Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟིན་བྲིས།next

དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟིན་བྲིས།


GTD003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟིན་བྲིས་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་བཞུགས་སོ། །


GTD003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་གྷོ་ཥ་ཧ་ས་བཛྲཱ་ཡ། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་སྟེ། །དེ་དང་དབྱེར་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །དེ་ཡི་རང་མདངས་སྨིན་ལེགས་ཕྱག་རྒྱ་སྟེ། །དེ་དང་མཉམ་སྦྱོར་བདེ་ཆེན་ཕྱག་རྒྱ་ཆེ། །རྣམ་མང་མིང་གི་རྣམ་གྲངས་མཐའ་ཡས་ཀྱང། །ངེས་དོན་དམ་པའི་ངང་དུ་རོ་གཅིག་པར། །སྟོན་མཛད་བླ་མ་མཆོག་གི་ཞབས་པད་ལ། །བཏུད་ནས་ཞལ་ལུང་ནོར་བུའི་ཕྲེང་བ་སྤེལ། །དེའང་འདི་སྐད་ཅེས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས་དང་པོར་ཐུགས་བསྐྱེད་པ་ནས་བཟུང་སློབ་པའི་སྤྱོད་པ་མཐའ་དག་དང། སངས་རྒྱས་ནས་ཀྱང་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་གཞན་དོན་ཁོ་ན་ལས། རང་དོན་གྱི་འཁྲི་བ་ཅུང་ཟད་ཀྱང་མེད་ལ། གཞན་དོན་སྒྲུབ་པའི་སྒོ་མཆོག་ཏུ་གྱུར་པ་ནི་རྗེ་བླ་མས་གསུངས་པ་ལྟར་གསུང་གི་མཛད་པ་ཡིན་ཞིང། དེའང་མཐའ་ཡས་པའི་ནང་ནས་ཡང་རྩེ་ནི་འཁོར་ལོ་


GTD003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བར་བ་ཤེར་ཕྱིན་གྱི་མདོ་སྡེ་འདི་ཉིད་ཡིན་པར་གསུང་བའི་རྒྱུ་མཚན་ཡང། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྟོན་པས་བརྗོད་བྱའི་དབང་གིས་ཡིན་ཞིང། སྔགས་ལུགས་ལ་དེ་ཉིད་འཛིན་སྟངས་སུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྟོན་པའི་ཆ་ནས་ཡིན་ནོ། །གང་ལྟར་ཡང་ཚོགས་གཉིས་ཀྱི་ནང་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་རྩ་བ་དང་། ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་གཙོ་བོར་གྱུར་པ་ནི་ཡང་དག་པའི་ལྟ་བ་ཡིན་པས། རྗེ་བླ་མས་ཀྱང་། རྗེ་བཙུན་འཇམ་པའི་དབྱངས་ལ་བརྟེན་ནས་དྲིས་ལན་མང་དུ་མཛད་ཅིང། དཀའ་བ་དཔག་ཏུ་མེད་པ་སྤྱད་ནས་གསར་དུ་རྟོགས་པའི་ཚུལ་བསྟན་ཏེ་ལྷག་མཐོང་ཆེ་ཆུང་དགོངས་པ་རབ་གསལ་རྩ་ཤེས་ཊཱིཀ་ཆེན་སོགས་སུ་གསལ་བར་མཛད་པ་ལས། སྔོན་ཆད་བོད་འདིར་གྲུབ་པའི་དབང་ཕྱུག་རྟོགས་པ་ཐུགས་སུ་


GTD003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་པ་ཡོད་ཀྱང་དེ་ཉིད་ཇི་ལྟ་བ་བཞིན་ཚིག་གི་ལམ་ནས་སྟོན་ཤེས་པ་མ་བྱུང་བ་ལྟ་བུ་ཡིན་ལ། རྗེ་རང་གི་སྐུ་དུས་སུ། དབུ་མ་ཆེན་པོ་བྱ་བ་ལས། ཕྱག་ཆེན་གྱི་ཐ་སྙད་དངོས་སུ་མ་མཛད་ཀྱང། རེད་མདའ་བའི་དྲིས་ལན་དུ། ཐུན་མོང་མ་ཡིན་པའི་གདམས་པ་ཞིག་ཡོད་ཀྱང་ད་དུང་སྐབས་སུ་མ་བབ་པས་མ་བཀོད་གསུངས་པ་དེ་དགེ་ལྡན་ཕྱག་རྒྱ་ཆེན་པོ་འདི་ཉིད་ཡིན་པར་ཡོངས་འཛིན་རིན་པོ་ཆེས་གསུངས་སོ། །དེས་ན་འདིའི་བརྒྱུད་པའང་ཉེ་བརྒྱུད་དེའི་དབང་དུ་བྱས་ཏེ་རྡོ་རྗེ་འཆང་ནས་འཇམ་དབྱངས། རྗེ་བླ་མ་སོགས་དབེན་ས་སྙན་བརྒྱུད་ཀྱི་གོ་རིམ་ལྟར་ལ། བ་སོ་བའི་སློབ་མར་གྲུབ་ཆེན་ཆོས་རྡོ་རྗེ་འདི་ཉིད་དང། དཔལ་ལྡན་རྡོ་རྗེ། ཁམས་པ་རིན་ཆེན་རྡོ་རྗེ་སྟེ། རྡོ་རྗེ་མཆེད་གསུམ་ཞེས་དགེ་ལུགས་པའི་གྲུབ་ཐོབ་ཆེན་པོ་གསུམ་བྱུང་བར་གསུང་ཞིང། འདི་མདོ་སྨད་ནས་བཟའ་མི་གཉིས་དབུས་སུ་སོང་བའི་ལམ་ཁར་སྐྱེས་པ་བྱིས་པའི་དུས་ནས་སྐལ་ལྡན་དུ་དགོངས་ཏེ་བསྐྱངས་ཤིང། སླར་སྙན་བརྒྱུད་ཀྱི་གདམས་པའི་བདག་པོར་གྱུར་པ། ད་ལྟའང་སྐུ་ལུས་མ་སྤངས་པར་ཇོ་མོ་ལྷ་རིར་བཞུགས་པ་ལས་དག་རྣམས་ཀྱིས་མཇལ་དུ་ཡོད་པར་གསུང། གནས་བཅུ་པ་དགེ་འདུན་རྒྱལ་མཚན་ནི་ཕྱག་ཆེན་སྐུལ་བ་པོའང་ཡིན་ལ། གཙོ་བོར་རྭ་སྒྲེང་དུ་སྒྲུབ་པ་མཛད། འོག་གི་བློ་བཟང་འཕྲིན་ལས་བྱ་བ་འདི་ལྷ་ཕ་ཞབས་དྲུང་ཞེས་ཐུགས་རུས་ཆེ་ཞིང་ཞལ་ཚ་བས་རྒྱལ་དབང་རྣམ་ཐར་ན་ཟུར་མང་དུ་ཡོད་པ་དེ་ཉིད་ཀྱི་དབོན་པོ་མདོ་སྔགས་ཡོངས་རྫོགས་ཀྱི་མཁས་པ་ཞིག་ཡིན་ཞིང་གྲུབ་དབང་བློ་བཟང་


GTD003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཀྱང་ཕྱག་ཆེན་གྱི་བཀའ་བབ་མཁས་གྲུབ་གཉིས་འཛོམ་གྱི་སྐྱེས་ཆེན་ཁྱད་པར་ཅན་ཡིན་ཏེ། རྣམ་ཐར་རྒྱས་པ་ཡོངས་འཛིན་རིན་པོ་ཆེའི་གསུང་དུ་ཡོད་པ་ལྟར་ཡིན། ཡོངས་གྲགས་ཀྱི་མཚན་ལ་བཀའ་ཆེན་མི་ཞེས་ཟེར། ཡོངས་འཛིན་རིན་པོ་ཆེ་ནི་བྱིས་པ་ཆུང་ངུ་ནས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་བསྐུལ་ཏེ་དབེན་པའི་གནས་སུ་སྒྲུབ་པ་གཙོ་བོར་མཛད། དེང་སང་བསྟན་པའི་རྩ་བ་གཞན་དང་མི་འདྲ་བའི་ཡ་མཚན་ཅན་དུ་འདུག་པ་དང་ཆོས་འདིའི་བཀའ་བབ་ཡིན་པའི་གནད་ཀྱིས་བདག་གིས་ཀྱང་ཞུས་ནས་བླ་མཆོད་དང་སྦྲགས་མ་འདི་ཉིད་གནང་བ་ཡིན་གྱི། སྔར་དཔོན་སློབ་བྱམས་པ་རིན་པོ་ཆེ་དང། སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ལས་ཕྱག་ཆེན་གྱི་ཁྲིད་ཐོབ་ཀྱང་བླ་མཆོད་དང་སྦྲགས་མ་མིན་པས། འདི་བླ་མ་ཡོངས་འཛིན་པའི་ཕྱག་ལེན་ལྟར་ལ། རྩ་ཚིག་ལས། ན་མོ་མཧཱ་མུ་དྲཱ་ཡ། ཞེས་ན་མོ་ནི་ཕྱག་འཚལ་བ། མཧཱ་ཆེན་པོ། མུ་དྲཱ་ཕྱག་རྒྱ་སྟེ་བགེགས་ཞི་བ་སོགས་ཀྱི་ཕྱིར་དུ་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་བ་ཡིན། དེ་ནས་ཤོ་ལོ་ཀ་དང་པོ་མཆོད་པར་བརྗོད་པའི་རྐང་པ་དང་པོ། ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །ཞེས་འདུས་བྱས་འདུས་མ་བྱས་ཀུན་ལ་ཁྱབ་ཅིང། དེ་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་མཐར་ཐུག་ཏུ་གྲུབ་པ། རྒྱལ་བའི་ཡུམ་ཆེན་མོ་རང་བཞིན་གྱི་ཤེར་ཕྱིན་ཏེ་ཡུལ་ཕྱག་རྒྱ་ཆེན་པོ་དང། རྐང་པ་གཉིས་པས་ཡུལ་ཅན་གྱི་ཕྱག་རྒྱ་ཆེན་པོ་བསྟན་ཏེ། དེ་ཡང་དབྱེར་མེད་ཅེས་གང་དང་དབྱེར་མེད་པ་


GTD003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཡུལ་ཕྱག་རྒྱ་ཆེན་པོ་དེ་དང་དབྱེར་མེད་པ་ཆུ་ལ་ཆུ་བཞག་པ་བཞིན་རོ་གཅིག་ཏུ་གྱུར་པ་དང། བརྗོད་བྲལ་ནི་སྤྱིར་ཆོས་ཉིད་བརྗོད་བྱ་ཡིན་ཀྱང། བུ་རམ་གྱི་རོ་མངར་བ་ལྕེ་ཤེས་ཀྱིས་ཇི་ལྟར་མྱོང་བཞིན་ཚིག་གིས་བརྗོད་དུ་མེད་པ་དང། ལག་པ་མེས་ཚིག་པའི་ཚ་རེག་ལུས་ཀྱིས་ཇི་ལྟར་མྱོང་བ་ལྟར་བརྗོད་དུ་མེད་པ་བཞིན། འདིར་ཡང་མཉམ་གཞག་ཡེ་ཤེས་ཀྱིས་ཇི་ལྟར་གཟིགས་པ་བཞིན་ཚིག་གི་ལམ་ནས་བརྗོད་དུ་མེད་ལ། སེམས་ཀྱི་རྡོ་རྗེ་ཞེས་པའི་ཐ་སྙད་སྔགས་ལུགས་ལ་ཅིས་ཀྱང་ཡོད་ལ། མདོ་ཕྱོགས་སུའང་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་སུ་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ཞེས་དེའི་ཐ་སྙད་མཛད། དབྱིངས་ཞེས་པ་ཡུལ་གྱི་སྒོ་ནས་བཏགས་པ་ཡིན་པས། གཙོ་བོ་ནི་ཕྱི་མ་ཡུལ་ཅན་ཕྱག་རྒྱ་ཆེན་པོ་འདི་ཉིད་ཡིན་པས། དེ་སྟོན་པའི་བླ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་ཕྱག་མཛད་པ་ཡིན། ཤོ་ལོ་ཀ་གཉིས་པས་རྩོམ་པར་དམ་བཅས་ཏེ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ལས་རིམ་པར་བྱུང་ཡང་ཆེར་མ་གྲགས་པ། པཎ་ཆེན་རང་གིས་སྤེལ་བ་ཡིན་པས། འདིའི་ཁྲིད་ཉམས་སུ་ལེན་པ་ལ། སྦྱོར་དངོས་མཇུག་གསུམ་ལས། དང་པོ་བསྟན་དང་ཐེག་ཆེན་ལ། །འཇུག་པའི་སྒོ་དང་གཞུང་ཤིང་ཕྱིར། །ཁ་ཙམ་ཚིག་ཙམ་མ་ཡིན་པས། །སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་བྱ། །ཞེས་སོགས་དགེ་ལུགས་དང་བཀའ་བརྒྱུད་གོང་མ་རྣམས་ལའང་ཡོངས་སུ་གྲགས་པ་སྔོན་འགྲོའི་ཁྲིད་ཆེན་བཞི་ཞེས། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང། ཐེག་ཆེན་གྱི་སྒོའམ་གཞུང་ཤིང་སེམས་བསྐྱེད་གཉིས་བསྡོམས་པ་སྐྱབས་འགྲོའི་ཁྲིད། གཉིས་པ་མཎྜལ་ནི་རྩ་བར་དངོས་སུ་མ་ཐོན་ཡང། སེམས་ཀྱི་ཆོས་ཉིད་མཐོང་བ་ཡང། །ཚོགས་བསགས་སྒྲིབ་སྦྱོང་ལ་ལྟོས་པས། །ཞེས་གསུང་


GTD003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤུགས་ལ་བསྟན་ཏེ། ཚོགས་གསོག་པའི་སྒོ་མཎྜལ་གྱི་ཁྲིད། སྡིག་པ་སྦྱོང་བའི་སྒོ་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད། བྱིན་རླབས་འཇུག་པའི་སྒོ་བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་སུ་ཡོད་པས་དང་པོ་ལའང་གནས་ཁང་བྱི་དོར་བྱས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམ་པ་སོགས་ལམ་རིམ་ལས་བྱུང་བ་ལྟར་བྱས། དེ་ནས་འཇམ་ཞིང་འབོལ་བའི་སྟན་རྒྱབ་མཐོ་ཞིང་མདུན་དམའ་བ་དེ་ལྟ་བུ་ལ་རྡོ་རྗེ་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པས་གནས་ལ་ལུས་དྲང་པོར་བསྲངས་ཏེ་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱ་དགོས་པས་ལུས་སྲོང་ཚད་ནི། སྣ་རྩེ་ནས་རྡེའུ་འཕང་བ་ལྟེ་བའི་ཐད་དུ་འབབ་དགོས་པར་ཡོངས་འཛིན་གསུང། དེའི་དགོས་པའང་ལུས་དྲང་པོར་གནས་པས་རྩ་དྲང་པོར་འོང་དེས་རླུང་དྲང་པོར་རྒྱུ། དེས་རྣམ་རྟོག་གྱ་གྱུ་དེ་འདྲ་མེད་པར་སེམས་རྣལ་དུ་གནས་པ་ཡོང་བ་ཡིན། དེ་ནས་རང་གི་སེམས་ལ་བརྟགས་ཏེ། ཕྱིན་ཅི་ལོག་གི་བློ་སྣ་དེ་འདྲ་རྒྱུ་བར་འདུག་ན་རླུང་རོ་དགུ་ཕྲུགས་ལ་སོགས་པས་བསལ་ཏེ་མནོ་བསམ་ལེགས་པར་གཏོང་དགོས། དེའང་སྐྱབས་འགྲོའི་ཁོངས་འདིར་སྐྱེས་བུ་ཆུང་འབྲིང་གི་ལམ་རིམ་དང། སེམས་བསྐྱེད་ཀྱི་ཁོངས་སུ་རྒྱུ་འབྲས་མན་ངག་བདུན་སོགས་སྐྱེས་བུ་ཆེན་པོའི་ཆོས་སྐོར་འགྲོ་དགོས། ཞེས་བླ་མ་ཡོངས་འཛིན་རིན་པོ་ཆེས་གསུང་ངོ་། །དང་པོ་སྐྱབས་ཡུལ་ཚོགས་ཞིང་གསལ་འདེབས་ཚུལ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་ཡལ་ག་དང་ལོ་མ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ཡངས་ཤིང་རྒྱ་ཆེ་བ། འདབ་མ་འོག་མ་རྣམས་ཐུར་དུ་འཕྱང་ཞིང། གོང་མ་གོང་མ་རྣམས་གྱེན་དུ་


GTD003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པའི་རྩེ་མོར་སེང་ཁྲིའི་སྟེང་དུ་རྩ་བའི་བླ་མ་དེ་ཉིད་སྐུའི་རྣམ་པ་སྐབས་འདིར་རྗེ་རིན་པོ་ཆེའི་རྣམ་པར་གསལ་འདེབས་དགོས་ཤིང། དེའི་ཐུགས་ཀར་ཐུབ་དབང། དེའི་ཐུགས་ཀར་རྡོ་རྗེ་འཆང་གསལ་འདེབས་པ་འདི་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ཡིན་པས། བླ་མ་ཐུབ་དབང་རྡོ་རྗེ་འཆང་རང་ཟེར་བའི་རྩ་བ་དེ་ལ་ཐུག་པ་ཡིན། དེའི་ཐུགས་ཀ་ནས་གཡས་ཕྱོགས་སུ་འོད་ཟེར་གཅིག་གཉིས་བཞི་སོགས་འཕྲོས་པའི་སྣེ་མོར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་དང། གཡོན་དུ་རིམ་པ་བཞིན་འཕྲོས་པའི་སྣེ་མོར་ཟབ་མོ་ལྟ་བརྒྱུད། མདུན་དུ་རྩ་བའི་བླ་མ་རྒྱུན་གྱི་སྐུའི་རྣམ་པ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཉམས་ལེན་བྱིན་རླབས་བརྒྱུད་པ། རིམ་པ་གཉིས་པའི་མདུན་དུ་རྡོ་རྗེ་འཇིགས་བྱེད། གཡས་སུ་གསང་འདུས། རྒྱབ་ཏུ་དུས་འཁོར་རམ་དགྱེས་རྡོར། གཡོན་དུ་འཁོར་ལོ་བདེ་མཆོག་སོགས་བླ་མེད་ཀྱི་ལྷ་ཚོགས། དེའི་འོག་མར་ཀུན་རིག། །དཔལ་མཆོག་རྩེ་མོ་སོགས་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས། དེའི་འོག་མར་རྣམ་སྣང་མངོན་བྱང་དང་སྤྱོད་རྒྱུད་དུ་གཏོགས་པའི་ཕྱག་རྡོར་སོགས་སྤྱོད་རྒྱུད་ཀྱི་ལྷ་ཚོགས་དེའི་འོག་ཏུ་ཐུབ་པ་དམ་ཚིག་གསུམ་བཀོད་སོགས་བྱ་རྒྱུད་ཀྱི་ལྷ་ཚོགས། དེའི་འོག་ཏུ་སངས་རྒྱས་སྟོང་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས། དེའི་འོག་ཏུ་ཉེ་བའི་སྲས་ཆེན་བརྒྱད་སོགས་སེམས་དཔའ་དང་སེམས་མ། དེའི་འོག་ཏུ་རང་རྒྱལ་བཅུ་གཉིས་སོགས་རང་རྒྱལ་བ་ཆེན་པོ་རྣམས་དང། དེའི་འོག་ཏུ་གནས་བརྟན་བཅུ་དྲུག་སོགས་ཉན་ཐོས་ཀྱི་ཚོགས། དེའི་འོག་ཏུ་དཔའ་བོ་མཁའ་འགྲོ། དེའི་འོག་ཏུ་ཆོས་སྲུང་སྟེ་རིམ་པ་བཅུ་གཅིག་དང། དེ་དག་གིས་གསུངས་པའི་ཆོས་རྣམས་རང་རང་གི་མདུན་ན་


GTD003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་གྱི་རྣམ་པར་བཞུགས་པ་གསལ་གདབ་དགོས། རྩོད་པའི་ཚེ་ཆོས་དཀོན་མཆོག་ལ་འགོག་ལམ་གང་རུང་དགོས་ཟེར་ཡང། དམིགས་རྣམ་སྐྱོང་དུས། དེ་མ་གཏོགས་ལུང་གི་ཆོས་རྣམས་ཇ་བསྐོལ་བའི་ཇ་རོ་ལྟ་བུར་སྙིང་པོ་མེད་པར་བཟུང་ན་ཆོས་སྤོང་དུ་འགྲོ་བས། ཀུན་རིག་གི་ཆོ་གར་ཡང། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །ཞེས་སོགས། ལུང་གི་ཆོས་ལ་གཙོ་བོར་གསུངས་པ་བཞིན་བྱ་དགོས། དེ་དག་གི་ཐོག་མར་རང་སྡུག་བསྔལ་གྱིས་མནར་ཚུལ་བསམ་པ་ལ་རག་ལས་པས། དེ་ནི་དཔལ་ཆོས་ཀྱི་གྲགས་པས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་ལས་ཉོན་གྱི་ཕུང་པོ་འདི་ཀ་རང་སྡུག་བསྔལ་གྱི་མཚན་གཞིར་བཟུང་ནས། དེ་རྒྱུ་མཚན་ཅི་ཡིན་ན། འགྲེལ་རྒྱག་པའི་སྐབས་སུ། དེ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར་ཞེས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ཞིག་བླངས་ཕྱིན་ཆད་གནས་སྐབས་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་པ་ཡོད་མེད་གང་ཡིན་ཀྱང་ཕུགས་སྡུག་བསྔལ་ལས་མ་འདས་པས་འཆིང་བའམ། འཆིང་ཐག་ལྟ་བུ་ཡིན། ཡོངས་འཛིན་རིན་པོ་ཆེས་སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་སྣོད་བཅུད་འདི་ཐམས་ཅད་སྡུག་བསྔལ་ཡིན་གསུངས་པ་ཡིག་ཆ་སོགས་སུ་མི་གསལ་ཡང་གོ་རྒྱུ་ཆེན་པོ་ཞིག་ཡོད་པ་འདྲ། དེས་ན་ང་རང་ཚོའང་ད་ལྟ་སྡུག་བསྔལ་གྱིས་ནོན་ཡོད་པ་ལ་བསམ་བློ་མ་ཐོང་བས་ཡམ་མེ་ཡོམ་མེ་ཞིག་ལས་མ་ཤེས་པ་ཡིན། འགྲོ་བ་གཞན་གྱི་སྡུག་བསྔལ་མི་དགོས། མིའི་མངལ་སྒོ་འགྲིམ་པའི་སྐབས་འདི་ལའང། དང་པོ་མངལ་གྱི་གནས་ཤིན་ཏུ་དོག་ཅིང་མུན་ནག་ལ་


GTD003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ང་བ། ལྗན་ལྗིན་གྱིས་གང་བའི་བཙོན་ར་ལྟ་བུ་ཉམ་ང་བ་དེ་འདྲ་བར་ཡུན་རིང་དུ་གནས་པའི་མཐར་ལས་ཀྱི་རླུང་གིས་བདས་ཏེ་ཕྱི་རོལ་ཏུ་བཙས་པ་ནའང། ཚེར་དོང་དུ་བཅུག་པ་ལྟ་བུ་དང། འཁྱག་དོང་དུ་བཅུག་པ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པར་ཡོད་ལ། ནར་སོན་ནས་ཀྱང་འབྱོར་པ་ཅན་རྣམས་གསོག་བསྲུང་དང། དབུལ་འཕོང་རྣམས་འཚོལ་སྒྲུབ་ཀྱི་སྡུག་བསྔལ་གཉེན་མཛའ་བ་དང་བྲལ་གྱིས་དོགས་པ་དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པ་གཞན་ཡང་ནད་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་ཞིག་ཡོད་ལ། ད་ལྟ་ངན་སོང་གི་སྡུག་བསྔལ་དངོས་སུ་མ་མྱོང་ཡང་དེར་སྐྱེས་པའི་རྒྱུ་ཚོགས་ཚང་བར་ཡོད་པས་ཤི་མ་ཐག་ཏུ་ངན་འགྲོར་འགྲོ་བ་ལས་འོས་མེད་ཅིང། དེར་སྐྱེས་ན་ལོ་སྟོང་ཕྲག་མང་པོའི་བར་དུ་ཚ་གྲང་བཀྲེས་སྐོམ་གླེན་ལྐུག་སོགས་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་ཚུལ་དང། བརྒྱ་ལ་བདེ་འགྲོར་སྐྱེས་ཀྱང། ལྷ་མ་ཡིན་རྣམས་ལྷ་དང་ཕྲག་དོག་གི་དབང་གིས་འཐབ་པས་ལུས་བཅད་ཅིང་རལ་བའི་སྡུག་བསྔལ། ཁམས་འོག་མའི་ལྷ་ལ་འཆི་ལྟས་ཀྱིས་ཕོག་པ་སོགས་ཀྱི་སྡུག་བསྔལ། ཁམས་གོང་མར་སྡུག་བསྔལ་དངོས་སུ་མེད་ཀྱང་དཔེར་ན་མེ་ལྕགས་དང་སྤྲ་བ་སོགས་ལ་མེ་དངོས་སུ་མེད་ཀྱང་མེའི་ས་བོན་ཡོད་པས་སླར་རྐྱེན་འཛོམས་པ་ན་མེ་འབྱུང་བ་བཞིན། སླར་སྙོམས་འཇུག་གི་འཕེན་པ་ཟད་དེ་ལས་གཞན་གྱི་ས་བོན་སྨིན་པ་ན། ངན་སོང་གསུམ་ལ་སོགས་པར་སྡུག་བསྔལ་འཁོར་མེད་མྱོང་ཚུལ་བསམས་ནས། འཁོར་བ་མཐའ་དག་ལས་ཡིད་ལོག་པའི་ངེས་འབྱུང་ཤུགས་དྲག་པོ་དང། དེ་ལས་སྐྱོབ་པའི་སྐྱབས་དཀོན་མཆོག་གསུམ་ལ་བློ་བཀལ་ནས་སླར་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་


GTD003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པ་ཞིག་མ་བྱས་ན། དལ་འབྱོར་ཐོབ་པ་ཆུད་ཟོས་སུ་སོང་བར་འདུག་སྙམ་དུ་བསམས་ཏེ། རྒྱལ་སྲས་ཞི་བ་ལྷས་ཀྱང། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །དེ་ལས་བསླུས་པ་གཞན་མེད་དེ། །དེ་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོགས་གསུངས་པ་ལྟར་རང་གིས་རང་ལ་རྔན་བགྲང་བའམ། ལེ་བདས་ཏེ་སྐྱབས་འགྲོ་སོགས་ལ་བསྐུལ་བ་དང། ཡང་ན་མཐུན་ཕྱོགས་ཀྱི་སྒོ་ནས་བསམས་ཏེ་ཚེ་འདིར་ཆོས་ལ་བརྩོན་འགྲུས་དྲག་པོ་བྱས་པ་ཡིན་ན་རབ་ཚེ་འདིར་འཚང་རྒྱ་བའམ་བར་དོར་འཚང་རྒྱ། དེ་ལྟར་མ་ཡིན་ཡང་དེའི་རྣམ་སྨིན་གྱིས་ཕྱི་མར་དལ་འབྱོར་ཚང་བའི་རྟེན་རྙེད་ཅིང། མྱོང་བ་རྒྱུ་མཐུན་ལ། བཟུང་ན་ཚིག་ཟིན། བསམ་ན་དོན་གོ །བསྒོམ་ན་རྒྱུད་ལ་སྐྱེ་བ་སོགས་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བ་དང། བྱེད་པ་རྒྱུ་མཐུན་ཆོས་ཀྱི་སྒྲ་ཐོས་པ་ཙམ་གྱིས་དེ་ལ་འཇུག་འདོད་པ་སོགས་སྒོ་ཐམས་ཅད་ནས་བློ་ཁ་ཆོས་ཕྱོགས་སུ་འཁོར་འགྲོ་བས། རིམ་གྱིས་སྐྱེ་བ་བཅུ་དྲུག་སོགས་ན་ངེས་པར་འཚང་རྒྱ་བ་ཞིག་འབྱུང་བ་ཡིན་པས། ཅི་ནས་ཀྱང་འབད་དགོས། དེའང་སྐྱབས་ཡུལ་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་སོགས་རྒྱུ་ཚོགས་ཐམས་ཅད་ཚང་བར་ཡོད་ཀྱང། རང་རེས་བློ་མ་བཀལ་བར་ཐེ་ཚོམ་ཟོས་པའི་དབང་གིས། དེ་རྣམས་ཀྱིས་ཀྱང་སྐྱོབ་ཐབས་དང་བྲལ་བ་ཡིན། དེས་ན་ལྷན་པ་སེར་པོ་གྱོན་པ་ཚུན་ཆད་ལའང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་སྐྱབས་སུ་འཛིན་དགོས་པར་གསུངས་པས། དེ་ཉིད་གོས་དཀར་པོ་གྱོན་ནས་ལྷན་པ་སེར་པོ་བཏབ་པ་ཙམ་ལ་ཟེར་བ་མ་ཡིན་པར། དོན་


GTD003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཚུལ་ཁྲིམས་དང་མི་ལྡན་ཡང་དགེ་ཚུལ་སློང་གི་མིང་བཟུང་ནས་གཟན་དམར་སེར་རེ་ཙམ་གྱོན་པ་དེ་ལྟ་བུ་ད་ལྟ་དུས་དབང་གིས་ཤིན་ཏུ་མང་བས་དེ་འདྲ་ལ་སྦྱར་དགོས་སམ་སྙམ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཕྱག་དང་བསྙེན་བཀུར་སོགས་ཀྱི་ཡུལ་ཡིན་པར་མ་ཟད། ཚུལ་ཁྲིམས་འཆལ་བ་ལུག་ལྟ་བུའི་དགེ་སློང་ཡང་བསོད་ནམས་ཀྱི་ཞིང་དུ་གསུངས་པ་ལྟ་བུ་ཡིན། དེ་ནས་སྐྱབས་འགྲོའི་དམིགས་རྣམ་དངོས་གཞི་ལ། ཚོགས་ལྟ་བུར་དཀྱུས་གཅིག་ཏུ་བྱེད་ཀྱང་། དམིགས་རྣམ་སྐྱོང་ཚེ། དང་པོར་བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་པའི་ཚིག་གཅིག་པུ་འདི་ལན་མང་དུ་བསྐྱར་ཏེ་བླ་མའི་སྐུ་ལས་བདུད་རྩི་འབེབས་སྦྱང་བྱས་པས། བླ་མའི་སྐུ་ལ་བསྡོས་པ། གསུང་བཅགས་པ། ཐུགས་དཀྲུགས་པ། མ་དད་བརྙས་སྨོད་ལོག་ལྟ་སྐྱེས་པ་ལ་སོགས་པའི་ཉེས་ལྟུང་ཐམས་ཅད་བྱང་བའི་མོས་པ་དང། དེའི་འོག་ཏུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་ལན་མང་དུ་བརྗོད་པའི་ཚེ། ཡི་དམ་གྱི་ལྷ་ཚོགས་དང་སངས་རྒྱས་སྟོང་ལ་སོགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང། དེའི་སྐུ་བརྙན་འགོམ་ཡུག་བྱས་པ་སོགས་སངས་རྒྱས་ལ་བརྟེན་པའི་ཉེས་ལྟུང་ཐམས་ཅད་བྱང་བའི་མོས་པ་དང། ཆོས་ལ་སྐྱབས་སུ་སོང་བའི་ཚེ་གླེགས་བམ་རྣམས་ཀྱི་གདོང་དར་ཡི་གེ་སོགས་ནས་བདུད་རྩིའི་རྒྱུན་བབས། དམ་པའི་ཆོས་ཟོང་དུ་བསྒྱུར་བ་གཏའ་མར་བཅུག་པ་ས་སྒྲེ་མོ་ལ་བཞག་པ་སོགས་ཆོས་སྤོང་གི་སྡིག་པ་རྣམས་བྱང་བའི་མོས་པ་བྱེད། དགེ་འདུན་ལ་སྐྱབས་སུ་སོང་བའི་ཚེ་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྲུང་དང་བཅས་


GTD003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་དགེ་འདུན་གྱི་སྡེ་དཀྲུགས་པ་སོགས། དེ་ལ་བརྟེན་པའི་ཉེས་ལྟུང་ཐམས་ཅད་བྱང་བའི་མོས་པ་བྱེད་དགོས་ཤིང། འདི་སྐྱབས་འགྲོ་བཞི་སྐོར་གྱི་དབང་དུ་བྱས་པ་ཡིན་གྱི། ཡི་དམ་ཆོས་སྲུང་སོགས་ལ་ལོགས་སུ་བྱེད་ན་དམིགས་རྣམ་ཡང་ཟུར་དུ་བྱས་ཆོག །དེ་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཀྱི་ཚེ་ཐམས་ཅད་ཀྱི་སྐུ་ལས་བདུད་རྩའི་རྒྱུན་བབས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་ཉེས་ལྟུང་སྦྱངས། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་བླ་མ་ཐུབ་དབང་རྡོ་རྗེ་འཆང་ལ་ཐིམ། དེ་རང་ལ་ཐིམ་པས་རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ཀྱང་ཐུབ་པའི་དབང་པོའི་སྐུར་གྱུར་པའི་དམིགས་པ་བྱ། དེ་ནས་སེམས་བསྐྱེད་ལ་སློབ་ཚུལ་ལ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སློབ་ཚུལ་དང། བདག་གཞན་མཉམ་བརྗེའི་སྒོ་ནས་སློབ་ཚུལ་གཉིས་ཡོད་པས་ཕྱི་མ་འདི་ཡིད་འོང་གི་བྱམས་པའི་ཁོངས་སུ་འདུ་ཞེས་ཡོངས་འཛིན་རིན་པོ་ཆེས་གསུང། དང་པོར་མར་ཤེས་བསྒོམ་པ་ལ། འཁོར་བའི་ཡ་མཐའ་ཐུག་མེད་དུ་ཤེས་དགོས། དེ་ལ་རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་དགོས། དེའང་དེ་རིང་གི་ཤེས་པ་འདི་ཁ་སང་གི་ཤེས་པ་དེ་ལས་བྱུང་བར་རྟོགས་དགོས་པས། དེའི་སྒྲུབ་ཚུལ་ནི། དེ་རིང་གི་རིག་པ་འདི་ཁ་སང་གི་རིག་པ་དེ་ལས་བྱུང་བ་ཡིན། ཁ་སང་བྱ་བ་འདི་དང་འདི་བྱེད་དགོས་ཞེས་བསམས་པ་དེ་དེ་རིང་ཡང་དྲན་པ་ནི་རིག་པ་སྔ་མའི་རྒྱུན་ཡིན་པའི་རྟགས་ཡིན། དེ་ལྟར་དཔྱད་ནས་ངེས་པ་རྙེད་ན་ཤིན་ཏུ་ཤུགས་


GTD003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། གཞུང་ལུགས་ལ་མ་སྦྱངས་པ་རྣམས་ཀྱིས་དེ་འདྲའི་སྒྲུབ་ཚུལ་རྟོགས་དཀའ་བས། འདི་སངས་རྒྱས་ཀྱི་གསུང་བསླུ་བ་མེད་པ་ཡིན་སྙམ་དུ་བློ་ཐག་རྦད་ཀྱིས་བཅད་ནས་ཡིད་ཆེས་པར་བྱ་དགོས་ཏེ། རྒྱུད་རྟོག་པ་གསུམ་པ་ལས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང། །ཞེས་གསུངས་པ་ལྟ་བུ་ཡིན། དེ་ལྟར་མར་ཤེས་པ་ན་མ་བྱེད་རེས་ཀྱིས་དྲིན་གྱིས་བསྐྱངས་ཚུལ་བསམས་ཏེ། ད་རེས་བདག་གིས་དྲིན་ལན་འཇལ་དགོས། དེའང་ཟག་མེད་ཀྱི་བདེ་བ་ལ་འགོད་དགོས་ཀྱི། ཟག་བཅས་ཀྱི་བདེ་བ་ཚངས་པ་བརྒྱ་བྱིན་ལ་སོགས་པའི་གོ་འཕང་ནི་ཁོ་རང་ཚོས་ཀྱང་སྔར་ལན་མང་པོའི་བར་དུ་ཐོབ་མོད་ཀྱི་ཡིད་བརྟན་མ་གྱུར་པར་སླར་སྡུག་བསྔལ་མཐའ་ཡས་པ་མྱོང་དགོས་བྱུང་འདུག །དེའང་ད་ལྟ་རང་ལ། དེ་འདྲའི་ནུས་པ་མེད་པས་དེ་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་སྙན་བརྒྱུད་ཀྱི་མན་ངག་ཟབ་མོ་འདི་ཉིད་ཉམས་སུ་བླང་བར་བྱའོ་སྙམ་དུ་སེམས་བསྐྱེད། འདིའི་བྱམས་པ་ཡིད་འོང་གི་བྱམས་པ་ཡིན་ལ་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་སྙིང་རྗེའི་རྗེས་སུ་སྐྱེས་པའང་ཡོད་པས། དེ་གཉིས་མི་གཅིག་ཅེས་བླ་མ་རྣམས་གསུང་ཞིང། ཕྱི་མ་ལའང་ཡིད་འོང་གི་རྣམ་པར་མཐོང་དགོས་སམ་སྙམ། ཚད་མེད་བཞི་བསྒོམ་པ་འདིར་དངོས་སུ་མ་གསུངས་ཀྱང། བྱེད་དགོས་པས་དེའི་གོ་རིམ་ཆོ་ག་སོགས་ཕལ་ཆེར་དུ་བཏང་བསྙོམས་ཚད་མེད་རྗེས་ལ་བྱུང་ཡང། དམིགས་རྣམ་སྐྱོང་ཚེ་སྔོན་དུ་བླངས་ཏེ་ཟག་མེད་ཀྱི་བདེ་བ་ལ་འགོད་


GTD003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་རིམ་གྱིས་བྱེད་དགོས། གཉིས་པ་མཎྜལ་གྱི་ཁྲིད་ནི། བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས། །ཞེས་སོགས་འོག་ནས་འབྱུང་བ་དང་གཅིག་ལ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ནི། རང་ཐ་མལ་དུ་གནས་པའམ། ཡི་དམ་གྱི་ལྷ་གཞན་དུ་བསྒོམ་པའམ། རྡོར་སེམས་རང་དུ་བསྒོམ་པ་སོགས་འདམ་ག་ཅན་དུ་གསུང་བས་གང་བྱས་ཀྱང་འགལ་བ་མེད་པས་རང་གི་བློ་དང་བསྟུན། དེའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ་བཏབ་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་དེ་ལ་ཐིམ། དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་རང་གི་སྒོ་གསུམ་གྱི་ཉེས་ལྟུང་ཐམས་ཅད་སྦྱངས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་སྣེ་མོར་ཡང་རྡོར་སེམས་ཡབ་ཡུམ་ཟུང་རེ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་བཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་སྦྱངས་པའི་མོས་པ་བྱས་ལ་ཡི་གེ་བརྒྱ་པ་འབུམ་ཕྲག་བཟླ་བར་གསུངས་ཏེ། འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་ལྟུང་བ་ཐམས་ཅད་འདག་པར་གསུང་བའི་རྒྱུ་མཚན་གྱིས་ཡིན་ལ། བདུད་རྩི་འབེབས་སྦྱང་གི་དམིགས་རིམ་ཡས་འདེད་མས་འདེད་ཕུང་འདེད་སོགས་ཀྱི་རྣམ་གཞག་རྒྱས་པར་རྫོགས་རིམ་སོགས་ལས་ཤེས་དགོས། བླ་མའི་རྣལ་འབྱོར་གྱི་ཁྲིད་དངོས་གཞིའི་བླ་མའི་རྣལ་འབྱོར་འོག་ནས་བྱུང་བ་དེར་འཐུས། དེ་དག་གིས་སྔོན་འགྲོའི་རིམ་པ་སོང་ཟིན་ནས་ཕྱག་ཆེན་དངོས་གཞིའི་དམིགས་རིམ་ནི། དངོས་གཞི་ཕྱག་རྒྱ་ཆེན་པོ་ལ། །བཞེད་ཚུལ་


GTD003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འདུག་ན་ཡང། །མདོ་སྔགས་དབྱེ་བས་གཉིས་སུ་ཡོད། །ཕྱི་མ་རྡོ་རྗེའི་ལུས་འདི་ལ། །གནད་དུ་བསྣུན་སོགས་ཐབས་མཁས་ལས། །བྱུང་བའི་བདེ་ཆེན་འོད་གསལ་ཏེ། །ཞེས་སོགས་གསུང་བའི་མདོ་ལུགས་ཀྱི་ཕྱག་ཆེན་ཞེས་པ་ས་པཎ་གྱི་སྡོམ་གསུམ་རབ་དབྱེར་མི་འཐད་པའི་ཕྱོགས་མཛད་ཅིང། རྒྱལ་དབང་གིས་དགེ་ལུགས་དགེ་ལུགས་རང་བྱས་པ་བཟང་མོད། བཀའ་བརྒྱུད་པའི་ཁྲོད་དུ་འཚང་ནས་ཅི་བྱ་ཞེས། དགེ་ལྡན་བཀའ་བརྒྱུད་ཀྱི་ཐ་སྙད་ཙམ་ཡང་མི་བཞེད་ལ། པཎ་ཆེན་རིན་པོ་ཆེས། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོར། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །ཞེས་པ་ཁུངས་སུ་མཛད་ནས་མདོ་ལུགས་ལའང་ཕྱག་ཆེན་གྱི་ཐ་སྙད་ཞལ་གྱིས་བཞེས་ལ། པཎ་ཆེན་བསོད་ནམས་གྲགས་པས་ཀྱང། ཕྱག་རྒྱ་ཆེན་པོ་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་སུ། བརྒྱད་སྟོང་པ་ལས། བརྒྱ་བྱིན་གྱིས་རབ་འབྱོར་ལ་སྨྲས་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ། གང་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་པའི་སྔ་མ་ཡུལ་ཕྱག་རྒྱ་ཆེན་པོ་དང། ཕྱི་མ་གནས་ལུགས་རྗེན་པར་གཟིགས་པའི་ཡེ་ཤེས་ཡུལ་ཅན་ཕྱག་རྒྱ་ཆེན་པོའི་ཁུངས་སུ་ཚུད་ལ། དུས་འཁོར་གྱི་སྐོར་འགའ་ཞིག་ཏུ་ལུང་འདི་དྲངས་ནས། འགྲེལ་ཚུལ་གཞན་ཞིག་ཀྱང་བྱས་སྣང་ངོ་། །དེ་དག་གི་ཁུངས་འགོད་པ་ནི་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་


GTD003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རིམ་ལྔ་སོགས་དང་གྲུབ་པ་སྡེ་བདུན་སྙིང་པོ་སྐོར་གསུམ་སྟེ། མགོན་པོ་བདེ་བ་ཆེན་པོས་གསང་བ་གྲུབ་པ་མཛད། དེའི་སློབ་མ་ཡན་ལག་མེད་པའི་རྡོ་རྗེས་ཐབས་ཤེས་གྲུབ་པ་མཛད། དེའི་སློབ་མ་ཨིནྟྲ་བྷུ་ཏིས་ཡེ་ཤེས་གྲུབ་པ་མཛད། དེའི་ལྕམ་ལཀྵིཾ་ཀཱ་རས་གཉིས་མེད་གྲུབ་པ་མཛད། ཌོམྦྷི་ཧེ་རུ་ཀས་ལྷན་ཅིག་སྐྱེས་གྲུབ་མཛད། དཱ་རི་ཀ་པས་གསང་བ་ཆེན་པོའི་དེ་ཁོ་ན་ཉིད་གྲུབ་པ་མཛད། རྣལ་འབྱོར་མ་ཙི་ཏོས་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་མཛད་པ་ཡིན་ལ་སྙིང་པོ་སྐོར་གསུམ་ནི། རྒྱལ་པོ་དོ་ཧ། བཙུན་མོ་དོ་ཧ། དམངས་དོ་ཧ་གསུམ་ཡིན་ཞིང་བུ་སྟོན་ཐམས་ཅད་མཁྱེན་པས་དམངས་དོ་ཧ་གཞུང་ཚད་ལྡན་དང། སྔ་མ་གཉིས་བརྫུས་མར་གསུངས་ལ། གྲུབ་ཆེན་གྱི་གཞུང་ཚད་ལྡན་ཡིན་ཡང་སྒྲ་ཇི་བཞིན་པར་བཟུང་ཆོག་མི་ཆོག་ཅི་རིགས་ཡོད་དོ། །མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པའི་ཤེར་མདོ་རྣམས་ཡིན་ཏེ། ལྟ་བའི་དབྱེ་བ་མཐའ་ཡས་པ་ཞིག་ཡོད་ཀྱང་གནས་ལུགས་ཕྱག་རྒྱ་ཆེན་པོ་འདི་ལ་མ་བརྟེན་པར་ཐེག་པ་གསུམ་པོ་གང་གིས་ཀྱང་ཐར་པ་ཐོབ་མི་ནུས་པས་ཀླུ་སྒྲུབ་ཀྱིས་ཀྱང། ཉན་ཐོས་རང་སངས་རྒྱས་རྣམས་དང། །སངས་རྒྱས་རྣམས་ཀྱིས་ངེས་བསྟན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །ཅེས་གསུངས་ལ་རྗེ་བླ་མས་ཀྱང་དགའ་ལྡན་བྱང་རྩེར་གུང་རུ་རྒྱལ་མཚན་བཟང་པོ་སོགས་ལ་ཕྱག་ཆེན་གྱི་ཁྲིད་དང། ཡོངས་གྲགས་དབུ་མའི་ལྟ་ཁྲིད་གཉིས་གནང་བས་སྒོམ་གསར་རྙིང་གི་ཐ་སྙད་ཀྱང་བྱུང་ལ། དོན་ལྟ་བ་ལ་ཕྲ་རགས་


GTD003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང། བསྒོམ་པའི་ཚེ་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་ཐོག་མར་བཙལ་ཏེ་དེའི་སྟེང་ནས་དོན་དམ་པའི་ངོ་བོ་བཙལ་ན་རྙེད་སླ་བས་སྒོམ་ཚུལ་གྱི་ཁྱད་ཙམ་ཞིག་ཡོད་པ་ཡིན་ནམ་སྙམ། ཕྱག་རྒྱ་ཆེན་པོའི་འདོད་ཚུལ་གྱི་དབྱེ་བའང་བོད་འདིར་སྔོན་ཆད་མཐའ་ཡས་པ་ཞིག་བྱུང་སྟེ། ལྷན་ཅིག་སྐྱེས་སྦྱོར་ག་འུ་མ། །ཞེས་སོགས་གསུངས་པའི་དང་པོ་ལྷན་ཅིག་སྐྱེས་སྦྱོར་ནི་རྗེ་བཙུན་མི་ལ་རས་པའི་ཐུགས་སྲས་ཉི་མ་ལྟ་བུ་མཉམ་མེད་སྒམ་པོ་པ་ཆེན་པོའི་བཞེད་སྲོལ་ཡིན་ཏེ། དེ་ཉིད་ཀྱིས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པ་འོ། །ཞེས་དོན་ཚན་བཞིར་བཅད་ནས་གསུངས་ལ། གའུ་མ་ནི་མཁས་གྲུབ་ཁྱུང་པོའི་བཀའ་སྲོལ་ཡིན་ལ། དེའང་ཕལ་ཆེར་མར་པ་དང་དུས་མཚུངས་ཤིང། ཁོང་གི་བཞེད་ཚུལ་མཐར་ཐུག་པའི་ལྟ་བ་ནི་མགོན་པོའི་ཤིས་བརྗོད་བཀའ་རྒྱ་མར། སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །ཞེས་སོགས་གསུངས་པ་འདི་ཡིན་པས། དེའི་དོན་ཁོང་རང་ཇི་ལྟར་འཆད་ཤེས་དཀའང། ང་ཚོའི་ལུགས་དང་མཐུན་པར་འགྲེལ་ན། སྣང་སྲིད་ཀྱི་ཆོས་འདི་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པས་ན་བདེན་འཛིན་གྱི་འཛིན་ཚུལ་དེ་ཉིད་དངོས་པོ་གང་གིའང། གནས་ལུགས་སུ་མ་ཞུགས་པ་རང་གྲོལ་གྱི་དོན་དང། དེ་ལྟར་བདེན་པས་སྟོང་ཡང་ཀུན་རྫོབ་ཏུ་སྣང་བ་ནི་སྔགས་རྫས་ཚོགས་པ་ལས་རྟ་གླང་མེད་ཀྱང་རྟ་གླང་གི་སྣང་བ་འབྱུང་བ་ལྟ་བུ་ཡིན་ལ། གནས་ལུགས་དེ་ཉིད་འཛིན་སྟངས་སུ་བྱས་ཏེ་རོ་རྐྱང་གི་རྒྱུ་བ་དྷཱུ་ཏཱིར་བཀག་ནས་བསྒོམས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་


GTD003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་ཡེ་ཤེས་རྒྱུན་ཆད་མེད་པ་རྐང་པ་གཉིས་པའི་དོན་དང། དེས་མཉམ་གཞག་གི་ངེས་ངོར་ཀུན་རྫོབ་ཀྱི་སྤྲོས་པ་ཅི་ཡང་ཡིད་ལ་མི་བྱེད་པར་མེད་དགག་སྟོང་སང་དེ་ཁོ་ན་ལ་འཇུག་པ་གསུམ་པའི་དོན་ཡིན་ན། ལྔ་ལྡན་ནི་འབྲི་ཁུང་འཇིག་རྟེན་མགོན་པོས་བཞེད་ཚུལ་ཡིན་ཞིང། དེའང་ཉིད་ཀྱི་གསུང་ལས། བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །ཁྲོམ་ལྷ་མི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །ཅེས་སོགས་ཀྱི་སྐབས་ནས་དང་པོ་སྔོན་འགྲོ། དངོས་གཞི་ལྷར་བསྒོམ་པ། མོས་གུས་སྦྱོང་བ། མི་རྟོག་པ་བསྒོམ་པ། མཇུག་བསྔོ་བ་དང་ལྔར་བསྡུས་ནས་གསུངས། རོ་སྙོམས་སྦྱོར་དྲུག་ནི་འགྲོ་མགོན་གཙང་པ་རྒྱ་རས་པ་ནས་བརྒྱུད་པ་ནས་བརྒྱུད་པའི་གདམས་པ་ཡིན་ལ། དེའང་རྣམ་རྟོག་ལམ་འཁྱེར། ཉོན་མོངས་ལམ་འཁྱེར། ན་ཚ་ལམ་འཁྱེར། ལྷ་འདྲེ་ལམ་འཁྱེར། སྡུག་བསྔལ་ལམ་འཁྱེར། འཆི་བ་ལམ་འཁྱེར་རྣམས་སོ། །ཡི་གེ་བཞི་པ་ནི། ཨ་མ་ན་ཡེའི་སྒྲ་ལས་དྲངས་ཏེ། སེམས་ཀྱི་གཞི་རྩ་བཅད་པ། སེམས་ཀྱི་བཞག་ཐབས་བསྟན་པ། སེམས་ཀྱི་གོལ་ས་བཅད་པ། སེམས་ཀྱི་ལམ་འཁྱེར་བསྟན་པ་བཞིར་བསྡུས་ནས་སྟོན་པ་ཡིན་ལ། ཞི་བྱེད་ནི་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ། ཤེས་རབ་སྙིང་པོར། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྔགས་ཞེས་པ་ལ་བརྟེན་ནས། མཚན་ཡང་དམ་ཆོས་སྡུག་བསྔལ་ཞི་བྱེད་དུ་བཏགས་ཏེ། རྗེ་བཙུན་མི་ལ་རས་པ་དང་ཁོང་རྣམ་གཉིས་མཇལ་བའི་ཚེ་ཉམས་མགུར་བཞེས་པ་ལས་ཀྱང། དམ་ཆོས་སྡུག་བསྔལ་


GTD003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བྱེད་འདི། །གནོད་སྦྱིན་ཕོ་མོ་བྱུང་ཙ་ན། །བརྟུལ་ཞུགས་འཕྲུལ་འཁོར་འཆའ་བ་ཡིན། །ཞེས་སོགས་ནས། དུས་གསུམ་རྒྱལ་བའི་དགོངས་པ་ལགས། །ཞེས་བསྔགས་བརྗོད་དང་ཞལ་ཕོ་མཛད་པ་དེ་ཡིན། གཅོད་ཡུལ་ནི་མ་ཅིག་ལབ་སྒྲོན་ནས་བརྒྱུད་པ་ཟབ་མོ་གཅོད་ཀྱི་གདམས་པ་ཞེས་ཡོངས་སུ་གྲགས་པ་འདི་ཡིན་ཞིང། དེའི་གཙོ་བོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་ཚེ་འདིའི་སྣང་ཤས་དང་རང་གཅེས་འཛིན་གཅོད་པ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་གཅོད་པའམ། འགོག་པར་བྱེད་པ་ཡིན། རྫོགས་ཆེན་ཞེས་པ་དྲི་མ་ཐམས་ཅད་དང་བྲལ་བའི་སེམས་མ་བཅོས་གསལ་ལ་ཧྲིག་གེ་བ་འདི་ཡིན་ཞིང། སྣང་སྲིད་འཁོར་འདས་ཐམས་ཅད་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་དང་འདི་ལས་གཞན་དུ་གྲོལ་བྱེད་ཀྱི་ཐབས་མེད་པས་ན་ཆེན་པོ་ཞེས་བཤད་འདུག་ཀྱང་དྲི་མ་ཐམས་ཅད་དང་བྲལ་ལུགས་སོགས་ཇི་ལྟར་ཡིན་མ་ཤེས། འདིའི་གདམས་པ་སློབ་དཔོན་པདྨའི་མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ་ཞིག་ཡོད་ལ། རྒྱལ་དབང་གིའང་གསུང་གི་གཙོ་བོ་ཞལ་ལུང་རྣམ་གཉིས་ཟེར་བའི་འཇམ་དཔལ་ཞལ་ལུང་དང། གཅིག་ཤོས་རྫོགས་ཆེན་གྱི་ལྟ་སྒོམ་གཙོ་བོར་སྟོན་པ་རིག་འཛིན་ཞལ་ལུང་ཡིན། དེ་དག་གི་སྟེང་དུ་རང་ལུགས་དབུ་མའི་ལྟ་ཁྲིད་དང་བཅས་པ་འདོད་ཚུལ་མཐའ་ཡས་པ་ཞིག་ཡོད་ཀྱང་ཉམས་མྱོང་ཅན་གྱི་རྣལ་འབྱོར་པ་ཞིག་གིས་བསྒོམ་སོང་བ་ཡིན་ན་དོན་ལ་ཚ་གྲང་ལྟར་འགལ་བ་དེ་འདྲ་མ་ཡིན་པར་དགོངས་པ་གཅིག་ཏུ་འགྲོ་ཞེས། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ཇི་ལྟར་ས་ལ་རིན་ཆེན་མང། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་


GTD003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགར་ཡང་མེད། །ཅེས་དཔེར་ན་ཡུལ་སོ་སོ་ནས་བྱུང་བའི་བྱུ་རུ་ལས་དེ་དང་དེའི་བྱུ་རུ་ཞེས་སོ་སོར་བྱེད་ཀྱང། དོན་བྱུ་རུ་ཡིན་པར་མཚུངས་པ་དང་འདྲ་བར་གསུང་བ་ཙམ་ལས་རྩ་འགྲེལ་གང་དུའང་དགོངས་པ་གཅིག་ལུགས་འདི་ཡིན་ཞེས་མ་གསུངས་པས་དག་སྣང་སྦྱངས་ནས་གསུང་བ་ཡིན་ནམ་དངོས་གནས་ལ་དེ་དག་བསྒོམ་སྟེ་རླུང་དབུ་མར་བཅུག་ནས་བདེ་སྟོང་སྦྱར་ཏེ་ལམ་གོང་མར་བགྲོད་ཚུལ་ཞིག་ཡོད་པ་ཡིན་དཔྱད་དཀའ་བས། སྐྱབས་མགོན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་སྐུ་འབུམ་དུ་གནང་སྐབས་ཀྱང། ཀུ་རེའི་ཚུལ་དུ། པཎ་ཆེན་ད་སྐབས་མི་བཞུགས་པ་མ་གཏོགས། བཞུགས་ན་དགོངས་པ་གཅིག་ལུགས་འདི་གཅིག་འདྲི་དགོས་པར་འདུག །གཞན་ཕྱོགས་པ་ཚོས་སྟོང་ཉིད་མ་ཡིན་དགག་ཏུ་འདོད། རང་ལུགས་ལ་མེད་དགག་ཡིན་པས་མ་ཡིན་དགག་དང་མེད་དགག་གཉིས་ཇི་ལྟར་གཅིག་ཅེས་གསུངས་སོ། །འོ་ན་འདིར་ཇི་འདྲ་ཞིག་འཆད་རྒྱུ་ཡིན་ན། སྤྱིར་ལྟ་བ་ཚོལ་ལུགས་ལ་གཉིས་ཡོད་དེ། ཐོག་མར་ཡིད་དཔྱོད། དེ་ནས་གཏན་ཚིགས་ཡང་དག་ལ་བརྟེན་པའི་རྗེས་དཔག་སོགས་ཐོས་བསམ་གྱི་སྒོ་ནས་རིམ་གྱིས་བསྒོམ་པ་ལ་འཇུག་པ་ལྟ་ཐོག་ནས་སྒོམ་ཚོལ་བ་དང། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཞེས་སོགས་གསུངས་པ་ལྟར། དང་པོར་ཞི་གནས་བསྒྲུབས་ཏེ། དེ་རྗེས་མཚན་ཉིད་སོ་རིག་གིས་དཔྱད་ནས་ལྟ་བ་ཚོལ་བ་སྒོམ་ཐོག་ནས་ལྟ་བ་ཚོལ་བའི་ལུགས་གཉིས་ཡོད་པ་ལས་འདིར་


GTD003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་དབང་དུ་བྱས་ཏེ། བསམ་གཏན་བདེ་བའི་སྟེགས་བུ་ལ། །ལུས་གནད་བདུན་དང་ལྡན་བྱས་ལ། །ཞེས་སོགས་གསུངས་པའི་རྣམ་སྣང་གི་ཆོས་བདུན་ལྡན་འདི་ཕལ་ཆེར་ལ་ཤིན་ཏུ་གལ་ཆེ་ཞིང། བ་ལང་བདག་ལྟ་བུ་གང་ཟག་གི་རིགས་འགའ་ཞིག་ལ་འདི་འདྲ་མི་དགོས་པའང་ཡོད། རླུང་རོ་དགུ་ཕྲུགས་ནི་གཡོན་ནས་རྔུབས་ཏེ་གཡས་ནས་འབུད་པ་གསུམ། གཡས་ནས་རྔུབས་ཏེ་གཡོན་ནས་འབུད་པ་གསུམ། མཉམ་དུ་རྔུབས་ཏེ་མཉམ་དུ་འབུད་པ་གསུམ་དང་བཅས་པ་རྣམས་ཡིན་ལ། རིག་པ་དྭངས་སྙིགས་འབྱེད་པའི་མན་ངག་མཐར་ཐུག་པ་རྫོགས་རིམ་ཡིན་ཞེས་ཡོངས་འཛིན་གསུང། དེ་ནས་སྐྱབས་སེམས་སྔོན་དུ་བཏང་སྟེ་བླ་མའི་རྣལ་འབྱོར་བསྒོམ་དགོས་ལ་དེའང་འགྲེལ་བར། ཟབ་ལམ་བླ་མའི་རྣལ་འབྱོར་ནི་ལམ་གྱི་ཆ་ཡོངས་སུ་རྫོགས་པའི་བླ་མའི་རྣལ་འབྱོར་ཏེ་ཟུར་དུ་བཀོད་པ་ལྟར་ཡིན། ཞེས་ཞལ་འཕངས་མཛད་པ་ནི་ཡོངས་སུ་གྲགས་པའི་བླ་མཆོད་འདི་ཉིད་ཡིན་པས་བླ་མ་མཆོད་པ་ཞེས་པ་དང། བླ་མའི་རྣལ་འབྱོར་ཞེས་པ་ཕལ་ཆེར་དོན་གཅིག་ལ། བཀའ་བརྒྱུད་པ་རྣམས་བླ་སྒྲུབ་དང། རྙིང་མ་པ་རྣམས་རིག་འཛིན་གདུང་སྒྲུབ་ཀྱི་ཐ་སྙད་ཀྱང་བཏགས་སྣང་། འདིར་བླ་མའི་རྣལ་འབྱོར་གྱི་ཁྲིད་བྱེད་པ་ལ་རང་ལ་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཕྱིར་ལྷའི་ང་རྒྱལ་འཛིན་པ། སྣོད་བཅུད་ལ་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཕྱིར། སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་བསྒོམ་པ། མཆོད་རྫས་ལ་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཕྱིར་ངོ་བོ་བདེ་སྟོང་གི་ཡེ་ཤེས་ལ་རྣམ་པ་མཆོད་རྫས་སུ་མོས་པ་རྣམས་སྔོན་དུ་


GTD003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྟེ། ཚོགས་ཞིང་གསལ་འདེབས་པ་ནི། བདེ་སྟོང་དབྱེར་མེད་ལྷ་ལམ་ཡངས་པར་ཞེས་སོགས་ཏེ། བདེ་སྟོང་གི་དོན་ལ་ཨེ་ཝཾ་གྱི་བཤད་པ་སོགས་མང་དུ་བྱར་ཡོད་ཀྱང་བསྡུ་ན། བདེ་བ་དོན་དམ་ལ་ཞུགས་པའི་ཡེ་ཤེས་དང་། སྟོང་པ་སྟོང་གཟུགས་ཀྱི་སྐུ་གཉིས་ངོ་བོ་དབྱེར་མི་ཕྱེད་པ་ཡིན་ཞིང་། ལྷ་ལམ་ལ་ངེས་དོན་གྱི་ལྷ་ལམ་བདེ་སྟོང་གི་ཡེ་ཤེས་དང་། དྲང་དོན་གྱི་ལྷ་ལམ་མངོན་བརྗོད་སོགས་ནས་འབྱུང་བ་ལྟར་ནམ་མཁའ་ལ་བྱ་ཚུལ་གཉིས་སུ་ཡོངས་འཛིན་རིན་པོ་ཆེས་གསུངས་ལ། དཔོན་སློབ་བྱམས་པ་རིན་པོ་ཆེས་ལྷ་ལམ་ཞེས་པ་འཇིག་རྟེན་པའི་ལྷ་རྣམས་རྒྱུ་བའི་ལམ་ཡིན་པར་མ་ཟད། ཚོགས་ཞིང་གི་ལྷ་རྣམས་གང་དུ་གསལ་འདེབས་པའི་གཞི་དང། འབྱོན་བཞུད་ཀྱི་གནས་ཡིན་པས་དེ་ལྟར་བཞག་ཅེས་གསུངས། ཀུན་བཟང་ལ་རྒྱལ་སྲས་ཀུན་བཟང་དང། བྱང་ཆུབ་ཀྱི་སེམས་ལ་ཀུན་ཏུ་བཟང་པོ་ཞེས་བཤད་པ་གཉིས་ཡོད་ཀྱང་འདིར་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱིས་ཟིན་པའི་མཆོད་སྤྲིན་ལ་ཀུན་བཟང་མཆོད་སྤྲིན་དུ་བཤད་པ་ཡིན། དཔག་བསམ་གྱི་སྡོང་པོའང་ཟེའུ་འབྲུ་མིག་གིས་མཐོང་ཚད་ཙམ་བྱེད་དགོས་ཀྱི་ཧ་ཅང་མཐོན་པོ་མི་བྱ་ཞེས་ཡོངས་འཛིན་རིན་པོ་ཆེས་གསུངས། གདོང་ལྔ་ནི་རྐང་ལག་བཞི་ཁ་དང་ལྔ་ཆར་གྱིས་རི་དྭགས་འཛིན་པ་སོགས་གདོང་གི་བྱ་བ་བྱེད་ནུས་པའི་ཆ་ནས་བཤད་ཚུལ་གཅིག་དང། གདོང་གི་ཤ་ཚུགས་ལ་འབུར་པོ་ལྔ་ཡོད་པས་དེ་ལྟར་བཤད་པ་སྟེ་གཉིས་ཡོད་ལ། གང་ལྟར་ཡང། སེངྒེ་ནི་རང་ཉིད་གཅན་གཟན་གང་ལའང་མི་འཇིགས་ཤིང། དེ་ལ་ཐམས་


GTD003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྲག་དགོས་པ་ལྟར་བླ་མའང་བདུད་དང་མུ་སྟེགས་ལ་སོགས་པ་ཐམས་ཅད་ལས་རྒྱལ་ཞིང། དེ་དག་གིས་བརྫི་བར་མི་ནུས་པས་སྟོབས་དང། མི་འཇིགས་པ་ལ་སོགས་པའི་མཚོན་བྱེད་དུ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་གསལ་འདེབས་པ་ཡིན། སེངྒེའང་འབུར་དུ་དོད་པ་དང། རི་མོར་བྲིས་པ་ལྟ་བུ་མ་ཡིན་པར་མིག་སེར་ལྷོག་ལྷོག་པ། དབུགས་ལྷེབ་ལྷེབ་པ་དེ་འདྲ་བྱེད་དགོས་ཞེས་བླ་མ་བྱམས་པ་རིན་པོ་ཆེས་གསུངས། ཚོགས་ཞིང་གསལ་འདེབས་ཚུལ་སྔར་དང་འདྲ་ལ། གཙོ་བོ་ནི་རྗེ་རིན་པོ་ཆེའི་སྐུའི་རྣམ་པ་དང། དེར་མ་ཟད་རྗེ་བླ་མ་གང་དུ་སངས་རྒྱས་པའི་སངས་རྒྱས་དང་མཐུན་པ་ཕྱག་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ་དེ་འདྲ་དགོས་ཞེས་པཎ་ཆེན་རིན་པོ་ཆེས་གསུངས་སོ། །ཕུང་པོ་རྣམ་དག་བདེ་གཤེགས་ལྔ། །ཞེས་སོགས་ཀྱི་དོན་ནི་སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ་ནས་བཟུང་སྟེ། རྐང་མཐིལ་གཉིས་ལ་གནོད་མཛེས་ཀྱི་བར་ལྷ་རྣམས་གསང་འདུས་ནས་འབྱུང་བ་ལྟར་ཆ་སོ་སོར་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་འདེབས་པའམ་ཆ་རྣམས་དེ་དང་དེའི་ངོ་བོར་མོས་དགོས་པ་ཡིན། བ་སྤུ་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་ཞེས་པའི་དགྲ་བཅོམ་ཐེག་ཆེན་དགྲ་བཅོམ་དང། འོད་ཟེར་ཕྱོགས་སྐྱོང་ཞེས་པ་ཤར་ཕྱོགས་སུ་འཕྲོས་དེ་ཡོངས་སུ་གྱུར་པ་ལས་བརྒྱ་བྱིན་དང། ལྷོ་ཕྱོགས་སུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་སོགས་སུ་མོས་པ་ཡིན་ཞེས་ཡོངས་འཛིན་རིན་པོ་ཆེས་གསུངས། འདབ་མ་འོག་མ་རྣམས་ཀྱང་སྔར་བཤད་པ་དང་འདྲ་ལ། གོ་རིམ་དེ་ཁོ་ན་ལྟར་མ་བྱས་


GTD003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོག །དེང་སང་འཇིག་རྟེན་ལས་འདས་པའི་ལྷ་ལས་འཇིག་རྟེན་པ་ལ་ཞེན་ཆེ་བའི་སྟབས་ཀྱིས་དེ་འདྲ་ཚོགས་ཞིང་གི་གྲངས་སུ་འཇོག་ཉེན་ཡོད་པས་གཏན་ནས་མི་རུང། དེ་ནས་ཚོགས་ཞིང་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་རྣམས་སྤྱན་འདྲེན་དགོས་པ་ཡིན་ལ། རང་བཞིན་གྱི་གནས་ཞེས་པ་ལོངས་སྐུའི་གནས་ལ་བྱེད་པ་དང། ཆོས་སྐུའི་གནས་ལ་བྱེད་པ་གཉིས་ཡོད་ཅིང། རྣམ་མཁྱེན་གྱིས་ཆོས་ཉིད་ལ་ཁྱབ་ཡོད་པའི་གནད་ཀྱིས་འོད་ཟེར་རྒྱང་རིང་པོར་སྤྲོ་མི་དགོས་པར་གནས་འདི་ལྟ་བུ་མཚོན་ན། རྒྱབ་རི་མདུན་རི་སོགས་ཀྱི་ངོས་ལ་འཕྲོས་ཙམ་བྱས་པས་ཆོག་སྟེ། ནམ་མཁའ་ལ་སྤྲིན་གློ་བུར་དུ་ཐོལ་གྱིས་བྱུང་བ་ན་རྒྱུ་རྐྱེན་མེད་པར་བྱུང་བ་ལྟ་བུ་ཡོང་ཡང། དེར་རྐྱེན་ཕྲ་མོ་ཞིག་ཡོད་པ་ཡིན། དེ་བཞིན་དུ་ཡེ་ཤེས་ཆོས་སྐུ་དང། དེའི་སྟེང་གི་སྟོང་པ་ངོ་བོ་ཉིད་སྐུ་སོགས་ཀྱིས་ཁྱབ་ཡོད་ཅིང། དེ་ལས་གཟུགས་སྐུའི་རྣམ་པ་འཆར་བས་ཐག་རིང་པོར་དེ་འདྲ་བྱེད་མི་དགོས། དེ་ནས། ཛཿ ཧཱུཾ་བཾ་ཧོཿ ཞེས་པའི་སྐབས་སུ་དམ་ཡེ་སོ་སོར་མཐོ་བརྩེགས་ཀྱི་ཚུལ་དུ་གནས་པ་དང། དམ་ཚིག་པ་ལ་བསྟིམས་ཀྱང་མ་འདྲེས་པར་གནས་པ་དང། འོ་ཆུ་འདྲེས་པ་བཞིན་དབྱེར་མེད་དུ་གྱུར་པ་དང། དེའང་མི་དགྱེས་པ་མེད་པར་དགྱེས་བཞིན་བཞུགས་པའི་མོས་པ་བྱེད་པ་འདི་རྣམས་ཆོ་ག་ཐམས་ཅད་མཐུན། དེ་ནས་ཡན་ལག་བདུན་པ་འབུལ་བ་ལ། ཐོག་མར་ཕྱག་འཚལ་བ་ནི། གང་གི་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས། །ཞེས་སོགས་ཏེ། གང་ཞེས་པ་སྤྱི་སྒྲ་ཡིན་ཀྱང་ཐུགས་རྗེས་ཞེས་བྱེད་ཚིག་གི་ནུས་པས་དེ་ལ་


GTD003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་འགྱུར་བ་ཞེས་བླ་མ་ལ་གོ་དགོས་པ་ཡིན། ཤོ་ལོ་ཀ་གཉིས་པ་ནི། མཚན་ཟུར་ལ་བརྟགས་ན་ཆོས་འདི་སྟོན་པའི་བླ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གཙོ་བོར་ཕྱག་འཚལ་བ་ཡིན་ནམ་སྙམ། ལྷར་བཅས་སྟོན་པ་ཞེས་སོགས་དཀོན་མཆོག་གསུམ་འདུས་པའི་ངོ་བོར་བལྟས་ནས་ཕྱག་འཚལ་བ་འདི་གནད་ཆེ་སྟེ། སངས་རྒྱས་ལ་དཀོན་མཆོག་གསུམ་གའི་ངོ་བོར་མོས་པ་གང་དུའང་མ་བཤད། ཆོས་དང་དགེ་འདུན་ལའང་མ་བཤད་ཅིང། བླ་མ་དཀོན་མཆོག་གསུམ་གའི་རྩ་བར་གསུང་བ་དང། བླ་མའི་སྐུ་དགེ་འདུན་དཀོན་མཆོག །གསུང་ཆོས་དཀོན་མཆོག །ཐུགས་སངས་རྒྱས་དཀོན་མཆོག་གསུམ་ཡིན་པར་གསུང་བའང་ཡོད། དེར་མ་ཟད་བླ་མ་ལས་ལོགས་སུ་དཀོན་མཆོག་གསུམ་ཡོད་ན་བླ་མ་ལ་དད་པ་ཞན་དུ་འགྲོ་ཉེན་ཡོད་པས་དེ་ལྟར་འཛིན་མི་རུང། གཉིས་པ་མཆོད་པ་འབུལ་བ་ནི། སྤྱིར་ཡན་ལག་བདུན་ཀ་དང། དེར་མ་ཟད་ཐོས་བསམ་སྒོམ་གསུམ་སོགས་བླ་མ་མཉེས་བྱེད་ཐམས་ཅད་སྒྲུབ་པའི་མཆོད་པ་ཡིན་ཡང། འདིར་ཡོངས་གྲགས་ཀྱི་མཆོད་པའི་རིམ་པ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་ལས། དང་པོ་ནི། བཀོད་ལེགས་རིན་ཆེན་འོད་འབར་སྣོད་ཡངས་ལས། །ཞེས་སོགས་ཏེ། དབྱིབས་སོགས་བཀོད་པ་ལེགས་ཤིང་བྱི་དོར་བྱས་པས་འོད་འབར་བ། རྒྱུ་རིན་པོ་ཆེ་ལས་གྲུབ་པ་དེ་ལྟ་བུའི་སྣོད་དུ་མཆོད་ཡོན་སོགས་ཟད་པ་མེད་པར་འབུལ་བ་ཡིན་ཞིང་རྒྱས་པར་བྱེད་ན། ཚིག་གཉིས་པོ་འདིའི་མཇུག་ཏུའང། དྭངས་པའི་སེམས་ཀྱིས་ཕུལ་བྱུང་ཞིང་གི་མཆོག །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། །ཨོཾ་གུ་རུ་


GTD003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་བོདྷི་སཏྭ་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། ཨཉྩ་མ་ཎཾ་སོགས་བཅུག་པས་ཆུ་བཞི་དང། རྗེས་མ་སོ་སོའི་མགོ་མཇུག་ཏུའང། སྐྱབས་མགོན་རྗེ་བཙུན་བླ་མ་འཁོར་བཅས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །སྡོང་པོ་སིལ་མ་འཕྲེང་བ་སྤེལ་ལེགས་པའི། །མཛེས་པའི་མེ་ཏོག་ས་དང་བར་སྣང་གང། །དྭངས་པའི་སེམས་ཀྱིས་ཕུལ་བྱུང་ཞིང་གི་མཆོག །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། །ཨོཾ་གུ་རུ་བུདྡྷ་བོདྷི་སཏྭ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་མཚོན་ཏེ་སྦྱོར་དགོས་པར་ཡོངས་འཛིན་རིན་པོ་ཆེས་གསུངས། དམིགས་པ་ནི་མེ་ཏོག་གི་སྡོང་པོ་དང། དེ་ལས་བཏོག་པའི་སིལ་མ་ཕྲེང་བར་བརྒྱུས་པ་དཀར་པོ། སྔོན་པོ། དམར་པོ། སེར་པོ་སོགས་འཇའ་ཚོན་གྱི་མདངས་ལྟར་སྤེལ་བ། གཞན་ཡང་མེ་ཏོག་གི་གདུགས་དང། རྒྱལ་མཚན་དང། བླ་རེ་ལ་སོགས་པ་གནས་སྐབས་དེ་ན་མེ་ཏོག་མ་ཡིན་པ་གང་ཡང་མེད་ཚོད་ལྟ་བུ་བློས་སྤྲུལ་དགོས་ལ། སྣང་གསལ་གྱི་ཐད་དུ་རྩེ་དགའ་རྒོད་ཅེས་པའི་དོན། བྱིས་པ་རྩེད་མོ་རྩེ་བ་བཞིན། མར་མེའི་ཚོགས་ཀྱང་གཅིག་གི་འོད་གཅིག་ལ་ཕོག་སྟེ། ཕན་ཚུན་འཛིངས་པའི་དོན་ཡིན་པར་ཡོངས་འཛིན་རིན་པོ་ཆེས་གསུངས། སྣ་ཚོགས་རོལ་མོ་ཞེས་པ་འབུད་བརྡུང་རྒྱུད་དཀྲོལ་གྱི་རོལ་མོའི་རིགས་མཐའ་ཡས་པ་ཡིན་ཞིང། ཕྱིའི་འདོད་ཡོན་གྱི་ལྷ་མོ་ནི། མེ་ལོང་དང་པི་ཝང་ལ་སོགས་པ་བཟུང་ནས་མཆོད་པ་བྱེད་པ་རྣམས་དང། ནང་གི་འདོད་ཡོན་གྱི་ལྷ་མོ་ནི། ལུས་ཀྱི་ཆ་ཤས་སམ་རྒྱུད་དུ་གཏོགས་པའི་འདོད་ཡོན་ལྔའི་སྒོ་ནས་མཆོད་པར་བྱེད་པ་རྣམས་


GTD003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། བྱེ་བ་ཕྲག་བརྒྱའི་ཞེས་སོགས་འདིའི་མཎྜལ་ཡིན་ཞིང། དབེན་ས་སྙན་བརྒྱུད་ཀྱི་ཆོས་འདི་དག་ཞུ་བའི་ཚེའང་མཎྜལ་ཉེར་གསུམ་མ་འདི་རང་འབུལ་བ་ཕྱག་ལེན་ཡིན་གསུངས། དངོས་བཤམས་ཡིད་སྤྲུལ་ཡིད་བཞིན་རྒྱ་མཚོའི་ངོགས། །ཞེས་སོགས་ཕལ་ཆེར། འགྲོ་མགོན་འཕགས་པས། ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཞེས་སོགས་དང་ཆ་མཚུངས་པར། རང་གཞན་གྱི་དགེ་ཚོགས་དང། མདོའི་དབང་དུ་བྱས་པའི་བསླབ་པ་གསུམ། སྔགས་ཀྱི་དབང་དུ་བྱས་པའི་རིམ་པ་གཉིས་ལ་སོགས་པ་མཚོ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པས་མཛེས་པའི་དགའ་ཚལ་གྱི་གཟུགས་སུ་བཀོད་ནས་ཕུལ་བ་ཡིན་ལ། ཡིད་བཞིན་གྱི་རྒྱ་མཚོ་ཞེས་པ་རྒྱ་མཚོ་ཆེན་པོ་དངོས་གཞི་མ་ཡིན་པར། གླིང་བར་གྱི་མཚོ་ཆུང་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་དགོས་འདོད་ཐམས་ཅད་འབྱུང་བ་དེ་འདྲ་བ་ཞིག་ཡིན་པར་བཤད་ཅིང་ངོགས་ཞེས་པ་དེའི་གོ་སའམ་གཞི་དང་འགྲམ་ལ་བཤད་པ་གཉིས་འབྱུང། ཇའི་མཆོད་པ་འབུལ་བ་ནི་རྒྱ་གར་ན་མེད་ཀྱང་ཇོ་བོ་བོད་དུ་ཕེབས་སྐབས་ཇ་དྲངས་པས་བོད་ཀྱི་རབ་བྱུང་ཚོ་བསོད་ནམས་ཆེ་ཞེས་བསྔགས་བརྗོད་མཛད་པ་བཞིན་འདིར་ཡང་བཞག་གོ །དངོས་གྲུབ་འགུགས་པར་བྱེད་པའི་ལྕགས་ཀྱུ་ལྔ་དང། དངོས་གྲུབ་གསལ་བར་བྱེད་པའི་སྒྲོན་མ་ལྔ་ཞེས་ཤ་ལྔ་བདུད་རྩི་ལྔ་པོ་ཨོཾ་ཨཱཿ ཧཱུཾ་གིས་སྦྱངས་རྟོགས་སྦར་གསུམ་བྱས་ནས་འབུལ་བ་ནང་གི་མཆོད་པ་དང། གསང་བའི་མཆོད་པ་ནི། དབེན་པ་གསུམ་ལ་གནས་པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ། བསྐྱེད་རིམ་ལ་གནས་པ་སྔགས་སྐྱེས། འོད་གསལ་སོགས་ལ་གནས་པའི་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་འགྲེལ་པ་བཞི་སྦྲགས་ནས་འབྱུང་བ་ལྟར་གྱི་སྒྱུ་རྩལ་དྲུག་ཅུ་རྩ་


GTD003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་མཁས་པ་དེ་ལྟ་བུའི་ཕྱག་རྒྱ་ཕུལ་ལ་དེ་ལས་རང་འདྲ་ཆད་དེ་བླ་མའི་ཐུགས་ཀའི་རྡོ་རྗེ་འཆང་གི་ཡུམ་ལ་ཐིམ། དེ་དང་སྙོམས་པར་ཞུགས་པའི་ཟག་མེད་ཀྱི་བདེ་བ་མྱོང་བ་ན་གཙོ་འཁོར་ཐམས་ཅད་ཐུགས་རྒྱུད་གཅིག་པའི་གནད་ཀྱིས་གཞན་རྣམས་ཀྱང་དེས་ཚིམ་པར་འགྱུར་ཞེས་གསུང། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅིང་དེ་དག་ཀུན་གྱི་རང་བཞིན་ནམ་སྡོད་ལུགས་སུ་གྲུབ་པ་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབྱིངས་སྟོང་ཉིད་དང་དབྱེར་མེད་དུ་ཞུགས་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ནོ། །དེ་ནས་སྨན་འབུལ་བ་དང་ལུས་བྲན་དུ་འབུལ་བ་ནི། ཉོན་མོངས་བཞི་བརྒྱ་རྩ་བཞི་ཞེས་སོགས་བྱུང། གསུམ་པ་སྡིག་པ་བཤགས་པ་ནི་ཐོག་མེད་དུས་ནས་ཞེས་སོགས་ཏེ། འདི་ལ་ཡོངས་འཛིན་རིན་པོ་ཆེས། དཔེར་ན་ཆང་འཐུང་མཁན་ཞིག་གིས་སྔ་མ་ལ་འགྱོད་སེམས་ཀྱིས་བཤགས་པ་བྱེད་ཀྱང་སྡོམ་སེམས་མེད་ན་གཏན་ནས་འདག་མི་ཐུབ་པས་སྡོམ་སེམས་གལ་ཆེ་ལ། དེའང་ཞེ་ཕུགས་སུ་སླར་གཅོད་མི་ཐུབ་སྙམ་པ་ཡོད་ཀྱང་གནས་སྐབས་དེ་ལ་བློ་བཅོས་ནས་ཐག་རྦད་ཀྱིས་བཅད་དེ་སྡོམ་སེམས་བྱས་ན་སླར་རྫུན་དུའང་མི་འགྲོ་ལ། རྡོ་རྗེ་འཆང་གི་བཅས་དབང་ཡིན་པས། དེ་ལྟར་བྱེད་ཀྱང་བྱེད་དགོས་ཏེ། དགེ་འདུན་གྱི་ལས་བྱེད་པའི་ཚེ་ནའང་ལྟུང་མཐུན་གྱི་བྱིན་རླབས་བྱས་པས་ལྟུང་བ་དེས་ལས་ལ་མི་སྒྲིབ་པར་འགྱུར་བ་ལྟ་བུ་ཡིན་ཞེས་གསུངས་པ་གཞན་ལ་ཇི་ལྟར་ཡིན་རུང། ང་རང་ལ་བློ་སྐྱེད་ཆེ་བར་བྱུང། རྗེས་སུ་


GTD003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་གི་ཡན་ལག་ནི། ཆོས་རྣམས་རང་བཞིན་ཞེས་སོགས་ཏེ། རྗེས་སུ་ཡི་རང་བྱས་པས་བྱེད་པ་པོ་དང་དགེ་རྩ་ཆ་མཉམ་དུ་ཐོབ་པ་སྔོན་བཅོམ་ལྡན་འདས་ལ་རྒྱལ་པོ་ཞིག་གིས་བསོད་སྙོམས་དྲངས་པ་དང། དེ་ལ་དབུལ་པོ་ཞིག་གིས་རྗེས་སུ་ཡི་རང་བྱས་པ་གཉིས་ཀས་བསོད་ནམས་མཚུངས་པར་ཐོབ་པར་གསུངས་པ་ལྟ་བུ་ཡིན་ཏེ། འགྲེལ་པ་དོན་གསལ་ལས། རྗེས་སུ་ཡི་རང་ཡིད་ལ་བྱེད་པས་ནི་རང་གཞན་གྱི་དགེ་བ་བྱས་པ་མཉམ་པ་ཉིད་འཐོབ་བོ་ཞེས་གསུངས། ཆོས་འཁོར་བསྐོར་བར་བསྐུལ་བའི་ཚེ་འཁོར་ལོ་ལྟ་བུ་དངོས་སུ་ཡོད་ན་ཕུལ་ཀྱང་ལེགས། ལྷག་མ་གོ་སླ། དེ་ནས་ས་གསུམ་པ་དང་ཕྱག་ཆེན་གསོལ་འདེབས་སོགས་ལོང་སྐབས་དང་སྦྱར་ནས་འདོན་ལ། ལྷག་པར་ཡང། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །སངས་རྒྱས་ཀུན་དངོས་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་དབེན་ས་སྙན་བརྒྱུད་ནས་འབྱུང་བའི་གསོལ་འདེབས་འདི་ཉིད་ནན་ཏན་དུ་བཟླ། དེ་ནས་ཡོན་ཏན་འབྱུང་གནས་ཞེས་སོགས་ཤཱཀྱ་འོད་ཀྱིས་འདུལ་བ་སུམ་བརྒྱ་པར། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ཞེས་སོགས་གསུངས་པ་དང་དོན་མཐུན་པར་སོ་ཐར་དང་འབྲེལ་བའི་གསོལ་འདེབས། གང་དང་ལྡན་ན་ཞེས་སོགས་མདོ་སྡེ་རྒྱན་བཞིན་བྱང་སེམས་དང་འབྲེལ་བའི་གསོལ་འདེབས། སྒོ་གསུམ་ལེགས་བསྡམ་ཞེས་སོགས་སྡོམ་འབྱུང་དང་བླ་མ་ལྔ་བཅུ་པ་ལྟར་རྡོ་རྗེ་ཐེག་པའི་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པའི་སྒོ་


GTD003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསོལ་བ་འདེབས་པ། དེའི་འོག་ཏུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལ་དང་པོ་ནི། སངས་རྒྱས་གྲངས་མེད་སོགས་དང། གཉིས་པ་ནི་ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་སོགས་བྱུང་ལ། བདེ་གཤེགས་སྐུ་གསུམ་ཞེས་སོགས་ཤོ་ལོ་ཀ་འདི་ཕྱིའི་ཡོན་ཏན་ལ་སྦྱར་བ་དང་ནང་གི་ཡོན་ཏན་ལ་སྦྱོར་ལུགས་གཉིས་ཡོད། ཀུན་མཁྱེན་ཡེ་ཤེས་ཞེས་སོགས་གསང་བ་དང། སྒྲིབ་མེད་ལྷན་སྐྱེས་ཞེས་སོགས་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ཡིན་ལ། མཚམས་འདིར་ཚོགས་ཞིང་གཞན་ཐམས་ཅད་རྩ་བའི་བླ་མ་ལ་བསྡུས་ཏེ། དེ་ལ་ཕུར་ཚུགས་གསོལ་འདེབས་བྱེད་པའི་ལུགས་ཀྱང་ཡོད་ལ། ཁྲིད་རྒྱུན་འདིར་འོག་ནས་སྡུད་པ་ཡིན། ཕུར་ཚུགས་གསོལ་འདེབས་ནི། རྩ་བའི་བླ་མ་དེ་ཉིད་ལ་བླ་མའང་ཁྱེད་རང་ཡིན། ཡི་དམ་ཡང་ཁྱེད་རང་ཡིན། མཁའ་འགྲོ་ཆོས་སྲུང་སོགས་ཀྱང་ཁྱེད་རང་ཡིན་པས། རེ་ས་གཞན་ན་མེད་དོ་སྙམ་དུ་བློ་བཀལ་ནས་གསོལ་བ་འདེབས་པ་ཡིན་ལ། དེ་ལྟར་བྱས་པའི་ཚེ་བླ་མའི་སྤྱི་བོའི་ཨོཾ། མགྲིན་པའི་ཨཱཿ ཐུགས་ཀའི་ཧཱུཾ་རྣམས་ལས་བདུད་རྩི་དཀར་དམར་མཐིང་ག་སོ་སོ་དང་ཅིག་ཅར་བྱུང་བས། ལུས་ངག་ཡིད་གསུམ་སོ་སོ་དང་བསྡོམ་པའི་ཉེས་ལྟུང་སྦྱངས། སྐུ་གསུང་ཐུགས་སོ་སོ་དང་གསུམ་ཆར་གྱི་བྱིན་རླབས་ཞུགས། བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དབང་བཞི་པ་རྣམས་ཐོབ་ཅིང། མཐར་བླ་མ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་ཐིམ་པའི་དམིགས་པ་བྱ། དེ་ནས་


GTD003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཆ་ཡོངས་སུ་རྫོགས་པ་ལ་གཤར་སྦྱང་བྱེད་ཅིང་བྱིན་རླབས་ཞུ་བ་ནི། ཞིང་མཆོག་དམ་པ་ཞེས་སོགས་ཏེ། འདི་དག་སོ་སོའི་སྐབས་སུ་བདུད་རྩི་འབེབས་སྦྱང་བྱས་ཀྱང་ཆོག་ལ། སྐྱེས་བུ་ཆུང་འབྲིང་སོགས་ཀྱི་ཆོས་སྐོར་སོ་སོར་བཅད་ནས་བྱས་ཀྱང་ཆོག་པས་རང་གི་བློ་དང་བསྟུན། དོན་ནི་མདོར་བསྡུས་ན། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པས་རྗེས་སུ་འཛིན་པ་དང། དལ་འབྱོར་ལན་གཅིག་ཐོབ་པའི་དུས་འདིར་རྙེད་བཀུར་སྙན་གྲགས་འདུ་ལོང་ཚོང་ཁེ་སྤོག་འགྲོ་བསྡད་སོགས་དོན་མེད་ཀྱི་བྱ་བ་མང་པོས་མི་གཡེང་བར་དོན་ལྡན་ཆོས་ཀྱི་སྒོ་ནས་སྙིང་པོ་ལེན་དགོས་པ་དང། ད་ལྟ་ངན་སོང་དུ་སྐྱེས་མེད་ཀྱང་དེའི་ལས་བསགས་ཡོད་པས། དཔེར་ན་རྐུས་བྱས་པའི་མི་དེ་གནས་སྐབས་ཁྲིམས་ལ་ཕོག་མེད་ཀྱང་སླར་གཅོད་པ་དང་འདྲ་ཞིང། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ཁོ་ན་ལ་ཡོད་ལ། དེའང་རང་གིས་སྐྱབས་འགྲོའི་བསླབ་བྱ་ལས་འབྲས་ཀྱི་སྤང་བླང་སོགས་ཚུལ་བཞིན་མ་བྱས་ན། དེ་དག་གིས་ཀྱང་སྐྱོབ་ཐབས་མེད་ཚུལ་བསམ་པ་སོགས་ཆུང་ངུ་དང་ཐུན་མོང་བའི་ལམ་རྣམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས། དེའང་བྱིན་ནི་བླ་མའི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནམ་ནུས་པ་ཡིན་ཞིང། རློབས་ཞེས་པ་རང་རྒྱུད་ཀྱི་ཕྱིན་ཅི་ལོག་གི་བློ་སྣ་སོགས་དེ་ལས་གཞན་དུ་བསྒྱུར་བའམ་ཟིལ་གྱིས་མནན་པའི་དོན་ཡིན་ལ། དེས་འོག་མ་ཐམས་ཅད་ལའང་འདྲ། དེ་ནས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་སྐྱེས་ཏེ་ལམ་བསླབ་པ་གསུམ་ལ་སློབ་པ་འབྲིང་གི་ཆོས་སྐོར་ཡིན་ཞིང། དེ་ལའང་ཚུལ་ཁྲིམས་ནི་གཙོ་བོ་ཡིན་ཏེ།


GTD003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་རྣམ་དག་ཅིག་བསྲུང་བ་ལ་དྲན་ཤེས་བཞིན་བརྟན་པོ་རྒྱུན་ཆགས་སུ་བསྟེན་དགོས་ཤིང། དེ་ལྟ་བུའི་དྲན་པ་བརྟན་པོ་ཞིག་ཡོད་ན། དེ་ནས་ཏིང་ངེ་འཛིན་ལ་ཁ་སྤོས་ཀྱང་བསྒྲུབ་སླ་བ་ཡིན་ཞེས་ཡོངས་འཛིན་གསུང་ལ། ཏིང་ངེ་འཛིན་ཡོད་ན། ཤེས་རབ་འབྱུང་ཚུལ་རླུང་གིས་མ་བསྐྱོད་པའི་མར་མེ་གསལ་ཆ་དང་ལྡན་པ་ལྟ་བུ་ཡིན་ཚུལ་ལམ་རིམ་སོགས་ནས་འབྱུང་བ་ལྟར་ཡིན། དེ་ནས་ཆེན་པོའི་ཆོས་སྐོར་ནི། ཉམ་ཐག་འགྲོ་བ་འདི་ཀུན་བདག་གི་མ། །ཞེས་སོགས་ཏེ། སྙིང་རྗེ་ཆེན་པོ་ནི་ཐེག་ཆེན་ལམ་གྱི་རྩ་བ་ཡིན་པར་མདོ་རྒྱུད་ཐམས་ཅད་ནས་གསུང་ཞིང། དཔལ་ལྡན་ཟླ་བས་ཀྱང། ཐོག་མཐའ་བར་གསུམ་དུ་གལ་ཆེ་ཚུལ་གྱི་སྒོ་ནས་འདི་ལ་མཆོད་བརྗོད་མཛད་པ་ཡིན། དེ་ནས་སེམས་བསྐྱེད་ཚུལ་ལ་ལུགས་གཉིས་ཡོད་པས། འདིར་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་གཙོ་བོར་གསུངས་ཏེ་དེ་ནི་རིམ་པ་མང་པོ་བྱེད་མི་དགོས་ཤིང། གཏོང་ལེན་གྱི་དམིགས་པ་སོགས་འཆར་བདེ་ལ་ཤུགས་ཆེ་བ་ཡིན། ཡོངས་འཛིན་རིན་པོ་ཆེས་སྤྱོད་འཇུག་ཏུ། བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པའི་དོན་བདག་གཞན་མཉམ་བརྗེ་འདི་ཉན་རང་དང་དེར་མ་ཟད་སེམས་དཔའ་དབང་རྟུལ་རྣམས་ལའང་གསང་དགོས་པ་ཡིན་གསུང་ཞེས་འགའ་ཞིག་ཟེར་ཡང། ཡིག་ཆ་ཚོར་བལྟས་ན་བྱང་སེམས་ཡིན་ན་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ཀྱང་རྒྱུད་ལ་སྐྱེས་པས་ཁྱབ་པ་ལྟ་བུ་ཞིག་འདུག་པས་སྔ་མ་ཉམས་མྱོང་གི་གསུང་ཁྱད་པར་ཅན་ཞིག་


GTD003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ་དཔྱད་དགོས། དེའང་རང་ཅག་རྣམས་བདེ་བ་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད་ལ་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འདོད་པར་འདྲ་བ་ལ། རང་གཅེས་པར་འཛིན་པའི་གཅོང་ནད་ཤུགས་དྲག་ལ་གསོར་མེད་པ་འདིས་ཟིན་པའི་དབང་གིས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སོགས་པ་མི་འདོད་པ་ཐམས་ཅད་སྣ་དྲངས་ཡོང་ཚུལ་དང། གཞན་གཅེས་པར་བཟུང་བའི་སྟོབས་ཀྱིས་ཡོན་ཏན་ཐམས་ཅད་འབྱུང་སྟེ་རང་ཅག་རྣམས་ཐོག་མེད་ནས་རང་དོན་ཁོ་ན་བྱས་པས་རང་དོན་ཅུང་ཟད་ཙམ་ཡང་མ་གྲུབ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སློབ་པ་ལམ་དུ་རང་དོན་ཡལ་བར་དོར་ཏེ་གཞན་དོན་འབའ་ཞིག་མཛད་པས་མཐར་རང་དོན་ཕུན་སུམ་ཚོགས་པའང་དེ་ཉིད་ཀྱིས་བརྙེས་འདུས་པ་སོགས་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ་གཏོང་ལེན་སྦྱོང་དགོས་ལ། དངོས་གཞིའི་དམིགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྡིག་སྡུག་མ་ལུས་པ་སྣ་བུག་གཡོན་པ་ནས་ཚུར་བསྡུས་ཏེ། རང་གི་སེམས་སྟེང་དུ་ནག་ཕུང་ངེ་གནས་ནས་རང་ལ་སྨིན་པ་དང། རང་གི་བདེ་དགེ་ཐམས་ཅད་སྣ་བུག་གཡས་ནས་ཕྱིར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཞུགས་པས་དེ་དག་ཐམས་ཅད་བདེ་བས་ཚིམ་པར་བསྒོམ་དགོས། སྤྱིར་རང་ཅག་རྣམས་རྒྱུན་དུ་རང་གཅེས་པར་འཛིན་ཅིང། གཞན་ཡལ་བར་འདོར་བ་ཡིན་པ་ལ་འདིར་བློ་དེ་གཉིས་གོ་ས་བརྗེས་ནས་རང་ཡལ་བར་འདོར་ཞིང་གཞན་གཅེས་པར་འཛིན་པས་བདག་གཞན་མཉམ་བརྗེ་ཞེས་བཤད་པ་ཡིན་གྱི། བདག་གཞན་ཡིན་སྙམ་པ་དང་གཞན་བདག་ཡིན་སྙམ་དུ་བསྒོམ་པ་གཏན་མིན། འདི་ཡན་ཆད་ཀྱི་བདག་


GTD003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མཉམ་བརྗེའི་སྐོར་ཕལ་ཆེར་སོང་ཞིང། དེ་ནས། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ། །ཞེས་སོགས་ཀྱི་དོན་མི་དགེའི་ལས་ཀྱི་རྣམ་སྨིན་སྣོད་བཅུད་ཐམས་ཅད་ལ་སྨིན་ཏེ་ཆར་ཆུ་དུས་སུ་མི་འབབས་ཤིང་ལོ་ཏོག་མི་སྨིན་པ་འཐབ་རྩོད་འཁྲུག་ལོང་མང་བ་གཅན་གཟན་གདུག་པས་གཙེས་པ། ནད་རིམས་སྣ་ཚོགས་འབྱུང་བ་སོགས་མི་འདོད་པ་སྣ་དགུ་འཛིངས་པའང་ཞུམ་པ་མེད་པར་དེ་ཐམས་ཅད་སྔོན་ལས་ངན་བསགས་པའི་འབྲས་བུ་ཡིན། ད་ལན་མྱོང་ནས་དག་སོང་ན་བཟང་སྙམ་དུ་རྐྱེན་ངན་ལམ་དུ་འཁྱེར་བ་དང། མདོར་ན་བཟང་ངན་གྱི་སྣང་བ་ཅི་ཞིག་བྱུང་ཡང་འཕེན་པའི་སྟོབས་དང་དཀར་པོ་ས་བོན་གྱི་སྟོབས་སོགས་སྟོབས་ལྔ་དང་སྦྱོར་བ་བཞིའི་སྒོ་ནས་དེ་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་བསྒྱུར་ཏེ། བློ་སྦྱོང་དོན་བདུན་མ་སོགས་ནས་བྱུང་བ་ལྟར་བློ་སྦྱོང་གི་དམ་ཚིག་བཅུ་བདུན་ལ་སོགས་པ་ཐམས་ཅད་ཚུལ་བཞིན་དུ་བསྲུང་ནུས་པར་བྱིན་གྱིས་རློབས་ཞེས་པའོ། །དེ་ནས་སྨོན་སེམས་ནི། གཏོང་ལེན་རླུང་ལ་ཞེས་སོགས་དང། དུས་གསུམ་རྒྱལ་བ་ཞེས་སོགས་ནི་འཇུག་སེམས་ཡིན་ལ། འདི་ཡན་ཆད་ཀྱིས་སྤྱོད་པ་སྤྱི་བསླབ་ཀྱི་རིམ་པ་སོང་ཟིན་ནས། སོ་སོར་འཆད་པ་ལ། ལུས་དང་ལོངས་སྤྱོད་ཅེས་སོགས་བྱུང་བས་ཤེས་རབ་ཀྱི་ཕར་ཕྱིན་མཉམ་གཞག་གི་གནས་སྐབས་ལ་སྦྱར་ཏེ། མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་ཀྱི་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱང་གི་བདེ་བས་ཟིན་པའི་ལྷག་མཐོང་ཐོབ་ནས་མཉམ་གཞག་གི་ཚེ་དགག་བྱ་བདེན་གྲུབ་བཅད་ཙམ་གྱི་སྟོང་པ་ལ་མཉམ་པར་བཞག་


GTD003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནམ་མཁའ་ལྟ་བུའི་རྣལ་འབྱོར་སྐྱོང་ཞིང། དེ་ལས་ལངས་པའི་རྗེས་ཐོབ་ཏུ་སྣོད་བཅུད་ཀྱི་ཆོས་འདི་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་ཆུ་ཟླ་ལྟ་བུར་བློ་ལ་སྣང་བ་ཙམ་ཞིག་མ་གཏོགས་རང་ངོས་ནས་མ་གྲུབ་པར་ལྟ་བ་སྒྱུ་མ་ལྟ་བུའི་རྣལ་འབྱོར་དང། མདོར་ན་ཆོས་འདི་ཐམས་ཅད་མིང་དང་རྟོག་པས་ཕར་བཏགས་ཙམ་ཞིག་བསྙོན་མེད་དུ་ཡོད་པས་ལས་རྒྱུ་འབྲས་སོགས་རྟེན་འབྲེལ་གྱི་རྣམ་གཞག་ཐམས་ཅད་འཐད་ལྡན་དུ་བཞག་ཆོག་ལ། དེ་དག་གང་ཡང་རིགས་པས་དཔྱད་ན་དོན་དམ་པར་གྲུབ་པ་རྡུལ་ཙམ་ཡང་མེད་པས་སྟོང་པ་དང་རྟེན་འབྱུང་གཉིས་པོ་འདི་ཕན་ཚུན་གཅིག་གྲོགས་སུ་གཅིག་འགྲོ་བས་སྣང་བ་སྟོང་པའི་གྲོགས་སུ་འཆར་བ་དང་སྟོང་པ་སྣང་བའི་གྲོགས་སུ་འཆར་བ་ཞིག་དགོས་ཀྱི། དེ་གཉིས་ཚ་གྲང་ལྟར་འགལ་བར་བཟུང་ན་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པར་གཏན་མི་འགྲོ་བས། རྗེ་བདག་ཉིད་ཆེན་པོས། རྟེན་འབྱུང་གི་རྣམ་གཞག་འདི་ཐམས་ཅད་འཁྲུལ་ངོ་ཙམ་དུ་སྐྱེལ་མི་དགོས་པར་དངོས་གནས་ལའང་ཚད་གྲུབ་ཏུ་བཞག་ཆོག་སྟེ། ཐ་སྙད་པའི་ཚད་མའང་ཚད་མ་ཡིན་པའི་ཕྱིར་གསུངས། དེ་ལ་སྟག་ཚང་ལོ་ཙཱ་བས་གྲུབ་མཐའ་ཀུན་ཤེས་སུ། མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་བརྟགས་ནས་ཁས་ལེན་པ། །དེ་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཅེས་སོགས་སྐྱོན་བརྗོད་མང་དུ་བྱས་ལ། དེའི་བློ་རྩེ་ནི་དབུ་མ་འཇུག་པར། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་འཇིག་རྟེན་རང་དགའ་བའི་རྒྱུད་ཀྱི་མ་བརྟགས་མ་དཔྱད་པའི་ཐ་སྙད་པའི་ཚད་མ་ཐམས་ཅད་གཏི་མུག་ཡིན་པར་


GTD003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་འདུག་སྙམ་དུ་དགོངས་པར་སྣང་ཡང། རང་ལུགས་ནི་དེ་དག་གིས་ཡུལ་དེའི་གནས་ལུགས་མཐོང་མི་ནུས་པའི་ཆ་ནས་གཏི་མུག་ཏུ་བཤད་པ་ཡིན་གྱི། གཏི་མུག་མཚན་ཉིད་པ་མིན་ནོ། །དེ་ལྟར་ཐུན་མོང་བའི་ལམ་སྔོན་དུ་བཏང་ནས། ཐུན་མོང་མ་ཡིན་པ་སྔགས་ཀྱི་ལམ་ལ། དང་པོ་འཇུག་སྒོ་དབང་དང་དེའི་དམ་ཚིག་བསྲུང་བ་ནི། དེ་ནས་རྡོ་རྗེ་འཛིན་པའི་ཞེས་སོགས་བྱུང། སྐྱེ་ཤི་བར་དོ་ཞེས་སོགས་བསྐྱེད་རིམ་ཡིན་ཞིང་འདིའི་སྐབས་ཀྱི་ལྷ་སྐུ་ཐམས་ཅད་ཡིད་ངོའི་ལྷ་སྐུ་ཡིན་གྱི་དངོས་གནས་པར་ལྡང་མི་ནུས་ལ། སྤྱིར་ལྷ་སྐུར་བསྐྱེད་རྒྱུ་དེའང་ད་ལྟའི་ལུས་རྟེན་ཤ་ཁྲག་གདོས་བཅས་འདི་སྟོང་པར་སྦྱངས་ནས་འོད་ཁྲུ་གང་བ་ལྟ་བུ་ཞིག་ཏུ་གྱུར་ཏེ། དེའི་ངང་ནས་ལྷ་སྐུ་གསལ་འདེབས་དགོས་པར་མཁས་གྲུབ་རིན་པོ་ཆེས་གསུངས་ལ། གོ་རམས་པ་སོགས་འགའ་ཞིག་གིས། རྣམ་སྨིན་གྱི་ཕུང་པོ་འདི་ག་ལྷ་སྐུར་སྒོམ་མི་རུང་ན། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་རྩ་ལྟུང་དུ་བཤད་པ་དང་འགལ་ཞེས་ཟེར། དང་པོ་ནས་གདོས་བཅས་ཀྱི་ལུས་འདི་ལྷར་བསྒོམ་པ་མིན་ཡང། རྗེས་སུ་སངས་རྒྱས་པ་ན་དག་པའི་སྒྱུ་མའི་སྐུ་དེ། ཐ་མལ་གྱིས་མཐོང་མི་ནུས་པས། རགས་པའི་ཟ་མ་ཏོག་ལ་འདྲེན་དགོས་ཤིང། དེའི་སྣོད་ལྟ་བུ་ཡིན་པས་དེའང་སངས་རྒྱས་པར་འདོད་དགོས་སམ་སྙམ། རྫོགས་རིམ་ནི། རྩ་བའི་བླ་མ་དེ་ཉིད་སྙིང་གར་བསམས་ཏེ་རོ་རྐྱང་གི་རྒྱུ་བ་དྷཱུ་ཏཱིར་བཀག་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དོན་དམ་འོད་གསལ་དང་ཀུན་རྫོབ་སྒྱུ་མའི་


GTD003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཉིས་ཟུང་དུ་འཇུག་པའི་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་དང། གལ་ཏེ་སྔགས་ཀྱི་ཚོགས་ལམ་ཙམ་ཡང་ཚེ་འདིར་རྒྱུད་ལ་སྐྱེད་པར་མ་ནུས་ན་སྔར་བཤད་པའི་སྟོབས་ལྔ་དང་འཕོ་བའི་གདམས་པ་སྦྱར་ནས་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུར་སྐྱེ་བའི་འདུན་པ་བྱ་དགོས། འཕོ་བའི་གདམས་པ་ནི་གཙོ་བོར་སམ་བྷུ་ཊ་སོགས་བླ་མེད་མ་གཏོགས་རྣལ་འབྱོར་རྒྱུད་མན་ཆད་ལས་བཤད་པ་མེད་ཀྱང་ད་ལྟར་འོད་དཔག་མེད་རྗེ་བཙུན་བྱམས་མགོན་སོགས་ཀྱི་འཕོ་བ་བྱེད་པ་འདི་བླ་མ་གོང་མ་རྣམས་ཀྱིས་བླ་མེད་ཀྱི་མན་ངག་གིས་རྒྱས་བཀབ་པ་ཡིན་ཞེས་ལྕང་སྐྱ་རིན་པོ་ཆེས་གསུངས། ལྷག་མ་ནི་ཚེ་རབས་རྗེས་འཛིན་གྱི་སྨོན་ལམ་ཡིན་ཞིང། མཐར་ཚོགས་ཞིང་གཞན་ཐམས་ཅད་བསྡུས་ཏེ། དབུས་ཀྱི་བླ་མ་རྡོ་རྗེ་འཆང། གཡས་ཀྱི་བྱམས་པ། གཡོན་གྱི་འཇམ་དབྱངས། རྒྱབ་ཀྱི་རྡོ་རྗེ་འཆང། མདུན་གྱི་རྩ་བའི་བླ་མ་གཉིས་པ་དང། ལྔ་པོ་དེར་བསྡུས་ནས་རེ་ཞིག་གི་བར་དུ་དེ་ལ་དམིགས་པ་གཏོད། མཐར་གཞན་བཞི་པོ་དབུས་ཀྱི་བླ་མ་ལ་བསྟིམ་སེང་ཁྲི་གདན་ལ་བསྟིམ། རྩ་བའི་བླ་མ་དབུ་མའི་ལམ་ནས་མར་བསྟིམས་ཏེ་ནུ་མ་གཉིས་ཀྱི་བར་སྙིང་གི་དཀྱིལ་མི་ཤིགས་པའི་ཐིག་ལེའི་དབུས་སུ། ཤིན་ཏུ་ཕྲ་བའི་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་བསྒོམ་པ་ཡིན་ལ། འདིའི་རླུང་ནི་སྲོག་འཛིན་ཡིན་ཞིང། དེའི་རང་མདངས་དཀར་པོ་ཡིན་པས། བླ་མའང་སྐུ་མདོག་དཀར་པོར་བསྒོམ་དགོས། དེ་ལྟར་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར་ཅིང། དེའི་བྱིན་རླབས་ཞུགས་པའི་སྣང་བ་བན་བུན་ཟར་ཟིར་ངོས་བཟུང་དུ་མེད་ལ་འདི་འདྲ་ཞིག་ཨེ་འགྲུབ་སྙམ་པའི་རེ་བ་དང། གནོད་པ་སོགས་ཀྱིས་


GTD003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་དོགས་པ་མེད་ཅིང། འདས་པའི་རྗེས་མི་གཅོད་མ་འོངས་པའི་སྔོན་མི་བསུ་བར་བློ་མ་བཅོས་གསལ་ལ་ཧྲིག་གེ་བ་དེ་གའི་ངང་དུ་མཉམ་པར་འཇོག་དགོས་ལ། དེའང་བརྒྱལ་བ་དང་གཉིད་མཐུག་པོ་ལོག་པ་ལྟ་བུའི་ཡིད་བྱེད་བཀག་པ་ཙམ་ཞིག་བསྐྱངས་ན་ཧྭ་ཤང་གི་ལྟ་བ་རྗེ་ཡབ་སྲས་སོགས་ཀྱིས་གཙོ་བོར་འགོག་རྒྱུ་དེ་ཡིན་པས། འདིར་སེམས་དམིགས་པ་ལ་གནས་མི་གནས་ལྟ་བའི་དྲན་པ་རྒྱུན་ཆགས་བྲེང་ངེ་བ་དང། མ་བརྟགས་ན་མི་ཤེས་ལ་བརྟགས་ན་མི་འཆར་དགུ་འཆར་སྣ་ཚོགས་བྱེད་པའི་རྟོག་པ་འོག་འགྱུ་སོགས་ཀྱི་བར་ཆད་ཡོད་མེད་ལྟ་བའི་ཤེས་བཞིན་བསྟེན་དགོས་ཏེ། འདིར། འགྱུར་བ་རིག་པའི་ཤེས་བཞིན་བསྡོགས། །ཞེས་ཉེར་བསྡོགས་ཀྱི་དེ་དང་འདྲ་བར་བ་འཕུལ་ཅན་ཡིན་པས་གྲབས་སམ་སྟ་གོན་བྱེད་པའི་དོན་ཡིན། དྲན་པའི་དོན་མངོན་པ་ཀུན་བཏུས་སོགས་སུ་འདྲིས་པའི་དངོས་པོ་ལ་དམིགས་པ་སོགས་ཁྱད་པར་གསུམ་གསུངས་ཀྱང། ཡུལ་གསར་རྟོགས་ཀྱི་སེམས་ཀྱི་འཁོར་དུ་འབྱུང་བའི་དྲན་པ་ལ་ཞིབ་ཆ་དགོས་སམ་སྙམ། དེ་ལྟར་སེམས་ཀྱི་ངོ་བོ་གསལ་ཞིང་རིག་པ་དེ་ལ་བསྒྲིམས་ཏེ་བལྟས་པ་ན་རྣམ་རྟོག་གློ་བུར་བ་ཐོལ་གྱིས་བྱུང་བའི་ཚེ་རྣམ་རྟོག་དེ་ཉིད་མི་འགོག་པར་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས་དེ་ཉིད་སེམས་ཀྱི་ངོ་བོར་འགྲོ་བས་བླ་མ་ཞང་གིས། སེམས་ལས་རྣམ་རྟོག་འཕྲོ་བ་འདི་ཆོས་སྐུ་ལས་ཆོས་སྐུ་འཕྲོ་བ་དང། སྟོང་ཉིད་ལས་སྟོང་ཉིད་འཕྲོ་བ་ཡིན་གསུངས་ཤིང། རྗེ་བཙུན་མི་ལ་རས་པའི་དྲུང་དུ་ལྕམ་ས་ལེ་འོད་ཀྱིས་རྟོགས་པ་ཕུལ་བ་ལས་ཀྱང། ཨང་གེ་བླ་མ་རིན་པོ་ཆེ། །ནམ་


GTD003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་བསྒོམ་དུ་བདེ་ལགས་ཏེ། །ལྷོ་སྤྲིན་བསྒོམ་དུ་ཅུང་མ་བདེ། །ལྷོ་སྤྲིན་བསྒོམ་པའི་གདམས་པ་ཞུ། །ཞེས་ཞུས་པར་རྗེ་བཙུན་གྱིས། ནམ་མཁའ་བསྒོམ་དུ་བདེ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ནམ་མཁའ་རང་གི་ངང་དུ་ཞོག །ཅེས་ནམ་མཁའ་ལས་བྱུང་བའི་སྤྲིན་དེ་ནམ་མཁའི་ངང་དུ་འགྲོ་བ་བཞིན་རྣམ་རྟོག་ཀྱང་སེམས་ཀྱི་རང་མདངས་ཡིན་པས་རྣམ་རྟོག་ཟུར་དུ་མི་འགོག་པར་རྩ་བའི་སེམས་ལྷན་སྐྱེས་མ་བཅོས་པ་དེའི་ངང་དུ་བཞག་ནས་བསྒོམ་དགོས་གསུངས་པ་ལྟར་རམ། ཡང་ན་རལ་སྐོར་མཁན་བཞིན་དུ། །རྣམ་རྟོག་ཅི་སྐྱེས་རྦད་རྦད་གཅོད། །ཅེས་གསུངས་ཏེ། འདུལ་བ་ལུང་ལས་འབྱུང་བ་བཞིན་རལ་སྐོར་མཁན་བྱ་བ་གཞན་གྱིས་མཚོན་ཆ་ཅི་འཕང་ཡང་རལ་གྲི་བསྐོར་ནས་གཅོད་ནུས་པ་བཞིན། རྣམ་རྟོག་གང་སྐྱེས་དེ་མ་ཐག་ངོས་བཟུང་ནས་འགོག་ཐུབ་པ་ཞིག་དགོས། རལ་སྐོར་མཁན་དེ་རྒྱ་གར་ན་ཡོད་ཀྱང་བོད་དུ་མེད་ལ་རྒྱ་ནག་ནའང་ཡོད་པར་ལྕང་སྐྱ་རིན་པོ་ཆེས་གསུངས། དེ་ལྟར་རྣམ་རྟོག་བཀག་པའི་མཐར་ཏིང་ངེ་འཛིན་ཇི་ལྟར་སྐྱོང་ཚུལ་ནི་ལབ་སྒྲོན་གྱིས། ཧྲིམ་གྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། །སེམས་ཀྱི་འཇོག་ས་དེ་ན་གདའ། །ཞེས་གསུངས་ཏེ། དེའང་དང་པོར་གཅིག་བསྒྲིམ། དེ་ནས་ཡང་ལྷོད་པ་ལྟ་བུ་མ་ཡིན་པར་གནས་སྐབས་གཅིག་པོ་དེ་ལ་གྲིམ་ལྷོད་ཀྱི་ཆ་གཉིས་ཀ་ཚང་དགོས་པ་ཡིན་ཏེ། ཧ་ཅང་བསྒྲིམ་དྲགས་ན་སེམས་འཕྲོས་ཏེ་རྒོད་པའི་དབང་དུ་འགྲོ་ཞིང། ཧ་ཅང་ལྷོད་ན་བྱིང་བ་སྐྱེ་སྟེ། ཙནྡྲ་གོ་མིའི་བཤགས་བསྟོད་ལས། བརྩོན་པ་བསྟེན་ན་རྒོད་པ་སྐྱེ་འགྱུར་ཞིང། །དེ་སྤངས་ན་ནི་ཞུམ་པ་སྐྱེ་འགྱུར་བས། །ཞེས་གསུངས་པ་ལྟར་ཡིན་པས་དྲན་ཤེས་ཀྱི་ཤུགས་མ་


GTD003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བར་ཁོང་ནས་གྲིམ་ཆ་དང་ལྡན་ཡང་ཕྱི་ལྷོད་པ་དེ་འདྲ་ཞིག་དགོས་སོ། །རྒྱུ་མཚན་འདི་དག་གི་གནད་ཀྱིས་སྔ་རབས་པ་རྣམས་གློད་རབ་ལ་སྒོམ་རབ་ཅེས་བཤད་པ་དེ་རྗེ་ཡབ་སྲས་ཀུན་གྱིས་རྩལ་དུ་བཏོན་ནས་དགག་པ་མཛད་པ་ཡིན་ལ། མཉམ་མེད་དྭགས་པོ་ལྷ་རྗེའི་གསུང་ལ་ལར་ཡང་དེ་ལྟར་བཤད་པ་འབྱུང་སྟེ། ཞི་གནས་གསར་སྒྲུབ་སོགས་ཀྱི་སྐབས་སུ་ཡིན་ན་མི་རུང་ཡང། སྔགས་ཀྱི་རྟོགས་པ་མཐོན་པོར་སོང་བའི་སྐབས་སུ་དེ་འདྲའི་དུས་ཤིག་ཀྱང་ཡོད་དམ་སྙམ། འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་པ་འདི་ས་ར་ཧའི་གསུང་ཡིན་ཞིང། དཔེར་ན་སྐུད་པ་ལྟ་བུ་ཧ་ཅང་གྲིམ་དྲགས་པས་མདུད་པ་བྱུང་བ་དེ་གློད་ན་རང་བབས་སུ་ཞིག་འགྲོ་བ་བཞིན། སེམས་རྣམ་རྟོག་གིས་བཅིངས་པའང་མ་བཅོས་པར་བཞག་ན་སེམས་ཀྱི་ངོ་བོར་རང་ཡལ་དུ་འགྲོ་སྟེ་དོན་སྔ་མ་དང་གནད་གཅིག །དེ་ལྟར་ཁོང་ནས་གྲིམ་ཆ་མ་ཤོར་ཡང་ཧ་ཅང་བསྒྲིམ་མ་དྲགས་པར་སེམས་རང་བབས་སུ་ལྷོད་ཆམ་གྱིས་བཞག་ན་རྣམ་རྟོག་ཐམས་ཅད་རང་ཞིར་འགྲོ་ལ། སྔར་བཤད་པ་བཞིན་རྣམ་རྟོག་ཆོས་སྐུར་བལྟས་ནས་མི་འགོག་པ་དང། རལ་སྐོར་མཁན་བཞིན་དུ་རྣམ་རྟོག་གང་སྐྱེས་དེ་མ་ཐག་རྦད་ཀྱིས་གཅོད་པ་གང་གི་སྒོ་ནས་ཡིན་ཀྱང། རྣམ་རྟོག་རང་ཡུལ་དུ་སོང་སྟེ་སེམས་ཀྱི་ངོ་བོ་སྟོང་སང་ངེ་གསལ་ལེ་ཧྲིག་གེ་བ་རྒྱུན་ཆགས་སུ་མཐོང་བ་དེའི་ཚེ། རྟོག་པ་གནས་འགྱུ་འདྲེས་པ་ཞེས་བཀའ་བརྒྱུད་ཀྱི་སྒོམ་ཆེན་རྣམས་ལ་གྲགས་ཤིང་གནས་འགྱུ་རིགས་གསུམ་གྱི་ཐ་སྙད་ཀྱང་མཛད་དོ། །ཡང་སྐྱོང་ཚུལ་གཅིག་ལ་


GTD003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཅི་སྐྱེས་ཀྱང་མི་འགོག་པར་རྣམ་རྟོག་དེ་གའི་ངོ་བོ་དེ་གང་དུ་འཕྲོ་གང་ལས་འཕྲོ་བལྟས་ཏེ་རང་བབས་སུ་བཞག་ནས་བསྒོམ་ན་མཚམས་ཤིག་ནས་རྣམ་རྟོག་དེ་ཉིད་ཀྱང་རང་སོ་མི་ཟིན་པར་རྩ་བའི་སེམས་དེའི་སྟེང་དུ་ཚུར་འཁོར་ནས་ཡོང་སྟེ། དཔེར་ན་ཚོང་པ་རྒྱ་མཚོར་འགྲོ་བའི་ཚེ་ཆུ་སྲིན་ལ་སོགས་པའི་འཇིགས་པ་ཡོད་མེད་བལྟ་བའི་ཆེད་དུ་ཕུག་རོན་བཟུང་སོང་བ་དེ་རྒྱ་མཚོའི་ཁར་བཏང་ན་འཁོར་འཁོར་ནས་འབབ་ས་མ་རྙེད་པར་སྔར་གྱི་གྲུ་ནང་དེར་ལོག་འོང་བ་ལྟ་བུ་ཡིན་ཏེ། ཇི་ལྟར་གཟིངས་ནས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ནས་སླར་ཡང་དེར་འབབ་བཞིན། །ཞེས་དོ་ཧ་ལས་གསུངས། གཞན་ཡང་སེམས་ཀྱི་བཞག་ཐབས་གཙོ་བོ་དྲུག་གསུངས་ཏེ། སྤྲིན་དང་བྲལ་བའི་ཉི་བཞིན་བཞག །མཁའ་ལ་ཁྱུང་ཆེན་ལྡིང་བཞིན་བཞག །རྒྱ་མཚོ་ཆེན་པོའི་འཇིངས་བཞིན་བཞག །བུ་ཆུང་ལྷ་ཁང་བལྟས་བཞིན་བཞག །མཁའ་ལ་བྱ་འཕུར་རྗེས་བཞིན་བཞག །རས་བལ་བརྡལ་བ་བཞིན་དུ་བཞག །ཅེས་སེམས་ཀྱི་ངོ་བོ་འོད་གསལ་བ་དེ་ཉིད་བྱིང་རྒོད་སོགས་རྣམ་རྟོག་གིས་མི་སྒྲིབ་པར་འཇོག་པ་དང། ཁྱུང་ཆེན་ནམ་མཁའ་ལྡིང་དེས་མཁའ་ལ་ནམ་འཕང་བཅད་ནས་འགྲོ་བའི་ཚེ་གཤོག་པ་ལྷེབ་ལྷེབ་ལྷེབ་མི་བྱེད་པར་ལྷོད་དིང་ངེ་འགྲོའང་ཁོང་དུ་གྲིམ་ཆའི་ཤུགས་དང་ལྡན་པ་བཞིན་གྲིམ་ལྷོད་འཚམ་ཞིང་གསལ་ངར་དང་ལྡན་པར་འཇོག་པ་དང། གསུམ་པ་ནི། ཆུ་ཅི་ཙམ་ཆེ་བ་ཙམ་གྱིས་རླབས་འབྱུང་བ་ཡུན་རིང་ལ་བྱུང་བའི་ཚེ་ཐག་རིང་པོར་འགྲོ་བ་ཡིན་པས་རྒྱ་མཚོ་ཆེན་པོར་ཉི་མ་བདུན་བདུན་ན་རླབས་རེ་རེ་འབྱུང། དེའང་ཁ་ནས་རླུང་གིས་ཅུང་ཟད་བསྐྱོད་པ་མ་


GTD003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་གཏིང་གཡོ་མི་ནུས་པ་བཞིན། སེམས་རྣམ་རྟོག་ཕྲ་མོས་ཅུང་ཟད་གཡོས་ཀྱང། རགས་པས་མི་གཡོ་བར་འཇོག་པ་དང། བྱིས་པ་ཆུང་ངུ་ལྷ་ཁང་དུ་སོང་བ་ན་ཆེ་བ་རགས་རིམ་ཙམ་ཞིག་མཐོང་བ་ལས་རི་མོའི་ཞིབ་ཆ་སོགས་ཀྱི་རྟོག་དཔྱོད་མི་འཇུག་པ་བཞིན་སེམས་སྒོ་ལྔའི་དབང་ཤེས་ཀྱི་རྗེས་སུ་མི་འབྲང་བར་འཇོག་པ་དང། ནམ་མཁའ་ལ་བྱ་འཕུར་བ་ན་རྗེས་བསྟན་རྒྱུ་མེད་པ་ལྟར་སེམས་ལ་རེ་དོགས་མང་པོས་འཆིང་བ་མེད་པར་འཇོག་པ་དང། རས་བལ་བརྡལ་བ་ན་ལྷོད་ལྷོད་པོར་འདུག་པ་ལྟར་སེམས་མ་གཡོས་པའི་ངང་ལ་ལྷོད་ཆམ་གྱིས་མཉམ་པར་འཇོག་པ་རྣམས་ཡིན་ཞིང། ལས་དང་པོ་པའི་སྐབས་འདིར་དེའི་ནང་ནས་ཀྱང་བུ་ཆུང་ལྷ་ཁང་བལྟ་བ་ལྟ་བུའི་བསྒོམ་ཚུལ་དེ་གནད་ཆེ། སྔ་རབས་པའི་སྒོམ་ཆེན་ཕལ་ཆེར་ལ་སེམས་ཀྱི་བཞག་ཐབས་གཙོ་བོ་འདི་དག་མ་གཏོགས། སེམས་གནས་དགུ་དང། ཉེས་པ་ལྔ་སྤོང་བའི་གཉེན་པོར་འདུ་བྱེད་བརྒྱད་བསྟེན་པ། སྟོབས་དྲུག་དང་ཡིད་བྱེད་བཞིའི་འགྲུབ་ཚུལ་སོགས་ཀྱི་རྣམ་གཞག་ཆེར་མ་མཛད་ཀྱང་སྔར་བཤད་པ་རྣམས་ཉམས་མྱོང་གི་སྒོ་ནས་གསུངས་པ་ཡིན་འདུག། །དེ་ལྟར་བསྒོམས་པའི་འབྲས་བུ་ལ་ཇི་འདྲ་བ་ཞིག་འབྱུང་རྒྱུ་ཡིན་ན། མཉམ་གཞག་ངོ་བོ་གང་གིས་ཀྱང། །མ་བསྒྲུབས་དྭངས་ཤིང་གསལ་བ་དང། །ཞེས་སོགས་གསུངས་ཏེ། སེམས་ཀྱི་ངོ་བོ་གང་གིས་མ་བསྒྲིབས་པ། རྩིག་ངོས་ཀྱི་རྡུལ་ཕྲ་རབ་ཚུན་ཆད་ཀྱང་འཆར་བའི་ཚོད་ལྟ་བུའི་དྭངས་ཤིང་གསལ་ལ། ཡུལ་གྱི་རྣམ་པ་འདི་འཆར་ལ་འདི་མི་འཆར་བྱ་རྒྱུ་མེད་པ་སྣ་ཚོགས་སུ་འཆར་


GTD003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཧྲིག་གེ་བ། དབྱིབས་དང་ཁ་དོག་ལ་སོགས་པའི་དབྱིབས་གཟུགས་ཅན་གང་དུའང་མ་གྲུབ་པའི་སྟོང་སང་ངོས་བཟུང་མེད་པ་དེ་ལྟ་བུ་མངོན་སུམ་དུ་མཐོང་བ་ནི། སེམས་ངོ་འཕྲོད་པ་དང། སེམས་ཀྱི་ཆོས་ཉིད་མཐོང་བ་ཡིན་པས། འདི་ནི་དཔེར་ན་གཞན་ལ་ཟན་ཆངས་སྟེར་བ་བཞིན་དུ་སངས་རྒྱས་ཀྱི་གོ་འཕང་སྦར་བཅང་དུ་གཏོད་པའི་གདམས་པ་བླ་ན་མེད་པ་ཡིན་ཞེས་ཟེར། རང་ལུགས་ལ། དེས་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་ཙམ་ཞིག་མཐོང་བ་དང། སེམས་གནས་སྒྲུབ་པའི་ཐབས་ཙམ་ཞིག་ཡིན་ལ། སེམས་གནས་མཚན་ཉིད་པ་ཞིག་གྲུབ་ནའང། དངོས་གཞི་དང་ཉེར་བསྡོགས་སོགས་ཞི་ལྷག་གི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་ཤིན་ཏུ་གལ་ཆེ། དེས་ན་འདིར་དེ་ལྟ་བུའི་ཞི་གནས་སྒྲུབ་ཚུལ་གསུངས་པའང་གཞན་ལུགས་ཤེས་པ་ཙམ་གྱི་ཕྱིར་མིན་གྱི། འོག་ཏུ་འཆད་རྒྱུའི་སེམས་ཀྱི་དོན་དམ་པའི་ངོ་བོ་དེ་ཉིད་ལ་འཇུག་སླ་བ་དང། དེ་འདྲའི་ལྷག་མཐོང་འགྲུབ་པའི་གཞིའི་ཞི་གནས་ཁྱད་པར་ཅན་སྔོན་དུ་བསྒྲུབ་པའི་ཕྱིར་ཡིན་ནོ། །དེའང་བཀའ་རྒྱུད་པ་སྔ་མ་རྣམས་དབང་རྣོན་དང་པོ་ནས་ཕྱག་རྒྱ་ཆེན་པོ་འདི་ལ་ཁྲིད་ཆོག་པ་ཅིག་ཅར་བ་དང། དམིགས་རིམ་འོག་མ་ནས་གོ་རིམ་བཞིན་བྱས་ཏེ་མཐར་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྟན་ཆོག་པ་ལ་རིམ་གྱིས་པ་ཞེས་པའི་ཐ་སྙད་བཏགས་ལ། འོན་ཀྱང་ལམ་གོང་མ་སྐྱེ་བའི་སྔོན་འགྲོར་ཐུན་མོང་ལམ་སྦྱང་འོག་མ་ལ་བློ་སྦྱོང་དགོས་པར་རྗེ་བཙུན་མི་ལས་ཀྱང་མགུར་འབུམ་སོགས་སུ་གསུངས་པས། སྤྱིར་དབང་པོ་རྣོ་རྟུལ་སུ་ཡིན་ཡང་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་འགྲོ་དགོས་ལ། ཚེ་རབས་སྔ་མར་སྦྱངས་པ་སྔོན་


GTD003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་བ་ཡིན་ན་ཚེ་འདི་རང་ལ་ཐོས་བསམ་སོགས་ཆེར་མ་བྱས་ཀྱང་སྔ་མའི་བག་ཆགས་སད་ནས་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ཡོད་དེ། དཔེར་ན་སྔོན་འགྲོ་མགོན་ཕག་མོ་གྲུབ་པ་དེ་ཉིད་དང་པོར་གཞུང་ལུགས་ལ་སྦྱངས་པ་མཛད་པའི་ཚེ། འཁོར་བའི་རྩ་བ་འདི་གང་ལ་ཐུག་པ་ཡིན་སྙམ་དུ་དགོངས་པའི་ཚེ་ཐག་ཆོད་པ་ཞིག་མ་བྱུང་བར། ཕྱ་པ་ཆོས་ཀྱི་སེངྒེའི་དྲུང་དུ་ཕེབས་ནས་དྲིས་པར། ཐོག་མའི་མ་རིག་པ་ཡིན་གསུང་ཡང་སྒྲོ་འདོགས་མ་ཆོད། ས་ཆེན་གྱི་དྲུང་དུ་ཞུས་པས་རླུང་སེམས་ངོ་བོ་ཐ་དད་དུ་འཛིན་པ་འདི་ཡིན་གསུངས་ཏེ། དེས་ཀྱང་སྒྲོ་འདོགས་མ་ཆོད། དེ་ནས་དྭགས་ལྷ་སྒམ་པོར་མཉམ་མེད་དྭགས་པོ་ལྷ་རྗེའི་དྲུང་དུ་ཕེབས་པས་ཁོང་གིས་ཁྱེད་རང་ལ་ཐག་མ་ཆོད་པ་ཅི་ཡོད་དྲིས་ཤིག་གསུང་བས། འཁོར་བའི་གཞི་རྩ་མཐར་ཐུག་པ་དེ་གང་ཡིན་ཞུས་པ་ན་དེ་ལ་མི་ཤེས་རྒྱུ་ཅི་ཡོད། ད་ལྟའི་ཐ་མལ་གྱི་ཤེས་པ་འདི་ག་ཡིན་གསུང་བས། ཐུགས་ལ་གཏིང་ནས་འཕྲོད་པ་ཞིག་བྱུང་སྟེ་སྔོན་གྱི་བག་ཆགས་སད་པའི་བྱིན་རླབས་དང་དགའ་སྤྲོ་མོས་གུས་སྨྲ་མི་ཤེས་པ་ལྟ་བུས་ཡིད་གཡོས་ཏེ་དྲན་མེད་དུ་བརྒྱལ་ཞིང། དེ་ཀ་རང་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས་པར་བཤད་པ་ལྟ་བུ་ཡིན། རྗེ་བདག་ཉིད་ཆེན་པོའི་བླ་མ་དབུ་མ་པ་ཆེན་པོ་དེ་ཉིད་ཀྱིས་ཀྱང་སྔར་བཀའ་བརྒྱུད་པའི་བླ་མ་འབའ་ར་བ་བྱ་བའི་དྲུང་ནས་སེམས་ཀྱི་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་འདི་ཉིད་ཀྱི་ཁྲིད་ཅིག་གསན་ལ། ཞིབ་ཏུ་བརྟག་ན་སེམས་གནས་སྒྲུབ་ཚུལ་ཙམ་ཞིག་ཏུ་འདུག་ཅེས་རྣམ་ཐར་དད་པའི་འཇུག་ངོགས་ལས་ཟུར་ཙམ་གསུངས། སེམས་གནས་


GTD003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་སྐབས་འདིར་མདོ་ལུགས་ཀྱིས་རྣམ་རྟོག་ཕྲ་མོ་མི་འགོག་ཀྱང། སྔགས་ལུགས་ལ་དེ་འགོག་པའི་གནད་ཀྱིས་ཞི་གནས་སྒྲུབ་པ་སོགས་ལ་ནུས་པ་ཆེ་བ་ཡིན་ཞེས་ཡོངས་འཛིན་གསུང། གཉིས་པ་རང་ལུགས་ཀྱི་ཕྱག་ཆེན་གཙོ་བོ་སེམས་ཀྱི་དོན་དམ་པའི་གནས་ལུགས་གཏན་ལ་དབབ་པ་ལ། རྩོམ་པར་དམ་བཅའ་བ་ནི། ད་ནི་སེམས་ཀྱི་ཆོས་ཉིད་ལ། །ངོ་སྤྲོད་ཇི་ལྟར་བྱ་བའི་ཚུལ། །ཞེས་པ་ནས། རྩ་བའི་བླ་མའི་ཞལ་གདམས་འགོད། །ཅེས་རྩ་བའི་བླ་མ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་ལས་འོངས་པའི་གདམས་པ་གནས་ལུགས་ཕྱག་རྒྱ་ཆེན་པོའི་མན་ངག་གསལ་བར་འགོད་པར་བྱའོ། །ཞེས་གསུངས་ནས་དངོས་གཞི་ལ། ངེས་དཀའ་སླའི་དབང་གིས་བདག་མེད་གཉིས་ལ་འཇུག་རིམ་སྤྱིར་བཤད་པ་དང་མཐུན་པར་དང་པོར་གང་ཟག་གི་སྟེང་དུ་གཏན་ལ་འབེབས་ཚུལ་དང། དེ་ནས་སེམས་ཀྱི་སྟེང་དུ་གཏན་ལ་འབེབས་ཚུལ་གཉིས་ཡོད་པས། དང་པོ་ནི། སྔར་གྱི་མཉམ་གཞག་ངང་ཉིད་ལས། །མ་གཡོས་དྭངས་པའི་ཆུ་ནང་དུ། །ཇི་ལྟར་ཉ་ཆུང་འཁྱུག་པ་ལྟར། །ཕྲ་མོའི་ཤེས་པས་སྒོམ་པ་པོའི། །སྐྱེས་བུའི་རང་བཞིན་མཛངས་པར་བརྟག །ཅེས་སོགས་གསུངས་ཏེ། དཔེར་ན་ཆུ་བོ་ཆེན་པོའི་གཏིང་ནས་ཉ་ཆུང་འཁྱུག་ཀྱང། དེས་ཆུ་གཡོ་མི་ནུས་པ་བཞིན། སྔར་བཤད་པའི་ཞི་གནས་ཀྱི་སྒོམ་དེ་ལས་མ་གཡོས་པར་མཉམ་པར་བཞག་བཞིན་པའི་ངང་དེ་ནས་ཤེས་པའི་ཟུར་གཅིག་གིས་ང་རང་བཞིན་གྱིས་གྲུབ་མ་གྲུབ་དང། གྲུབ་ན་ཇི་ལྟར་གྲུབ་དགོས་ཚུལ་དང། དེ་ལ་གནོད་བྱེད་ཇི་ལྟར་འཇུག་པ་སོགས་དཔྱད་པ་འབྱེད་དགོས་ལ། དཔྱད་ཚུལ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་


GTD003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང། །ཞེས་སོགས་གསུངས་ཏེ། རང་རེའི་སྣང་ཚུལ་འདི་ལ་ངའམ་སྐྱེས་བུ་ཞེས་པ་ཚུགས་ཐུབ་ཧྲིང་ཧྲིང་པོར་ཡོད་པ་འདྲ་བ་ཞིག་འབྱུང་ཡང། ཕར་བཙལ་ན་ཤ་རུས་སོགས་ཀྱི་ས་ཁམས་ཚོའང་ང་མིན། ལུས་ཀྱི་ཁྲག་ཆུ་སེར་སོགས་དང། དྲོད་དང་དབུགས་དང། ནམ་མཁའ་ཁམས་སུ་གཏོགས་པ་ལུས་ཀྱི་བུ་ག་ལ་སོགས་པ་འདི་དག་གང་ཡང་ང་མིན་ལ། འདི་ཐམས་ཅད་བསལ་བའི་ཤུལ་ན་འདི་ང་ཡིན་ཟེར་བའི་ལུས་རྒྱུ་ཞིག་ཀྱང་མེད་པས། དེས་ན་སྐྱེས་བུ་ཞེས་པ་ས་ཆུ་མེ་རླུང་ནམ་མཁའ་རྣམས་ཀྱི་ཁམས་དྲུག་འདུས་པ་ལ་མིང་དང་རྟོག་པས་ཕར་བཏགས་པ་མ་གཏོགས། ཁོ་རང་གི་ངོས་ནས་ཚུར་གྲུབ་རྒྱུ་ཅུང་ཟད་ཙམ་ཡང་མི་འདུག་སྙམ་དུ་བསྒོམ་ཞིང་ཤུགས་ཞན་དུ་སོང་བ་ནའང་སྔར་གྱི་རྒྱུ་མཚན་དྲན་ཙམ་བྱས་ཏེ། དེ་ལ་འཇོག་པ་མཉམ་གཞག་ནམ་མཁའ་ལྟ་བུའི་བསྒོམ་ཚུལ་ཡིན་ཞིང། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཞེས་པ་འདིས་རྗེས་ཐོབ་ཀྱི་སྒོམ་ཚུལ་བསྟན་ཞེས་འགྲེལ་པར་གསུངས་ལ། དེའི་ཚུལ་ནི་སྔར་བཤད་པ་བཞིན་ཁམས་དྲུག་སོ་སོ་བའང་ང་མིན། འདུས་པའང་ང་མིན། དེ་ལས་ལོགས་སུའང་ང་མེད་ལ། འོན་ཀྱང་ལས་གསོག་པ་པོ་དང། རྣམ་སྨིན་མྱོང་བ་པོའི་ང་ཙམ་ཞིག་ཡོད་དགོས་པས། དེ་ནི་དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མ་སྤྲུལ་པའི་ཚེ་རྡེའུ་ཤིང་རང་གི་ངོས་ནས་རྟ་གླང་མེད་ཀྱང་མིག་བསླད་པ་དང་སྔགས་རྫས་ཀྱི་དབང་གིས་རྟ་


GTD003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གླང་གི་སྣང་བ་ཙམ་ཞིག་འབྱུང་བ་བཞིན། གདགས་གཞི་ཁམས་དྲུག་པོ་དེ་ལ། འདོགས་བྱེད་མིང་དང་རྟོག་པས་ཕར་བཏགས་ཙམ་པ། བློ་ལ་སྣང་ཙམ་པ་དེ་ཀ་ཙམ་ཞིག་ངའོ་སྙམ་དུ་སྒྱུ་མ་དང་རྨི་ལམ་དང་ཆུ་ཟླ་ལྟ་བུར་བསྒོམ་པས་རྗེས་ཐོབ་ཀྱི་རྣལ་འབྱོར་སྐྱོང་ཚུལ་ཡིན་ནོ། །གཉིས་པ་སྐབས་འདིའི་དམིགས་པའི་གཙོ་བོ་སེམས་ཀྱི་སྟེང་དུ་གཏན་ལ་འབེབས་ཚུལ་ནི། ཡང་ན་མཉམ་པར་བཞག་པའི་ངང། །གཟུགས་སུ་མ་གྲུབ་སྟོང་སང་ངེ་། །ཞེས་སོགས་གསུངས་ཏེ། སེམས་འདི་ལུས་ཀྱི་སྟོད་སྨད་སོགས་ཆ་འདི་ན་ཡོད། དབྱིབས་དང་ཁ་དོག་ལ་སོགས་པའི་ཁྱད་པར་འདི་འདྲ་ཞིག་ཡིན་ཞེས་པ་ལྟ་བུའི་ངོས་བཟུང་གང་ཡང་མེད་པ། དངོས་གནས་ལ་སྟོང་ཉིད་མིན་ཡང་ཕར་བརྟག་ན་སྟོང་སང་ངེ་བ་ཞིག་ལས་མེད་པས་བཀའ་བརྒྱུད་གོང་མ་རྣམས་རྒྱར་མ་ཆད་པ། ཕྱོགས་སུ་མ་ལྷུང་བ་ཞེས་ཟེར་ལུགས་ཕལ་ཆེར་ནམ་མཁའ་དང་ཕྱོགས་མཚུངས་ལྟ་བུ་ཞིག་མཛད་ལ། དེ་ལྟར་ངོས་བཟུང་མེད་པ་ཞིག་ཡིན་ཡང། རང་དགར་མ་བརྟགས་མ་དཔྱད་པར་བཞག་ན་མི་འཆར་དགུ་འཆར་བ། སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་བདེ་སྡུག་ལེགས་ཉེས་ཐམས་ཅད་བྱེད་པ་པོ་ཡིན་པས། སྔོན་ཆད་རང་ཅག་ཕར་སེམས་ཀྱི་དབང་དུ་སོང་བ་ཡིན། ད་ནི་སེམས་དེ་ཚུར་རང་གི་དབང་དུ་འདུས་པ་ཞིག་བྱེད་དགོས་པས། སེམས་ངོ་སྤྲོད་པ་དང་སེམས་ལ་དམིགས་པ་ཞེས་འདི་ཉིད་གཙོ་བོར་རྩལ་དུ་འདོན་པའི་རྒྱུ་མཚན་ཡང་དེ་ཡིན། སེམས་དམིགས་རྟེན་དུ་བྱེད་པ་དེའི་ཚེ་སེམས་ཀྱི་ངོ་བོ་རགས་རིམ་ཙམ་ཞིག་ཤར་བ་ན། དེ་ཙམ་གྱིས་ཆོག་ཤེས་བྱས་ཏེ་དེ་ལ་དམིགས་ནས་བསྒོམ་ན་གསལ་ཆ་རིམ་གྱིས་འབྱུང་བས་དེ་ལྟར་བྱེད་དགོས་ཀྱི།


GTD003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནས། གསལ་ཆ་ཅན་ཞིག་ལ་གཙོར་འདོན་བྱས་ན་དམིགས་རྟེན་མི་རྙེད་པས་དེ་འདྲ་མི་རུང་ཞེས་ཡོངས་འཛིན་རིན་པོ་ཆེས་གསུང། དེའང་སེམས་ལ་དམིགས་པ་འདི་སྤྱིར་ཞི་གནས་ཀྱི་དམིགས་པ་ལ་ཁྱབ་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ། སྤྱད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ་རྣམས་སུ་ཡོད་ཅིང། དང་པོ་ལའང་རྣམ་རྟོག་དང་བཅས་པའི་གཟུགས་བརྙན། རྣམ་རྟོག་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོངས་གྲུབ་དང་བཞི། དངོས་པོའི་མཐའ་ལའང། ཇི་ལྟ་བ་ལ་ལྟོས་པའི་དངོས་པོའི་མཐའ་དང། ཇི་སྙེད་པ་ལ་ལྟོས་པའི་དངོས་པོའི་མཐའ་གཉིས་ཡོད་པའི་ནང་ནས་ཇི་སྙེད་པ་ལ་ལྟོས་པའི་དངོས་པོའི་མཐའ་ཡིན་ཞེས་ཡོངས་འཛིན་གསུང། དེའང་སེམས་ཀྱིས་སེམས་ལ་དམིགས་པ་ཡིན་ན། ཐལ་འགྱུར་བའི་ལུགས་ཀྱིས་རང་རིག་འགོག་པའི་སྐབས་སུ། སྐྱེས་བུ་ཡང་ཟོར་ཅི་ཙམ་ཆེའང་རང་གིས་རང་གི་ཕྲག་པ་ལ་ཞོན་མི་ནུས་པ་དང། སོར་མོས་རང་གི་རྩེ་མོ་ལ་རེག་མི་ནུས་པ་དང། མར་མེས་རང་ཉིད་གསལ་མི་ནུས་པ་སོགས་ཀྱི་དཔེའི་སྒོ་ནས་བྱ་བྱེད་གཅིག་ཏུ་ཐལ་བའི་སྐྱོན་བརྗོད་པ་དེ་འདི་ལའང་འདྲ་བས་ཇི་ལྟར་ཡིན་དཔྱད་གཞི་ཆེ། ཡོངས་འཛིན་རིན་པོ་ཆེས་སེམས་ཀྱི་དོན་སྤྱི་ལ་དམིགས་པ་ཡིན་གསུངས་པ་སྔར་གྱི་སྐྱོན་དེ་ཁེགས་ཙམ་འདུག་ལ། ལྕང་སྐྱ་རིན་པོ་ཆེས་ཀྱང་འདི་སྐོར་ཡོངས་འཛིན་རིན་པོ་ཆེ་ལ་དྲི་བ་ཞིག་མཛད་སྣང། ང་རང་གིས་བསམ་ཚོད་ལ་དང་པོར་སེམས་ཀྱི་སྤྱི་ཙམ་ཞིག་འཆར་


GTD003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ནས། དེ་ཕྱིན་སྐད་ཅིག་ཕྱི་མ་ཕྱི་མས་སྔ་མ་ལ་དམིགས་པར་བྱས་ན་གོ་རྒྱུ་ཅུང་ཞིག་དགའ་འམ་སྙམ། དེ་ལྟར་སེམས་ཀྱི་ངོ་བོ་གསལ་སྟོང་ཧྲིག་གེ་བ་རིགས་འདྲའི་རྒྱུན་ཆད་པ་མེད་ཅིང་ཡུལ་སྣ་ཚོགས་སུ་འཕྲོ་བ་དེ་ཉིད་ངོས་ཟིན་པར་བྱས་ཏེ། དེའི་སྟེང་དུ་གནས་ལུགས་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པའི་རིགས་པས་སྒྲུབ་ཚུལ་ནི། རྒྱལ་སྲས་ཞི་བ་ལྷས། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་སོགས་བཞིན་དུ་རྫུན། །ཞེས་གསུངས་ཏེ། དེ་ལ་དཔེ་ནི་སྐུད་པ་གཅིག་ལ་ཕྲེང་རྡོག་བརྒྱ་དང་བརྒྱད་བརྒྱུས་པའི་ཚེ་ཕྲེང་བའོ་ཞེས་དེའི་སྟེང་ནས་ཚུར་གྲུབ་གྲུབ་འདྲ་བ་ལ། ཕྲེང་རྡོག་སོ་སོར་བསལ་ན་ཕྲེང་བ་ངོས་འཛིན་རྒྱུ་མེད་པ་དང། གོ་མཚོན་ཐོགས་པའི་མི་བརྒྱ་ཙམ་ཞིག་འདུས་པ་ན་དམག་ཅེས་རང་ངོས་ནས་གྲུབ་བསྡད་པའི་དམག་ཡོད་ཡོད་འདྲ་བས། དམག་མི་རྣམས་སོ་སོར་སོང་བའི་ཤུལ་ན་དམག་ཅིག་ལུས་རྒྱུ་མེད་པ་ལྟར་སེམས་ཞེས་བྱ་བ་འདིའང་རྒྱུད་དམ་རྒྱུན་སྐད་ཅིག་སྔ་ཕྱི་མང་པོ་ཞིག་ཚོགས་ཙམ་གྱི་སྟེང་ལ་བློས་ཕར་བཞག་པ་ཙམ་ཞིག་ལས་སྐད་ཅིག་སོ་སོར་བསལ་བའི་ཤུལ་ན་ལུས་རྒྱུ་མེད་ལ་འདི་ལ་པཎ་ཆེན་ཐམས་ཅད་མཁྱེན་པས་རིགས་པ་འདི་ཉིད་བསྣན་ནས་གསུངས་ཏེ། དཔེར་ན་ཁང་པ་ཀ་བ་བཞི་མ་ཞིག་གི་ནང་ན་ཁང་པ་དེའི་ཀ་བ་སྤྱི་ཙམ་པ་ཞིག་ཡོད་དགོས་ཏེ། དེ་ཀ་བ་བཞི་ཀའི་དབྱེ་གཞི་ཡིན་པའི་ཕྱིར། འོན་ཀྱང་ཀ་བ་བཞི་པོ་དེ་རེ་རེ་ནས་ཕྱེ་ན་དབྱེ་གཞིའི་ཀ་བ་མིན་ཏེ་དབྱེ་ཆོས་ཡིན་ལ། དབྱེ་ཆོས་སུ་འགྲོ་བའང་དབྱེ་གཞི་ཞིག་ཡོད་པ་ལ་ལྟོས་དགོས་པས་མིང་གིས་བཏགས་ཙམ་གྱི་སྟེང་ནས་འཇོག་དགོས་ལ། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་ཀྱང། མཚན་


GTD003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་པའི་རྫས་སྤྱི་མ་ཟེར་བ་འདི་སྟོང་ཉིད་གོ་བ་ལ་ཕན་ཤིན་ཏུ་ཆེ་གསུང་། དབེན་ས་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་གདམས་ཉམས་མགུར་ལས་ཀྱང། གང་ཤར་རྣམ་རྟོག་འཛིན་པར་ཡོངས་རིག་ན། །དོན་དམ་ཆོས་དབྱིངས་གཞན་ལ་ལྟོས་མེད་འཆར། །ཞེས་སོགས་ཚིག་ཉུང་ཞིང་དོན་རྒྱ་ཆེ་བ་ཤོ་ལོ་ཀ་འདིའི་ནང་དུ་ཕྱག་ཆེན་གྱི་གནད་ཡོངས་སུ་རྫོགས་པར་འདུས་ལ། ཚིག་དོན་ནི། ད་ལྟ་ང་རང་ཚོ་ལ་གང་སྣང་བ་འདི་ཐམས་ཅད་བདེན་འཛིན་གྱིས་བསླད་པའི་འཁྲུལ་སྣང་ཤ་སྟག་ཡིན་ཏེ། རང་རེ་ལ་སྣང་བའི་ཚེ་ཡུལ་གང་དང་གང་ཡིན་ཀྱང་ཁོ་རང་གི་ངོས་ནས་ཚུར་སྣང་བ་ལྟ་བུ་ཞིག་མ་གཏོགས་བློས་ཕར་བཏགས་པའི་ཉམས་མེད་ལ། དོན་དུ་བཞི་བརྒྱ་པའི་འགྲེལ་པར་རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་ཞེས་སོགས་གསུངས་པ་ལྟར། རྟོག་པས་ཕར་བཏགས་ཙམ་མ་གཏོགས་འཇོག་རྒྱུ་མེད་ལ། རྟོག་པས་ཕར་བཏགས་པ་ཙམ་དེ་ཡོད་པས་ཡོད་པར་འཇོག་ཀྱང་དགོས་ཏེ། བུདྡྷ་པཱ་ལི་ཏར་གསུངས་པ་བཞིན། བྱིས་པ་གཉིས་ཀྱིས་ལྷ་ཁང་བལྟས་པ་ན་གཅིག་གིས་འཁོར་ལོ་ཐོགས་པ་འདི་ནི་སྲེད་མེད་ཀྱི་བུའོ། །རྩེ་གསུམ་ཐོགས་པ་འདི་ནི་དབང་ཕྱུག་གོ་ཟེར་བ་ལ། གཅིག་ཤོས་ཀྱིས་དེ་མ་ཡིན་ཏེ། འཁོར་ལོ་ཐོགས་པ་འདི་ནི་དབང་ཕྱུག་གོ །རྩེ་གསུམ་ཐོགས་པ་འདི་ནི་སྲེད་མེད་ཀྱི་བུའོ་ཞེས་གཉིས་ཀ་མ་མཐུན་པར་ཀུན་ཏུ་རྒྱུ་ཞིག་ལ་དྲིས་པ་ན། དེས་འཁོར་ལོ་ཐོགས་པ་འདི་ནི་ཁྱབ་འཇུག་གམ་སྲེད་མེད་ཀྱི་བུ་ཡིན། རྩེ་གསུམ་ཐོགས་པ་འདི་དབང་ཕྱུག་


GTD003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་ལན་བཏབ་པས་དེ་གཉིས་ཀྱི་དོགས་པ་སེལ་ནུས་ལ་ལན་ཡང་དོན་མཐུན་དུ་འགྲོ་བས། དེ་ལྟར་འདེབས་དགོས་ཀྱི་འཁོར་ལོ་ཐོགས་པ་འདི་ཁྱབ་འཇུག་མིན་ཁྱབ་འཇུག་གི་རི་མོ་ཡིན་ཞེས་ཁྱད་པར་འབྱེད་མི་དགོས་པ་བཞིན་དུ། མ་བརྟགས་མ་དཔྱད་པའི་བློ་ལྷན་སྐྱེས་འདིས་ཕར་བཏགས་ཙམ་དེས་ཚིམ་པར་བྱས་ནས་ཐ་སྙད་པའི་རྣམ་གཞག་ཐམས་ཅད་བསྙོན་མེད་དུ་འཇོག་དགོས་ཀྱི། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་འཇོག་མཚམས་ལ་དོན་དམ་གྱི་དཔྱད་པ་བྱས་ན་ཅུང་ཟད་ཀྱང་རྙེད་རྒྱུ་མེད་པས་འཇོག་མི་ཐུབ་ཚེ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་མགུར་འདིའི་གསུང་ཟིན་ལྟར་ན་རྟོག་པས་བཏགས་ཙམ་སྔོན་ལ་རྟོགས་ནས། དེའི་ཤུགས་ཀྱིས་སྟོང་ཉིད་རྟོགས་འགྲོ་བ་ལྟ་བུ་ཞིག་འདུག་ཀྱང་སྤྱིར་བདེན་གཉིས་ཀྱི་རྟོགས་རིམ་ལ། དོན་དམ་བདེན་པ་སྔར་རྟོགས་དགོས་པས་འདི་གསར་རྟོགས་ཀྱི་དུས་ལ་སྦྱོར་རམ། རྗེས་སུ་བསྒོམ་པའི་སྐབས་ལ་སྦྱོར་དཔྱད་དགོས། ཕ་དམ་པས། སྟོང་ཉིད་ངང་དུ་རིག་པའི་མདུང་སྐོར་བྱ། །ཞེས་སོགས་གསུངས་པའང་འདི་དང་གནད་གཅིག །གསུམ་པ་རྗེས་སུ་བསྔོ་བས་མཚམས་སྦྱར་བ་ནི། རྗེས་ནི་ཕྱག་ཆེན་བསྒོམ་པ་ལས། །ཞེས་སོགས་སླ། དེ་ལྟར་མཉམ་གཞག་གིས་བསྒོམས་ནས་རྗེས་ཐོབ་ཏུ་ལངས་པ་ན། དེའི་རྣལ་འབྱོར་སྐྱོང་ཚུལ་ནི། དེ་ལྟར་གོམས་ནས་ཚོགས་དྲུག་གི་ཞེས་གསུངས་ཏེ། འཇུག་ཤེས་དྲུག་ལ་ཡུལ་གང་སྣང་བ་ནའང་དགག་བྱའི་སྣང་ཚུལ་དང་མ་འདྲེས་པ་ཞིག་གཏན་མེད་པས། རྩོད་པའི་ཚེ་འདི་ལ་སྣང་བའི་བུམ་པ་ཡོད་ལ་སྣང་བ་ལྟར་གྱི་བུམ་པ་མེད་ཅེས་ཞིབ་ཆ་འབྱེད་ཀྱང། ཞེ་ཕུགས་སུ་བུམ་པ་ཁོ་རང་གི་ངོས་


GTD003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚུར་གྲུབ་གྲུབ་འདྲ་བའི་སྣང་བ་ལིང་ངེ་བ་དེ་གཞིར་བཞག་ནས། དེའི་སྟེང་དུ་བུམ་པ་ཡོད་ལ་བདེན་གྲུབ་བམ་རང་མཚན་ཟེར་བའི་ཟུར་དུ་འགོག་རྒྱུ་ཞིག་ཡོད་པར་བཟུང་ན་དགག་བྱ་གཏན་ནས་མི་ཁེགས་པས་ད་ལྟ་མི་སྣང་བ་འདི་ག་རང་དགག་བྱའི་སྣང་བ་ཡིན་གསུང་ལ། འབྲས་སྤུངས་གཙང་པ་དགེ་བཤེས་ཀྱིས་ཀྱང་ཐ་སྙད་པའི་ཚད་མ་རྣམས་སྣང་བ་ལོག་ཤེས་དང་འཛིན་སྟངས་ལ་ཚད་མ་ཡིན་གསུངས་ཞེས་འགའ་ཞིག་ཟེར། འོན་ཀྱང་ཐ་སྙད་པའི་ཚད་མའི་ངོར་ཡོད་པས་ཡོད་གོ་ཆོད་དགོས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་རྗེ་བླ་མ་ལ་སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ཀྱི་ནང་ནས་སྣང་ཕྱོགས་ལ་རྩིས་སུ་བྱེད་དགོས་གསུངས་པ་དང། རྗེ་བླ་མས་ཀྱང་སྟོང་ཉིད་ལ་ཅི་ཙམ་ངེས་པ་རྙེད་པ་དེ་ཙམ་གྱིས་སྣང་བ་རྟེན་འབྱུང་གི་རྣམ་བཞག་ལ་ངེས་པ་བརྟན་དུ་འགྲོ་བས་སྣང་བས་སྟོང་པ་མི་འགོག་ཅིང་སྟོང་པས་སྣང་བ་མི་འགོག་པར་སྣང་སྟོང་གཉིས་ཕན་ཚུན་གཅིག་གཅིག་གི་གྲོགས་སུ་འཆར་བ་ཞིག་བྱུང་ན་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་དོན་རྙེད་པ་ཡིན་པར་གསུངས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་རྩ་བའི་མཆོད་བརྗོད་སོགས་སུའང། སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་གསུངས་པ་འདི་ནི་བསྟོད་པའི་སྒོ་བླ་ན་མེད་པ་དང་ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཡིན་པས། དེའི་སྒོ་ནས་བསྔགས་པ་མཛད་པ་ཡིན་ལ། རྟེན་འབྲེལ་གྱི་རྣམ་བཞག་འདི་ལ་བརྟེན་ནས་བཏགས་པའི་རྟེན་འབྲེལ་དང། བརྟེན་ནས་བྱུང་བའི་རྟེན་འབྲེལ་གཉིས་ཡོད་པས་ཐལ་འགྱུར་བ་རང་ལུགས་ཀྱི་རྟེན་འབྲེལ་འཇོག་མཚམས་


GTD003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་ཤོས་སྔ་མ་ཡིན་ཞེས་ཡོངས་འཛིན་གསུང། མདོར་བསྡུ་ན། རྗེ་བདག་ཉིད་ཆེན་པོས་ལམ་གྱི་གཙོ་བོ་རྣམ་གསུམ་དུ། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང། །ཞེས་སོགས་གསུངས་པ་ལྟར། ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་སོགས་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་སྣང་ཕྱོགས་དང། བདེན་གྲུབ་རྣམ་པར་བཅད་པའི་སྟོང་པ་གཉིས་པོ་གཅིག་གིས་གཅིག་ལ་མི་གནོད་པར་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་པས་མེད་མཐའ་སེལ་བ་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བས་སྣང་སྟོང་ཟུང་འཇུག་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མའི་ལམ་བཟང་འདི་ནི་རྒྱལ་བའི་དགོངས་པ་མཐར་ཐུག་པ་ཡིན་ལ། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དེ་ཉིད་ཀྱིས་ཀྱང། རྗེ་བཙུན་འཇམ་པའི་དབྱངས་ཡུན་རིང་དུ་བསྟེན་ཏེ་གསོལ་བ་ཤུགས་དྲག་ཏུ་བཏབ། དཀའ་བ་དཔག་ཏུ་མེད་པ་སྤྱད། སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ཡང་ལུགས་བཟང་འདི་ཉིད་སྤེལ་བའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ་ལ་བརྟེན་ནས་གངས་ཅན་གྱི་ལྗོངས་འདིར་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་ཆེས་ཆེར་གསལ་བར་མཛད། འོན་ཀྱང་ཕྱག་རྒྱ་ཆེན་པོའི་འཁྲིད་ཚུལ་འདི་ནི་སྙན་བརྒྱུད་ཁོ་ན་ལས་ཆེས་ཆེར་མ་གྲགས་པ་པཎ་ཆེན་ཐམས་ཅད་མཁྱེན་པས་རྩ་འགྲེལ་གཉིས་ཀ་གསུངས་ཏེ་དར་རྒྱས་སུ་མཛད་ཅིང། དེ་རྗེས་སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་མདོ་སྨད་དུ་ཕེབས་ཏེ། ཁོང་གིས་ཀྱང་སྤེལ་བར་མཛད་པས་དར་རྒྱས་ཆེ་ལ། བར་སྐབས་ནས་ཕྱོགས་འདིར་ཉམས་ཆག་ཏུ་སོང་ཡང། དེང་སང་ཡོངས་འཛིན་རིན་པོ་ཆེས་འདིའི་ཁྲིད་ཡང་ཡང་གནང་བའི་བཀའ་


GTD003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གྱིས་ཐམས་ཅད་ལ་ཉམས་ལེན་ཇི་ལྟར་ཡིན་རུང་། ཕྱག་ཆེན་ཞེས་དོན་གཉེར་བྱེད་པ་འདི་བྱུང་བ་ཡིན། བདག་གིས་ཀྱང་ཁོང་ཆོས་འདིའི་བཀའ་བབ་ཡིན་པའི་རྒྱུ་མཚན་གྱིས་ཞུས་ནས་ཉམས་ལེན་ཆེར་མ་ཐུབ་ཀྱང་གཤར་སྦྱང་ཙམ་རེ་བྱས་པ་ཡིན་པས་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་གནང་མཁན་རྣམས་ཀྱིས་གཙོ་མཛད་ཚང་མས་རྒྱུན་པར་ཐུགས་ཉམས་སུ་བཞེས་ཏེ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བག་ཆགས་ཅི་ཐེབས་ཀྱི་སྒོ་ནས་དལ་འབྱོར་ཐོབ་པ་དོན་ལྡན་དུ་མཛད་དགོས་ཞེས་འདོམས་པར་མཛད་དོ། །ཕྱག་ཆེན་གྱི་རིམ་པའང། ཆོས་ཐུན་ལྔར་གནང་བས། དང་པོ་ལ་བཤད་པ་ཚར་གཉིས་དང་ཕྱི་མའི་མགོར་རེ་རེ་སྟེ་གསུམ་གསུམ་མཛད། ཆོས་ཐུན་གྱི་མགོར་ཤེར་སྙིང་དང་བདུད་བཟློག །དེ་ནས་ཕྱག་ཆེན་གསོལ་འདེབས་ལྷུན་འགྲུབ་སྐུ་གསུམ་མ་དང་མཎྜལ། མཇུག་གི་མཎྜལ་གྱི་རྗེས་སུ་ཕྱག་ཆེན་སྨོན་ལམ་དང་ལམ་རིམ་སྨོན་ལམ། ཆོས་ཐུན་གཉིས་པའི་མགོར་འཇིགས་བྱེད་ཀྱི་གཏོར་མགྲོན་བསྐྱེད་ནས། གཏོར་མ་འབུལ་ཞིང་དེ་རྗེས་ཆོས་རྒྱལ་གཏོར་འབུལ་བྱེད། ཆོས་ཐུན་ཐ་མའི་རྗེས་སུ། ཚོགས་མང་ནས་བླ་མཆོད་གསུང་ཞིང་ཡོན་ཏན་འབྱུང་གནས་ཀྱི་མགོར། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་གསུངས་པའི་ཚོགས་འཁོར་བཀྲས་ལྷུན་སྔགས་པོད་དུ་གསལ་བ་ལྟར་བྱས་ཏེ། དེ་རྗེས་ཆོས་རྒྱལ་ལ་གཏོར་མ་ཕུལ། དེ་ནས་ཡོན་ཏན་འབྱུང་གནས་ཞེས་སོགས་དཀྱུས་ལྟར་འདོན་དགོས་པས་ཕྱག་ལེན་གྱི་རིམ་པ་འདིའང་མ་འཆོལ་བར་བྱེད་པ་ཤིན་ཏུ་གལ་ཆེའོ། །


GTD003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཞལ་ལུང་བྱིན་རླབས་ཉི་མ་འོད་པོ་ཆེ། །བརྗེད་ངས་ཆུ་འཛིན་དྲ་བས་བསྒྲིབ་གྱུར་ཀྱང། །རང་བཟོའི་ཟིན་བྲིས་མེ་འོད་ཀྱིས་བསྟོད་པ། །ཐུབ་བསྟན་ལེགས་བཤད་པདྨོའི་དགྲ་རུ་ཆེ། །དེ་སླད་དབྲི་བསྣན་ངལ་བ་རིང་སྤངས་ཏེ། །ཇི་ལྟར་གསུང་བཞིན་ལྷུག་པར་བཀོད་པ་ཡི། །དགེ་བས་བདག་གཞན་འགྲོ་བ་མ་ལུས་པ། །ལམ་བཟང་འདི་ཡིས་མྱུར་དུ་གྲོལ་གྱུར་ཅིག །ཅེས་ཕྱག་ཆེན་གྱི་ཁྲིད་རིམ་ཟིན་བྲིས་སུ་བཏབ་པ་འདི་ནི་ཡོངས་རྫོགས་བསྟན་པའི་མངའ་བདག་ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞབས་དྲུང་དུ་ཁལ་ཁ་ཆེ་ཆེན་ཧཱན་གྱི་བླ་མ་མཁས་པའི་དབང་པོ་ཡེ་ཤེས་རྒྱ་མཚོ་པས་འདིའི་ཁྲིད་ཞུས་སྐབས་བདག་གིས་ཀྱང་མནོས་པ་ལས་གསུང་བཤད་རགས་རིམ་དྲན་ཚོད་རྣམས་རང་གི་དྲན་པ་གསོ་ཕྱིར་དང། ཁལ་ཁ་བླ་མས་ཀྱང་ཟིན་བྲིས་ཤིག་ཅི་ནས་ཀྱང་བྲི་དགོས་ཞེས་བསྐུལ་མ་བྱུང་བར་བརྟེན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པ་འདིས་ཀྱང་སྙན་བརྒྱུད་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག །༈ རྒྱས་པར་ན་བླ་མ་མཆོད་པའི་མཇུག་ཏུ་ཞབས་སེན་འོད་ཆགས་བརྟན་པར་བཞུགས་སུ་གསོལ། ཞེས་པའི་མཐར། ༈ དངོས་གྲུབ་གཏེར་ཆེན་བླ་མ་རྡོ་རྗེ་འཆང། །སྙིང་གར་སིམ་པས་དགའ་བདེས་མྱོས་པའི་སེམས། །གསལ་སྟོང་འཛིན་མེད་མ་བཅོས་གཉུག་མ་ཡིས། །ཀུན་རྟོག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སྐད་ཅིག་རྒྱུན་གྱི་ཕྲེང་བར་རང་སེམས་ཞེས། །མིང་བརྡས་ཕར་བཏགས་ཙམ་ལས་དོན་སྟེང་ནས། །གྲུབ་པའི་བདེན་དངོས་ཆ་ཙམ་མ་དམིགས་པས།


GTD003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ཚུལ་རྟོགས་པར་བྱིན་གྱིས་རློབས། །དབྱིངས་རིག་དབྱེར་མེད་དོན་གྱི་ཕྱག་རྒྱའི་མདངས། །སྨིན་ལེགས་དགའ་མར་རོལ་པའི་བདེ་བ་ཆེས། །བཞིན་ལེགས་རོལ་གར་གཟུགས་སྐུའི་བཀོད་པ་འབུམ། །འགྱེད་པས་འགྲོ་ཀུན་སྲིད་ལས་སྒྲོལ་བར་ཤོག། །བསྡུ་ན། དགའ་ལྡན་ལྷ་བརྒྱ་མ་ལྟ་བུའི་རྗེས་ལ། དཔལ་ལྡན་རྩ་བའི་བླ་མ་ནས་བསྩལ་དུ་གསོལ་ཞེས་པའི་མཐར། ༸དངོས་གྲུབ་གཏེར་ཆེན་ཞེས་སྦྱོར། ཞེས་པ་འདི་ནི་ཆ་ཧར་ནས་ལམ་འདི་ལ་མོས་པའི་ཕུན་ཚོགས་དཔལ་ལྡན་ཞེས་པའི་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། །། དགེའོ། །


previousདགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟིན་བྲིས།next