཕྱག་སྲོལ་ཡོད་པས། རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་འདི་ཤིན་ཏུ་གནད་ཆེ། སྔོན་བླ་མ་བྱམས་པས་ར་ཁ་བྲག་ཏུ་རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་འདི་གཙོ་བོར་མཛད་པས། མནལ་ལམ་དུ་རལ་གྲི་ཞིག་ཕྱག་ལ་འོང་བ་རྨིས། དེ་ནས་བཟུང་སྟེ་གོ་བ་ལེགས་པོ་བྱུང། འོན་ཀྱང་ཡུ་བ་མེད་པ་འདམ་རྫབ་ཀྱི་ནང་ཞིག་ནས་རྙེད་པ་དེ་ཚེ་མཇུག་འདི་ལ་དཀོར་ཆེན་པོ་ཡོང་བའི་རྟགས་རེད། འདི་འདྲ་མ་བྱས་ན་ཡ་མེད་ཅིག་ཡོང་བ་ཡོད་དེ་གསུང་གི་ཡོད། དེ་ལ་བླ་མའི་རྣལ་འབྱོར་སྐྱོང་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། རང་གི་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་གུར་ཁང་སེང་ཁྲི་པད་ཟླའི་གདན་ལ་རྒྱལ་བ་ཙོང་ཁ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་རྩེ་མོ་ཤིན་ཏུ་རྣོ་བ་ནམ་མཁའ་ལ་རེག་པའི་ཚོད་ལྟ་བུ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་བཟུང་བ་དཔུང་བ་གཡས་པའི་ཐད་ཀྱི་ཨུཏྤ་ལའི་སྟེང་ན་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཤེས་རབ་ཀྱི་རལ་གྲི་འོད་ཀྱིས་འཇིག་རྟེན་ཐམས་ཅད་གསལ་ནུས་པ་མེ་དམར་ལམ་ལམ་འབར་བ། གཡོན་པའི་སྟེང་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་མཐིང་ཤོག་ལ་གསེར་གྱིས་བྲིས་པ་སེམས་བསྐྱེད་ནས་བཟུང་


GTD003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འཕྲིན་ལས་ཉེར་བདུན་གྱི་ཐ་མ་མི་གནས་པའི་མྱང་འདས་ལ་འགོད་པའི་བར་དངོས་པོ་བརྒྱད་དོན་བདུན་ཅུ་པོ་ལྷང་ལྷང་སྒྲོགས་པ་རང་གིས་ཀྱང་ཐོས་བཞིན་པ་ཞིག་གསལ་གདབ། སྐྲ་མཚམས་ཀྱི་ཐད་ཀྱི་མགོའི་ནང་གི་དཀྱིལ་དྲང་ཐད་དུ་པད་ཟླའི་གདན་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་འཇམ་པའི་དབྱངས་སྐུ་མདོག་དམར་སེར་གཡས་རལ་གྲི་འཕྱར་ཞིང། གཡོན་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ་གསལ་གདབ། འཇམ་དབྱངས་ཨ་ར་པ་ཙ་འདི་འཇམ་དབྱངས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་ཡིན། མགྲིན་པར་ཨོལ་མདུད་ཀྱི་ཐད་དུ་གངས་རིའི་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཏེ་ཁ་བ་ཅན་པའི་གདུལ་བྱ་མགོན་མེད་པ་འདི་རྣམས་ཐུགས་རྗེས་གཟིགས་ཤིག་ཅེས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ར་མདར་སྦྲན་པ། གཡས་གཉིས་པར་ཤེལ་འཕྲེང་བསྣམས་ཏེ་གདུལ་བྱ་འདི་རྣམས་ལས་བློ་ཁ་ཡར་འཁོར་བ་ཞིག་ནམ་ཡོང་ན་སྙམ་དུ་འདྲེན་པར་མཛད་པ། གཡོན་གཉིས་པར་འདམ་རྫབ་ལས་སྐྱེས་པའི་པདྨའང་འདམ་ལས་ཐོན་ཙམ་ནས་དྲི་མས་ཅུང་ཟད་ཀྱང་མི་གོས་པ་ལྟར་ལྟ་བའང་འཁོར་བའི་སྐྱོན་གྱིས་གོས་པ་མེད་ཅེས་པའི་བརྡར་གསེར་གྱི་པདྨ་བསྣམས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་ཁྱེད་ཅག་བོད་རྣམས་ལ་ཐུགས་རྗེ་ཆེན་པོ་རང་ཉིད་བཀའ་དྲིན་ཆེ་བར་མཚོན་བྱེད་དུ་རི་དྭགས་སིལ་སྙན་གྱི་པགས་པས་ནུ་མ་གཡོན་པ་བཀབ་པ་ཞིག་གསལ་བཏབ། རི་དྭགས་འདི་གངས་


GTD003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡའི་མཚམས་ལ་སྡོད་པ། སྟོབས་ཀྱི་ངོས་ནས་སུས་ཐུབ་ས་མེད་པ་ཞིག་ཡིན་ཀྱང་སྙིང་རྗེ་ཧ་ཅང་ཆེ་བས། འདི་གསོད་ཙ་ན་སོང་ནས་མི་རྣམས་རལ་ཁ་བཀྱེ་བ་མི་བཟོད་པར་བར་དུ་འཚང་ཡོང་བའི་ཚེ་གསོད་པ་ཡིན། འདིའི་པགས་པ་ལ་རྐང་པ་རེག་པ་ཙམ་གྱིས་ཀྱང་སེམས་བྱམས་ཏིང་ངེ་འགྲོ་བས་ཇོ་བོས་ཀྱང་གདན་དུ་བཏིང་བ་ཡིན། ཐུགས་ཀར་པད་ཉིའི་གདན་ལ་ཕྱག་ན་རྡོ་རྗེ་ཁྲོས་པའི་རྣམ་པ་ཅན་གཡས་གསེར་གྱི་རྡོ་རྗེ་བཟུང་ཞིང། གཡོན་སྡིགས་མཛུབ་མཛད་པ། སྐུ་ལ་མེ་འབར་བཞིན་པ་ཞིག་གསལ་བཏབ་སྟེ་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱང་སྤྱན་དྲངས་ཏེ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། དགའ་ལྡན་ལྷ་བརྒྱ་མ་དང། དཔལ་ལྡན་ས་གསུམ་མའི་མཇུག་ཏུ་དམིགས་བརྩེ་མ་བཞི་སྐོར་རམ་ལྔ་སྐོར་བྱེད། དམིགས་བརྩེ་མ་འདི་རྗེས་རེད་མདའ་བ་ལ་ཕུལ་བའི་ཚེ་ང་ལ་མི་འོས་ཁྱེད་ཁོ་ན་ལ་འོས་གསུངས་ནས་རྗེ་ལ་ཕྱིར་ཕུལ་བ་ཡིན་ཞིང་ལམ་ཆ་ཚང་བའི་གསོལ་འདེབས་ཡིན་པས་ཆུང་ངུར་འཛིན་མི་རུང། སྔོན་བླ་མ་བྱམས་པ་གཙང་ལ་ཕེབས་སྐབས་ལམ་དུ་འགའ་ཞིག་གིས་བླ་མ་ཐུགས་བྲེལ་ཆེ་བས་ཆོས་ཆུང་ཆུང་ཆུང་ཆུང་ཞིག་ལས་ཞུ་མི་ནུས། དམིགས་བརྩེ་མ་ཞིག་གནང་ན་ཞུས་པས། ཁྱེད་ཚོ་ལ་ཆུང་སོང་བ་རེད་པས། ང་ལ་དམིགས་བརྩེ་མ་ལས་ཆེ་བའི་ཆོས་མེད་གསུངས་ནས་བཀའ་བཀྱོན་གྱིས་ཚར་བཅད་པ་ལྟ་བུ་ཡིན།


GTD003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཚང་ལུགས་ཀྱང་མཐར་ཐུག་གི་འབྲས་བུ་ཆོས་གཟུགས་གཉིས་ལས་མ་འདས་ཤིང་གཟུགས་སྐུའི་རྒྱུ་གང་ཡིན་སྙིང་རྗེར་འདུས་པ་ཡིན། དེའི་ཚུལ་ཡང་ཆེ་ཆུང་གི་ལམ་རྣམས་སྙིང་རྗེ་ཆེན་པོ་མ་སྐྱེས་པ་སྐྱེད་པའི་ཐབས་དང། སེམས་བསྐྱེད་སོགས་རྒྱལ་སྲས་ཀྱི་ལམ་རྣམས་སྙིང་རྗེ་གོང་འཕེལ་དུ་བྱེད་པའི་ཐབས་དང། སངས་རྒྱས་པའི་འཕྲིན་ལས་ཉེར་བདུན་ཡང་འདིའི་བྱེད་ལས་ཁོ་ནར་འདུས་པ་ཡིན། ཆོས་སྐུ་འགྲུབ་བྱེད་ཡེ་ཤེས་ཀྱི་ཚོགས་ཡིན་ཞིང། གཙོ་བོ་སྟོང་ཉིད་གཟིགས་པའི་མཁྱེན་པ་ཡིན་ཀྱང། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུང། །ཞེས་པ་ལྟར་མི་རྟག་སོགས་རྟོགས་པའི་ཤེས་རབ་རྣམས་ཀྱང་དེའི་ཡན་ལག་ཏུ་འདུ་བ་ཡིན། སོ་སོ་སྐྱེ་བོས་མི་རྟག་པ་ཕྲ་རགས་དང། བདག་མེད་ཕྲ་རགས་སོགས་བསྒོམ་པ་ན་མི་རྟག་པ་ཁོ་རང་བདེན་ཡང་མཚན་འཛིན་གྱི་གཞི་ལ་ཞུགས་པས་དྲི་མ་དང་བཅས་པ་ཡིན་ཞིང་འཕགས་པ་སློབ་པ་རྣམས་ཀྱང་རྗེས་ཐོབ་ཀྱི་ཚེ་ཡུལ་དྲུག་རང་བཞིན་གྱིས་གྲུབ་པར་སྣང་བའི་དྲི་མ་མ་ཟད་པས། གཉིས་སྣང་འཁྲུལ་པའི་བག་ཆགས་མ་ལུས་པར་ཟད་པའི་དྲི་མ་མེད་པའི་མཁྱེན་པ་འདི་ཐོབ་པ་ལ་སངས་རྒྱ་དགོས། དེ་ལ་ཐོག་མར་བདུད་འདུལ་དགོས་པས་བདུད་ཀྱང་རལ་པ་ཅན་ཞིག་དགོས་པ་མ་ཡིན་པར། ཕར་ཕྱིན་སོགས་ནས་བཤད་པ་ལྟར་གྱི་བདུད་བཞི་ཐོག་མར་རང་གིས་བཅོམ་ནས་གཞན་དག་ཀྱང་བདུད་བཞི་འཇོམས་པའི་ནུས་པ་ལ་


GTD003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པ་སྟེ། མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་མཛད་པ་མཐར་ཕྱིན་པའི་སྒོ་ནས་བསྟོད་དེ་གསོལ་བ་འདེབས་པ་ཡིན། བདུད་རྩི་འབེབས་སྦྱང་བྱེད་ཚུལ་ཡང། ཐོག་མར་རྗེའི་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་འགལ་རྐྱེན་བར་ཆད་ཐམས་ཅད་དང་ཁྱད་པར་དུ་ཆོས་བྱང་ཆུབ་ལམ་གྱི་རིམ་པ་འདི་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་བྱེད། འདི་ལ་རྗེ་དགེ་ལེགས་རྒྱ་མཚོས། ངེས་པར་བྱེད་རྒྱུ་ཡིན་ན། དང་པོར་ཡིག་བརྒྱ་འབུམ་བསགས་དགོས། དེ་བྱས་ན་རྨི་ལམ་དུ་གོས་གསར་པ་གྱོན་པ། བླ་མ་མཐོང་བ། སྐྱུགས་པ་སོགས་བྱུང་ན་སྡིག་པ་དག་པའི་རྟགས་ཡིན་ཞིང། སྡིག་པ་དག་པའི་རྟགས་ལ་འཁྲུ་བ་རྨིས་པ་འདི་ལྷག་ཏུ་བཟང་བ་ཡིན། དེའི་འོག་ཏུ་བྱིན་རླབས་ཞུགས་པའི་པྱིར། མཎྜལ་བསགས་ཏེ། རྨི་ལམ་དུ་བླ་མ་དགྱེས་ཉམས་ཆེན་པོ་བྱེད་པ་སོགས་བྱིན་རླབས་ཞུགས་པའི་མཚན་མ་ནམ་བྱུང་གི་བར་འབད། དེའི་རྗེས་ལ་རྗེའི་སྐུ་ལས་འོད་ཟེར་དམར་སེར་གྱི་རྒྱུན་བབས་མི་ཤེས་པའི་མུན་པ་ཐམས་ཅད་སངས། བློ་གྲོས་ཀྱི་སྣང་བ་ཕུན་སུམ་ཚོགས་པ་ཐོབ་པའི་མོས་པ་བྱེད། དེའི་མཐར་འཇའ་འོད་ཀྱི་གུར་ཁྱིམ་ཡང་མཐའ་ནས་བསྡུས། སེང་ཁྲིའང་ཡར་བསྡུས་ཏེ་རྗེ་ལ་ཐིམ། རྗེ་བླ་མ་རང་གི་སྤྱི་བོ་ནས་མར་ཕེབས་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞུགས་པར་མོས་ལ། བཟའ་བཏུང་སོགས་ཀྱི་ཚེའང་རང་གིས་ཟ་སྙམ་པ་མ་ཡིན་པར་རྗེ་ལ་ཕུལ་སྙམ་པ་བྱེད་དགོས། འདྲེན་པ་


GTD003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་མ་འདིའང་རིགས་གསུམ་སྤྱི་སྒྲུབ་ཀྱི་ཇ་མཆོད་ཡིན་པས། འདིའི་ཚེ་གྲྭ་ས་སོགས་ན་ཇ་ཕོར་མགྲིན་པའི་ཐད་དུ་འཛིན་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། རིགས་གསུམ་སྤྱི་སྒྲུབ་འདིའི་མན་ངག་ནི་གལ་ཏེ་གདོན་ཆེ་བའི་ངོ་དང། བར་ཆད་ཞི་བ་སོགས་གཙོ་བོར་བྱེད་ན་ཕྱག་རྡོར་གྱི་ཐུགས་ཀར་ཉི་མའི་གདན་ལ་དབུས་སུ་ཧཱུཾ་ཡིག་དང་མཐར་བཛྲ་པཱ་ཎིས་བསྐོར་བ་ལ་དམིགས་ཏེ། བཛྲ་པཱ་ཎི་དྲག་ཏུ་བཟླས་པས་སྔགས་འཕྲེང་ལས་མེ་འོད་འཕྲོས་གདོན་བགེགས་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེག་པ་ལྟར་གཞོབ་ཐུལ་གྱིས་སོང་བའི་མོས་པ་བྱེད། ཡང་བྱམས་སྙིང་རྗེ་དང་འཁོར་བ་ལ་སྐྱོ་ཤས་བྱང་ཆུབ་ཀྱི་སེམས་སོགས་ལམ་རིམ་ལ་མྱོང་བ་ཐོན་པ་ཞིག་གཙོ་བོར་འདོད་ན་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿ འི་མཐར་མ་ཎིས་བསྐོར་བ་ལ་དམིགས་ཏེ་མ་ཎི་འདྲེན་དགོས། མཚན་ཉིད་པ་ཚོའང་མ་ཎི་ལ་སྣང་ཆུང་བྱེད་མི་རུང། འཇམ་དབྱངས་ཆོས་རྗེས་ཀྱང་ཉི་མ་རེ་ལ་མ་ཎི་ཁྲི་ཚར་ཆག་མེད་ཡིན། ངེད་ཅག་ཁ་བ་ཅན་པ་ཚོ་ཐུགས་རྗེ་ཆེན་པོ་རང་ལ་མ་བརྟེན་པར་འགྲོ་ནུས་པའི་རེ་བ་མེད། མ་ཎིའི་མཇུག་ཏུ་ཧྲཱིཿ སྦྱོར་མི་རུང། དེ་བྱས་ན་ཡི་གེ་བདུན་དུ་འགྲོ་ཞིང་འདི་ལ་རྒྱུད་སྡེ་རྣམས་སུའང་གཟུངས་ཡི་གེ་དྲུག་པ་སྟེ་ཡི་གེ་དྲུག་གིའང་སྦྱང་གཞི་འགྲོ་བ་རིགས་དྲུག་དང་། སྦྱོང་བྱེད་ཀྱི་ལམ་ཕར་ཕྱིར་དྲུག་འབྲས་བུ་རྒྱལ་བ་རིགས་དྲུག་འབྱུང་ཞིང་ཡིག་འབྲུ་འདི་དྲུག་ཀྱང་སྣང་མཛད་ནས་མི་བསྐྱོད་པའི་བར་རྒྱལ་བ་དྲུག་གིས་གསུངས་པ་ཡིན། དེས་ན་མ་ཎི་པདྨ་ཞེས་པ་རྒྱ་སྐད་ཀྱི་མཚན་ཡིན་ཞིང། དེའང་མ་ཎི་


GTD003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དང་པདྨ་བོད་ལ་མེད་པས་སྐད་ཟུར་དུ་མ་བྱུང་ངོ་། །མེ་ཞེས་པའི་རིང་ཆ་ནི་བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོར་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་བོད་པའི་སྒྲ་ཡིན་པས། ཀྱཻ་ཞེས་བོས་ནས་ཧཱུཾ་ཞེས་པ་ཐུགས་ཀྱི་ས་བོན་ཡིན་པས་ཐུགས་རྒྱུད་བསྐུལ་ཏེ་ཐུགས་རྗེས་གཟིགས་ཞེས་པ་ལ། ཅི་བྱེད་དགོས་ཤེ་ན་ཨོ་ལ་ཡི་གེ་ཕྲལ་བའི་ཨ་ཨུ་མ་གསུམ་འབྱུང་ཞིང། དེས་སྐུ་གསུང་ཐུགས་གསུམ་མཚོན་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཞེས་པ་ཡིན་ནོ། །ཤེས་རབ་རྒྱ་ཆེ་བ་འདོད་ན་འཇམ་དབྱངས་ཀྱི་ཐུགས་ཀར་དྷཱིཿའི་མཐར། ཨ་ར་པ་ཙས་བསྐོར་བ་ལ་དམིགས་ནས། ཨ་ར་པ་ཙ་བཟླའོ། །ལྷག་མཐོང་གི་ཚོགས་གཉིས་པ་ཟབ་མོའི་མདོ་སྡེ་སོགས་ལ་ཐོས་བསམ་བྱས་ནས་ལྟ་བ་ཚོལ་ཚུལ་ནི། ལྟ་བ་རྟོགས་པ་ལ་བདེན་གཉིས་ལ་དྲང་ངེས་འབྱེད་དགོས། དེ་གཉིས་ཀྱང་གླང་གི་རྭ་ལྟ་བུ་མ་ཡིན་པར་མེའི་ཚ་བ་དང་མེ། ཆུའི་རླན་དང་ཆུ་ལྟར་ངོ་བོ་དབྱེར་མེད་ཀྱང་བློས་སྤུ་རིས་འབྱེད་དགོས་པ་ཞིག་ཡིན། དེ་ལ་ཐོག་མར་དྲང་ངེས་འབྱེད་དགོས་པས་དེའི་ཚུལ་ལ་མདོ་སྡེ་དགོངས་འགྲེལ་ལས་མཚན་ཉིད་གསུམ་ལ་སྦྱར་ནས་གསལ་བར་གསུངས་པའི་དགོངས་པ། དབུས་མཐའ་དང་མདོ་སྡེ་རྒྱན་བཞིན་ཐོགས་མེད་ཀྱིས་བཀྲལ་ཚུལ། བློ་གྲོས་མི་ཟད་པའི་མདོའི་དོན་ཀླུ་སྒྲུབ་དང་མཐུན་པར་རྒྱུད་བླ་མར་ཡང་སེམས་རང་བཞིན་གྱིས་གྲུབ་པའི་སྟོང་པ་རིགས་སུ་གསུངས་པ་ནི། སློབ་དཔོན་གྱི་ཆོས་སྒྲ་གསུམ་པ་ཆོས་དབྱིངས་


GTD003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་སོགས་གནད་གཅིག་པར་མངོན་རྟོགས་རྒྱན་གྱི་དགོངས་པ་མཐར་ཐུག་པའང། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཞེས་སོགས་ཀྱིས་རང་བཞིན་གྱིས་ཡོད་པར་འདོད་བཞིན་དུ་སྒྲིབ་པ་ཟད་པར་འདོད་པ་འདི་ཁོ་བོ་རྒོད་བྲོའོ། །ཞེས་ཐལ་འགྱུར་བའི་ལུགས་སུ་ངེས་པར་གནས་ཀྱང། བདག་ཉིད་ཆེན་པོ་སློབ་དཔོན་སེང་གེ་བཟང་པོས་ཕྱོགས་གཅིག་སེམས་ཙམ་དང་མཐུན་ཞིང། ཕྱོགས་གཅིག་དབུ་མར་བཀྲལ་ཅིང་གཞན་ཡང་སྒྲིབ་པའི་འཇོག་ལུགས་མཐར་ཐུག་ཐེག་པ་གསུམ་དང་གཅིག་གྲུབ་སོགས་ཐམས་ཅད་ཀྱང་རྩ་བ་ལྟ་བའི་འདོད་ཚུལ་ལ་ཐུག་གོ །དྲང་ངེས་འབྱེད་པའང་རང་ཚོའི་བློ་སྟོབས་ཀྱིས་འབྱེད་པའི་རེ་བ་མེད་དེ་དཔེར་ན་མདོ་སྡེ་དགོངས་འགྲེལ་ལས། ཆོས་རྣམས་རང་བཞིན་གྱིས་མེད་ན་གཏན་ནས་མེད་དགོས་པས་ཐམས་ཅད་ལ་སྐུར་བ་བཏབ་སྟེ་ཆད་པའི་མཐའ་ལ་འགྲོ་ཞེས་རིགས་པ་བརྒྱ་ཕྲག་གིས་བཀག་ནས་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་རིགས་པས་རྩལ་བཏོན་ནས་བསྒྲུབས་ལ། ཡང་བློ་གྲོས་མི་ཟད་པར་ཆོས་རང་བཞིན་གྱིས་ཡོད་པར་འཛིན་པའི་མ་རིག་པ་འདི་འཁོར་བའི་རྒུད་པ་ཐམས་ཅད་ཀྱི་གཞི་རྩ་ཡིན་པས་འདིའི་ཡུལ་འགོག་དགོས་གསུངས། ཡང་འཁོར་ལོ་དང་པོའི་སྐབས་ནས་ཕྱི་རོལ་གྱི་དབང་ཤེས་ལ་སྣང་བ་འདིའང་འདི་ཀ་ལྟར་བདེན་པར་གྲུབ་ཅེས་འཇིག་རྟེན་སྣང་ཚོད་དང་བསྟུན་ནས་གསུངས་ཏེ། འཇིག་རྟེན་ན་ངས་མིག་གིས་མཐོང་། ལུས་ཀྱིས་རེག །གཟུགས་སུ་གྲུབ་ཅེས་བདེན་པའི་ཚད་ལ་བྱེད་པ་ལྟ་བུ་ཡིན་ལ།


GTD003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་མདོ་ཡིན་མཉམ་ལ་ང་ཚོས་སོ་སོར་འབྱེད་མི་ནུས་གཞན་ཞིག་གི་རྗེས་སུ་འབྲང་དགོས། དེའང་ཁོས་འབྱེད་ཟེར་ཚད་ཀྱི་རྗེས་སུ་འབྲང་མི་རུང། འཇིག་རྟེན་གྱི་དཔེ་ལ། ཟོང་ངས་འཁུར་ལ་མ་བསྐུར། ཆོས་ངས་བཤད་ལ་མ་ཉན་ཟེར་བ་ལྟར་ང་ལ་ཉོན་ངས་བཤད་ཟེར་མཁན་དེ་ལ་སྐྱོན་ཞིག་ཡོད་པས། རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པ་ལྟ་བུའི་རྗེས་སུ་འབྲང་དགོས་ན། དེས་ཀྱང་། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ང་ཚོས་བལྟས་ན་སྐྱེ་བ་གཏན་མེད་བཤད་པ་ལྟ་བུ་གོ་མི་ནུས་པས། དེའི་དགོངས་པའང་གཞན་ཞིག་ལ་བརྟེན་དགོས་ན། དེའི་དགོངས་པ་འདྲེན་མཁན་འགའ་ཞིག་ནི་ཕྱི་དོན་མེད་ཀྱང་རྣམ་ཤེས་ཙམ་ཞིག་རང་བཞིན་གྱིས་ཡོད་ལ། འོན་ཀྱང་བདེན་པར་མ་གྲུབ་ཅེས་འདོད། ལ་ལ་ནི་ཤེས་རབ་སྒྲོན་མེར་ཁོ་བོ་ཅག་ནི་རྣམ་པར་ཤེས་པ་གང་ཟག་གི་སྒྲ་དངོས་སུ་འདོག་གོ་ཞེས་རྣམ་ཤེས་རང་བཞིན་གྱིས་ཡོད་ལ། དེར་མ་ཟད་ཕྱི་དོན་ཡང་རང་བཞིན་གྱིས་གྲུབ་བོ། །འོན་ཀྱང་དོན་ཤེས་གཉིས་པོ་བདེན་པར་མེད་མཉམ་དུ་འདོད། འགའ་ཞིག་ནི་ཕར་བཏགས་ཙམ་ལས་ཡུལ་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་འདོད་པའི་ལུགས་མི་འདྲ་བ་སྣ་ཚོགས་པ་ཡོད་དོ། །འོ་ན་འདིར་དྲང་ངེས་འབྱེད་ཚུལ་གང་གི་རྗེས་སུ་འབྲང་ཞེ་ན། ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་བློ་གྲོས་མི་ཟད་པའི་མདོའི་རྗེས་སུ་འབྲང་དགོས་ལ། དེས་དྲང་ངེས་འཇོག་ལུགས་ནི་མ་ཡིན་པ་ལ་ཡིན་པར་སྟོན་པ་རྣམས་དྲང་དོན་


GTD003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་མ་ཟད་ལས་འབྲས་སོགས་ཡིན་པ་ལ་ཡིན་པར་སྟོན་པའང་དྲང་དོན་ཡིན་ནོ། །དེའི་རྒྱུ་མཚན་ཅི་ཞེ་ན་དེ་ཙམ་གྱིས་དེའི་ངོ་བོ་རྫོགས་པ་མ་ཡིན་ཏེ། ཀུན་རྫོབ་པའི་ངོ་བོ་ཙམ་རྫོགས་ཀྱང། དོན་དམ་པའི་ངོ་བོ་གནས་ལུགས་སྟོང་པ་ཉིད་ལ་ད་དུང་ཡར་འཁྲིད་དགོས་པས་དྲང་དོན་དུ་གསུངས་སོ། །དྲང་དོན་འདི་ལ་རྒྱ་ཆེ་བའང་ཟེར། དེ་ལ་འོ་ན་ཀ་བ་ལྟ་བུ་དྲང་དོན་ཡིན་ཡང་རྒྱ་ཆེ་རྒྱུ་ཅི་ཡོད་སྙམ་ན་ཀ་བ་ལའང། རྒྱུ་འབྲས་བུ་སྤྱི་བྱེ་བྲག་སྒྲ་སྤྱི་དོན་སྤྱི་རྫས་ལྡོག་རང་འཛིན་ཤེས་པ་མིང་གི་རྣམ་གྲངས་སོགས་མི་འདྲ་བའི་ངོ་བོ་རྣམ་པ་སྣ་ཚོགས་པ་བློ་ཡུལ་ལས་འདས་པ་ཞིག་ཡོད་དོ། །མདོ་སྡེ་པ་སོགས་ཀ་བུམ་རྣམས་ཀྱང་ངེས་དོན་ཁོ་ནར་འདོད་དེ། དེའི་རྒྱུ་མཚན་ཡང། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དབང་མངོན་གྱིས་བཟུང་བ་འདི་ལས་ལྷག་སངས་རྒྱས་ཀྱིས་ཀྱང་གཟིགས་ཚུལ་མེད་པས་ཚད་མ་མཐར་ཐུག་ཏུ་བཟུང་སྟེ་འདི་ལ་སྣང་བ་འདི་ཀ་ཇི་ལྟ་བ་བཞིན་བདེན་ཟེར་རོ། །འདིར་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ཀྱི་ནང་ནས་ཀྱང་ཨཱརྻ་དེ་བ་ནི་ཀླུ་སྒྲུབ་དང་ཁྱད་པར་མེད་པས་གཞུང་ཕྱི་མོའི་དབུ་མ་པ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་གཉིས་སུ་གྲགས་ཤིང་དེའི་འོག་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་ལ་ལུང་བསྟན་པ་ལྟར་འཁྲུལ་བ་མེད་པ་སངས་རྒྱས་བསྐྱངས་དང། ཟླ་གྲགས་ཞི་བ་ལྷ་གསུམ་དགོངས་པ་ཤིན་ཏུ་མཐུན་ཞིང་ཀླུ་སྒྲུབ་ཀྱི་བཞེད་པ་མ་ནོར་བ་ཡིན་ཏེ། རྗེ་བླ་མས། ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ། །སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་


GTD003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །ཞེས་གསུངས་སོ། །རྒྱ་གར་མཁས་པ་རྣམས་ཀྱི་ངག་རྒྱུན་ལའང། མཁའ་ལ་ཉི་ཟླ་རྣམ་གཉིས། ས་ལ་གསལ་བ་རྣམ་གཉིས་ཞེས་རྒྱུད་ཀྱི་དགོངས་པ་འགྲེལ་པ་སྒྲོན་གསལ་དང། དབུ་མའི་ལྟ་བ་འགྲེལ་པ་ཚིག་གསལ་གཉིས་ཉི་ཟླ་ལྟར་གསལ་བར་གྲགས་ཀྱང་ང་ཚོ་ལ་དོན་གསལ་བའི་རེ་བ་མེད། ཚིག་ཙམ་ཡང་ཁ་ལ་མི་ཡོང་བས་གྱོང་པོ་བོད་པས་སོག་སྐད་ལབ་པ་འདྲ་བ་ཞིག་ཡོད། འོ་ན་ང་ཚོས་གང་ལ་ལྟ་དགོས་ན་དེ་གསུམ་གྱི་མན་ངག་ཇོ་བོ་རྗེ་ལ་མངའ་ཞིང། དེ་ཐམས་ཅད་རྗེ་བཙུན་ཙོང་ཁ་པ་ལ་མངའ་སྟེ། གོང་དུ་བཤད་པ་ལྟར་བླ་མ་འཇམ་པའི་དབྱངས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱས་ནས་དཔྱིས་ཕྱིན་པར་ཐུགས་སུ་ཆུད་པ་ཡིན་པས་རྗེའི་གསུང་ཚོ་ལྟ་དགོས། བློ་གྲོས་ཅུང་ཟད་ཡོད་ན་ཟབ་མོ་དབུ་མའི་ལྟ་བ་རྗེས་གསུངས་པ་འདི་ལས་གསལ་དུ་བཏང་ནས་སྟོན་ལུགས་མ་ནས་རང་མེད། རྗེའི་གསུང་རྩ་འཇུག་གི་རྣམ་བཤད་ཆེན་མོ་གཉིས་དང། ལེགས་བཤད་སྙིང་པོ། ལམ་རིམ་ཆེ་ཆུང་སོགས་ལྟ་དགོས། ལྷག་ཏུ་ལམ་རིམ་ཆུང་བ་འདི་རྗེ་ཞིང་གཤེགས་ཁར་ངེད་ཅག་བློ་དམན་པ་ཚོ་ལ་ཐུགས་བརྩེ་བས་དགོངས་ཏེ། སྔ་མ་རྣམས་ཀྱི་གནད་བསྡུས་ནས་གོ་སླ་བར་གསུངས་པ་ཡིན་པས་འདི་ཙམ་རེ་འཛིན་དགོས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགུང་ལོ་གསུམ་གྱི་སྟེང་ནས་ལམ་རིམ་ཆེན་མོ་ཐུགས་ལ་བཟུང་སྟེ་ཞལ་འདོན་


GTD003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་རེད། གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱིས་དབུའི་སྟེང་གི་བྲག་བར་ལ་ལམ་རིམ་ཆེན་མོ་ཞིག་དང། སྔས་ལ་ལམ་རིམ་ཆུང་ངུ་ཞིག་བཞག་སྟེ་དེ་ལ་གཏུགས་ནས་གཟིམས་པ་ཡིན། ང་ཚོ་དེ་འདྲ་རེ་ལ་མགོ་གཏུགས་ནས་འཆི་རྒྱུ་བྱུང་ན་ངན་སོང་དུ་བཏང་མི་ཡོང། དཔེ་ཆའང་གང་བྱུང་ལ་བལྟས་ན། ད་ལྟ་ལྟ་བ་སྙིགས་མའི་སྐབས་འདིར་བློ་སྣ་ཕྱིན་ཅི་ལོག་ཏུ་འགྲོ་སླ་བས་གང་རུང་རུང་ལྟ་མི་ཉན། བདེ་ལམ་དང་འཇམ་དཔལ་ཞལ་ལུང་བླ་མའི་མན་ངག་རྣམས་ཀྱི་ལྡེ་མིག་བྱས་ནས་རྒྱན་འཇུག་གཉིས་སོགས་སྔར་བཤད་པ་དེ་རྣམས་ཀྱི་དགོངས་པ་རྟོགས་པའི་ཕྱིར་དཔྱད་པ་ཞིབ་ཏུ་བྱ་དགོས་སོ། །༈ རྒྱུ་ཚོགས་གསུམ་པ་ཚུལ་བཞིན་ཡིད་ལ་བྱེད་པ་ནི། བླ་མ་བྱམས་པས་གཙང་པས་བག་ཐུག་འཐུང་བ་འདྲ་བ་ཞིག་དགོས་གསུངས་ཏེ། གཙང་པ་རྣམས་བག་རིལ་གྱི་ཐུག་པ་འཐུང་ཚེ་ལག་པ་གཡས་ལ་ཤིང་ཐུར་རྩེ་མོ་ཅན་རེ་བཟུང་ནས་བག་རིལ་གཅིག་དམིགས་འོག་ཏུ་བཅུག་པ་དང་གཅིག་ལ་འཛུགས་པ་ལྟར་དང་པོ་སྐྱེས་བུ་ཆུང་ངུའི་ལམ་རྣམས་ཉམས་འོག་ཏུ་ཚུད་པ་བྱས། དེའི་ཚེ་ནའང་སེམས་ཀྱི་ཕུགས་ལ་འདིས་ཆོག་པ་མེད། འབྲིང་དང་ཆེན་པོར་འགྲོ་དགོས་པ་ཡོད་བསམ། འབྲིང་ལ་སློབ་པའི་ཚེའང་ད་དུང་སྐྱེས་བུ་ཆེན་པོའི་སྐོར་དང། དེའི་འང་སྙིང་པོའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་ལ་འགྲོ་དགོས་པ་ཡོད་སྙམ་ནས་འདི་ཞེ་ཕུགས་སུ་བཞག་སྟེ་ལམ་སྔ་མ་རྣམས་ཉམས་འོག་ཏུ་ཚུད་པ་དགོས་སོ། །རྒྱུ་ཚོགས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་འདི་དག་ཞལ་ལུང་དུ་གསལ་བར་མ་བགྲངས་


GTD003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཞལ་ལུང་འདིར་ཞལ་འཕངས་མཛད་པའི་ལུགས་སྲོལ་གཉིས་བྱུང་སྟེ། མཁས་གྲུབ་རྗེ་ནས་བརྒྱུད་པའི་སྦྱོར་བ་ལ་ཐུན་མོང་བ་ལྟ་བའི་དོགས་གཅོད་ཆེན་མོ་ནས་གསུངས་པ་དང། ཐུན་མོང་མ་ཡིན་པ་དགའ་ལྡན་ཕྱག་རྒྱ་ཆེན་པོ་ནས་གསུངས་པ་ལྟར། ནང་པར་ཆུད་པའི་སྒོ་གཅིག་པུ་སྐྱབས་འགྲོ་དང། ཐེག་ཆེན་ཐུན་མོང་མ་ཡིན་པའི་འཇུག་སྒོ་སེམས་བསྐྱེད་གཉིས་བསྡོམས་པ་དང། སྡིག་པ་སྦྱོང་བའི་སྒོ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང། ཚོགས་གསོག་པའི་སྒོ་མཎྜལ་དང། བྱིན་རླབས་འཇུག་པའི་སྒོ་བླ་མའི་རྣལ་འབྱོར་དང་བཞི་གསུངས་ཤིང། རྗེ་ཤེས་རབ་སེང་གེ་ནས་བརྒྱུད་པ་ནི་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་སོགས་ལྟ་ཁྲིད་དྲན་པ་བཞི་ལྡན་དུ་གྲགས་པ་མདོ་སྔགས་གཉིས་ཀ་འདྲེས་པའི་ལྟ་བ་སྐྱོང་ལུགས་ཤིག་ཡིན་ཞིང་འདི་འང་མིང་ཙམ་མ་གཏོགས་དོན་སྔ་མ་དང་འདྲའོ། །དེ་ལ་འོ་ན་རྒྱུ་ཚོགས་དེ་རྣམས་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཞིག་ང་ཚོའི་རྒྱུད་ལ་སྐྱེད་ནུས་སམ་ཞེ་ན། ང་ཚོས་ཀྱང་ཟབ་མོ་སྟོང་པ་ཉིད་དེ་རྟོགས་ཐུབ་མོད། འོན་ཀྱང་དཀའ་བ་དྲག་པོ་སྤྱད་དགོས་པས་རྟོགས་པ་ཤིན་ཏུ་དཀའ། དཀའ་བ་དེའང་ང་ཚོ་ཁོ་ན་ལ་དཀའ་བ་མ་ཡིན། སངས་རྒྱས་ཞལ་བཞུགས་པའི་དུས་ནའང་གདུལ་བྱ་རྣམས་འདི་ལ་འགོད་པ་ཤིན་ཏུ་དཀའ་བར་གཟིགས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གསུངས་ཏེ།


GTD003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ཞེ་དགུར་ཆོས་མི་གསུངས་པའི་ཚུལ་མཛད་པ་ནི། ཚངས་པ་ཆེན་པོས་ཁྱོད་ཀྱིས་སྔོན་བསྐལ་པ་གྲངས་མེད་པ་མང་པོའི་བར་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབས་ནས་ད་འགྲོ་བ་ལོང་བ་ཉམ་ཐག་པ་མགོན་མེད་སྐྱབས་མེད་གླིང་དང་དཔུང་གཉེན་མེད་པ་འདི་རྣམས་ཡལ་བར་བོར་ནས་བཏང་སྙོམས་སུ་མཛད་པ་མི་རིགས་པས། གདུལ་བྱ་རྣམས་ལ་བདུད་རྩིའི་སྒོ་མོ་དབྱེ་ཞིང་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ་ཞེས་གསོལ་བ་ཡང་ཡང་བཏབ་ནས་གསུངས་པ་ཡིན་ལ། རྩ་ཤེས་ལས་ཀྱང་། དེ་ཕྱིར་ཞན་པའི་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་སོ། །རང་རེ་ཆོས་ཟབ་མོ་སྟོང་ཉིད་ཀྱི་དོན་ལྟ་ཞོག །ལུས་འདི་མི་གཙང་བའི་རང་བཞིན་ཅན་ཡིན་པར་མངོན་སུམ་གྱིས་གྲུབ་པར་འདུག་ཀྱང་ད་དུང་རྟོགས་མི་ནུས་ཤིང། སྐྱེས་བུ་ཆུང་ངུའི་སྐབས་ཀྱི་མི་རྟག་པ་དེའང་རྟོགས་མི་ནུས་ན། མི་རྟག་པ་ཕྲ་མོ་རྟོགས་པའི་གོ་སྐབས་ག་ལ་ཡོད། དེས་ན་སྟོང་ཉིད་རྟོགས་པའི་ཐབས་ལ་རིམ་གྱིས་སློབ་དགོས་པས་དང་པོར་བསམ་ཚུལ་ནི། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་སོགས་ལྟར། འཁོར་བའི་གནས་སུ་སྡུག་བསྔལ་སྣ་ཚོགས་ལ་སྦྱོར་བར་བྱེད་མཁན་སུ་ཡིན་སྙམ་ན། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང། །ཞེས་སོགས་ལྟར། སེམས་ཀྱིས་བྱས་པ་ཡིན་ལ་སེམས་དེའང་ཉོན་མོངས་པའི་དབང་དུ་སོང་བ་ཡིན་པས།


GTD003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་འདི་ལ་དགྲར་བལྟས་ཏེ་མི་ལུས་ཁྱད་པར་ཅན་ཐོབ་པའི་དུས་འདིར་འདི་ལས་ཐར་པ་ཞིག་མ་བྱས་པའི་ཐབས་མི་འདུག་སྙམ་དུ་སྐྱོ་ཤས་ཤུགས་དྲག་པོ་བསྐྱེད་ནས་བསྒོམ་པ་མ་གཏོགས་དགའ་དགའི་ཉམས་ལྟ་བུའི་ངང་ནས་བྱས་པས་གང་ཡང་མི་ཡོང་བས། སྙིང་ནང་གི་དགྲ་བོ་འདི་དྲུངས་འབྱིན་དགོས། དེ་ཡང་རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །ཞེས་སོགས་ལྟར་བདེན་འཛིན་དེའི་ཞེན་ཡུལ་ཡོད་མེད་བརྟགས་ཏེ་ཡོད་ན་བལྟས་ཀྱིན་གསལ་དུ་འགྲོ་བས་གླགས་མི་ཁེལ། གལ་ཏེ་མེད་བཞིན་དུ་ང་མ་རིག་པས་བསྒྲིབས་ནས་ཡོད་པར་འཁྲུལ་བ་ཡིན་ན། རིགས་པས་དཔྱད་དེ་བློ་ངན་འདིའི་ཡུལ་སུན་འབྱིན་དགོས། དེ་ལ་དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད་སོགས་བཞི་གསུངས་པ་ལས། དང་པོར་དགག་བྱ་ངོས་ཟིན་པ་གལ་ཆེ། དེའང་བླ་མ་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ། རྒྱལ་བའི་བཀའ་དང་མཐུན་པ། ཤིང་རྟ་ཆེན་པོའི་ལུང་རིགས་ཀྱིས་ཐོན་པ་ཞིག་བསྟེན་པ་མ་གཏོགས། རི་བོང་ཅལ་རྒྱུག་མི་རུང། དགག་བྱ་ངོས་འཛིན་ཚུལ་ནི། འཇུག་པ་ལས། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །ཞེས་སོགས་ལྟར། སྦྲུལ་གྱི་འཇིགས་པ་སེལ་བ་ལ་དེ་ན་སྦྲུལ་མེད་པར་ཤེས་པའམ་ཡང་ན་འདོར་དགོས་ཏེ། གཞན་གྱིས་འཇིགས་པ་སེལ་མི་ནུས་པ་བཞིན་དུ། རང་གི་མཎྜལ་ཁང་པ་གཞན་ཞིག་ཏུ་ལུས་ཡོད་སྙམ་པའི་ཚེ་སེམས་ངོ་


GTD003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་དེ་ན་ཀོར་རེ་ཡོད་པའི་ཉམས་འཆར་བ་ན། བཙལ་བ་ན་མེད་པར་ཐག་ཆོད་པ་ལྟར། དགག་བྱ་བཙལ་ནས་མེད་པར་ཤེས་དགོས་པ་ཡིན། ཚོལ་ལུགས་མ་ཤེས་ན། འདུལ་བ་ལུང་ལས་གསུངས་པ་ལྟར། སྔོན་རྐུན་མ་ཞིག་གིས་མིའི་ལྷམ་བརྐུས་ནས་མགོ་ལ་གྱོན་ཏེ་བདག་པོས་བཙལ་བའི་ཚེ་ཁྱོད་ལ་ལྷམ་ཡོད་དོགས་མེད། ཡོད་ན་ང་འདྲ་བོ་བྱས་ནས་མགོ་ལ་གྱོན་དགོས་རྒྱུ་རེད་ཅེས་བཤད་ཀྱང་ད་དུང་མ་ཤེས་པར་བཙལ་བ་བཞིན་དུ་ངལ་བ་འབྲས་མེད་དུ་འགྱུར་བས། འཇིག་རྟེན་ན་རྐུན་མ་ནགས་ལ་སོང་བའི་རྗེས་སྤང་ལ་གཅོད་པའི་དཔེར་སོང་བ་ཡིན། དེའི་རྒྱུ་མཚན་གྱིས་བདེན་པར་གྲུབ་ན་འདི་འདྲ་ཞིག་ཏུ་གྲུབ་དགོས་རྒྱུ་རེད་སྙམ་དུ་སེམས་ཐོག་ནས་རྣམ་པ་འཆར་རྒྱུ་ཞིག་མ་བྱུང་ན། འཁོར་བའི་རྩ་བ་འཇིག་ལྟ་ཡིན། འཇིག་ལྟ་དེས་ངའོ་སྙམ་དུ་བཟུང་བ་ཡིན་ཞེས་པ་ཙམ་གྱིས་ལྟ་བ་ལ་གང་ཡང་མི་ཕན་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པས་རྐུན་མ་ངོས་འཛིན་པའི་ཚེ་བཙུན་པ་ཞིག་ཡིན་བྱས་པ་ལ་གང་འདྲ་ཞིག་ཟེར་བྱུང་ཚེ་མཛུབ་མོ་འཛུགས་ཐུབ་པ་ཞིག་དགོས་ཀྱི་བཙུན་པ་མགོ་རིལ་རིལ་ཞིག་བྱས་པས་མི་ཕན་པ་ལྟ་བུ་ཡིན་གསུངས། འདི་ལ་ཕྱག་ཆེན་གྱི་ཁྲིད་སོགས་གཏོང་ཚེ་བླ་མ་གོང་མ་ཚོའི་ཕྱག་སྲོལ་ལ་དགག་བྱ་ངོས་འཛིན་གྱི་ཁྲིད་ཕོག་ནས་དེའི་དགོང་མོ་བསྒོམ་དུ་བཅུག་སྟེ་ཕྱི་ཉིན་ཉམས་སྣང་འདྲི་བའི་ཕྱག་སྲོལ་ཡོད། དེ་ཙམ་ན་སྣང་ཚུལ་སྣ་ཚོགས་པ་ཡོང་སྟེ་ལ་ལ་ང་ཟེར་བ་དེ་མགོ་ནང་ན་མཁྲེགས་པོ་རིལ་རིལ་ཞིག་འདུག་ཟེར་བ་དེ་བསམ་མནོ་གཏོང་


GTD003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་མིག་ཧ་ཅང་བཙུམ་དྲགས་པས་མགོའི་ནང་ལ་ན་རིལ་ལི་བ་ཞིག་ཡོང་བ་ཡིན། ལ་ལ་སྙིང་ནང་ན་ཡར་གཟུངས་གཞུག་ཕུལ་བ་འདྲ་བ་ཞིག་འདུག་ཟེར་བ་དེ་བསྒྲིམ་དྲགས་པས་རླུང་ཡར་འཕྱུར་ཏེ་སྟོད་འཚང་བ་ཡིན། ལ་ལ་ནག་ཐོམ་མེ་བ་ཞིག་འདུག་ཟེར་བ་དེ་མིག་བཙུམ་པའི་སྐྱོན་གྱིས་མུན་པ་སྣང་བ་ཡིན། ལ་ལ་ཕུང་པོ་འདི་རང་ང་རེད་ཟེར་བ་དེ་སྔ་མ་ཚོ་ལས་དགའ་འང། ང་ངོས་ཟིན་པ་གཏན་མིན་ཏེ། འཇུག་པར། དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །ཞེས་ཕུང་པོ་བདག་མིན་པར་ཐག་བཅད་དེ་གསུང་ཞིང་ཕུང་པོ་གདགས་གཞི་ཡིན་ལ་གདགས་གཞི་ཡིན་ན་བཏགས་ཆོས་སུ་འགལ་བའི་ཕྱིར་ན། འདི་ལ་ང་ཡིན་པ་ཞིག་ངོས་ཟིན་དགོས་སོ། །དེ་ལའང་དགག་བྱ་རགས་པ་ཚོ་སྔར་འགོག་དགོས་ཏེ། རིན་ཆེན་འཕྲེང་བ་ལས། བསོད་ནམས་མིན་པ་དང་པོར་བཟློག །ཅེས་པ་ནས། ཐ་མར་ལྟ་ཞིག་ཀུན་བཟློག་པ། །ཞེས་གསུངས་སོ། །དེ་ལ་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་ཚུལ་ནི། དེ་རིང་གི་དངོས་པོ་འདི་རྣམས་ཁ་སང་གི་དེ་མ་ཡིན་པ་ཙམ་གཞན་སྡེའི་མཁས་པ་ཚོས་ཤེས་ཀྱང་སྒྲ་ལྟ་བུ་ནམ་མཁའི་ཡོན་ཏན་ཡིན་ལ། ནམ་མཁའ་རྟག་ཏུ་འགྱུར་བ་མེད་པས་སྒྲ་ཡང་རྐྱེན་དང་ཕྲད་ཚེ་གསལ་བར་འགྱུར་བ་མ་གཏོགས་རྟག་ཏུ་ནམ་མཁའ་དང་འདྲེས་ནས་སྡོད་པར་འདོད་ལ། དེ་བཞིན་དུ་སྐྱེ་འཆི་ལ་སོགས་པ་འདི་ཐམས་ཅད་རྩ་བའི་རང་བཞིན་དེའི་རྣམ་འགྱུར་ཡིན་


GTD003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྟག་ཏུ་ཐམས་ཅད་དེའི་ངོ་བོར་བག་ལ་ཞ་བའི་ཚུལ་གྱིས་ཡོད་པ་ལ་རྐྱེན་གྱི་དབང་གིས་སྐབས་སྐབས་སུ་གསལ་བར་འདོད་དོ། །རང་ཅག་རྣམས་ལ་ཁ་སང་གི་མི་དེ། དེ་རིང་གི་མི་འདི་ཡིན་སྙམ་པ་ངང་གིས་འབྱུང་བས། དེ་མངོན་པ་མཛོད་སོགས་ལས་སྐྱེ་གནས་འཇིག་གསུམ་གྲུབ་བདེ་རྫས་གཅིག་ཏུ་གསུངས་པའི་རིགས་པ་རྣམས་ཀྱིས་འགོག་དགོས། རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་ཚུལ་འདི་རྣམ་འགྲེལ་རང་ལ་ཤིན་ཏུ་གསལ་ཞིང། དེའང་ང་དེ་ཕུང་པོ་ལ་དབང་སྒྱུར་བ་པོར་འཛིན་པ་ཡིན་ལ། ལུས་ལ་དབང་སྒྱུར་བ་པོར་བཟུང་བ་གང་གིས་ཤེས་ན། ལུས་གཅོང་ནད་ཅན་ཞིག་ལ་གཟུགས་ཕུང་ནད་མེད་པ་ཞིག་གིས་ཁྱོད་ཀྱི་ལུས་ང་དང་ཨི་བརྗེ་ཟེར་ན། བརྗེ་འདོད་ངེས་པར་སྐྱེ་སྟེ་ཚོང་བའི་ཚོང་ཟོག་ལྟར་སྡུག་པོ་ཕར་བྱིན་ནས་བཟང་པོ་ལེན་པར་འདོད་པ་དེ་དབང་བྱར་བཟུང་བའི་རྟགས་ཡིན། དེ་བཞིན་དུ་སེམས་ཀྱང་དཔེར་ན་མི་བློ་རྟུལ་པོ་ཞིག་ལ་བལྟས་པ་ཙམ་གྱིས་ལམ་ལམ་ཤེས་པའི་ཤེས་རབ་ཅན་ཞིག་གིས་དེ་ཟེར་བྱུང་ཚེ། བརྗེ་འདོད་སྐྱེ་བའང་དབང་བྱའི་རྫས་ལྟ་བུ་བཟུང་བའི་རྟགས་ཡིན་ནོ། །དེ་ལྟ་བུའི་བདག་མེད་རགས་པ་བྱེ་མདོའི་ལུགས་ཀྱི་དེ་ཙམ་རེ་ཤེས་རྒྱུ་བྱུང་ནའང་འགངས་ཤིན་ཏུ་ཆེ། ༈ དེ་ནས་སེམས་ཙམ་པའི་ཕྱི་དོན་མེད་པར་བཤད་པ་ཁས་ལེན་མི་ལེན་གང་ལྟར་ཡང་ཕྱི་རོལ་དོན་གྱི་ངོས་ནས་བདེན་པར་གྲུབ་རྒྱུ་མེད་པར་བཤད་པ་འདི་གནད་ཤིན་ཏུ་ཆེ་བས་རྗེས་ཀྱང་འདི་ལ་བསྔགས་བརྗོད་རྒྱ་ཆེན་པོ་མཛད་དོ། །སེམས་ཙམ་པའི་ཕྱི་དོན་མི་འདོད་


GTD003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི། ཡུལ་ཐམས་ཅད་ཀུན་གཞིའི་སྟེང་གི་བག་ཆགས་སྨིན་པའི་ཆ་ཙམ་མ་གཏོགས་དོན་གྱི་ངོས་ནས་གྲུབ་པ་གང་ཡང་མེད་བྱས་ཙ་ན་དོན་སྨྲས་ཀྱང་བྱ་ཐབས་མ་རྙེད་ནས་ཀ་བ་ལྟ་བུ་ལ་ལག་པས་འཇུས་ཏེ་འདི་ཅི་ཡིན་ཟེར་ན། འདི་ནི་བརྗོད་དུ་མེད་པའི་དངོས་པོ་ཡིན་ཟེར། དེའི་དོན་ནི་ཕྱི་ན་ཡོད་ཡོད་ལྟར་སྣང་ཡང་ནང་སེམས་ཀྱི་བདག་ཉིད་ལས་ལོགས་སུ་བརྗོད་དུ་མེད་པ་ཡིན། འོ་ན་ང་ཚོའི་སྐྱབས་གནས་སངས་རྒྱས་བཅོམ་ལྡན་འདས་ཀྱང་ང་ཚོའི་སེམས་ཀྱི་བདག་ཉིད་དུ་འདོད་དགོས་པར་འདུག་པས་དེ་འདྲ་མི་རུང་སྙམ་ནས་སངས་རྒྱས་དང། ཡང་དམྱལ་བའི་སྡུག་བསྔལ་སོགས་གཞན་རྒྱུད་ཀྱི་ཆོས་རྣམས་རང་རེའི་སེམས་ཀྱི་བདག་ཉིད་དུ་གྲུབ་མི་དགོས་ཞེས་འཆད་པ་ལ། དཔལ་ཆོས་ཀྱི་གྲགས་པས་རྒྱུད་གཞན་གྲུབ་པ་དམིགས་ཀྱིས་བསལ་ནས་མཛད་པ་ཡིན། སེམས་ཙམ་འདོད་ཚུལ་འདིའི་གནད་བསྡུས་ན་སྔོན་འཛིན་མིག་ཤེས་སོགས་བློ་གང་དང་གང་ལ་ཡུལ་སྣང་ཙམ་དེ་ཀ་ཤེས་པ་དེའི་ངོ་བོར་སྒྲུབ་འདོད་པ་ཡིན་ཞིང། སེམས་ཙམ་གྱི་ལྟ་བ་འདི་ལ་བརྟེན་ནས་ཀྱང་ཤཱན་ཏི་བ་སོགས་གྲུབ་ཆེན་མང་དུ་བྱུང་བས་གནད་ཤིན་ཏུ་ཆེའོ། །༈ དེ་ནས་དབུ་མའི་ལྟ་བ་མཐར་ཐུག་གི་དགག་བྱ་ངོས་འཛིན་པ་ནི། བཞི་བརྒྱ་པའི་འགྲེལ་བར་རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང། ཞེས་སོགས་ཀྱིས་བཤད་པའི་དགག་བྱ་དེ་ཉིད་གང་ཟག་དང་ཆོས་ལ་སྦྱར་བའི་སྟོང་ཉིད་ཙམ་མ་གཏོགས་དགག་བྱ་ལ་ཕྲ་


GTD003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རགས་མེད་ཀྱང་དམིགས་པའི་གནད་ཀྱིས་བློ་ལ་འཆར་དཀའ་སླ་ཡོད་དོ། །འཛིན་པ་གཉིས་ཀྱི་སྐྱེ་རིམ་ཡང། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །ཞེས་སོགས་ལྟར། ཕུང་པོའི་རང་བཞིན་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་འདིས་གཞི་བྱས་ནས་གང་ཟག་གི་བདག་འཛིན་སྐྱེ་བ་ཡིན། དེའི་རྒྱུ་མཚན་གྱིས་ཕུང་པོ་ཁོ་རང་བདག་མ་ཡིན་ཀྱང་བདག་གི་འདོགས་གཞི་ཡིན་ལ། བདག་ཀྱང་གཞི་ཕུང་པོ་ལྔ་པོ་དེ་ལ་ཕར་བཏགས་ཙམ་གྱི་བཏགས་ཡོད་མིང་རྐྱང་ཙམ་ཞིག་ཡིན་པར་འཇུག་ཊཱིཀ་ཆེན་མོར་གསུངས་སོ། །དེ་ལ་བཏགས་ཙམ་ཡིན་པ་དེ་དཔེ་ཇི་ལྟ་བུ་ཡིན་ན། རབ་འབྱམས་པ་ཟེར་བ་ཚོའང་བུ་ཚ་ཆུང་ངུའི་དུས་ན་རབ་འབྱམས་པ་མི་ཟེར། ཆོས་སྒོར་ཞུགས་སློབ་གཉེར་བྱས། བྱ་བ་མང་པོ་ཞིག་བྱས་ནས་མིང་ལ་རབ་འབྱམས་པ་བཏགས་པ་དང། མི་ཚོས་ཀྱང་རབ་འབྱམས་པ་ཟེར། ཁོ་རང་ལའང་ང་རབ་འབྱམས་པ་ཡིན་སྙམ་པ་སྐྱེ་སྟེ་འདི་ལ་བླ་མ་བྱམས་པའི་གསུང་ལས། ང་སྔ་མོ་ལྷ་རམས་པ་བྱས་ཚར་ཙ་ན། ང་སེ་རའི་ལྷ་རམས་པ་ཡིན་སྙམ་ང་རྒྱལ་ཆེན་པོ་ཡོད། དེ་ནས་པཎ་ཆེན་ལ་མཇལ་ཕྱིན་ཚེ། མི་ཚོས་ཁྱེད་རང་གནས་སྐོར་བ་ཡིན་ན་འདིར་སྡོད་ཟེར་སྙིང་རྗེ་ནས་གནས་ཚང་རེ་གཏོང་བ་ཙམ་མ་གཏོགས་ལྷ་རམས་པའི་མིང་ཡང་མི་འདུག་གསུངས། དེ་བཞིན་དུ་ང་ཟེར་རྒྱུ་ཕུང་པོ་ལ་ལྟོས་ཏེ་ཕར་བཏགས་པ་མ་གཏོགས། ཁོ་རང་གི་ངོས་ནས་ཚུར་བཏོན་ཡོང་རྒྱུ་མེད། འདི་ལའང་ལྟོས་ནས་གྲུབ་པ་དང་བརྟེན་ནས་བཏགས་པ་


GTD003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཤད་པའི་ཕྱི་མ་ཕྲ་ཤོས་ཡིན་ཏེ། ཆོ་ག་རྣམས་སུའང་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ཞེས་འབྱུང་ངོ་། །འདི་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་གཞི་གྲུབ་ན་འདུས་བྱས་ཡིན་པས་ཁྱབ་སྟེ། རྟེན་འབྱུང་ཡིན་པས་ཁྱབ་པའི་ཕྱིར། རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་སོགས་གསུངས། འདིར་གསུངས་པའི་ལྟོས་གྲུབ་ཀྱི་དོན་ལའང་དངོས་སྨྲ་བས་སྔ་ཕྱི་བ་དགོས་པར་འདོད་ཀྱང། འདིར་ནི་རྩ་ཤེས་ལས། ཤེས་པ་མེད་ན་ཤེས་བྱ་མེད། །ཤེས་བྱ་མེད་ན་ཤེས་པ་མེད། །ཅེས་དུས་མཉམ་པ་ལ་ལྟོས་གྲུབ་གསུངས་སོ། །རྟེན་འབྲེལ་གྱི་གནད་འདི་ཤེས་ན་སྟོང་པ་གོ་བ་ལ་ཚེགས་མེད་དེ། གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱིས་ཆོས་གོས་ཀྱི་གྲྭ་ལ་བརྟེན་ནས་སྟོང་ཉིད་རྟོགས་པ་ཡིན། དེའང་དཔེར་ན་སྔ་མོ་བཀྲ་ཤིས་ལྷུན་པོར་མཁའ་འགྲོ་མ་ཡིན་ཟེར་བའི་སྨྱོན་མ་འདྲ་བ་ཞིག་བྱུང་སྟེ། གྲྭ་པ་རྣམས་ཀྱིས་ཕྱི་དྲོའི་ཁ་ཟས་ཟ་བ་མཐོང་ནས་དགོན་པའི་མཐར་སྐད་བཏོན་ཏེ། པཎ་ཆེན་གྱིས་གསན་པ་བྱས་ནས། ལྷན་པ་ཕྲེད་སླན་ཞིག་མ་ཡིན་པ། དགེ་ཚུལ་སློང་གཉིས་ལ་ཁྱད་པར་མི་འདུག་གོ་ཟེར་བ་ལྟར་སྣམ་བུ་སེར་པོ་ཞིག་ལྷན་པ་མང་པོ་བྱས་པ་ན་ངའི་ཆོས་གོས་སྙམ་ཁོའི་ངོས་ནས་ཚུར་ལིང་ངེ་གྲུབ་པ་འདྲ་བ་ཞིག་འཆར་ཡང་བློས་བཟོས་པ་ཡིན། ཁོའི་ངོས་ནས་གྲུབ་ན་ཐམས་ཅད་ལ་དེ་འདྲ་འབྱུང་དགོས་རྒྱུ་ལ་ང་ཚོ་རྒྱུས་ཡོད་ཚོ་མ་གཏོགས། རྒྱ་མི་ཆོས་གོས་ཀྱི་


GTD003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཙམ་ཡང་མི་ཤེས་པ་ཞིག་ལ་བསྟན་ན་དེ་འདྲ་གང་ཡང་སྐྱེས་མི་ཡོང་བས། དེ་འདྲའི་རིགས་པའི་སྒོ་དུ་མ་ནས་བསམ་དགོས། སྔོན་རྒྱུད་པ་འདི་ལ་གྲུབ་པ་ཐོབ་པ་མང་པོ་ཡོང་བས་དེ་འདྲ་ཞིག་གིས་དགེ་བཤེས་ཤིག་ཀ་བ་ལ་བསྙེལ་ནས་ཡོད་པའི་དྲུང་དུ་ཡོང་སྟེ་ང་ལ་ལྟ་ཁྲིད་ཅིག་གནང་དགོས་ཞུས་པར། དགེ་བཤེས་དེས་རྒྱབ་ཀྱི་ཀ་བ་ལ་ཕྱིར་མགོ་རྡེག་རྡེག་བྱས་ནས་རང་རྒྱུད་པ་ཟེར་བ་དེས་འདིའི་སྟེང་ནས་ཀ་བ་རྙེད་རྒྱུ་ཡོད་ཟེར་བ་རེད། ཐལ་འགྱུར་བ་ཟེར་བ་དེས་འདིའི་སྟེང་ནས་རྙེད་རྒྱུ་ཅང་མེད་ཟེར་བ་རེད། ཡིན་ནའང་ངས་ལྟ་བ་ཤེས་ཀྱི་མེད། གཙང་ན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སློབ་མ་དྲུང་པ་རྒྱལ་ཚབ་པ་བྱ་བ་ཡོད་པ་རེད། ཁྱེད་རང་དེའི་རྩར་རྒྱུག་གསུང་བ་ལྟར་ཁོང་གིས་ཕྱིན་ནས་ལྟ་ཁྲིད་ཞུས་པས། དྲུང་པའི་ཕྱག་ལེན་ལ་དགག་བྱ་ངོས་འཛིན་གྱི་ཁྲིད་ཕོག་ནས་ཞག་བདུན་སྒོམ་བཅུག་སྟེ་ཉམས་རྟོགས་འབུལ་དགོས་ལ། ཞག་བདུན་ན་ཡོང་མཁན་མ་བྱུང་བ་དང་བླ་མས་གསུངས་ནས། ཨཻ་དགའ་མ་བཟང་ཁོ་གཡང་ལ་མཆོངས་ཡོང་གསུངས་ནས་གྲྭ་པ་གཉིས་མངགས་པས་ཁོ་བྲག་གི་ཕུག་རང་ལ་འཐམ་ནས་བསྡད་འདུག་ཟེར། བླ་མའི་རྩར་ཤོག་བྱས་པས་ང་སྐྲག་གི་ཟེར་ཁོང་གཉིས་ཀྱིས་བསྐྱོར་ནས་བླ་མའི་རྩར་འོང་བ་དང། བླ་མས་ཐ་སྙད་པའི་འཇོག་ཚུལ་གསུངས་པས་དྲག་པ་དང། རྗེ་རིན་པོ་ཆེས་ཆོས་སྡིངས་སུ་ལྟ་ཁྲིད་གནང་བའི་ཚེ། རྗེ་ཤེས་རབ་སེང་གེས་ལྟ་བ་རྟོགས་པ་ན་འཇིགས་སྣང་བྱུང་སྟེ་ཕྱག་གིས་ན་བཟའི་གོང་བར་འཐམ་པ་དང།


GTD003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཁྱེན་ནས་ཐུགས་མཉེས་མཉེས་མཛད་དེ། སྣར་ཐང་པས་ཀུན་རྫོབ་གོང་བ་ལ་བཞག་པ་རེད་གསུངས་ཏེ་སྟོང་པ་རྟེན་འབྲེལ་དུ་ཤར་བའི་དོན་ཡིན། དེའང་དབང་པོ་རྣོ་རྟུལ་གྱི་ཁྱད་ཀྱིས་རྟུལ་པོ་ལ་འཇིགས་ཆུམ་པ་འབྱུང་ཞིང། སྔོན་ནས་གོམས་པ་བསོད་ནམས་ཀྱི་ཤུགས་ཆེ་བའི་དབང་རྣོན་རྣམས་ལ་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་སྤྲོ། དེའི་ཚེ་ནའང་སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །ཞེས་སོགས་ལྟར། དགག་བྱ་ངོས་ཟིན་པའི་སྣང་ཚུལ་དེ་མ་ཤོར་བའི་ངང་ནས་དེ་ལ་གཞི་བྱས་ཏེ་གཅིག་དུ་བྲལ་སོགས་ཀྱིས་དཔྱད་པ་བྱེད་པ་མ་གཏོགས་སྣང་ཚུལ་ཤོར་ནས་དཔྱད་ན་ཀུན་རྫོབ་ལ་དཔྱད་པ་ཐལ་བའི་སྐྱོན་དུ་འགྱུར་ཏེ། འཇུག་པ་ལས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དཔྱད་ཉེས་པས་ཆད་མཐར་འགྱུར་རོ། །ཡང་བུམ་པའི་མཆུའང་བུམ་པ་མ་ཡིན། ལྟོ་བའང་མ་ཡིན་ཟེར་བ་དེ་ནི་ཐ་སྙད་བཤིག་པའི་སྟོང་པ་བློས་བྱས་ཉི་ཚེ་བའི་སྟོང་པ་ཞེས་པ་དེ་ཡིན་ཞིང། དེ་ཙམ་གསུང་རབ་ལ་མ་སྦྱངས་པ་ཚོས་ཤེས་སླ་བས་དེ་འདྲ་མི་རུང། དེར་མ་ཟད་བྱེ་མདོ་ཚོས་ཀྱང་བུམ་པ་བཏགས་ཡོད་ཡིན་ཟེར་མོད་ཀྱང་འཇུག་ཊཱིཀ་ཆེན་མོར་གསུངས་པ་ལྟར་འདི་བའི་བཏགས་ཡོད་ཀྱི་ཕྱོགས་ནའང་མེད་དོ། །དེ་ནས་རིགས་པས་འགོག་ལུགས་ལ་བདག་ཕུང་གཅིག་མ་ཡིན་པ་ལུས་བསྲེག་ཀྱང་བདག་ཕྱི་མར་འགྲོ་བའི་རགས་པས་ཀྱང་འགྲུབ་པས་གོ་སླ་ལ། ཐ་དད་འགོག་ཚུལ་འཇུག་


GTD003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །ཞེས་སོགས་ལྟར། སྤྱིར་ང་དང་ཕུང་པོ་ཐ་དད་ཙམ་ཞིག་ཡིན་མོད་ཀྱང། ང་ཚོའི་བློ་ལ་ང་དང་ངའི་ཞེས་ཐ་དད་དུ་སྣང་བའི་སྣང་ཚུལ་འདི་ལྟར་མ་གྲུབ་པས་སེམས་ཀྱི་སྣང་ཚུལ་དང། འཇིག་རྟེན་གྱི་ཐ་སྙད་གཉིས་འདྲེས་ན་བློ་ལ་འཛིང་སྟེ་འཇོག་མི་ཤེས་པས་སོ་སོར་འབྱེད་དགོས། གལ་ཏེ་བློ་ལ་ཐ་དད་དུ་སྣང་བ་འདི་ལྟར་གྲུབ་ན་བདེན་པའི་ཐ་དད་ཡིན་པས་རྣམ་པ་ཀུན་ནས་འབྲེལ་མེད་ཀྱི་ཐ་དད་དུ་འགྱུར་དགོས། རིགས་པ་དེ་དག་གིས་དཔྱད་ནས་རང་གི་ངོ་བོས་མ་གྲུབ་པར་ངེས་པ་ན། དེ་དང་པོ་རིབ་ཙམ་རིབ་ཙམ་རེ་མཉམ་པར་འཇོག་པ་མ་གཏོགས་རྒྱུན་རིང་ན་སྐད་ཅིག་གཉིས་པ་ནས་ནམ་མཁའ་སྟོང་སང་ལྟ་བུའི་སྣང་བར་འགྱུར་ཏེ། ཀུན་རྫོབ་ཀྱི་སྣང་བ་ཡིན་གྱི་གནས་ལུགས་བསྒོམ་པར་མི་འགྲོ་བས་ཏིང་ངེ་འཛིན་དེ་འདྲ་ལ་ཇི་ཙམ་གནས་དགོས་པ་མེད་དེ། དཔེར་ན་སྟོན་པའི་དུས་ན་ལྷག་སྤྱོད་ཀྱིས་སྐྲ་རིང་པོ་བཞག་སྟེ་ཏིང་འཛིན་བསྒོམ་ནས་སྟོན་པ་ཟིལ་གྱིས་གནོན་འདོད་དེ་དབུགས་བཟུང་ནས། ལོ་བཅུ་གཉིས་ཏིང་ངེ་འཛིན་བསྒོམས་ཏེ་ལངས་པ་ན་སྐྲ་ཙི་ཙིས་བཏོག་ནས་མགོ་ཟངས་རྡོག་ལྟར་སོང་བ་མཐོང་བས་ཁྲོས་ནས་ཁྲག་སྐྱུག་སྟེ་ཤི་ནས་དམྱལ་བར་སྐྱེས་པར་མདོ་ཏིང་ངེ་འཛིན་རྒྱལ་པོར་གསུངས་པ་ལྟ་བུ་ཡིན། ལྟ་བ་ཕྱིས་སྐྱོང་བའི་ཚེའང་དབང་རྣོན་གྱིས་དྲན་ཙམ་རེ་བྱས་པས་ཆོག་ཀྱང། དབང་རྟུལ་གྱིས་དགག་བྱ་དེ་གྲུབ་ན་འདི་འདྲ་ཡོད་དགོས་རྒྱུ་ལ་སྙམ་དུ་འགོ་ནས་གསལ་བཏབ་སྟེ་བསྒོམ་དགོས། དེའི་རྗེས་ལ་ཆོས་ཀྱི་བདག་མེད་


GTD003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་སླ་སྟེ། བཞི་བརྒྱ་པར། གཅིག་གི་སྟོང་ཉིད་གང་ཡིན་པ། །ཞེས་སོགས་ལྟར། སྟོང་གཞི་སྤོས་ཙམ་ལས་ངོ་བོ་ལ་ཁྱད་མེད། འདིའང་དཔལ་ལྡན་ཟླ་བའི་ལུགས་སྲོལ་ཡིན་གྱི་གྲུབ་མཐའ་གཞན་ཚོའི་བདག་མེད་གཉིས་མི་འདྲ་བས་རིགས་པའང་གཏན་མི་འདྲའོ། །དེ་ལ་འོ་ན་ཆོས་ཀྱི་བདག་མེད་ཅེས་པའི་ཆོས་དེ་གང་ལ་བྱེད་ན། སྤྱིར་ཆོས་ཀྱི་སྐད་དོད་དྷརྨ་ཞེས་པ་གཟུང་བ་ལ་འཇུག་པས་ཡིད་བློ་རྟོག་པའི་སྣང་ཡུལ་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་མངོན་པ་མཛོད་སོགས་ནས་བཤད་པ་དང། དྷཱ་ར་ཞེས་པ་འཛིན་པ་ལ་འཇུག་པས་དགེ་བཅུའི་ཚུལ་ཁྲིམས་ཀྱིས་ངན་འགྲོ་ལས་འཛིན་པས་ཆོས་དང། མི་དགེ་བ་ཆོས་མིན་དུ་བཤད་པ་ལྟ་བུ་ཡོད་ཀྱང། འདིར་ང་ཡིར་བྱ་རྒྱུའི་ཕུང་པོ་ལྔ་དང་ང་གཉིས་ཀྱི་ནང་གི་སྔ་མ་ལ་བྱ་དགོས། དེའི་སྟེང་དུ་གནད་བཞི་སོགས་ཀྱིས་གཏན་ལ་འབེབས་ཚུལ་སྔར་བཤད་པ་དང་ཁྱད་མེད། འདི་ལ་དོགས་པ་འདི་ཡོད་དེ་རང་ངོས་ནས་མེད་བྱས་ན་ཆད་མཐར་འགྲོ་ཉེན་འདུག་པས། རྟོག་བཏགས་མ་ཡིན་པར་ཞེས་སྦྱོར་དགོས་སམ་སྙམ་ན། དེ་འདྲ་བྱས་ན་མ་ཡིན་དགག་ཏུ་འགྲོ་ལ། འདིར་ནི་རང་ངོས་ནས་ཡོད་ན་འདི་འདྲ་ཞིག་ཏུ་ཡོད་རྒྱུ་ལ་མི་འདུག་སྙམ་དུ་དགག་བྱ་བཅད་ཙམ་དེ་ཀ་ཁོ་ན་འཆར་དགོས་པས་སྒྲུབ་པ་དངོས་ཤུགས་གང་ལའང་བསྒྲུབ་མི་རུང། འདི་བློ་ལ་མ་ཤོང་བའི་དོལ་བོ་པ་སོགས་ཀྱིས་དཔལ་ལྡན་ཟླ་བ་སོགས་ལ་རང་སྟོང་ངན་པ་དེ་ཞེས་


GTD003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་ནས་རང་ལུགས་རྟག་བརྟན་ཐེར་ཟུག་གི་ཆོས་ཉིད་སྒྲུབ་པ་རང་དབང་བ་ཞིག་ཁས་བླངས་པ་འདི་ལྟ་བ་ཐ་ཆད་ཡིན་ནོ། །རང་ཚོས་ཀྱང་མ་ཡིན་དགག་དང་མེད་དགག་ཅེས་ཁ་ན་བའི་བར་ལ་སྨྲས་ཀྱང་གནད་འདི་འདྲ་ཤེས་པ་ལ་མ་ཕན་ན་ནམ་ཡང་དགོས་པ་མ་བྱུང་བ་ཡིན་ནོ། །དེ་ལྟར་གང་ཟག་དང་ཆོས་རང་བཞིན་མེད་པར་ཤེས་པ་དེ་རྒྱལ་སྲས་ཀྱི་ཉམས་ལེན་གྱི་སྐབས་འདིར་བཤད་པ་ཅི་ཡིན། ཉན་རང་ཚོས་ཀྱང་འདི་རྟོགས་པ་མ་ཡིན་ནམ་ཞེ་ན། གནད་འདི་གོ་བ་ལ་རྩ་ཤེ་ཐེག་ཆེན་གྱི་བསྟན་བཅོས་ཡིན་པའི་རྒྱུ་མཚན་གོ་དགོས། དེའང་ཉན་རང་རྣམས་རང་དོན་དུ་ཉོན་མོངས་ཙམ་ཞིག་སྤོང་འདོད་པ་ཡིན་པས། དེ་ལ་གནད་བཞི་ཙམ་དུ་བསྡུས་ནས་བསྒོམ་པས་ཆོག་པ་ཡིན། དེ་ལ་རྩ་ཤེས་ནས་དུས་བརྟགས་པ། སྐྱེ་འགག་བརྟགས་པ། འགྲོ་འོང་བརྟགས་པ། བྱ་བྱེད་བརྟགས་པ་སོགས་ཀྱི་རིགས་པའི་རྣམ་གྲངས་མཐའ་ཡས་པ་དེ་མི་དགོས་ལ། བྱང་སེམས་ཀྱིས་དེ་ཙམ་མ་ཡིན་པར་སེམས་ལ་ཨ་འཐས་སུ་སོང་བའི་གཉིས་སྣང་འཁྲུལ་བའི་བག་ཆགས་འདི་དྲུངས་འབྱིན་པ་ལ། རིགས་པའང་སྒོ་མཐའ་ཡས་པ་ནས་བསམ་དགོས་པས། རྩ་འཇུག་སོགས་ན་རྣམ་གྲངས་མང་པོ་ཞིག་གསུངས་པ་འདི་རྩོད་ཚེ་ལག་པ་བརྡེབ་པའི་ཡན་ལག་ཙམ་ཡིན་གྱི་སྒྲུབ་པ་སྙིང་པོར་བྱེད་པ་ལ་མི་མཁོ་བསམ་མི་རུང། དེ་འདྲའི་དོགས་པ་སྐྱེ་དོགས་ནས་ཟླ་བས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་ཅེས་སོགས་གསུངས་སོ། །དེའི་ཕྱིར་རིགས་པའི་སྒོ་བརྒྱ་ཕྲག་གིས་


GTD003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་དགོས་ཤིང་དེའང་ཐད་རེ་ཙམ་མ་ཡིན་པར་ཡང་དང་ཡང་དུ་དཔྱོད་དགོས་ཏེ། དཔེར་ན་མཁས་གྲུབ་ཐམས་ཅད་མཁྱེན་པ་དེ་འཁྲུངས་ཙམ་ནས་བློ་གྲོས་ཐོགས་པ་མེད་པས་མཁས་གྲུབ་ལྷ་དབང་བའི་སྐྱེ་བར་གྲགས་ཤིང་མཚན་ཡང་མཁས་གྲུབ་ཅེས་ཐོགས་པ། དེ་དགུང་ལོ་བཅུ་བདུན་གྱི་དུས་ན་ངམ་རིང་དུ་བོད་ཀྱི་མཁས་པ་ཆེན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ས་པཎ་གྱི་རིགས་གཏེར་བཀག་པའི་ཚེ། བྱང་གི་རིགས་ལྡན་གྱི་བརྒྱུད་པའི་རྒྱལ་པོ་རྣམས་ཀྱང་བཞུགས་པའི་སྐབས་ཡིན་པས། དེ་དག་དཔང་པོར་བྱས་ཏེ་བརྩད་པས། བོ་དོང་པས་སྐབས་ཤིག་ན་རྒྱུ་ལས་མ་སྐྱེས་པའི་འདུས་བྱས་ཁས་ལེན་དགོས་པ་བྱུང་ནས་ཁ་སྐྱེངས་ཏེ། དེ་གྲུབ་མཐའི་ནང་འགལ་རེད་གསུངས་ནས་ཁ་སྤུ་འཐོགས་པས་མཁས་གྲུབ་ཀྱིས་རྒྱུ་ལས་མ་སྐྱེས་པའི་འདུས་བྱས་ཡོད་པ་དང། དེ་མདོ་སྡེ་པའི་ནང་འགལ་ཡིན་པ་དང། ཁ་སྤུ་འཐོགས་པའི་ལས་ལ་བརྩོན་པར་གྱིས་ཤིག་གསུངས་པ། ད་ལྟ་སྡེ་བདུན་ཡིད་ཀྱི་མུན་སེལ་ཕལ་ཆེར་དེ་དུས་ཀྱི་རྩོད་ཚུལ་མཁས་པ་རྣམས་ཀྱིས་ཟིན་བྲིས་བྱས་པ་ལ་ཕྱིས་སུ་སྦྱར་བྱང་སོགས་མཛད་པ་ཡིན། སྐུ་ན་ཕྲ་མོའི་དུས་ན་དེ་ལྟ་བུའི་རིགས་པ་ཡོད་པས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་སྙམ་པ་ཡོད་ཀྱང། རྗེ་དང་མཇལ་བ་ན་བྱེ་མའི་ཆངས་བུ་ལྟར་ཞིག་འགྲོ་བ་ཤ་སྟག་ཏུ་འདུག་ཅེས་མཁས་གྲུབ་རྗེ་རང་ཉིད་ཀྱིས་གསུངས་པ་དང། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་རྗེ་ལ་ཚིམ་མ་སླ་བར་དཔྱད་པ་ཡང་ཡང་གྱིས་


GTD003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། སྐྱོང་ཚུལ་མཁས་དགོས། དེ་ལྟར་མཉམ་གཞག་ཏུ་བསྐྱང་བས་རང་སྟོབས་ཀྱིས་རྗེས་ཐོབ་ཏུ་སྒྱུ་མ་རྨི་ལམ་སྐྲ་ཤད་ལྟ་བུར་སྣང་བ་འབྱུང་ངོ་། །སྐྲ་ཤད་ནི་འདུལ་བ་ལུང་ལས་རྒན་པོ་ཞིག་ལ་རབ་རིབ་ཞུགས་པས་ཟས་ལ་སྐྲ་ཡོད་པར་འཁྲུལ་པའི་རྐྱེན་གྱིས་སྐྲན་ཞུགས་པ་ལྟ་བུ་ཡིན། དེ་དང་འདྲ་ཚུལ་རྒན་པོ་ལ་སྐྲ་དེ་བློས་ཕར་བཏགས་ཀྱི་བློ་མེད་ཀྱང། དེ་དོན་གྱི་ངོས་ནས་མེད་པ་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དེ་ལྟར་མཉམ་རྗེས་གཉིས་ཀར་བསྒོམས་པས་དཔྱད་སྟོབས་ཀྱིས་དྲངས་པའི་གནས་ཆ་དང་ཤིན་སྦྱངས་ཁྱད་པར་ཅན་ཐོབ་པ་ན་དྲོད་དུ་འཕོས་པ་ཡིན། འདི་ལ་ཉི་ཁྲི་སོགས་སུ་དྲོ་བ་ཞེས་འབྱུང་སྟེ། རྒྱ་གར་ན་མེ་ལྕགས་མེད་པས་སྐམ་ཤིང་གྱོང་བའི་ཤིང་བེ་ལོ་ཟེར་བ་དེ་འདྲ་གཉིས། དྲུད་ན་མེ་འབྱུང་བའི་སྔ་ལྟས་སུ་དྲོད་སྐྱེ་བ་ལྟར་མཐོང་ལམ་གྱི་མེའི་སྔ་ལྟས་ཡིན་ནོ། །དེ་ནས་རིམ་གྱིས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་དང་ཡ་མ་བྲལ་བའི་སྒོ་ནས། ས་སོ་སོའི་ཡོངས་སྦྱོང་གི་མཐུས་གོང་མ་གོང་མར་འཕོས་ཏེ་སངས་རྒྱས་ཀྱི་སའི་བར་དུ་འགྲོ་བ་ཡིན་ནོ། །ཞེས་པ་འདི་ནི་དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། སྙན་བརྒྱུད་བསྟན་པའི་མངའ་བདག་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་དགེ་འདུན་འདུས་པ་རྒྱ་མཚོར་ཚོགས་ཆོས་སུ་སྩལ་པ་ན། ཉིན་སྔ་ཕྱིར་ཐོར་བུར་གསུང་བ་རྣམས་སོ་སོའི་ཐད་དུ་བསྡུས་ཤིང་ཚིག་བྱིངས་ཞལ་ནས་ཇི་ལྟར་བྱུང་བ་སྒྲ་མ་ཉམས་པར་བྱས་ཏེ། དམ་པ་གང་གི་ཞབས་


GTD003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་སྤྱི་བོར་ལེན་པའི་བཙུན་པ་ཆོས་འཛིན་པ་དང་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། ༸དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་ཉེར་བཞི་པ་ལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཉེ་འདབས་སུ་བྲིས་པའོ། །འདིས་ཀྱང་འཇམ་མགོན་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག། །།


previousཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ།next